LONGCHENPA-PECIN-10-THA-023: Difference between revisions
LONGCHENPA-PECIN-10-THA-023
Longchenpa Project: generated page (21 November 2026) |
Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026) |
||
| Line 25: | Line 25: | ||
}} | }} | ||
= Tibetan Text = | = Tibetan Text = | ||
<div class=" | <div class="TibetanMachineUni16 lcp-etext" lang="bo"> | ||
༄༅། །ངེས་དོན་བྱང་ཆུབ་སྙིང་པོ་བཞུགས་སོ། ། | ༄༅། །ངེས་དོན་བྱང་ཆུབ་སྙིང་པོ་བཞུགས་སོ། ། | ||
<span class="lcp-mark">«</span>དོན་ཟབ་ཀུན་གྱི་འབྱུང་གནས་ཆེ། །བླ་མ་མཆོག་ལ་ཕྱག་འཚལ་ནས། ། རབ་གསང་མན་ངག་བླ་ན་མེད། །ངེས་དོན་བྱང་ཆུབ་སྙིང་པོ་བྲི། མངོན་སུམ་སྙིང་པོའི་དོན་ཉམས་སུ་ལེན་པའི་གྲོགས་སུ་རང་སྣང་ཡེ་ཤེས་ཆེན་པོའི་ཟབ་དོན་འདི་ལྟར་བསྒོམ་སྟེ། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་པའི་པུས་མོ་གཉིས་ལ་ལག་པའི་ཐལ་མོ་བཀབ་ནས་རྒྱུ་ཞབས་སྒལ་པ་ལ་སྦྱར་ཏེ། མཇིང་པ་ཅུང་ཟད་ཕྱིར་དགྱེ་ལ་རླུང་རང་ལུགས་སུ་དལ་བར་རྒྱུ་བ་ན། འོག་རླུང་འཐེན་ཏེ་སྟེང་རླུང་ཁད་ཀྱིས་ཅུང་ཟད་མནན་ལ། འཁོར་ལོ་བཞིའི་དབུས་ཀྱི་རྩ་གསུམ་གསལ་བཏབ་ལ། དབུ་མའི་ནང་ལྟེ་བའི་ཐད་ཀ་ན་ཨ་ཤད་དམར་པོ་ལས་མེ་རྟ་རྔ་ཙམ་ཡར་སོང་བས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཧཾ་དཀར་པོ་ལ་ཕོག་ནས། བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་རྒྱ་ཁབ་ཙམ་མར་བབས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང༌། ཡང་བབས་པས་སྙིང་ཀ་ཆོས་ཀྱི་འཁོར་ལོའི་དབུས་སུ་ཨེ་མཐིང་ཀ་བཞུགས་པས། བདེ་ཕྲི་ལི་ལི་གང་བ་ལ། དར་ཅིག་སེམས་གཟུང་བའི་རྗེས་ལ་ལྟེ་བ་སྤྲུལ་པའི་རྩ་འདབ་ཏུ་སོང་བས་ཨ་ཤད་ལ་ཕོག་མེའི་གསོས་བྱས། བ་སྤུའི་བུ་གའི་བར་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་འདྲེས་པས་ཁྱབ་པའི་བདེ་བ་ལ་ཡུན་རིང་དུ་བསྒོམས་པས། ཕྲ་རགས་ཀྱི་རྟོག་པ་བདེ་བ་ཆེན་པོའི་ངང་དུ་ནུབ་ནས། བདེ་བའི་སེམས་ལ་ཅེ་རེ་མ་ཡེངས་པར་གཏད་ལ་བསྒོམས་པས། མི་རྟོག་པ་དང་བདེ་གསལ་གྱི་ཡེ་ཤེས་ཞི་ལྷག་ཟུང་འཇུག་ཆེན་པོ་སྐྱེའོ། །དེ་ནས་བསམ་གྱིས་མི་ཁྱབ་པའི་འོད་གསལ་ལ་བསྒོམ་པ་ནི། སྤྱི་བོའི་ཧཾ་ལས་དྭངས་མ་དཀར་པོ་ཐམས་ཅད་འདུས་པའི་གོང་བུ་དཀར་པོ་མཐེ་བོང་ཙམ་མར་བྱུང༌། ལྟེ་བའི་ཨ་ལ་དྭངས་མ་དམར་པོ་ཐམས་ཅད་འདུས་པ་མཐེ་བོང་ཙམ་པ་ཡར་སོང་བས། སྙིང་གའི་ཨེ་ལ་འདྲེས་ཏེ། དངས་མ་དཀར་དམར་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་མཐེ་བོང་ཙམ་དངས་ལ་འོད་གསལ་བའི་ངང་ལ་དར་ཅིག་མཉམ་པར་བཞག་ནས་སེམས་བཟུང་བས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་སྣང་བའི་འོད་གསལ་འཆར་རོ། །དེ་ནས་འོད་ཀྱི་གོང་བུར་ཇེ་ཆུང་ཇེ་ཕྲ་ལས། མཐར་ཅི་ཡང་མ་གྲུབ་པའི་ངང་ལ་ཕྱམ་མེར་བསྒོམས་པས། སེམས་ཀྱི་འཕྲོ་འདུ་གང་ཡང་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་སྤྲོ་བསྡུ་དང་བྲལ་བ་འཆར་རོ། །དེའི་ངང་ལ་རྒྱུན་བསྲིང་པས་ཕྱི་ནང་བར་གསུམ་གཅིག་ཏུ་འདྲེས་ཏེ། ལུས