ཟབ་དོན་གྱི་གཞུང

From Rangjung Yeshe Wiki Texts
Revision as of 07:00, 21 November 2026 by Eric (talk | contribs) (Longchenpa Project: generated page (21 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-26-LA-015
Jump to navigation Jump to search

གཅོད་ཀྱི་གདམས་པ་ཐུགས་ཀྱི་སྙིང་པོའི་ལོ་རྒྱུས klong chen rab 'byams kyi gsung 'bum (pe cin 2009)· Volume 26(LA) གཅོད་ཀྱི་སྤྱི་ཁྲིད་ཆེན་མོ

Title ཟབ་དོན་གྱི་གཞུང
Wylie zab don gyi gzhung


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 26(LA), text 15, pages 148–154 (BDRC scan pages)
Section klong chen rab 'byams pa dri med 'od zer gyi gsung thor bu › gcod kyi skor


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 6.10.1.18
Citation Klong chen rab 'byams pa. zab don gyi gzhung. In Kun mkhyen klong chen rab 'byams kyi gsung 'bum, vol. 26, pp. 148–154. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཟབ་དོན་གྱི་གཞུང་བཞུགས་སོ། །

ན་མོ་གུ་རུ། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། མན་ངག་བདུད་ཀྱི་གཅོད་ཡུལ་དུ་གསུངས་པ། ཟབ་དོན་ཐུགས་གྱི་སྙིང་པོ་ཞེས་བྱ་བ། བླ་མ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་ནམ་མཁའི་དབྱིངས། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་རབ་ལྡན་ཞིང༌། །གང་ལ་གང་འདུལ་ཅིར་ཡང་སྤྲུལ་པས་གཞན་དོན་མཛད། །སྟོང་ཉིད་སྙིང་རྗེ་སྨོན་ལམ་མཐར་ཕྱིན་ཞབས་ལ་འདུད། །བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། །འཁོར་འདས་དགག་སྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། །འགལ་རྐྱེན་ལམ་དུ་འཁྱེར་བ་ཨ་མ་ཇོ་མོས་བཞེད། །མི་མཐུན་གྲོགས་སུ་འདོད་པ་གཅོད་ཀྱི་གདམས་པ་བྲི། །ཚིག་དོན་རྟོགས་ཤིང་བྱམས་བརྩེ་རབ་རྒྱས་མཁས་བརྒྱད་ལྡན། །རང་དོན་མཐར་ཕྱིན་སྟོང་ཉིད་སྙིང་རྗེ་སྒྲུབ་དང་རྐྱེན་སེལ་མཁས། །དད་ལྡན་བརྩོན་འགྲུས་མོས་གུས་གོ་ཆ་སྙིང་རུས་ལྡན། །འཇིགས་སྐྱོབ་མངོན་མཐོ་ལེགས་སྨོན་ཀུན་མཁྱེན་ཐོབ་འདོད་པ། །དབང་བསྐུར་མཆོག་ཐོབ་ཟབ་མོ་ཉན་དེས་སྣོད་དུ་གྱུར། །བསགས་སྦྱངས་ལམ་གྱིས་སེམས་ཉིད་རྩལ་སྦྱོང་ངོ་སྤྲོད་བྱ། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཐེ་ཚོམ་གཅད་བྱའི་ཕྱིར། །རྒྱལ་བའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་ངེས་པར་ཟུངས། །བདུད་ནི་ལྷ་དང་ཉོན་མོངས་ཕུང་པོ་འཆི་བདག་བདུད། ཁྱད་པར་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བདུད། །དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་གདབ། །སེམས་བསྐྱེད་མཆོག་ལྡན་འགྲོ་ཀུན་ཐར་པ་ཐོབ་པའི་ལམ། །གནས་པོ་བདུད་ལ་བཅོལ་བས་གཞི་མགྲོན་གཅིག་ཏུ་འདྲེས། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་བཙན་སར་ཐར། །ནད་པ་འདྲེ་ལ་བཅོལ་བས་ནད་མེད་བདེ་བར་འཚོ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །ཕུང་པོ་གཟན་དུ་བསྐྱུར་བས་གཅེས་འཛིན་བློ་དང་བྲལ། །ལུས་སེམས་སོ་སོར་ཕྲལ་བས་བདག་འཛིན་མཁན་པོ་སྟོར། །འཇིགས་མཁན་རྩ་བརྡར་བཅད་པས་ཉམས་ང་རང་སར་ཡལ། །ལུས་ཀྱི་བདག་འཛིན་བོར་བས་བར་ཆད་དཔལ་དུ་ཤར། །རྐྱེན་ལ་རྐྱང་འདེད་བྱས་པས་བར་ཆད་སྟོང་པར་ཞི། །གདོན་ལ་སྤར་ཟིན་བྱས་པས་འཇིགས་ཡུལ་དངོས་པོ་སྟོར། །ཐམས་ཅད་སེམས་སུ་ཤེས་པས་འཛིན་མེད་རང་སར་གྲོལ། །རང་གར་བསྐྱུར་ནས་བཏང་ན་སུས་ཀྱང་འཁྱེར་མི་སྲིད། །གང་ཚེ་ཆོས་ཉིད་དོན་ལ་མཉམ་པར་སུས་བཞག་པ། །དེ་ཚེ་བདུད་ཚོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཕྱི་ནང་གསང་བ་མངོན་སུམ་ཉམས་སྣང་རྨི་ལམ་དུ། །སྣ་ཚོགས་གཟུགས་བསྟན་མི་སྙན་སྒྲ་སྒྲོག་ལུས་སྟོན་འགྱུར། །སེམས་ལ་ཁུ་འཕྲིག་བྱུང་ན་བདག་འཛིན་ཡུལ་ནས་ཐོན། །ནང་འདྲེ་རང་སེམས་འདུལ་ན་ཕྱི་འདྲེ་སྟོང་པར་ཡལ། །མ་ཕོད་མི་ནུས་བྱུང་ན་མགོ་སྙོམས་ཐོག་རྫིས