ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་་་: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "༄༅། །ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མ...")
 
No edit summary
Line 1: Line 1:
༄༅། །ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་བཞུགས་སོ། །

༄༅༅། །འདིར་ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་ཁྲིད་ཀྱི་ཟིན་བྲིས་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་དང་གསུམ། དང་པོ་ལ་སྔོན་བྱུང་ལོ་རྒྱུས་དང་། ཕྱིས་འབྱུང་གི་ལོ་རྒྱུས་ལས། དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང་༔ ཚོར་བའི་རྒྱལ་པོ་དང་༔ འདུ་ཤེས་ཀྱི་རྒྱལ་པོ་དང་༔ འདུ་བྱེད་ཀྱི་རྒྱལ་པོ་དང་༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སེཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིག་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་ར་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ། དེའི་ཚེ་དེའི་དུས་ན། ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང་༔ ལས་དང་༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་འཚལ་ནས་འདི་སྐད་ཅེས་གསོལ་ཏེ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང་། སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀཱ་སེཾ་ཧེ་ཤྭ་ར་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་ཏུ་གྱུར་ཏོ། དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་རྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སེཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་ཕྱིས་འབྱུང་གི་ལོ་རྒྱུས། འདི་ནི་མ་འོངས་སྙིགས་མ་ལྔ་ཕན་པར་འགྱུར་རོ༔ ཞེས་པས་བསྟན། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི་དབང་གདམ་ངག་ལུགས་སུ་གདབ་པ་ཡིན་ནོ། །གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ལ་གསུམ། སྔོན་འགྲོས་རྒྱུད་སྦྱོང་བ་དང་། དངོས་གཞི་ཉམས་སུ་ལེན་པ། རྗེས་ཀྱི་མཐར་དབྱུང་ངོ་། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། དང་པོ་ལ་གསུམ། ལུས་རྣལ་དུ་དབབ་པ། ངག་རྣལ་དུ་དབབ་པ། ཡིད་རྣལ་དུ་དབབ་པའོ། །དང་པོ་ལུས་རྣལ་དབབ་རྣམ་སྣང་ཆོས་བདུན་དུ་བཅའ་བ། གཉིས་པ་ངག་རྣལ་དབབ་རླུང་རོ་དགུ་སྤྲུགས་བྱའོ། །གསུམ་པ་ཡིད་རྣལ་དབབ་ངེས་འབྱུང་རྣམ་དག་དང་། དད་པ་རྣམ་དག་དང་། བྱང་ཆུབ་ཀྱི་སེམས་སོགས་སྒོ་དུ་མ་ནས་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་ལ་བི་མ་མི་ཏྲ་འམ། ལྕེ་བཙུན་ཆེན་པོ་དང་། ཡང་ན་རང་གི་རྩ་བའི་བླ་མ་རྣམས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་ཐག་བཅད། ངེས་ཤེས་བསྐྱེད། མོས་གུས་ཀྱིས་གསོལ་བ་དྲག་ཏུ་གདབ། ངག་ཏུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས། བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། ཐུགས་ཡིད་བསྲེ་ཞིང་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ལ་རིག་སྟོང་རྗེན་པའི་ངང་བསྐྱང་བར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་སེམས་སྦྱོང་རྣམ་པ་བདུན་ལས། དང་པོ་ནི་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་ལ། དང་པོ་ཕྱི་སྣོད་བཅུད་ཀྱི་ཆགས་འཇིག་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། ནང་རང་གི་སྒྱུ་ལུས་ཕུང་པོ་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། གསང་བ་རང་གི་གཉེན་གྲོགས་སོགས་ཀྱི་འཆི་རྐྱེན་ལ་བསམ་སྟེ་མི་རྟག་པར་བསྒོམ་པས་དོན་དྲན་པ་དང་། དཔེར་ན་ཆུའི་ལྦུ་བ་ལྟར་བསམ་ནས་བསྒོམ་པས་དཔེ་དྲན་པ་དང་། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །གཉིས་པ་འཁོར་བའི་བདེ་བ་ཐམས་ཅད་ཡུན་དུ་མི་གནས་པར་བསམ་ནས་སེམས་སྦྱོང་བ་ལ། ཁམས་གསུམ་པོ་སྡུག་བསྔལ་གསུམ་ལས་མ་འདས་པར་བསམ་ནས་དོན་དྲན། དཔེར་ན་དུག་གི་འབྲས་བུ་སྨིན་པ་ནི་བལྟ་ན་མཛེས་ཤིང་ཡིད་དུ་འོང་བ་ཟོས་ན་རོ་མངར་བ་སོགས་ཡོད་ཀྱང་ཁོག་ཏུ་སོང་ན་འཆི་བ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་ཡང་བསྲེས་ཏེ་བསྒོམ་པའོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་བ་དང་སྡུག་བསྔལ་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ་དང་འཇིག་རྟེན་ཆོས་བརྒྱད་སོགས་བྱ་བ་ཐམས་ཅད་ཟིན་དུས་མེད་པ་ལ་བསམ་ནས་ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོང་བ་ཞིག་བསྒོམ་པས་དོན་དྲན། དཔེར་ན་སོས་ཀའི་དུས་སུ་རི་དྭགས་ཀྱིས་སྨིག་རྒྱུའི་ཆུ་ལ་བསྙེག་པ་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བཞི་པ་ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་སྐྱིད་དཔལ་འབྱོར་སྙན་གྲགས་ཐམས་ཅད་དོན་མེད་པ་ཁོ་ན་དང་། དེར་མ་ཟད་ཚངས་དབང་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས་ཀྱི་དཔལ་འབྱོར་ཐོབ་ཀྱང་དོན་མེད་སྙམ་ནས་དོན་དྲན། དཔེར་ན་གཉིད་ཐུན་གཅིག་གི་སྐབས་སུ་བདེ་སྡུག་ཇི་ལྟར་མྱོང་ཡང་སད་པ་ན་ཐམས་ཅད་དོན་ཅིའང་མེད་པ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །ལྔ་པ་ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་ལྡོག་ཏུ་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཐར་པ་ལའང་གསུམ། ཐར་པ་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། ཁྱད་པར་དུའང་ཐར་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྤངས་པས་རང་དོན་དུ་སྤང་རྟོགས་མཐར་ཕྱིན་ནས་ཞི་བ་དམ་པ་ཆོས་ཀྱི་སྐུ་བརྙེས་པ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ལ་བརྟེན་ནས་གདུལ་བྱའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་བྱེད་ལ་དེའི་སྤང་རྟོགས་ལ་ནམ་ཡང་ལྡོག་ཏུ་མེད་པས་ན་འབྲས་བུ་དེ་འདྲ་ཞིག་ནམ་ཐོབ་བསམ་ནས་དོན་དྲན། དཔེར་ན་འབྲུམ་ནད་ལས་ཐར་བའི་སྐྱེས་བུ་སླར་ཡང་འབྲུམ་ནད་ཀྱིས་མི་མནར་བ་ལྟར་བསམ་ནས་དཔེ་དྲན། དཔེ་དོན་བསྲེས་ཏེ་བསྒོམ་པའོ། །དྲུག་པ་བླ་མ་དམ་པའི་གདམ་ངག་ལ་བསམ་ནས་སེམས་སྦྱོང་བ་ལ། དེ་ལྟ་བུའི་ཐར་པ་ཐོབ་པའི་རྒྱུ་མེད་དུ་མི་རུང་བ་ནི་བླ་མའི་གདམ་ངག་ཡིན་ཏེ། དེ་ལ་དང་པོ་བླ་མ་བརྟག་པ་ལ་མཁས་པ། གཞན་གྱི་ཚིག་གི་རྗེས་སུ་མི་འབྲང་ཞིང་བླ་མ་རྟོགས་པ་དང་ལྡན་པ། ཉམས་མྱོང་དང་ལྡན་པ། བརྒྱུད་པ་གསུམ་གྱི་བྱིན་བརླབ་དང་ལྡན་པའི་མཚན་ཉིད་དང་ལྡན་པའི་བླ་མ་ལ་བསྟེན་པ། བར་དུ་བླ་མ་བསྟེན་པ་ལ་མཁས་པ་རབ་སྒྲུབ་པས་མཉེས་པ། འབྲིང་ཞབས་ཏོག་གིས་མཉེས་པ། ཐ་མ་ཟང་ཟིང་གིས་མཉེས་པར་བྱས། མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ། ཐ་མ་དགོངས་སྤྱོད་བསླབ་པ་ལ་མཁས་པ་བླ་མ་བྱིན་རླབས་དང་ལྡན་པ་ལས་གདམ་ངག་གི་བདུད་རྩི་ཐོབ་པར་བྱས། ཐོབ་པ་བཞིན་ཉམས་མྱོང་མཐར་དབྱུང་བའི་སྒོ་ནས་བླ་མའི་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་པར་བཏབ་པ་བཞིན་འབྱུང་ཞིང་། རང་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དབྱར་གྱི་མྱུ་གུ་ལྟར་འཕེལ་ཞིང་བླ་མའི་གདུང་འཚོབ་པར་བྱ་བསམ་ནས་དོན་དྲན། དཔེར་ན་ཁང་བཟང་དུ་འཛེགས་པའི་ཐེམ་སྐས་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བདུན་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་སྦྱོང་བ་ལ་གསུམ་ལས། བདེ་སྟོང་རྣམ་པར་མི་རྟོག་པ་དང་། གསལ་སྟོང་རྣམ་པར་མི་རྟོག་པ་དང་། ཆོས་ཉིད་རྣམ་པར་མི་རྟོག་པའོ། །དང་པོ་ནི། ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་བསྒོམ་ཞིང་ལུས་སེམས་བདེ་ཧྲིལ་གྱིས་སོང་བར་མོས་པ་ནི་བདེ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་གསལ་སྟོང་རྣམ་པར་མི་རྟོག་པ་ནི། རང་གི་ལུས་ཀྱི་སྐྱིལ་ཀྲུང་བདེ་ལུགས་སུ་གཞག །ལག་པ་གཉིས་ཀྱིས་པུས་མོ་བཀབ། མིག་ཧ་རེ་བར་སྣང་ལ་བལྟ། ཕྱི་རོལ་གྱི་ཚོགས་དྲུག་གི་སྣང་བ་མི་དགག །ནང་གི་སེམས་དེར་འཛིན་དང་བྲལ་བའི་ངང་དུ་རྣམ་རྟོག་ཐམས་ཅད་ཐོལ་སྐྱེས་རྦད་ཆོད་ཀྱི་ཚུལ་དུ་མི་རྟོག་པའི་ངང་དུ་གཞག་པ་ནི་གསལ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་འཛིན་ཡིན་ནོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ནི། སེམས་ཀྱི་ཆོས་ཉིད་གནས་ལུགས་མ་བཅོས་པ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ངང་དུ་གཞག་པ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །ལས་སུ་རུང་བ་ལ་སྐྱེད་རྫོགས་ཀྱི་ཉམས་ལེན་གང་བྱེད་ཀྱང་དཀའ་ཚེགས་མེད་པར་འགྲུབ་པ་ཡིན་པས་དེ་ལྟར་བསྒོམ་པ་ནི་དོན་དྲན་པ། དཔེར་ན་ཞིང་ས་དུལ་བ་ལ་ས་བོན་བཏབ་ན་དཀའ་ཚེགས་མེད་པར་འབྲས་བུ་འབྱུང་བ་བཞིན་བསམ་པ་ནི་དཔེ་དྲན་པ། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པར་བྱའོ། །དེ་ཡན་ཆད་ཐུན་མོང་གི་སྔོན་འགྲོའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་གསག་སྦྱོང་རྣམ་པ་ལྔ་ལས། ཐར་པའི་ལམ་གྱི་རྩ་བ་སྐྱབས་འགྲོ །ཐམས་ཅད་མཁྱེན་པའི་རྩ་བ་བྱང་ཆུབ་ཀྱི་སེམས་སྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་ནང་གི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་ནང་གི་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་པས་བསྟན་ཏེ། དེ་ལའང་ཀུན་རྫོབ་བརྡར་བཏགས་པའི་སྐྱབས་འགྲོ་དང་། དོན་དམ་ཡོངས་ཤེས་ཀྱི་སྐྱབས་འགྲོ་གཉིས་ཀྱི་དམིགས་རིམ་ནི་ཐིག་ལེ་གསང་རྫོགས་སུ་གསལ། གཉིས་པ་སེམས་སྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་གཞུང་སྤྱི་ལྟར་རོ། གཉིས་པ་དོན་དམ་ནི། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་པས་བསྟན་པ་ཐིག་ལེ་གསང་རྫོགས་སུ་གསལ། གསུམ་པ་འགལ་རྐྱེན་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། རྩ་གསུམ་འཁོར་ལོ་བཞི་དང་བཅས། དྭངས་གསལ་འོད་ཀྱི་རང་བཞིན་གྱི། མར་སྣེ་ལྟེ་འོག་སེར་བཞིའི་སྦུབས། བླ་མ་དཔལ་ལྡན་རྡོ་རྗེ་སེམས། དམར་གསལ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། རང་འོད་རིག་མའི་བདེ་བས་དགྱེས། རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། པདྨ་ཟླ་བའི་གདན་གྱི་སྟོང་། དྭངས་མ་འོད་ལྔའི་ཀློང་ན་བཞུགས། བླ་མ་རྡོ་རྗེ་སེམས་དཔའ་ལ། མི་ཕྱེད་དགུ་པས་གསོལ་བ་འདེབས། བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། བྱང་ཞིང་དག་པར་བྱིན་གྱིས་རློབས། རྩེ་གཅིག་གསོལ་བ་བཏབ་པ་ལས། ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། རྡོ་རྗེ་སེམས་དཔའི་གསང་གསུམ་དང་། དབྱེར་མེད་མ་བཅོས་ལྷུག་པར་ཤར། ཞེས་པས་བསྟན་ཏེ། དེའང་རང་ཉིད་གཉུག་མའི་ལྷར་གསལ་བའི་ལུས་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྲིན་མཛུབ་ཀྱི་ཚད་ཙམ་ཡར་སྣེ་སྤྱི་བོར་ཕུག་རྡུག་གི་རྣམ་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཁ་དོང་ངེ་བའི་རྣམ་པ། གཡས་སུ་རོ་མ་དམར་མོ་རྡུལ་གྱིས་གང་བ། གཡོན་དུ་རྐྱང་མ་དཀར་མོ་ཁུ་བས་གང་བ། གཉིས་ཀ་གཤེར་བག་གི་རང་བཞིན་ཅན། དབུ་མ་ལས་སུམ་འགྱུར་ཙམ་གྱིས་ཕྲ་བ། ཡར་སྣེ་དབུ་མ་ལས་སོར་གཅིག་ཙམ་དམའ་ཞིང་སྣ་བུག་གཡས་གཡོན་དུ་ཟུག་པ། མར་སྣེ་ལྟེ་འོག་ཏུ་ཡི་གེ་ཆའི་འཕོངས་ལྟ་བུའི་ཚུལ་གྱིས་དབུ་མར་ཆུད་པ། དེ་ནས་སྨིན་མཚམས་ནས་སོར་བཞི་འཇལ་བ་དཔྲལ་བ། དེ་ནས་ཡང་སོར་བཞི་འཇལ་བ་མཚོགས་མ། ཡང་སོར་དོ་འཇལ་བའི་མཚམས་སུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་གདུགས་ཀྱི་རྩེ་མོ་ལྟར་ཁ་ཐུར་བསྟན་གྱི་རྣམ་པ་དང་། མགྲིན་པ་ཨན་སྟོང་གི་ཐད་དུ་རྩ་འདབ་བཅུ་དྲུག་གདུགས་གན་རྐྱལ་དུ་ལོག་པ་ལྟར་ཁ་གྱེན་བསྟན་ཅན། སྙིང་དཀར་ནག་གི་ཐད་དུ་རྩ་འདབ་བརྒྱད་དང་། ལྟེ་བའི་བུག་པའི་ཐད་རྩ་འདབ་དྲུག་ཅུ་རེ་བཞི་པོ་དེ་གཉིས་སྔར་ལྟར་གདུགས་ཁ་སྦྱོར་ལྟར་དང་། རྩ་འཁོར་བཞི་པོ་གནས་ཚུལ་བཞི་ལས་བརྒྱད་སོགས་དང་། ཡང་ན་རྩ་འཁོར་ལས་རྩ་འདབ་རེ་རེ་བཞིན་གདུགས་ཀྱི་རྩིབས་མ་ལྟར་བསྒོམ་ན་གེགས་ཆུང་། རྩ་འདབ་ཐམས་ཅད་སྟོང་སིང་ངེ་བ་འོད་ཀྱི་རང་བཞིན་ཅན་གསལ་བཏབ། ལྟེ་བའི་རྩ་འཁོར་གྱི་འོག་ཏུ་དབུ་མའི་ནང་དུ་པདྨ་ཉི་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། རྣམ་འགྱུར་གསུང་པདྨའི་རིགས་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་དང་མཉམ་པར་སྦྱོར་བ། རྒྱུ་གཏུམ་མོའི་གཞི་གནས་ལས་བྱུང་བ་གསལ་གདབ་པ་ནི་རྟེན་གྱི་སྟོབས། རྡོར་སེམས་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་གདབ། སྔར་བྱས་པའི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟར་འགྱོད་སེམས་དྲགས་པོ་བྱས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། གསོལ་འདེབས་ཡི་གེ་བརྒྱ་པས་ཐུགས་རྒྱུད་བསྐུལ། རླུང་རོ་བསལ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་ལྟེ་བའི་རྡོར་སེམས་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། དེ་ཡར་སོང་ལྟེ་བའི་རྩ་འཁོར་རིམ་གྱིས་གང་། འཁྲིག་པའི་གནས་སྐབས་ཀྱི་སྙོམས་འཇུག་གི་སྒྲིབ་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་རྩ་འཁོར་གང་། གཉིད་འཐུག་གི་སྒྲིབ་པ་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་རྩ་འཁོར་གང་། རྨི་ལམ་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་རྩ་འཁོར་གང་། སད་པའི་སྒྲིབ་པ་དང་ཞེ་སྡང་དང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། དེའི་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་དག་པར་མོས་ལ། མཐར་བཤགས་སྡོམ་བྱ་བ་ནི། རུ་ཏྲའི་སྨྲེ་བཤགས་སམ། ཡང་ན་བདེ་མཆོག་མངོན་འབྱུང་གྱི་རྒྱུད་ལས་བྱུང་བའི། མགོན་པོ་བདག་ནི་སོགས། བསྡུ་ན་འཕགས་པ་རིན་པོ་ཆེའི་གསུང་། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། སྟིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སོགས་བརྗོད་ལ། བླ་མ་རྡོ་རྗེ་སེམས་དཔས་སྡིག་ལྟུང་དག་པའི་གནང་བ་བྱིན་པར་མོས་པ་རྣམས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ཡིན་ནོ། །མཐར་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་པའི་ངང་དུ་མཉམ་པར་གཞག །ནང་གི་ཚོགས་གསག་བྱ་ན་བསྡུ་མི་དགོས་སོ། །བཞི་པ་མཐུན་རྐྱེན་ཚོགས་གསག་ནང་གི་མཎྜལ་ནི། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། སྔར་ལྟར་གསལ་བའི་སྤྱི་བོའི་རྩ་འཁོར་གྱི་སྟེང་ཙམ་དུ་ཁམས་ཉིས་དྭངས་སུམ་དྭངས་ཀྱི་དྭངས་མ་ཧཾ་མགོ་ཐུར་བསྟན་གྱི་རྣམ་པ་གསལ་གདབ། སྒྲུབ་པའི་མཎྜལ། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་སྐུ་མདོག་དཀར་པོ། མགྲིན་པར་བླ་མ་གསུང་རྡོ་རྗེ་སྐུ་མདོག་དམར་པོ། སྙིང་གར་བླ་མ་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ག །ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་སྐུ་མདོག་སེར་པོ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོ་སོ་སོའི་གཙོ་བོ་དང་ཁ་དོག་མཐུན་པའི་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། མཆོད་པའི་མཎྜལ། བླ་མ་རྡོ་རྗེ་སེམས་དཔའ་ལ་མོས་གུས་བསྐྱེད་ཅིང་། སྔར་ལྟར་རླུང་སྦྱོར་གྱིས་གཏུམ་མོའི་མེ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། ལྟེ་བ་སྙིང་ག་མགྲིན་པའི་རྩ་འཁོར་རྣམས་ཁྱབ། དེ་ནས་སྤྱི་བོའི་སྟེང་གི་ཧཾ་ཡིག་ལ་ཕོག་པ་ཙམ་གྱིས་ནཱ་དའི་རྩེ་མོ་ནས་བྱང་སེམས་དྭངས་མའི་རྒྱུན་ཝ་ཐིགས་འཛག་པ་ལྟ་བུ་བབ། ཐིགས་པ་བསགས་པས་རྒྱ་མཚོ་བཞིན་དུ་རྩ་འཁོར་གང་། བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། རགས་པ་ལུས་དང་ཕྲ་བ་རྩའི་སྒྲིབ་པ་དག །ལུས་དང་རྩ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་སྣང་སྟོང་སྐུ་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། དེ་ནས་རིམ་གྱིས་མགྲིན་པའི་རྩ་འཁོར་གང་། བླ་མ་གསུང་རྡོ་རྗེ་དང་བཅས་པ་ལ་ཕོག་པ་ཙམ་གྱིས་མཆོག་དགའི་མཆོད་པས་མཉེས། རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག །ངག་དང་རླུང་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་གྲགས་སྟོང་གསུང་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། སྙིང་གའི་རྩ་འཁོར་གང་། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་དགའ་བྲལ་གྱི་དགའ་བས་མཉེས། རགས་པ་ཡིད་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག །ཡིད་དང་ཐིག་ལེ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་རིག་སྟོང་ཐུགས་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། ལྟེ་བའི་རྩ་འཁོར་གང་། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་ལྷན་ཅིག་སྐྱེས་ཀྱི་དགའ་བས་མཉེས། སྒོ་གསུམ་ཆ་མཉམ་དང་འཕོ་བའི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས། ཡུལ་ཅན་དགའ་བ་བཞིས་དྲངས་པའི་ཡུལ་སྟོང་པ་ཉིད་མཐར་ཐུག་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ་སྙམ་དུ་ང་རྒྱལ་གཟུང་ཞིང་། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་རིགས་བརྗོད། མ་ཧཱ་ཆེན་པོ་དང་། སུ་ཁ་བདེ་བ། བཛྲ་རྡོ་རྗེ། སཏྭ་སེམས་དཔའ། ཨ་ཧྃ་ངའོ། །ཞེས་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ངའོ་ཞེས་པའི་དོན་ནོ། །མཐར་མི་དམིགས་པའི་ངང་དུ་གཞག་པར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་ཉིད་སྒྱུ་ལུས་བླ་མ་དང་དབྱེར་མེད་པའི་ལྷར་གསལ་བ་དང་། མདུན་དུ་ཚོགས་ཞིང་གི་རྟེན་གསལ་གདབ་པ། ཚོགས་གསག་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་དང་། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་ཕྱིར་གསོལ་བ་གདབ་པ། མཇུག་དབང་བཞི་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་ལྔའོ། །དང་པོ་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོང་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ་གཡོར་སྐོར་དུ་དྲག་ཏུ་འཁོར་བ་ཞེས། རང་གི་སེམས་ཉིད་གདོད་མ་ནས་རྣམ་པར་དག་པ་ཀ་དག་གི་ངང་ལས་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པས་སྐད་ཅིག་གིས་རང་ཉིད་གང་དུ་གནས་པའི་གོ་སར་སེང་གེ་པདྨ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ། རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པའི་བརྟུལ་ཞུགས་ཅན་སྤྱན་ཧུར་བག་ཏུ་གཟིགས་ཤིང་ཚེམས་ཀྱི་མྱུ་གུ་ཅུང་ཟད་གཙིགས་ཤིང་ཁྲོ་བ། ཞལ་གྱི་མཆུ་སྒྲོས་འཛུམ་པའི་ཉམས་ཅན། སྐུ་ཤ་ཤིན་ཏུ་རྒྱས་པའི་ཉམས་ཀྱིས་སྒེག་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་སྔོན་པོའི་སྟོད་གཡོགས། རིན་པོ་ཆེ་དང་རུས་པའི་རྒྱན། སྤྱི་བོར་རུས་པའི་འཁོར་ལོ་དང༡་། སྙན་ཆ༢། ཕྱག་ཞབས་ཀྱི་གདུ་བུ༣་སྐ་རགས༤། མགུལ་རྒྱན་དོ་ཤལ་དང་སེ་མོ་དོ་༥དང་། སྐུ་སྟོད་ལ་རུས་པའི་སེ་རལ་ཁ༦་་ཐོག་པས་བརྒྱན་པ། སྐུ་ལུས་ཐམས་ཅད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་བྱེ་བ་ལྟ་བུས་གང་བ། ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་པ། སྐུ་དང་ཞིང་ཁམས་ཐམས་ཅད་སྤྲོ་དང་བསྡུ་བའི་བདག་ཉིད་དུ་གྱུར་པ། སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་དང་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། མཐའ་བསྐོར་ཀུན་དུ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའི་དཔལ་མགོན་བླ་མ་དམ་པ་རྣམས་དག །གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱིས་བསྐོར་བར་མོས། རང་གི་སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་ཕར་ཐད་ཀར་དབུ་མ་ལ་ཟུག་པ། ཁ་གདེང་གཡེལ་བའི་ཟུར་གཅིག་གྱེན་དུ་དཔྲལ་བར་བསྟན་པ། ཟུར་གཉིས་གཡས་གཡོན་དུ་བསྟན་པའི་དབུས་སུ་བདེ་ཆེན་ཐིག་ལེའི་གཡུང་དྲུང་དགའ་བ་འཁྱིལ་བ་དགའ་བཞི་མཚོན་བྱེད་ཁུག་པ་བཞི་དང་ལྡན་པ། ཁ་དོག་དམར་པོ་འོད་འབར་བ་གཡོན་དུ་དྲག་ཏུ་འཁོར་བར་བསྒོམ་མོ། །གཉིས་པ་མདུན་དུ་ཚོགས་རྟེན་གསལ་གདབ་པ་ནི། སྨིན་མཚམས་ཀྱི་ཐད་ཕར་ཁྲུ་གང་དང་ཡར་ཁྲུ་གང་མཚམས་སུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་ལ། རྣམ་པ་འོད་གསལ་སྣང་བཞི་མཐར་སོན་པར་མཛད་པའི་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་གངས་ཀྱི་རི་ལ་ཉི་མ་འཆར་བ་ལྟ་བུ། ཤངས་རྩེར་སྐྱེ་མེད་མཚོན་བྱེད་ཡི་གེ་ཨ་དཀར་པོ་ཐིགས་ལ་ཁད་པས་མཚན་པ། ཕྱག་གཉིས་མཉམ་གཞག་གིས་ཐོད་པ་བཅུད་ཀྱིས་བཀང་བ་ཐུགས་ཀར་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་ཐང་ཤམས་དང་། ཆོས་གོས་རྣམ་གསུམ་གསོལ་བ། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་རང་ལ་དགྱེས་ཡེ་རེ་བཞུགས་པ། རིག་པ་ཚད་ཕེབས་ཀྱི་སྣང་བ་ལྟར་སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་གཡོ་བར་བསམ་པ་ནི་བདག་མདུན་གྱི་དམ་ཚིག་པ་གསལ་གདབ་པ་དང་། ཡེ་ཤེས་པ་སྤྱན་དྲང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་མུ་མཐའ་མེད་པ་འཕྲོས། འོག་མིན་གྱི་ཞིང་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ལྕེ་བཙུན་སེང་ཧ་ཤྭ་ར་དང་བི་མ་མི་ཏྲའི་རྣམ་པར་བྱོན་པ་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་གསུམ་དཔལ་མགོན་བླ་མ་དམ་པ་སོགས་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་མོས་ལ་ཀུན་བཟང་དོན་ཕྲིན་ལྟར་སྤྱན་འདྲེན་གྱི་ཚིག་བརྗོད་པར་བྱའོ། །གསུམ་པ་ཚོགས་གསག་སླད་ཡན་ལག་བདུན་འབུལ་བ་ནི། ཀུན་རྫོབ་བརྡར་བཏགས་པ་དང་། དོན་དམ་ཡོངས་ཤེས་གཉིས་ལས། དང་པོ་རང་གི་ལུས་རྡུལ་སྙེད་ཀྱི་ཞིང་ལྟར་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་བྱ་བྱེད་འཇུག་པ་གཅིག་པའི་སྒོ་ནས་ཕྱག་འཚལ་བ་དང་། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་ལྟ་བུའི་རྒྱུ་ལས་བྱུང་བའི་ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྙོམས་འཇུག་གི་བདེ་བ། ཡང་གསང་དེ་ཁོ་ན་ཉིད་སོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འབུལ་བ་དང་། དྲན་པ་དང་མི་དྲན་པའི་སྡིག་ལྟུང་སྙིང་ཐག་པ་ནས་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་ཟག་བཅས་དང་ཟག་མེད་ཀྱི་དགེ་ཚོགས་ལ་ཕྲག་དོག་མེད་པའི་སྒོ་ནས་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་གདབ་པ་དང་། དེ་དག་ཐམས་ཅད་འཆི་མེད་རྟག་པ་དམ་པར་བཞུགས་ཤིང་མྱང་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དུས་གསུམ་དུ་བསགས་ཤིང་བསྒྲུབས་པའི་དགེ་བའི་རྩ་བ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བའི་བསྔོ་བ་དམ་པའི་ཚུལ་གྱིས་བསྔོ་བའོ། །གཉིས་པ་དོན་དམ་ནི། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང་༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཞེས་པའི་བར་སྣང་བཞི་མཐར་ཕྱིན་པའི་བླ་མ་སངས་རྒྱས་དང་། རང་གི་རིག་པ་ངོ་བོ་སྟོང་པ་ཆོས་སྐུ་དང་། རང་བཞིན་གསལ་བ་ལོངས་སྐུ་དང་། ཐུགས་རྗེ་འགག་མེད་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་དང་། སྐུ་གསུམ་དབྱེར་མེད་པའི་ངང་ནས་ཕྱག་འཚལ་བ་དང་། རླུང་འཇུག་གནས་ལྡང་གསུམ་དབུ་མར་ཞུགས་ཤིང་དག་པའི་སྒོ་ནས་མཆོད་པའི་སྤྲིན་ཕུང་འབུལ་བ་དང་། སྡིག་ལྟུང་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་པ་འདུས་མ་བྱས་པའི་ངང་དུ་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བ་དང་བྱེད་པ་ཐམས་ཅད་གཉིས་འཛིན་བྲལ་བའི་ཚུལ་གྱིས་རྗེས་སུ་ཡི་རང་བ་དང་། སྤྲོལ་བྲལ་མཉམ་པ་ཆེན་པོ་མི་ཤིགས་ནཱ་དའི་དབྱངས་སུ་ཆོས་འཁོར་བསྐོར་བར་གསོལ་བ་གདབ་པ་དང་། རྒྱལ་བ་སྲས་བཅས་འཆི་མེད་རྟག་པ་དམ་པའི་ཡོངས་གྲུབ་ཆེན་པོར་བཞུགས་སུ་གསོལ་བ་འདེབས་པ་དང་། དགེ་ཚོགས་ཐམས་ཅད་འོད་གསལ་ཆོས་ཀྱི་དབྱིངས་སུ་མི་བསྔོ་བའི་ཚུལ་གྱིས་བསྔོ་བ་དམ་པས་བསྔོ་བའོ། །བཞི་པ་བྱིན་རླབས་མྱུར་དུ་འཇུག་ཕྱིར་གསོལ་བ་གདབ་པ་ནི། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་གདབ་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་དང་གཉིས་ལས། དང་པོ་ནི། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་ཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ ཞེས་རྐང་པ་བཞིས་བསྟན། གཉིས་པ་འདོད་དོན་གསོལ་གདབ་ནི། བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་རྩོལ་ཅིག །ཅེས་རྐང་པ་གཉིས་ཀྱིས་བསྟན། ཞེས་དེ་ལྟར་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་འདོད་དོན་གསོལ་བ་སྟེ། འོད་གསལ་སྣང་བཞི་མཐར་ཕྱིན་ཅིང་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་བི་མ་མི་ཏྲ་ཁྱེད་ཀྱི་སྒོ་གསུམ་བདག་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་དུས་ཕྱི་དུས་ལ་མི་ལྟོས་པར་ད་ལྟ་ཉིད་དུ་འདུག་ས་འདི་ཉིད་དུ་སྟན་ཐོག་འདི་ཉིད་དུ་མྱུར་བ་ཉིད་དུ་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་གསོལ་བ་གདབ། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ལྷག་པར་ཐག་བཅད། ངེས་ཤེས་སྐྱེད། ལུས་ཀྱི་བ་སྤུ་ལྡང་བ། མིག་ནས་མཆི་མ་འཁྲུགས་པ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་བླ་མས་འཕྲོག་པ། ཕར་ཐིམ་ཕོད་པ། ཚུར་འབྲལ་མི་ཕོད་པའི་མོས་གུས་ཀྱིས་དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་གདུང་ཤུགས་དྲགས་པོའི་སྒོ་ནས་གསོལ་བ་ཡང་ཡང་གདབ། གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུམ་གྱི་རང་བཞིན་དང་། ཡང་ན་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས། གུ་རུ་བླ་མ་དང་། བི་མ་ལ་དྲི་མེད། མི་ཏྲ་བཤེས་གཉེན། ཧཱུྃ་ཧཱུྃ༔ ཞེས་ཐུགས་རྒྱུད་བསྐུལ་བའི་དོན་ཡིན་ཏེ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ་ཅིག །ཅེས་པའི་སྒོ་ནས་གསོལ་བ་གདབ་པའོ། །ལྔ་པ་དབང་བཞི་ལེན་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་རྗེས་འབྲེལ་བླ་རྣལ་ལམ་དུ་བྱ་བ་བཅས་ནི། གསོལ་བ་བཏབ་པའི་མཐར་བདག་ལ་དབང་བཞི་བསྐུར་བའི་གནང་བ་བསྩལ་དུ་གསོལ་ཞེས་བསམས་པས། སྨིན་མཚམས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ལྟ་བུ་དང་། དེ་ལས་རང་འདྲའི་སྐུ་ཆུང་ལ་ཡན་ལག་དོད་པ་ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་དང་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་། དེ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་དང་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། དེ་ལས་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་ཤར་བ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་གི་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་དབང་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་ལྔ་དང་ཕྲིན་ལས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་གི་སྨིན་མཚམས་སུ་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས། ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དྭངས་གསལ་གཡོ་མེད་དུ་གྱུར་པ་ལ་སེམས་རྩེ་གཅིག་ཏུ་གཟུང་བ་ནི་སྔགས་ཀྱི་ཞི་གནས་འགྲུབ་ཐབས་ཡིན་ཞིང་། མཐར་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་དམིགས་པའི་ངང་དུ་བཞག་ཅིང་། བླ་མའི་ཐུགས་དང་རང་གི་རིག་པ་གཉིས་བསམ་བརྗོད་དང་བྲལ་བའི་རིག་སྟོང་རྗེན་པའི་ངང་དུ་གཞག་པ་ནི་བླ་མ་ཆོས་སྐུའི་རང་ཞལ་བལྟ་བ་ཡིན་ནོ། །སྤྱིར་བླ་མ་ཕྱི་སྤྲུལ་སྐུ་ལ་བསྙེན་པ་མདུན་གྱི་ནམ་མཁའ་ལ་ཚོགས་རྟེན་གསལ་ཞིང་གསག་སྦྱང་བྱ་བ་དང་། ནང་ལོངས་སྐུ་བསྒྲུབ་པ་དབང་བཞི་བླང་བ། གསང་བ་ཆོས་སྐུ་ལས་ལ་སྦྱར་བ་ཐུགས་ཡིད་དབྱེར་མེད་བསྲེ་བའི་ངང་དུ་གཞག་པར་བྱ་བ་ཡིན་ནོ། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །སྐབས་འདིར་བྱིན་རླབས་བླ་མའི་རྣལ་འབྱོར་ལམ་དུ་བྱ་བ་ལ་གསུམ། སྐུ་སྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཚོགས་སོགས་དང་འབྲེལ་ན་སྨན་རཀ་གཏོར་མ་སྤྱི་འགྲོས་ལྟར་བཤམས། དེ་ནས་དོན་གྱི་ཕྲིན་ལས་ལ་འཇུག་པ། རང་ཉིད་རྟ་མཆོག་རོལ་པའི་ང་རྒྱལ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། བྱིན་དབབ། མཆོད་པ་བྱིན་བརླབས། བདག་སྐྱེད་སྔར་ལྟར་བསྒོམས་ཤིང་སྤྱན་འདྲེན་བཞུགས་གསོལ་སོགས་དང་། ཕྱག་མཆོད་བསྟོད་པའི་བར་དུ་གྲུབ་རྗེས། རང་ཉིད་ལྕེ་བཙུན་ཆེན་པོར་གསལ་བའི་ལྷར་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང་། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་སོགས་སྤྱི་ལྟར་བྱ། དེ་ལྟར་ལྷའི་གསལ་སྣང་ལ་བརྟན་པ་ཐོབ་ཚེ་གསུང་བཟླས་པ་སྔགས་ལ་འཇུག་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་གཉིས། བདག་དོན་བྱིན་རླབས་བསྡུ་བའི་རིམ་པ་དང་། གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་གཉིས་སོ། །དང་པོ་ནི། སྔགས་དོན་དྲན་པ་སོགས་ཀྱི་སྒོ་ནས་རླུང་འབྱུང་གནས་ལྡང་གསུམ་དང་སྦྱར་ཞིང་གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླས་པས་ཐུགས་རྒྱུད་བསྐུལ་ཞིང་། བུམ་ཅན་རྡོར་བཟླས་སྦྲགས་ཏེ་ཡིད་བཟླས་བྱ་ཞིང་སེམས་འཛིན། སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེར་ཐིམ་པས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་པའོ། །གཉིས་པ་གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་ནི། ཡང་མར་འཕྲོས་མ་དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་རབ་འབྱམས་སུ་བསྒྱུར་པར་བསམ་ཞིང་། གོང་དུ་སྔོན་འགྲོའི་སྐྱབས་སེམས་ཡིག་བརྒྱ་རྣམས་འབུམ་ཐེར་དང་། བླ་མའི་རྣལ་འབྱོར་གྱི་བསྙེན་པ་འབུམ་ཕྲག་བཅུ་གཉིས་བརྗོད་པར་བྱ། ཐུན་མཐར་མཆོད་བསྟོད་ཅི་རིགས་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། དེ་ནས་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ༔ ཞེས་ཐིག་ལེ་ལ་སེམས་འཛིན་པ་ནི་རྟེན་བཅས་ཡིན་ཞིང་། མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔ ཞེས་གསར་དུ་གཤེགས་པའི་སྟོང་ཉིད་དང་། གདོད་ནས་རང་བབས་ཀྱི་སྟོང་ཉིད་གཉིས་དབྱེར་མེད་པའི་ངང་ལ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཡིན་ནོ། །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད༔ དངོས་གཞི་འཁྲུམ་པ་རང་སར་གྲོལ་བའི་གནད༔ རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་དོ༔ དང་པོ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་འབོལ་གདན་ཆེན་པོའི་སྟེང་དུ་རང་གི་ལུས་གཅེར་བུར་ཕྱུང་ཞིང་། སྨད་དཀྲིས་ཀྱི་རྣམ་པ་གྱོན་ཞིང་རྐང་པའི་མཐིལ་གཉིས་སྤྲད། སོར་རྩེ་གཉིས་ས་ལ་བཙུག །ལག་པ་གཉིས་ཐལ་མོ་སྦྱར་ཞིང་སྤྱི་བོར་མ་རེག་པར་བྱ། ལག་པ་གཉིས་དང་མགོ་རྣམས་རྡོ་རྗེའི་རྭ་ཡར་རྩེ་གསུམ་དང་། རྐང་པ་གཉིས་དང་འཕོངས་རྣམས་མར་རྩེ་གསུམ། རྐེད་པ་རྡོ་རྗེའི་ལྟེ་བ་མཚོན་བྱེད་ཡིན་ཞིང་། རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་ཞིང་འོད་སྣ་ཚོགས་འཁྲིགས་པའི་རང་བཞིན་བསྒོམས་ལ། ལུས་ཚུགས་མི་ཐུབ་ན་གང་དུ་འགྱེལ་བའི་ས་ལ་རང་བཞག་ནས་རྣམ་པར་མི་རྟོག་པའི་ངང་དུ་གཞག་པར་བྱའོ། །གཉིས་པ་ངག་སྦྱོང་ནི། ངག་མི་སྨྲ་བར་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་རང་གི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་ཐིག་ལེ་ཅན་དུ་བསྒོམས་ལ། སྙིང་གའི་ཐད་དུ་ཧཱུྃ་སྔོན་པོ་མཁྱིད་གང་བ་ཙམ་དུ་གསལ་བཏབ་ལ། ཐ་མལ་གྱི་ངག་གི་སྨྲ་བརྗོད་རྦད་ཀྱིས་བཅད་ལ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཆེ་ཆུང་སྤེལ་མའི་ཚུལ་གྱིས་དལ་བར་བརྗོད། སྙིང་གའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས། སྣ་བུག་གཡས་ནས་ཕྱིར་ཐོན་ནས་གནས་ཁང་ཡུལ་ཕྱོགས་སོགས་ཧཱུྃ་གིས་གང་བར་མོས། སླར་ཡང་ཧཱུྃ་དེ་རྣམས་སྣ་བུག་གཡོན་ནས་ཚུར་ལུས་ཀྱི་ནང་དུ་ཞུགས་ནས་ལུས་ཀྱི་ནང་ཐམས་ཅད་བང་བ་འབྲུས་ཁེངས་པ་བཞིན་གང་བར་མོས་པ་ནི་རྒྱས་གདབ་པའི་རིམ་པའོ། །ཡང་སྙིང་གའི་ཧཱུྃ་ལས་ངོ་བོ་ཚ་ཞིང་རྩུབ་པ། རང་བཞིན་མྱུར་བ། རྩེ་མོ་རྣོ་བ། ཤུགས་དྲག་ལྡན་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་རྣམ་པ་ཅན་མང་པོ་འཕྲོས། རང་གི་ཡུལ་དང་གནས་ཁང་སོགས་ཁྲལ་ཁྲོལ་གྱི་རྣམ་པར་བྱེད། དེ་ནས་སྟོང་གསུམ་འཇིག་རྟེན་ཚུན་ཆད་ཧཱུྃ་གིས་གང་ཞིང་ཁྲལ་ཁྲོལ་གྱི་རྣམ་པར་བྱས་པར་མོས་པ་ནི་རྩལ་སྦྱོང་བ་དང་གནས་ཡུལ་སོགས་ལ་བདེན་འཛིན་སྦྱོང་བ་ཡིན་ཞིང་། ངག་སྦྱོང་དང་ངག་རུ་ཤན་དབྱེ་བ་གཉིས་སྟབས་གཅིག་ཏུ་བྱས་པ་ཡིན་ནོ། །གསུམ་པ་སེམས་སྦྱོང་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་ལ་རང་གིས། ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པ་ན། ལུས་ནི་བེམ་པོ་དང་། ངག་ནི་ལུས་སེམས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་རྣམ་པ་ཅན་ཡིན་ཞིང་། ཡར་མྱ་ངན་ལས་འདའ་བ་དང་། མར་འཁོར་བར་འཁྱམས་མཁན་ནི་སེམས་ཡིན་པར་རྟོགས་ཤིང་། སེམས་དེ་ཡང་དང་པོ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་ས། ཟླུམ་པོ་གྲུ་བཞི་ལ་སོགས་པའི་དབྱིབས་དང་། དཀར་སེར་ལ་སོགས་པའི་ཁ་དོག་དང་། གཅིག་དང་དུ་མ་ལ་སོགས་པ་གང་དུ་གྲུབ་བརྟག་ཙ་ན། དང་པོ་སྐྱེ་བའི་རྒྱུའི་སྟོངས། བར་དུ་གནས་པའི་ངོ་བོའི་སྟོངས། ཐ་མ་འགགས་པའི་འབྲས་བུའི་སྟོངས། དབྱིབས་ཁ་དོག་གཅིག་དང་དུ་མ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པར་ཐག་ཆོད་ཅིང་། རིག་ཐོག་ཏུ་གདར་ཤ་ཆོད་པར་བྱས་ཤིང་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་པ་ནི་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་སེམས་ཀྱི་མཚང་བཙལ་བའི་རིམ་པའོ། །བཞི་པ་དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་ནམ་མཁའ་ལས་སྤྲིན་དང་པོ་བྱུང་། བར་དུ་གནས་ལ། ཐ་མ་ནམ་མཁའི་ངང་དུ་ཐིམ་པ་བཞིན། ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་རིག་པ་དེའི་ངང་ལས་བྱུང་ཞིང་། བར་དུ་རིག་པའི་ངོ་བོ་ལས་མ་གཡོས། ཐ་མ་རིག་པའི་ངང་དུ་ཐིམ་ཞིང་། རང་གི་སེམས་ཉིད་རིག་སྟོང་འདུས་མ་བྱས་པའི་གནས་ལུགས་གསལ་སྟོང་རིག་པའི་སྙིང་པོ་ཅན་དེ་ཉིད་ལ་དྲན་པས་མ་ཡེངས་ཙམ་བྱ་བ་གནད་དམ་པ་ཡིན་ནོ། །གཉིས་པ། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་པ་དེ་ལ་བཞི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ་༔ ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་པས་ལྟ་བ་རི་བོ་ཅོག་གཞག་རིག་པ་མ་བཅོས་པའི་ངོ་བོ་རི་བོ་བཞིན་དུ་འཕོ་འགྱུར་མེད་པ་དང་། བསྒོམ་པ་རྒྱ་མཚོ་ཅོག་གཞག་དེའི་ངང་བསྐྱངས་པས་རྣམ་རྟོག་གང་ཤར་ཐམས་ཅད་རྒྱ་མཚོ་ལས་རླབས་བྱུང་ཞིང་སླར་ཐིམ་པ་བཞིན་རང་ཡལ་རྗེས་མེད་དུ་འགྲོ་ཞིང་། སྤྱོད་པ་མན་ངག་ཅོག་གཞག་རང་གི་རིག་པ་གསལ་སྟོང་རིག་པའི་སྙིང་པོ་ཅན་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་ངོ་བོ་དེ་ལས་མི་ཡེངས་པ་དང་། འབྲས་བུ་སྣང་བ་ཅོག་གཞག་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཕྱི་རོལ་མ་འགགས་ཤིང་དེར་འཛིན་བྲལ་བའི་ཚུལ་དུ་བསྒོམ་མོ། དང་པོ་ལུས་རི་བོ་ཅོག་གཞག་ནི། རང་གི་ལུས་རྣམ་སྣང་ཆོས་བདུན་དུ་བཅའ་ཞིང་དཔེར་ན་སོག་ཕོན་གྱི་ཐག་པ་ལྷོད་པ་ལྟར་བདེ་ལུགས་སུ་ལྷོད་ལ་མི་འགྱུར་རི་བོ་བཞིན་དུ་གཞག་པར་བྱ། བྱིང་བའི་ཉམས་བསལ་བའི་ཕྱིར་དུ་ལུས་ཀྱི་ཆ་ཆ་ནས་སྒྲིམ་ཞིང་སྒྲིམ་ལྷོད་སྤེལ་མའི་ཚུལ་དུ་གཞག་པར་བྱའོ། །གཉིས་པ་མིག་རྒྱ་མཚོ་ཅོག་གཞག་ནི། ཐ་མལ་གྱི་ངག་གི་སྨྲ་བའི་རྒྱུན་དང་པོ་ཇེ་ཉུང་གཏང་། མཐར་སྨྲ་བརྗོད་ཐམས་ཅད་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་རྦད་ཀྱིས་བཅད་ལ། རྒྱ་མཚོ་ཞེས་པ་མིག་གི་ཨ་འབྲས་གཉིས་གླང་པོ་ཆེ་གར་ཆང་གིས་བཟི་བ་ལྟར་མིག་འབྲས་མི་འགུལ་ཞིང་རྫི་མ་མཐའ་རྡེབ་ཙམ་ཡང་མི་བྱེད་པར་ནམ་མཁའི་དབྱིངས་ཀྱི་ཨར་ལ་གཏད་པ་གནད་ཡིན་ནོ། །གསུམ་པ་རིག་པ་ཅོག་གཞག་ནི། རང་གི་སེམས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ངོ་བོ་སྟོང་པ་ཆོས་སྐུ། སྟོང་ཉིད་ཀྱང་ཅི་མེད་ཅང་མེད་ནམ་མཁའ་ལྟར་མ་ཡིན་པར་གདངས་འགག་མེད་དུ་འཆར་བ་ལོངས་སྐུ། དེ་གཉིས་མར་མེ་དང་མར་མེའི་འོད་བཞིན་དབྱེར་མེད་པའི་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། འཆར་དུས་ཉིད་ནས་ངོ་བོ་སྟོང་ཉིད་ལས་མ་གཡོས་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ། དཔེ་དང་གཞན་གྱི་ཟེར་སྒྲོས་དང་གོ་བ་ཙམ་མ་ཡིན་པར་བླ་མའི་བྱིན་རླབས་དང་གདམ་ངག་ཁོ་ན་ལ་བརྟེན་ནས་རྟོགས་པར་བྱ་དགོས་ཤིང་། ཀ་དག་ཅེས་པ་གདོད་མ་ནས་དག་པ་འམ། ཡེ་གཟོད་མ་ནས་རྣམ་པར་དག་པའི་དོན་ཡིན་ཞིང་། དེ་ལྟར་གནས་ལུགས་དེ་ཉིད་སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བསླད་པ། ཡར་མྱ་ངན་ལས་འདས་པའི་དུས་སུ་བཟང་དུ་མ་སོང་། མར་འཁོར་བར་འཁྱམས་པའི་དུས་སུ་ངན་དུ་མ་སོང་། ཡུལ་དང་ཡུལ་ཅན་ཤེས་དང་ཤེས་བྱ་རོ་གཅིག་པའི་ཚུལ་གྱིས་ལ་བཟླ་བར་བྱ། ལ་བཟླ་བ་ནི་རྟོགས་པ་དེ་ཉིད་ཐེ་ཚོམ་མེད་པར་ཐག་ཆོད་པར་བྱ་དགོས་ཤིང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །སྣང་བ་ཐད་ཀར་གཅོད་ལ་འདུ། །ཞེས་པ་ལྟར་ཐེ་ཚོམ་དང་བཅས་པ་ལ་འབྲས་བུ་འབྱིན་པའི་དུས་ནམ་ཡང་མེད་པས། དཔེར་ན་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་དུ། སྟོང་གསལ་འདུས་མ་བྱས་པའི་རིག་པའི་ཡེ་ཤེས་སེམས་ངོ་བྲལ་བ་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་བྲལ་བ། འདས་པའི་རྣམ་རྟོག་འགགས། མ་འོངས་པའི་རྣམ་རྟོག་མ་སྐྱེས། ད་ལྟའི་ཐ་མལ་གྱི་ཤེས་པ་འདི་ལ་རྩིས་གདབ་མི་བྱ་བར། དུས་གསུམ་གྱི་རྟོག་པ་དང་བྲལ་བའི་བཞི་ཆ་བློ་འདས་ཆོས་སྐུའི་དགོངས་པའི་ངང་བསྐྱང་ཞིང་། རྣམ་རྟོག་གི་རྙོག་པས་མ་བསླད་པར་དྲན་པ་གསལ་ཙམ་རིག་ཙམ་བྱས་ཏེ་ཅོག་གེར་གཞག་པར་བྱ་བ་སྟེ་དེ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུའི་རྟགས་འཆར་ཚུལ་ལོ། །དང་པོ་ནི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང་༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་འདི་ལྟར་ཕྱི་གཟུང་བའི་ཡུལ་གྱི་སྣང་བ་ཐམས་ཅད་བློས་བཏགས་ཤིང་བཀོད་པ་ལས་ཡུལ་རང་ངོས་ནས་གྲུབ་པ་མེད། ནང་གི་སེམས་བྱུང་ཚོར་དང་བཅས་པའི་བློ་ནི་མེད་བཞིན་དུ་སྣང་བ་དཔེར་ན་རྨི་ལམ་ལྟ་བུའོ། །སེམས་དེའི་དབྱིངས་རིག་སྟོང་འདུས་མ་བྱས་པའི་རང་བཞིན་ནི་བསམ་པའི་ཡུལ་ལས་འདས། རྟགས་དང་གཏན་ཚིགས་ལ་སོགས་པས་མི་རྟོགས་ཤིང་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་ཤེས་ཀྱི་རྟེན་མེད་པ། གཟུང་བ་དང་འཛིན་པས་མ་གོས་ཤིང་ཡུལ་དང་ཡུལ་ཅན་གྱི་རྟོག་པས་མ་བསླད་པར་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་གཏིང་གསལ་བ་སངས་རྒྱས་ཆོས་ཀྱི་སྐུ་དང་དབྱེར་མེད་དུ་བཞུགས་པ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། དེ་གཉིས་ངོ་བོ་དབྱེར་མེད་དུ་བཞུགས་པ་རིག་པ་མ་བཅོས་པར་ལྟ་བས་ཐག་ཁྲེགས་སེ་ཆོད་པ་ནི་ལྟ་བས་ཐག་བཅད་པ་ཡིན་ནོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ནི། དེའི་འཕྲོས་ལས། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་སྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་དེ་ལྟར་རིག་པ་ངོ་འཕྲོད་ཕན་ཆད་ནམ་མཁའ་བཞིན་དུ་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་དབྱེར་མེད་པར་གཞག་པ་ནམ་མཁའི་རྣལ་འབྱོར་བྱ་སྟེ། གཟུང་འཛིན་དང་བཅས་པས་མི་བསྒོམ་པའི་ཚུལ་གྱིས་རིག་པ་རང་གི་ངོ་བོ་དང་མི་འབྲལ་བའི་ཚུལ་གྱིས་བསྒོམ་པར་བྱ་བ་ཡིན་ནོ། །གསུམ་པ་སྤྱོད་པས་ཐོགས་འབྱིན་པ་ནི། ཡང་། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གཙོ་བོ་རྗེས་ཐོབ་ཀྱི་ཉམས་ལེན་ཡིན་ཞིང་། ཕྱི་རོལ་ཚོགས་དྲུག་གི་སྣང་བ་གང་ཤར་ཀྱང་དགག་སྒྲུབ་གང་ཡང་མི་བྱེད་པར་ཕྱི་རོལ་སྣང་བ་ལ་མ་ཞེན་པས་ཕྱི་གཟུང་བའི་ཡུལ་རང་སར་དག་ཅིང་། ཕར་སྣང་བ་མ་འགགས། ཚུར་དེར་འཛིན་མ་ཞུགས་པས་ནང་གི་སེམས་དེར་འཛིན་བྲལ་བའི་ངང་དུ་གནས་པས་ནང་འཛིན་པ་རང་སར་དག །བར་དུ་རིག་པ་མ་བཅོས་པའི་ངང་དུ་གཞག་པ་ན་བར་དུ་འོད་གསལ་རང་ངོ་ཤེས་པའི་ངང་དུ་ལས་ཟིན་པའི་སྐྱེས་བུ་བཞིན་དུ་སྤྱོད་པར་བྱའོ། །བཞི་པ་འབྲས་བུའི་རྟགས་འཆར་ཚུལ་ནི། ཡང་། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་སེམས་ཟིན་པ་ན་རླུང་ཟིན། རླུང་ཟིན་པ་ན་རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལ་བརྟེན་ནས་ཕྱི་རོལ་གྱི་རྟགས་ནམ་མཁའ་ལ་དུ་བ་མེ་སྟག་སོགས་རྟགས་ལྔ་འཆར་ཞིང་། རིམ་གྱིས་གོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་ཀྱི་ལྷག་མཐོང་གྲུབ་པ་ཡིན་ནོ། །བཞི་པ་འབྲས་བུ་སྣང་བ་ཅོག་གཞག་ནི། རིག་པའི་ངོ་བོ་དེ་བླ་མའི་བྱིན་རླབས་ཁོ་ན་ལས་ཤེས་པར་བྱས། བར་དུ་རིག་པའི་རང་ཚོ་ཟིན་པར་བྱས་པ་ན་རྣམ་རྟོག་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་དང་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་འགྲོ་བ་ནི་རྩེལ་རྫོགས་པ་ཡིན་ཞིང་། མཐར་མཉམ་རྗེས་རོ་གཅིག་ཏུ་འདྲེས་ཤིང་རྟོག་པ་ལ་བཟང་ངན་མེད་པ་ནི་བརྟན་པ་ཐོབ་པ་ཡིན་ནོ། །དེ་ལྟར་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་རྡེག་པའི་མན་ངག་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་པ་དང་དོན་གྱི་གནད་གཅིག་པ་ཡིན་ནོ། །དེ་ལྟར་རིག་པ་མ་བཅོས་པའི་ངང་དུ་དུས་རྟག་ཏུ་བསྒོམ་པ་གལ་ཆེ་ཞིང་། གོ་བ་ཙམ་དང་བཤད་པ་མང་པོ་ཇི་ལྟར་བྱས་ཀྱང་རྣམ་རྟོག་ཇེ་མང་འགྲོ་བའི་རྒྱུ་ཡིན་པས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི་གནད་དམ་པ་ཡིན་ནོ། །གསུམ་པ་རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་ཁྲིད་ལ་བཞི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞིར་བཟུང་ངོ་། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་ལམ་གྱི་བོགས་འབྱིན་པར་བྱེད་པ་ཐོད་རྒལ་གྱི་ལམ་ནི། ཁྲེགས་ཆོད་ཀྱི་ལྟ་བ་གོམས་པའི་གང་ཟག་གིས་ཉམས་སུ་ལེན་དགོས་ཤིང་། དེ་ལ་དང་པོ་ལུས་ཀྱི་འདུག་སྟངས་གསུམ་ནི། སྐུ་གསུམ་གྱི་བཞུགས་སྟངས་ཡིན་ནོ། །གཉིས་པ་གཟིགས་སྟངས་གསུམ་ནི། ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་ལ་བལྟ་བ་ལྟ་བུའོ། །ལོངས་སྐུའི་གཟིགས་སྟངས་མདའ་མཁན་གྱིས་སྨྱུག་མ་བསྲང་བ་ལྟ་བུའོ། །སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུའོ། །གསུམ་པ་སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སྦུབས་སུ་གཞུག་པ་ནི། དེ་ལྟར་བཞུགས་སྟངས་དང་གཟིགས་སྟངས་གསུམ་གང་རུང་གི་ཚུལ་གྱིས་སྒོ་ཡུལ་རླུང་རིག་གི་གནད་ལ་གཅུན་པ་སྟེ། འཆར་བྱེད་སྒོའི་གནད་ནི། ནང་དབྱིངས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་འོད་རྩ་སྙིང་ནས་མིག་ཏུ་འབྲེལ་བ་ཅན་དེ་ལ་བརྟེན། འཆར་གཞི་ཡུལ་གྱི་གནད་ནི། ཕྱི་དབྱིངས་ནམ་མཁའ་སྟོང་པ་སླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་དེ་ཡིན་ནོ། །དེ་ལྟ་བུའི་གནད་ལ་བརྟེན་ནས་དབྱིངས་དང་རིག་པ་རྗེན་པ་སྟོང་གསལ་འདུས་མ་བྱས་པ་དེའི་ངང་དུ་དེར་འཛིན་དང་དམིགས་གཏད་ཐམས་ཅད་དང་བྲལ་བའི་ངང་དུ་སྔ་དྲོ་ཤར་དང་། ཕྱི་དྲོ་ནུབ་ཏུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བལྟ་ཞིང་། ཡང་ན་མིག་ལ་གནོད་ན་སྔ་དྲོ་ནུབ། ཕྱི་དྲོ་ཤར་དུ་ཡིད་མིག་རླུང་གསུམ་པོ་རྩེ་གཅིག་ཏུ་དྲིལ་ནས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་གཞུག་པར་བྱའོ། །བཞི་པ་དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི། སྒྲོན་མ་བཞི་དང་། སྣང་བ་བཞིའི་ལམ་རྟགས་རྣམས་གཞུང་གཞན་དང་འདྲའོ། །དེའི་འཕྲོས་དོན་མཐའ་བརྟེན་གྱི་མན་ངག་གསུམ་དང་། ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་གཉིས་སོ། །དང་པོ་ལ་གསུམ། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་དབྱིངས་ལས་མི་གཡོ་བའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཉམས་གོང་འཕེལ་གྱི་དུས་སུ། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་དབྱིངས་སུ་ཞི་བའོ། གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། རིག་པ་ཚད་ཕེབས་ཀྱི་དུས་སུ་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་བ་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་དེངས། གསང་བ་རྟོག་པ་ལ་དབང་ཐོབ་པས་རྟོག་ཚོགས་དབྱིངས་སུ་གྲོལ་ལོ། །ཆོས་ཉིད་ཟད་པའི་དུས་སུ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པ་ལས་གཞན་དུ་མ་གཡོས་པའི་གདེང་ཐོབ་ཙ་ན། ཡར་མྱང་འདས་ཐོབ་པའི་རེ་བ་དང་། མི་ཐོབ་པའི་དོགས་པ་མེད། མར་འཁོར་བར་ལྟུང་གི་དོགས་པ་དང་། མི་ལྟུང་བའི་རེ་བ་བྲལ་བའི་གདེང་བཞི་ཐོབ་པའོ། གཉིས་པ་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་བཏང་། ཉམས་གོང་འཕེལ་གྱི་དུས་སུ་ལུས་ཀྱིས་ཕྱག་བསྐོར་སོགས་དང་། ངག་གིས་མདོ་བཀླག་པ་དང་། ཡིད་ཀྱིས་ངེས་འབྱུང་གི་བློ་སོགས་དང་། རིག་པ་ཚད་ཕེབས་ཀྱི་དུས་སུ་ལུས་ཀྱིས་ཕྱག་རྒྱ་སོགས་དང་། ངག་གིས་སྔགས་ཀྱི་བཟླས་བརྗོད་སོགས་དང་། ཡིད་ཀྱིས་མཚན་བཅས་ཀྱི་རྫོགས་རིམ་སོགས་སྤངས་ཤིང་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་བཏང་བའོ། །གཉིས་པ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་དབྱིངས་རིག་སྦུབས་འཇུག་གི་མན་ངག་དང་། ཆོས་ཉིད་བར་དོའི་ཉམས་ལེན་ནོ། །དང་པོ་ལ་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་འཕོའི་མན་ངག་གོ །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་སྤྱིར་བར་དོའི་ཉམས་ལེན་ལ། རང་བཞིན་དང་སྐྱེ་གནས་ཀྱི་བར་དོར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམ་ངག་དང་། འཆི་ཁ་བར་དོར་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམ་ངག་དང་། ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམ་ངག་དང་། སྲིད་པ་བར་དོར་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམ་ངག་བཞི་ཡོད་པ་ལས། འདིར་འཆི་ཁ་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པས་མྱང་འདས་བྱེད་ཚུལ་ནི། ཚེ་འདིར་གོ་འཕང་མ་འགྲུབ་ནས་འཆི་བསླུ་སོགས་ཀྱིས་འཆི་བ་བཟློག་མ་ནུས་ན། ལུས་སེང་གེའི་ཉལ་སྟབས་སོགས་ཀྱིས་ནང་གི་དབྱིངས་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་རིག་པ་མ་བཅོས་པར་བཞག་པ་དང་། གསང་བའི་དབྱིངས་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དང་། ཕྱིའི་དབྱིངས་ནམ་མཁའ་དང་དབྱེར་མེད་དུ་བསྲེས་པའི་ངང་དུ་འཆི་ནས་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་འམ། ཡང་ན་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་རོ། །གཉིས་པ་རླུང་སེམས་གོང་འཕོ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་ལ་གཉིས། སྦྱང་བ་དང་། ལས་ལ་སྦྱར་བའོ། དང་པོ་ནི། སྔོན་འགྲོ་ཆ་ཚང་བ་འམ། ཡང་ན་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་ལུས་གཉུག་མའི་ལྷ་གང་རུང་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྤྱི་ལྟར་བསྒོམས་ལ། དེའི་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་གསལ་བཏབ་ལ། དེ་ནས་སྟེང་གི་ནམ་མཁའ་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ལྕེ་བཙུན་ཆེན་པོ་བཞུགས་པར་མོས་ལ། གསོལ་བ་དྲག་ཏུ་གདབ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དབུ་མའི་ལམ་བརྒྱུད་པར་མོས་པ་དང་མཉམ་དུ་ཕཊ་དང་ཧིག་ཅེས་བརྗོད་པས་བླ་མའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་བསམ། ཡང་མར་སྙིང་གའི་ཐིག་ལེ་ལ་བསྲེ་བ་སོགས་དང་། བླ་མའི་སྐུ་ལས་འཆི་བ་མེད་པའི་བདུད་རྩི་བབས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམ་མོ། །གཉིས་པ་ལས་ལ་སྦྱར་བ་ནི། རང་ཉིད་འཆི་བར་ངེས་པའི་ཚེ་ཡོ་བྱད་ཆོས་ཕྱོགས་སུ་འབུལ་ནས། གནས་ལུས་ཉེ་འབྲེལ་སོགས་ལ་ཞེན་པ་བཅད། ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པའི་དུས་སུ་ལས་ལ་སྦྱར་བའི་དུས་ཡིན་ཞིང་། ལུས་དང་རྩ་དང་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་བླ་མ་སོགས་སྔར་ལྟར་གསལ། བླ་མ་ལ་གསོལ་བ་གདབ་ཅིང་རླུང་སྦྱོར་གྱིས་ཐིག་ལེ་ཨ་ཡིག་དང་བཅས་པ་ལྷག་མེད་བླ་མའི་ཐུགས་ཀར་ཡང་ཡང་བསྟིམ་ཞིང་དེའི་ངང་དུ་མཉམ་པར་གཞག །མཐར་བླ་མ་ཡང་ཇེ་མཐོར་སོང་སྟེ་མེ་རི་འབར་བ་སོགས་སུ་གཤེགས་པའི་མོས་པ་བྱའོ། །གཉིས་པ་ཆོས་ཉིད་བར་དོའི་ཉམས་ལེན་ནི། རྩ་བ་ལས། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་འཆི་ཁ་བར་དོའི་མན་ངག་གིས་མ་གྲོལ་ན། གཞི་ལས་གཞི་སྣང་སྒྲ་དང་འོད་ཟེར་དང་སྐུ་ལ་སོགས་པ་མཐའ་ཡས་པ་འཆར་བའི་དུས་སུ་སྔངས་སྐྲག་དང་འཇིགས་པ་འབྱུང་བ་ན། དེ་དུས་སྒྲ་ཟེར་སྐུ་ཡི་སྣང་བ་ཇི་ལྟར་ཤར་ཡང་རིག་པ་ཁོ་ན་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དོན་དྲན་པ་ན་སྒྲ་ཟེར་སྐུའི་སྣང་བ་ཐམས་ཅད་རང་ལ་ཐིམ་ཞིང་། དེ་ཡང་དང་པོ་རང་སྣང་ཡིན་པར་ངོ་ཤེས། བར་དུ་རྩལ་རྫོགས། མཐར་བརྟན་པ་ཐོབ་ནས་གྲོལ་བར་འགྱུར་རོ། །གསུམ་པ་དབང་པོ་ཐ་མའི་ཁྲིད་ནི། དེ་ལྟར་ཆོས་ཉིད་བར་དོར་མ་གྲོལ་ན། སྲིད་པ་བར་དོར་འཁྲུལ་པའི་སྣང་བ་ཤར་ཞིང་། དེ་དུས་རི་ཉིལ་བ་དང་། མཚོ་ལུད་པ་དང་། མེ་འབར་བ་དང་། རླུང་གཡོ་བ་སྟེ་འཇིགས་པའི་སྒྲ་བཞི། མེ་ཆུ་ལ་སོགས་པའི་གཡང་ས་གསུམ། གནས་ཡུལ་གྲོགས་ལ་སོགས་པའི་མ་ངེས་པའི་རྟགས་རྣམས་འཆར་བའི་དུས་སུ་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། རྒྱལ་བ་སྲས་བཅས་ཀྱི་བདེན་པ་དང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་མཐུ་དང་། སྔར་གྱི་བླ་མའི་གདམ་ངག་སོགས་དྲན་ནས་དག་པའི་ཞིང་ཁམས་ལ་འདུན་པ་གཏད་པ་ན། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ལ་སོགས་པར་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཇལ། གསུང་ཐོས། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་ནས་ལམ་གྱི་འཕྲོ་མཐུད་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་བོ། །ཡང་ན་རང་གི་མདུན་གྱི་ནམ་མཁའ་ལ་ཆོས་འབྱུང་དམར་པོ་ཨཿཡིག་དང་བཅས་པ་གསལ་བ་ལ་རླུང་སེམས་བསྲེས་ཏེ་མེ་རི་འབར་བ་ལ་སོགས་སུ་གཤེགས་པར་མོས་པ་བྱའོ། །གསུམ་པ་རྗེས་ཀྱི་མཐར་དབྱུང་བའི་ཁྲིད་ལ་གསུམ། ཉམས་ལེན་སྤྱིར་བསྟན་པ་དང་། དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག །འབྲས་བུ་མངོན་དུ་བྱ་བའི་ཚུལ་ལོ། དང་པོ། ཡང་། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང་༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་གཟུང་༔ དུས་རྟག་ཏུ་རིག་སྟོང་རྗེན་བའི་ངང་གཟུང་ལ་གནད་དུ་གཏོང་ངོ་༔ ཞེས་དུས་རྟག་ཏུ་བླ་མ་ལ་བཅོས་མ་མ་ཡིན་པའི་སྒོ་ནས་མོས་གུས་དྲགས་པོས་དུས་དང་རྣམ་པ་ཀུན་ཏུ་བླ་མའི་སྣང་བ་དང་མི་འབྲལ་བའི་ངང་ནས་བླ་མར་ནན་ཏན་དུ་གསོལ་བ་གདབ་པ་ནི་ལམ་གྱི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། ལམ་གྱི་བོགས་འདོན་པ་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པར་འགྱུར་ཏེ། གྲུབ་ཆེན་ཏེ་ལོ་པས། གེགས་སེལ་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །བོགས་འདོན་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །ཞེས་དང་། ཡང་། བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་བཞིན། །ཞེས་སོ། །འཁོར་བ་ལ་ངེས་འབྱུང་སྙིང་ལ་གཅག །བླ་མ་དང་དཀོན་མཆོག་ལ་མོས་གུས་རྩལ་གཏོན། སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པ་དབྱུང་། ཚོགས་དྲུག་གི་སྣང་བ་ཐམས་ཅད་ཞེན་པ་མེད་པའི་ཚུལ་གྱིས་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་དང་དབྱེར་མེད་དུ་བསྲེ་བས་ཡུལ་གྱི་བདུད་རྩི་བརྟེན། ཆོས་དང་འཇིག་རྟེན་གྱི་རྣམ་གཡེང་ཐམས་ཅད་ཀྱི་སྤྲོས་པ་བཅད་ལ་ནང་དུ་བསྡུ། སྣའི་རླུང་བཏང་སྙོམས་སུ་གཞག །སོ་དང་མཆུ་མ་རེག་པར་རླུང་བཟོ་བཅོས་མི་བྱ་བར་རྒྱ་ཡན་དུ་འཇོག །ལུས་ལྷོད་ཀྱིས་ཀློད་པ་དང་བཞུགས་སྟངས་ཀྱི་གནད་དང་མ་བྲལ་བར་བྱ། འོད་གསལ་འཆར་བའི་ཕྱིར་མིག་འབྲས་མི་འགུལ། རྫི་མ་མཐའ་རྡེབ་མི་བྱ་བར་ནམ་མཁའི་དབྱིངས་སུ་གཟིར་ཞིང་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པ་ཉམས་སུ་ལེན། ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་སྐབས་སྐབས་སུ་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་རླུང་སྦྱོར་འཇམ་རླུང་བུམ་པ་ཅན་གཟུང་། མདོར་ན་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་དུས་རྟག་ཏུ་ཧ་ཅང་སྒྲིམ་པའང་མི་བྱ། ཧ་ཅང་ལྷོད་པ་མ་ཡིན་པར་རིག་པ་རང་སོ་ཟིན་པ་རིག་སྟོང་རྗེན་པའི་ངང་བཟུང་ལ་མ་ཡེངས་པའི་ངང་བསྐྱང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་སོགས་ཇི་ལྟར་རིགས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་མཚན་ཉིད་པ་མ་གྲུབ་ཀྱང་རྫས་ཀྱི་ཡོད་བྱད་ཀྱི་ཚོགས་ཇི་རིགས་པ་ལ་ལོངས་སྤྱོད་པར་བྱའོ། །གཉིས་པ་དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་ལ་གཉིས། ཕྱིའི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་གི་སྐྱེད་རྫོགས་ཀྱི་རྣལ་འབྱོར་ཉིན་གཅིག་ལ་ཐུན་བཞིར་ཕྱེས་ནས་ཉམས་སུ་ལེན་པར་བྱ་བ་དང་། ནང་གི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐུན་བཞིར་ཉམས་སུ་ལེན་པ་སྟེ་གཉིས་ལས། ཕྱི་མ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་ཀྱི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པ་དང་། ཐོ་རངས་རིག་པ་རང་སར་གཏོད་པ་དང་། རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་པས་བསྟན་པ་ལྟར་ཡིན་ནོ། །གཉིས་པ་ནམ་གུང་ཤེས་པ་བུམ་གཞུག་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་ཉལ་ཚེ་འོད་གསལ་གཟུང་ན་སྙིང་དབུས་དང་། རྨི་ལམ་གཟུང་ན་སྨིན་མཚམས་སུ་བླ་མ་དང་རིག་པ་དབྱེར་མེད་པའི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དཀར་པོ་ཞིག་བསྒོམ་མོ། །གསུམ་པ་ཐོ་རངས་རིག་པ་རང་སར་གཏོད་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུང་དུ་གཞུག་གོ༔ ཐོ་རངས་སད་མ་ཐག་ཏུ་ལུས་གནད་སེང་གེའི་འདུག་སྟངས་ཀྱིས། ངག་ཏུ་ཧ་ཧ་ཞེས་རླུང་བསངས་ནས། སྤྱི་བོར་གཞུ་གང་ཙམ་གྱི་ནམ་མཁའ་ལ་ཨ་ཡིག་དཀར་པོ་འོད་འབར་བར་བསམས་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་དེ་རིག་པ་གྲུང་དུ་གཞུག་པར་བྱའོ། །བཞི་པ་རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པ་ནི། རྣམ་པ་ཀུན་དུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་ལྟར་ཡིན་ནོ། །གསུམ་པ་མི་འགྱུར་རྟག་པ་དམ་པའི་འབྲས་བུ་མངོན་དུ་བྱ་བ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མ་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང་༔ ངག་དང་༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ དེ་བས་ན་འདི་ཁོ་ན་ལྟར་བཙོན་པར་བྱའོ༔ ཞེས་པ་ལྟར་ཡིན་ནོ། །ཞེས་པའང་ལྕེ་བཙུན་ཆེན་པོའི་རྣམ་འཕྲུལ་འོད་གསལ་སྤྲུལ་པའི་རྡོ་རྗེའམ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་ལན་གཉིས་ཀྱི་བར་དུ་ཐུགས་བརྩེ་བ་ཆེན་པོས་བདག་ལ་གནང་བ་ཡིན་པས་བརྗེད་ཀྱིས་ཕངས་ནས་རང་བློས་ཟིན་ཚོད་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།  ༈  གཞི་དབྱིངས་ཀ་དག་གཞི་སྣང་ལྷུན་གྲུབ་ཏུ། །རང་རིག་ཁྲེགས་ཆོད་ཐོད་རྒལ་ལམ་སྣང་བཞིས། །སྐུ་དང་ཡེ་ཤེས་མངོན་སུམ་གཅར་ཕོག་ཏུ། །སྟོན་མཛད་ལྕེ་བཙུན་ཆེན་པོའི་སྙིང་ཏིག་གི །ཟབ་ཁྲིད་ཞི་བའི་སྙིང་པོས་མཛད་འདི་ཉིད། །འཇམ་དབྱངས་བླ་མའི་ཞལ་རྒྱུན་འཁྲུལ་མེད་ཉིད། །ཡིན་ཞེས་རྡོ་གྲུབ་བསྟན་པའི་ཉི་མས་བསྔགས། །དེ་ཕྱིར་རྗེ་དབོན་བཀྲ་ཤིས་ཚེ་རིང་གིས། །པར་དུ་བཞེངས་ལས་ཆོས་འདིས་འགྲོ་བའི་དོན། །འཁོར་བ་མ་སྟོངས་བར་དུ་ཁྱབ་བརྡལ་གྱིས། །མ་ལུས་འོད་གསལ་རྡོ་རྗེ་སྙིང་པོའི་ཀློང་། །གདོད་མའི་ཀུན་ཏུ་བཟང་པོར་རོ་གཅིག་ཤོག །ཅེས་པའང་མཁྱེན་སྤྲུལ་མིང་གིས་སྨོན་པ་དགེ །དགེའོ།། །།
༄༅༅། །འདིར་ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་ཁྲིད་ཀྱི་ཟིན་བྲིས་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་དང་གསུམ། དང་པོ་ལ་སྔོན་བྱུང་ལོ་རྒྱུས་དང་། ཕྱིས་འབྱུང་གི་ལོ་རྒྱུས་ལས། དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང་༔ ཚོར་བའི་རྒྱལ་པོ་དང་༔ འདུ་ཤེས་ཀྱི་རྒྱལ་པོ་དང་༔ འདུ་བྱེད་ཀྱི་རྒྱལ་པོ་དང་༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སེཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིག་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་ར་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ། དེའི་ཚེ་དེའི་དུས་ན། ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང་༔ ལས་དང་༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་འཚལ་ནས་འདི་སྐད་ཅེས་གསོལ་ཏེ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང་། སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀཱ་སེཾ་ཧེ་ཤྭ་ར་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་ཏུ་གྱུར་ཏོ། དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་རྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སེཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་ཕྱིས་འབྱུང་གི་ལོ་རྒྱུས། འདི་ནི་མ་འོངས་སྙིགས་མ་ལྔ་ཕན་པར་འགྱུར་རོ༔ ཞེས་པས་བསྟན། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི་དབང་གདམ་ངག་ལུགས་སུ་གདབ་པ་ཡིན་ནོ། །གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ལ་གསུམ། སྔོན་འགྲོས་རྒྱུད་སྦྱོང་བ་དང་། དངོས་གཞི་ཉམས་སུ་ལེན་པ། རྗེས་ཀྱི་མཐར་དབྱུང་ངོ་། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། དང་པོ་ལ་གསུམ། ལུས་རྣལ་དུ་དབབ་པ། ངག་རྣལ་དུ་དབབ་པ། ཡིད་རྣལ་དུ་དབབ་པའོ། །དང་པོ་ལུས་རྣལ་དབབ་རྣམ་སྣང་ཆོས་བདུན་དུ་བཅའ་བ། གཉིས་པ་ངག་རྣལ་དབབ་རླུང་རོ་དགུ་སྤྲུགས་བྱའོ། །གསུམ་པ་ཡིད་རྣལ་དབབ་ངེས་འབྱུང་རྣམ་དག་དང་། དད་པ་རྣམ་དག་དང་། བྱང་ཆུབ་ཀྱི་སེམས་སོགས་སྒོ་དུ་མ་ནས་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་ལ་བི་མ་མི་ཏྲ་འམ། ལྕེ་བཙུན་ཆེན་པོ་དང་། ཡང་ན་རང་གི་རྩ་བའི་བླ་མ་རྣམས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་ཐག་བཅད། ངེས་ཤེས་བསྐྱེད། མོས་གུས་ཀྱིས་གསོལ་བ་དྲག་ཏུ་གདབ། ངག་ཏུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས། བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། ཐུགས་ཡིད་བསྲེ་ཞིང་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ལ་རིག་སྟོང་རྗེན་པའི་ངང་བསྐྱང་བར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་སེམས་སྦྱོང་རྣམ་པ་བདུན་ལས། དང་པོ་ནི་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་ལ། དང་པོ་ཕྱི་སྣོད་བཅུད་ཀྱི་ཆགས་འཇིག་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། ནང་རང་གི་སྒྱུ་ལུས་ཕུང་པོ་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། གསང་བ་རང་གི་གཉེན་གྲོགས་སོགས་ཀྱི་འཆི་རྐྱེན་ལ་བསམ་སྟེ་མི་རྟག་པར་བསྒོམ་པས་དོན་དྲན་པ་དང་། དཔེར་ན་ཆུའི་ལྦུ་བ་ལྟར་བསམ་ནས་བསྒོམ་པས་དཔེ་དྲན་པ་དང་། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །གཉིས་པ་འཁོར་བའི་བདེ་བ་ཐམས་ཅད་ཡུན་དུ་མི་གནས་པར་བསམ་ནས་སེམས་སྦྱོང་བ་ལ། ཁམས་གསུམ་པོ་སྡུག་བསྔལ་གསུམ་ལས་མ་འདས་པར་བསམ་ནས་དོན་དྲན། དཔེར་ན་དུག་གི་འབྲས་བུ་སྨིན་པ་ནི་བལྟ་ན་མཛེས་ཤིང་ཡིད་དུ་འོང་བ་ཟོས་ན་རོ་མངར་བ་སོགས་ཡོད་ཀྱང་ཁོག་ཏུ་སོང་ན་འཆི་བ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་ཡང་བསྲེས་ཏེ་བསྒོམ་པའོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་བ་དང་སྡུག་བསྔལ་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ་དང་འཇིག་རྟེན་ཆོས་བརྒྱད་སོགས་བྱ་བ་ཐམས་ཅད་ཟིན་དུས་མེད་པ་ལ་བསམ་ནས་ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོང་བ་ཞིག་བསྒོམ་པས་དོན་དྲན། དཔེར་ན་སོས་ཀའི་དུས་སུ་རི་དྭགས་ཀྱིས་སྨིག་རྒྱུའི་ཆུ་ལ་བསྙེག་པ་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བཞི་པ་ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་སྐྱིད་དཔལ་འབྱོར་སྙན་གྲགས་ཐམས་ཅད་དོན་མེད་པ་ཁོ་ན་དང་། དེར་མ་ཟད་ཚངས་དབང་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས་ཀྱི་དཔལ་འབྱོར་ཐོབ་ཀྱང་དོན་མེད་སྙམ་ནས་དོན་དྲན། དཔེར་ན་གཉིད་ཐུན་གཅིག་གི་སྐབས་སུ་བདེ་སྡུག་ཇི་ལྟར་མྱོང་ཡང་སད་པ་ན་ཐམས་ཅད་དོན་ཅིའང་མེད་པ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །ལྔ་པ་ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་ལྡོག་ཏུ་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཐར་པ་ལའང་གསུམ། ཐར་པ་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། ཁྱད་པར་དུའང་ཐར་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྤངས་པས་རང་དོན་དུ་སྤང་རྟོགས་མཐར་ཕྱིན་ནས་ཞི་བ་དམ་པ་ཆོས་ཀྱི་སྐུ་བརྙེས་པ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ལ་བརྟེན་ནས་གདུལ་བྱའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་བྱེད་ལ་དེའི་སྤང་རྟོགས་ལ་ནམ་ཡང་ལྡོག་ཏུ་མེད་པས་ན་འབྲས་བུ་དེ་འདྲ་ཞིག་ནམ་ཐོབ་བསམ་ནས་དོན་དྲན། དཔེར་ན་འབྲུམ་ནད་ལས་ཐར་བའི་སྐྱེས་བུ་སླར་ཡང་འབྲུམ་ནད་ཀྱིས་མི་མནར་བ་ལྟར་བསམ་ནས་དཔེ་དྲན། དཔེ་དོན་བསྲེས་ཏེ་བསྒོམ་པའོ། །དྲུག་པ་བླ་མ་དམ་པའི་གདམ་ངག་ལ་བསམ་ནས་སེམས་སྦྱོང་བ་ལ། དེ་ལྟ་བུའི་ཐར་པ་ཐོབ་པའི་རྒྱུ་མེད་དུ་མི་རུང་བ་ནི་བླ་མའི་གདམ་ངག་ཡིན་ཏེ། དེ་ལ་དང་པོ་བླ་མ་བརྟག་པ་ལ་མཁས་པ། གཞན་གྱི་ཚིག་གི་རྗེས་སུ་མི་འབྲང་ཞིང་བླ་མ་རྟོགས་པ་དང་ལྡན་པ། ཉམས་མྱོང་དང་ལྡན་པ། བརྒྱུད་པ་གསུམ་གྱི་བྱིན་བརླབ་དང་ལྡན་པའི་མཚན་ཉིད་དང་ལྡན་པའི་བླ་མ་ལ་བསྟེན་པ། བར་དུ་བླ་མ་བསྟེན་པ་ལ་མཁས་པ་རབ་སྒྲུབ་པས་མཉེས་པ། འབྲིང་ཞབས་ཏོག་གིས་མཉེས་པ། ཐ་མ་ཟང་ཟིང་གིས་མཉེས་པར་བྱས། མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ། ཐ་མ་དགོངས་སྤྱོད་བསླབ་པ་ལ་མཁས་པ་བླ་མ་བྱིན་རླབས་དང་ལྡན་པ་ལས་གདམ་ངག་གི་བདུད་རྩི་ཐོབ་པར་བྱས། ཐོབ་པ་བཞིན་ཉམས་མྱོང་མཐར་དབྱུང་བའི་སྒོ་ནས་བླ་མའི་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་པར་བཏབ་པ་བཞིན་འབྱུང་ཞིང་། རང་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དབྱར་གྱི་མྱུ་གུ་ལྟར་འཕེལ་ཞིང་བླ་མའི་གདུང་འཚོབ་པར་བྱ་བསམ་ནས་དོན་དྲན། དཔེར་ན་ཁང་བཟང་དུ་འཛེགས་པའི་ཐེམ་སྐས་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བདུན་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་སྦྱོང་བ་ལ་གསུམ་ལས། བདེ་སྟོང་རྣམ་པར་མི་རྟོག་པ་དང་། གསལ་སྟོང་རྣམ་པར་མི་རྟོག་པ་དང་། ཆོས་ཉིད་རྣམ་པར་མི་རྟོག་པའོ། །དང་པོ་ནི། ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་བསྒོམ་ཞིང་ལུས་སེམས་བདེ་ཧྲིལ་གྱིས་སོང་བར་མོས་པ་ནི་བདེ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་གསལ་སྟོང་རྣམ་པར་མི་རྟོག་པ་ནི། རང་གི་ལུས་ཀྱི་སྐྱིལ་ཀྲུང་བདེ་ལུགས་སུ་གཞག །ལག་པ་གཉིས་ཀྱིས་པུས་མོ་བཀབ། མིག་ཧ་རེ་བར་སྣང་ལ་བལྟ། ཕྱི་རོལ་གྱི་ཚོགས་དྲུག་གི་སྣང་བ་མི་དགག །ནང་གི་སེམས་དེར་འཛིན་དང་བྲལ་བའི་ངང་དུ་རྣམ་རྟོག་ཐམས་ཅད་ཐོལ་སྐྱེས་རྦད་ཆོད་ཀྱི་ཚུལ་དུ་མི་རྟོག་པའི་ངང་དུ་གཞག་པ་ནི་གསལ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་འཛིན་ཡིན་ནོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ནི། སེམས་ཀྱི་ཆོས་ཉིད་གནས་ལུགས་མ་བཅོས་པ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ངང་དུ་གཞག་པ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །ལས་སུ་རུང་བ་ལ་སྐྱེད་རྫོགས་ཀྱི་ཉམས་ལེན་གང་བྱེད་ཀྱང་དཀའ་ཚེགས་མེད་པར་འགྲུབ་པ་ཡིན་པས་དེ་ལྟར་བསྒོམ་པ་ནི་དོན་དྲན་པ། དཔེར་ན་ཞིང་ས་དུལ་བ་ལ་ས་བོན་བཏབ་ན་དཀའ་ཚེགས་མེད་པར་འབྲས་བུ་འབྱུང་བ་བཞིན་བསམ་པ་ནི་དཔེ་དྲན་པ། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པར་བྱའོ། །དེ་ཡན་ཆད་ཐུན་མོང་གི་སྔོན་འགྲོའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་གསག་སྦྱོང་རྣམ་པ་ལྔ་ལས། ཐར་པའི་ལམ་གྱི་རྩ་བ་སྐྱབས་འགྲོ །ཐམས་ཅད་མཁྱེན་པའི་རྩ་བ་བྱང་ཆུབ་ཀྱི་སེམས་སྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་ནང་གི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་ནང་གི་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་པས་བསྟན་ཏེ། དེ་ལའང་ཀུན་རྫོབ་བརྡར་བཏགས་པའི་སྐྱབས་འགྲོ་དང་། དོན་དམ་ཡོངས་ཤེས་ཀྱི་སྐྱབས་འགྲོ་གཉིས་ཀྱི་དམིགས་རིམ་ནི་ཐིག་ལེ་གསང་རྫོགས་སུ་གསལ། གཉིས་པ་སེམས་སྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་གཞུང་སྤྱི་ལྟར་རོ། གཉིས་པ་དོན་དམ་ནི། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་པས་བསྟན་པ་ཐིག་ལེ་གསང་རྫོགས་སུ་གསལ། གསུམ་པ་འགལ་རྐྱེན་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། རྩ་གསུམ་འཁོར་ལོ་བཞི་དང་བཅས། དྭངས་གསལ་འོད་ཀྱི་རང་བཞིན་གྱི། མར་སྣེ་ལྟེ་འོག་སེར་བཞིའི་སྦུབས། བླ་མ་དཔལ་ལྡན་རྡོ་རྗེ་སེམས། དམར་གསལ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། རང་འོད་རིག་མའི་བདེ་བས་དགྱེས། རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། པདྨ་ཟླ་བའི་གདན་གྱི་སྟོང་། དྭངས་མ་འོད་ལྔའི་ཀློང་ན་བཞུགས། བླ་མ་རྡོ་རྗེ་སེམས་དཔའ་ལ། མི་ཕྱེད་དགུ་པས་གསོལ་བ་འདེབས། བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། བྱང་ཞིང་དག་པར་བྱིན་གྱིས་རློབས། རྩེ་གཅིག་གསོལ་བ་བཏབ་པ་ལས། ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། རྡོ་རྗེ་སེམས་དཔའི་གསང་གསུམ་དང་། དབྱེར་མེད་མ་བཅོས་ལྷུག་པར་ཤར། ཞེས་པས་བསྟན་ཏེ། དེའང་རང་ཉིད་གཉུག་མའི་ལྷར་གསལ་བའི་ལུས་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྲིན་མཛུབ་ཀྱི་ཚད་ཙམ་ཡར་སྣེ་སྤྱི་བོར་ཕུག་རྡུག་གི་རྣམ་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཁ་དོང་ངེ་བའི་རྣམ་པ། གཡས་སུ་རོ་མ་དམར་མོ་རྡུལ་གྱིས་གང་བ། གཡོན་དུ་རྐྱང་མ་དཀར་མོ་ཁུ་བས་གང་བ། གཉིས་ཀ་གཤེར་བག་གི་རང་བཞིན་ཅན། དབུ་མ་ལས་སུམ་འགྱུར་ཙམ་གྱིས་ཕྲ་བ། ཡར་སྣེ་དབུ་མ་ལས་སོར་གཅིག་ཙམ་དམའ་ཞིང་སྣ་བུག་གཡས་གཡོན་དུ་ཟུག་པ། མར་སྣེ་ལྟེ་འོག་ཏུ་ཡི་གེ་ཆའི་འཕོངས་ལྟ་བུའི་ཚུལ་གྱིས་དབུ་མར་ཆུད་པ། དེ་ནས་སྨིན་མཚམས་ནས་སོར་བཞི་འཇལ་བ་དཔྲལ་བ། དེ་ནས་ཡང་སོར་བཞི་འཇལ་བ་མཚོགས་མ། ཡང་སོར་དོ་འཇལ་བའི་མཚམས་སུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་གདུགས་ཀྱི་རྩེ་མོ་ལྟར་ཁ་ཐུར་བསྟན་གྱི་རྣམ་པ་དང་། མགྲིན་པ་ཨན་སྟོང་གི་ཐད་དུ་རྩ་འདབ་བཅུ་དྲུག་གདུགས་གན་རྐྱལ་དུ་ལོག་པ་ལྟར་ཁ་གྱེན་བསྟན་ཅན། སྙིང་དཀར་ནག་གི་ཐད་དུ་རྩ་འདབ་བརྒྱད་དང་། ལྟེ་བའི་བུག་པའི་ཐད་རྩ་འདབ་དྲུག་ཅུ་རེ་བཞི་པོ་དེ་གཉིས་སྔར་ལྟར་གདུགས་ཁ་སྦྱོར་ལྟར་དང་། རྩ་འཁོར་བཞི་པོ་གནས་ཚུལ་བཞི་ལས་བརྒྱད་སོགས་དང་། ཡང་ན་རྩ་འཁོར་ལས་རྩ་འདབ་རེ་རེ་བཞིན་གདུགས་ཀྱི་རྩིབས་མ་ལྟར་བསྒོམ་ན་གེགས་ཆུང་། རྩ་འདབ་ཐམས་ཅད་སྟོང་སིང་ངེ་བ་འོད་ཀྱི་རང་བཞིན་ཅན་གསལ་བཏབ། ལྟེ་བའི་རྩ་འཁོར་གྱི་འོག་ཏུ་དབུ་མའི་ནང་དུ་པདྨ་ཉི་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། རྣམ་འགྱུར་གསུང་པདྨའི་རིགས་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་དང་མཉམ་པར་སྦྱོར་བ། རྒྱུ་གཏུམ་མོའི་གཞི་གནས་ལས་བྱུང་བ་གསལ་གདབ་པ་ནི་རྟེན་གྱི་སྟོབས། རྡོར་སེམས་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་གདབ། སྔར་བྱས་པའི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟར་འགྱོད་སེམས་དྲགས་པོ་བྱས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། གསོལ་འདེབས་ཡི་གེ་བརྒྱ་པས་ཐུགས་རྒྱུད་བསྐུལ། རླུང་རོ་བསལ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་ལྟེ་བའི་རྡོར་སེམས་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། དེ་ཡར་སོང་ལྟེ་བའི་རྩ་འཁོར་རིམ་གྱིས་གང་། འཁྲིག་པའི་གནས་སྐབས་ཀྱི་སྙོམས་འཇུག་གི་སྒྲིབ་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་རྩ་འཁོར་གང་། གཉིད་འཐུག་གི་སྒྲིབ་པ་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་རྩ་འཁོར་གང་། རྨི་ལམ་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་རྩ་འཁོར་གང་། སད་པའི་སྒྲིབ་པ་དང་ཞེ་སྡང་དང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། དེའི་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་དག་པར་མོས་ལ། མཐར་བཤགས་སྡོམ་བྱ་བ་ནི། རུ་ཏྲའི་སྨྲེ་བཤགས་སམ། ཡང་ན་བདེ་མཆོག་མངོན་འབྱུང་གྱི་རྒྱུད་ལས་བྱུང་བའི། མགོན་པོ་བདག་ནི་སོགས། བསྡུ་ན་འཕགས་པ་རིན་པོ་ཆེའི་གསུང་། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། སྟིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སོགས་བརྗོད་ལ། བླ་མ་རྡོ་རྗེ་སེམས་དཔས་སྡིག་ལྟུང་དག་པའི་གནང་བ་བྱིན་པར་མོས་པ་རྣམས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ཡིན་ནོ། །མཐར་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་པའི་ངང་དུ་མཉམ་པར་གཞག །ནང་གི་ཚོགས་གསག་བྱ་ན་བསྡུ་མི་དགོས་སོ། །བཞི་པ་མཐུན་རྐྱེན་ཚོགས་གསག་ནང་གི་མཎྜལ་ནི། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། སྔར་ལྟར་གསལ་བའི་སྤྱི་བོའི་རྩ་འཁོར་གྱི་སྟེང་ཙམ་དུ་ཁམས་ཉིས་དྭངས་སུམ་དྭངས་ཀྱི་དྭངས་མ་ཧཾ་མགོ་ཐུར་བསྟན་གྱི་རྣམ་པ་གསལ་གདབ། སྒྲུབ་པའི་མཎྜལ། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་སྐུ་མདོག་དཀར་པོ། མགྲིན་པར་བླ་མ་གསུང་རྡོ་རྗེ་སྐུ་མདོག་དམར་པོ། སྙིང་གར་བླ་མ་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ག །ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་སྐུ་མདོག་སེར་པོ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོ་སོ་སོའི་གཙོ་བོ་དང་ཁ་དོག་མཐུན་པའི་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། མཆོད་པའི་མཎྜལ། བླ་མ་རྡོ་རྗེ་སེམས་དཔའ་ལ་མོས་གུས་བསྐྱེད་ཅིང་། སྔར་ལྟར་རླུང་སྦྱོར་གྱིས་གཏུམ་མོའི་མེ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། ལྟེ་བ་སྙིང་ག་མགྲིན་པའི་རྩ་འཁོར་རྣམས་ཁྱབ། དེ་ནས་སྤྱི་བོའི་སྟེང་གི་ཧཾ་ཡིག་ལ་ཕོག་པ་ཙམ་གྱིས་ནཱ་དའི་རྩེ་མོ་ནས་བྱང་སེམས་དྭངས་མའི་རྒྱུན་ཝ་ཐིགས་འཛག་པ་ལྟ་བུ་བབ། ཐིགས་པ་བསགས་པས་རྒྱ་མཚོ་བཞིན་དུ་རྩ་འཁོར་གང་། བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། རགས་པ་ལུས་དང་ཕྲ་བ་རྩའི་སྒྲིབ་པ་དག །ལུས་དང་རྩ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་སྣང་སྟོང་སྐུ་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། དེ་ནས་རིམ་གྱིས་མགྲིན་པའི་རྩ་འཁོར་གང་། བླ་མ་གསུང་རྡོ་རྗེ་དང་བཅས་པ་ལ་ཕོག་པ་ཙམ་གྱིས་མཆོག་དགའི་མཆོད་པས་མཉེས། རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག །ངག་དང་རླུང་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་གྲགས་སྟོང་གསུང་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། སྙིང་གའི་རྩ་འཁོར་གང་། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་དགའ་བྲལ་གྱི་དགའ་བས་མཉེས། རགས་པ་ཡིད་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག །ཡིད་དང་ཐིག་ལེ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་རིག་སྟོང་ཐུགས་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། ལྟེ་བའི་རྩ་འཁོར་གང་། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་ལྷན་ཅིག་སྐྱེས་ཀྱི་དགའ་བས་མཉེས། སྒོ་གསུམ་ཆ་མཉམ་དང་འཕོ་བའི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས། ཡུལ་ཅན་དགའ་བ་བཞིས་དྲངས་པའི་ཡུལ་སྟོང་པ་ཉིད་མཐར་ཐུག་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ་སྙམ་དུ་ང་རྒྱལ་གཟུང་ཞིང་། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་རིགས་བརྗོད། མ་ཧཱ་ཆེན་པོ་དང་། སུ་ཁ་བདེ་བ། བཛྲ་རྡོ་རྗེ། སཏྭ་སེམས་དཔའ། ཨ་ཧྃ་ངའོ། །ཞེས་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ངའོ་ཞེས་པའི་དོན་ནོ། །མཐར་མི་དམིགས་པའི་ངང་དུ་གཞག་པར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་ཉིད་སྒྱུ་ལུས་བླ་མ་དང་དབྱེར་མེད་པའི་ལྷར་གསལ་བ་དང་། མདུན་དུ་ཚོགས་ཞིང་གི་རྟེན་གསལ་གདབ་པ། ཚོགས་གསག་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་དང་། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་ཕྱིར་གསོལ་བ་གདབ་པ། མཇུག་དབང་བཞི་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་ལྔའོ། །དང་པོ་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོང་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ་གཡོར་སྐོར་དུ་དྲག་ཏུ་འཁོར་བ་ཞེས། རང་གི་སེམས་ཉིད་གདོད་མ་ནས་རྣམ་པར་དག་པ་ཀ་དག་གི་ངང་ལས་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པས་སྐད་ཅིག་གིས་རང་ཉིད་གང་དུ་གནས་པའི་གོ་སར་སེང་གེ་པདྨ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ། རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པའི་བརྟུལ་ཞུགས་ཅན་སྤྱན་ཧུར་བག་ཏུ་གཟིགས་ཤིང་ཚེམས་ཀྱི་མྱུ་གུ་ཅུང་ཟད་གཙིགས་ཤིང་ཁྲོ་བ། ཞལ་གྱི་མཆུ་སྒྲོས་འཛུམ་པའི་ཉམས་ཅན། སྐུ་ཤ་ཤིན་ཏུ་རྒྱས་པའི་ཉམས་ཀྱིས་སྒེག་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་སྔོན་པོའི་སྟོད་གཡོགས། རིན་པོ་ཆེ་དང་རུས་པའི་རྒྱན། སྤྱི་བོར་རུས་པའི་འཁོར་ལོ་དང༡་། སྙན་ཆ༢། ཕྱག་ཞབས་ཀྱི་གདུ་བུ༣་སྐ་རགས༤། མགུལ་རྒྱན་དོ་ཤལ་དང་སེ་མོ་དོ་༥དང་། སྐུ་སྟོད་ལ་རུས་པའི་སེ་རལ་ཁ༦་་ཐོག་པས་བརྒྱན་པ། སྐུ་ལུས་ཐམས་ཅད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་བྱེ་བ་ལྟ་བུས་གང་བ། ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་པ། སྐུ་དང་ཞིང་ཁམས་ཐམས་ཅད་སྤྲོ་དང་བསྡུ་བའི་བདག་ཉིད་དུ་གྱུར་པ། སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་དང་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། མཐའ་བསྐོར་ཀུན་དུ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའི་དཔལ་མགོན་བླ་མ་དམ་པ་རྣམས་དག །གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱིས་བསྐོར་བར་མོས། རང་གི་སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་ཕར་ཐད་ཀར་དབུ་མ་ལ་ཟུག་པ། ཁ་གདེང་གཡེལ་བའི་ཟུར་གཅིག་གྱེན་དུ་དཔྲལ་བར་བསྟན་པ། ཟུར་གཉིས་གཡས་གཡོན་དུ་བསྟན་པའི་དབུས་སུ་བདེ་ཆེན་ཐིག་ལེའི་གཡུང་དྲུང་དགའ་བ་འཁྱིལ་བ་དགའ་བཞི་མཚོན་བྱེད་ཁུག་པ་བཞི་དང་ལྡན་པ། ཁ་དོག་དམར་པོ་འོད་འབར་བ་གཡོན་དུ་དྲག་ཏུ་འཁོར་བར་བསྒོམ་མོ། །གཉིས་པ་མདུན་དུ་ཚོགས་རྟེན་གསལ་གདབ་པ་ནི། སྨིན་མཚམས་ཀྱི་ཐད་ཕར་ཁྲུ་གང་དང་ཡར་ཁྲུ་གང་མཚམས་སུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་ལ། རྣམ་པ་འོད་གསལ་སྣང་བཞི་མཐར་སོན་པར་མཛད་པའི་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་གངས་ཀྱི་རི་ལ་ཉི་མ་འཆར་བ་ལྟ་བུ། ཤངས་རྩེར་སྐྱེ་མེད་མཚོན་བྱེད་ཡི་གེ་ཨ་དཀར་པོ་ཐིགས་ལ་ཁད་པས་མཚན་པ། ཕྱག་གཉིས་མཉམ་གཞག་གིས་ཐོད་པ་བཅུད་ཀྱིས་བཀང་བ་ཐུགས་ཀར་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་ཐང་ཤམས་དང་། ཆོས་གོས་རྣམ་གསུམ་གསོལ་བ། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་རང་ལ་དགྱེས་ཡེ་རེ་བཞུགས་པ། རིག་པ་ཚད་ཕེབས་ཀྱི་སྣང་བ་ལྟར་སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་གཡོ་བར་བསམ་པ་ནི་བདག་མདུན་གྱི་དམ་ཚིག་པ་གསལ་གདབ་པ་དང་། ཡེ་ཤེས་པ་སྤྱན་དྲང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་མུ་མཐའ་མེད་པ་འཕྲོས། འོག་མིན་གྱི་ཞིང་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ལྕེ་བཙུན་སེང་ཧ་ཤྭ་ར་དང་བི་མ་མི་ཏྲའི་རྣམ་པར་བྱོན་པ་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་གསུམ་དཔལ་མགོན་བླ་མ་དམ་པ་སོགས་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་མོས་ལ་ཀུན་བཟང་དོན་ཕྲིན་ལྟར་སྤྱན་འདྲེན་གྱི་ཚིག་བརྗོད་པར་བྱའོ། །གསུམ་པ་ཚོགས་གསག་སླད་ཡན་ལག་བདུན་འབུལ་བ་ནི། ཀུན་རྫོབ་བརྡར་བཏགས་པ་དང་། དོན་དམ་ཡོངས་ཤེས་གཉིས་ལས། དང་པོ་རང་གི་ལུས་རྡུལ་སྙེད་ཀྱི་ཞིང་ལྟར་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་བྱ་བྱེད་འཇུག་པ་གཅིག་པའི་སྒོ་ནས་ཕྱག་འཚལ་བ་དང་། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་ལྟ་བུའི་རྒྱུ་ལས་བྱུང་བའི་ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྙོམས་འཇུག་གི་བདེ་བ། ཡང་གསང་དེ་ཁོ་ན་ཉིད་སོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འབུལ་བ་དང་། དྲན་པ་དང་མི་དྲན་པའི་སྡིག་ལྟུང་སྙིང་ཐག་པ་ནས་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་ཟག་བཅས་དང་ཟག་མེད་ཀྱི་དགེ་ཚོགས་ལ་ཕྲག་དོག་མེད་པའི་སྒོ་ནས་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་གདབ་པ་དང་། དེ་དག་ཐམས་ཅད་འཆི་མེད་རྟག་པ་དམ་པར་བཞུགས་ཤིང་མྱང་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དུས་གསུམ་དུ་བསགས་ཤིང་བསྒྲུབས་པའི་དགེ་བའི་རྩ་བ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བའི་བསྔོ་བ་དམ་པའི་ཚུལ་གྱིས་བསྔོ་བའོ། །གཉིས་པ་དོན་དམ་ནི། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང་༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཞེས་པའི་བར་སྣང་བཞི་མཐར་ཕྱིན་པའི་བླ་མ་སངས་རྒྱས་དང་། རང་གི་རིག་པ་ངོ་བོ་སྟོང་པ་ཆོས་སྐུ་དང་། རང་བཞིན་གསལ་བ་ལོངས་སྐུ་དང་། ཐུགས་རྗེ་འགག་མེད་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་དང་། སྐུ་གསུམ་དབྱེར་མེད་པའི་ངང་ནས་ཕྱག་འཚལ་བ་དང་། རླུང་འཇུག་གནས་ལྡང་གསུམ་དབུ་མར་ཞུགས་ཤིང་དག་པའི་སྒོ་ནས་མཆོད་པའི་སྤྲིན་ཕུང་འབུལ་བ་དང་། སྡིག་ལྟུང་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་པ་འདུས་མ་བྱས་པའི་ངང་དུ་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བ་དང་བྱེད་པ་ཐམས་ཅད་གཉིས་འཛིན་བྲལ་བའི་ཚུལ་གྱིས་རྗེས་སུ་ཡི་རང་བ་དང་། སྤྲོལ་བྲལ་མཉམ་པ་ཆེན་པོ་མི་ཤིགས་ནཱ་དའི་དབྱངས་སུ་ཆོས་འཁོར་བསྐོར་བར་གསོལ་བ་གདབ་པ་དང་། རྒྱལ་བ་སྲས་བཅས་འཆི་མེད་རྟག་པ་དམ་པའི་ཡོངས་གྲུབ་ཆེན་པོར་བཞུགས་སུ་གསོལ་བ་འདེབས་པ་དང་། དགེ་ཚོགས་ཐམས་ཅད་འོད་གསལ་ཆོས་ཀྱི་དབྱིངས་སུ་མི་བསྔོ་བའི་ཚུལ་གྱིས་བསྔོ་བ་དམ་པས་བསྔོ་བའོ། །བཞི་པ་བྱིན་རླབས་མྱུར་དུ་འཇུག་ཕྱིར་གསོལ་བ་གདབ་པ་ནི། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་གདབ་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་དང་གཉིས་ལས། དང་པོ་ནི། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་ཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ ཞེས་རྐང་པ་བཞིས་བསྟན། གཉིས་པ་འདོད་དོན་གསོལ་གདབ་ནི། བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་རྩོལ་ཅིག །ཅེས་རྐང་པ་གཉིས་ཀྱིས་བསྟན། ཞེས་དེ་ལྟར་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་འདོད་དོན་གསོལ་བ་སྟེ། འོད་གསལ་སྣང་བཞི་མཐར་ཕྱིན་ཅིང་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་བི་མ་མི་ཏྲ་ཁྱེད་ཀྱི་སྒོ་གསུམ་བདག་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་དུས་ཕྱི་དུས་ལ་མི་ལྟོས་པར་ད་ལྟ་ཉིད་དུ་འདུག་ས་འདི་ཉིད་དུ་སྟན་ཐོག་འདི་ཉིད་དུ་མྱུར་བ་ཉིད་དུ་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་གསོལ་བ་གདབ། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ལྷག་པར་ཐག་བཅད། ངེས་ཤེས་སྐྱེད། ལུས་ཀྱི་བ་སྤུ་ལྡང་བ། མིག་ནས་མཆི་མ་འཁྲུགས་པ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་བླ་མས་འཕྲོག་པ། ཕར་ཐིམ་ཕོད་པ། ཚུར་འབྲལ་མི་ཕོད་པའི་མོས་གུས་ཀྱིས་དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་གདུང་ཤུགས་དྲགས་པོའི་སྒོ་ནས་གསོལ་བ་ཡང་ཡང་གདབ། གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུམ་གྱི་རང་བཞིན་དང་། ཡང་ན་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས། གུ་རུ་བླ་མ་དང་། བི་མ་ལ་དྲི་མེད། མི་ཏྲ་བཤེས་གཉེན། ཧཱུྃ་ཧཱུྃ༔ ཞེས་ཐུགས་རྒྱུད་བསྐུལ་བའི་དོན་ཡིན་ཏེ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ་ཅིག །ཅེས་པའི་སྒོ་ནས་གསོལ་བ་གདབ་པའོ། །ལྔ་པ་དབང་བཞི་ལེན་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་རྗེས་འབྲེལ་བླ་རྣལ་ལམ་དུ་བྱ་བ་བཅས་ནི། གསོལ་བ་བཏབ་པའི་མཐར་བདག་ལ་དབང་བཞི་བསྐུར་བའི་གནང་བ་བསྩལ་དུ་གསོལ་ཞེས་བསམས་པས། སྨིན་མཚམས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ལྟ་བུ་དང་། དེ་ལས་རང་འདྲའི་སྐུ་ཆུང་ལ་ཡན་ལག་དོད་པ་ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་དང་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་། དེ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་དང་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། དེ་ལས་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་ཤར་བ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་གི་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་དབང་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་ལྔ་དང་ཕྲིན་ལས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་གི་སྨིན་མཚམས་སུ་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས། ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དྭངས་གསལ་གཡོ་མེད་དུ་གྱུར་པ་ལ་སེམས་རྩེ་གཅིག་ཏུ་གཟུང་བ་ནི་སྔགས་ཀྱི་ཞི་གནས་འགྲུབ་ཐབས་ཡིན་ཞིང་། མཐར་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་དམིགས་པའི་ངང་དུ་བཞག་ཅིང་། བླ་མའི་ཐུགས་དང་རང་གི་རིག་པ་གཉིས་བསམ་བརྗོད་དང་བྲལ་བའི་རིག་སྟོང་རྗེན་པའི་ངང་དུ་གཞག་པ་ནི་བླ་མ་ཆོས་སྐུའི་རང་ཞལ་བལྟ་བ་ཡིན་ནོ། །སྤྱིར་བླ་མ་ཕྱི་སྤྲུལ་སྐུ་ལ་བསྙེན་པ་མདུན་གྱི་ནམ་མཁའ་ལ་ཚོགས་རྟེན་གསལ་ཞིང་གསག་སྦྱང་བྱ་བ་དང་། ནང་ལོངས་སྐུ་བསྒྲུབ་པ་དབང་བཞི་བླང་བ། གསང་བ་ཆོས་སྐུ་ལས་ལ་སྦྱར་བ་ཐུགས་ཡིད་དབྱེར་མེད་བསྲེ་བའི་ངང་དུ་གཞག་པར་བྱ་བ་ཡིན་ནོ། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །སྐབས་འདིར་བྱིན་རླབས་བླ་མའི་རྣལ་འབྱོར་ལམ་དུ་བྱ་བ་ལ་གསུམ། སྐུ་སྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཚོགས་སོགས་དང་འབྲེལ་ན་སྨན་རཀ་གཏོར་མ་སྤྱི་འགྲོས་ལྟར་བཤམས། དེ་ནས་དོན་གྱི་ཕྲིན་ལས་ལ་འཇུག་པ། རང་ཉིད་རྟ་མཆོག་རོལ་པའི་ང་རྒྱལ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། བྱིན་དབབ། མཆོད་པ་བྱིན་བརླབས། བདག་སྐྱེད་སྔར་ལྟར་བསྒོམས་ཤིང་སྤྱན་འདྲེན་བཞུགས་གསོལ་སོགས་དང་། ཕྱག་མཆོད་བསྟོད་པའི་བར་དུ་གྲུབ་རྗེས། རང་ཉིད་ལྕེ་བཙུན་ཆེན་པོར་གསལ་བའི་ལྷར་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང་། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་སོགས་སྤྱི་ལྟར་བྱ། དེ་ལྟར་ལྷའི་གསལ་སྣང་ལ་བརྟན་པ་ཐོབ་ཚེ་གསུང་བཟླས་པ་སྔགས་ལ་འཇུག་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་གཉིས། བདག་དོན་བྱིན་རླབས་བསྡུ་བའི་རིམ་པ་དང་། གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་གཉིས་སོ། །དང་པོ་ནི། སྔགས་དོན་དྲན་པ་སོགས་ཀྱི་སྒོ་ནས་རླུང་འབྱུང་གནས་ལྡང་གསུམ་དང་སྦྱར་ཞིང་གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླས་པས་ཐུགས་རྒྱུད་བསྐུལ་ཞིང་། བུམ་ཅན་རྡོར་བཟླས་སྦྲགས་ཏེ་ཡིད་བཟླས་བྱ་ཞིང་སེམས་འཛིན། སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེར་ཐིམ་པས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་པའོ། །གཉིས་པ་གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་ནི། ཡང་མར་འཕྲོས་མ་དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་རབ་འབྱམས་སུ་བསྒྱུར་པར་བསམ་ཞིང་། གོང་དུ་སྔོན་འགྲོའི་སྐྱབས་སེམས་ཡིག་བརྒྱ་རྣམས་འབུམ་ཐེར་དང་། བླ་མའི་རྣལ་འབྱོར་གྱི་བསྙེན་པ་འབུམ་ཕྲག་བཅུ་གཉིས་བརྗོད་པར་བྱ། ཐུན་མཐར་མཆོད་བསྟོད་ཅི་རིགས་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། དེ་ནས་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ༔ ཞེས་ཐིག་ལེ་ལ་སེམས་འཛིན་པ་ནི་རྟེན་བཅས་ཡིན་ཞིང་། མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔ ཞེས་གསར་དུ་གཤེགས་པའི་སྟོང་ཉིད་དང་། གདོད་ནས་རང་བབས་ཀྱི་སྟོང་ཉིད་གཉིས་དབྱེར་མེད་པའི་ངང་ལ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཡིན་ནོ། །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད༔ དངོས་གཞི་འཁྲུམ་པ་རང་སར་གྲོལ་བའི་གནད༔ རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་དོ༔ དང་པོ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་འབོལ་གདན་ཆེན་པོའི་སྟེང་དུ་རང་གི་ལུས་གཅེར་བུར་ཕྱུང་ཞིང་། སྨད་དཀྲིས་ཀྱི་རྣམ་པ་གྱོན་ཞིང་རྐང་པའི་མཐིལ་གཉིས་སྤྲད། སོར་རྩེ་གཉིས་ས་ལ་བཙུག །ལག་པ་གཉིས་ཐལ་མོ་སྦྱར་ཞིང་སྤྱི་བོར་མ་རེག་པར་བྱ། ལག་པ་གཉིས་དང་མགོ་རྣམས་རྡོ་རྗེའི་རྭ་ཡར་རྩེ་གསུམ་དང་། རྐང་པ་གཉིས་དང་འཕོངས་རྣམས་མར་རྩེ་གསུམ། རྐེད་པ་རྡོ་རྗེའི་ལྟེ་བ་མཚོན་བྱེད་ཡིན་ཞིང་། རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་ཞིང་འོད་སྣ་ཚོགས་འཁྲིགས་པའི་རང་བཞིན་བསྒོམས་ལ། ལུས་ཚུགས་མི་ཐུབ་ན་གང་དུ་འགྱེལ་བའི་ས་ལ་རང་བཞག་ནས་རྣམ་པར་མི་རྟོག་པའི་ངང་དུ་གཞག་པར་བྱའོ། །གཉིས་པ་ངག་སྦྱོང་ནི། ངག་མི་སྨྲ་བར་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་རང་གི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་ཐིག་ལེ་ཅན་དུ་བསྒོམས་ལ། སྙིང་གའི་ཐད་དུ་ཧཱུྃ་སྔོན་པོ་མཁྱིད་གང་བ་ཙམ་དུ་གསལ་བཏབ་ལ། ཐ་མལ་གྱི་ངག་གི་སྨྲ་བརྗོད་རྦད་ཀྱིས་བཅད་ལ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཆེ་ཆུང་སྤེལ་མའི་ཚུལ་གྱིས་དལ་བར་བརྗོད། སྙིང་གའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས། སྣ་བུག་གཡས་ནས་ཕྱིར་ཐོན་ནས་གནས་ཁང་ཡུལ་ཕྱོགས་སོགས་ཧཱུྃ་གིས་གང་བར་མོས། སླར་ཡང་ཧཱུྃ་དེ་རྣམས་སྣ་བུག་གཡོན་ནས་ཚུར་ལུས་ཀྱི་ནང་དུ་ཞུགས་ནས་ལུས་ཀྱི་ནང་ཐམས་ཅད་བང་བ་འབྲུས་ཁེངས་པ་བཞིན་གང་བར་མོས་པ་ནི་རྒྱས་གདབ་པའི་རིམ་པའོ། །ཡང་སྙིང་གའི་ཧཱུྃ་ལས་ངོ་བོ་ཚ་ཞིང་རྩུབ་པ། རང་བཞིན་མྱུར་བ། རྩེ་མོ་རྣོ་བ། ཤུགས་དྲག་ལྡན་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་རྣམ་པ་ཅན་མང་པོ་འཕྲོས། རང་གི་ཡུལ་དང་གནས་ཁང་སོགས་ཁྲལ་ཁྲོལ་གྱི་རྣམ་པར་བྱེད། དེ་ནས་སྟོང་གསུམ་འཇིག་རྟེན་ཚུན་ཆད་ཧཱུྃ་གིས་གང་ཞིང་ཁྲལ་ཁྲོལ་གྱི་རྣམ་པར་བྱས་པར་མོས་པ་ནི་རྩལ་སྦྱོང་བ་དང་གནས་ཡུལ་སོགས་ལ་བདེན་འཛིན་སྦྱོང་བ་ཡིན་ཞིང་། ངག་སྦྱོང་དང་ངག་རུ་ཤན་དབྱེ་བ་གཉིས་སྟབས་གཅིག་ཏུ་བྱས་པ་ཡིན་ནོ། །གསུམ་པ་སེམས་སྦྱོང་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་ལ་རང་གིས། ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པ་ན། ལུས་ནི་བེམ་པོ་དང་། ངག་ནི་ལུས་སེམས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་རྣམ་པ་ཅན་ཡིན་ཞིང་། ཡར་མྱ་ངན་ལས་འདའ་བ་དང་། མར་འཁོར་བར་འཁྱམས་མཁན་ནི་སེམས་ཡིན་པར་རྟོགས་ཤིང་། སེམས་དེ་ཡང་དང་པོ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་ས། ཟླུམ་པོ་གྲུ་བཞི་ལ་སོགས་པའི་དབྱིབས་དང་། དཀར་སེར་ལ་སོགས་པའི་ཁ་དོག་དང་། གཅིག་དང་དུ་མ་ལ་སོགས་པ་གང་དུ་གྲུབ་བརྟག་ཙ་ན། དང་པོ་སྐྱེ་བའི་རྒྱུའི་སྟོངས། བར་དུ་གནས་པའི་ངོ་བོའི་སྟོངས། ཐ་མ་འགགས་པའི་འབྲས་བུའི་སྟོངས། དབྱིབས་ཁ་དོག་གཅིག་དང་དུ་མ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པར་ཐག་ཆོད་ཅིང་། རིག་ཐོག་ཏུ་གདར་ཤ་ཆོད་པར་བྱས་ཤིང་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་པ་ནི་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་སེམས་ཀྱི་མཚང་བཙལ་བའི་རིམ་པའོ། །བཞི་པ་དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་ནམ་མཁའ་ལས་སྤྲིན་དང་པོ་བྱུང་། བར་དུ་གནས་ལ། ཐ་མ་ནམ་མཁའི་ངང་དུ་ཐིམ་པ་བཞིན། ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་རིག་པ་དེའི་ངང་ལས་བྱུང་ཞིང་། བར་དུ་རིག་པའི་ངོ་བོ་ལས་མ་གཡོས། ཐ་མ་རིག་པའི་ངང་དུ་ཐིམ་ཞིང་། རང་གི་སེམས་ཉིད་རིག་སྟོང་འདུས་མ་བྱས་པའི་གནས་ལུགས་གསལ་སྟོང་རིག་པའི་སྙིང་པོ་ཅན་དེ་ཉིད་ལ་དྲན་པས་མ་ཡེངས་ཙམ་བྱ་བ་གནད་དམ་པ་ཡིན་ནོ། །གཉིས་པ། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་པ་དེ་ལ་བཞི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ་༔ ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་པས་ལྟ་བ་རི་བོ་ཅོག་གཞག་རིག་པ་མ་བཅོས་པའི་ངོ་བོ་རི་བོ་བཞིན་དུ་འཕོ་འགྱུར་མེད་པ་དང་། བསྒོམ་པ་རྒྱ་མཚོ་ཅོག་གཞག་དེའི་ངང་བསྐྱངས་པས་རྣམ་རྟོག་གང་ཤར་ཐམས་ཅད་རྒྱ་མཚོ་ལས་རླབས་བྱུང་ཞིང་སླར་ཐིམ་པ་བཞིན་རང་ཡལ་རྗེས་མེད་དུ་འགྲོ་ཞིང་། སྤྱོད་པ་མན་ངག་ཅོག་གཞག་རང་གི་རིག་པ་གསལ་སྟོང་རིག་པའི་སྙིང་པོ་ཅན་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་ངོ་བོ་དེ་ལས་མི་ཡེངས་པ་དང་། འབྲས་བུ་སྣང་བ་ཅོག་གཞག་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཕྱི་རོལ་མ་འགགས་ཤིང་དེར་འཛིན་བྲལ་བའི་ཚུལ་དུ་བསྒོམ་མོ། དང་པོ་ལུས་རི་བོ་ཅོག་གཞག་ནི། རང་གི་ལུས་རྣམ་སྣང་ཆོས་བདུན་དུ་བཅའ་ཞིང་དཔེར་ན་སོག་ཕོན་གྱི་ཐག་པ་ལྷོད་པ་ལྟར་བདེ་ལུགས་སུ་ལྷོད་ལ་མི་འགྱུར་རི་བོ་བཞིན་དུ་གཞག་པར་བྱ། བྱིང་བའི་ཉམས་བསལ་བའི་ཕྱིར་དུ་ལུས་ཀྱི་ཆ་ཆ་ནས་སྒྲིམ་ཞིང་སྒྲིམ་ལྷོད་སྤེལ་མའི་ཚུལ་དུ་གཞག་པར་བྱའོ། །གཉིས་པ་མིག་རྒྱ་མཚོ་ཅོག་གཞག་ནི། ཐ་མལ་གྱི་ངག་གི་སྨྲ་བའི་རྒྱུན་དང་པོ་ཇེ་ཉུང་གཏང་། མཐར་སྨྲ་བརྗོད་ཐམས་ཅད་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་རྦད་ཀྱིས་བཅད་ལ། རྒྱ་མཚོ་ཞེས་པ་མིག་གི་ཨ་འབྲས་གཉིས་གླང་པོ་ཆེ་གར་ཆང་གིས་བཟི་བ་ལྟར་མིག་འབྲས་མི་འགུལ་ཞིང་རྫི་མ་མཐའ་རྡེབ་ཙམ་ཡང་མི་བྱེད་པར་ནམ་མཁའི་དབྱིངས་ཀྱི་ཨར་ལ་གཏད་པ་གནད་ཡིན་ནོ། །གསུམ་པ་རིག་པ་ཅོག་གཞག་ནི། རང་གི་སེམས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ངོ་བོ་སྟོང་པ་ཆོས་སྐུ། སྟོང་ཉིད་ཀྱང་ཅི་མེད་ཅང་མེད་ནམ་མཁའ་ལྟར་མ་ཡིན་པར་གདངས་འགག་མེད་དུ་འཆར་བ་ལོངས་སྐུ། དེ་གཉིས་མར་མེ་དང་མར་མེའི་འོད་བཞིན་དབྱེར་མེད་པའི་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། འཆར་དུས་ཉིད་ནས་ངོ་བོ་སྟོང་ཉིད་ལས་མ་གཡོས་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ། དཔེ་དང་གཞན་གྱི་ཟེར་སྒྲོས་དང་གོ་བ་ཙམ་མ་ཡིན་པར་བླ་མའི་བྱིན་རླབས་དང་གདམ་ངག་ཁོ་ན་ལ་བརྟེན་ནས་རྟོགས་པར་བྱ་དགོས་ཤིང་། ཀ་དག་ཅེས་པ་གདོད་མ་ནས་དག་པ་འམ། ཡེ་གཟོད་མ་ནས་རྣམ་པར་དག་པའི་དོན་ཡིན་ཞིང་། དེ་ལྟར་གནས་ལུགས་དེ་ཉིད་སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བསླད་པ། ཡར་མྱ་ངན་ལས་འདས་པའི་དུས་སུ་བཟང་དུ་མ་སོང་། མར་འཁོར་བར་འཁྱམས་པའི་དུས་སུ་ངན་དུ་མ་སོང་། ཡུལ་དང་ཡུལ་ཅན་ཤེས་དང་ཤེས་བྱ་རོ་གཅིག་པའི་ཚུལ་གྱིས་ལ་བཟླ་བར་བྱ། ལ་བཟླ་བ་ནི་རྟོགས་པ་དེ་ཉིད་ཐེ་ཚོམ་མེད་པར་ཐག་ཆོད་པར་བྱ་དགོས་ཤིང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །སྣང་བ་ཐད་ཀར་གཅོད་ལ་འདུ། །ཞེས་པ་ལྟར་ཐེ་ཚོམ་དང་བཅས་པ་ལ་འབྲས་བུ་འབྱིན་པའི་དུས་ནམ་ཡང་མེད་པས། དཔེར་ན་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་དུ། སྟོང་གསལ་འདུས་མ་བྱས་པའི་རིག་པའི་ཡེ་ཤེས་སེམས་ངོ་བྲལ་བ་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་བྲལ་བ། འདས་པའི་རྣམ་རྟོག་འགགས། མ་འོངས་པའི་རྣམ་རྟོག་མ་སྐྱེས། ད་ལྟའི་ཐ་མལ་གྱི་ཤེས་པ་འདི་ལ་རྩིས་གདབ་མི་བྱ་བར། དུས་གསུམ་གྱི་རྟོག་པ་དང་བྲལ་བའི་བཞི་ཆ་བློ་འདས་ཆོས་སྐུའི་དགོངས་པའི་ངང་བསྐྱང་ཞིང་། རྣམ་རྟོག་གི་རྙོག་པས་མ་བསླད་པར་དྲན་པ་གསལ་ཙམ་རིག་ཙམ་བྱས་ཏེ་ཅོག་གེར་གཞག་པར་བྱ་བ་སྟེ་དེ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུའི་རྟགས་འཆར་ཚུལ་ལོ། །དང་པོ་ནི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང་༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་འདི་ལྟར་ཕྱི་གཟུང་བའི་ཡུལ་གྱི་སྣང་བ་ཐམས་ཅད་བློས་བཏགས་ཤིང་བཀོད་པ་ལས་ཡུལ་རང་ངོས་ནས་གྲུབ་པ་མེད། ནང་གི་སེམས་བྱུང་ཚོར་དང་བཅས་པའི་བློ་ནི་མེད་བཞིན་དུ་སྣང་བ་དཔེར་ན་རྨི་ལམ་ལྟ་བུའོ། །སེམས་དེའི་དབྱིངས་རིག་སྟོང་འདུས་མ་བྱས་པའི་རང་བཞིན་ནི་བསམ་པའི་ཡུལ་ལས་འདས། རྟགས་དང་གཏན་ཚིགས་ལ་སོགས་པས་མི་རྟོགས་ཤིང་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་ཤེས་ཀྱི་རྟེན་མེད་པ། གཟུང་བ་དང་འཛིན་པས་མ་གོས་ཤིང་ཡུལ་དང་ཡུལ་ཅན་གྱི་རྟོག་པས་མ་བསླད་པར་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་གཏིང་གསལ་བ་སངས་རྒྱས་ཆོས་ཀྱི་སྐུ་དང་དབྱེར་མེད་དུ་བཞུགས་པ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། དེ་གཉིས་ངོ་བོ་དབྱེར་མེད་དུ་བཞུགས་པ་རིག་པ་མ་བཅོས་པར་ལྟ་བས་ཐག་ཁྲེགས་སེ་ཆོད་པ་ནི་ལྟ་བས་ཐག་བཅད་པ་ཡིན་ནོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ནི། དེའི་འཕྲོས་ལས། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་སྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་དེ་ལྟར་རིག་པ་ངོ་འཕྲོད་ཕན་ཆད་ནམ་མཁའ་བཞིན་དུ་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་དབྱེར་མེད་པར་གཞག་པ་ནམ་མཁའི་རྣལ་འབྱོར་བྱ་སྟེ། གཟུང་འཛིན་དང་བཅས་པས་མི་བསྒོམ་པའི་ཚུལ་གྱིས་རིག་པ་རང་གི་ངོ་བོ་དང་མི་འབྲལ་བའི་ཚུལ་གྱིས་བསྒོམ་པར་བྱ་བ་ཡིན་ནོ། །གསུམ་པ་སྤྱོད་པས་ཐོགས་འབྱིན་པ་ནི། ཡང་། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གཙོ་བོ་རྗེས་ཐོབ་ཀྱི་ཉམས་ལེན་ཡིན་ཞིང་། ཕྱི་རོལ་ཚོགས་དྲུག་གི་སྣང་བ་གང་ཤར་ཀྱང་དགག་སྒྲུབ་གང་ཡང་མི་བྱེད་པར་ཕྱི་རོལ་སྣང་བ་ལ་མ་ཞེན་པས་ཕྱི་གཟུང་བའི་ཡུལ་རང་སར་དག་ཅིང་། ཕར་སྣང་བ་མ་འགགས། ཚུར་དེར་འཛིན་མ་ཞུགས་པས་ནང་གི་སེམས་དེར་འཛིན་བྲལ་བའི་ངང་དུ་གནས་པས་ནང་འཛིན་པ་རང་སར་དག །བར་དུ་རིག་པ་མ་བཅོས་པའི་ངང་དུ་གཞག་པ་ན་བར་དུ་འོད་གསལ་རང་ངོ་ཤེས་པའི་ངང་དུ་ལས་ཟིན་པའི་སྐྱེས་བུ་བཞིན་དུ་སྤྱོད་པར་བྱའོ། །བཞི་པ་འབྲས་བུའི་རྟགས་འཆར་ཚུལ་ནི། ཡང་། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་སེམས་ཟིན་པ་ན་རླུང་ཟིན། རླུང་ཟིན་པ་ན་རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལ་བརྟེན་ནས་ཕྱི་རོལ་གྱི་རྟགས་ནམ་མཁའ་ལ་དུ་བ་མེ་སྟག་སོགས་རྟགས་ལྔ་འཆར་ཞིང་། རིམ་གྱིས་གོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་ཀྱི་ལྷག་མཐོང་གྲུབ་པ་ཡིན་ནོ། །བཞི་པ་འབྲས་བུ་སྣང་བ་ཅོག་གཞག་ནི། རིག་པའི་ངོ་བོ་དེ་བླ་མའི་བྱིན་རླབས་ཁོ་ན་ལས་ཤེས་པར་བྱས། བར་དུ་རིག་པའི་རང་ཚོ་ཟིན་པར་བྱས་པ་ན་རྣམ་རྟོག་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་དང་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་འགྲོ་བ་ནི་རྩེལ་རྫོགས་པ་ཡིན་ཞིང་། མཐར་མཉམ་རྗེས་རོ་གཅིག་ཏུ་འདྲེས་ཤིང་རྟོག་པ་ལ་བཟང་ངན་མེད་པ་ནི་བརྟན་པ་ཐོབ་པ་ཡིན་ནོ། །དེ་ལྟར་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་རྡེག་པའི་མན་ངག་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་པ་དང་དོན་གྱི་གནད་གཅིག་པ་ཡིན་ནོ། །དེ་ལྟར་རིག་པ་མ་བཅོས་པའི་ངང་དུ་དུས་རྟག་ཏུ་བསྒོམ་པ་གལ་ཆེ་ཞིང་། གོ་བ་ཙམ་དང་བཤད་པ་མང་པོ་ཇི་ལྟར་བྱས་ཀྱང་རྣམ་རྟོག་ཇེ་མང་འགྲོ་བའི་རྒྱུ་ཡིན་པས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི་གནད་དམ་པ་ཡིན་ནོ། །གསུམ་པ་རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་ཁྲིད་ལ་བཞི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞིར་བཟུང་ངོ་། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་ལམ་གྱི་བོགས་འབྱིན་པར་བྱེད་པ་ཐོད་རྒལ་གྱི་ལམ་ནི། ཁྲེགས་ཆོད་ཀྱི་ལྟ་བ་གོམས་པའི་གང་ཟག་གིས་ཉམས་སུ་ལེན་དགོས་ཤིང་། དེ་ལ་དང་པོ་ལུས་ཀྱི་འདུག་སྟངས་གསུམ་ནི། སྐུ་གསུམ་གྱི་བཞུགས་སྟངས་ཡིན་ནོ། །གཉིས་པ་གཟིགས་སྟངས་གསུམ་ནི། ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་ལ་བལྟ་བ་ལྟ་བུའོ། །ལོངས་སྐུའི་གཟིགས་སྟངས་མདའ་མཁན་གྱིས་སྨྱུག་མ་བསྲང་བ་ལྟ་བུའོ། །སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུའོ། །གསུམ་པ་སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སྦུབས་སུ་གཞུག་པ་ནི། དེ་ལྟར་བཞུགས་སྟངས་དང་གཟིགས་སྟངས་གསུམ་གང་རུང་གི་ཚུལ་གྱིས་སྒོ་ཡུལ་རླུང་རིག་གི་གནད་ལ་གཅུན་པ་སྟེ། འཆར་བྱེད་སྒོའི་གནད་ནི། ནང་དབྱིངས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་འོད་རྩ་སྙིང་ནས་མིག་ཏུ་འབྲེལ་བ་ཅན་དེ་ལ་བརྟེན། འཆར་གཞི་ཡུལ་གྱི་གནད་ནི། ཕྱི་དབྱིངས་ནམ་མཁའ་སྟོང་པ་སླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་དེ་ཡིན་ནོ། །དེ་ལྟ་བུའི་གནད་ལ་བརྟེན་ནས་དབྱིངས་དང་རིག་པ་རྗེན་པ་སྟོང་གསལ་འདུས་མ་བྱས་པ་དེའི་ངང་དུ་དེར་འཛིན་དང་དམིགས་གཏད་ཐམས་ཅད་དང་བྲལ་བའི་ངང་དུ་སྔ་དྲོ་ཤར་དང་། ཕྱི་དྲོ་ནུབ་ཏུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བལྟ་ཞིང་། ཡང་ན་མིག་ལ་གནོད་ན་སྔ་དྲོ་ནུབ། ཕྱི་དྲོ་ཤར་དུ་ཡིད་མིག་རླུང་གསུམ་པོ་རྩེ་གཅིག་ཏུ་དྲིལ་ནས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་གཞུག་པར་བྱའོ། །བཞི་པ་དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི། སྒྲོན་མ་བཞི་དང་། སྣང་བ་བཞིའི་ལམ་རྟགས་རྣམས་གཞུང་གཞན་དང་འདྲའོ། །དེའི་འཕྲོས་དོན་མཐའ་བརྟེན་གྱི་མན་ངག་གསུམ་དང་། ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་གཉིས་སོ། །དང་པོ་ལ་གསུམ། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་དབྱིངས་ལས་མི་གཡོ་བའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཉམས་གོང་འཕེལ་གྱི་དུས་སུ། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་དབྱིངས་སུ་ཞི་བའོ། གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། རིག་པ་ཚད་ཕེབས་ཀྱི་དུས་སུ་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་བ་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་དེངས། གསང་བ་རྟོག་པ་ལ་དབང་ཐོབ་པས་རྟོག་ཚོགས་དབྱིངས་སུ་གྲོལ་ལོ། །ཆོས་ཉིད་ཟད་པའི་དུས་སུ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པ་ལས་གཞན་དུ་མ་གཡོས་པའི་གདེང་ཐོབ་ཙ་ན། ཡར་མྱང་འདས་ཐོབ་པའི་རེ་བ་དང་། མི་ཐོབ་པའི་དོགས་པ་མེད། མར་འཁོར་བར་ལྟུང་གི་དོགས་པ་དང་། མི་ལྟུང་བའི་རེ་བ་བྲལ་བའི་གདེང་བཞི་ཐོབ་པའོ། གཉིས་པ་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་བཏང་། ཉམས་གོང་འཕེལ་གྱི་དུས་སུ་ལུས་ཀྱིས་ཕྱག་བསྐོར་སོགས་དང་། ངག་གིས་མདོ་བཀླག་པ་དང་། ཡིད་ཀྱིས་ངེས་འབྱུང་གི་བློ་སོགས་དང་། རིག་པ་ཚད་ཕེབས་ཀྱི་དུས་སུ་ལུས་ཀྱིས་ཕྱག་རྒྱ་སོགས་དང་། ངག་གིས་སྔགས་ཀྱི་བཟླས་བརྗོད་སོགས་དང་། ཡིད་ཀྱིས་མཚན་བཅས་ཀྱི་རྫོགས་རིམ་སོགས་སྤངས་ཤིང་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་བཏང་བའོ། །གཉིས་པ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་དབྱིངས་རིག་སྦུབས་འཇུག་གི་མན་ངག་དང་། ཆོས་ཉིད་བར་དོའི་ཉམས་ལེན་ནོ། །དང་པོ་ལ་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་འཕོའི་མན་ངག་གོ །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་སྤྱིར་བར་དོའི་ཉམས་ལེན་ལ། རང་བཞིན་དང་སྐྱེ་གནས་ཀྱི་བར་དོར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམ་ངག་དང་། འཆི་ཁ་བར་དོར་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམ་ངག་དང་། ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམ་ངག་དང་། སྲིད་པ་བར་དོར་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམ་ངག་བཞི་ཡོད་པ་ལས། འདིར་འཆི་ཁ་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པས་མྱང་འདས་བྱེད་ཚུལ་ནི། ཚེ་འདིར་གོ་འཕང་མ་འགྲུབ་ནས་འཆི་བསླུ་སོགས་ཀྱིས་འཆི་བ་བཟློག་མ་ནུས་ན། ལུས་སེང་གེའི་ཉལ་སྟབས་སོགས་ཀྱིས་ནང་གི་དབྱིངས་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་རིག་པ་མ་བཅོས་པར་བཞག་པ་དང་། གསང་བའི་དབྱིངས་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དང་། ཕྱིའི་དབྱིངས་ནམ་མཁའ་དང་དབྱེར་མེད་དུ་བསྲེས་པའི་ངང་དུ་འཆི་ནས་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་འམ། ཡང་ན་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་རོ། །གཉིས་པ་རླུང་སེམས་གོང་འཕོ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་ལ་གཉིས། སྦྱང་བ་དང་། ལས་ལ་སྦྱར་བའོ། དང་པོ་ནི། སྔོན་འགྲོ་ཆ་ཚང་བ་འམ། ཡང་ན་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་ལུས་གཉུག་མའི་ལྷ་གང་རུང་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྤྱི་ལྟར་བསྒོམས་ལ། དེའི་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་གསལ་བཏབ་ལ། དེ་ནས་སྟེང་གི་ནམ་མཁའ་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ལྕེ་བཙུན་ཆེན་པོ་བཞུགས་པར་མོས་ལ། གསོལ་བ་དྲག་ཏུ་གདབ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དབུ་མའི་ལམ་བརྒྱུད་པར་མོས་པ་དང་མཉམ་དུ་ཕཊ་དང་ཧིག་ཅེས་བརྗོད་པས་བླ་མའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་བསམ། ཡང་མར་སྙིང་གའི་ཐིག་ལེ་ལ་བསྲེ་བ་སོགས་དང་། བླ་མའི་སྐུ་ལས་འཆི་བ་མེད་པའི་བདུད་རྩི་བབས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམ་མོ། །གཉིས་པ་ལས་ལ་སྦྱར་བ་ནི། རང་ཉིད་འཆི་བར་ངེས་པའི་ཚེ་ཡོ་བྱད་ཆོས་ཕྱོགས་སུ་འབུལ་ནས། གནས་ལུས་ཉེ་འབྲེལ་སོགས་ལ་ཞེན་པ་བཅད། ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པའི་དུས་སུ་ལས་ལ་སྦྱར་བའི་དུས་ཡིན་ཞིང་། ལུས་དང་རྩ་དང་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་བླ་མ་སོགས་སྔར་ལྟར་གསལ། བླ་མ་ལ་གསོལ་བ་གདབ་ཅིང་རླུང་སྦྱོར་གྱིས་ཐིག་ལེ་ཨ་ཡིག་དང་བཅས་པ་ལྷག་མེད་བླ་མའི་ཐུགས་ཀར་ཡང་ཡང་བསྟིམ་ཞིང་དེའི་ངང་དུ་མཉམ་པར་གཞག །མཐར་བླ་མ་ཡང་ཇེ་མཐོར་སོང་སྟེ་མེ་རི་འབར་བ་སོགས་སུ་གཤེགས་པའི་མོས་པ་བྱའོ། །གཉིས་པ་ཆོས་ཉིད་བར་དོའི་ཉམས་ལེན་ནི། རྩ་བ་ལས། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་འཆི་ཁ་བར་དོའི་མན་ངག་གིས་མ་གྲོལ་ན། གཞི་ལས་གཞི་སྣང་སྒྲ་དང་འོད་ཟེར་དང་སྐུ་ལ་སོགས་པ་མཐའ་ཡས་པ་འཆར་བའི་དུས་སུ་སྔངས་སྐྲག་དང་འཇིགས་པ་འབྱུང་བ་ན། དེ་དུས་སྒྲ་ཟེར་སྐུ་ཡི་སྣང་བ་ཇི་ལྟར་ཤར་ཡང་རིག་པ་ཁོ་ན་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དོན་དྲན་པ་ན་སྒྲ་ཟེར་སྐུའི་སྣང་བ་ཐམས་ཅད་རང་ལ་ཐིམ་ཞིང་། དེ་ཡང་དང་པོ་རང་སྣང་ཡིན་པར་ངོ་ཤེས། བར་དུ་རྩལ་རྫོགས། མཐར་བརྟན་པ་ཐོབ་ནས་གྲོལ་བར་འགྱུར་རོ། །གསུམ་པ་དབང་པོ་ཐ་མའི་ཁྲིད་ནི། དེ་ལྟར་ཆོས་ཉིད་བར་དོར་མ་གྲོལ་ན། སྲིད་པ་བར་དོར་འཁྲུལ་པའི་སྣང་བ་ཤར་ཞིང་། དེ་དུས་རི་ཉིལ་བ་དང་། མཚོ་ལུད་པ་དང་། མེ་འབར་བ་དང་། རླུང་གཡོ་བ་སྟེ་འཇིགས་པའི་སྒྲ་བཞི། མེ་ཆུ་ལ་སོགས་པའི་གཡང་ས་གསུམ། གནས་ཡུལ་གྲོགས་ལ་སོགས་པའི་མ་ངེས་པའི་རྟགས་རྣམས་འཆར་བའི་དུས་སུ་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། རྒྱལ་བ་སྲས་བཅས་ཀྱི་བདེན་པ་དང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་མཐུ་དང་། སྔར་གྱི་བླ་མའི་གདམ་ངག་སོགས་དྲན་ནས་དག་པའི་ཞིང་ཁམས་ལ་འདུན་པ་གཏད་པ་ན། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ལ་སོགས་པར་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཇལ། གསུང་ཐོས། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་ནས་ལམ་གྱི་འཕྲོ་མཐུད་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་བོ། །ཡང་ན་རང་གི་མདུན་གྱི་ནམ་མཁའ་ལ་ཆོས་འབྱུང་དམར་པོ་ཨཿཡིག་དང་བཅས་པ་གསལ་བ་ལ་རླུང་སེམས་བསྲེས་ཏེ་མེ་རི་འབར་བ་ལ་སོགས་སུ་གཤེགས་པར་མོས་པ་བྱའོ། །གསུམ་པ་རྗེས་ཀྱི་མཐར་དབྱུང་བའི་ཁྲིད་ལ་གསུམ། ཉམས་ལེན་སྤྱིར་བསྟན་པ་དང་། དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག །འབྲས་བུ་མངོན་དུ་བྱ་བའི་ཚུལ་ལོ། དང་པོ། ཡང་། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང་༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་གཟུང་༔ དུས་རྟག་ཏུ་རིག་སྟོང་རྗེན་བའི་ངང་གཟུང་ལ་གནད་དུ་གཏོང་ངོ་༔ ཞེས་དུས་རྟག་ཏུ་བླ་མ་ལ་བཅོས་མ་མ་ཡིན་པའི་སྒོ་ནས་མོས་གུས་དྲགས་པོས་དུས་དང་རྣམ་པ་ཀུན་ཏུ་བླ་མའི་སྣང་བ་དང་མི་འབྲལ་བའི་ངང་ནས་བླ་མར་ནན་ཏན་དུ་གསོལ་བ་གདབ་པ་ནི་ལམ་གྱི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། ལམ་གྱི་བོགས་འདོན་པ་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པར་འགྱུར་ཏེ། གྲུབ་ཆེན་ཏེ་ལོ་པས། གེགས་སེལ་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །བོགས་འདོན་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །ཞེས་དང་། ཡང་། བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་བཞིན། །ཞེས་སོ། །འཁོར་བ་ལ་ངེས་འབྱུང་སྙིང་ལ་གཅག །བླ་མ་དང་དཀོན་མཆོག་ལ་མོས་གུས་རྩལ་གཏོན། སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པ་དབྱུང་། ཚོགས་དྲུག་གི་སྣང་བ་ཐམས་ཅད་ཞེན་པ་མེད་པའི་ཚུལ་གྱིས་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་དང་དབྱེར་མེད་དུ་བསྲེ་བས་ཡུལ་གྱི་བདུད་རྩི་བརྟེན། ཆོས་དང་འཇིག་རྟེན་གྱི་རྣམ་གཡེང་ཐམས་ཅད་ཀྱི་སྤྲོས་པ་བཅད་ལ་ནང་དུ་བསྡུ། སྣའི་རླུང་བཏང་སྙོམས་སུ་གཞག །སོ་དང་མཆུ་མ་རེག་པར་རླུང་བཟོ་བཅོས་མི་བྱ་བར་རྒྱ་ཡན་དུ་འཇོག །ལུས་ལྷོད་ཀྱིས་ཀློད་པ་དང་བཞུགས་སྟངས་ཀྱི་གནད་དང་མ་བྲལ་བར་བྱ། འོད་གསལ་འཆར་བའི་ཕྱིར་མིག་འབྲས་མི་འགུལ། རྫི་མ་མཐའ་རྡེབ་མི་བྱ་བར་ནམ་མཁའི་དབྱིངས་སུ་གཟིར་ཞིང་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པ་ཉམས་སུ་ལེན། ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་སྐབས་སྐབས་སུ་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་རླུང་སྦྱོར་འཇམ་རླུང་བུམ་པ་ཅན་གཟུང་། མདོར་ན་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་དུས་རྟག་ཏུ་ཧ་ཅང་སྒྲིམ་པའང་མི་བྱ། ཧ་ཅང་ལྷོད་པ་མ་ཡིན་པར་རིག་པ་རང་སོ་ཟིན་པ་རིག་སྟོང་རྗེན་པའི་ངང་བཟུང་ལ་མ་ཡེངས་པའི་ངང་བསྐྱང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་སོགས་ཇི་ལྟར་རིགས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་མཚན་ཉིད་པ་མ་གྲུབ་ཀྱང་རྫས་ཀྱི་ཡོད་བྱད་ཀྱི་ཚོགས་ཇི་རིགས་པ་ལ་ལོངས་སྤྱོད་པར་བྱའོ། །གཉིས་པ་དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་ལ་གཉིས། ཕྱིའི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་གི་སྐྱེད་རྫོགས་ཀྱི་རྣལ་འབྱོར་ཉིན་གཅིག་ལ་ཐུན་བཞིར་ཕྱེས་ནས་ཉམས་སུ་ལེན་པར་བྱ་བ་དང་། ནང་གི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐུན་བཞིར་ཉམས་སུ་ལེན་པ་སྟེ་གཉིས་ལས། ཕྱི་མ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་ཀྱི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པ་དང་། ཐོ་རངས་རིག་པ་རང་སར་གཏོད་པ་དང་། རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་པས་བསྟན་པ་ལྟར་ཡིན་ནོ། །གཉིས་པ་ནམ་གུང་ཤེས་པ་བུམ་གཞུག་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་ཉལ་ཚེ་འོད་གསལ་གཟུང་ན་སྙིང་དབུས་དང་། རྨི་ལམ་གཟུང་ན་སྨིན་མཚམས་སུ་བླ་མ་དང་རིག་པ་དབྱེར་མེད་པའི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དཀར་པོ་ཞིག་བསྒོམ་མོ། །གསུམ་པ་ཐོ་རངས་རིག་པ་རང་སར་གཏོད་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུང་དུ་གཞུག་གོ༔ ཐོ་རངས་སད་མ་ཐག་ཏུ་ལུས་གནད་སེང་གེའི་འདུག་སྟངས་ཀྱིས། ངག་ཏུ་ཧ་ཧ་ཞེས་རླུང་བསངས་ནས། སྤྱི་བོར་གཞུ་གང་ཙམ་གྱི་ནམ་མཁའ་ལ་ཨ་ཡིག་དཀར་པོ་འོད་འབར་བར་བསམས་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་དེ་རིག་པ་གྲུང་དུ་གཞུག་པར་བྱའོ། །བཞི་པ་རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པ་ནི། རྣམ་པ་ཀུན་དུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་ལྟར་ཡིན་ནོ། །གསུམ་པ་མི་འགྱུར་རྟག་པ་དམ་པའི་འབྲས་བུ་མངོན་དུ་བྱ་བ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མ་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང་༔ ངག་དང་༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ དེ་བས་ན་འདི་ཁོ་ན་ལྟར་བཙོན་པར་བྱའོ༔ ཞེས་པ་ལྟར་ཡིན་ནོ། །ཞེས་པའང་ལྕེ་བཙུན་ཆེན་པོའི་རྣམ་འཕྲུལ་འོད་གསལ་སྤྲུལ་པའི་རྡོ་རྗེའམ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་ལན་གཉིས་ཀྱི་བར་དུ་ཐུགས་བརྩེ་བ་ཆེན་པོས་བདག་ལ་གནང་བ་ཡིན་པས་བརྗེད་ཀྱིས་ཕངས་ནས་རང་བློས་ཟིན་ཚོད་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།  ༈  གཞི་དབྱིངས་ཀ་དག་གཞི་སྣང་ལྷུན་གྲུབ་ཏུ། །རང་རིག་ཁྲེགས་ཆོད་ཐོད་རྒལ་ལམ་སྣང་བཞིས། །སྐུ་དང་ཡེ་ཤེས་མངོན་སུམ་གཅར་ཕོག་ཏུ། །སྟོན་མཛད་ལྕེ་བཙུན་ཆེན་པོའི་སྙིང་ཏིག་གི །ཟབ་ཁྲིད་ཞི་བའི་སྙིང་པོས་མཛད་འདི་ཉིད། །འཇམ་དབྱངས་བླ་མའི་ཞལ་རྒྱུན་འཁྲུལ་མེད་ཉིད། །ཡིན་ཞེས་རྡོ་གྲུབ་བསྟན་པའི་ཉི་མས་བསྔགས། །དེ་ཕྱིར་རྗེ་དབོན་བཀྲ་ཤིས་ཚེ་རིང་གིས། །པར་དུ་བཞེངས་ལས་ཆོས་འདིས་འགྲོ་བའི་དོན། །འཁོར་བ་མ་སྟོངས་བར་དུ་ཁྱབ་བརྡལ་གྱིས། །མ་ལུས་འོད་གསལ་རྡོ་རྗེ་སྙིང་པོའི་ཀློང་། །གདོད་མའི་ཀུན་ཏུ་བཟང་པོར་རོ་གཅིག་ཤོག །ཅེས་པའང་མཁྱེན་སྤྲུལ་མིང་གིས་སྨོན་པ་དགེ །དགེའོ།། །།</div>
 
View PDF [[Media:CHETSUN.19.pdf | Chetsun 19]]
 
==Notes==
<references />
 
[[Category:ལྕེ་བཙུན་སྙིང་ཏིག]]

Revision as of 06:42, 24 March 2013

༄༅། །ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་བཞུགས་སོ། །

༄༅༅། །འདིར་ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་ཁྲིད་ཀྱི་ཟིན་བྲིས་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་དང་གསུམ། དང་པོ་ལ་སྔོན་བྱུང་ལོ་རྒྱུས་དང་། ཕྱིས་འབྱུང་གི་ལོ་རྒྱུས་ལས། དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང་༔ ཚོར་བའི་རྒྱལ་པོ་དང་༔ འདུ་ཤེས་ཀྱི་རྒྱལ་པོ་དང་༔ འདུ་བྱེད་ཀྱི་རྒྱལ་པོ་དང་༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སེཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིག་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་ར་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ། དེའི་ཚེ་དེའི་དུས་ན། ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང་༔ ལས་དང་༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་འཚལ་ནས་འདི་སྐད་ཅེས་གསོལ་ཏེ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང་། སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀཱ་སེཾ་ཧེ་ཤྭ་ར་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་ཏུ་གྱུར་ཏོ། དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་རྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སེཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་ཕྱིས་འབྱུང་གི་ལོ་རྒྱུས། འདི་ནི་མ་འོངས་སྙིགས་མ་ལྔ་ཕན་པར་འགྱུར་རོ༔ ཞེས་པས་བསྟན། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི་དབང་གདམ་ངག་ལུགས་སུ་གདབ་པ་ཡིན་ནོ། །གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ལ་གསུམ། སྔོན་འགྲོས་རྒྱུད་སྦྱོང་བ་དང་། དངོས་གཞི་ཉམས་སུ་ལེན་པ། རྗེས་ཀྱི་མཐར་དབྱུང་ངོ་། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། དང་པོ་ལ་གསུམ། ལུས་རྣལ་དུ་དབབ་པ། ངག་རྣལ་དུ་དབབ་པ། ཡིད་རྣལ་དུ་དབབ་པའོ། །དང་པོ་ལུས་རྣལ་དབབ་རྣམ་སྣང་ཆོས་བདུན་དུ་བཅའ་བ། གཉིས་པ་ངག་རྣལ་དབབ་རླུང་རོ་དགུ་སྤྲུགས་བྱའོ། །གསུམ་པ་ཡིད་རྣལ་དབབ་ངེས་འབྱུང་རྣམ་དག་དང་། དད་པ་རྣམ་དག་དང་། བྱང་ཆུབ་ཀྱི་སེམས་སོགས་སྒོ་དུ་མ་ནས་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་ལ་བི་མ་མི་ཏྲ་འམ། ལྕེ་བཙུན་ཆེན་པོ་དང་། ཡང་ན་རང་གི་རྩ་བའི་བླ་མ་རྣམས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་ཐག་བཅད། ངེས་ཤེས་བསྐྱེད། མོས་གུས་ཀྱིས་གསོལ་བ་དྲག་ཏུ་གདབ། ངག་ཏུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས། བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། ཐུགས་ཡིད་བསྲེ་ཞིང་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ལ་རིག་སྟོང་རྗེན་པའི་ངང་བསྐྱང་བར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་སེམས་སྦྱོང་རྣམ་པ་བདུན་ལས། དང་པོ་ནི་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་ལ། དང་པོ་ཕྱི་སྣོད་བཅུད་ཀྱི་ཆགས་འཇིག་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། ནང་རང་གི་སྒྱུ་ལུས་ཕུང་པོ་ལ་བསམ་སྟེ་མི་རྟག་པར་བསྒོམ་པ་དང་། གསང་བ་རང་གི་གཉེན་གྲོགས་སོགས་ཀྱི་འཆི་རྐྱེན་ལ་བསམ་སྟེ་མི་རྟག་པར་བསྒོམ་པས་དོན་དྲན་པ་དང་། དཔེར་ན་ཆུའི་ལྦུ་བ་ལྟར་བསམ་ནས་བསྒོམ་པས་དཔེ་དྲན་པ་དང་། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །གཉིས་པ་འཁོར་བའི་བདེ་བ་ཐམས་ཅད་ཡུན་དུ་མི་གནས་པར་བསམ་ནས་སེམས་སྦྱོང་བ་ལ། ཁམས་གསུམ་པོ་སྡུག་བསྔལ་གསུམ་ལས་མ་འདས་པར་བསམ་ནས་དོན་དྲན། དཔེར་ན་དུག་གི་འབྲས་བུ་སྨིན་པ་ནི་བལྟ་ན་མཛེས་ཤིང་ཡིད་དུ་འོང་བ་ཟོས་ན་རོ་མངར་བ་སོགས་ཡོད་ཀྱང་ཁོག་ཏུ་སོང་ན་འཆི་བ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་ཡང་བསྲེས་ཏེ་བསྒོམ་པའོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་བ་དང་སྡུག་བསྔལ་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ་དང་འཇིག་རྟེན་ཆོས་བརྒྱད་སོགས་བྱ་བ་ཐམས་ཅད་ཟིན་དུས་མེད་པ་ལ་བསམ་ནས་ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོང་བ་ཞིག་བསྒོམ་པས་དོན་དྲན། དཔེར་ན་སོས་ཀའི་དུས་སུ་རི་དྭགས་ཀྱིས་སྨིག་རྒྱུའི་ཆུ་ལ་བསྙེག་པ་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བཞི་པ་ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཚེ་འདིའི་བྱ་བའི་བདེ་སྐྱིད་དཔལ་འབྱོར་སྙན་གྲགས་ཐམས་ཅད་དོན་མེད་པ་ཁོ་ན་དང་། དེར་མ་ཟད་ཚངས་དབང་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས་ཀྱི་དཔལ་འབྱོར་ཐོབ་ཀྱང་དོན་མེད་སྙམ་ནས་དོན་དྲན། དཔེར་ན་གཉིད་ཐུན་གཅིག་གི་སྐབས་སུ་བདེ་སྡུག་ཇི་ལྟར་མྱོང་ཡང་སད་པ་ན་ཐམས་ཅད་དོན་ཅིའང་མེད་པ་ལྟར་བསམ་ནས་དཔེ་དྲན། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །ལྔ་པ་ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་ལྡོག་ཏུ་མེད་པར་བསམ་ནས་སེམས་སྦྱོང་བ་ལ། ཐར་པ་ལའང་གསུམ། ཐར་པ་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། ཁྱད་པར་དུའང་ཐར་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྤངས་པས་རང་དོན་དུ་སྤང་རྟོགས་མཐར་ཕྱིན་ནས་ཞི་བ་དམ་པ་ཆོས་ཀྱི་སྐུ་བརྙེས་པ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ལ་བརྟེན་ནས་གདུལ་བྱའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་བྱེད་ལ་དེའི་སྤང་རྟོགས་ལ་ནམ་ཡང་ལྡོག་ཏུ་མེད་པས་ན་འབྲས་བུ་དེ་འདྲ་ཞིག་ནམ་ཐོབ་བསམ་ནས་དོན་དྲན། དཔེར་ན་འབྲུམ་ནད་ལས་ཐར་བའི་སྐྱེས་བུ་སླར་ཡང་འབྲུམ་ནད་ཀྱིས་མི་མནར་བ་ལྟར་བསམ་ནས་དཔེ་དྲན། དཔེ་དོན་བསྲེས་ཏེ་བསྒོམ་པའོ། །དྲུག་པ་བླ་མ་དམ་པའི་གདམ་ངག་ལ་བསམ་ནས་སེམས་སྦྱོང་བ་ལ། དེ་ལྟ་བུའི་ཐར་པ་ཐོབ་པའི་རྒྱུ་མེད་དུ་མི་རུང་བ་ནི་བླ་མའི་གདམ་ངག་ཡིན་ཏེ། དེ་ལ་དང་པོ་བླ་མ་བརྟག་པ་ལ་མཁས་པ། གཞན་གྱི་ཚིག་གི་རྗེས་སུ་མི་འབྲང་ཞིང་བླ་མ་རྟོགས་པ་དང་ལྡན་པ། ཉམས་མྱོང་དང་ལྡན་པ། བརྒྱུད་པ་གསུམ་གྱི་བྱིན་བརླབ་དང་ལྡན་པའི་མཚན་ཉིད་དང་ལྡན་པའི་བླ་མ་ལ་བསྟེན་པ། བར་དུ་བླ་མ་བསྟེན་པ་ལ་མཁས་པ་རབ་སྒྲུབ་པས་མཉེས་པ། འབྲིང་ཞབས་ཏོག་གིས་མཉེས་པ། ཐ་མ་ཟང་ཟིང་གིས་མཉེས་པར་བྱས། མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ། ཐ་མ་དགོངས་སྤྱོད་བསླབ་པ་ལ་མཁས་པ་བླ་མ་བྱིན་རླབས་དང་ལྡན་པ་ལས་གདམ་ངག་གི་བདུད་རྩི་ཐོབ་པར་བྱས། ཐོབ་པ་བཞིན་ཉམས་མྱོང་མཐར་དབྱུང་བའི་སྒོ་ནས་བླ་མའི་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་པར་བཏབ་པ་བཞིན་འབྱུང་ཞིང་། རང་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དབྱར་གྱི་མྱུ་གུ་ལྟར་འཕེལ་ཞིང་བླ་མའི་གདུང་འཚོབ་པར་བྱ་བསམ་ནས་དོན་དྲན། དཔེར་ན་ཁང་བཟང་དུ་འཛེགས་པའི་ཐེམ་སྐས་ལྟར་བསམ་ནས་དཔེ་དྲན། ཡང་དཔེ་དོན་བསྲེས་ཏེ་བསྒོམ་པའོ། །བདུན་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་སྦྱོང་བ་ལ་གསུམ་ལས། བདེ་སྟོང་རྣམ་པར་མི་རྟོག་པ་དང་། གསལ་སྟོང་རྣམ་པར་མི་རྟོག་པ་དང་། ཆོས་ཉིད་རྣམ་པར་མི་རྟོག་པའོ། །དང་པོ་ནི། ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་བསྒོམ་ཞིང་ལུས་སེམས་བདེ་ཧྲིལ་གྱིས་སོང་བར་མོས་པ་ནི་བདེ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་གསལ་སྟོང་རྣམ་པར་མི་རྟོག་པ་ནི། རང་གི་ལུས་ཀྱི་སྐྱིལ་ཀྲུང་བདེ་ལུགས་སུ་གཞག །ལག་པ་གཉིས་ཀྱིས་པུས་མོ་བཀབ། མིག་ཧ་རེ་བར་སྣང་ལ་བལྟ། ཕྱི་རོལ་གྱི་ཚོགས་དྲུག་གི་སྣང་བ་མི་དགག །ནང་གི་སེམས་དེར་འཛིན་དང་བྲལ་བའི་ངང་དུ་རྣམ་རྟོག་ཐམས་ཅད་ཐོལ་སྐྱེས་རྦད་ཆོད་ཀྱི་ཚུལ་དུ་མི་རྟོག་པའི་ངང་དུ་གཞག་པ་ནི་གསལ་བས་ཐབས་བྱས་པའི་རྩེ་གཅིག་པའི་ཏིང་འཛིན་ཡིན་ནོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ནི། སེམས་ཀྱི་ཆོས་ཉིད་གནས་ལུགས་མ་བཅོས་པ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ངང་དུ་གཞག་པ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ནོ། །ལས་སུ་རུང་བ་ལ་སྐྱེད་རྫོགས་ཀྱི་ཉམས་ལེན་གང་བྱེད་ཀྱང་དཀའ་ཚེགས་མེད་པར་འགྲུབ་པ་ཡིན་པས་དེ་ལྟར་བསྒོམ་པ་ནི་དོན་དྲན་པ། དཔེར་ན་ཞིང་ས་དུལ་བ་ལ་ས་བོན་བཏབ་ན་དཀའ་ཚེགས་མེད་པར་འབྲས་བུ་འབྱུང་བ་བཞིན་བསམ་པ་ནི་དཔེ་དྲན་པ། མཐར་དཔེ་དོན་བསྲེས་ཏེ་བསྒོམ་པར་བྱའོ། །དེ་ཡན་ཆད་ཐུན་མོང་གི་སྔོན་འགྲོའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་གསག་སྦྱོང་རྣམ་པ་ལྔ་ལས། ཐར་པའི་ལམ་གྱི་རྩ་བ་སྐྱབས་འགྲོ །ཐམས་ཅད་མཁྱེན་པའི་རྩ་བ་བྱང་ཆུབ་ཀྱི་སེམས་སྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་ནང་གི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་ནང་གི་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་པས་བསྟན་ཏེ། དེ་ལའང་ཀུན་རྫོབ་བརྡར་བཏགས་པའི་སྐྱབས་འགྲོ་དང་། དོན་དམ་ཡོངས་ཤེས་ཀྱི་སྐྱབས་འགྲོ་གཉིས་ཀྱི་དམིགས་རིམ་ནི་ཐིག་ལེ་གསང་རྫོགས་སུ་གསལ། གཉིས་པ་སེམས་སྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་གཞུང་སྤྱི་ལྟར་རོ། གཉིས་པ་དོན་དམ་ནི། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་པས་བསྟན་པ་ཐིག་ལེ་གསང་རྫོགས་སུ་གསལ། གསུམ་པ་འགལ་རྐྱེན་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། རྩ་གསུམ་འཁོར་ལོ་བཞི་དང་བཅས། དྭངས་གསལ་འོད་ཀྱི་རང་བཞིན་གྱི། མར་སྣེ་ལྟེ་འོག་སེར་བཞིའི་སྦུབས། བླ་མ་དཔལ་ལྡན་རྡོ་རྗེ་སེམས། དམར་གསལ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། རང་འོད་རིག་མའི་བདེ་བས་དགྱེས། རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། པདྨ་ཟླ་བའི་གདན་གྱི་སྟོང་། དྭངས་མ་འོད་ལྔའི་ཀློང་ན་བཞུགས། བླ་མ་རྡོ་རྗེ་སེམས་དཔའ་ལ། མི་ཕྱེད་དགུ་པས་གསོལ་བ་འདེབས། བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། བྱང་ཞིང་དག་པར་བྱིན་གྱིས་རློབས། རྩེ་གཅིག་གསོལ་བ་བཏབ་པ་ལས། ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། རྡོ་རྗེ་སེམས་དཔའི་གསང་གསུམ་དང་། དབྱེར་མེད་མ་བཅོས་ལྷུག་པར་ཤར། ཞེས་པས་བསྟན་ཏེ། དེའང་རང་ཉིད་གཉུག་མའི་ལྷར་གསལ་བའི་ལུས་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྲིན་མཛུབ་ཀྱི་ཚད་ཙམ་ཡར་སྣེ་སྤྱི་བོར་ཕུག་རྡུག་གི་རྣམ་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཁ་དོང་ངེ་བའི་རྣམ་པ། གཡས་སུ་རོ་མ་དམར་མོ་རྡུལ་གྱིས་གང་བ། གཡོན་དུ་རྐྱང་མ་དཀར་མོ་ཁུ་བས་གང་བ། གཉིས་ཀ་གཤེར་བག་གི་རང་བཞིན་ཅན། དབུ་མ་ལས་སུམ་འགྱུར་ཙམ་གྱིས་ཕྲ་བ། ཡར་སྣེ་དབུ་མ་ལས་སོར་གཅིག་ཙམ་དམའ་ཞིང་སྣ་བུག་གཡས་གཡོན་དུ་ཟུག་པ། མར་སྣེ་ལྟེ་འོག་ཏུ་ཡི་གེ་ཆའི་འཕོངས་ལྟ་བུའི་ཚུལ་གྱིས་དབུ་མར་ཆུད་པ། དེ་ནས་སྨིན་མཚམས་ནས་སོར་བཞི་འཇལ་བ་དཔྲལ་བ། དེ་ནས་ཡང་སོར་བཞི་འཇལ་བ་མཚོགས་མ། ཡང་སོར་དོ་འཇལ་བའི་མཚམས་སུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་གདུགས་ཀྱི་རྩེ་མོ་ལྟར་ཁ་ཐུར་བསྟན་གྱི་རྣམ་པ་དང་། མགྲིན་པ་ཨན་སྟོང་གི་ཐད་དུ་རྩ་འདབ་བཅུ་དྲུག་གདུགས་གན་རྐྱལ་དུ་ལོག་པ་ལྟར་ཁ་གྱེན་བསྟན་ཅན། སྙིང་དཀར་ནག་གི་ཐད་དུ་རྩ་འདབ་བརྒྱད་དང་། ལྟེ་བའི་བུག་པའི་ཐད་རྩ་འདབ་དྲུག་ཅུ་རེ་བཞི་པོ་དེ་གཉིས་སྔར་ལྟར་གདུགས་ཁ་སྦྱོར་ལྟར་དང་། རྩ་འཁོར་བཞི་པོ་གནས་ཚུལ་བཞི་ལས་བརྒྱད་སོགས་དང་། ཡང་ན་རྩ་འཁོར་ལས་རྩ་འདབ་རེ་རེ་བཞིན་གདུགས་ཀྱི་རྩིབས་མ་ལྟར་བསྒོམ་ན་གེགས་ཆུང་། རྩ་འདབ་ཐམས་ཅད་སྟོང་སིང་ངེ་བ་འོད་ཀྱི་རང་བཞིན་ཅན་གསལ་བཏབ། ལྟེ་བའི་རྩ་འཁོར་གྱི་འོག་ཏུ་དབུ་མའི་ནང་དུ་པདྨ་ཉི་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། རྣམ་འགྱུར་གསུང་པདྨའི་རིགས་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་དང་མཉམ་པར་སྦྱོར་བ། རྒྱུ་གཏུམ་མོའི་གཞི་གནས་ལས་བྱུང་བ་གསལ་གདབ་པ་ནི་རྟེན་གྱི་སྟོབས། རྡོར་སེམས་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་གདབ། སྔར་བྱས་པའི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟར་འགྱོད་སེམས་དྲགས་པོ་བྱས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། གསོལ་འདེབས་ཡི་གེ་བརྒྱ་པས་ཐུགས་རྒྱུད་བསྐུལ། རླུང་རོ་བསལ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་ལྟེ་བའི་རྡོར་སེམས་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། དེ་ཡར་སོང་ལྟེ་བའི་རྩ་འཁོར་རིམ་གྱིས་གང་། འཁྲིག་པའི་གནས་སྐབས་ཀྱི་སྙོམས་འཇུག་གི་སྒྲིབ་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་རྩ་འཁོར་གང་། གཉིད་འཐུག་གི་སྒྲིབ་པ་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་རྩ་འཁོར་གང་། རྨི་ལམ་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་རྩ་འཁོར་གང་། སད་པའི་སྒྲིབ་པ་དང་ཞེ་སྡང་དང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། དེའི་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་དག་པར་མོས་ལ། མཐར་བཤགས་སྡོམ་བྱ་བ་ནི། རུ་ཏྲའི་སྨྲེ་བཤགས་སམ། ཡང་ན་བདེ་མཆོག་མངོན་འབྱུང་གྱི་རྒྱུད་ལས་བྱུང་བའི། མགོན་པོ་བདག་ནི་སོགས། བསྡུ་ན་འཕགས་པ་རིན་པོ་ཆེའི་གསུང་། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། སྟིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སོགས་བརྗོད་ལ། བླ་མ་རྡོ་རྗེ་སེམས་དཔས་སྡིག་ལྟུང་དག་པའི་གནང་བ་བྱིན་པར་མོས་པ་རྣམས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ཡིན་ནོ། །མཐར་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་པའི་ངང་དུ་མཉམ་པར་གཞག །ནང་གི་ཚོགས་གསག་བྱ་ན་བསྡུ་མི་དགོས་སོ། །བཞི་པ་མཐུན་རྐྱེན་ཚོགས་གསག་ནང་གི་མཎྜལ་ནི། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། སྔར་ལྟར་གསལ་བའི་སྤྱི་བོའི་རྩ་འཁོར་གྱི་སྟེང་ཙམ་དུ་ཁམས་ཉིས་དྭངས་སུམ་དྭངས་ཀྱི་དྭངས་མ་ཧཾ་མགོ་ཐུར་བསྟན་གྱི་རྣམ་པ་གསལ་གདབ། སྒྲུབ་པའི་མཎྜལ། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་སྐུ་མདོག་དཀར་པོ། མགྲིན་པར་བླ་མ་གསུང་རྡོ་རྗེ་སྐུ་མདོག་དམར་པོ། སྙིང་གར་བླ་མ་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ག །ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་སྐུ་མདོག་སེར་པོ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོ་སོ་སོའི་གཙོ་བོ་དང་ཁ་དོག་མཐུན་པའི་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། མཆོད་པའི་མཎྜལ། བླ་མ་རྡོ་རྗེ་སེམས་དཔའ་ལ་མོས་གུས་བསྐྱེད་ཅིང་། སྔར་ལྟར་རླུང་སྦྱོར་གྱིས་གཏུམ་མོའི་མེ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ཧུར་གྱིས་འབར། ལྟེ་བ་སྙིང་ག་མགྲིན་པའི་རྩ་འཁོར་རྣམས་ཁྱབ། དེ་ནས་སྤྱི་བོའི་སྟེང་གི་ཧཾ་ཡིག་ལ་ཕོག་པ་ཙམ་གྱིས་ནཱ་དའི་རྩེ་མོ་ནས་བྱང་སེམས་དྭངས་མའི་རྒྱུན་ཝ་ཐིགས་འཛག་པ་ལྟ་བུ་བབ། ཐིགས་པ་བསགས་པས་རྒྱ་མཚོ་བཞིན་དུ་རྩ་འཁོར་གང་། བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། རགས་པ་ལུས་དང་ཕྲ་བ་རྩའི་སྒྲིབ་པ་དག །ལུས་དང་རྩ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་སྣང་སྟོང་སྐུ་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། དེ་ནས་རིམ་གྱིས་མགྲིན་པའི་རྩ་འཁོར་གང་། བླ་མ་གསུང་རྡོ་རྗེ་དང་བཅས་པ་ལ་ཕོག་པ་ཙམ་གྱིས་མཆོག་དགའི་མཆོད་པས་མཉེས། རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག །ངག་དང་རླུང་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་གྲགས་སྟོང་གསུང་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། སྙིང་གའི་རྩ་འཁོར་གང་། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་དགའ་བྲལ་གྱི་དགའ་བས་མཉེས། རགས་པ་ཡིད་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག །ཡིད་དང་ཐིག་ལེ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་རིག་སྟོང་ཐུགས་རྡོ་རྗེ་དབྱེར་མེད་དུ་གྱུར་པར་མོས། ལྟེ་བའི་རྩ་འཁོར་གང་། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་ལྷན་ཅིག་སྐྱེས་ཀྱི་དགའ་བས་མཉེས། སྒོ་གསུམ་ཆ་མཉམ་དང་འཕོ་བའི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་བརྟེན་ནས་ཚོགས་རྫོགས། མཐར་ཐུག་འབྲས་བུ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས། ཡུལ་ཅན་དགའ་བ་བཞིས་དྲངས་པའི་ཡུལ་སྟོང་པ་ཉིད་མཐར་ཐུག་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ་སྙམ་དུ་ང་རྒྱལ་གཟུང་ཞིང་། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་རིགས་བརྗོད། མ་ཧཱ་ཆེན་པོ་དང་། སུ་ཁ་བདེ་བ། བཛྲ་རྡོ་རྗེ། སཏྭ་སེམས་དཔའ། ཨ་ཧྃ་ངའོ། །ཞེས་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ངའོ་ཞེས་པའི་དོན་ནོ། །མཐར་མི་དམིགས་པའི་ངང་དུ་གཞག་པར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་ཉིད་སྒྱུ་ལུས་བླ་མ་དང་དབྱེར་མེད་པའི་ལྷར་གསལ་བ་དང་། མདུན་དུ་ཚོགས་ཞིང་གི་རྟེན་གསལ་གདབ་པ། ཚོགས་གསག་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་དང་། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་ཕྱིར་གསོལ་བ་གདབ་པ། མཇུག་དབང་བཞི་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་ལྔའོ། །དང་པོ་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོང་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ་གཡོར་སྐོར་དུ་དྲག་ཏུ་འཁོར་བ་ཞེས། རང་གི་སེམས་ཉིད་གདོད་མ་ནས་རྣམ་པར་དག་པ་ཀ་དག་གི་ངང་ལས་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པས་སྐད་ཅིག་གིས་རང་ཉིད་གང་དུ་གནས་པའི་གོ་སར་སེང་གེ་པདྨ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ། རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པའི་བརྟུལ་ཞུགས་ཅན་སྤྱན་ཧུར་བག་ཏུ་གཟིགས་ཤིང་ཚེམས་ཀྱི་མྱུ་གུ་ཅུང་ཟད་གཙིགས་ཤིང་ཁྲོ་བ། ཞལ་གྱི་མཆུ་སྒྲོས་འཛུམ་པའི་ཉམས་ཅན། སྐུ་ཤ་ཤིན་ཏུ་རྒྱས་པའི་ཉམས་ཀྱིས་སྒེག་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་སྔོན་པོའི་སྟོད་གཡོགས། རིན་པོ་ཆེ་དང་རུས་པའི་རྒྱན། སྤྱི་བོར་རུས་པའི་འཁོར་ལོ་དང༡་། སྙན་ཆ༢། ཕྱག་ཞབས་ཀྱི་གདུ་བུ༣་སྐ་རགས༤། མགུལ་རྒྱན་དོ་ཤལ་དང་སེ་མོ་དོ་༥དང་། སྐུ་སྟོད་ལ་རུས་པའི་སེ་རལ་ཁ༦་་ཐོག་པས་བརྒྱན་པ། སྐུ་ལུས་ཐམས་ཅད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་བྱེ་བ་ལྟ་བུས་གང་བ། ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་པ། སྐུ་དང་ཞིང་ཁམས་ཐམས་ཅད་སྤྲོ་དང་བསྡུ་བའི་བདག་ཉིད་དུ་གྱུར་པ། སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་དང་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། མཐའ་བསྐོར་ཀུན་དུ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའི་དཔལ་མགོན་བླ་མ་དམ་པ་རྣམས་དག །གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱིས་བསྐོར་བར་མོས། རང་གི་སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་ཕར་ཐད་ཀར་དབུ་མ་ལ་ཟུག་པ། ཁ་གདེང་གཡེལ་བའི་ཟུར་གཅིག་གྱེན་དུ་དཔྲལ་བར་བསྟན་པ། ཟུར་གཉིས་གཡས་གཡོན་དུ་བསྟན་པའི་དབུས་སུ་བདེ་ཆེན་ཐིག་ལེའི་གཡུང་དྲུང་དགའ་བ་འཁྱིལ་བ་དགའ་བཞི་མཚོན་བྱེད་ཁུག་པ་བཞི་དང་ལྡན་པ། ཁ་དོག་དམར་པོ་འོད་འབར་བ་གཡོན་དུ་དྲག་ཏུ་འཁོར་བར་བསྒོམ་མོ། །གཉིས་པ་མདུན་དུ་ཚོགས་རྟེན་གསལ་གདབ་པ་ནི། སྨིན་མཚམས་ཀྱི་ཐད་ཕར་ཁྲུ་གང་དང་ཡར་ཁྲུ་གང་མཚམས་སུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་ལ། རྣམ་པ་འོད་གསལ་སྣང་བཞི་མཐར་སོན་པར་མཛད་པའི་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་གངས་ཀྱི་རི་ལ་ཉི་མ་འཆར་བ་ལྟ་བུ། ཤངས་རྩེར་སྐྱེ་མེད་མཚོན་བྱེད་ཡི་གེ་ཨ་དཀར་པོ་ཐིགས་ལ་ཁད་པས་མཚན་པ། ཕྱག་གཉིས་མཉམ་གཞག་གིས་ཐོད་པ་བཅུད་ཀྱིས་བཀང་བ་ཐུགས་ཀར་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་ཐང་ཤམས་དང་། ཆོས་གོས་རྣམ་གསུམ་གསོལ་བ། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་རང་ལ་དགྱེས་ཡེ་རེ་བཞུགས་པ། རིག་པ་ཚད་ཕེབས་ཀྱི་སྣང་བ་ལྟར་སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་གཡོ་བར་བསམ་པ་ནི་བདག་མདུན་གྱི་དམ་ཚིག་པ་གསལ་གདབ་པ་དང་། ཡེ་ཤེས་པ་སྤྱན་དྲང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་མུ་མཐའ་མེད་པ་འཕྲོས། འོག་མིན་གྱི་ཞིང་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ལྕེ་བཙུན་སེང་ཧ་ཤྭ་ར་དང་བི་མ་མི་ཏྲའི་རྣམ་པར་བྱོན་པ་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་གསུམ་དཔལ་མགོན་བླ་མ་དམ་པ་སོགས་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པར་མོས་ལ་ཀུན་བཟང་དོན་ཕྲིན་ལྟར་སྤྱན་འདྲེན་གྱི་ཚིག་བརྗོད་པར་བྱའོ། །གསུམ་པ་ཚོགས་གསག་སླད་ཡན་ལག་བདུན་འབུལ་བ་ནི། ཀུན་རྫོབ་བརྡར་བཏགས་པ་དང་། དོན་དམ་ཡོངས་ཤེས་གཉིས་ལས། དང་པོ་རང་གི་ལུས་རྡུལ་སྙེད་ཀྱི་ཞིང་ལྟར་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་བྱ་བྱེད་འཇུག་པ་གཅིག་པའི་སྒོ་ནས་ཕྱག་འཚལ་བ་དང་། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་ལྟ་བུའི་རྒྱུ་ལས་བྱུང་བའི་ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྙོམས་འཇུག་གི་བདེ་བ། ཡང་གསང་དེ་ཁོ་ན་ཉིད་སོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འབུལ་བ་དང་། དྲན་པ་དང་མི་དྲན་པའི་སྡིག་ལྟུང་སྙིང་ཐག་པ་ནས་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་ཟག་བཅས་དང་ཟག་མེད་ཀྱི་དགེ་ཚོགས་ལ་ཕྲག་དོག་མེད་པའི་སྒོ་ནས་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་གདབ་པ་དང་། དེ་དག་ཐམས་ཅད་འཆི་མེད་རྟག་པ་དམ་པར་བཞུགས་ཤིང་མྱང་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དུས་གསུམ་དུ་བསགས་ཤིང་བསྒྲུབས་པའི་དགེ་བའི་རྩ་བ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བའི་བསྔོ་བ་དམ་པའི་ཚུལ་གྱིས་བསྔོ་བའོ། །གཉིས་པ་དོན་དམ་ནི། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང་༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཞེས་པའི་བར་སྣང་བཞི་མཐར་ཕྱིན་པའི་བླ་མ་སངས་རྒྱས་དང་། རང་གི་རིག་པ་ངོ་བོ་སྟོང་པ་ཆོས་སྐུ་དང་། རང་བཞིན་གསལ་བ་ལོངས་སྐུ་དང་། ཐུགས་རྗེ་འགག་མེད་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་དང་། སྐུ་གསུམ་དབྱེར་མེད་པའི་ངང་ནས་ཕྱག་འཚལ་བ་དང་། རླུང་འཇུག་གནས་ལྡང་གསུམ་དབུ་མར་ཞུགས་ཤིང་དག་པའི་སྒོ་ནས་མཆོད་པའི་སྤྲིན་ཕུང་འབུལ་བ་དང་། སྡིག་ལྟུང་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་པ་འདུས་མ་བྱས་པའི་ངང་དུ་བཤགས་པ་དང་། འཁོར་འདས་ལམ་གསུམ་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བ་དང་བྱེད་པ་ཐམས་ཅད་གཉིས་འཛིན་བྲལ་བའི་ཚུལ་གྱིས་རྗེས་སུ་ཡི་རང་བ་དང་། སྤྲོལ་བྲལ་མཉམ་པ་ཆེན་པོ་མི་ཤིགས་ནཱ་དའི་དབྱངས་སུ་ཆོས་འཁོར་བསྐོར་བར་གསོལ་བ་གདབ་པ་དང་། རྒྱལ་བ་སྲས་བཅས་འཆི་མེད་རྟག་པ་དམ་པའི་ཡོངས་གྲུབ་ཆེན་པོར་བཞུགས་སུ་གསོལ་བ་འདེབས་པ་དང་། དགེ་ཚོགས་ཐམས་ཅད་འོད་གསལ་ཆོས་ཀྱི་དབྱིངས་སུ་མི་བསྔོ་བའི་ཚུལ་གྱིས་བསྔོ་བ་དམ་པས་བསྔོ་བའོ། །བཞི་པ་བྱིན་རླབས་མྱུར་དུ་འཇུག་ཕྱིར་གསོལ་བ་གདབ་པ་ནི། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་གདབ་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་དང་གཉིས་ལས། དང་པོ་ནི། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་ཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ ཞེས་རྐང་པ་བཞིས་བསྟན། གཉིས་པ་འདོད་དོན་གསོལ་གདབ་ནི། བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་རྩོལ་ཅིག །ཅེས་རྐང་པ་གཉིས་ཀྱིས་བསྟན། ཞེས་དེ་ལྟར་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་འདོད་དོན་གསོལ་བ་སྟེ། འོད་གསལ་སྣང་བཞི་མཐར་ཕྱིན་ཅིང་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་བི་མ་མི་ཏྲ་ཁྱེད་ཀྱི་སྒོ་གསུམ་བདག་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་དུས་ཕྱི་དུས་ལ་མི་ལྟོས་པར་ད་ལྟ་ཉིད་དུ་འདུག་ས་འདི་ཉིད་དུ་སྟན་ཐོག་འདི་ཉིད་དུ་མྱུར་བ་ཉིད་དུ་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་གསོལ་བ་གདབ། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ལྷག་པར་ཐག་བཅད། ངེས་ཤེས་སྐྱེད། ལུས་ཀྱི་བ་སྤུ་ལྡང་བ། མིག་ནས་མཆི་མ་འཁྲུགས་པ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་བླ་མས་འཕྲོག་པ། ཕར་ཐིམ་ཕོད་པ། ཚུར་འབྲལ་མི་ཕོད་པའི་མོས་གུས་ཀྱིས་དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་གདུང་ཤུགས་དྲགས་པོའི་སྒོ་ནས་གསོལ་བ་ཡང་ཡང་གདབ། གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུམ་གྱི་རང་བཞིན་དང་། ཡང་ན་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས། གུ་རུ་བླ་མ་དང་། བི་མ་ལ་དྲི་མེད། མི་ཏྲ་བཤེས་གཉེན། ཧཱུྃ་ཧཱུྃ༔ ཞེས་ཐུགས་རྒྱུད་བསྐུལ་བའི་དོན་ཡིན་ཏེ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ་ཅིག །ཅེས་པའི་སྒོ་ནས་གསོལ་བ་གདབ་པའོ། །ལྔ་པ་དབང་བཞི་ལེན་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་རྗེས་འབྲེལ་བླ་རྣལ་ལམ་དུ་བྱ་བ་བཅས་ནི། གསོལ་བ་བཏབ་པའི་མཐར་བདག་ལ་དབང་བཞི་བསྐུར་བའི་གནང་བ་བསྩལ་དུ་གསོལ་ཞེས་བསམས་པས། སྨིན་མཚམས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ལྟ་བུ་དང་། དེ་ལས་རང་འདྲའི་སྐུ་ཆུང་ལ་ཡན་ལག་དོད་པ་ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་དང་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་། དེ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་དང་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། དེ་ལས་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་ཤར་བ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་གི་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་དབང་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་ལྔ་དང་ཕྲིན་ལས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་གི་སྨིན་མཚམས་སུ་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས། ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དྭངས་གསལ་གཡོ་མེད་དུ་གྱུར་པ་ལ་སེམས་རྩེ་གཅིག་ཏུ་གཟུང་བ་ནི་སྔགས་ཀྱི་ཞི་གནས་འགྲུབ་ཐབས་ཡིན་ཞིང་། མཐར་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་དམིགས་པའི་ངང་དུ་བཞག་ཅིང་། བླ་མའི་ཐུགས་དང་རང་གི་རིག་པ་གཉིས་བསམ་བརྗོད་དང་བྲལ་བའི་རིག་སྟོང་རྗེན་པའི་ངང་དུ་གཞག་པ་ནི་བླ་མ་ཆོས་སྐུའི་རང་ཞལ་བལྟ་བ་ཡིན་ནོ། །སྤྱིར་བླ་མ་ཕྱི་སྤྲུལ་སྐུ་ལ་བསྙེན་པ་མདུན་གྱི་ནམ་མཁའ་ལ་ཚོགས་རྟེན་གསལ་ཞིང་གསག་སྦྱང་བྱ་བ་དང་། ནང་ལོངས་སྐུ་བསྒྲུབ་པ་དབང་བཞི་བླང་བ། གསང་བ་ཆོས་སྐུ་ལས་ལ་སྦྱར་བ་ཐུགས་ཡིད་དབྱེར་མེད་བསྲེ་བའི་ངང་དུ་གཞག་པར་བྱ་བ་ཡིན་ནོ། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །སྐབས་འདིར་བྱིན་རླབས་བླ་མའི་རྣལ་འབྱོར་ལམ་དུ་བྱ་བ་ལ་གསུམ། སྐུ་སྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཚོགས་སོགས་དང་འབྲེལ་ན་སྨན་རཀ་གཏོར་མ་སྤྱི་འགྲོས་ལྟར་བཤམས། དེ་ནས་དོན་གྱི་ཕྲིན་ལས་ལ་འཇུག་པ། རང་ཉིད་རྟ་མཆོག་རོལ་པའི་ང་རྒྱལ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། བྱིན་དབབ། མཆོད་པ་བྱིན་བརླབས། བདག་སྐྱེད་སྔར་ལྟར་བསྒོམས་ཤིང་སྤྱན་འདྲེན་བཞུགས་གསོལ་སོགས་དང་། ཕྱག་མཆོད་བསྟོད་པའི་བར་དུ་གྲུབ་རྗེས། རང་ཉིད་ལྕེ་བཙུན་ཆེན་པོར་གསལ་བའི་ལྷར་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང་། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་སོགས་སྤྱི་ལྟར་བྱ། དེ་ལྟར་ལྷའི་གསལ་སྣང་ལ་བརྟན་པ་ཐོབ་ཚེ་གསུང་བཟླས་པ་སྔགས་ལ་འཇུག་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་གཉིས། བདག་དོན་བྱིན་རླབས་བསྡུ་བའི་རིམ་པ་དང་། གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་གཉིས་སོ། །དང་པོ་ནི། སྔགས་དོན་དྲན་པ་སོགས་ཀྱི་སྒོ་ནས་རླུང་འབྱུང་གནས་ལྡང་གསུམ་དང་སྦྱར་ཞིང་གསོལ་འདེབས་བསྙེན་པའི་ཚུལ་དུ་བཟླས་པས་ཐུགས་རྒྱུད་བསྐུལ་ཞིང་། བུམ་ཅན་རྡོར་བཟླས་སྦྲགས་ཏེ་ཡིད་བཟླས་བྱ་ཞིང་སེམས་འཛིན། སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེར་ཐིམ་པས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་པའོ། །གཉིས་པ་གཞན་དོན་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་རིམ་པ་ནི། ཡང་མར་འཕྲོས་མ་དག་པའི་ཞིང་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་རབ་འབྱམས་སུ་བསྒྱུར་པར་བསམ་ཞིང་། གོང་དུ་སྔོན་འགྲོའི་སྐྱབས་སེམས་ཡིག་བརྒྱ་རྣམས་འབུམ་ཐེར་དང་། བླ་མའི་རྣལ་འབྱོར་གྱི་བསྙེན་པ་འབུམ་ཕྲག་བཅུ་གཉིས་བརྗོད་པར་བྱ། ཐུན་མཐར་མཆོད་བསྟོད་ཅི་རིགས་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། དེ་ནས་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ༔ ཞེས་ཐིག་ལེ་ལ་སེམས་འཛིན་པ་ནི་རྟེན་བཅས་ཡིན་ཞིང་། མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔ ཞེས་གསར་དུ་གཤེགས་པའི་སྟོང་ཉིད་དང་། གདོད་ནས་རང་བབས་ཀྱི་སྟོང་ཉིད་གཉིས་དབྱེར་མེད་པའི་ངང་ལ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཡིན་ནོ། །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད༔ དངོས་གཞི་འཁྲུམ་པ་རང་སར་གྲོལ་བའི་གནད༔ རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་དོ༔ དང་པོ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་འབོལ་གདན་ཆེན་པོའི་སྟེང་དུ་རང་གི་ལུས་གཅེར་བུར་ཕྱུང་ཞིང་། སྨད་དཀྲིས་ཀྱི་རྣམ་པ་གྱོན་ཞིང་རྐང་པའི་མཐིལ་གཉིས་སྤྲད། སོར་རྩེ་གཉིས་ས་ལ་བཙུག །ལག་པ་གཉིས་ཐལ་མོ་སྦྱར་ཞིང་སྤྱི་བོར་མ་རེག་པར་བྱ། ལག་པ་གཉིས་དང་མགོ་རྣམས་རྡོ་རྗེའི་རྭ་ཡར་རྩེ་གསུམ་དང་། རྐང་པ་གཉིས་དང་འཕོངས་རྣམས་མར་རྩེ་གསུམ། རྐེད་པ་རྡོ་རྗེའི་ལྟེ་བ་མཚོན་བྱེད་ཡིན་ཞིང་། རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་ཞིང་འོད་སྣ་ཚོགས་འཁྲིགས་པའི་རང་བཞིན་བསྒོམས་ལ། ལུས་ཚུགས་མི་ཐུབ་ན་གང་དུ་འགྱེལ་བའི་ས་ལ་རང་བཞག་ནས་རྣམ་པར་མི་རྟོག་པའི་ངང་དུ་གཞག་པར་བྱའོ། །གཉིས་པ་ངག་སྦྱོང་ནི། ངག་མི་སྨྲ་བར་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་རང་གི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་ཐིག་ལེ་ཅན་དུ་བསྒོམས་ལ། སྙིང་གའི་ཐད་དུ་ཧཱུྃ་སྔོན་པོ་མཁྱིད་གང་བ་ཙམ་དུ་གསལ་བཏབ་ལ། ཐ་མལ་གྱི་ངག་གི་སྨྲ་བརྗོད་རྦད་ཀྱིས་བཅད་ལ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཆེ་ཆུང་སྤེལ་མའི་ཚུལ་གྱིས་དལ་བར་བརྗོད། སྙིང་གའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས། སྣ་བུག་གཡས་ནས་ཕྱིར་ཐོན་ནས་གནས་ཁང་ཡུལ་ཕྱོགས་སོགས་ཧཱུྃ་གིས་གང་བར་མོས། སླར་ཡང་ཧཱུྃ་དེ་རྣམས་སྣ་བུག་གཡོན་ནས་ཚུར་ལུས་ཀྱི་ནང་དུ་ཞུགས་ནས་ལུས་ཀྱི་ནང་ཐམས་ཅད་བང་བ་འབྲུས་ཁེངས་པ་བཞིན་གང་བར་མོས་པ་ནི་རྒྱས་གདབ་པའི་རིམ་པའོ། །ཡང་སྙིང་གའི་ཧཱུྃ་ལས་ངོ་བོ་ཚ་ཞིང་རྩུབ་པ། རང་བཞིན་མྱུར་བ། རྩེ་མོ་རྣོ་བ། ཤུགས་དྲག་ལྡན་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་རྣམ་པ་ཅན་མང་པོ་འཕྲོས། རང་གི་ཡུལ་དང་གནས་ཁང་སོགས་ཁྲལ་ཁྲོལ་གྱི་རྣམ་པར་བྱེད། དེ་ནས་སྟོང་གསུམ་འཇིག་རྟེན་ཚུན་ཆད་ཧཱུྃ་གིས་གང་ཞིང་ཁྲལ་ཁྲོལ་གྱི་རྣམ་པར་བྱས་པར་མོས་པ་ནི་རྩལ་སྦྱོང་བ་དང་གནས་ཡུལ་སོགས་ལ་བདེན་འཛིན་སྦྱོང་བ་ཡིན་ཞིང་། ངག་སྦྱོང་དང་ངག་རུ་ཤན་དབྱེ་བ་གཉིས་སྟབས་གཅིག་ཏུ་བྱས་པ་ཡིན་ནོ། །གསུམ་པ་སེམས་སྦྱོང་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་ལ་རང་གིས། ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པ་ན། ལུས་ནི་བེམ་པོ་དང་། ངག་ནི་ལུས་སེམས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་རྣམ་པ་ཅན་ཡིན་ཞིང་། ཡར་མྱ་ངན་ལས་འདའ་བ་དང་། མར་འཁོར་བར་འཁྱམས་མཁན་ནི་སེམས་ཡིན་པར་རྟོགས་ཤིང་། སེམས་དེ་ཡང་དང་པོ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་ས། ཟླུམ་པོ་གྲུ་བཞི་ལ་སོགས་པའི་དབྱིབས་དང་། དཀར་སེར་ལ་སོགས་པའི་ཁ་དོག་དང་། གཅིག་དང་དུ་མ་ལ་སོགས་པ་གང་དུ་གྲུབ་བརྟག་ཙ་ན། དང་པོ་སྐྱེ་བའི་རྒྱུའི་སྟོངས། བར་དུ་གནས་པའི་ངོ་བོའི་སྟོངས། ཐ་མ་འགགས་པའི་འབྲས་བུའི་སྟོངས། དབྱིབས་ཁ་དོག་གཅིག་དང་དུ་མ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པར་ཐག་ཆོད་ཅིང་། རིག་ཐོག་ཏུ་གདར་ཤ་ཆོད་པར་བྱས་ཤིང་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་པ་ནི་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་སེམས་ཀྱི་མཚང་བཙལ་བའི་རིམ་པའོ། །བཞི་པ་དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་ནམ་མཁའ་ལས་སྤྲིན་དང་པོ་བྱུང་། བར་དུ་གནས་ལ། ཐ་མ་ནམ་མཁའི་ངང་དུ་ཐིམ་པ་བཞིན། ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་རིག་པ་དེའི་ངང་ལས་བྱུང་ཞིང་། བར་དུ་རིག་པའི་ངོ་བོ་ལས་མ་གཡོས། ཐ་མ་རིག་པའི་ངང་དུ་ཐིམ་ཞིང་། རང་གི་སེམས་ཉིད་རིག་སྟོང་འདུས་མ་བྱས་པའི་གནས་ལུགས་གསལ་སྟོང་རིག་པའི་སྙིང་པོ་ཅན་དེ་ཉིད་ལ་དྲན་པས་མ་ཡེངས་ཙམ་བྱ་བ་གནད་དམ་པ་ཡིན་ནོ། །གཉིས་པ། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་པ་དེ་ལ་བཞི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ་༔ ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་པས་ལྟ་བ་རི་བོ་ཅོག་གཞག་རིག་པ་མ་བཅོས་པའི་ངོ་བོ་རི་བོ་བཞིན་དུ་འཕོ་འགྱུར་མེད་པ་དང་། བསྒོམ་པ་རྒྱ་མཚོ་ཅོག་གཞག་དེའི་ངང་བསྐྱངས་པས་རྣམ་རྟོག་གང་ཤར་ཐམས་ཅད་རྒྱ་མཚོ་ལས་རླབས་བྱུང་ཞིང་སླར་ཐིམ་པ་བཞིན་རང་ཡལ་རྗེས་མེད་དུ་འགྲོ་ཞིང་། སྤྱོད་པ་མན་ངག་ཅོག་གཞག་རང་གི་རིག་པ་གསལ་སྟོང་རིག་པའི་སྙིང་པོ་ཅན་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་ངོ་བོ་དེ་ལས་མི་ཡེངས་པ་དང་། འབྲས་བུ་སྣང་བ་ཅོག་གཞག་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཕྱི་རོལ་མ་འགགས་ཤིང་དེར་འཛིན་བྲལ་བའི་ཚུལ་དུ་བསྒོམ་མོ། དང་པོ་ལུས་རི་བོ་ཅོག་གཞག་ནི། རང་གི་ལུས་རྣམ་སྣང་ཆོས་བདུན་དུ་བཅའ་ཞིང་དཔེར་ན་སོག་ཕོན་གྱི་ཐག་པ་ལྷོད་པ་ལྟར་བདེ་ལུགས་སུ་ལྷོད་ལ་མི་འགྱུར་རི་བོ་བཞིན་དུ་གཞག་པར་བྱ། བྱིང་བའི་ཉམས་བསལ་བའི་ཕྱིར་དུ་ལུས་ཀྱི་ཆ་ཆ་ནས་སྒྲིམ་ཞིང་སྒྲིམ་ལྷོད་སྤེལ་མའི་ཚུལ་དུ་གཞག་པར་བྱའོ། །གཉིས་པ་མིག་རྒྱ་མཚོ་ཅོག་གཞག་ནི། ཐ་མལ་གྱི་ངག་གི་སྨྲ་བའི་རྒྱུན་དང་པོ་ཇེ་ཉུང་གཏང་། མཐར་སྨྲ་བརྗོད་ཐམས་ཅད་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་རྦད་ཀྱིས་བཅད་ལ། རྒྱ་མཚོ་ཞེས་པ་མིག་གི་ཨ་འབྲས་གཉིས་གླང་པོ་ཆེ་གར་ཆང་གིས་བཟི་བ་ལྟར་མིག་འབྲས་མི་འགུལ་ཞིང་རྫི་མ་མཐའ་རྡེབ་ཙམ་ཡང་མི་བྱེད་པར་ནམ་མཁའི་དབྱིངས་ཀྱི་ཨར་ལ་གཏད་པ་གནད་ཡིན་ནོ། །གསུམ་པ་རིག་པ་ཅོག་གཞག་ནི། རང་གི་སེམས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ངོ་བོ་སྟོང་པ་ཆོས་སྐུ། སྟོང་ཉིད་ཀྱང་ཅི་མེད་ཅང་མེད་ནམ་མཁའ་ལྟར་མ་ཡིན་པར་གདངས་འགག་མེད་དུ་འཆར་བ་ལོངས་སྐུ། དེ་གཉིས་མར་མེ་དང་མར་མེའི་འོད་བཞིན་དབྱེར་མེད་པའི་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། འཆར་དུས་ཉིད་ནས་ངོ་བོ་སྟོང་ཉིད་ལས་མ་གཡོས་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ། དཔེ་དང་གཞན་གྱི་ཟེར་སྒྲོས་དང་གོ་བ་ཙམ་མ་ཡིན་པར་བླ་མའི་བྱིན་རླབས་དང་གདམ་ངག་ཁོ་ན་ལ་བརྟེན་ནས་རྟོགས་པར་བྱ་དགོས་ཤིང་། ཀ་དག་ཅེས་པ་གདོད་མ་ནས་དག་པ་འམ། ཡེ་གཟོད་མ་ནས་རྣམ་པར་དག་པའི་དོན་ཡིན་ཞིང་། དེ་ལྟར་གནས་ལུགས་དེ་ཉིད་སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བསླད་པ། ཡར་མྱ་ངན་ལས་འདས་པའི་དུས་སུ་བཟང་དུ་མ་སོང་། མར་འཁོར་བར་འཁྱམས་པའི་དུས་སུ་ངན་དུ་མ་སོང་། ཡུལ་དང་ཡུལ་ཅན་ཤེས་དང་ཤེས་བྱ་རོ་གཅིག་པའི་ཚུལ་གྱིས་ལ་བཟླ་བར་བྱ། ལ་བཟླ་བ་ནི་རྟོགས་པ་དེ་ཉིད་ཐེ་ཚོམ་མེད་པར་ཐག་ཆོད་པར་བྱ་དགོས་ཤིང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །སྣང་བ་ཐད་ཀར་གཅོད་ལ་འདུ། །ཞེས་པ་ལྟར་ཐེ་ཚོམ་དང་བཅས་པ་ལ་འབྲས་བུ་འབྱིན་པའི་དུས་ནམ་ཡང་མེད་པས། དཔེར་ན་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་དུ། སྟོང་གསལ་འདུས་མ་བྱས་པའི་རིག་པའི་ཡེ་ཤེས་སེམས་ངོ་བྲལ་བ་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་བྲལ་བ། འདས་པའི་རྣམ་རྟོག་འགགས། མ་འོངས་པའི་རྣམ་རྟོག་མ་སྐྱེས། ད་ལྟའི་ཐ་མལ་གྱི་ཤེས་པ་འདི་ལ་རྩིས་གདབ་མི་བྱ་བར། དུས་གསུམ་གྱི་རྟོག་པ་དང་བྲལ་བའི་བཞི་ཆ་བློ་འདས་ཆོས་སྐུའི་དགོངས་པའི་ངང་བསྐྱང་ཞིང་། རྣམ་རྟོག་གི་རྙོག་པས་མ་བསླད་པར་དྲན་པ་གསལ་ཙམ་རིག་ཙམ་བྱས་ཏེ་ཅོག་གེར་གཞག་པར་བྱ་བ་སྟེ་དེ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུའི་རྟགས་འཆར་ཚུལ་ལོ། །དང་པོ་ནི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང་༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་འདི་ལྟར་ཕྱི་གཟུང་བའི་ཡུལ་གྱི་སྣང་བ་ཐམས་ཅད་བློས་བཏགས་ཤིང་བཀོད་པ་ལས་ཡུལ་རང་ངོས་ནས་གྲུབ་པ་མེད། ནང་གི་སེམས་བྱུང་ཚོར་དང་བཅས་པའི་བློ་ནི་མེད་བཞིན་དུ་སྣང་བ་དཔེར་ན་རྨི་ལམ་ལྟ་བུའོ། །སེམས་དེའི་དབྱིངས་རིག་སྟོང་འདུས་མ་བྱས་པའི་རང་བཞིན་ནི་བསམ་པའི་ཡུལ་ལས་འདས། རྟགས་དང་གཏན་ཚིགས་ལ་སོགས་པས་མི་རྟོགས་ཤིང་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་ཤེས་ཀྱི་རྟེན་མེད་པ། གཟུང་བ་དང་འཛིན་པས་མ་གོས་ཤིང་ཡུལ་དང་ཡུལ་ཅན་གྱི་རྟོག་པས་མ་བསླད་པར་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་གཏིང་གསལ་བ་སངས་རྒྱས་ཆོས་ཀྱི་སྐུ་དང་དབྱེར་མེད་དུ་བཞུགས་པ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། དེ་གཉིས་ངོ་བོ་དབྱེར་མེད་དུ་བཞུགས་པ་རིག་པ་མ་བཅོས་པར་ལྟ་བས་ཐག་ཁྲེགས་སེ་ཆོད་པ་ནི་ལྟ་བས་ཐག་བཅད་པ་ཡིན་ནོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ནི། དེའི་འཕྲོས་ལས། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་སྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་དེ་ལྟར་རིག་པ་ངོ་འཕྲོད་ཕན་ཆད་ནམ་མཁའ་བཞིན་དུ་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་དབྱེར་མེད་པར་གཞག་པ་ནམ་མཁའི་རྣལ་འབྱོར་བྱ་སྟེ། གཟུང་འཛིན་དང་བཅས་པས་མི་བསྒོམ་པའི་ཚུལ་གྱིས་རིག་པ་རང་གི་ངོ་བོ་དང་མི་འབྲལ་བའི་ཚུལ་གྱིས་བསྒོམ་པར་བྱ་བ་ཡིན་ནོ། །གསུམ་པ་སྤྱོད་པས་ཐོགས་འབྱིན་པ་ནི། ཡང་། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གཙོ་བོ་རྗེས་ཐོབ་ཀྱི་ཉམས་ལེན་ཡིན་ཞིང་། ཕྱི་རོལ་ཚོགས་དྲུག་གི་སྣང་བ་གང་ཤར་ཀྱང་དགག་སྒྲུབ་གང་ཡང་མི་བྱེད་པར་ཕྱི་རོལ་སྣང་བ་ལ་མ་ཞེན་པས་ཕྱི་གཟུང་བའི་ཡུལ་རང་སར་དག་ཅིང་། ཕར་སྣང་བ་མ་འགགས། ཚུར་དེར་འཛིན་མ་ཞུགས་པས་ནང་གི་སེམས་དེར་འཛིན་བྲལ་བའི་ངང་དུ་གནས་པས་ནང་འཛིན་པ་རང་སར་དག །བར་དུ་རིག་པ་མ་བཅོས་པའི་ངང་དུ་གཞག་པ་ན་བར་དུ་འོད་གསལ་རང་ངོ་ཤེས་པའི་ངང་དུ་ལས་ཟིན་པའི་སྐྱེས་བུ་བཞིན་དུ་སྤྱོད་པར་བྱའོ། །བཞི་པ་འབྲས་བུའི་རྟགས་འཆར་ཚུལ་ནི། ཡང་། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་སེམས་ཟིན་པ་ན་རླུང་ཟིན། རླུང་ཟིན་པ་ན་རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལ་བརྟེན་ནས་ཕྱི་རོལ་གྱི་རྟགས་ནམ་མཁའ་ལ་དུ་བ་མེ་སྟག་སོགས་རྟགས་ལྔ་འཆར་ཞིང་། རིམ་གྱིས་གོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་ཀྱི་ལྷག་མཐོང་གྲུབ་པ་ཡིན་ནོ། །བཞི་པ་འབྲས་བུ་སྣང་བ་ཅོག་གཞག་ནི། རིག་པའི་ངོ་བོ་དེ་བླ་མའི་བྱིན་རླབས་ཁོ་ན་ལས་ཤེས་པར་བྱས། བར་དུ་རིག་པའི་རང་ཚོ་ཟིན་པར་བྱས་པ་ན་རྣམ་རྟོག་གང་ཤར་ཐམས་ཅད་སྦྲུལ་གྱི་མདུད་པ་དང་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་འགྲོ་བ་ནི་རྩེལ་རྫོགས་པ་ཡིན་ཞིང་། མཐར་མཉམ་རྗེས་རོ་གཅིག་ཏུ་འདྲེས་ཤིང་རྟོག་པ་ལ་བཟང་ངན་མེད་པ་ནི་བརྟན་པ་ཐོབ་པ་ཡིན་ནོ། །དེ་ལྟར་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་རྡེག་པའི་མན་ངག་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་པ་དང་དོན་གྱི་གནད་གཅིག་པ་ཡིན་ནོ། །དེ་ལྟར་རིག་པ་མ་བཅོས་པའི་ངང་དུ་དུས་རྟག་ཏུ་བསྒོམ་པ་གལ་ཆེ་ཞིང་། གོ་བ་ཙམ་དང་བཤད་པ་མང་པོ་ཇི་ལྟར་བྱས་ཀྱང་རྣམ་རྟོག་ཇེ་མང་འགྲོ་བའི་རྒྱུ་ཡིན་པས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི་གནད་དམ་པ་ཡིན་ནོ། །གསུམ་པ་རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་ཁྲིད་ལ་བཞི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞིར་བཟུང་ངོ་། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་ལམ་གྱི་བོགས་འབྱིན་པར་བྱེད་པ་ཐོད་རྒལ་གྱི་ལམ་ནི། ཁྲེགས་ཆོད་ཀྱི་ལྟ་བ་གོམས་པའི་གང་ཟག་གིས་ཉམས་སུ་ལེན་དགོས་ཤིང་། དེ་ལ་དང་པོ་ལུས་ཀྱི་འདུག་སྟངས་གསུམ་ནི། སྐུ་གསུམ་གྱི་བཞུགས་སྟངས་ཡིན་ནོ། །གཉིས་པ་གཟིགས་སྟངས་གསུམ་ནི། ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་ལ་བལྟ་བ་ལྟ་བུའོ། །ལོངས་སྐུའི་གཟིགས་སྟངས་མདའ་མཁན་གྱིས་སྨྱུག་མ་བསྲང་བ་ལྟ་བུའོ། །སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུའོ། །གསུམ་པ་སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སྦུབས་སུ་གཞུག་པ་ནི། དེ་ལྟར་བཞུགས་སྟངས་དང་གཟིགས་སྟངས་གསུམ་གང་རུང་གི་ཚུལ་གྱིས་སྒོ་ཡུལ་རླུང་རིག་གི་གནད་ལ་གཅུན་པ་སྟེ། འཆར་བྱེད་སྒོའི་གནད་ནི། ནང་དབྱིངས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་འོད་རྩ་སྙིང་ནས་མིག་ཏུ་འབྲེལ་བ་ཅན་དེ་ལ་བརྟེན། འཆར་གཞི་ཡུལ་གྱི་གནད་ནི། ཕྱི་དབྱིངས་ནམ་མཁའ་སྟོང་པ་སླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་དེ་ཡིན་ནོ། །དེ་ལྟ་བུའི་གནད་ལ་བརྟེན་ནས་དབྱིངས་དང་རིག་པ་རྗེན་པ་སྟོང་གསལ་འདུས་མ་བྱས་པ་དེའི་ངང་དུ་དེར་འཛིན་དང་དམིགས་གཏད་ཐམས་ཅད་དང་བྲལ་བའི་ངང་དུ་སྔ་དྲོ་ཤར་དང་། ཕྱི་དྲོ་ནུབ་ཏུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བལྟ་ཞིང་། ཡང་ན་མིག་ལ་གནོད་ན་སྔ་དྲོ་ནུབ། ཕྱི་དྲོ་ཤར་དུ་ཡིད་མིག་རླུང་གསུམ་པོ་རྩེ་གཅིག་ཏུ་དྲིལ་ནས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་གཞུག་པར་བྱའོ། །བཞི་པ་དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི། སྒྲོན་མ་བཞི་དང་། སྣང་བ་བཞིའི་ལམ་རྟགས་རྣམས་གཞུང་གཞན་དང་འདྲའོ། །དེའི་འཕྲོས་དོན་མཐའ་བརྟེན་གྱི་མན་ངག་གསུམ་དང་། ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་གཉིས་སོ། །དང་པོ་ལ་གསུམ། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་དབྱིངས་ལས་མི་གཡོ་བའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཉམས་གོང་འཕེལ་གྱི་དུས་སུ། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་དབྱིངས་སུ་ཞི་བའོ། གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། རིག་པ་ཚད་ཕེབས་ཀྱི་དུས་སུ་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་བ་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་དེངས། གསང་བ་རྟོག་པ་ལ་དབང་ཐོབ་པས་རྟོག་ཚོགས་དབྱིངས་སུ་གྲོལ་ལོ། །ཆོས་ཉིད་ཟད་པའི་དུས་སུ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པ་ལས་གཞན་དུ་མ་གཡོས་པའི་གདེང་ཐོབ་ཙ་ན། ཡར་མྱང་འདས་ཐོབ་པའི་རེ་བ་དང་། མི་ཐོབ་པའི་དོགས་པ་མེད། མར་འཁོར་བར་ལྟུང་གི་དོགས་པ་དང་། མི་ལྟུང་བའི་རེ་བ་བྲལ་བའི་གདེང་བཞི་ཐོབ་པའོ། གཉིས་པ་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་གཏང་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་དུས་སུ་ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་བཏང་། ཉམས་གོང་འཕེལ་གྱི་དུས་སུ་ལུས་ཀྱིས་ཕྱག་བསྐོར་སོགས་དང་། ངག་གིས་མདོ་བཀླག་པ་དང་། ཡིད་ཀྱིས་ངེས་འབྱུང་གི་བློ་སོགས་དང་། རིག་པ་ཚད་ཕེབས་ཀྱི་དུས་སུ་ལུས་ཀྱིས་ཕྱག་རྒྱ་སོགས་དང་། ངག་གིས་སྔགས་ཀྱི་བཟླས་བརྗོད་སོགས་དང་། ཡིད་ཀྱིས་མཚན་བཅས་ཀྱི་རྫོགས་རིམ་སོགས་སྤངས་ཤིང་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་བཏང་བའོ། །གཉིས་པ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་དབྱིངས་རིག་སྦུབས་འཇུག་གི་མན་ངག་དང་། ཆོས་ཉིད་བར་དོའི་ཉམས་ལེན་ནོ། །དང་པོ་ལ་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་འཕོའི་མན་ངག་གོ །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་སྤྱིར་བར་དོའི་ཉམས་ལེན་ལ། རང་བཞིན་དང་སྐྱེ་གནས་ཀྱི་བར་དོར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམ་ངག་དང་། འཆི་ཁ་བར་དོར་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམ་ངག་དང་། ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམ་ངག་དང་། སྲིད་པ་བར་དོར་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམ་ངག་བཞི་ཡོད་པ་ལས། འདིར་འཆི་ཁ་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པས་མྱང་འདས་བྱེད་ཚུལ་ནི། ཚེ་འདིར་གོ་འཕང་མ་འགྲུབ་ནས་འཆི་བསླུ་སོགས་ཀྱིས་འཆི་བ་བཟློག་མ་ནུས་ན། ལུས་སེང་གེའི་ཉལ་སྟབས་སོགས་ཀྱིས་ནང་གི་དབྱིངས་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་རིག་པ་མ་བཅོས་པར་བཞག་པ་དང་། གསང་བའི་དབྱིངས་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དང་། ཕྱིའི་དབྱིངས་ནམ་མཁའ་དང་དབྱེར་མེད་དུ་བསྲེས་པའི་ངང་དུ་འཆི་ནས་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་འམ། ཡང་ན་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་རོ། །གཉིས་པ་རླུང་སེམས་གོང་འཕོ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་ལ་གཉིས། སྦྱང་བ་དང་། ལས་ལ་སྦྱར་བའོ། དང་པོ་ནི། སྔོན་འགྲོ་ཆ་ཚང་བ་འམ། ཡང་ན་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་ལུས་གཉུག་མའི་ལྷ་གང་རུང་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྤྱི་ལྟར་བསྒོམས་ལ། དེའི་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་གསལ་བཏབ་ལ། དེ་ནས་སྟེང་གི་ནམ་མཁའ་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ལྕེ་བཙུན་ཆེན་པོ་བཞུགས་པར་མོས་ལ། གསོལ་བ་དྲག་ཏུ་གདབ། འོག་རླུང་བསྐུམ། སྟེང་རླུང་མནན་པའི་རྐྱེན་གྱིས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དབུ་མའི་ལམ་བརྒྱུད་པར་མོས་པ་དང་མཉམ་དུ་ཕཊ་དང་ཧིག་ཅེས་བརྗོད་པས་བླ་མའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་བསམ། ཡང་མར་སྙིང་གའི་ཐིག་ལེ་ལ་བསྲེ་བ་སོགས་དང་། བླ་མའི་སྐུ་ལས་འཆི་བ་མེད་པའི་བདུད་རྩི་བབས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམ་མོ། །གཉིས་པ་ལས་ལ་སྦྱར་བ་ནི། རང་ཉིད་འཆི་བར་ངེས་པའི་ཚེ་ཡོ་བྱད་ཆོས་ཕྱོགས་སུ་འབུལ་ནས། གནས་ལུས་ཉེ་འབྲེལ་སོགས་ལ་ཞེན་པ་བཅད། ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པའི་དུས་སུ་ལས་ལ་སྦྱར་བའི་དུས་ཡིན་ཞིང་། ལུས་དང་རྩ་དང་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་བླ་མ་སོགས་སྔར་ལྟར་གསལ། བླ་མ་ལ་གསོལ་བ་གདབ་ཅིང་རླུང་སྦྱོར་གྱིས་ཐིག་ལེ་ཨ་ཡིག་དང་བཅས་པ་ལྷག་མེད་བླ་མའི་ཐུགས་ཀར་ཡང་ཡང་བསྟིམ་ཞིང་དེའི་ངང་དུ་མཉམ་པར་གཞག །མཐར་བླ་མ་ཡང་ཇེ་མཐོར་སོང་སྟེ་མེ་རི་འབར་བ་སོགས་སུ་གཤེགས་པའི་མོས་པ་བྱའོ། །གཉིས་པ་ཆོས་ཉིད་བར་དོའི་ཉམས་ལེན་ནི། རྩ་བ་ལས། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་འཆི་ཁ་བར་དོའི་མན་ངག་གིས་མ་གྲོལ་ན། གཞི་ལས་གཞི་སྣང་སྒྲ་དང་འོད་ཟེར་དང་སྐུ་ལ་སོགས་པ་མཐའ་ཡས་པ་འཆར་བའི་དུས་སུ་སྔངས་སྐྲག་དང་འཇིགས་པ་འབྱུང་བ་ན། དེ་དུས་སྒྲ་ཟེར་སྐུ་ཡི་སྣང་བ་ཇི་ལྟར་ཤར་ཡང་རིག་པ་ཁོ་ན་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དོན་དྲན་པ་ན་སྒྲ་ཟེར་སྐུའི་སྣང་བ་ཐམས་ཅད་རང་ལ་ཐིམ་ཞིང་། དེ་ཡང་དང་པོ་རང་སྣང་ཡིན་པར་ངོ་ཤེས། བར་དུ་རྩལ་རྫོགས། མཐར་བརྟན་པ་ཐོབ་ནས་གྲོལ་བར་འགྱུར་རོ། །གསུམ་པ་དབང་པོ་ཐ་མའི་ཁྲིད་ནི། དེ་ལྟར་ཆོས་ཉིད་བར་དོར་མ་གྲོལ་ན། སྲིད་པ་བར་དོར་འཁྲུལ་པའི་སྣང་བ་ཤར་ཞིང་། དེ་དུས་རི་ཉིལ་བ་དང་། མཚོ་ལུད་པ་དང་། མེ་འབར་བ་དང་། རླུང་གཡོ་བ་སྟེ་འཇིགས་པའི་སྒྲ་བཞི། མེ་ཆུ་ལ་སོགས་པའི་གཡང་ས་གསུམ། གནས་ཡུལ་གྲོགས་ལ་སོགས་པའི་མ་ངེས་པའི་རྟགས་རྣམས་འཆར་བའི་དུས་སུ་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། རྒྱལ་བ་སྲས་བཅས་ཀྱི་བདེན་པ་དང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་མཐུ་དང་། སྔར་གྱི་བླ་མའི་གདམ་ངག་སོགས་དྲན་ནས་དག་པའི་ཞིང་ཁམས་ལ་འདུན་པ་གཏད་པ་ན། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ལ་སོགས་པར་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཇལ། གསུང་ཐོས། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་ནས་ལམ་གྱི་འཕྲོ་མཐུད་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་བོ། །ཡང་ན་རང་གི་མདུན་གྱི་ནམ་མཁའ་ལ་ཆོས་འབྱུང་དམར་པོ་ཨཿཡིག་དང་བཅས་པ་གསལ་བ་ལ་རླུང་སེམས་བསྲེས་ཏེ་མེ་རི་འབར་བ་ལ་སོགས་སུ་གཤེགས་པར་མོས་པ་བྱའོ། །གསུམ་པ་རྗེས་ཀྱི་མཐར་དབྱུང་བའི་ཁྲིད་ལ་གསུམ། ཉམས་ལེན་སྤྱིར་བསྟན་པ་དང་། དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག །འབྲས་བུ་མངོན་དུ་བྱ་བའི་ཚུལ་ལོ། དང་པོ། ཡང་། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང་༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་གཟུང་༔ དུས་རྟག་ཏུ་རིག་སྟོང་རྗེན་བའི་ངང་གཟུང་ལ་གནད་དུ་གཏོང་ངོ་༔ ཞེས་དུས་རྟག་ཏུ་བླ་མ་ལ་བཅོས་མ་མ་ཡིན་པའི་སྒོ་ནས་མོས་གུས་དྲགས་པོས་དུས་དང་རྣམ་པ་ཀུན་ཏུ་བླ་མའི་སྣང་བ་དང་མི་འབྲལ་བའི་ངང་ནས་བླ་མར་ནན་ཏན་དུ་གསོལ་བ་གདབ་པ་ནི་ལམ་གྱི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། ལམ་གྱི་བོགས་འདོན་པ་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པར་འགྱུར་ཏེ། གྲུབ་ཆེན་ཏེ་ལོ་པས། གེགས་སེལ་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །བོགས་འདོན་ཀུན་གྱི་མཆོག་གྱུར་ནི། །བླ་མ་ཡིན་ནོ་ནཱ་རོ་པ། །ཞེས་དང་། ཡང་། བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་བཞིན། །ཞེས་སོ། །འཁོར་བ་ལ་ངེས་འབྱུང་སྙིང་ལ་གཅག །བླ་མ་དང་དཀོན་མཆོག་ལ་མོས་གུས་རྩལ་གཏོན། སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པ་དབྱུང་། ཚོགས་དྲུག་གི་སྣང་བ་ཐམས་ཅད་ཞེན་པ་མེད་པའི་ཚུལ་གྱིས་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་དང་དབྱེར་མེད་དུ་བསྲེ་བས་ཡུལ་གྱི་བདུད་རྩི་བརྟེན། ཆོས་དང་འཇིག་རྟེན་གྱི་རྣམ་གཡེང་ཐམས་ཅད་ཀྱི་སྤྲོས་པ་བཅད་ལ་ནང་དུ་བསྡུ། སྣའི་རླུང་བཏང་སྙོམས་སུ་གཞག །སོ་དང་མཆུ་མ་རེག་པར་རླུང་བཟོ་བཅོས་མི་བྱ་བར་རྒྱ་ཡན་དུ་འཇོག །ལུས་ལྷོད་ཀྱིས་ཀློད་པ་དང་བཞུགས་སྟངས་ཀྱི་གནད་དང་མ་བྲལ་བར་བྱ། འོད་གསལ་འཆར་བའི་ཕྱིར་མིག་འབྲས་མི་འགུལ། རྫི་མ་མཐའ་རྡེབ་མི་བྱ་བར་ནམ་མཁའི་དབྱིངས་སུ་གཟིར་ཞིང་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པ་ཉམས་སུ་ལེན། ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་སྐབས་སྐབས་སུ་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་རླུང་སྦྱོར་འཇམ་རླུང་བུམ་པ་ཅན་གཟུང་། མདོར་ན་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་དུས་རྟག་ཏུ་ཧ་ཅང་སྒྲིམ་པའང་མི་བྱ། ཧ་ཅང་ལྷོད་པ་མ་ཡིན་པར་རིག་པ་རང་སོ་ཟིན་པ་རིག་སྟོང་རྗེན་པའི་ངང་བཟུང་ལ་མ་ཡེངས་པའི་ངང་བསྐྱང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་སོགས་ཇི་ལྟར་རིགས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་མཚན་ཉིད་པ་མ་གྲུབ་ཀྱང་རྫས་ཀྱི་ཡོད་བྱད་ཀྱི་ཚོགས་ཇི་རིགས་པ་ལ་ལོངས་སྤྱོད་པར་བྱའོ། །གཉིས་པ་དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་ལ་གཉིས། ཕྱིའི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་གི་སྐྱེད་རྫོགས་ཀྱི་རྣལ་འབྱོར་ཉིན་གཅིག་ལ་ཐུན་བཞིར་ཕྱེས་ནས་ཉམས་སུ་ལེན་པར་བྱ་བ་དང་། ནང་གི་དུས་བཞི་སངས་རྒྱས་མཉམ་སྦྱོར་ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐུན་བཞིར་ཉམས་སུ་ལེན་པ་སྟེ་གཉིས་ལས། ཕྱི་མ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་ཀྱི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པ་དང་། ཐོ་རངས་རིག་པ་རང་སར་གཏོད་པ་དང་། རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་པས་བསྟན་པ་ལྟར་ཡིན་ནོ། །གཉིས་པ་ནམ་གུང་ཤེས་པ་བུམ་གཞུག་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་ཉལ་ཚེ་འོད་གསལ་གཟུང་ན་སྙིང་དབུས་དང་། རྨི་ལམ་གཟུང་ན་སྨིན་མཚམས་སུ་བླ་མ་དང་རིག་པ་དབྱེར་མེད་པའི་ངོ་བོ་ཐིག་ལེ་ཨ་ཡིག་དང་བཅས་པ་དཀར་པོ་ཞིག་བསྒོམ་མོ། །གསུམ་པ་ཐོ་རངས་རིག་པ་རང་སར་གཏོད་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུང་དུ་གཞུག་གོ༔ ཐོ་རངས་སད་མ་ཐག་ཏུ་ལུས་གནད་སེང་གེའི་འདུག་སྟངས་ཀྱིས། ངག་ཏུ་ཧ་ཧ་ཞེས་རླུང་བསངས་ནས། སྤྱི་བོར་གཞུ་གང་ཙམ་གྱི་ནམ་མཁའ་ལ་ཨ་ཡིག་དཀར་པོ་འོད་འབར་བར་བསམས་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་དེ་རིག་པ་གྲུང་དུ་གཞུག་པར་བྱའོ། །བཞི་པ་རྒྱུན་དུ་རིག་པ་སྐད་ཅིག་མ་ཉམས་སུ་ལེན་པ་ནི། རྣམ་པ་ཀུན་དུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་ལྟར་ཡིན་ནོ། །གསུམ་པ་མི་འགྱུར་རྟག་པ་དམ་པའི་འབྲས་བུ་མངོན་དུ་བྱ་བ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མ་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང་༔ ངག་དང་༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ དེ་བས་ན་འདི་ཁོ་ན་ལྟར་བཙོན་པར་བྱའོ༔ ཞེས་པ་ལྟར་ཡིན་ནོ། །ཞེས་པའང་ལྕེ་བཙུན་ཆེན་པོའི་རྣམ་འཕྲུལ་འོད་གསལ་སྤྲུལ་པའི་རྡོ་རྗེའམ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་ལན་གཉིས་ཀྱི་བར་དུ་ཐུགས་བརྩེ་བ་ཆེན་པོས་བདག་ལ་གནང་བ་ཡིན་པས་བརྗེད་ཀྱིས་ཕངས་ནས་རང་བློས་ཟིན་ཚོད་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། ༈ གཞི་དབྱིངས་ཀ་དག་གཞི་སྣང་ལྷུན་གྲུབ་ཏུ། །རང་རིག་ཁྲེགས་ཆོད་ཐོད་རྒལ་ལམ་སྣང་བཞིས། །སྐུ་དང་ཡེ་ཤེས་མངོན་སུམ་གཅར་ཕོག་ཏུ། །སྟོན་མཛད་ལྕེ་བཙུན་ཆེན་པོའི་སྙིང་ཏིག་གི །ཟབ་ཁྲིད་ཞི་བའི་སྙིང་པོས་མཛད་འདི་ཉིད། །འཇམ་དབྱངས་བླ་མའི་ཞལ་རྒྱུན་འཁྲུལ་མེད་ཉིད། །ཡིན་ཞེས་རྡོ་གྲུབ་བསྟན་པའི་ཉི་མས་བསྔགས། །དེ་ཕྱིར་རྗེ་དབོན་བཀྲ་ཤིས་ཚེ་རིང་གིས། །པར་དུ་བཞེངས་ལས་ཆོས་འདིས་འགྲོ་བའི་དོན། །འཁོར་བ་མ་སྟོངས་བར་དུ་ཁྱབ་བརྡལ་གྱིས། །མ་ལུས་འོད་གསལ་རྡོ་རྗེ་སྙིང་པོའི་ཀློང་། །གདོད་མའི་ཀུན་ཏུ་བཟང་པོར་རོ་གཅིག་ཤོག །ཅེས་པའང་མཁྱེན་སྤྲུལ་མིང་གིས་སྨོན་པ་དགེ །དགེའོ།། །།

View PDF Chetsun 19

Notes