ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སངས་རྒྱས་ཀྱི་སྐྱེས་རབས་བཞུགས།

From Rangjung Yeshe Wiki Texts
Revision as of 10:39, 18 February 2013 by Eric (talk | contribs) (1 revision: 3rd Karmapa Collected Works)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སངས་རྒྱས་ཀྱི་སྐྱེས་རབས་བཞུགས་པས་གཟིགས། །[1]

༄༅། །སྐྱེས་བུ་དམ་པ་རྣམས་ནི་རྨད་དུ་བྱུང་བའི་ཆ་ལུགས་ཀྱི་ཕྱོགས་འཛིན་པ་ཙམ་ལ་ལའང་གུས་པའི་སེམས་ལྷོད་པར་མི་འགྱུར་ན། རང་ཉིད་བརྩོན་པའི་གོ་ཆ་ལ་ཞུགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་འདི་ལྟར་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་ཚད་མེད་པའི་སྔ་རོལ་ན་སའི་ཕྱོགས་འདི་ཉིད་དུ་བྱུང་བའི་འཛམ་བུའི་གླིང་དུ་རྒྱལ་པོ་ཆེན་པོ་དེ་བི་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ནི་གཞན་དུ་བསོད་ནམས་སྤྱད་པའི་མཐུས། །མི་དབང་རྒྱ་མཚོའི་མཐར་གཏུགས་ས་སྐྱོང་བའི། །མཚོན་གྱི་ཆད་པ་མེད་ཅིང་བདེ་བར་གནས། །དེ་ཡི་འབངས་རྣམས་ཕན་ཚུན་འཁྲུག་པ་མེད། །དེ་ཡི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་པོ། །དེ་དག་རྒྱལ་པོའི་བཀའ་ལུང་སྤྱི་བོས་ནོད། །དེ་དག་བཀའ་ཁྲིམས་ཆོས་དང་མཐུན་པ་ཡིས། །གྲགས་པའི་སྲིད་ལམ་བརྟན་ཞིང་གསལ་བར་བྱས། །རྒྱལ་པོ་ཆེན་པོ་དེ་དེ་ལྟར་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་ཆོས་དང་མཐུན་པའི་རང་བཞིན་རྣམ་པར་དག་པས་རྒྱ་མཚོའི་མཐར་ཐུག་པའི་ས་ཆེན་པོ་བདེ་བར་སྐྱོང་ཞིང་གནས་པ་ལས་དེའི་ཡུལ་དེ་དང་ཉེ་བ་ན་རི་བྲག་ཆེན་པོ་རང་སངས་རྒྱས་རྣམས་དང་། དཀའ་ཐུབ་ཅན་རྣམས་ཀྱི་བསྟི་གནས་སུ་གྱུར་པ་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་སྐྱེས་པ་རྣམས་ཆེད་དུ་བཀོད་པའི་སྐྱེད་མོས་ཚལ་བཞིན་དུ་འདུག་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཙང་མ་འབབ་པ་རྩ་བ་དང་ལྡུམ་བུ་དང་འབྲས་བུ་སྣ་ཚོགས་བཟར་རུང་བ་དུ་མ་དག་གིས་ས་ཕྱོགས་ཀུན་ཏུ་གང་བ། རྩ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུས་ས་ཕྱོགས་རབ་ཏུ་སྔོ་བར་བྱས་པ། ཆེད་དུ་ཚོན་གྱིས་བསྒྱུར་བ་ལྟ་བུའི་མེ་ཏོག་གི་རིགས་དུ་མས་གང་བ། བར་བར་དག་ན་རྡོ་རྗེ་དང་རལ་གྲི་དང་། ཨུཏྤ་ལ་སྤུངས་པ་ལྟ་བུའི་བྲག་རི་དང་ལྡན་པ་ཞིག་དུ་བྱང་ཆུབ་སེམས་དཔའ་འདི་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །སེང་གེའི་གཟུགས་ཅན་སྐྱེས་བུ་དམ་པ་དེ། །ལུས་ནི་གསེར་གྱི་ལྷུན་པོ་ལྟར་བརྟན་ཅིང་། །འཆར་ཀའི་དུས་མཚམས་འོད་དང་མཐུན་པའི་མདོག །དྲི་མ་མེད་པའི་གསེར་ལྟར་ལྷང་ངེ་བ། །དེ་ནི་དུད་འགྲོའི་རང་བཞིན་རྣམ་པར་སྤངས། །གཞན་ལ་འཚེ་བའི་སྲོག་སྤྱོད་ཡོང་མི་བྱེད། །སྙིང་རྗེའི་སེམས་ལྡན་དྲང་སྲོང་ཐུབ་པ་བཞིན། །གཞན་དོན་སྤྱོད་ཅིང་ནགས་ཁྲོད་ཀུན་ཏུ་རྒྱུ། །དེ་ཡིས་བསྲུངས་པའི་ས་ཡི་ཕྱོགས་རྣམས་སུ། །གནས་པའི་གཅན་གཟན་རི་དྭགས་གང་འཁོད་པ། །དུལ་བའི་མཆོག་ལ་རབ་ཏུ་གཞོལ་བྱེད་ཅིང་། །བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེས་འགྱུར་བར། །སྐྱེས་བུ་དམ་པ་དེ་ཡི་མཐུ་ཡིས་བྱས། དེ་ལྟར་སེང་གེའི་རྒྱལ་པོ་དེ་འགྲོ་བའི་བླ་མ་བཞིན་དུ་ནགས་ཁྲོད་དམ་པ་དེ་ན་རང་གི་རིགས་དང་མཐུན་པ་ལ་ཅི་ནུས་པའི་དོན་ནི་ཡོངས་སུ་སྤྱོད། བདག་ཉིད་བྱ་དཀའ་བའི་གོ་ཆ་ནི་བསྒོས། རི་བྲག་དེ་ན་གནས་པའི་རང་སངས་རྒྱས་རྣམས་ལ་ནི་བསྙེན་བཀུར་བྱེད། འཇིག་རྟེན་པ་མཆོག་རྣམས་ཀྱིས་མ་སྨད་པའི་སྤྱོད་པ་ལ་གནས་ཤིང་འཁོད་པ་ན། དེའི་ཚེ་རི་བྲག་དེ་དང་ཉེ་བའི་མཐའ་འཁོབ་ཀྱི་གྲོང་ན་གནས་པའི་རྔོན་པ་དག་ཅིག་ནགས་ཁྲོད་དེར་རྒྱུ་བ་ལས་སེང་གེའི་རྒྱལ་པོ་དེ་སྲོག་ཆགས་གཞན་ལ་གནོད་པ་མེད་ཅིང་བག་ཕབ་ཏེ་བདེ་བར་གནས་པ་མཐོང་ནས་འདི་སྙམས་བསམས་པ། ཨེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་ཀྱིས། བདག་གིས་སེང་གེ་འདི་གསད་ལ། ལྤགས་པ་བཤུས་ཏེ་རྒྱལ་པོ་ལ་ཕུལ་ན་གདོན་མི་ཟ་བར་ནོར་གྱི་བྱ་དགའ་ཆེན་པོས་བདག་དབུལ་པོར་འགྱུར་རོ་སྙམ་མོ། །འཇིག་རྟེན་པ་ནི་ཕལ་ཆེར་ནི། རང་གི་བདེ་བ་འདོད་པའི་ཕྱིར། །གཞན་གྱི་དམ་པའི་སྤྱོད་པ་དག །ཁྱད་དུ་གསོད་པ་བཞིན་དུ་མངོན། །བསོད་ནམས་མཐུ་ཡིས་མངོན་པར་མཐོ་བས་ཡི། །ལུས་འདི་མངོན་པར་གྱུར་མོད་ཀྱང་། །དམ་པའི་སྤྱོད་དང་གྲགས་པའི་མཐུ་ཡིས། རྣམ་པར་རྨད་པའི་སྤྱོད་པ་དག སེམས་པར་བྱེད་པ་འོས་པ་མིན་ན་ངན་པའི་སྤྱོད་པ་གཞོལ་བ་དག དཔལ་ལས་ཉམས་ཤིང་གཏམ་ངན་གཞིར་གྱུར་དེ་ཡང་སྤྱོད་པར་གྱུར་པ་སྙམ། དེ་ནས་དུས་གཞན་ཞིག་གི་ཚེ་སེང་གེའི་རྒྱལ་པོ་དེ་རབ་ཏུ་བྱུང་བའི་ཆ་ལུགས་ལ་དད་པར་འདྲ་བར་རིག་ནས། རྔོན་པ་དེས་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་ནས། མདའ་དུག་ཅན་དང་གཞུ་ཐོགས་ནས་སེང་གེའི་རྒྱལ་པོ་དེ་གང་ན་གནས་པའི་ས་ཕྱོགས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་སེང་གེ་དེ་གཉིད་ལོག་ཅིང་ཉལ་བ་མཐོང་ནས། ད་ནི་བདག་གི་དོན་གྲུབ་བོ་སྙམ་ནས། དེ་མ་ཐག་ཏུ་མདའ་དུག་ཅན་འཕངས་སོ། །དེ་ནས་དེ་ནི་གཉིད་སད་ཅིང་། མཚོན་གྱིས་རེག་པའི་ཚོར་བ་དེས། བསྐུལ་བ་བཞིན་དུ་རབ་གྱུར་ནས། །རིངས་པར་གཡོ་བའི་མིག་གིས་བལྟས། །ཨེ་མའོ་ནགས་ཁྲོད་དབེན་པ་ན། །བདག་ལ་གནོད་པར་བྱེད་པ་འདི། །འོན་ཏེ་མིའམ་མི་མ་ཡིན། །སུ་ཞིག་སྙམ་དུ་དོགས་པ་སྐྱེས། །དེ་ཚེ་མགྱོགས་པའི་ཤུགས་ཀྱིས་རྔོན་པ་དེ། །འཇིགས་ཤིང་སྐྲག་ནས་བྲོས་པར་གྱུར་པ་མཐོང་། །གང་གིས་གླང་ཆེན་རབ་ཏུ་དྲེགས་པའི་ལུས། །མཆེ་བ་མཚོན་ཆ་རྩ་བ་དམར་བ་དག །འཇིགས་པ་མེད་པར་མགོ་བོ་རབ་འགེམས་པ། །སྟོབས་ལྡན་དེ་ཡིས་མགྱོགས་པའི་ཤུགས་ཀྱིས་བདས། དེ་ཡི་ཚེ་ན་རྔོན་པ་དེ། ལུས་ལ་ཆོས་གོས་གྱོན་པ་མཐོང་། །སེང་གེའི་གཟུགས་ཅན་མཁས་པ་དེ། །དེ་ལ་གུས་པའི་སེམས་བསྐྱེད་པ། །ཁ་དོག་བསྒྱུར་བའི་གོས་འདི་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱི་གོས། །འདི་ནི་སྲིད་ལས་སྒྲོལ་བའི་གཟུགས། །འཕགས་པ་རྣམས་ཀྱི་རྒྱལ་མཚན་ཏེ། །བདག་གི་སྲོག་ནི་ཡལ་ཡང་སླའི། །འདི་ལ་གནོད་པར་མི་བྱའོ། །དེ་ལྟར་བློ་ལ་ངེས་པར་བྱས་ནས། །བདག་གཉིད་ཆེན་པོ་དེས་བདག་གི་སྡུག་བསྔལ་ཁྱད་དུ་གསད་དེ་ཆོས་གོས་ངུར་སྨྲིག་དེ་ལ་གུས་པ་བསྐྱེད་ནས། གོས་འདི་ལྟ་བུ་འཛིན་པ་ནི། རིང་པོར་མི་ཐོགས་པར་འཁོར་བའི་རྒྱ་མཚོ་ལས་གྲོལ་ཐར་བར་འགྱུར་རོ་སྙམ་སྟེ་རྔོན་པ་དེ་ཅི་བདེ་བར་བཏང་ངོ་། །དེ་ནས་སེངྒེའི་རྒྱལ་པོ་དེ། །དུག་མདའ་ལུས་ལ་བསྣུན་པ་ལས། །ལུས་སྲོག་བྲལ་བར་གྱུར་པའི་ཚེ། །ཆེད་དུ་བརྗོད་པའི་རང་སྐད་ཀྱིས། །ཡ་ལ་ལ་བ་ཤ་ས་སྭཱ་ཧཱ་ཞེས་བྱ་བའི་ཚིག་འདི་སྨྲས་ནས་ཚེ་འཕོས་པར་གྱུར་ཏོ། །དེ་ཚེ་བྱང་ཆུབ་སེམས་དཔའ་བརྟན་པའི་མཐུས། །ས་ཆེན་རི་དང་རྒྱ་མཚོར་བཅས་པ་རྣམས། །རབ་ཏུ་བསྐྱོད་པས་ལྟས་ནི་བཅོ་བརྒྱད་བྱུང་། །དེ་ཡི་མཐུ་ཡིས་རིན་ཆེན་ལས་གྲུབ་པའི། །ལྷ་ཡི་གཞལ་མེད་ཁང་རྣམས་རབ་ཏུ་གཡོས། །དེ་ཡི་རྐྱེན་གྱིས་མིག་སྟོང་ལྡན་ལ་སོགས། །ལྷ་ཡི་ཚོགས་རྣམས་འདི་ཡི་རྒྱུ་གང་ཞེས། །རྟོག་པར་གྱུར་ནས་ལྷ་ཡི་མིག་གིས་བལྟས། དེ་ཚེ་བྱང་ཆུབ་སེམས་དཔའ་བརྟན་པ་ཡིས། །དྲང་སྲོང་མཆོག་རབ་འཆང་བའི་རྒྱལ་མཚན་ལ། བརྟེན་ནས་ངན་པར་སྤྱོད་པའི་སྐྱེ་བོ་ཡང་། ཐར་པར་བྱས་ཏེ་བརྩོན་འགྲུས་བརྟན་པའི་མཐུས། །འཇིག་རྟེན་མཆོག་གི་སྤྱོད་པ་བརྟན་པར་རིག །དེ་ནས་དེ་ལ་མཆོད་པའི་ཕྱིར། །གང་ན་ཡི་དམ་བརྟན་པའི་གདུང་། འཛིན་པའི་ས་ཕྱོགས་དེར་ལྷགས་ཏེ། །མེ་ཏོག་སིལ་མའི་ཚོགས་ཀྱིས་འཐོར། །སྤོས་མཆོག་དུ་མའི་ཆར་ཕབ་པས། །ནགས་ཁྲོད་རབ་ཏུ་གང་བར་བྱས། །ནོར་བུ་ཅོད་པན་དྲི་མེད་དང་། །པདྨའི་རྩ་བ་ལྟར་མཛེས་པའི། །ཡན་ལག་རིན་ཆེན་རྒྱན་སྤྲས་དག །ཐལ་མོ་སྦྱར་ཞིང་འདུད་པའི་སྒྲས། །ནགས་ཁྲོད་རབ་ཏུ་གང་བར་གྱུར། །ཨེ་མ་ཧོ་བརྟན་པ་དཔག་ཏུ་མེད། །ཨེ་མ་ཧོ་བདག་ཉིད་ཆེ་བས་ཆེ། །ཨེ་མ་ཧོ་རྨད་དུ་བྱུང་བ་ཁྱོད། །རང་གི་དམ་པའི་སྤྱོད་པ་བརྟན། །ཞེས་དེ་ལྟར་ཆེད་དུ་བརྗོད་པ་དུ་མས་བསྟོད་ནས་རང་གི་གནས་སུ་སོང་ངོ་། །དེའི་འོག་ཏུ་རྔོན་པ་དེས་སེངྒེའི་པགས་པ་བཤུས་ནས་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་སོང་སྟེ། །རྒྱལ་པོ་ཆེན་པོ་དེ་བི་ལར་སེངྒེའི་པགས་པ་དེ་ཕུལ་ནས་བྱ་དགའ་གསོལ་བ་དང་། རྒྱལ་པོ་ཆེན་པོ་དེ་འདི་སྙམ་དུ་སེམས་སོ། །བདག་གིས་གཙུག་ལག་གི་བསྟན་བཅོས་ལས་ཐོས་པ་ལྟར་ན། དུད་འགྲོ་གང་པགས་པའི་མདོག་གསེར་དུ་སྣང་བ་དེ་ནི་ངེས་པར་སྐྱེས་བུ་ཆེན་པོ་ཡིན་ནོ། །ཞེས་བྱུང་ན་ཅིའི་ཕྱིར་རྔོན་པ་ལ་བྱ་དགའ་སྦྱིན་པར་བྱ། གལ་ཏེ་བྱིན་ན་ནི་བདག་ཀྱང་གསོད་པ་ལ་དགའ་བར་འགྱུར་རོ། །ཅི་སྟེ་མ་བྱིན་ནའང་རྔོན་པ་འདིའི་རེ་ཐག་ཆད་པར་འགྱུར་རོ་སྙམ་དུ་བསམས་ནས་རྔོན་པ་དེ་ལ་ནོར་ཅུང་ཟད་ཅིག་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་འདི་བསད་པ་ན་ལྟས་ཀྱི་རྣམ་པ་ལྟ་བུ་བྱུང་ངམ། །རྔོན་པ་དེས་ཀྱང་ཇི་ལྟར་བྱུང་བའི་ལྟས་ཀྱི་རྣམ་པ་རྒྱལ་པོ་ལ་གསོལ་བ་དང་། དེའི་ལྟས་ཀྱི་ཁྱད་པར་དེ་དག་རྒྱལ་པོས་ཐོས་ནས་འདི་སྐད་དུ་སྨྲས་པར་ངེས་སོ། །ཨེ་མ་ཧོ་ཁྱོད་ནི་མིར་གྱུར་ཀྱང་། །དམ་པའི་སྤྱོད་ལས་གཞན་དུ་བྱས། །དུད་འགྲོའི་གཟུགས་ཅན་བདག་ཉིད་ཅན། །བདག་གི་ཡུལ་དུ་གང་གནས་པ། །བག་མེད་པ་ཡི་དབང་གིས་སུ། །བདག་གི་ཉེས་པར་བྱས་པ་བཞིན། །ཞེས་སྨྲས་ནས་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་བསྐྱེད་ནས་བདག་གི་ཡུལ་གྱི་བློན་པོ་དང་། ཁམས་ཀྱི་རྒྱལ་བྲན་རྣམས་དང་གྲོང་གི་གཙོ་བོ་རྣམས་བསྡུས་ཏེ་བྱང་ཆུབ་སེམས་དཔའ་ཡི་དམ་བརྟན་པ་འཕོ་བའི་ཚེ་ཡིག་འབྲུ་བརྒྱད་པོ་སྨྲས་པའི་དོན་ངེས་པར་བརྟག་ཀྱང་མ་ཤེས་ནས་དེའི་ཚེ་ཀུན་ཏུ་དྲིས་པ་ན། དྲང་སྲོང་ཤ་མ་ཞེས་བྱ་བ་མཁས་ཤིང་གསལ་བ་མངོན་པར་ཤེས་པ་ལྔ་ཐོབ་ཅིང་ཡོད་པ་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་སྟེ་ཡི་གེ་བརྒྱད་པོ་འདིའི་དོན་བཤད་དོ། །ཡ་ལ་ལ་ཞེས་བྱ་བ་ནི་སྐྲ་བྲེགས་ཤིང་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པས་སྐྱེ་ཤི་ལས་མྱུར་དུ་ཐར་རོ། །པ་ཤ་ས་ཞེས་པ་ནི་དེ་ཉིད་འཕགས་པའི་མཚན་ཡིན་ཏེ་མྱ་ངན་ལས་འདས་པ་དང་ཉེའོ་ཞེས་ཟེར་རོ། །སྭཱ་ཧཱ་ཞེས་པ་ནི་དེ་ཉིད་ལྷ་དང་བཅས་པའི་ཐམས་ཅད་ཀྱི་བཀུར་སྟིའི་གཞི་ཞེས་བྱ་བའི་དོན་ཏོ། །དྲང་སྲོང་གིས་དེ་སྐད་སྨྲས་ནས། དེ་ནས་རྒྱལ་པོ་དགའ་ཞིང་མྱ་ངན་བཅས་པར་གྱུར། །རིན་ཆེན་སྣ་བདུན་ཤིང་རྟ་མཆོག་བྱས་ཏེ། རབ་ཏུ་བཀྲ་བའི་གོས་མཆོག་རྣམས་ཀྱིས་ལེགས་པར་གཡོགས། །ལྤགས་པ་མཆོག་དེ་དེ་ཡི་སྟེང་དུ་རབ་བཞག་ཏེ། བྱང་ཆུབ་སེམས་དཔས་སྨྲས་པའི་ཚིག །རབ་ཏུ་བསྒྲགས་ཤིང་རྨད་བྱུང་པའི། །ལྤགས་པ་དེ་ཡང་སྐྱེ་བོ་ལ། བསྟན་ཅིང་མཆོད་པ་དུ་མ་བྱས། །དེ་ནས་རྒྱལ་པོ་དེ་ཡིས་གསེར་ལས་བྱས་པའི་སྒྲོམ་གྱི་ནང་དུ་བྱང་ཆུབ་སེམས་དཔའི་ལྤགས་པ་བཅུག་ཏེ། མཆོད་རྟེན་དུ་བྱས་སོ། །བྱང་ཆུབ་སེམས་དཔའ་བརྟན་པའི་སྟོབས། །འགྲོ་བ་གཞན་ལ་ཕན་བྱེད་པ། །དེ་ལྟར་སྨན་དང་ནོར་བུའི་ཚོགས། ཀུན་ཏུ་ཕན་བྱེད་མ་ཡིན་ནོ། །དེ་ལྟར་རྒྱལ་པོ་ཆེན་པོ་དེ་བི་ལ་སོགས་པ་སྐྱེ་བོའི་ཚོགས་འདུས་པ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་དང་། ལྤགས་པ་ལ་དད་ཅིང་མཆོད་པར་བྱེད་པ་དེ་དག་དེ་ནས་བཟུང་ཏེ། བསྐལ་པ་ཁྲག་ཁྲིག་ཕྲག་བཅུའི་བར་དུ་ལྷ་དང་མིའི་བདེ་འགྲོའི་མཆོག་ཐོབ་ཅིང་བྱང་ཆུབ་ཀྱི་མཐས་གཏུགས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་བཟོད་པ་དང་བརྩོན་འགྲུས་དང་། གཞན་ལ་ཕན་པར་བྱེད་པའི་སྟོབས་བསམ་གྱིས་མི་ཁྱབ་པོ་ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ། དེ་ལྟར་ཆ་ལུགས་འཛིན་པ་ཙམ་ལ་ཡང་གུས་པའི་སེམས་ལྷོད་པར་མི་འགྱུར་ན། གཞན་གྱི་དོན་ཆེན་པོ་སྤྱོད་པ་ལ་ཞུགས་པའི་བརྩོན་འགྲུས་ནུབ་པར་གྱུར་པ་མེད་དོ་ཞེས་བརྩོན་འགྲུས་ཀྱི་ཕན་ཡོན་བསྔགས་པ་དང་། དེ་བཞིན་དུ་བསྟན་པ་ལ་གུས་པར་བྱ་བའི་ཡན་ལག་ལ་ཡང་བརྗོད་པར་བྱའོ། །སེང་གེའི་རྒྱལ་པོ་ཡི་དམ་བརྟན་པར་སྐྱེས་པའི་རབས་སྟེ་སུམ་ཅུ་སོ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་རྣམས་གནས་སྐབས་སུ་བདེ་བར་འགྱུར་བ་ཅུང་ཟད་ཙམ་ལའང་ཆགས་པ་མེད་པར་བདག་གི་ལུས་དང་སྲོག་ཡོངས་སུ་གཏོང་ན་གཞན་གྱི་དོན་ཆེན་པོ་ལ་བརྩོན་པར་འགྱུར་བ་ལྟ་སྨོས་ཅི་དགོས། དེ་ཡང་འདི་ལྟར་ཐོས་ཏེ། བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། རང་ཉིད་ཀྱི་བདེ་བ་ཁྱད་དུ་གསད་ནས་གཞན་གྱི་དོན་ཡོངས་སུ་བསྐྱེད་པར་བྱེད་པ་སྙིང་རྗེའི་སྟོབས་ཀྱིས་གཞན་ལ་ཕན་པར་བྱེད་པའི་རང་བཞིན་ཅན་བློ་ཤིན་ཏུ་རྣོ་བས་དུས་ཚིགས་དང་རྒྱུ་སྐར་ལ་སོགས་པའི་ལྟས་རིག་པའི་ཕ་རོལ་ཏུ་ཕྱིན་པས་ལོངས་སྤྱོད་ཀྱི་ཕྱིར་རྒྱ་མཚོར་འཇུག་པར་བྱེད་པ་རྣམས་ལ་ཅི་ནུས་ཀྱིས་མི་འཇིགས་པ་སྦྱིན་པར་བྱེད་པ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེའི་རང་བཞིན་འདི་ལྟ་བུ་དག་ལྡན་པར་མངོན་ཏེ། གཞན་དུ་སྦྱངས་པས་རྣམ་པར་དག་པའི་ལུས། བཟོད་ལྡན་དབང་པོ་དུལ་ཞིང་རབ་ཞི་ལ། །དེས་པའི་ཚུལ་གྱིས་གཞན་གྱི་དོན་སྤྱོད་པ། །ཤེས་འདོད་རྣམས་ཀྱི་དོན་སྤྱོད་ཕ་དང་མཚུངས། །གཙུག་ལག་བསྟན་བཅོས་ལེགས་མཐོང་མིག་ཇི་བཞིན། །སྙིང་རྗེས་གཞན་ལ་ཕན་པའི་མཆོག་ཏུ་གྱུར། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་དང་། ཚོང་པའི་ཚོགས་ཕལ་མོ་ཆེ་དག་ཅིག་དབུལ་བའི་སྡུག་བསྔལ་གྱིས་སེམས་ཀུན་ཏུ་སྤྱོད་པར་གྱུར་པ་རྣམས་ཀྱི་དོན་དང་བྱ་བ་རྗེས་སུ་མཐུན་པར་རྒྱ་མཚོའི་ཕ་རོལ་གྱི་ནོར་བུ་དག་བླངས་པར་འདོད་དེ་གྲུ་བོ་ཆེ་ལེགས་པར་བཤམས་ནས་ཡོ་བྱད་ཀྱི་དངོས་པོ་དུ་མ་དག་གིས་ལེགས་པར་བཀང་ཞིང་། གང་ན་རྒྱ་མཚོ་ཆེན་པོ་ཟབ་ཅིང་ཡངས་པ་ལ་དཔག་ཏུ་མེད་པའི་ཆུས་གང་པ། ཀླུ་ཆེན་པོ་ལ་སོགས་པ་འབྱུང་པོ་མང་པོའི་གནས་སུ་གྱུར་པ། རླབས་རྣམ་པར་གཡོ་བས་རྣམ་པར་མཛེས་པ། མེ་ཏོག་པད་མ་དཀར་པོ་གཏོར་བ་ལྟ་བུའི་རང་གི་ལྦུ་བ་དཀར་པོ་དྲི་མ་མེད་པས་བརྒྱན་པ་དེ་ལྟ་བུའི་རྒྱ་མཚོ་ཆེན་པོའི་ནང་དུ་བཞུགས་སོ། །དེ་ནི་དཔག་ཏུ་མེད་པའི་ཆུ། ཨཎྜྻ་བརྙིལ་གྱི་དུམ་བུ་འདྲ། །རླབས་ཀྱི་འཕྲེང་བ་རབ་ཏུ་འཕྲོ། །ཕྱོགས་རྣམས་ཀུན་ཏུ་གསལ་བར་བཀྲམ། །དབང་པོ་སྔོན་པོ་ཞུ་བའི་མདོག་ལྟ་བུ། །སྟོན་ཁའི་ནམ་མཁའ་དྲི་མེད་ལྟ་བུར་མཛེས། །ཆུ་ཟླ་གཞོན་ནུ་རྒྱུ་བའི་གར་མཛེས་བྱེད། །དཔག་མེད་འབྱུང་པོའི་གནས་གྱུར་དེ་རུ་བཞུགས། དེ་ལྟར་ཚོང་པ་དེ་དག་རིམ་གྱི་རྒྱ་མཚོ་ཆེན་པོ་རབ་ཏུ་བགྲོད་པར་དཀའ་བ། རི་དང་ལྡུམ་བུའི་མཚན་མ་ཐམས་ཅད་སྣང་བ་མེད་པ་དེའི་དབུས་སུ་ཕྱིན་པར་གྱུར་པ་ལས། གློ་བུར་དུ་ལྟས་ངན་པ་ཆེན་པོར་སྣང་བར་གྱུར་ཏེ། སྟག་ཟིལ་མདོག་ཅན་གནོད་སྦྱིན་ལྟོ་བ་ལྟ་བུར་རབ་ཏུ་གནག་པའི་མདོག །འཇིགས་པའི་རླུང་སྒྲ་རབ་ཏུ་འབར་བས་ཀུན་ཏུ་འཁྲུགས་པར་གྱུར་པ་དེ་ཡི་སྤྲིན། །ནམ་མཁའི་ངོས་རྣམས་གྲུམ་པར་གྱུར་འདྲའི་འབྲུག་གི་སྒྲ་སྐད་རྣམས་སྒྲོགས་པ། །འབར་བའི་འོད་སྟོང་རབ་ཏུ་འཕྲོ་བའི་གློག་གི་རྒྱུན་དང་བཅས་པ་འབྱུང་། དེ་ནས་རབ་ཏུ་དྲག་པོ་ཡི། །རླུང་གིས་རྒྱ་མཚོ་ཀུན་ཏུ་དཀྲུགས། །རབ་འཇིགས་སྤྲིན་ལས་བྱུང་བའི་ཆར། ཤུགས་དྲག་མདའ་ཡི་རྒྱུན་ལྟར་བབ། །དེ་ལྟར་རབ་ཏུ་མ་རུངས་པའི། །རྒྱ་མཚོ་གཡོ་བར་གྱུར་པ་དེས། །གྲུ་ཡང་མངོན་དུ་བཟློག་པ་བཞིན། །བཅིངས་ཐག་རྣམས་ཀྱང་ཆད་པར་གྱུར། །ལྷ་དང་ལྷ་མིན་མངོན་པར་གཡུལ་འགྱེད་ཚེ། །ལྷ་མིན་དཔའ་བོ་ཅོད་པན་འགྱེལ་བ་བཞིན། །གཟིངས་ཀྱི་ཅོད་པན་དར་ཆེན་འགྱེལ་བར་གྱུར། །ཅ་ཅོའི་སྒྲ་རྣམས་རབ་ཏུ་བསྒྲགས་པ་བཞིན། །རྒྱ་མཚོ་དེ་ཡང་ཆུ་རླབས་འཐབ་པའི་སྒྲ། །རབ་ཏུ་དྲག་པོ་ཆིལ་ཆིལ་སྒྲོགས་པར་གྱུར། །ཚོང་པ་དེ་དག་སྙིང་ལ་འཇིགས་པ་བསྐྱེད། །ལུས་སེམས་སྟོབས་ཀྱི་སྒྱུ་རྩལ་ཙམ་ལ་ཐུག །དེ་ལྟར་རྒྱ་མཚོ་ཆེན་པོའི་དབུས་སུ་ཆར་རླུང་དྲག་པོས་རྣམ་པར་གཡེངས་པའི་ཤུགས་ཀྱིས་གྲུ་བོ་ཆེ་དེ་ཀུན་ཏུ་འཐོར་བར་གྱུར་ཏོ། །དེ་ནས་ཚོང་པ་དེ་དག་གྲུ་ཞིག་པས་འཇིགས་ཤིང་སྐྲག་པར་གྱུར་ནས་སྲོག་གི་ཕྱིར་ཁ་ཅིག་ནི་སྤང་ལེབ་ལ་བརྟེན་ཏེ་བརྒལ། ཁ་ཅིག་ནི་ལག་གིས་བརྐྱལ། ཁ་ཅིག་ནི་འཆི་བའི་དུས་བྱས་སོ། །དེའི་ཚེ་ཚོང་པ་མང་པོ་དེ་དག་གི་ནང་དེད་དཔོན་དུ་གྱུར་པ་དེ་རྒྱ་མཚོ་ཆེན་པོ་དེ་ལ་བརྐྱལ་བས་བརྐྱལ་བར་གྱུར་ཏོ། །དེའི་ཚེ་ཚོང་པ་དེ་དག་གི་ནང་ནས་ཚོང་པ་ལྔ་ཞིག་དེད་དཔོན་དེ་དང་ཉེ་བ་དེར་རྒྱ་མཚོ་ཆེན་པོ་དེས་ཁྱེར་བ་དེ་དག་ཉམ་ཐག་ཅིང་དེད་དཔོན་དེ་ལ་གསོལ་བ་བཏབ་བོ། །ཀྱེ་དེད་དཔོན་ཆེན་པོ་དེད་དཔོན་མཆོག །རྒྱ་མཚོ་རབ་ཏུ་བགྲོད་དཀའ་བའི། །དབུས་སུ་བདག་ཅག་ལྷུང་པར་འགྱུར། །ཁྱོད་ནི་སྟོབས་དང་ལྡན་པ་འདྲ། །བདག་ཅག་འགུམ་པར་འགྱུར་པ་ལས། །དེད་དཔོན་ཆེན་པོས་ཡོངས་སུ་སྐྱོབས། དེ་སྐད་ཅེས་སྨྲས་པ་དང་། དེད་དཔོན་ཆེན་པོ་དེ་སྙིང་རྗེའི་ཤུགས་ཀྱིས། ཀྱེ་མ་འཇིག་རྟེན་པ་འདི་དག་ཐམས་ཅད་ནི་སྙིང་པོ་མེད་པའི་ལོངས་སྤྱོད་ཅུང་ཟད་ཀྱི་ཕྱིར་འཇིག་རྟེན་འདིར་ཡང་སྡུག་བསྔལ་གྱི་ཚོར་བ་མྱོང་པར་འགྱུར་ལ་མཐར་ཐུག་ཏུ་ཡང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ནུབ་པར་འགྱུར་བ་འདི་ནི་མ་རུངས་པར་གྱུར་ཏོ། །བདག་འཆི་བར་འགྱུར་བ་འདི་ནི་སླའི། འདི་དག་རྒྱ་མཚོའི་དབུས་སུ་ཉམ་ཉེས་པ་འདི་ལས་ཐར་པར་བྱའོ་སྙམ་ནས་ཚོང་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་ཁྱེད་རྣམས་མ་འཇིགས་ཤིག །ངས་ཁྱེད་རྣམས་རྒྱ་མཚོ་འདི་ལས་བདེ་བར་བཏོན་ནོ། །ཞེས་དབུགས་ཕྱུང་ནས། དེད་དཔོན་ཆེན་པོ་དེས་བསམ་པ། རྒྱ་མཚོ་ཆེན་པོ་འདི་ནི་མིའི་རོ་དང་ལྷན་ཅིག་མི་གནས་པས། ངེས་པར་བདག་གིས་བདག་གི་ལུས་སྲོག་དང་ཕྲལ་ཏེ་ཚོང་པ་འདི་དག་རྒྱ་མཚོ་ཆེན་པོ་འདི་ལས་བཏོན་ཏོ་སྙམ་དུ་བསམས་ནས། འདི་སྐད་སྨྲས་པར་ངེས་སོ། །ཚོང་པ་ཁྱེད་ཅག་ཤེས་པར་གྱིས་ཤིག །ནོར་ནི་སྡུག་བསྔལ་མཐའ་ཡས་བསྐྱེད་པའི་རྒྱུ། །དུས་འདིར་སྡུག་བསྔལ་མྱོང་པར་མ་ཟད་ཀྱི། །སེམས་དམྱལ་ཡི་དྭགས་དུད་འགྲོ་དག །མྱོང་བྱེད་སྡུག་བསྔལ་རྩ་བ་འདི་ཡིན་ནོ། །ལྕགས་ཁང་ནག་པོར་ཕོ་ཉས་གང་ཞིང་འབར་བའི་ཕུང་པོ་འཕྲོ་བའི་ནང་། །ལས་ཀྱིས་དབང་མེད་ཚིར་ཚིར་བསྲེགས་ཤིང་ཤ་རུས་ཀུན་ཏུ་ཞིག་གྱུར་ཀྱང་། །ཚོར་བའི་སྡུག་བསྔལ་འཕོ་བ་མེད་པ་མྱོང་བར་བྱེད་པའི་རྒྱུ་དེ་ཡང་། །ལོག་པའི་འདོད་ཡོན་འདོད་པའི་རྒྱུ་ཡིས་མི་དགེ་སྤྱད་ལས་བྱུང་བར་འགྱུར། །ཡན་ལག་རབ་ཕྲ་རབ་ཏུ་བཀྲེས་པའི་ལྟོ་བ་རི་རབ་འདྲ་བ་ཡང་། །ཅུང་ཟད་མི་རྙེད་རྙེད་པར་གྱུར་ཀྱང་ལྷ་ཡི་ཟས་མཆོག་མི་གཙང་མཐོང་། །ཟ་བར་མི་ནུས་ཅུང་ཟད་ཟོས་ཀྱང་རོ་ཉེ་འཐུངས་ལ་ལྟར་གྱུར་བ། །དེ་འདྲའི་སྡུག་བསྔལ་སེར་སྣའི་འབྲས་བུས་དབང་མེད་འགྱུར་ལ་ལྟོས། །གང་ཞིག་སྐྱབས་མེད་གཉེན་པོས་བཟུང་ནས་སྲོག་དང་ཕྲལ་བར་བྱེད་པ་དང་། །བྱེ་ཚན་འབར་བ་ཚ་ཟེར་བྱེད་པས་རབ་ཏུ་གདུངས་སྟེ་ལུས་སྐེམས་ཤིང་། །འཁུན་སྒྲ་འབྱིན་དང་དབང་མེད་ཤ་དང་ཡན་ལག་གཅོད་ཅིང་ཉམ་ཉེས་པ། །དེ་འདྲའི་སྡུག་བསྔལ་བསྐྱེད་པར་བྱེད་པའི་རྒྱུ་ནི་ནོར་འདི་ཁོ་ནའོ། །དེས་ན་ཁྱེད་ཅག་ཤེས་པར་བྱོས། །འཛམ་བུའི་གླིང་དུ་བདེར་ཕྱིན་ཅིང་། །བག་ཡོད་སྤྱོད་ལའང་གནས་པར་བྱ། །སྙིང་པོ་མེད་པའི་ལོངས་སྤྱོད་ལ། །ཆགས་ཤིང་བརྐམ་པ་ཡོངས་སུ་སྤོངས། །ཆོས་ལ་ཅིག་དུ་བག་ཡོད་བྱོས། །འདི་ལྟར་ཁྱེད་ཅག་རྒྱ་མཚོ་ལས། །རབ་ཏུ་ཐར་བར་བྱས་པ་འདིས། །གཞན་དུ་སྲིད་པའི་རྒྱ་མཚོ་ལས། །ཁྱེད་ཅག་རབ་ཏུ་བསྒྲལ་བར་བྱ། ཞེས་པ་ཚོང་པ་དེ་དག་ལ་མི་འཇིགས་པ་བྱིན་ནས། ཚོང་པ་དེ་དག་བདག་གི་ལུས་ལ་ཤིན་ཏུ་ལེགས་པར་ཁ་ཅིག་ནི་རྒྱབ་ཏུ་བཞོན། ཁ་ཅིག་ནི་རྐང་པ་ལ་བཅར་ཏེ། རྩལ་ཆེན་པོ་སྐྱེད་ནས་ལུས་དང་སེམས་ལ་སོ་སོར་བརྟག་པའི་མཐུ་བསྐྱེད་དེ། སྙིང་རྗེ་ཆེན་པོས་ཡོངས་སུ་སྒོམ་པའི་སེམས་ཀྱིས་མཚོན་རྣོན་པོས་བདག་གི་སྲོག་བཅད་པ་དང་། དེ་མྱུར་བ་ཉིད་དུ་འཆི་བའི་དུས་བྱས་ཏེ། དེ་ནས་དེ་མ་ཐག་ཏུ་རོ་དེ་དང་ཚོང་པ་ལྔ་པོར་བཅས་པ་རྒྱ་མཚོ་ཆེན་པོ་དེའི་ནང་ནས་སྐམ་ལ་བྱུང་ངོ་། །དེད་དཔོན་བདག་ཉིད་ཆེན་པོ་དེས། །སྙིང་རྗེའི་བརྩོན་འགྲུས་མ་སྨད་པ། །བརྟན་པའི་མཐུ་ཡིས་ཚོང་པ་ལྔ། །འཛམ་བུའི་གླིང་དུ་བདེ་བར་ཕྱིན། །དེ་ཚེ་ཚོང་པ་ལྔ་པོ་དེ་དག་དང་། བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེས་གྱུར་ཏེ། །དེད་དཔོན་མཆོག་དེའི་སྤྱོད་པ་དེ་ལ་བསྟོད། །ཨེ་མ་ཁྱོད་ནི་ངོ་མཚར་རྨད་དུ་བྱུང་། བདག་གི་བདེ་བ་ལྟོས་པ་མེད་པར་བཏང་། །བདག་ཅག་འཆི་བདག་ཁ་ནས་མངོན་པར་ཕྱུང་། །འདི་འདྲའི་རྨད་བྱུང་འཇིག་རྟེན་གཞན་ན་མེད། ཞེས་བདག་ཉིད་ཆེན་པོ་དེའི་གདུང་ལ་གུས་པ་བྱས་ཏེ་རང་གི་ཡུལ་དུ་དོང་ནས་ཅི་ནུས་ཀྱིས་ཆོས་དང་མཐུན་པར་གྱུར་ཏོ། །དེ་ལྟ་བུའི་ཕྱིས་བྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལྔ་སྡེ་འདི་ནི་དེའི་དུས་ན་ཚོང་པ་ལྔ་པོར་གྱུར་ཏེ། དེའི་ཚེའང་ངས་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །འདིར་ཡང་ངས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། མྱ་ངན་ལས་འདས་པ་འཇིགས་པ་མེད་པའི་ཞི་བ་ལ་བཀོད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་དག་གནས་སྐབས་སུ་བདེ་བར་འགྱུར་བ་ལ་ཡང་བདག་ཉིད་ཀྱི་སྲོག་འཕངས་པ་མེད་པའི་བརྩོན་འགྲུས་བརྩོམ་མོ་ཞེས་བརྩོན་འགྲུས་ཀྱི་ཕན་ཡོན་བསྔགས་པ་དང་། བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ནའང་གཞན་གྱི་དོན་ལ་བརྩོན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེད་དཔོན་བརྩོན་འགྲུས་ཆེན་པོར་སྐྱེས་པའི་རབས་ཏེ་སུམ་ཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སྲོག་ལ་བབ་ཀྱང་སྦྱིན་པ་ལ་སོགས་པ་བརྩོན་འགྲུས་ཉམས་པར་མི་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། རེ་ཞིག་རྒྱལ་པོ་གསེར་མདོག་ཅན་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ཆུང་ངུ་ནས་རང་གི་དཔལ་དང་གཞན་དུ་སྤྱད་པའི་མཐུས། གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཕྱེད་པའི་འཁོར་དང་ལྡན་པས་རྒྱལ་སྲིད་ཀྱི་བྱ་བ་བྱེད་པར་གྱུར་ཏོ། །ཡོན་ཏན་ཚོགས་ཀྱིས་རབ་ཏུ་དཔལ་འབར་ཞིང་། །སྦྱིན་པའི་མཐུ་ཡིས་ལོངས་སྤྱོད་དཔག་ཏུ་མེད། །བཟོད་ལ་གནས་པས་གསེར་གྱི་རི་ལྟར་སྡུག །ནུབ་པ་མེད་པས་དགེ་ལ་འགོད་བྱེད་པས། །དེ་ཡི་འབངས་རྣམས་ཕན་ཚུན་འཁྲུག་པ་མེད། །ལྷ་དབང་དཔལ་ལ་འགྲན་པར་བྱེད་པ་བཞིན། དེ་དེ་ལྟར་རྒྱལ་སྲིད་ལ་གནས་པ་ན། །བློན་པོ་སྣ་ཆེན་པོ་ལ་གཏོགས་པ་རྣམས་བསྡུས་ནས་འཛམ་བུ་གླིང་དུ་གནས་པ་ཐམས་ཅད་ལ། ཤོ་གམ་དང་དཔྱ་ལ་སོགས་པ་ཐམས་ཅད་མེད་པར་བྱོས་ལ། ཇི་ལྟར་རིགས་པའི་བདེ་བས་གནས་པར་གྱིས་ཤིག་ཅེས་བསྒོ་ནས། དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་རྗེས་སུ་བསྒྲུབས་ཤིང་བཀའ་ཁྲིམས་བཟང་པོ་འདི་ལྟར་བསྒྲགས་པར་ངེས་སོ། །ས་ཡི་བདག་པོ་དཔལ་གྱིས་སྒོར་གྱུར་པའི། །དཔལ་ལ་སྤྱོད་པའི་སྐྱེ་དགུ་བདེ་བ་རྣམས། །བདེ་དང་ལྡན་ཞིང་སྡུག་བསྔལ་རིང་དུ་བྱོས། སྦྱིན་ལ་གནས་ཤིང་སེར་སྣ་མི་མཐུན་ཚུལ། །ཁྲོ་བ་རབ་སྤངས་དེ་ལ་གནས་པའི་ཚུལ། །བརྩོན་པའི་སྟོབས་ཀྱིས་རབ་ཏུ་བརྒྱན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་དགེ་བ་བཅུ་དང་འབྲེལ་བའི་བཀའ་ཁྲིམས་ཀྱིས་ངན་སོང་གི་སྒོ་ནི་བཅད་པ་བཞིན་དུ་བྱས། མཐོ་རིས་ཀྱི་སྒོ་ནི་ལམ་པོ་ཆེ་ལྟར་དུ་བྱས་ནས་སྐྱེ་དགུ་རྣམས་ཡོངས་སུ་སྐྱོང་བ་ན་དུས་གཞན་ཞིག་ཏུ་ལྷའི་བུ་ཆར་འབེབས་པ་རྣམས་བག་མེད་པར་གྱུར་པའམ་འགའ་ཞིག་གིས་ཉེས་པས་ལོ་བཅུ་གཉིས་སུ་ཆར་མི་འབབ་པའི་ལྟས་ཞིག་བྱུང་བར་གྱུར་པ་མཐོང་ནས། མཚན་མ་ལ་མཁས་པའི་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་སྙན་དུ་གསོལ་བ་ན། རྒྱལ་པོ་དེ་འདི་སྙམ་དུ་ཀྱེ་མ་འགྲོ་བ་རྣམས་མ་རུངས་པར་གྱུར་ཏོ་ཞེས་སྙིང་རྗེའི་སྟོབས་ཀྱིས་མཆི་མ་ཕྱུང་ཏེ། ཀྱེ་མ་བདེ་བའི་སྐྱེ་བོ་རྣམས། །ད་ནི་མ་རུངས་གྱུར་གྱི་མེད། ཡང་འདི་སྙམ་དུ། ད་ནི་ངེས་པར་ཐབས་བྱ་བའི་དུས་ལ་བབ་པོ་སྙམ་དུ་ངེས་པར་བྱས་ནས། རྩིས་པ་དང་སྣ་ཆེན་པོ་ལ་སོགས་པ་དང་། བློན་པོ་དང་བསྒོ་བ་དང་འཁོར་རྣམས་བོས་ཏེ་གྲོང་གི་གཙོ་བོ་ཁྱེད་རྣམས་དེང་ལ་འཛམ་བུའི་གླིང་གི་བཟའ་བའི་དངོས་པོ་རྣམས་བསྡུས་ལ་ཕོ་བྲང་གི་འཁོར་དུ་བང་བ་ཅིག་དུ་ཡོངས་སུ་དྲངས་ནས་གསོག་ལ། ཡང་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱང་གྲངས་སུ་གྱིས་ཤིག །འགྲོ་བའི་ལས་ཀྱི་མུན་པས་རབ་བསྒྲིབས་ཀྱང་། །བློ་དང་ལྡན་པའི་འོད་ཀྱིས་སེལ་བར་བྱེད། །ཉི་མའི་འོད་ཀྱིས་གནག་པའི་མུན་པ་བཞིན། །སྣང་བར་བྱེད་པའི་དཔལ་ནི་དཔག་ཏུ་མེད། དེ་ནས་བཀའ་བཞིན་དུ་བློན་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་གྲོང་ཁྱེར་དང་གྲོང་བརྡལ་དང་། ལྗོངས་ཀྱི་ཡུལ་ཅི་རྙེད་པའི་བཟའ་བའི་དངོས་པོ་ཐམས་ཅད་ཅིག་ཏུ་བསྡུས་ཏེ་སྐྱེ་བོ་ཐམས་ཅད་འདུ་བར་རུང་བའི་གནས་སུ་མཛོད་གཅིག་ཏུ་བྱས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་གཟིགས་སུ་གསོལ། ཇི་ལྟར་བཀའ་སྩལ་བ་དེ་བསྒྲུབས་ཟིན་ལགས་ཀྱིས། ཅི་ལྟར་བགྱི་བ་བཀའ་རྩལ་བའི་རིགས་སོ། །དེ་ནས་རྒྱལ་པོས་ལས་བྱེད་པ་རྣམས་ལ་བསྒོ་བ། ཁྱེད་རྣམས་བག་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ་བྱོས་ལ། ང་ཉིད་ད་ནས་བཟུང་ཏེ་སྐྱེ་བོ་ཀུན་ལ་བཟའ་བའི་དངོས་པོ་མཉམ་དུ་འགྱེད་པར་གྱིས་ཤིག །ཁྱེད་རྣམས་ལྟོས་ཤིག །གང་ཞིག་མཁའ་ལས་འབབ་པ་ཆར་པའི་རྒྱུན། །ཟད་པའི་རྐྱེན་གྱིས་འབྲུ་རྣམས་འཕེལ་མི་འགྱུར། །འགྲོ་བ་རྣམས་ནི་བག་དང་མི་ལྡན་པས། །གཞན་དུ་ཉེས་པའི་ཚོགས་རྣམས་འབྱུང་བར་འགྱུར། དེ་བས་སྲོག་ནི་ཅི་ནས་རབ་བཟུང་ཕྱིར། །བརྟན་པས་ཉིན་རེ་བཞིན་དུ་བག་ཡོད་བྱོས། །གཞན་དུ་བྱས་ན་འཆི་བདག་གཤིན་རྗེ་དེ་མཆེ་བ་བཟས་ནས་མངོན་དུ་འོང་བ་བཞིན། བག་དང་ལྡན་པས་བརྩོན་པས་མཐུ་བསྐྱེད་ནས། །རབ་དཀའི་གནས་ཀྱང་བདེ་བར་བགྲོད་འགྱུར་ཏེ། དཔའ་ལ་བརྟན་པའི་ཐབས་ཀྱིས་གཞན་གྱི་བཞིན། དེ་ལྟར་སྨྲས་ནས་ཐམས་ཅད་ཀྱིས་དེ་བཞིན་དུ་འཚལ་ལོ་ཞེས་ཐམས་ཅད་ལ་མཉམ་པར་འཛམ་བུའི་གླིང་གི་སྐྱེ་བོ་རྣམས་ལ་སྐྱེའོ། །དེའི་མཐུས་ལོ་བཅུ་གཅིག་གི་བར་དུ་སྐྱེ་བོ་རྣམས་ཀྱང་ཉམས་ཉེས་པར་མ་གྱུར་ཏོ། །དེ་ལོ་བཅུ་གཉིས་པ་ལ་བབ་པ་ན་འབྲུའི་ཚོགས་ཟད་ལ་ཉེ་བར་གྱུར། སྐྱེ་བོ་རྣམས་ནི་རབ་ཏུ་བཀྲེས་པ་དང་། གཞན་དུ་ན་ཆུ་རྣམས་ཀྱང་རབ་ཏུ་དཀོན་པར་གྱུར་ནས་དེའི་དབང་གིས་སྐྱེ་བོ་མང་པོ་ཉམས་ཐག་པར་གྱུར། འགའ་ཞིག་ནི་ཤི་བར་ཡང་གྱུར་ཏོ། །འགྲོ་བ་ཀུན་ནི་བག་དང་མི་ལྡན་དང་། །འབྲུ་རྣམས་འཕེལ་བའི་གོ་སྐབས་མེད་པ་ཡིས། །སྐྱེ་དགུ་རྣམས་ནི་ཤིན་ཏུ་མ་རུངས་གྱུར། །ཉི་མའི་ཟེར་གྱིས་གདེངས་ཀ་འཐུང་བ་བཞིན། །ཆུ་བོ་རྣམས་ཀྱང་རབ་ཏུ་འགྲིབ་པར་གྱུར། །སྦྲུལ་ནག་ཆེན་པོ་ལྕེ་མང་བསྐྱོད་འདྲ་བའི། །ཆར་སྤྲིན་དེ་ཡང་ད་དུང་དཀའ་བ་འདྲ། །ཚ་བའི་དབུགས་ཀྱིས་རབ་ཏུ་གདུངས་པ་ཡིས། །རྩྭ་དང་ཤིང་རྣམས་བསྲེགས་པ་བཞིན་དུ་གྱུར། དེ་ལྟར་ཐར་གྱིས་ཟས་ཀྱི་རྣམ་པ་རྣམས་ཡོངས་སུ་ཟས་ཏེ་ལྷག་མ་བྲེ་གང་ཞིག་ལུས་པའི་སྐབས་སུ་བབ་པ་ན། མྱ་ངན་གྱི་མེས་གཞན་དུ་བསྲེགས་པར་གྱུར་པའི་འགྲོ་བ་དག ཀྱེ་མ་ད་ནི་སྟོར་གྱིས་མེད། །འབྲུའི་ཚོགས་ཀྱང་སྟོར་བ་བཞིན། །འཆི་བདག་མངོན་དུ་འོངས་པ་བཞིན། བདག་ཅག་ཐམས་ཅད་མ་རུངས་གྱུར། དེའི་ཚེ་རང་སངས་རྒྱས་ཞིག་བདག་གིས་སེམས་ཅན་ལ་ཕན་པར་བྱ་བ་གང་ལས་བསོད་སྙོམས་བྱ་བའི་གནས་ལྷའི་མིག་གིས་བརྟག་ན། འཛམ་བུའི་གླིང་ཀུན་ཏུ་ཟས་ཐམས་ཅད་ཟད་དེ། རྒྱལ་པོའི་ཕོ་བྲང་ན་བྲེ་གང་ལུས་པ་མཐོང་ངོ་། །མཐོང་ནས་དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕོ་བྲང་གི་འཁོར་དེར་སོང་ངོ་། །དེའི་ཚེ་ཇི་ལྟར་འོས་པའི་བསུ་བ་ལ་སོགས་བྱས་ཏེ། རང་སངས་རྒྱས་དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཅིའི་སླད་དུ་འདིར་བྱོན། སྨྲས་པ། ཟས་ཀྱིས་ཕྱིར་རོ་དེ་ནས་རྒྱལ་པོ་དགའ་ཞིང་མྱ་ངན་བཅས་པར་གྱུར། ཀྱེ་མ་འཛམ་གླིང་དཔལ་གྱིས་འབྱོར་པར་བདག་གྱུར་ཀྱང་། །དྲང་སྲོང་ཅིག་ལ་བསོད་སྙོམས་འབུལ་བར་མ་ནུས་སོ། །ཐམས་ཅད་སྙིང་པོ་མེད་པ་འདིར་ནི་མངོན་སུམ་གྱུར། དེ་ནས་རྒྱལ་པོས་མཛོད་པ་ལ་བོས་ཏེ་སྨྲས་པ། གྲོང་གི་གཙོ་བོ་བཟའ་བའི་རྣམ་པ་ཅུང་ཟད་ཡོད་ན་དྲང་སྲོང་འདི་ལ་འབུལ་བར་བྱའོ། །དེས་སྨྲས་པ། ལྷས་ཇི་ལྟར་བཀའ་སྩལ་བ་ལས་འབྲུ་ཐམས་ཅད་ཡོངས་སུ་ཟད་དེ། གཞན་དུ་ལྷ་ཉིད་གསོལ་རྒྱུ་བྲེ་གང་ཞིག་ལུས་སོ། །དེ་ནས་རྒྱལ་པོ་མི་དགའ་བཞིན་དུ་འཁོར་གྱི་ཚོགས་རྣམས་བོས་ཏེ་བཟའ་བའི་དངོས་པོ་བྲེ་གང་པོ་དེ་ལྷག་པའི་སེམས་ཀྱིས་རང་སངས་རྒྱས་དེ་ལ་ཕུལ་ནས་སྨོན་ལམ་འདི་སྐད་ཅེས་བཏབ་པོ། །ཀྱེ་མ་ལྷག་པའི་བསོད་སྙོམས་དམན་པ་འདི། །རྙེད་ཕྱིར་མ་ཡིན་གྲགས་པ་ཐོབ་ཕྱིར་མིན། །མཐོ་རིས་བདེ་བ་བདག་འདོད་མ་ཡིན་ཏེ། འགྲོ་བ་རྣམས་ཀྱི་དབུལ་བ་ཞི་བ་དང་། །བྱང་ཆུབ་ཐོབ་པར་བྱ་ཕྱིར་ཡོངས་གཏོང་ངོ་། །དེ་སྨྲས་རྒྱལ་བ་དེ་ཡིས་དེ་བླངས་ནས། རྫུ་འཕྲུལ་སྟོན་ཕྱིར་མཁའ་ལ་རབ་འཕགས་ཏེ། །སྐྱེ་བོ་རྣམས་ཀྱི་ཡིད་ནི་འདུན་པར་བྱས། །དེ་ནས་དེ་ནི་རང་གི་གནས་སུ་སོང་། །དེའི་འོག་ཏུ་རང་སངས་རྒྱས་དེའི་མཐུ་དང་རྒྱལ་པོ་ཉིད་ཀྱི་བསོད་ནམས་དང་སྨོན་ལམ་གྱི་མཐུས་ཕྱོགས་བཞི་ནས་སྤྲིན་དག་ལངས་ཏེ། རླུང་རབ་ཏུ་བསིལ་བས་རབ་ཏུ་བསྐྱོད་པས་ཡིད་དགའ་བ་བྱེད་པ་དག་བྱུང་ཏེ། ཐོག་མ་ཉིད་དུ་བཟའ་བ་དང་། བཅའ་བ་དུ་མ་ཆར་དུ་བབ་པོ། །དེ་ནས་འབྲུ་དང་། གོས་དང་། ནོར་བུ་ལ་སོགས་པ་ཞག་བདུན་ཕྲག་དུ་ཆར་དུ་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཐབས་མཁས་པ། །ནུས་པ་མེད་པའི་བརྩོན་འགྲུས་ཀྱིས། །རང་སངས་རྒྱས་ལ་གང་ཕུལ་བའི། །སྦྱིན་པའི་འབྲས་བུ་སྣང་བར་བྱས། །སྨྲས་པ་ཁྱེད་ཅག་ཤེས་པར་གྱིས། །རྟག་ཏུ་སྦྱིན་ལ་དུབ་མེད་དང་། །བདག་གི་སྡུག་བསྔལ་ཁྱད་གསད་ནས། །གཞན་དོན་རབ་ཏུ་སྤྱད་པར་བྱ། །དེ་ནས་ཕོ་བྲང་རབ་ཏུ་མཛེས་པར་གྱུར། །རྫོགས་ལྡན་སྤྲིན་ལས་ཁྱད་དུ་འཕགས་པ་ཡི། །བཟའ་བ་གོས་དང་རིན་ཆེན་རབ་བབ་པས། །སྐྱེ་བོ་རྣམས་ནི་དགའ་བས་མིག་བགྲད་ནས། །ཨ་ལ་ལ་ཞེས་ག་ཞའི་སྒྲ་ཡང་འབྱིན། །ས་གཞི་རབ་ཏུ་བཅུད་དང་ལྡན་པར་གྱུར། །ཀླུ་དབང་རྣམས་ཀྱང་ཆར་པ་དུས་སུ་འབེབས། །ཐམས་ཅད་ཚིམ་ཞིང་བདེ་ལ་ནད་མེད་པ། །རྒྱ་མཚོའི་མཐར་གཏུགས་དཔལ་གྱིས་མཛེས་པར་བྱས། དེ་ལྟ་བས་ན་ཡ་རབས་རྣམས་ཀྱིས་ཟས་ཀྱི་ལྷག་མ་ཆངས་ཅིག་ཙམ་ཡང་ལྟོས་པ་མེད་པར་སྦྱིན་པར་བྱའོ་ཞེས་སྦྱིན་པའི་བསྔགས་པ་བརྗོད་པ་དང་། བཀྲེན་པས་ཀྱང་སྦྱིན་པ་ལ་ལྷོད་པར་མི་འགྱུར་རོ་ཞེས་བརྩོན་འགྲུས་ཀྱི་ཕན་ཡོན་བསྔགས་པ་དང་། བཅོམ་ལྡན་འདས་འདི་དེ་ལྟར་སེམས་ཅན་ཐམས་ཅད་ལ་མཉམ་པར་ཐུགས་བརྩེ་བར་