་བྱ། །ཉམ་ང་བག་ཚ་བྱུང་ན་རྣམ་རྟོག་ཨར་ལ་གཏད། །ཆོ་འཕྲུལ་ཆེ་ནས་མ་ཟུག་གཅོད་འཕྲོ་བཅད་པ་དང༌། །འགྱོད་དང་ཐེ་ཚོམ་ལྟ་ལོག་ཆོས་ཀྱིས་སུན་པ་དང༌། །ན་ཚ་སྡུག་བསྔལ་ཁམས་འདུས་ཉམས་ལེན་སྟོར་བ་རྣམས། །ལོག་རྟོག་བར་ཆད་འབྱུང་བས་འབད་རྩོལ་བཏོན་ལ་སྒྲུབས། །ལོག་ཆེན་མཐའ་ལ་གཏད་པས་རེ་དོགས་རང་སར་གྲོལ། །ཐེག་ཆེན་ཟིལ་གྱིས་མནན་པས་བདེ་སྡུག་གཏན་ལ་ཕེབས། །སྐར་ཆེན་ཐེབ་འོག་བཅུག་པས་འཁོར་འདས་རྫུན་ཕུག་རྡིབ། །གཉན་སར་གཉན་ཐོག་ཕབས་པས་ལྷ་འདྲེ་སྒྱུ་མར་ཞིག །གདུག་རྩུབ་ཆོ་འཕྲུལ་ཆེ་ན་ལྷ་འདྲེ་ཨར་ལ་མནན། །ཅི་ནས་གླན་ཀ་བརྐོ་ན་སྨྱོན་པའི་བརྟུལ་ཞུགས་གྱིས། །དེ་རུ་ཆོ་འཕྲུལ་སྟོན་ན་བདེ་ཤི་སྐྱིད་བྱ། །ཀུན་ལ་བྱམས་པའི་སེམས་ཀྱིས་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཚར་ཚད་དུས་རྟགས་མངོན་སུམ་ཉམས་ལྟས་རྨི་ལམ་བྱུང༌། །ཕྱི་ནང་གསང་གསུམ་རང་ལ་འཆར་བར་རིག་པར་བྱ། །སྟོང་ཉིད་ངང་དུ་རྩེ་གཅིག་བསམ་གཏན་མཉམ་བཞག་བྱ། །འཁོར་འདས་ཀུན་གྱི་འཁྲུལ་ཤན་ཕྱེད་པར་ཐེ་ཚོམ་མེད། །སྔོན་འགྲོ་སློང་རྟགས་མེད་ན་སློང་པའི་བློ་དང་ཕྲོལ། །དངོས་གཞི་ནོན་རྟགས་མེད་ན་ཞེ་འདོད་རྒྱབ་ཏུ་བསྐྱུར། །མཇུག་ཏུ་ཚར་ཚད་མེད་ན་ཚར་འདོད་བློ་དང་ཕྲོལ། །འདོད་བློ་རེ་དོགས་བདུད་ཡིན་མཁས་པས་སྤང་བར་བྱ། །ཕན་དང་གནོད་བཅས་འཇམ་དང་རྩུབ་པའི་སྤྱོད་པས་བརྟུལ། །སྣ་ཚོགས་ཐབས་ཀྱིས་བྱང་ཆུབ་ལ་བཀོད་སྨོན་ལམ་བཏབ། །བདག་གཞན་དོན་དུ་ཀུན་མཁྱེན་སངས་རྒྱས་ཐོབ་འདོད་པས། །ཐར་པའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་བསྟེན་པར་གྱིས། །ཡུན་རིང་གོམས་པའི་བག་ཆགས་སྤང་དཀའ་རྣམ་རྟོག་འདི། །སྲིད་པའི་སྡུག་བསྔལ་སྣ་ཚོགས་སྐྱེད་པའི་རྒྱུ་གཅིག་པོ། །རྟེན་དང་བརྟེན་པར་ཕུང་ཁམས་འདུས་པའི་དུར་ཁྲོད་འདིར། །འགྱུ་བྱེད་དྲན་རྟོག་སྣ་ཚོགས་རྒྱུ་བའི་གནས་འདིར་བཅད། །དབང་དོན་ངོ་སྤྲོད་མངོན་དུ་གྱུར་པའི་རྣལ་འབྱོར་པས། །ཇི་སྲིད་རྣམ་རྟོག་བདུད་འདི་མ་ཆོད་དེ་སྲིད་བཅད། །གདོད་ནས་ཆོས་ཉིད་གློ་བུར་དྲི་མ་དང་བཅས་པ། །གཞི་ལམ་འབྲས་གསུམ་བརྟགས་ལ་ལྟ་སྒོམ་སྤྱོད་པས་གཞོམ། །ཆོས་ཉིད་གཏན་ལ་འབེབས་ཚེ་རྣམ་རྟོག་གནོད་པ་མང༌། །ཤེས་བྱའི་ཡུལ་དུ་སྣ་ཚོགས་དྲན་རྟོག་འདུ་འཕྲོ་འབྱུང༌། །རྟོགས་པའི་དཔུང་དང་མི་ལྡན་སྒོམ་པའི་ཉམས་དང་བྲལ། །རྐྱེན་ལ་གཅོད་པས་ཐོག་རྫིས་རོ་སྙོམ་མ་བྱུང་བཟློག །འགྱུ་བྱེད་སྡོང་པོ་ལྟ་སྒོམ་སྤྱོད་པའི་མཚོན་གྱིས་བཅད། །སེམས་བྱུང་རྣམ་རྟོག་ཡལ་ག་ཐམས་ཅད་ངང་གིས་འགགས། །ཚ་ཟེར་འོད་ཀྱིས་རླན་དང་མུན་པ་འཇོམས་པ་བཞིན། །ཡེ་ཤེས་ཤར་བས་སྐྱོན་སྤངས་ས་ལམ་རིམ་གྱིས་བགྲོད། །རང་བཞིན་མི་རྟོགས་བསྒྱུར་མཁས་གཉེན་པོས་སྤོང་ནུས་ཤིང༌། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ལྡན་མཆོད་པར་ཤེས། ། བདུད་དང་འབྱུང་པོས་ངན་འགྲོའི་གནས་སུ་ཁྲིད་མི་ནུས། །ཉོན་མོངས་བདུད་ཀྱིས་སྲིད་པའི་སྡུག་བསྔལ་བསྐྱེད་ཕྱིར་གཞོམ། །གནས་ནི་རང་ལུས་རྩ་ཁམས་འདུས་པའི་གཉན་ཁྲོད་ན། །ཉོན་མོངས་འབྱུང་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས། །རྟོགས་པའི་ཡེ་ཤེས་སྣང་བའི་འོད་ཟེར་རབ་རྒྱས་ཏེ། །ཇི་སྲིད་མ་རིག་མུན་ཁྲོད་མ་སངས་བར་དུ་གཅད། །གང་ཚེ་ཉོན་མོངས་སྐྱེས་ཚེ་ལྟ་སྒོམ་སྤྱོད་པ་ཡིས། །གཉེན་པོས་བཟུང་ན་དེ་ཚེ་བདུད་ལས་རྣམ་རྒྱལ་བྱ། །ཇི་ལྟར་རོ་མི་མཐུན་པའི་ཟས་ཀྱིས་ནད་སློང་ལྟར། །ཆགས་སྡང་ཉོན་མོངས་ཉམས་ལེན་རྐྱེན་གྱིས་སློང་བར་འགྱུར། །ཆོས་ལ་བཟོད་པ་མ་ཐོབ་ལམ་གྱི་རྐྱེན་གྱིས་འཇིག །འགྱོད་དང་ཐེ་ཚོམ་ལོག་ལྟ་ཆོས་ཀྱིས་སུན་པ་འབྱུང༌། །ཉོན་མོངས་སྐྱེས་ཚེ་ཐབས་དང་ཤེས་རབ་ལོག་ནོན་གྱིས། །སྟོང་དང་བསྒྱུར་ཐབས་མཆོད་པར་རྟོགས་པ་གཉེན་པོའི་མཆོག །སྲིད་པའི་དྲྭ་བ་ཉོན་མོངས་རྒྱ་མཚོ་མི་བཟད་པ། །མ་ལུས་རབ་བཅོམ་ཡེ་ཤེས་རོ་མཉམ་མཆོག་གི་ཚད། །དད་དང་སྙིང་རྗེ་དོན་རྟོགས་གདམས་པའི་གནད་དང་ལྡན། །ཐར་པ་ཐོབ་པའི་ཐབས་སུ་རྣལ་འབྱོར་རྣམས་ཀྱིས་བཅད། །ནད་དང་དུ་ཁ༔་དུག་རོ་དྲག་པོ་ཀུན་གྱི་བདུད། །དེ་ཉིད་མ་རྟོགས་ཐར་པ་ཐོབ་པའི་སྲོག་འཕྲོག་བྱེད། །བདེ་སྡུག་སྐྱོན་ཡོན་འཁོར་འདས་ཐམས