ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར

From Rangjung Yeshe Wiki Texts
Revision as of 03:08, 27 July 2010 by Cfynn (talk | contribs)
Jump to navigation Jump to search

༄༅༔ ༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས་ཐེག་པ་དགུ་དང་ཨ་ཏིའི་བསྟན་པ་བྱུང་ཚུལ་རྣམས་བཞུགས་སོ༔

༄༅༔ ༔ བཅོམ་ལྡན་འདས་བྱ་བྲལ་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ནས༔ གསལ་འགྲིབ་མེད་པའི་ཡེ་ཤེས༔ མཁྱེན་པ་གསུམ་གྱི་ངང་ལས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས༔ འགྲོ་བ་སེམས་ཅན་གྱི་དོན་དུ་སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད༔ ཁྱད་པར་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ བསྟན་པ་ཐམས་ཅད་ཀྱི་སྙིང་པོ༔ ཐེག་པ་ཐམས་ཅད་ཀྱི་ཡང་རྩེ༔ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ༔ ལུང་ཐམས་ཅད་ཀྱི་སྤྱི་མདོ༔ མན་ངག་ཐམས་ཅད་ཀྱི་རྩ་བ༔ གསང་བ་བས་ཀྱང་ཆེས་གསང་བ༔ ཡང་གསང་རྨད་དུ་བྱུང་བ༔ རྩོལ་མེད་ཨ་ཏི་ཡོ་གའི་བསྟན་པ་འདི༔ ཇི་ལྟར་གསུངས་ཤིང་བྱུང་བའི་ལོ་རྒྱུས་ནི་གཉིས་ཏེ༔ བསྟན་པ་རིན་པོ་ཆེ་འདི་ཉིད་འོག་མིན་དུ་བྱུང་ཚུལ་དང་༔ ལྷ་དང་མིའི་ཡུལ་དུ་བྱུང་ཚུལ་ལོ༔