ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་དང་པོ

From Rangjung Yeshe Wiki Texts
Jump to navigation Jump to search

༈ ལེའུ་དང་པོ་བསྟན་པ་རིན་པོ་ཆེ་འདི་ཉིད་འོག་མིན་དུ་བྱུང་བའི་ལོ་རྒྱུས།

༇ དེ་ལ་དང་པོ་ནི༔ ཆོས་ཉིད་ཁྱབ་གདལ་ཆེན་པོའི་ཞིང་ཁམས༔ ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་རྒྱལ་བ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ལ་སོགས་པ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་མ་འདྲེས་པ་ཡོངས་སུ་རྫོགས་ཤིང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཁྱེན་ཏེ༔ དགོངས་པ་གསལ་འགྲིབ་མེད་པར་མཉམ་པ་ཆེན་པོའི་ངང་ལ་འགྲོ་འོང་མེད་པར་བཞུགས་པ་ལས༔ རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་ལས་བསྐུལ་བའི་དོན་གྱི་སྒྲ་བྱུང་སྟེ༔ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ཆོས་ཀྱི་སྐུ་ལས་ཞིང་ཁམས་དང་༔ སྟོན་པར་སྣང་བར་མཛོད་ཅིག་པར་བསྐུལ་ལོ༔ དེར་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་དང་༔ གནས་དང་སྟོན་པ་སྐུ་བཞིར་སྣང་སྟེ༔ ཆོས་ཐམས་ཅད་གསལ་འགྲིབ་མེད་པར་རང་རིག་པའི་མངོན་སུམ་དུ་གྱུར་ཅིང་༔ དགོངས་པ་མ་འདྲེས་ཤིང་ཡོངས་སུ་རྫོགས་པའི་མཉམ་པ་ཆེན་པོར་ཡེ་ནས་སངས་རྒྱས་པར་མཁྱེན་ཏེ༔ ཆོས་དབྱིངས་མཐའ་དབུས་མེད་པའི་ངང་དུ༔ དགོངས་པ་བདེ་བ་ཆེན་པོ་འགྲོ་འོང་གསལ་འགྲིབ་མེད་པར་ལྷག་གེ་ལྷམ་མེ་ལྷང་ངེར་བཞུགས་སོ༔ དེ་ནི་ཅི་ཡང་མི་གསུང་བའི་གསུང་བ་ཆེན་པོ་ཡིན་ཏེ༔ ཆོས་ཀུན་སྒྲིབ་གཡོགས་མེད་པར་ཡེ་ནས་སངས་རྒྱས་པ་ཡིན་པར་བསྟན་པའོ༔ དེ་ལྟར་བཞུགས་པ་ལ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོས་རྒྱལ་བ་རྣམས་ལ་བསྟན་པ་འབྱུང་བར་གསོལ་བ་བཏབ་སྟེ༔ རྒྱལ་བའི་དགོངས་པ་འདི་ཉིད་གོ་རྟོགས་ཀྱི་སྐལ་བ་དང་ལྡན་པ་རྣམས་ལ༔ ཆོས་སྐུ་ཡེ་ནས་སངས་རྒྱས་ཤིང་དགོངས་པ་བདེ་བ་ཆེན་པོ་འདི་ཉིད་བསྟན་དུ་གསོལ༔ འདི་ཉིད་གོ་རྟོགས་ཀྱི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་བསྟན་དུ་གསོལ༔ ཞེས་ཞུས་པས༔ དང་པོ་གོ་རྟོགས་ཀྱི་སྐལ་བ་དང་ལྡན་པ་རྣམས་ལ་འོག་མིན་ལ་སོགས་པར་གསང་སྔགས་བྱུང་ཞིང་༔ ཁྱད་པར་དུ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་བྱུང་ཚུལ་ལོ༔ དེ་ལ་བཞི་སྟེ༔ ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་བྱུང་ཚུལ་དང་༔ ཆོས་ཀྱི་སྐུ་དང་༔ ལོངས་སྐུའི་དང་༔ གསང་བའི་སྐུའོ༔ དེ་ལ་དང་པོ་ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་ཆོས་དབྱིངས་ལྷུན་གྲུབ་ཁྱབ་གདལ་ཆེན་པོའི་ཞིང་ཁམས༔ ཆོས་ཀྱི་དབྱིངས་ཀློང་ཡངས་རྒྱ་ཁྱོན་དང་བྲལ་བ༔ མཐའ་དང་དབུས་མེད་ཅིང་ཚད་ལས་འདས་པའོ༔ དེར་གནས་ཆོས་དབྱིངས་སྤྲོས་བྲལ་རིག་པའི་གཞལ་ཡས་ཁང་སྟེ༔ མཐའ་དབུས་ཕྱི་ནང་མེད་པར་ཡེ་ཤེས་ཟང་ཐལ་ཆེན་པོ་རང་བྱུང་ལྷུན་གྱིས་གྲུབ་པའི་རྒྱན་གྱིས་མཛེས་པར་བརྒྱན་པ༔ ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔ སྟོན་པ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་རང་བྱུང་ངོ་བོ་ཉིད་ཀྱི་སྐུ་བཞུགས་ཏེ༔ ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་སྐུའི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་ཤིང་༔ དགོངས་པ་ལྷུན་གྲུབ་གནས་བདེ་བ་ཆེན་པོའི་ཞིང་ལ་འགྲོ་འོང་གསལ་འགྲིབ་པར་བཞུགས་སོ༔ དེའི་འཁོར་ནི་འཁོར་འདས་ཐམས་ཅད་དོ༔ འཁོར་འདས་དབྱེར་མི་ཕྱེད་ཅིང་རང་བཞིན་གྱིས་མ་འདྲེས་པ་ཡོངས་སུ་རྫོགས་པར་འདུས་སོ༔ ཉིད་ལས་མི་གཞན་པའི་འཁོར་དང་ལྷན་ཅིག་པའི་འཁོར་དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་རྒྱལ་ཚབ་སྐྱེས་བུ་རྣམས་དང་འབྱེད་པ་མི་མངའ་བར་ཐབས་ཅིག་ཏུ་བཞུགས་སོ༔ དེའི་ཚེ་དུས་ནི་བསམ་གྱིས་མི་ཁྱབ་ཅིང་ཚད་ལས་འདས་པའི་དུས་སོ༔ བསྟན་པ་ཚིག་དང་བརྡའ་ཡིས་མི་གསུང་སྟེ༔ སྟོན་པ་ངོ་བོ་ཉིད་ཀྱི་སྐུས་ཤེས་བྱའི་དཀྱིལ་འཁོར་ལ་གསལ་འགྲིབ་མེད་པར་ཆོས་ཀུན་ཕྱོགས་རིས་མེད་པར་རང་གསལ་ངོ་བོ་ཉིད་ཀྱིས་བཤད༔ དེར་འཁོར་རྣམས་ཀྱིས་ཤེས་བྱའི་དཀྱིལ་འཁོར་ལ་གསལ་འགྲིབ་མེད་པར་སྟོན་པའི་དགོངས་པ་ལོན་ནས༔ སྟོན་པ་དང་འཁོར་བཟང་ངན་མེད་པར་དགོངས་པ་མཉམ་པ་ཉིད་དུ་གྱུར་ཏོ༔ དེའི་སྡུད་པ་པོ་དཔལ་ཀུན་ཏུ་བཟང་པོས་མཛད་དེ༔ བསྟན་པ་ཨ་ཏི་ཡོ་གའི་དོན་རྣམས་ཐུགས་རིག་པའི་ཀློང་དུ་གསལ་འགྲིབ་མེད་པར་བསྡུས་སོ༔ དེ་ནས་གཉིས་པ་ཆོས་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་ནི་ཆོས་ཉིད་གདལ་བ་ཆེན་པོའི་ཞིང་ནམ་མཁའི་ཁམས་ཀྱིས་གར་ཁྱབ་པ་སྟེ༔ ཆོས་ཉིད་མཐའ་དབུས་ཕྱོགས་རིས་མེད་པ་ཚད་ལས་འདས་པ་ན༔ གནས་ཡང་དག་དོན་གྱི་འོག་མིན་ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་བའི་གཞལ་ཡས་ཁང་ཆོས་ཉིད་འདུ་འབྲལ་མེད་པའི་གནས་ན༔ སྟོན་པ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ཆོས་ཉིད་མཐའ་དབུས་གསལ་འགྲིབ་མེད་པའི་ངང་ལ༔ དགོངས་པ་བདེ་ཆེན་གསལ་འགྲིབ་མེད་པར་བཞུགས་སོ༔ དེའི་འཁོར་ནི༔ རང་བཞིན་གྱི་འཁོར་འཁོར་འདས་ཐམས་ཅད་དེ༔ འཁོར་འདས་ཐམས་ཅད་ཀྱང་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཆོས་ཀྱི་སྐུའི་འཁོར་དུ་འདུས་སོ༔ ཁྱད་པར་དུ་ཉིད་ལས་མི་གཞན་པའི་འཁོར་ནི༔ དུས་གསུམ་གྱི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ཐམས་ཅད་དང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་དང་༔ འདུ་འབྲལ་མེད་པར་ཐབས་ཅིག་པར་བཞུགས་སོ༔ དེའི་ཚེ་དུས་ནི་མཉམ་པ་ཉིད་ཀྱི་དུས་ཏེ༔ དུས་གསུམ་མཉམ་པ་ཉིད་དབྱེར་མེད་པའི་དུས་སུ༔ བསྟན་པ་བརྡའ་དང་ཚིག་ཏུ་མི་གསུང་བར༔ སྟོན་པ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོས་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པར་སྐྱེ་མེད་བྱིན་རླབས་ཀྱིས་བཤད༔ དེར་འཁོར་རྣམས་ཀྱིས་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པར་སྟོན་པའི་དགོངས་པ་ལོན་ཏེ༔ སྟོན་པ་དང་འཁོར་དགོངས་པ་མཉམ་པ་ཉིད་དུ་གྱུར་ཏོ༔ དེའི་ཚེ་སྡུད་པ་པོ་ནི་དཔལ་རྡོ་རྗེ་སེམས་དཔས་མཛད་དེ༔ བསྟན་པ་བསྐྱེད་རྫོགས་གསུམ་ལས༔ ཁྱད་པར་ཨ་ཏིའི་དོན་རྣམས་ཐུགས་རིག་པའི་ཀློང་དུ་འདུ་འབྲལ་མེད་པར་བསྡུས་སོ༔ དེ་ནས་གསུམ་པ་ལོངས་སྤྱོད་རྫོགས་པ་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་བདེ་བ་ཅན་གྱི་ཞིང་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ་པ་སྟེ༔ འཁོར་འདས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོའི་ཞིང་དུ་ལོངས་སྤྱོད་པའོ༔ གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ༔ དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་ན༔ སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀུན་ལྷག་མ་མེད་པར་དགོངས་པ་བདེ་བ་ཆེན་པོར་རྫོགས་ཤིང་གཉིས་སུ་མེད་པར་ལོངས་སྤྱོད་པ༔ སྐུ་མཚན་དང་དཔེ་བྱད་དུ་ལྡན་པ༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ༔ སྤྱིར་རྒྱལ་བ་རིགས་རྣམ་པ་ལྔ་དང་༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དགོངས་པ་བདེ་བ་ཆེན་པོའི་ངང་ལ་བཞུགས་སོ༔ དེའི་འཁོར་ནི༔ རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱི་འཁོར་དུ་སྣང་བ་རྣམས་དང་༔ སྨན་པ་རྒྱ་མཚོའི་འཁོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རྣམས་དང་༔ ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ༔ དེའི་དུས་ནི་མཉམ་བཞག་རིག་པའི་དུས་སུ༔ བསྟན་པ་དགོངས་པ་བརྡའི་སྒོ་ནས་གསུངས་པ་ཡིན་ཏེ༔ སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་མདུན་དང་རྒྱབ་མེད་པ་ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བ༔ ཐུགས་མཉམ་པ་ལ་བཞག་འཇོག་མེད་པ༔ དགོངས་པ་བདེ་བ་ཆེན་པོ་ལ་གསལ་འགྲིབ་མེད་པར་བརྡའ་ཡིས་བཤད༔ དེར་འཁོར་རྣམས་ཀྱིས་གོང་ལྟར་སྟོན་པའི་དགོངས་པ་ལོན་ཏེ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་སངས་རྒྱས་སུ་གྱུར་ཏོ༔ དེ་ཡང་ངོ་བོ་ཉིད་ཀྱི་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ་ནི་དགོངས་པས་བརྒྱུད་དེ་གསུངས་སོ༔ འདིར་ལོངས་སྐུ་དང་ཆ་མཐུན་པར་སྔགས་ཕྱི་པ་གསུམ་ཡང་གསུངས་ཤིང་༔ དེའི་ཚེ་སྡུད་པ་པོ་གསང་བདག་རྡོ་རྗེ་འཆང་གིས་མཛད་ནས༔ བསྟན་པ་སྔགས་ཕྱི་པ་གསུམ་དང་ཁྱད་པར་དུ་བསྐྱེད་རྫོགས་གསུམ་ལས༔ ཨ་ཏིའི་དོན་རྣམས་ཐུགས་རིག་པའི་ཀློང་དུ་གཉིས་སུ་མེད་པར་བསྡུས་སོ༔ དེ་ནས་བཞི་པ་གསང་བ་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་ནི་པདྨོ་ཅན་གྱི་ཞིང་ཁམས་ཆོས་ཀྱི་དབྱིངས་གསང་བ་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་ཞིང་དུ༔ གནས་ནི་གསང་བ་ཡུམ་གྱི་ཟ་མ་ཏོག་སྟེ༔ ཟག་པ་མེད་པའི་བདེ་བས་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་གནས་ན༔ སྟོན་པ་གསང་བའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་བདེ་བ་ཆེན་པོ་སྟེ༔ གསང་བའི་དབང་གི་སྟོན་པར་སྣང་བའོ༔ དེའི་ཚེ་འཁོར་ནི་ཉིད་ལས་མི་གཞན་པའི་ལྷན་ཅིག་པའི་འཁོར་ཏེ༔ རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་དང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་རྒྱལ་ཚབ་སྐྱེས་བུ་རྣམས་ཏེ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ༔ དེའི་དུས་ནི་ལམ་མཐར་ཕྱིན་པ་ལ་ཟབ་མོ་གསང་བའི་དབང་བསྐུར་བའི་དུས་སུ༔ བསྟན་པ་འདི་སྟོན་པ་གསང་བའི་སྐུས་ཟབ་མོ་གསང་བའི་དབང་༔ སྟོང་ཉིད་ཟག་པ་མེད་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས༔ ཡེ་ཤེས་རང་སྣང་དང་ཤིན་ཏུ་བསྟན་པའི་དབང་རྣམས་བྱིན༔ དེར་འཁོར་རྣམས་ཀྱིས་སྟོང་ཉིད་ཟག་པ་མེད་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའི་དགོངས་པ་ལོངས་ཏེ༔ དེར་སྟོན་པ་དང་འཁོར་དགོངས་པ་མཉམ་པ་ཉིད་དུ་གྱུར་ཅིང་ཐམས་ཅད་སངས་རྒྱས་པའོ༔ དེའི་ཚེ་སྡུད་པ་པོ་གསང་བའི་སྐྱེས་བུ་སྟེ༔ གསང་བདག་ཉིད་སྐུའི་སྐྱེས་བུར་སྣང་ནས༔ བསྟན་པ་སྟོང་ཉིད་ཟག་པ་མེད་པའི་བདེ་ཆེན་ཟབ་མོ་དབང་གི་དོན་རྣམས་ཐུགས་རིག་པའི་ཀློང་དུ་བསྡུས་སོ༔ དེ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་སྙིང་པོ༔ ཐེག་པ་ཐམས་ཅད་ཀྱི་ཡང་རྩེ༔ ངོ་མཚར་རྨད་བྱུང་ཨ་ཏི་ཡོ་གའི་བསྟན་པ་རིན་པོ་ཆེ་འདི་ནི་འོག་མིན་ལ་སོགས་པར་རྒྱལ་བ་སྐུ་བཞིའི་དགོངས་པ་མངོན་དུ་ཕྱུང་ནས༔ རྒྱལ་བ་རྣམས་དང་སྡུད་པ་པོ་རྣམས་ཀྱིས་ཐུགས་རིག་པའི་ཀློང་ནས་གསལ་འགྲིབ་མེད་པར་བསྡུས་ཏེ༔ ཐེག་པ་ཆེན་པོ་རྨད་བྱུང་གསང་སྔགས་ཀྱི་ཆོས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་སོ༔

བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ བསྟན་པ་རིན་པོ་ཆེ་འདི་ཉིད་འོག་མིན་དུ་བྱུང་བའི་ལོ་རྒྱུས་ཀྱི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