་ཅད་སྐྱེད་པའི་རྟེན། །འབྱུང་བཞི་ཉོན་མོངས་རླུང་མཁྲིས་བད་ཀན་ཕུང་པོའི་གནས། །ལུས་ངག་ཡིད་ལ་ནད་དང་སྡུག་བསྔལ་འབྱུང་བ་དང༌། །མི་མཐུན་འགལ་རྐྱེན་ཟུག་རྔུ་དྲག་པོས་མནར་བའི་ཚེ། །ནད་དང་སྡུག་བསྔལ་ཉེས་སྐྱོན་མ་ལུས་འབྱུང་བའི་རྟེན། །ལུས་སེམས་གཉིས་ཡིན་དེ་ཉིད་ཕྲལ་ན་གྲོལ་བར་ངེས། །སྡིགས་མཛུབ་བསྟན་པས་སྦྲུལ་གྱིས་མི་བཟོད་སྟོང་ཉིད་དོན། །གང་གིས་སྒོམ་དེའི་ནད་གདོན་མི་བཟོད་ཞི་ཞིང་འབྲོས། །གང་ཚེ་ནད་དང་སྡུག་བསྔལ་དྲག་པོས་གཟིར་བའི་ཚེ། །དེ་ཚེ་གདེངས་བྲལ་ཞུམ་བཅས་བརྩོན་པ་དོར་ན་ལྡོག །སེམས་ཀྱི་དབང་པོ་ཉམས་རྟོགས་ལྡན་པའི་སྟོབས་རྩལ་རྒྱས། །རྣོ་ངར་ལྡན་པའི་ལྟ་སྒོམ་གོ་མཚོན་བདུད་དཔུང་འཇོམས། །ཐབས་ཤེས་ལམ་ཁྱེར་ཟབ་མོས་ནད་དང་སྡུག་བསྔལ་ཞི། །སྐྱོན་བྲལ་ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་འགྱུར། །རྟོགས་པའི་གདེངས་ལྡན་ཉམས་ཀྱི་ངར་བཅས་མང་དུ་ཐོས། །སྙིང་ཁམས་གཏོང་ཕོད་དད་ཁམས་དཔའ་རྩལ་བརྟུལ་ཞུགས་ཅན། །ནད་དང་དགྲ་གདོན་གྲིབ་དང་ཆོས་བརྒྱད་ཆགས་སྡང་སོགས། །འཇིག་རྟེན་མི་མཐུན་སྣ་ཚོགས་བདུད་ལ་གཅད་པར་བྱ། །རང་གི་ཡུལ་དང་གྲོང་ཡུལ་རྒྱལ་ཁམས་དགོན་པ་དང༌། ཁང་པ་ལ་སོགས་ཉོན་མོངས་གང་དུ་སྐྱེ་བར་གཅད། །དུས་ནི་རིང་ཐུང་ཐང་པོའི་དུས་དང་བྱང་ཆུབ་བར། །ཇི་སྲིད་བདེ་སྡུག་སྐྱོན་དང་འགལ་རྐྱེན་བྱུང་བའི་ཚེ། །ནད་དང་གདོན་དང་ཉམ་གྲིབ་ཆོས་བརྒྱད་བདེ་སྡུག་སོགས། །རང་བཞིན་མེད་སྒོམ་ལས་སུ་ཤེས་པས་ལམ་དུ་འཁྱེར། །ནད་དང་སྡུག་བསྔལ་སྔར་བས་མང་ཞིང་རགས་པ་དང༌། །ཕྱི་ནང་འགལ་རྐྱེན་བར་ཆད་མི་མཐུན་སྣ་ཚོགས་འབྱུང༌། །རྒྱུ་འབྲས་གདམས་ངག་དགེ་བའི་བཤེས་ལ་ཐེ་ཚོམ་ཟ། །རྐྱེན་ལ་འཇིགས་ཤིང་ལམ་གྱི་ཆོས་ཀྱིས་སུན་པ་དང༌། །མེད་བཞིན་སྣང་བའི་བདུད་འདི་ཅི་ཕྱིར་བདག་ལ་གནོད། །དངོས་མེད་འཁྲུལ་པའི་དགྲ་འདི་ཡིད་ཀྱི་གཉེན་པོས་འཇོམས། །སྲིད་པའི་ཉོན་མོངས་ཆགས་སྡང་བདུད་འདི་ཚར་ཆོད་ན། །བདེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར་ཁ་འབྱེད། །བསགས་སྦྱངས་ལ་འབད་བག་ཆགས་འདོན་པས་རྨི་ལམ་བཟུང༌། །ཟིན་པར་གྱུར་ཚེ་སྦྱངས་དང་སྤེལ་ཞིང་འོད་གསལ་བསྒོམ། །རླུང་དང་རྣམ་ཤེས་གྱེན་ལ་འདྲེན་པ་འཕོ་བའི་ལམ། །ཕྲ་རགས་ཐིམ་རྗེས་འོད་གསལ་འཆར་བ་བར་དོ་ཡིན། །ལྷ་འདྲེ་འཁྲུགས་པས་ལུས་ནད་སེམས་སྐྱོན་སྣ་ཚོགས་འབྱུང༌། །གཉེན་པོའི་དཔུང་ལྡན་སྟོང་ཉིད་སྦྱིན་གཏོང་མཉམ་ཉིད་བསྒོམ། །ལས་ཀྱི་རྒྱུ་དང་ཉོན་མོངས་རྐྱེན་གྱིས་ནད་རྣམས་འབྱུང༌། །རླུང་དང་འཁྲུལ་འཁོར་ཐབས་དང་དམིགས་པས་འདོན་པར་བྱ། ཁམས་འདུས་སྡུག་བསྔལ་འབྱམས་དང་ལྟེངས་པ་ཡིད་ཀྱི་སྐྱོན། །ཐབས་དང་རྟེན་འབྲེལ་རླུང་གནད་འཁྲུལ་འཁོར་དམིགས་པས་གཞོམ། །མོས་གུས་དཔག་མེད་སྙིང་རྗེ་རྒྱ་ཆེན་འགལ་རྐྱེན་ལ། །ཐོག་འགེལ་བྱས་པས་ཡོན་ཏན་ཀུན་གྱི་བོགས་སུ་འགྱུར། །རྒྱལ་བའི་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟེར་ཡོན་ཏན་དཔག་མེད་རྒྱ་ཆེན་འབྱུང༌། །ཟབ་རྒྱས་ཀུན་ཁྱབ་ཀུན་ལ་ཁྱབ་པའི་དམ་ཆོས་འདི། །རྟེན་དང་གྲུབ་མཐའ་ཀུན་མཐུན་སྐྱོན་སྤང་ཁྱད་པར་འཕགས། །གང་ཞིག་ནོར་བུ་རྙེད་ཚེ་གཅེས་པར་འཛིན་པ་ལྟར། །རིན་ཆེན་རིན་ཐང་མེད་པའི་ཆོས་འདི་གུས་པས་ཟུང། །གཅོད་ཀྱི་གཞུང་མང་ཟབ་རྒྱས་རྒྱ་མཚོ་རྒྱ་ཆེན་ལས། །ཉུང་བསྡུས་ཟབ་དོན་ཐུགས་ཀྱི་སྙིང་པོ་འདི་བཀོད་པས། །འགྲོ་ཀུན་གཅོད་ཡུལ་མཐར་ཕྱིན་གཅོད་དོན་འདི་རྟོགས་ཏེ། །ཆོས་དབྱིངས་རྣམ་དག་ཕ་རོལ་ཕྱིན་ཡུམ་མཆོག་ཐོབ་ཤོག །བཀའ་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པའི་དགོངས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། བདུད་གཅོད་ཡུལ་དུ་བྱེད་པའི་མན་ངག་ཟབ་དོན་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་ན་རྙེད་པར་དཀའ་བའི་ཆོས། མན་ངག་བདུད་ཀྱི་གཅོད་ཡུལ་དུ་བྱེད་པ་རྫོགས་སོ།། །།«ཀུན་མཁྱེན་དྲི་མེད་པས་མཛད་པའི་གཅོད་ཡུལ་རིག་འཛིན་པདྨ་གླིང་པ་ལས་ཐོབ་པའོ། །དགེའོ། །

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.

Part of the Longchenpa Collected Works (about this project).