ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་གསུམ་པ
༈ ལེའུ་གསུམ་པ་རྩོལ་མེད་ཀྱི་ཐེག་པ་ལྷ་གནས་གསུམ་དུ་གྲགས་ཚུལ།
ཁྱད་པར་དུ་ཨ་ཏི་ཡོ་གའི་བསྟན་པ་ཇི་ལྟར་བྱུང་ཚུལ་ནི༔ རྒྱལ་བ་དགོངས་པས་བརྒྱུད་པ༔ རིག་འཛིན་རིག་པས་བརྒྱུད་པ༔ གང་ཟག་སྙན་དུ་བརྒྱུད་པ་དང་༔ ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་ཚུལ་ནི༔ དང་པོ་རྒྱལ་བ་དགོངས་པས་བརྒྱུད་པ་ལ༔ འོག་མིན་ལ་སོགས་པར་རྒྱལ་བ་སྐུ་བཞིའི་བསྟན་པ་བྱུང་ཚུལ་ནི་གོང་བཞིན་ཏེ༔ སྟོན་པ་ངོ་བོ་ཉིད་ཀྱི་སྐུས་རང་གསལ་ངོ་བོ་ཉིད་ཀྱིས་གསུང་ཚུལ་དང་༔ སྟོན་པ་ཆོས་ཀྱི་སྐུའི་བྱིན་རླབས་ཀྱིས་རང་གྲོལ་མངོན་སུམ་དུ་གསུང་ཚུལ་དང་༔ ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོ་ཉིད་ཀྱིས་གསུང་ཚུལ་དང་༔ གསང་བའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་པ་དེ་རྣམས༔ སྟོན་པ་གསང་བའི་བདག་པོས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་བསྟན་པའི་བདག་པོར་དབང་བསྐུར་ནས༔ ལྷ་དང་མིའི་ཡུལ་དུ་གྲགས་པ་ཡིན་ཏེ༔ གོང་མ་བཞི་ནི་གོང་དུ་སྐུ་བཞིའི་བསྟན་པ་གསུངས་པ་བཞིན་ནོ༔ ལྷ་དང་མིའི་ཡུལ་དུ་སྤྲུལ་སྐུ་དགའ་རབ་རྡོ་རྗེས་ཚིག་སྡེབ་སྦྱོར་གྱིས་ལེགས་པར་བཤད་པ་དང་༔ དེ་ཇི་ལྟར་གྲགས་ཤིང་བརྒྱུད་པའི་ལོ་རྒྱུས་སོ༔ དེ་ལ་དང་པོ་ནི༔ གསང་སྔགས་བྱུང་ཚུལ་གྱི་དུས་དྲུག་ལ་བབས་པའི་ཚེ༔ རྩོལ་མེད་ཨ་ཏིའི་ཐེག་པ་བྱུང་བ་ཡིན་ཏེ༔ ཉོན་མོངས་རང་རྒྱུད་དྲག་པོས་མ་ཐུལ་ཞན༔ ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོན༔ བསྟན་གཉིས་གྲུབ་མཐའ་ངན་པས་བསྒྱུར༔ གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན༔ དེ་ཚེ་རིག་པའི་རྣམ་རྟོག་ཤར༔ ཞེས་པས་ཉོན་མོངས་པ་རྒྱུད་དྲག་པོའི་དུས་དང་༔ དད་གུས་མེད་ཅིང་མོས་མཐུ་ཞན་པའི་དུས་དང་༔ ལས་ཀྱིས་ཚེ་ཐུང་བའི་དུས་དང་༔ བཀའི་དོན་ཚིག་ཙམ་ལ་ཆེད་དུ་འཛིན་པའི་དུས་དང་༔ བསྟན་པའི་སྙིགས་མ་གྲུབ་མཐའ་ངན་པའི་དུས་དང་༔ གཉེན་པོས་མི་ནོན་རྩོལ་བ་ཞན་པའི་དུས་སུ་ཤན་ཕྱེ་ལ་ཟླ་བའི་ཚེ་རང་གྲོལ་མངོན་སུམ་དུ་སྟོན་པ་ཨ་ཏི་འབྱུང་བའི་དུས་ཡིན་པས༔ དུས་དེ་ཙ་ན་སུམ་ཅུ་རྩ་གསུམ་ལྷའི་གནས་ན༔ ལྷ་དྷེ་བ་བཟང་སྐྱོང་ལ་བུ་ལྔ་བརྒྱ་རྩ་གཅིག་ཡོད་པའི་གཅེན་པོ་ཀུན་དགའ་སྙིང་པོ་ཞེས་བྱ་བ༔ སྐྱེས་བུ་གཞན་ལས་སྒྱུ་རྩལ་དང་བློ་གྲོས་ཁྱད་པར་འཕགས་པ་ཞིག་བྱུང་༔ ལྷའི་བུ་གཞན་རྣམས་ནི་དགའ་བའི་ཚལ་ལ་སོགས་པར་རོལ་མོ་དང་༔ རྩེད་འཇོ་དང་༔ གླུ་གར་དང་༔ ཁྲུས་དང་༔ ཚིགས་སུ་བཅད་པ་ལ་དགའ་བ་ལས༔ ཀུན་དགའ་སྙིང་པོ་ནི༔ བསམ་གཏན་གྱི་འབུར་ཁང་ཞིག་ན་གཅིག་པུར་སྡོད་ཅིང་རྡོ་རྗེའི་བཟླས་པ་ལ་དགའ་འོ༔ དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ༔ ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོ་ལ་རྨིས་ལྟས་བཞི་རྨིས་ཏེ༔ དང་པོ་སངས་རྒྱས་ཐམས་ཅད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ༔ འོད་ཟེར་དང་ཐུབ་པ་དྲུག་གིས་སེམས་ལྷག་ཅན་ལ་སྐོར་བ་བྱས་ཏེ༔ དབུའི་གཙུག་ཏུ་ཐིམ་པ་རྨིས་སོ༔ གཉིས་པ་ལ་ཚངས་པ་དང་ཁྱབ་འཇུག་དང་གུ་ལང་གསུམ་ཁྱུར་མིད་དུ་བྱས་པ་རྨིས༔ གསུམ་པ་ལ་ནམ་མཁའ་ལ་ཉི་ཟླ་ཤར་ནས༔ ཉི་ཟླ་དེ་གཉིས་སེམས་ལྷག་ཅན་གྱི་ལག་ཏུ་བྱུང་སྟེ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་གང་བར་བྱས་པ་རྨིས་སོ༔ བཞི་པ་ནམ་མཁའ་ལ་སྤྲིན་རིན་པོ་ཆེའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ༔ རྩི་ཐོག་དང་ནགས་ཚལ་ཐམས་ཅད་རྒྱས༔ རིན་པོ་ཆེའི་མྱུ་གུ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པ་རྨིས་སོ༔ ནངས་པར་ལྷའི་དབང་པོ་ལ་བཟླས་པས༔ ལྷའི་དབང་པོས་བསྟོད་པ༔ ཨེ་མ་ཧོཿ སྙིང་པོ་རྣལ་མ་འབྱུང་བའི་དུས༔ ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་སེམས༔ འཇིག་རྟེན་མུན་སེལ་དུས་མཐའི་ས་ནོན་པའི༔ ཐུགས་སྲས་འཛམ་གླིང་རྒྱན་གྱུར་ངོ་མཚར་ཆེ༔ ཞེས་གསུངས་ནས༔ དང་པོའི་རྨི་ལམ་དེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ལོན་ནས༔ སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན༔ གཉིས་པ་དེ་བདུད་ཐམས་ཅད་དབང་དུ་འདུས་ཤིང་༔ དུག་གསུམ་མ་ལུས་རྩད་ནས་བཅད་དེ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྟགས་ཡིན༔ གསུམ་པ་དེ་རྒྱུ་འབྲས་ལས་འདས་པའི་ཐེག་པས་གདུལ་བྱའི་མུན་པ་སེལ་ཞིང་༔ བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་ཡིན༔ བཞི་པ་དེ་མན་ངག་རང་བྱུང་བདུད་རྩིའི་ཆུས༔ ཉོན་མོངས་གདུང་བ་གཏན་ནས་བསིལ་ཏེ༔ རྩོལ་མེད་ཀྱི་འབྲས་བུ་ལྷུན་གྱིས་འགྲུབ་པའི་རྟགས་ཡིན་གསུངས་ནས༔ ཤིན་ཏུ་དགྱེས་ཏེ་ཞལ་ཕྱོགས་བཞིར་གཟིགས་ནས་རྒྱལ་བ་ཐམས་ཅད་ལ་བསྐུལ་བ༔ གསུང་གི་མངའ་བདག་ཐམས་ཅད་ཀྱིས༔ རྩོལ་བའི་ཐེག་པ་མཐར་བསྟན་ནས༔ རྩོལ་མེད་ཐེག་པ་མི་གསུང་བ༔ ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི༔ སྐལ་ལྡན་གདུལ་བྱ་མཆིས་པས་ན༔ ལྷུན་གྲུབ་ཐེག་པ་གསུང་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འདུས་ནས༔ ཐམས་ཅད་མགྲིན་གཅིག་ཏུ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བསྐུལ་ཏོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས༔ སངས་རྒྱས་ཀུན་གྱི་མཛད་པ་ཤར༔ གསུང་གི་མངའ་བདག་ཐམས་ཅད་ཀྱི༔ ཡེ་ཤེས་རང་བཞིན་ཁྱོད་ཡིན་པས༔ ཐམས་ཅད་བྱང་ཆུབ་སེམས་སུ་གསལ༔ བདེ་གཤེགས་མ་ལུས་ཐམས་ཅད་ཀྱི༔ སྐུ་ཡི་ངོ་བོ་དང་ལྡན་པས༔ རྨད་བྱུང་རོལ་པའི་སྐུ་རུ་ཤར༔ ཚིག་གཅིག་དོན་དུ་རྫོགས་པའི་བདག༔ རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ༔ སྐལ་ལྡན་རྣམས་ལ་བསྟན་དུ་གསོལ༔ ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་སྒོ་ནས་བསྟོད་ཅིང་བསྐུལ་བའོ༔ དེ་ཡང་བློ་དང་མཐུན་པའི་སྒོ་ནས་རྩོལ་མེད་ཀྱི་ཐེག་པ་བསྟན་དུ་གསོལ་ཞེས་བསྐུལ་བ་ནི༔ རིན་ཆེན་འཕྲུལ་གྱི་ཐབས་ལྡན་པ༔ གང་འདོད་མཐུན་པའི་སྒོ་དེ་ནས༔ རྩོལ་མེད་དབྱིག་དང་འཕྲད་པར་གྱིས༔ ཞེས་བསྐུལ་བས༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དཔལ་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཐུགས་ཁ་ནས་ཕྱུང་ནས༔ རིན་པོ་ཆེ་རང་འབར་གྱི་འཁོར་ལོ་སེམས་དཔའ་རྡོ་རྗེའི་ཕྱག་ཏུ་གཏད་དེ༔ འདི་སྐད་ཅེས་ཞུས་སོ༔ གཉིས་མེད་ཡེ་ཤེས་གསང་བའི་དོན༔ བྱར་མེད་རྩོལ་མེད་ཡེ་སངས་རྒྱས༔ དབུ་མ་ཆེན་པོ་དྲང་བའི་ལམ༔ འདུས་པའི་ཚོགས་ལ་བསྟན་པར་བགྱི༔ ཞེས་བསྐུལ་བས༔ སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ༔ འདི་སྐད་ཅེས་ཞུས་སོ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཚིག་གི་སྤྱོད་ཡུལ་མ་ཡིན་པས༔ བདག་གིས་སྒྲོག་པར་ཤིན་ཏུ་དཀའ༔ མ་རྟོགས་པ་ལ་ཚིག་སྒོ་ནས༔ མཚོན་ནས་རྟོགས་པར་བྱ་བའི་ཕྱིར༔ ཅི་རིགས་པ་ནི་རྣམ་པར་གྲོལ༔ ཞེས་གསུངས་པར་ཁས་བླངས་ནས༔ ཕྱག་ན་རྡོ་རྗེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རིགས་ལྔའི་ངོ་བོར་བཞུགས་པ་ལས༔ གཞི་འབྲས་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་དོན་འདི་ཞུས་སོ༔ ཤར་ཕྱོགས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་ན༔ དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ༔ མི་ཕྱེད་པའི་འཁོར་དང་བཅས་པ་ལ་འདི་སྐད་ཅེས་གསོལ་ཏོ༔ སེམས་ཉིད་རྡོ་རྗེ་ལྟ་བུ་ལ༔ སྐྱེ་འགག་འབྱུང་བ་ཇི་ལྟར་ལགས༔ ཞེས་གསོལ་པ་དང་༔ དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསང་བས་བཀའ་སྩལ་པ༔ སེམས་ཉིད་མི་འགྱུར་རྡོ་རྗེ་ལ༔ སྐྱེ་དང་འགག་པ་ཡོད་མ་ཡིན༔ རྣམ་རྟོག་བློ་ལ་སྐྱེ་འགག་བྱུང་༔ ཞེས་གསུངས་སོ༔ དེ་ནས་ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་སྣང་བ་ཞེས་བྱ་བ་ན༔ དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཞེས་བྱ་བ་རང་བཞིན་འབར་བ་སྣང་བའི་ཁྲི་ལ་བཞུགས་ཏེ༔ ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལས༔ སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ༔ བྱང་ཆུབ་སེམས་ཀྱི་རང་བཞིན་ལ༔ རྒྱུ་རྐྱེན་རྩོལ་བས་མ་གྲུབ་པར༔ ཡོན་ཏན་འབྲས་བུ་ཇི་ལྟར་འཆར༔ ཞེས་གསོལ་པ་དང་༔ དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ༔ དག་ཤ་ཀ་ཡི་རྒྱན་བཞིན་དུ༔ རྒྱུ་འབྲས་མཐར་ཕྱིན་གཞི་ལ་རྫོགས༔ ཐམས་ཅད་རང་བྱུང་སྙིང་པོའི་མཆོག༔ གསང་བ་ཐབས་ཀྱིས་རྟོགས་གྱུར་ན༔ ཉི་མའི་འོད་ལྟར་འབྲས་བུ་འཆར༔ ཞེས་གསུངས་སོ༔ དེ་ནས་ཡང་ནུབ་ཕྱོགས་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ན༔ བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ་དྲི་མ་མེད་པ་པདྨའི་གདན་ལ་བཞུགས་ཏེ༔ ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ༔ སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ༔ སེམས་ཉིད་པདྨ་ལྟར་དག་ལ༔ གཟུང་འཛིན་དྲི་མ་ཇི་ལྟར་བྱུང་༔ ཞེས་གསོལ་པས༔ བཅོམ་ལྡན་འདས་པདྨའི་འོད་ཀྱིས་བཀའ་སྩལ་པ༔ པདྨ་འདམ་ན་གནས་བཞིན་དུ༔ འདམ་གྱི་སྐྱོན་གྱིས་གོས་པ་མེད༔ བྱང་ཆུབ་སེམས་ཀྱི་ངོ་བོ་ལ༔ འཁོར་བས་གོས་པར་མི་འགྱུར་ཏེ༔ རྣམ་རྟོག་བློ་ལས་འཁོར་བ་བྱུང་༔ ཞེས་གསུངས་སོ༔ དེ་ནས་བྱང་ཕྱོགས་རྣམ་དག་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་ན༔ དེ་བཞིན་གཤེགས་པ་གྲུབ་པ་སྣང་བ་ཞེས་བྱ་བ་རང་བཞིན་སྣང་བ་ཞེས་བྱ་བའི་གདན་ལ་བཞུགས་ཏེ༔ ཉིད་ཀྱི་འཁོར་རྣམས་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ༔ ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ༔ རྩོལ་མེད་སེམས་ཀྱི་རང་བཞིན་ལ༔ འགྲོ་དོན་མཛད་པ་ཇི་ལྟར་འབྱུང་༔ ཞེས་གསོལ་པ་དང་༔ དེ་བཞིན་གཤེགས་པ་གྲུབ་པ་སྣང་བས་བཀའ་སྩལ་པ༔ རང་བྱུང་ཡེ་ཤེས་རྟོགས་གྱུར་ན༔ མཛད་པའི་ཕྲིན་ལས་རང་ལ་འཆར༔ ཞེས་གསུངས་སོ༔ དེ་ནས་ཡང་དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་ན༔ དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས༔ གསང་བདག་ཕྱག་ན་རྡོ་རྗེའི་མདུན་དུ་འཁོད་མ་ཐག་ཏུ་སྟོན་པས་མདུན་བསུས་ཏེ་གསུངས་པ༔ འདུས་པའི་འཁོར་ཚོགས་ཁྱོད་ཀྱིས་ནི༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད༔ ཡེ་ཤེས་གསང་དོན་རྟོགས་པར་གྱིས༔ ཞེས་གསུངས་པ་དང་༔ དཔལ་ཕྱག་ན་རྡོ་རྗེ་ཉིད་རང་གིས་སྟན་ལས་ལངས་ཏེ༔ དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་ཞུས་སོ༔ ཁྱོད་ནི་གསུང་གི་སེང་གེ་སྟེ༔ ཡེ་ཤེས་གསང་བ་བསྟན་དུ་གསོལ༔ ཅེས་ཞུས་པས༔ རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ༔ སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག༔ ཡེ་ཤེས་གསང་བའི་རང་བཞིན་ནི༔ སངས་རྒྱས་སེམས་ཅན་གཉིས་སུ་མེད༔ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ༔ མ་རིག་ཡེ་ཤེས་ཐ་དད་མེད༔ མ་རྟོག་རྟོགས་པའི་ལམ་དུ་གཅིག༔ ཡེ་ཤེས་གསང་བའི་མཚན་ཉིད་ནི༔ རང་རིག་འོད་གསལ་རྣམ་པར་དག༔ རྣམ་རྟོག་ཡེ་ཤེས་ཉིད་དུ་གནས༔ གཞི་བཞག་རང་ལུགས་རིན་ཆེན་མཛོད༔ རང་བྱུང་མ་བཙལ་གདོད་ནས་དག༔ ཡེ་ཤེས་གསང་བའི་རྣམ་པ་ནི༔ སྣ་ཚོགས་སྣང་ལ་ངོས་བཟུང་མེད༔ མི་དམིགས་སྒྱུ་མ་ལྷུན་གྲུབ་ནི༔ རྟག་ཏུ་གསལ་ན་ལྟ་བ་ཡིན༔ ཅེས་གསུངས་སོ༔ དེ་བཞིན་རྨད་བྱུང་བསྟན་པའི་སྙིང་པོ༔ རྩོལ་མེད་རང་བྱུང་གི་དགོངས་པ༔ རྒྱུ་འབྲས་ལས་འདས་པའི་ཆོས༔ ཨ་ཏི་ཡོ་གའི་དོན་རྣམས་སངས་རྒྱས་ཐམས་ཅད་ལ་དགོངས་པའི་བཅུད་བླངས་ནས༔ སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེའི་སྲོག་ཤིང་༔ རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་འབུར་ཁང་ན༔ ལྷའི་བུ་སེམས་ལྷག་ཅན་ཡོད་པའི་དྲུང་དུ་བྱོན༔ དེར་སྲོག་ཤིང་རྡོ་རྗེ་རྩེ་དགུ་པའི་སྟེང་དུ་རིན་པོ་ཆེ་འབར་བའི་ཁྲི་བཤམས༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ༔ དེར་ཕྱག་ན་རྡོ་རྗེ་བཞུགས་ནས༔ སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ནས༔ མན་ངག་འཕྲུལ་གྱི་ལུང་བཅུ་ཕོག༔ ལྷུན་གྲུབ་རྣམ་གསུམ་གྱི་དབང་བསྐུར་ནས༔ སྒོ་གསུམ་ཐུག་ཕྲད་ཀྱི་གདམས་ངག་བྱིན༔ ཐིག་ལེ་ཆེན་པོའི་དབང་བསྐུར་ནས༔ སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན༔ མི་འགྱུར་བརྟན་པའི་དབང་བསྐུར་ནས༔ སྤྱོད་ལམ་རིག་པའི་མན་ངག་བྱིན༔ རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས༔ ཡེ་ཤེས་ངོས་འཛིན་གྱི་མན་ངག་བྱིན༔ གཉིས་མེད་འདྲེས་པའི་དབང་བསྐུར་ནས༔ ཕྱག་རྒྱ་ཆེན་པོའི་མན་ངག་བྱིན༔ རྡོ་རྗེ་ཞུ་ལུགས་ཀྱི་དབང་བསྐུར་ནས༔ རྒྱལ་ཚབ་བསྒོ་བའི་མན་ངག་བྱིན༔ གཞན་ཡང་དབང་དང་མན་ངག་རྒྱུད་སྡེ་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་གཏད་ནས༔ རྒྱལ་ཚབ་དམ་པར་དབང་བསྐུར་རོ༔ དེ་ཡང་༔ རྨད་བྱུང་བསྟན་པའི་སྙིང་པོ་འདི༔ ལྷ་གནས་གསུམ་དུ་གྲགས་གྱུར་ནས༔ ཡང་སྤྲུལ་གང་དག་ཐུགས་སྲས་ཀྱིས༔ འཛམ་གླིང་དབུས་སུ་རྒྱས་པར་བྱོན༔ ཅེས་གསུངས་ཏེ༔ བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་མཛད་དོ༔
བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ རྩོལ་མེད་ཀྱི་ཐེག་པ་ལྷ་གནས་གསུམ་དུ་གྲགས་པའི་སྐབས་ཏེ་ལེའུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