་མེད་པ་སྙམ་པ་དང༌། གང་ལ་ཡང་དམིགས་པ་མེད་པ་དང༌། མཉམ་གཞག་ལས་འབྲལ་མི་ཕོད་པ་དང༌། ཅི་སྣང་བདེ་བར་འཆར་བ་དང༌། ངག་བརྗོད་སྙིང་མི་འདོད་པ་དང༌། ཕྲ་རགས་ཀྱི་འཛིན་པ་ནུབ་པ་དང༌། ཉིན་མཚན་འོད་གསལ་ལས་མི་གཡོ་བ་དང༌། མདོག་སྣུམ་པ་དང༌། མཁའ་འགྲོ་རང་བཞིན་གྱིས་འདུ་བ་དང༌། སྐྱེ་བོས་དཀའ་ཉན་པ་དང༌། ཚེ་རིང་ཞིང་ལོངས་སྤྱོད་དང་ལྡན་པ་དང༌། འཆི་ཁར་འོད་གསལ་གྱི་དགོངས་པ་གསལ་བ་དང༌། འདས་དུས་འཇའ་འོད་དང་རིང་བསྲེལ་འབྱུང་བ་དང༌། བར་དོར་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་ཡོན་ཏན་གྱི་དྲོད་རྟགས་ཕུན་སུམ་ཚོགས་པ་དང༌། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༌། །འདི་ནི་ཡང་ཟབ་གདམས་པའི་སྙིང་ཁུ་སྟེ། །མངོན་སུམ་བསྒོམ་པའི་གྲོགས་སུ་གནད་ཆེ་བས། ། སྐལ་ལྡན་རྣམས་ཀྱིས་བརྩོན་ཞིང་སྒྲུབ་པར་མཛོད། །དགེ་བས་འགྲོ་ཀུན་བྱང་ཆུབ་མཆོག་རེག་ཤོག །ངེས་དོན་བྱང་ཆུབ་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་དཔལ་བསམ་གྱིས་མི་ཁྱབ་པའི་གནས་སུ་བཀོད་པ་རྫོགས་སོ། །དགེའོ། །དགེའོ། །དགེའོ།། །། | |||
</div> | </div> | ||
= Source = | = Source = | ||
This page is a cleaned copy of the following rywikitexts page, which stay unchanged: | This page is a cleaned copy of the following rywikitexts page, which stay unchanged: | ||
* [[Klong chen rab byams gsung 'bum/volume 010 307]] (revision 10692, 2020-03-22) | * [[Klong chen rab byams gsung 'bum/volume 010 307]] (revision 10692, 2020-03-22) | ||
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept | Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden. | ||
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | ||
<headertabs/> | <headertabs/> | ||
Latest revision as of 21:16, 21 November 2026
མཁའ་འགྲོ་ཡིད་བཞིན་ནོར་བུ klong chen rab 'byams kyi gsung 'bum (pe cin 2009)· Volume 10(THA) མཐར་ཐུག་ཡིད་བཞིན་སྙིང་པོ
| Title | ངེས་དོན་བྱང་ཆུབ་སྙིང་པོ |
|---|---|
| Wylie | nges don byang chub snying po
|
| Author | Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། |
| Location | klong chen rab 'byams kyi gsung 'bum (pe cin 2009), volume 10(THA), text 23, pages 190–192 (BDRC scan pages) |
| Section | snying thig ya bzhi › bla ma yang tig
|
| Tibetan text | E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print. |
| BDRC | MW1KG4884, outline 1.4.2.24 |
| Citation | Klong chen rab 'byams pa. nges don byang chub snying po. In Kun mkhyen klong chen rab 'byams kyi gsung 'bum, vol. 10, pp. 190–192. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884. |
| Notes | Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884. |