རབ་བཏགས་ཀྱི་རྟོགས་བརྗོད་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Revision as of 07:08, 3 March 2013 by Eric (talk | contribs) (Eric moved page །རབ་བཏགས་ཀྱི་རྟོགས་བརྗོད་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། to [[རབ་བཏགས་ཀྱི་རྟོགས་བར...)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །རབ་བཏགས་ཀྱི་རྟོགས་བརྗོད་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། །[1]

༄༅། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དད་པས་བསྙེན་པའི་བློ་གྲོས་ཆུ་གཏེར་རྣམས། །བདུད་རྩིས་འཕྱུར་བྱེད་དབྱངས་ཅན་ཟླ་ཤེལ་ནི། །མཐོ་རིས་བུ་མོའི་རྒྱུ་སྐར་གྱིས་བསྐོར་བ། །ཡིད་འཕྲོག་ནམ་མཁར་རོལ་དེས་ཤིས་པར་མཛོད། །རབ་བཏགས་གཏམ་གྱི་གཟུགས་གསར་ནི། །ཐུབ་པ་རིག་བྱེད་མཁན་རྣམས་ཀྱང་། །ཆགས་པས་གནོན་པ་ཀུན་རྟོག་གི །པིར་གྱི་འདུ་བྱེད་བསྒྱུར་ལས་འཐོན། །མ་སྨད་བསོད་ནམས་པད་རྫིང་གི །སྦྱངས་ཤུགས་སད་པའི་ཨུཏྤལ་རྩེར། །ཚངས་པའི་རིགས་ཀྱི་ཐིག་ལེ་གསར། །ཁྱེའུ་སྦྲང་རྩི་བཞིན་དུ་སྐྱེས། །དེ་ནི་བློ་གྲོས་ནོར་བསྒྲུབ་ལ། །གྲུབ་མཐའི་ཚོང་རྡལ་གཞན་སུས་ཀྱང་། །མ་ནུས་དེས་བསྒྲུབས་བློ་རྣོ་བ། །ཕུར་བུ་བས་ཀྱང་ཕུལ་དུ་ཕྱིན། །རིང་ནས་གོམས་པ་གཞན་གྱིས་མ་ལྷོགས་པར། །ནགས་སུ་ཞི་བའི་བརཏལ་ཞུགས་ངེས་དོན་གཉེར། །བསྐལ་བརྒྱར་འབད་པའི་དྲང་སྲོང་རྒན་པོའི་ཡིད། །ངལ་བའི་ཏིང་འཛིན་བཟང་པོ་ཡུད་ཀྱིས་རྙེད། །འཆད་པའི་ཉི་འོད་བཀྱེ་ཚེ་སློབ་འདོད་བློའི། །འདབ་བརྒྱ་མཁས་པའི་སྦྲང་རྩིས་ཁེབས་པ་དང་། །རྩོད་པའི་རིག་པས་ཕས་རྒོལ་མར་བཞུ་ཞིང་། །རྩོམ་པའི་སྣང་སྤྲོ་མངོན་མེད་ནམ་མཁའི་གཉེན། །དེ་ནི་ལྗོངས་ཀྱི་ལྟད་མོའི་མཚོར། །གསང་ཚིག་འདོན་པ་ལྔ་བརྒྱར་བཅས། །ལེགས་བཤད་མགྲིན་པའི་འགྱུར་ཁུགས་ལ། །འགྲན་ཟླ་མེད་པ་སྟོན་བཞིན་སོང་། །གང་དུ་ཕུན་སུམ་ཚོགས་པའི་འདོད་རྒུ་རྣམས། །ཕན་ཚུན་ཕྲད་འདོད་ཚོང་ཟོང་མང་པོ་ཡིས། །རྣམ་པར་བསྒྱུར་ཏེ་སྲང་བར་དུ་ཆས་ནས། །སྐྱེ་བོའི་ལག་པར་ཕེབས་པར་སྨྲ་བ་བཞིན། །དེ་དབུས་རྣམ་པར་རྒྱལ་བ་ཡི། །ཁང་བཟང་དཔེ་འོས་བཀྲ་ཤིས་པར། །གྲུབ་པ་དཔལ་གྱི་འབྱུང་གནས་ཞེས། །གྲགས་པའི་ཕུལ་དུ་སོན་པར་ཕྱིན། །དེ་ནས་ས་སྐྱོང་དགེ་བ་ཡིས། །སྡིག་པའི་གོ་སྐབས་ཀུན་བཀག་ནས། །ཡིད་ནི་བསམ་གཏན་ལ་ཆགས་པའི། །དྲང་སྲོང་བཞིན་དུ་ཞི་བ་དེའི། །བཙུན་མོར་འཆི་མེད་བུ་མོ་ནི། །བདེ་སོགས་མིང་ཅན་འོངས་པའམ། །ཐུབ་པའི་བསྟན་འགོག་ཡིད་སྲུབས་ཀྱི། །ལོངས་སྤྱོད་སྙིང་པོར་སོམ་ཉི་བྱུང་། །མཛེས་སྡུག་རྫོགས་པ་དེའི་སྨིན་མའི། །མཐོན་མཐིང་ནགས་སུ་རྩེ་འདོད་པའི། །མིག་གི་བུང་བ་མར་གྱིས་ནི། །སྤར་བའི་སྒྲོན་མེ་བཞིན་དུ་གཡོ། །དེ་ཡི་སྐྲ་ཚོགས་མཐུག་པོའི་ངོགས། །མུ་ཏིག་ཆུན་པོ་ཆགས་པ་ནི། །མཚན་མོའི་ཤར་རིའི་ཐོར་ཅོག་ནི། །རྒྱུ་སྐར་འཕྲེང་བ་དཀྲིས་པ་བཞིན། །ནུ་རྒྱས་མེ་ཏོག་གིས་གཡོ་བ། །ཕྲ་བའི་རྐེད་པའི་འཁྲི་ཤིང་གང་། །འཆག་ངོགས་འཕོངས་རྒྱས་གླང་པོའི་སྣ། །གཉིས་ཀྱིས་འབད་པས་སྐྱོར་བ་སྙམ། །མཛེས་མ་དེ་ལ་ཉི་འཆར་ནི། །སེམས་ཤོར་འཇའ་ཚོན་ཟོལ་སྦྱོར་གྱིས། །འཁྱུད་ཚེ་མཁུར་ཚོས་དཀར་དམར་གྱི། །འཛུམ་པའི་འོད་དེ་མགྲོན་དུ་བྲིམས། སུམ་ཙེན་ཚལ་གྱི་མཱ་ལི་ཀའི། མེ་ཏོག་སྤུངས་པ་བསེར་བུ་ཡིས། བསྐུལ་བའི་དྲི་བསུང་ཞིམ་པོ་རྣམས། དེ་ཡི་ཁ་ཡི་དབུགས་དང་འགྲན། གང་གི་མགུལ་ལ་དབྱངས་ཅན་མ། །འཁྲིལ་ཞིང་སྙིང་ལ་ཐམས་ཅད་མཁྱེན། །བབ་པ་འདྲ་བས་མཁས་པའི་མདུན། །སྨྲ་བའི་སྤོབས་པ་མི་དམན་ཏོ། །རྒྱལ་པོའི་མདུན་སར་སྐྱེ་བོས་གདོང་བསུས་པའི། །མཁས་པའི་ཤིང་ཤུན་འཆང་བ་གསལ་བ་ཡི། །རིལ་བས་ལག་བྲེལ་ཡིད་གཞུངས་ཨོཾ་ཡིག་གླུར། །ལེན་པ་མཛངས་པའི་ཐོར་ཅོག་ཅན་དེ་སླེབ། །དེ་ཡི་སྲི་ཞུར་རྒྱལ་པོ་བཙུན་མོ་དང་། །བློན་པོ་དམག་སྡེར་བཅས་འོང་བཙུན་མོའི་མིག །བརྗིད་པའི་དྲང་སྲོང་ཆེ་དེ་ཕྱོགས་སུ་ལྷུང་། །སྐྱེ་བོས་འཇིགས་ནས་གཡོ་མེད་མ་ནུས་པར། །གཞན་ལྟའི་ཟོལ་གྱིས་ཡང་ཡང་དེ་ཉིད་བཙོས། །ཐུབ་པ་དེ་ཡང་གཏམ་གྱི་གསེང་བཙལ་ནས། །དགའ་མའི་བཞིན་རས་བསམ་གཏན་བསྒོམ་པའི་མཐར། །ལས་ཀྱི་སྐུད་པས་ཕན་ཚུན་འཚེམ་པ་བསྒྲུབས། །དེ་གཉིས་སེམས་པའི་ངུར་པ་ཤུག །སྐྱེ་བར་འགྲོགས་པའི་སྲེད་པ་ནི། །ཡིད་གཅུགས་ཆུ་ཀླུང་དུ་ཞུགས་ཀྱང་། །མཛའ་བའི་ཀུ་ཅོ་འབྱིན་མ་ནུས། །དེ་ཚེ་ཉིན་བཞིན་ཟུར་མིག་གི །རྒྱ་ལ་ཕན་ཚུན་འཐུམས་མཐོང་ནས། །འགྲོལ་འདོད་གཏམ་གྱི་ཆུ་སྐྱར་གྱིས། །དེ་དག་བར་དུ་འགྲོ་འོང་བྱས། །འགྲོགས་པའི་སྐབས་འཕོངས་དེ་དག་ལ། །སྐད་ཅིག་རེ་རེའང་འདི་མཚུངས་ཞེས། །བྱང་དུ་བགྲོད་པའི་གོ་ལ་ཡིས། །ཤིན་ཏུ་རིང་བའི་ཉིན་མོ་སྤྲུལ། །དེ་ཚེ་འཁྲི་ཤིང་ན་ཆུང་གི །ཁ་ལ་ཆུ་སྐྱེས་གཞོན་ནུས་སོ། །བྱས་འདི་ཡིད་སྲུབས་བསླབ་པ་དེར། །སློབ་མའི་ཕོ་ཉ་དང་པོར་འོངས། །ན་ཆུང་གཟུགས་གསར་འདི་རྣམས་ལ། །འདོད་པའི་གདུང་བ་འདི་འདྲ་ཞེས། །དཔྱིད་ཀྱི་སྤྲིན་བྲལ་ཉིན་མོའི་གནམ། །མཛའ་བོར་སྦྲོན་པའི་ཆོ་ག་བྱེད། །གནམ་ཀའི་མདངས་འཛིན་མཚོ་སྡོན་མ། །གསེར་གྱི་ངུར་པས་རོལ་བའི་ཤིང་། །མཛའ་ཅན་མ་རྣམས་དྲན་སློང་པའི། །དེ་ལ་བྱེད་པོས་བཀོད་པ་བཞིན། །དེ་ཚེ་གྲོང་གི་གཞོན་ནུ་རྣམས། །ཕན་ཚུན་རྩེད་འཇོ་ཉམས་དགའི་ཚོགས། །ཆར་སྤྲིན་འབྲུག་སྒྲ་ཅན་མཐོང་བའི། །རྨ་བྱའི་གར་གྱི་སྙེམས་འཕྲོག་ཟློས། །དེ་ནས་སྐབས་ཞིག་དཀའ་ཐུབ་པས། །རྨོངས་བྱེད་སྔགས་ཀྱི་སྐྱེ་བོ་རྣམས། །མུན་པའི་ནང་དུ་བསྙལ་བའི་མཐར། །དགུག་པའི་རིག་པ་དེ་ལ་སྦྱར། །བར་བཅད་མེད་པའི་ཁང་བུ་དེར། །འགྲོགས་པ་ཐོབ་པ་དེ་གཉིས་ཀྱིས། །བསམ་གཏན་པ་ཡི་དགའ་བ་ཀུན། །ཡུད་ཀྱིས་སོར་མོའི་རྩེ་ལ་བླངས། །ཀྭ་ཡི་སྙིང་གྲོགས་བུང་བ་འདིའི། །ཁ་ཡི་ཆུ་སྐྱེས་ལ་ཇི་བཞིན། །ག་ལེ་ཁྱོད་ཀྱིས་ཞལ་དེས་ཀྱང་། །ང་ལ་མཛོད་ཅེས་ཞུས་པའི་ལན། །ཅ་རེ་བལྟས་པས་ཡིད་སིམ་མི་ནུས་ཀྱི། །ཆ་ཤས་མྱུར་བའི་རེག་པ་གསར་པ་ནི། །ཇ་ཡིས་མི་མཚོན་བདུད་རྩིའི་རང་བཞིན་ཅན། །ཉ་པའི་ཟླས་བཞིན་བདག་ལ་སྦྱིན་ཞེས་སྨྲས། །ཏ་ལེ་ཉམ་འཕག་ཚད་དེར་ཡིད་འཛིན་མས། །ཐ་དད་མེད་བསྡམས་ཁྱོད་ཀྱི་རྟག་ཏུ་ནི། །ད་ལྟ་བཞིན་དུ་ལུས་མེད་མདའ་བསྣུན་དང་། །ན་བའི་སྨན་པ་མཛད་རོགས་གྱིས་ཞེས་གསོལ། །པ་ཏྲ་ལྟ་བུར་བསྐོར་ཞིང་གཅུ་བ་དང་། །ཕ་རོལ་སྐྱོབ་པའི་གདུགས་བཞིན་བཏེགས་ནས་སླར། །བ་ལང་འདྲ་བར་གཉིད་ཀྱིས་གཞན་ནོན་ཚེ། །མ་གཅིག་ཁྱོད་འདོད་སྒྲུབ་ཅེས་གླེང་བའི་མཐར། །ཙ་ར་ཀ་བཞིན་ཕྱོགས་གོས་ཅན། །ཚ་གྲང་གདུང་བ་ཀུན་བརྗེད་ནས། །ཛ་ལང་ཡིད་སྲུབས་རྩེ་དགའི་དཔྱིད། །ཝ་ལེར་དྲན་པ་ཐམས་ཅད་བྱས། །ཞྭ་ལྟར་མགོར་གྱོན་འོག་ཏུ་ནི། །ཟ་མ་བཞིན་དུ་ཞུགས་ནས་སུ། །འ་འུར་མེ་ལྕེ་མཉེད་པའི་རྡུལ། །ཡ་རབས་རྣམས་ཀྱི་ཁྲུས་ཆུ་འདྲ། །ར་མ་ཎས་གཉེར་སཱི་ཏ་འམ། །ལ་ལེའི་མཻ་ན་ཀ་གང་ཞེས། །ཤ་ཚ་དེ་ལ་སླར་དྲིས་ལན། །ས་སྟེང་ཁྱོད་འདྲའི་སྙིང་གྲོགས་ད་མི་རྙེད། །ཧ་ཅང་དུང་ང་ཁྱོད་དང་འབྲལ་མི་ཕོད། །ཨ་ཙི་ཕོ་བྲང་འཁོར་འདིར་བཞུགས་ནས་སུ། །མཛའ་མོའི་རེ་བ་རྫོགས་པའི་བསམ་གཏན་མཛོད། །དེ་ཚུལ་རིག་པ་འབངས་མོ་ཡི། །ཙ་ཀོ་ར་དེ་དགའ་བའི་ནགས། །སྐྱོ་བ་བསངས་པའི་བཞད་བགད་གླུས། །དྲི་ཟའི་འདུན་ས་བཞིན་དུ་བཀང་། །ཨ་ཕྱི་འཁྲིག་པའི་ཚིག་ཟུར་ཆུ། །ཅོ་འདྲིའི་བླུ་འཕྲེང་ཅན་རྣམས་ལས། །སྙིང་པོས་འཕོངས་པའི་ལན་ཟམ་བཏང་། །རང་འདོད་གསང་བས་བསྒྲལ་བར་བྱས། །འདབ་ཆགས་རྣམས་ཀྱིས་དེ་རིག་ནས། །ཕན་ཚུན་གླེང་བསླང་སྐབས་བཙལ་ཚེ། །ཚོད་ཅན་ཁུ་བྱུག་གིས་བཟློག་ཏུ། །མོན་གྱི་ཕྱོགས་ནས་དེ་དུས་འོངས། །དེ་ཡིས་འབིགས་བྱེད་དྲན་སྐྱེས་ནས། །རང་གི་དགའ་མ་ལ་འཁྱུད་པའི། །དྲོད་ཀྱིས་བཞུ་བའི་རྔུལ་གྱི་ཐིགས། །དབྱར་སྐྱེས་རྔ་སྒྲའི་མཐའ་དེར་ཕབ། །ཉལ་འགྲོ་མ་རྣམས་མེ་ལོང་གི །དབྱིབས་གཟུང་ནོར་འཛིན་བུ་མོ་ཡི། །སྐེད་པའི་ཁོར་ཡུག་ཀུན་བརྒྱན་ནས། །མཛའ་བོའི་ཟླ་བརྙན་ཡིད་ཀྱིས་འཛིན། །ས་གཞི་སྔོ་ལྗང་མྱུ་གུ་དང་། །མེ་ཏོག་བུང་བ་ལྡིང་རྣམས་ཀྱིས། །སྤྲས་པ་ཡོངས་འདུའི་དྲུང་ལྟ་བུའི། །དྲི་བཟང་དར་བའི་དབྱར་དུས་སུ། །འདུ་བའི་དབྱི་མོང་ཕྲག་དོག་གིས། །འཁྲུགས་པས་ཡིད་སྲུབས་རྩེ་དགའི་ཤིང་། །དར་བའི་གོ་བཀག་དེ་སེལ་དུ། །ཤེས་པའི་སྟ་རེ་བཟུང་སྟེ་འོང་། །དེས་དེའི་བཞིན་གྱི་པདྨོ་ལ། །གསེར་གྱི་བུང་བས་བཞིན་བྱས་ནས། །འཁྱུད་པ་ལུས་ལ་ལྕགས་སྒྲོག་བཞིན། །དེ་ཡི་ལུས་ལ་དེ་ཡིས་བསྡམས། །སྟོན་ཀའི་འབྲུ་ཡི་དཔལ་རྣམས་ལ། །མཛེས་པ་སྟོན་དུ་ཟླ་བའི་གདོང་། །རི་བོང་མཚན་མའི་སྨུག་རྩི་ཡིས། །བུ་མོའི་བཞིན་ལ་འགྲན་པ་འོང་། །རྩི་ཤིང་འདབ་མ་འགྱུར་བའི་དུས། །བ་མོས་མེ་ཏོག་བརྙིངས་བྱས་པར། །སྐྱོ་བཞིན་མཛའ་བོ་རིང་སོང་བའི། །བཤུལ་རིང་གླལ་དགོས་དེ་ལ་བྱུང་། །ལྗོན་ཤིང་རྣམས་ཀྱི་འདབ་མའི་གོས། །སྔོ་ལྗང་གསར་པ་གྱོན་བཞིན་གཞན། །མྱུ་གུའི་རྒྱན་གྱིས་ནོར་འཛིན་མ། །བརྒྱན་པའི་དཔྱིད་ཀ་དུས་འཛོམ་བྱས། །ཡིད་ནི་རྒྱལ་པོའི་དགའ་མ་ལ། །བཞག་པའི་ཚངས་སྲས་དེ་དབེན་པར། །འདུག་པ་མེ་ཏོག་གིས་ལྕི་བའི། །ཆུ་ཤིང་སྡོང་པོ་གཞན་པ་བཞིན། །སླར་ཡང་མཆོད་སྦྱིན་གཙོ་བོར་དེ་འོངས་ཚེ། །བདག་པོར་ཉེ་བ་དོན་གཞན་བཀོད་པའི་རྒྱན། །སྙན་དངགས་མཁན་དབང་མང་པོའི་ཁ་ལ་ནི། །སྔོན་ཆད་མ་བརྒྱུས་བཙུན་མོས་དེ་འདུན་དྲན། །ན་ཆུང་ལས་གཟིགས་ལི་ཁྲིའི་མཚམས་སྤྲིན་གྱིས། །དྷཱུ་ཏཱིའི་ནམ་མཁའ་བཀང་སྟེ་མངོན་བྱང་གི །ནུབ་རིར་ཐུབ་པའི་ཉི་མ་གཉིད་ལོག་པ། །རྣམ་བཅས་རླུང་གིས་སད་ཚེ་ཟུང་འཇུག་མཁར། །གཞན་གྱི་ལུས་སེམས་ཐར་པའི་རང་བཞིན་དུ། །དལ་བུར་སྤྲོ་བ་སྲིད་མཐར་མི་ཉམས་པས། །ཡོན་ཏན་འདབ་བརྒྱའི་གེ་སར་འཕྲེང་སྤེལ་དུ། །ལེགས་པར་རྒྱུ་སྟེ་རྣ་བའི་དཔྱིད་ཅིས་མིན། །རབ་བཏགས་ཀྱི་གཏམ་རྣ་བའི་རྒྱན་ཞེས་བྱ་བ་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།སརྦ་མངྒལཾ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net