མཛད་དོ་ཞེས་དེ་བཞིན་གཤེགས་པའི་ཕན་ཡོན་བསྔགས་པ་དང་། རིམ་གྲོ་བསྐྱེད་ནས་དམ་པའི་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་གསེར་མདོག་གི་སྐྱེས་པའི་རབས་ཏེ་སུམ་ཅུ་བདུན་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་རང་ཉིད་ཉམ་ཉེས་པར་གྱུར་དུ་ཟིན་ཀྱང་གཞན་གྱི་དོན་ལ་བརྩོན་པའི་སེམས་ལྷོད་པར་མི་གྱུར་རོ། །དེ་ཡང་འདི་ལྟར་ཐོས་ཏེ། སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་ཡུལ་བཱ་ར་ན་སེ་ཞེས་བྱ་བ་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་ངོ་། །དེ་ནི་གཞན་དུ་བསོད་ནམས་སྤྱད་པའི་མཐུས། འདིར་ནི་ས་སྐྱོང་རྒྱལ་པོར་གྱུར་ན་ཡང་། ཤེས་རབ་སྙིང་རྗེའི་གོམས་པ་ཆུང་གྱུར་པས། །ཅུང་ཟད་འདོད་དང་ཁྲོ་བས་ཟིལ་གནོན་ཞིང་། །རང་གི་བདེ་བ་ཆེད་དུ་གཉེར་བ་བཞིན། །འཇིག་རྟེན་འདི་ལ་མངོན་བར་ལྟ་བར་གྱུར། །དེའི་ཚེ་རྒྱལ་པོ་དེའི་ཡུལ་དེ་དང་ཉེ་བའི་ནགས་ཁྲོད་དགོན་པ་ཞིག་དུ་བྱང་ཆུབ་སེམས་དཔའ་འདི་སེམས་ཅན་ཀྱི་དོན་ཡོངས་སུ་སྤྱོད་པ་ན། གཅན་གཟན་ཀུན་དྷ་ཞེས་བྱ་བ་ལུས་ཀྱི་མཆོག་རིན་པོ་ཆེ་དུ་མའི་ཚོགས་འདུས་པ་འགྲོ་ཤེས་པ་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །གཅན་གཟན་གཟུགས་ཅན་སྐྱེས་བུ་དམ་པ་དེ། །ལུས་ནི་རིན་ཆེན་དུ་མའི་ཚོགས་འདུས་འདྲ། །བཟོད་ལ་གོམས་པས་སྡུག་བསྔལ་སྣང་བ་མེད། །བརྩོན་འགྲུས་ཆེན་པོས་འགྲོ་བའི་བླ་མ་བཞིན། །ཐུབ་པ་དྲང་སྲོང་རྣམས་དང་རྗེས་མཐུན་པར། །ནགས་ཁྲོད་དབེན་པ་དེ་ནང་རབ་ཏུ་རྒྱུ། །དེ་ནི་རང་གི་རིགས་དང་མཐུན་པར་སྲོག་ཆགས་སུ་གྱུར་པ་རྣམས་ལ་བདག་གི་ནུས་པ་བཞིན་དུ་དོན་སྤྱོད་ཅིང་གནས་པ་ལས། དུས་རེ་ཞིག་རྒྱལ་པོ་ཚངས་བྱིན་དེའི་རྨི་ལམ་དུ། གཅན་གཟན་ལུས་ཀྱི་སྤུ་གསེར་བཙོ་མ་སྦྱངས་པའི་མདོག་ལྟ་བུ། གསེར་གྱི་འོད་ཀྱིས་སའི་ཕྱོགས་སྣང་པར་བྱེད་པ་སྤུ་ཤིན་ཏུ་འཇམ་པ་ཞིག་རྨིས་ཏེ། དེ་གཉིད་སད་ནས་འདི་སྙམ་དུ། ཀྱེ་མ་བདག་གི་རྨི་ལམ་དུ་བྱུང་བའི་རི་དྭགས་འདི་ནི་གདོན་མི་ཟ་བར་ཡོད་ངེས་ཀྱིས། བདག་གི་ཡུལ་གྱི་རྔོན་པ་དག་ལ་དེའི་ལྤགས་པ་འཚོལ་དུ་གཞུག་གོ་སྙམ་ནས། དེའི་ནང་པར་རྔོན་པ་རྣམས་བསྡུས་ཏེ། འདི་སྐད་ཅེས་བསྒོའོ། །ཁོ་བོའི་རྨི་ལམ་ན་གཅན་གཟན་གསེར་གྱི་མདོག་དུ་སྣང་བ་སྤུ་ཐམས་ཅད་ལས་གསེར་གྱི་འོད་འབྱུང་བ་ཞིག་རྨིས་པས། འདི་ལྟ་བུ་ཞིག་ཡུལ་འདིར་ཡོད་པར་ངེས་ཀྱི། ཁྱེད་རྣམས་ཀྱིས་ཀུན་ཏུ་འཚོལ་ལ་དེའི་ལྤགས་པ་ཕུལ་ཅིག་དང་ཁྱེད་ཀྱི་བུ་ཚ་རབས་བདུན་བརྒྱུད་ཚུན་ཆད་དུ་བདེ་བར་བྱའོ། །གལ་ཏེ་སྙིང་ནས་མ་བཙལ་ཞིང་ལེ་ལོ་བྱས་ནས་མ་རྙེད་ན་ཁྱེད་རྣམས་རྒྱུ་དང་བཅས་པ་བརླག་པར་བྱེད་དོ། །ཞེས་བསྒྲགས་སོ། །དེ་ནས་རྔོན་པ་དེ་དག་ཤིན་ཏུ་མྱ་ངན་གྱིས་ཟིན་ཅིང་ཐམས་ཅད་འདུས་ཏེ་བགྲོས་པ། ཀྱེ་མ་རྒྱལ་པོས་རྨིས་པའི་གཅན་གཟན་དེ་ལྟ་བུ་ནི་སྔོན་ཆད་མ་མཐོང་མ་ཐོས་ན་ཇི་ལྟར་བཙལ་བར་བྱ། ནགས་ཁྲོད་འདི་ཡང་རབ་ཏུ་མ་རུངས་པའི། སྦྲུལ་དང་གཅན་གཟན་ཚོགས་ཀྱིས་རབ་ཏུ་གང་། །སྔོན་ཆད་འདི་འདྲའི་སྲོག་ཆགས་ཡོང་མ་ཐོས། །བདག་ཅག་སྲོག་ནི་མ་རུངས་འགྱུར་བར་བྱེད། །དེ་བས་ན་སྔོན་དུ་མི་ཞིག་ལ་བདག་ཅག་ཐམས་ཅད་ཀྱིས་གླ་བྱིན་ཏེ་འཚོལ་དུ་བཏང་བར་བྱའོ་ཞེས་གླེངས་ནས་མི་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྲོག་དང་བསྡོས་ཏེ་འདི་ལྟ་བུའི་སེམས་ཅན་འཚོལ་དུ་སོང་ཅིག་དང་། གལ་ཏེ་རྙེད་ན་ནི་སྤྱི་ལས་ནོར་མང་དུ་བཀྲལ་ཏེ་སྦྱིན་ནོ། །གལ་ཏེ་ཁྱོད་ཕྱིར་མ་འཁོར་ན་ཡང་བུ་དང་ཆུང་མ་ལ་ནོར་སྦྱིན་ནོ་ཞེས་སྨྲས་ནས་དེས་ཀྱང་འདི་སྙམ་དུ་བསམས་པ། མི་འདི་སྙེད་ཅིག་གི་ཕྱིར་བདག་ཤི་ཡང་སླའི། བདག་གིས་སེམས་ཅན་དེ་བཙལ་ལོ་སྙམ་དུ་ངེས་པར་བྱས་ནས་འཚོ་བའི་ཡོ་བྱད་ཁྱེར་ཏེ་གང་ན་ནགས་ཁྲོད་ཡ་ང་བ་ཤིང་གི་རིགས་དུ་མ་སྐྱེས་པ། ངམ་གྲོག་དང་། རི་སུལ་དུ་མ་དང་ལྡན་པ། གཅན་གཟན་དང་། སྦྲུལ་གདུག་པས་གང་བའི་དགོན་པ་དེར་ཞུགས་ཏེ་དོང་དོང་པ་ལས། དུས་ཡུན་རིང་ཞིག་འདས་ཏེ་འཚོ་བ་ཡང་ཆད་ཅིང་། སྒྱིད་ཀྱང་ལུག་པར་གྱུར། དབྱར་གྱི་དུས་ཀྱི་ཉི་མ་ཚ་བས་རབ་ཏུ་གདུངས་ཤིང་འབབ་ཆུ་ཡང་མ་མཐོང་ནས་ཉམས་ཐག་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་དེ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འདི་སྐད་སྨྲས་པར་མངོན་ནོ། །ཀྱེ་མ་རྒྱལ་པོ་སྡིག་ཅན་གྱི། ངག་གིས་དབང་མེད་དགོན་པར་ཞུགས། །ནགས་ཚལ་སྟུག་པོའི་ནང་དུ་འཁྱམས། །འབབ་ཆུ་བསིལ་བ་ཡོང་མི་སྣང་། །གང་དུ་འགྲོ་བའི་ལམ་ཡང་སྟོར། །ཀྱི་ཧུད་འཆི་བདག་དྲུང་དུ་སླེབས། །སྙིང་རྗེའི་སེམས་དང་ལྡན་པ་དག །སུ་ཞིག་བདག་གི་སྲོག་སྐྱོབ་བྱེད། །དེ་དེ་ལྟར་མྱ་ངན་གྱི་སྒྲ་འབྱིན་པ། གཅན་གཟན་ཀུན་དྷ་ཞེས་བྱ་བ་དེས་རྒྱང་རིང་མོ་ནས་ཐོས་ཏེ་བརྩེ་བའི་ཤུགས་ཀྱིས་དེའི་སྒྲ་དེས་དྲངས་པ་བཞིན་དུ་རིངས་པར་སོང་སྟེ་བརྟགས་ན་མི་ཞིག་རྒྱལ་པོས་བསྐྲད་དེ་དགོན་པར་འཁྱམས་པ་ལས། ངལ་ཞིང་ཚ་བས་ལུས་མྱོས་པར་གྱུར་ཏོ་སྙམ་ནས་གང་ན་ཆུ་མིག་བསིལ་བ་ཡོད་པར་བདག་གི་ལུས་བཅུག་ཏེ་མགྱོགས་པའི་ཤུགས་ཀྱིས་སོང་ནས་མི་དེ་ལ་འཁྱུད་དེ་ཅུང་ཟད་ལུས་རྟས་ཤིང་དྲན་པ་རྙེད་པར་གྱུར་པ་དང་། འབབ་ཆུའི་འགྲམ་དུ་ཁྲིད་དེ་བཀྲུས་ནས་ཤིང་ཏོག་བཏུལ་ཏེ་ཟར་བཅུག་གོ །དེ་ནས་མི་དེ་ངལ་བ་དང་སྐོམ་པའི་སྡུག་བསྔལ་ཞི་བར་གྱུར། ཀྱེ་མའོ་བདག་ལ་བྱམས་པ་འདི། །སུ་ཞིག་སྙམ་དུ་ངོ་མཚར་སྐྱེས། །དེ་ནི་གསེར་གྱི་རི་ལྟར་མཛེས་པའི་ལུས། །ཨུཏྤལ་རབ་ཏུ་རྒྱས་པ་ལྟ་བུའི་མིག །དེའི་རྨིག་པ་ནོར་བུ་མཐོན་ཀ་བཞིན། །པད་མའི་རྩ་བ་འདྲ་བའི་མཆེ་བ་ཅན། །རིན་ཆེན་དུ་མའི་འོད་ལྟར་ལམ་མེ་བ། །སྙིང་རྗེའི་དཔལ་གྱིས་བརྒྱན་པ་མཚུངས་མེད་དོ། །ཡང་བསམས་པ། རྒྱལ་པོའི་རྨི་ལམ་དུ་བྱུང་བའི་གཅན་གཟན་དེ་འདི་ཡིན་ཡང་དག་ན། བདག་གི་སྲོག་སྦྱིན་པར་བྱེད་པ་འདི་ལྟ་བུ་ལ་དྲིན་དུ་གཟོ་བ་མེད་པར་གནས་པ་ཅི་ལྟར་བྱ། ཡང་གལ་ཏེ་མ་རྙེད་དོ་ཞེས་བརྗོད་ནའང་རྔོན་པ་དེ་དག་ཐམས་ཅད་མ་རུངས་པར་འགྱུར་ནའང་མི་རུང་ངོ་སྙམ་ནས་དེ་མི་དགའ་བཞིན་དུ་འདུག་སྟེ་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནི་དགའ་ཞིང་མྱ་ངན་བཅས། རྨད་བྱུང་དེ་ལ་ཡིད་ཆགས་ཤིང་སྤྲུལ་པ་ལྟ་བུ་དེ་ལྟ་བ། གཟུགས་བརྙན་མིག་དང་མཚུངས་པར་འདུག དེ་དེ་ལྟར་མི་དགའ་བར་འདུག་པ་གཅན་གཟན་གྱིས་རིག་ནས་འདི་སྐད་ཅེས་སྨྲས་པར་ངེས་སོ། །ཁྱོད་ཅིའི་ཕྱིར་མི་དགའ། ནགས་ཚལ་སྟུག་པོར་ཞུགས་གྱུར་པས། །ལམ་མི་ཤེས་པས་མི་དགའ་འམ། །གཉེན་གྱི་ཚོགས་ལ་སེམས་སམ་ཅི། །འོན་ཏེ་དགོས་པ་གཞན་ཅི་ཡོད། །གལ་ཏེ་བདག་གིས་མཉན་རུང་ན། །ཁྱོད་ཀྱིས་བདག་ལ་བཤད་པའི་རིགས། །དེ་ནས་མི་དེ་མཆི་མ་ཕྱུང་ནས་ཤུགས་ནར་ཞེས་སྨྲས་པ། གཅན་གཟན་གཙོ་བོ་བདག་ལ་གསོན། །སྡིག་ཅན་རྒྱལ་པོ་མ་རུངས་པ། །ཁྱོད་འདྲའི་ལྤགས་པ་འཚོལ་ཅིག་ཅེས། །རྔོན་པ་རྣམས་ལ་བཀའ་སྩལ་བྱས། །མ་རྙེད་སྲོག་དང་ཕྲལ་ལོ་ཞེས། །བསྒོས་པས་དེ་དག་རབ་སྐྲག་ཏེ། །བདག་ནི་ཁྱོད་འདྲ་འཚོལ་དུ་གཏང་། །ཁྱོད་ནི་བདག་གི་གཉེན་པས་ཉེན། །དེ་དག་སྲོག་ཀྱང་ཇི་ལྟར་བྱ། །དེ་ཡིས་བདག་ནི་མྱ་ངན་གྱུར། །དེ་ནས་སྐྱེས་བུ་ཆེན་པོ་དེས་སྨྲས་པ། དེ་ལ་ཁྱོད་ནི་མི་དགའ་བ་མ་བྱེད་ཅིག །ངའི་ལྤགས་པ་འདི་ཤིན་ཏུ་ཡང་ཐོབ་སླ་བ་ཡིན་ཏེ། ཁོ་བོས་ཐོག་མ་མེད་ནས་བདག་གི་ལུས། །གྲངས་མེད་བཏང་ཡང་དོན་ཡོད་མ་ཡིན་ནོ། །འདིར་ནི་ཁྱེད་རྣམས་སྲོག་ནི་བསྐྱབ་པའི་ཕྱིར། །ཅི་ནས་བདག་གི་ལྤགས་པ་སྦྱིན་པར་བྱ། །ཁྱོད་ཀྱིས་དལ་བུས་བདག་གི་ལྤགས་པ་བཤུས་ལ་ཁྱེར་ཅིག །དེས་ཀྱང་འདོད་པ་ཆེན་པོའི་ཕྱོགས་བཟུང་ཏེ། ལྤགས་པ་དེ་བཤུས་པ་ནས། སྐྱེས་བུ་དམ་པ་དེ་འགྱོད་པ་མེད་པར་གྱུར་ཏོ། །སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་གི་ལྤགས་པ་སྦྱིན་པར་བྱས་པ་འདི། །གྲགས་དང་རྙེད་པ་མཐོ་རིས་ཐོབ་འདོད་མིན། །རང་ཉིད་ཞི་བ་ཐོབ་འདོད་མ་ཡིན་གྱི། སེམས་ཅན་མང་པོ་སྲོག་ལས་བསྐྱབ་ཕྱིར་དང་། །བསྐྱབས་པ་དེ་ཡང་འགྲོ་བའི་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཐོབ་བྱ་ཕྱིར་ཡོངས་བསྔོའོ། །དེ་ནས་སྟོང་གསུམ་འཇིག་རྟེན་རི། ཀུན་ཏུ་བསྐྱོད་ཅིང་རྒྱ་མཚོ་འཁྲུགས། །ལྷ་ཡི་ཕོ་བྲང་རིན་ཆེན་རྣམས། །ཀུན་ནས་གཡོས་པས་ལྷའི་ཚོགས། །ཐེ་ཚོམ་གྱུར་ནས་འདི་ཅི་ཞེས། ལྷ་ཡི་མིག་གིས་བལྟ་བར་གྱུར། །དེ་ལྟར་ལྷའི་ཚོགས་རྣམས་ཀྱིས། མངོན་པར་བལྟས་པ་ན་བྱང་ཆུབ་སེམས་དཔའ་རང་གི་ལུས་ཀྱི་ལྤགས་པ་བྱིན་པའི་མཐུ་ལས་བྱུང་བར་རིག་ནས། བྱང་ཆུབ་སེམས་དཔའ་ཀུན་དྷ་གང་ན་བ་དེར་ལྷགས་ཏེ། མཆོད་པའི་ཚོགས་ཀྱིས་མངོན་པར་བྱས་སོ། །འདིར་སྨྲས་པ། དེ་ལྟར་ཀུན་དྷས་རང་གི་ལྤགས་པ་གསེར་གྱི་མདོག་རབ་ཏུ་བྱིན་ནས་རྨས་པའི་ལུས་ལ་ཁྲག་འཛག་པ། བྱི་རུའི་ཆུན་པོ་པད་མ་ར་གའི་འཕྲེང་བ་ཡིས། །བརྒྱན་པ་ལྟ་བུའི་ལུས་ནི་ཤིན་ཏུ་རྨད་བྱུང་ངོ་། །བདག་གི་ལུས་འདི་མཆིལ་མའི་ཐལ་བ་བཞིན། །ཆགས་མེད་ལྤགས་པའི་མཆོག་ཀྱང་ཡོངས་གཏོང་ན། །འདོད་ཆེན་པ་དག་རང་གི་གོས་ངན་ཀྱང་། །དེ་ལྟར་ཆགས་མེད་གཏོང་བ་མ་ཡིན་ནོ། །དེ་ཚེ་ལྷ་རྣམས་ཐམས་ཅད་ཀྱིས། །པད་དཀར་ཟླ་མཛེས་མན་དྷ་ར། །པ་རི་ཤ་ཀ་ཀུ་མུ་ད། །གསེར་དང་དངུལ་གྱི་མེ་ཏོག་འཐོར། །སྐུ་གདུང་འཛིན་པའི་ས་གཞི་དག མེ་ཏོག་སིལ་མས་རབ་གང་པ། །ཆེད་དུ་ཚོན་གྱིས་ལེགས་བསྒྱུར་བའི། །ནོར་བུ་བཀྲམ་པ་ལྟ་བུར་གྱུར། །གུས་པའི་རླན་གྱིས་རབ་བསྐྱོད་པའི། །མཆི་མའི་ཐིགས་པ་ཆར་བཞིན་ཕབ། །ཨེ་མའོ་བསྟན་པ་དཔག་ཏུ་མེད། །སྙིང་རྗེའི་བདག་ཅེས་བསྟོད་པར་གྱུར། །དེ་ནས་རྔོན་པ་དེའི་དོན་གྲུབ་ཅིང་དེའི་སྤྱོད་པ་ལ་ཡང་མཚར་དུ་གྱུར་ཏེ། འདོད་པའི་དབང་གིས་ལྤགས་པ་དེ་ཁྱེར་ནི། རིངས་པར་རང་གི་ཡུལ་དུ་དོང་པར་གྱུར། དེ་དེ་ལྟར་ལྤགས་པ་བྱིན་པ་དེའི་འོག་ཏུ་ཁྲག་གི་དྲི་མ་ལས་འདུས་པར་གྱུར་པའི་སྦྲང་བུ་དང་གྲོག་མ་ལ་སོགས་པ་ཤ་ཟ་བའི་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་སྙེད་འདུས་ཏེ་ཟ་བར་གྱུར་པ་ལས། སྐྱེས་བུ་དམ་པ་དེ་རྙེད་པའི་མཆོག་རྙེད་པ་བཞིན་དུ་དགའ་བར་གྱུར་ཏེ་ལུས་འགུལ་བ་མེད་པར་ཅི་བདེ་བར་སྲོག་ཆགས་དེ་དག་ལ་ལུས་ཀྱི་སྦྱིན་པ་བྱས་ཏེ་ཚེ་འཕོས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཤ་ཟོས་པའི་སྲོག་ཆགས་དེ་དག་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་ཐོབ་པར་གྱུར་ཏོ་ཞེས་གྲགས་སོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་གྱིས། །ཐུགས་རྗེའི་འོད་ཟེར་སྟོང་ལྡན་དག །འགྲོ་བའི་མུན་པ་སེལ་བྱེད་པས། །ཉིན་མོའི་དབང་ཕྱུག་དོ་ཟླ་མིན། །རྔོན་པ་དེས་ཀྱང་ལྤགས་པ་དེ་ཁྱེར་ཏེ། རྒྱལ་པོ་ལ་ཕུལ་ནས་རབ་ཏུ་དགའ་ཏེ། འཇམ་པའི་ཟླ་མེད་དོ་ཞེས་བསྟན་བྱས་སོ། །རྔོན་པ་དེ་དག་ཀྱང་བདེ་བར་གྱུར་ཏོ། །དེ་ལྟ་བུའི་དོན་དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དྷ་དེ་ནི་ང་ཉིད་ཡིན། ཚངས་བྱིན་དེ་ནི་ལྷ་བྱིན་གྱུར། །སྲིན་བུའི་ཚོགས་རྣམས་ལྷ་ཡི་བུ། །བརྒྱད་ཁྲི་པོ་འདིར་གྱུར་པའོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཉམ་ཉེས་པར་གྱུར་ཀྱང་། གཞན་གྱི་དོན་དུ་བརྩོན་པ་ལྷོད་པོར་མི་གྱུར་རོ་ཞེས་བརྩོན་འགྲུས་ཀྱི་ཕན་ཡོན་བསྔགས་པ་དང་དེ་བཞིན་གཤེགས་པ་འདི་ནི་སྔོན་ཡང་ཐུགས་རྗེ་ཆེན་པོ་དེ་ལྟ་བུ་དང་ལྡན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །གཅན་གཟན་ཀུནྡའི་སྐྱེས་པའི་རབས་སྟེ་སུམ་ཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་གཞན་གྱི་དོན་ཡོངས་སུ་སྦྱོང་པར་བྱེད་པ་ལ་ཐབས་རྣམ་པ་དུ་མ་དག་གིས་བརྩོན་པར་བྱེད་དོ། །དེ་ཡང་འདི་ལྟར་ཐོས་ཏེ། བསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ། འདི་ནས་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་ཡང་དག་འདྲེན་ཞེས་བྱ་བ་བྱུང་ཏེ། དེའི་མར་འགྲིབས་པར་གྱུར་པའི་མིའི་ཚེ་ལོ་བརྒྱད་ཅུ་ཐུབ་པ་རྣམས་ཀྱི་ནང་དུ་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན་རིགས་ངན་གྱི་ནང་དུ་སྐྱེ་བ་ཡོངས་སུ་གཟུང་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་ལུས་བཟང་སྟོབས་ཀྱང་ཆེ་བ་དང་། །མགྱོགས་ཤིང་དཔལ་ལ་བརྩོན་འགྲུས་མཆོག་དང་ལྡན། །རིགས་ངན་གྱུར་ཀྱང་དམ་པའི་སྤྱོད་པ་ལ། །མཁས་ཤིང་དེ་ནི་སྙིང་རྗེའི་དབང་གྱུར་བས། །ཡུལ་ལ་མྱོས་པའི་སེམས་ཅན་བླུན་པོ་དག །ནགས་ཁྲོད་བ་གླང་རྒོད་དང་མཚུངས་པ་ཡང་། །དེ་ཡི་ཤེས་རབ་སྙིང་རྗེའི་ལྕགས་ཀྱུ་ཡིས། །དྲངས་ཏེ་ཞི་བའི་ལམ་ལ་འཇུག་པ་བཞིན། དེ་ལྟ་བུའི་རིགས་ངན་ཆེན་པོ་དེ་སྐྱེ་བ་བཟུང་པའི་གླིང་དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ཅིང་། དེར་སྐྱེས་པའི་མི་རྣམས་ཀྱང་གཏུམ་པ། སྡིག་པ་ལ་ཞེན་པ། བརྩེ་བ་མེད་པ། ཕ་དང་མ་དང་། དགེ་སྦྱོང་དང་བྲམ་ཟེ་མི་འཛིན་པ་ཤ་སྟག་དང་ལྡན་པ་དེར་རིགས་ངན་ཆེན་པོ་སྟོབས་དང་ལྡན་པ་དེས། སྟོབས་ཀྱི་ཤུགས་བསྟན་པས་ངན་པར་སྤྱོད་པའི་སེམས་ཅན་དག་བཟུང་ཏེ་སྨྲས་པ། ཀྱེ་མི་ཁྱོད་མི་དགེ་བ་བཅུའི་ལམ་རྣམས་སྤྱོད་ན་ངས་ཁྱོད་སྲོག་དང་ཕྲལ་ལོ། །ཅི་སྟེ་ཁྱོད་མི་དགེ་བ་མི་སྤྱོད་ཅིང་དགེ་བ་བཅུའི་ལམ་ལ་གནས་ན་ངས་ཁྱོད་ལ་སྲོག་ཀྱང་སྦྱིན་ཅིང་འཚོ་བའི་ཡོ་བྱད་ཀྱང་སྦྱིན་ནོ། །ཞེས་སྨྲས་པ་ན་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་མཐུས་སྐྲག་ཅིང་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་སྲོག་དང་བྲལ་གྱི་དོགས་པའི་སེམས་ཀྱིས་མགོན་པོ་ཁྱོད་ཀྱིས་བཀའ་ཇི་ལྟར་སྩལ་བ་བཞིན་བགྱིད་དོ་ཞེས་ཁས་བླངས་ཤིང་དེས་འཛམ་བུའི་གླིང་གི་མི་ཕལ་མོ་ཆེ་དེ་ལྟ་བུའི་བརྩོན་འགྲུས་ཀྱི་ཤུགས་ཀྱིས་ངན་པར་སྤྱོད་པ་ལས་བཟློག་པར་གྱུར་ཏོ། །དེ་ལྟར་རིགས་ངན་ཆེན་པོ་དེས། །ངན་པར་སྤྱོད་པའི་སྐྱེ་བོ་དག །བརྩོན་འགྲུས་སྟོབས་ཀྱིས་བཟློག་བྱས་ཤིང་། །ལེགས་པའི་ལམ་ལ་བཀོད་བྱས་པས། །དེ་དག་བསོད་ནམས་རྒྱས་གྱུར་པ། །གུང་ཟླའི་འོད་ཀྱིས་ཀུན་དྷ་བཞིན། །ཚེ་དང་སྟོབས་ལ་སོགས་པ་ཀུན། ཡར་ངོ་བཞིན་དུ་འཕེལ་བར་འགྱུར། དེ་ལྟར་སེམས་ཅན་དེ་དག་གི་དགེ་བ་ཡང་དག་པར་བླངས་པའི་མཐུས། ཚེ་ལོ་བརྒྱ་ཐུབ་པའི་བར་དུ་བསོད་ནམས་འཕེལ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཡུལ་དེའི་རྒྱལ་པོ་ཞིག་ཡོད་པ་འཆི་བའི་དུས་བྱས་པར་གྱུར་པ་དང་། བློན་པོའི་ཚོགས་རྣམས་ཀྱིས་བགྲོས་སྟེ་གདོལ་པ་སྟོབས་ཆེན་དེ་རྒྱལ་པོར་བསྐོས་ནས་དེའི་མིང་ཡང་རྒྱལ་པོ་བསོད་ནམས་སྟོབས་ཅེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་བསོད་ནམས་ཀྱི་སྟོབས་དེས་ཐོག་མ་ཉིད་དུ་དགེ་བ་ལ་གཞོལ་བར་བྱེད་པའོ། །བཀའ་ཁྲིམས་བསྒྲགས་ཤིང་རང་གི་བརྩོན་འགྲུས་བརྟན་པའི་སྟོབས་ཀྱིས་འཛམ་བུའི་གླིང་ཐམས་ཅད་ལ་དབང་བྱེད་པའི་སྟོབས་ཀྱིས་འཁོར་ལོ་བསྒྱུར་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྙིང་རྗེའི་སྟོབས་ལྡན་དག །འགྲོ་བའི་རབ་རིབ་མུན་པ་སེལ་བྱེད་པ། །དེ་ལྟར་བསིལ་ཟེར་བྱེད་པ་སྟོང་གིས་ཀྱང་། །ནུས་པར་མི་གྱུར་འདི་ནི་ཨེ་མ་མཚར། །དེ་ནས་ཡང་རྒྱལ་པོ་བསོད་ནམས་སྟོབས་དེ་ཙམ་གྱིས་ཀྱང་སེམས་ཚིམ་པར་མ་གྱུར་ཏེ། ད་ནི་བདག་གིས་འཛམ་བུའི་གླིང་དུ་གནས་པར་གྱུར་པ་ཐམས་ཅད་ཚུལ་ཁྲིམས་དང་ལྡན་ནས་ཐེག་པ་གསུམ་ལ་ངེས་པར་འགོད་པའི་བར་དུ་བྱའོ་སྙམ་དུ་བསམས་ནས་བཀའ་ཁྲིམས་བཟང་པོ་འདི་ལྟར་བསྒྲགས་པར་མངོན་ནོ། །ངའི་བཀར་གཏོགས་པ་རྣམས་ཤེས་པར་གྱིས་ཤིག །བསོད་ནམས་རྣམ་སྨིན་བདེ་སྟེར་ཡོན་ཏན་ལྡན། །འཇིག་རྟེན་འཇིག་རྟེན་འདས་པའི་ཉེས་པ་སེལ། །མི་དགེའི་རྒྱུ་ལས་སྡུག་བསྔལ་མཐའ་དག་འབྱུང་། །དེས་ན་ངའི་བཀའ་ཁྲིམས་འཛིན་པ་དག །སྲོག་གཅོད་དུག་བཞིན་རིང་དུ་སྤང་བར་བྱ། །གཞན་ནོར་ཆུང་མ་དག་ལ་མི་གཡེམ་ཞིང་། །ངག་འཁྱལ་ཕྲ་མ་ཚིག་རྩུབ་བརྫུན་གྱི་ཚིག །ནམ་དུའང་མི་བྱ་བརྣབ་སེམས་ཀུན་ཏུ་སྤངས། །གནོད་པའི་སེམས་དང་ལོག་ལྟ་རབ་སྤངས་ཏེ། །ཅིག་ཏུ་བག་ཡོད་སྙིང་རྗེའི་སྟོབས་ལྡན་བྱོས། །དེ་ལྟར་སྤྱད་པས་སྲིད་དང་གྲགས་ལམ་འཐོབ། །འདི་དང་གཞན་དུ་དོན་ཆེན་སྤྱད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཆོས་དང་མཐུན་པར་རབ་ཏུ་བསྒྲགས་པས་དེའི་བཀའ་ཁྲིམས་ལ་བརྟེན་ནས་འཛམ་བུའི་གླིང་དུ་གནས་པ་ཐམས་ཅད་དུལ་བ་དང་སྡོམ་པ་ནི་འཛིན། སྙིང་རྗེའི་ངང་ཚུལ་ཅན་ནི་ཤས་ཆེ་བར་གྱུར། རྒྱལ་པོའི་ཡོན་ཏན་ནི་གསལ་བར་སྒྲོགས་པར་གྱུར་པ་དེའི་ཚེ། རྒྱལ་པོ་དེ་འདི་སྙམ་དུ་ད་ནི་འགྲོ་བ་འདི་དག་སྦྱིན་པའི་གནས་ཁྱད་པར་ཅན་དུ་གྱུར་པས་ཅི་འདོད་པ་དག་སྦྱིན་པར་བྱའོ་སྙམ་དུ་བསམས་ནས་ཕྱོགས་ཐམས་ཅད་དུ་འདི་སྐད་ཅེས་སྒྲགས་སོ། །གང་དག་ལོངས་སྤྱོད་དམན་པ་དག །བཟའ་དང་བཏུང་བའི་དངོས་པོ་དང་། །དྲི་དང་ཕྲེང་བ་བྱུགས་པའི་ཚོགས། །གླང་ཆེན་རྟ་དང་ཤིང་རྟར་བཅས། །འཇིག་རྟེན་ལོངས་སྤྱོད་ཅི་འདོད་པ། །དེ་དག་ཐམས་ཅད་ངས་སྦྱིན་གྱིས། །ཅི་འདོད་པ་རྣམས་བླང་བར་གྱིས། ཞེས་བསྒྲགས་ཏེ་སློང་བའི་ཚོགས་ཐམས་ཅད་ལ་ཅི་འདོད་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱས་ཏེ་ཐམས་ཅད་ཀྱང་རྫོགས་ལྡན་གྱི་དུས་བཞིན་དུ་ཕུན་སུམ་ཚོགས་པར་གྱུར་ཏོ། །སློང་བའི་ཚོགས་རྣམས་འདོད་པའི་ཆུ་སྲིན་ལྟོ་བ་རབ་ཏུ་ཆེ་བ་ཡང་། །བསོད་ནམས་རྒྱ་མཚོའི་དབྱིངས་ལས་བྱུང་བའི་སྙིང་རྗེའི་རྦ་བརླབས་རབ་འཕྲོ་བས། །རབ་ཏུ་ཚིམ་ཞིང་རིན་ཆེན་དང་བཅས་ཉུང་ངུ་གྱུར་པའང་མི་སྣང་ལྟར། །མཐུ་ཆེན་སྦྱིན་པས་འགྲོ་བ་ཚིམ་ཡང་འཛད་མེད་དེ་འདྲའི་བློ་དེ་མཚར། དེ་ལྟར་རྒྱལ་པོ་བསོད་ནམས་སྟོབས་ཀྱི་འཛམ་བུ་གླིང་པའི་སྐྱེ་བོ་ཐམས་ཅད་ལ་ཅི་འདོད་པའི་སྦྱིན་པ་རྣམ་པ་སྣ་ཚོགས་ཀྱིས་ཚིམ་པར་བྱས་སྟེ་རེ་བ་ཡོངས་སུ་རྫོགས་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་ལ་ངེས་པར་བཀོད་དོ། །དེ་ནས་དུས་གཞན་ཞིག་གི་ཚེ། འཚོ་བ་པ་གདུལ་དབྱངས་ཞེས་བྱ་བ་རིགས་སྔགས་འཆང་གི་སྒྲུབ་པའི་དོན་དུ་མི་གསོན་པོའི་ལྤགས་པ་དང་། མིག་དགོས་པར་གྱུར་ནས་འདི་སྙམ་དུ་བདག་གི་གཞན་གང་དུ་ཡང་འདི་ལྟ་བུའི་རྫས་རྙེད་པར་མི་གྱུར་གྱི། རྒྱལ་པོ་བསོད་ནམས་ཀྱི་སྟོབས་འདི་ནི་ཐམས་ཅད་ཀྱི་སྦྱིན་པའི་ངང་ཚུལ་ཅན་ཡིན་པས་འདི་ལ་སློང་བར་བྱ་གོར་མ་ཆག་གོ་སྙམ་སྟེ། རྒྱལ་པོའི་དྲུང་དུ་ཕྱིན་ནས་རྒྱལ་བར་གྱུར་ཅིག་ཞེས་བསྟོད་དེ། འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་རྫོགས་པའི་བྱང་ཆུབ་ཐོབ་བཞེད་ཅིང་། །བདག་གི་བདེ་བ་སྤངས་ཏེ་འགྲོ་བ་ལ། །སྣ་ཚོགས་གཏོར་བའི་རེ་བ་སྐོང་ངོ་ཞེས། །ཐོས་པས་བདག་ཀྱང་ཁྱོད་ཀྱི་དྲུང་མཆིས་སོ། །དེ་ན་བརྩོན་པ་ཁྱོད་ཀྱི་སྦྱིན་པ་ཡིས། །བདག་གི་རེ་བ་ཡོངས་སུ་བསྐོང་བ་མཛོད། །རྒྱལ་པོས་སྨྲས་པ། ཁྱོད་ཅི་ཞིག་འདོད་དེས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷ་མ་ཡིན་གྱི་གཡུལ་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་འཆང་ཉིད་འཚལ་ན་ཆོ་ག་ཞིབ་མོ་སྒྲུབ་པའི་སླད་དུ་མི་གསོན་པོའི་ལྤགས་པ་ཡང་འཚལ། མིག་ཀྱང་འཚལ་ཏེ་དེའི་སླད་དུ་བདག་ཁྱོད་ཀྱི་སྤྱན་སྔར་མཆིས་ནས་གསོལ་བ་བགྱིད་ལགས་སོ། །དེ་ནས་རྒྱལ་པོས་འདི་སྙམ་དུ་བསམས་པ། བདག་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཉིད་ཐོབ་ནས་སེམས་ཅན་བགྲང་པ་ལས་འདས་པ་དག་ཅིག་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ཅིང་། ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱར་ཏེ། སྦྱིན་པ་ཡང་དཔག་ཏུ་མེད་པ་ཞིག་བྱིན་ན། འདི་ནི་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་ལེན་པར་བྱེད་པ་ཞིག་ཏེ། བདག་གི་དགེ་བའི་གཤེས་གཉེན་ཡིན་ནོ་སྙམ་ནས། ངས་ཁྱོད་ལ་ཅི་དང་ཅི་འདོད་པ་རྣམས་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། དེའི་བཙུན་མོ་དང་བློན་པོ་ལ་སོགས་པ་སྙིང་བརྩེ་བར་གྱུར་པ་ཐམས་ཅད་དེའི་ལུས་སྦྱིན་པར་རིག་ཅིང་། མི་དགའ་བར་གྱུར་ནས་གསོལ་བ། འཇིག་རྟེན་བདེ་བ་སྦྱིན་པ་མིག །མཚུངས་པ་མེད་པར་སྙིང་ཅིག་པོ། །དྲང་སྲོང་འདི་ནི་ཅིག་པུའི་ཕྱིར། །བདག་ཅག་ཐམས་ཅད་མི་སྤང་གསོལ། །ཞེས་བྱ་བ་ལ་སོགས་པ་གསོལ་ཀྱང་། དེས་དེ་དག་ལ་སྙན་ཅིང་དེས་པའི་ཚིག་གིས་བགེགས་བྱེད་པ་དེ་བཟློགས་ནས། འདི་སྐད་ཅེས་སྨྲས་སོ། །ངས་ཁྱོད་ལ་ཤི་མིག་ཐ་མལ་པ་འདི་དང་། །རབ་ཏུ་དང་བའི་སེམས་ཀྱིས་ལྤགས་པ་འདི་ཡང་སྦྱིན་པར་བྱ་ཡིས། དེས་བདག་བླ་ན་མེད་པའི་ཆོས་ཀྱི་སྤྱན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་སྨྲས་ནས་རང་གི་མཚོན་རྣོན་པོ་བླངས་སྟེ་རང་གི་མིག་གཉིས་ཕྱུང་ནས་འཚོ་བ་ལ་བྱིན་ཅིང་གདོང་ཁྲག་གིས་གཡོགས་བཞིན་དུ་སྨྲས་པ། གང་དག་འདིར་ལྷགས་ལྷ་དང་མིར་བཅས་དང་། །ས་ལ་གནས་དང་མཁའ་ལ་རྒྱུ་བ་ཡི། །འབྱུང་པོ་གནོད་སྦྱིན་མཐུ་ཆེན་མིའམ་ཅི། །དེ་དག་ཐམས་ཅད་བདག་གི་ཚིག་འདི་ཉོན། འདི་ལྟར་སྙིང་པོ་མེད་པའི་ལུས་འདི་ལ། །སྙིང་པོ་བླང་ཕྱིར་སྦྱིན་པ་འདི་བྱས་པས། །འགྲོ་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཅིང་། །རྫོགས་པའི་བྱང་ཆུབ་མྱུར་དུ་འཐོབ་པར་གྱུར། དེ་སྐད་སྨྲས་ནས་རྒྱལ་པོ་དེས། ཨུཏྤལ་སྔོན་པོ་ལྟ་བུའི་མིག །དྲི་མ་མེད་པ་དེ་བྱིན་ནས། །གཞན་ལ་མེད་པའི་དགའ་བས་བརྒྱན། དེ་ནས་དེའི་འོག་ཏུ་ད་ཁྱོད་ཀྱིས་བདག་གི་ལྤགས་པ་འདི་ཡང་བཤུས་ལ་ཁྱེར་ཅིག་ཅེས་སྨྲས་པ་དང་། འཚོ་བ་གདུལ་དབྱངས་དེས་མཚོན་རྣོན་པོ་བླངས་ཏེ་རྒྱལ་པོའི་ལུས་ལ་ལྤགས་པ་བཤུས་པ་ན། འདི་སྐད་ཅེས་སྨྲས་སོ། །སྦྱིན་པ་འདི་ནི་དོན་མེད་མི་འགྱུར་ཞིང་། །བདག་གིས་བསམས་པ་འདི་ཡང་འགྲུབ་འགྱུར་ན། །ཁྱོད་ཀྱི་རིགས་སྔགས་འདི་ཡང་མྱུར་འགྲུབ་པར། །མངོན་གསུམ་གསལ་བར་བདག་གིས་མཐོང་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་འགྱོད་པ་མེད་པར་རང་གི་ལུས་ཀྱི་ལྤགས་པ་དེ་བྱིན་ཅིང་། དེས་ཀྱང་ལྤགས་པ་དེ་ཁྱེར་ནས་རིགས་སྔགས་བསྒྲུབས་སོ། །དེའི་ཚེ་སྐྱེ་བོའི་ཚོགས་དེ་དག་གིས་སེམས་དཔའ་ཆེན་པོ་དེའི་སྤྱོད་པ་རྨད་དུ་བྱུང་པ་དེ་ལ་རྗེས་སུ་ཡི་རང་ཞིང་སྨོན་པ་བཞིན་དུ་ཚིག་ཏུ་བརྗོད་ནས་ལེགས་ཏེ། ཨེ་མའོ་རྒྱལ་པོ་བསོད་ནམས་སྟོབས། །སྙིང་རྗེའི་བདག་ཉིད་སྤྱོད་པ་བརྟན། །བདག་ཉིད་ཆེ་བའི་རྒྱལ་པོ་དེ། །རང་གི་བརྩོན་འགྲུས་མཐུ་ཡིས་ནི། །འགྲོ་རྣམས་དགེ་བའི་ལམ་ལ་བཀོད། །ཨེ་མའོ་རྒྱལ་པོ་བསོད་ནམས་སྟོབས། །ཁྱོད་ནི་སྙིང་རྗེའི་རང་བཞིན་ཅན། །འགྲོ་རྣམས་མྱ་ངན་བཅས་བཞིན་དུ། བདག་གི་ལུས་ནི་ལྟོས་མེད་བཏང་། །བདག་ཅག་མ་རབས་སྨད་པའི་གནས། །སྙིང་རྗེའི་ཡུལ་དུ་མ་གྱུར་གྲང་། །གང་ན་རྒྱལ་པོ་ཁྱོད་བཞུགས་པ། །ཉི་མའི་དཀྱིལ་འཁོར་ཤར་བ་བཞིན། །དགེ་བའི་ལམ་ནི་རབ་ཏུ་གསལ། །ཀྱི་ཧུད་ཁྱོད་ཀྱིས་སྤངས་པ་དེ། །མུན་པའི་སྨག་བཞིན་མི་འགྱུར་རམ། །གང་ན་དཔལ་གྱིས་བརྒྱན་པའི་ལམ། །དེ་དང་རྗེས་སུ་མཐུན་པར་མཛོད། །ཅེས་བྱ་བ་འདི་ནི་སྨྲ་བར་རིགས་པ་ཡིན་ནོ། །དེ་ལྟར་རྒྱལ་པོ་བསོད་ནམས་སྟོབས། རྙེད་པར་དཀའ་བའི་ལུས་བཏང་ཡང་། དེ་ནི་ཤིན་ཏུ་སྙིང་རྗེའི་བདག །རྙེད་པར་དཀའ་བ་རྙེད་པ་འདྲ། །མཚོན་གྱིས་རེག་པའི་སྡུག་བསྔལ་ཡང་། །བློ་ཡི་སྟོབས་ཀྱིས་ཟིལ་མནན་ནས། བསམ་གཏན་མཉམ་པར་བཞག་པ་བཞིན། །ཞགས་བདུན་བར་དུ་གནས་པར་གྱུར། །དེ་ནས་ས་ཆེན་རི་དང་རྒྱ་མཚོའི་དབྱིངས། །བསྐྱོད་ཅིང་ལྷ་ཡི་ཕོ་བྲང་རབ་ཏུ་འདེགས། །དེ་ཡི་མཐུ་ཡིས་ལྗོན་པའི་མེ་ཏོག་ཚོགས། །རླུང་གིས་དྲངས་ཏེ་ནམ་མཁའི་ངོས་ཁྱབ་པ། །མི་དབང་མཐུ་ཡིས་བཟློག་པ་བཞིན་དུ་འབྱུང་། །རྒྱལ་པོའི་ཕོ་བྲང་འཁོར་དང་བཅས་པ་ཡང་། །མྱ་ངན་ཤུགས་ཀྱིས་འཁྲུག་པ་དེ་བཏང་ཏེ། །རྒྱལ་པོ་བྱང་ཆུབ་ལམ་ལ་བརྟན་མཐོང་ནས། །སྐྱེ་འགྲོའི་ཚོགས་རྣམས་རབ་ཏུ་དད་གྱུར་ཏེ། །ཐམས་ཅད་བླ་མེད་བྱང་ཆུབ་ངེས་པར་བྱས། དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཀྱི་བདེ་བ་ཁྱད་དུ་གསད་དེ། རྣམ་པ་སྣ་ཚོགས་པས་སེམས་ཅན་རྣམས་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུ་ལ་རབ་ཏུ་འཇོག་པ་ལ་བརྩོན་པར་བྱེད་དོ་ཞེས་བརྩོན་འགྲུས་ཀྱི་ཕན་ཡོན་བསྔགས་པ་དང་། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ནའང་དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་དང་ལྡན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། དམ་པའི་ཆོས་མཉན་པ་ལའང་བརྗོད་པར་བྱའོ། །རིགས་ངན་གྱི་སྐྱེས་པའི་རབས་ཏེ་སུམ་ཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཚོལ་བ་ན། བྱ་དཀའ་བ་དུ་མས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་བྱེད་དོ། །དེ་ཡང་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། དགེ་སློང་གྲགས་པའི་འོད་ཅེས་བྱ་བ་ཞིག་ཏུ་གྱུར་ནས་བརྩོན་འགྲུས་ཀྱི་ཁྱད་པར་འདི་ལྟ་བུའི་སྤྱོད་པ་སྤྱད་དོ་ཞེས་གྲགས་སོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་དཔག་ཏུ་མེད་པའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གཤེགས་ཞེས་བྱ་བ་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་འཇིག་རྟེན་དུ་བྱུང་ངོ་། །དེའི་འཁོར་འདུས་པ་ཡང་ལན་གསུམ་བྱུང་ཏེ། འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་ཁྲི་དང་བྱང་ཆུབ་སེམས་དཔའ་ཉི་ཁྲིའོ། །གཉིས་པ་ལ་ནི་དགྲ་བཅོམ་པ་ཁྲི་ཕྲག་སྟོང་དང་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་ཉིས་སྟོང་ངོ་། །གསུམ་པ་ལ་ནི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱད་སྟོང་དཔག་ཏུ་མེད་པ་བྱུང་ངོ་། །དེའི་ཚེ་དགེ་སློང་གྲགས་པའི་འོད་ཅེས་བྱ་བ་ཅིག་ཀྱང་བྱུང་ཏེ། དེ་ནི་གཞན་དུ་སྦྱངས་པའི་མཐུ་ལྡན་ཞིང་། །གཞན་གྱིས་སྨད་དུ་མེད་པའི་རིགས་ལས་སྐྱེས། །དབང་པོ་རབ་ཏུ་ཞི་ཞིང་མ་ཉམས་ལྡན། །འཇིག་རྟེན་བསྟན་བཅོས་མཐའ་དག་ཚུལ་བཞིན་རིག །སྙིང་རྗེའི་བདག་ཉིད་གཞན་ལ་ཕན་པར་བརྩོན། །དེ་ནི་ཐུབ་པའི་བསྟན་ལ་རབ་བྱུང་ཞིང་། །ཐོས་དང་དྲན་དང་ཏིང་འཛིན་རབ་ཏུ་ལྡན། །གཞན་དོན་སྤྱོད་པའི་བརྩོན་འགྲུས་ཉམས་པ་མེད། །བདག་གི་བདེ་བ་འདོད་པ་སྤངས་ནས་ནི། །གཞན་གྱི་དོན་ལ་བརྩོན་པའི་བླ་མར་གྱུར། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་དེ་འདི་སྙམ་དུ་སེམས་པར་མངོན་ནོ། །ཀྱེ་མ་དེ་བཞིན་གཤེགས་པ་འདིའི་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་བརྩོན་འགྲུས་ཞན་པར་གྱུར་ཏོ། །དེས་ན་འདི་དག་ནུབ་པ་མེད་པའི་བརྩོན་འགྲུས་ལ་ཉེ་བར་སྦྱར་བར་བྱའོ་སྙམ་ནས་བདག་ཉིད་ཀྱི་བརྩོན་འགྲུས་ཆེན་པོ་བསྟན་པར་བྱ་བའི་ཕྱིར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་ཀྱི་ལྤགས་པ་དང་རྒྱུས་པ་དང་རུས་པ་ཡང་སྐམ་ཤ་དང་ཁྲག་ཐམས་ཅད་ཀྱང་ཡོངས་སུ་ཞིག་ཅིང་བསྐམས་ཀྱང་། བརྩོན་འགྲུས་འདི་ཉིད་མི་གཏོང་ངོ་། །སྙམ་དུ་ངེས་པར་བྱས་ནས། དེས་ན་དེའི་བྱང་ཆུབ་སེམས་དཔའ་དཔག་མེད་དང་། ཉན་ཐོས་ཚོགས་དང་སྐྱེ་བོ་འདུས་པ་དཔག་མེད་ཚོགས། ལྷ་ཀླུ་དྲི་ཟ་ལྷ་མིན་མིའམ་ཅི་རྣམས་ཀྱིས། །མཆོད་ཅིང་བསྟོད་པའི་རྒྱལ་བ་དོན་ཡོད་གཤེགས་པའི་དྲུང་། །གུས་པས་སོང་ཏེ་བདག་གི་བརྩོན་འགྲུས་མ་སྨད་པ། །རབ་ཏུ་བརྟན་པས་དེ་བཞིན་གཤེགས་པ་མཆོད་པར་བྱེད། དེའི་ཚེ་དགེ་སློང་གྲགས་པའི་འོད་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུས་པ་དེ་དག་ཐམས་ཅད་ལ་སྣང་བར་བྱས་ནས་བདག་གི་ལུས་རས་བཅོས་བུས་བཀྲིས་ཏེ་ཏིལ་མར་གྱིས་བྱུགས་ཤིང་བདག་ཉིད་ཀྱི་ལུས་ལ་མེ་སྤར་ནས་སྤྱན་སྔར་ལངས་ཏེ་མར་མེ་བྱས་སོ། །དེ་ལུས་ལ་འབར་བའི་ཕུང་པོས་བསྲེགས་བཞིན་དུ་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་པ་དེ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། རྣམ་འདྲེན་རང་བྱུང་ཐུགས་དག་མཐའ་ཡས་མཆོག །སྐྱོན་དང་རྒྱགས་དང་ཉེས་པ་སྤངས་པ་ལགས། །འགྲོ་བ་ལམ་ངན་ཞུགས་ལ་ཐུགས་རྗེས་བསྐྱེད། །ཀུན་ཏུ་གཟིགས་པ་གནས་མཆོག་བསྟན་དུ་གསོལ། །སྐྱེ་བོ་བློ་ཉམས་སྡུག་བསྔལ་རབ་ཏུ་སྡུག །མིག་ཉམས་གནས་མེད་ཡོངས་སུ་འཁྱམས་པ་ལ། །སྙིང་རྗེ་ཆེན་པོ་དཔག་མེད་བསྐྱེད་ནས་སུ། །འགྲོ་བ་ཐར་པར་བགྱི་སླད་སྤྱོད་པ་སྤྱད། །བདག་ནི་བདག་ལ་དགའ་བར་མི་བགྱིད་དོ། །འགྲོ་བ་ལམ་གོལ་མཆིས་པ་འདི་ལ་བལྟས། །འདོད་ཆགས་ཞེ་སྡང་འབར་བས་འགྲོ་བ་གདུངས། །དེ་དག་བདག་གིས་ལམ་ཆུས་ཞི་བར་བགྱིད། །དྲང་སྲོང་ཆེན་པོ་སྟོབས་བཅུ་ཁྱོད་ཀྱིས་བསླབ། །བདག་གི་དངོས་ལ་ལྟོས་མེད་སྤྱོད་པ་སྤྱད། །འགྲོ་བ་འདི་དག་འབར་བས་བསྲེག་པ་ན། །བདུད་རྩིའི་ཆར་གྱིས་བསིལ་བར་གྱུར་པར་བགྱི། སེམས་ཅན་དོན་དུ་བདག་གི་ལུས་བསྲེགས་པས། །སེམས་ཅན་ཀུན་གྱི་ལུས་ལ་ནད་མེད་ཤོག །སེམས་ཅན་དོན་དུ་བདག་གིས་འབད་པ་འདིས། །སེམས་ཅན་སྡུག་བསྔལ་གནོད་པ་མེད་གྱུར་ཅིག །དེ་ལྟར་བདག་ཉིད་ཆེན་པོ་དེ་ཡིས་རང་གི་ལུས་ཀུན་ཏུ་འབར་བའི་མེས་བསྲེགས་ཀྱང་བརྩོན་འགྲུས་བརྟན་པའི་མཐུས་སྡུག་བསྔལ་གྱི་ཚོར་བ་ཟིལ་གྱིས་མནན་ཏེ་དེ་བཞིན་གཤེགས་པ་ལ་བསྟོད་པའི་དབྱངས་དེ་ལྟ་བུས་བསྟོད་པར་གྱུས་ཏོ། །དགེ་སྦྱོང་ཆེན་པོས་རང་གི་ལུས། །སྡོང་བུའི་སྙིང་པོ་བཞིན་དུ་བྱས། །མེ་ལྕེའི་རེག་པས་རེག་པ་དེ། །བདེ་བའི་མཆོག་དང་མཚུངས་གྱུར་ཏེ། དཔེར་ན་འདོད་ཆེན་སྐྱེ་བོ་དག །ལྷ་མོའི་རེག་པས་རེག་པ་བཞིན། །ལུས་ཀྱི་བུད་ཤིང་དབང་པོར་བཅས། །འབྲུ་མར་འབར་བས་བསྲེག་བྱེད་པ། དེ་བས་རབ་ཏུ་འབར་བའི་སྟོབས། །ཡེ་ཤེས་མེ་ལྕེ་རབ་གསལ་བས། །ཉོན་མོངས་བུད་ཤིང་བསྲེག་བྱེད་ཅིང་། །སྡུག་བསྔལ་རྒྱ་མཚོ་སྐེམས་པ་སྙམ། དེ་ལྟར་རྨད་དུ་བྱུང་བའི་སྤྱོད་པ་བསྟན་པ་དེ་ལ་འདུས་པར་གྱུར་པའི་ལྷ་དང་མི་ཐམས་ཅད་ཀྱིས་མཆོད་ཅིང་ཆེད་དུ་བརྗོད་པ་དུ་མས་ཆེད་དུ་བརྗོད་དེ་འདི་ལྟར་སྨྲས་པར་ངེས་སོ། །ཨེ་མ་ཧོ་བརླབས་ཆེ་ཨེ་མ་ཧོ་བརྩོན་འགྲུས་ཆེ། །ཁྱོད་ཀྱིས་བྱང་ཆུབ་མཆོག་གི་སྤྱོད་པ་བསྟན། །ཁྱོད་ཀྱིས་སྡུག་བསྔལ་སྣང་བ་མེད་པར་བྱས། །ཁྱོད་ནི་འཇིག་རྟེན་ཀུན་ཏུ་གཉེན་གཅིག་འགྱུར། །དེ་ལྟར་འདུས་པའི་ཚོགས་རྣམས་ཀྱིས། །ཆེད་དུ་བརྗོད་པའང་ཆེད་དུ་བརྗོད། །མེ་ཏོག་སིལ་མའི་ཚོགས་རྣམས་དང་། །ལྷ་ཡི་རྒྱན་དང་གོས་ཀྱི་ཚོགས། །དགེ་སྦྱོང་ག་ལ་བ་དེར་འཐོར། །དེ་ཡི་སྤྱོད་པ་རྨད་བྱུང་པས། །རབ་ཏུ་བརླན་པའི་སྐྱེ་བོ་རྣམས། གདུང་པའི་མཆི་མ་རབ་གཡོས་པ། །བཀོད་མའི་ཆུ་བོ་གཡོས་པ་བཞིན། །སྙན་པའི་སྒྲ་དབྱངས་སྟོང་གིས་ཀྱང་། །ཆེད་དུ་བསྒྲགས་པའི་རྔ་སྒྲ་བཞིན། །ཕྱོགས་རྣམས་ཀུན་ཏུ་ཁྱབ་བྱེད་པ། །གསལ་ཞིང་རབ་ཏུ་རྒྱས་པར་གྱུར། །དགེ་སྦྱོང་དེའི་ལྷག་པའི་བསམ་པ་ཡིས། བསྐུལ་བའི་སྟོབས་ཀྱིས་རབ་ཏུ་སྦར་གྱུར་པ། །འབར་བའི་ཕུང་པོ་དེའི་འོད་འབར་བས། །ཉིན་མོར་བྱེད་པའི་འོད་སྟོང་འབར་བ་དག །ཟིལ་གྱིས་མནན་ནས་ཕྱོགས་རྣམས་ཀུན་ཏུ་གསལ། །དེ་ཡིས་ལྷག་བསམ་གསལ་བར་བྱས་པ་འདྲ། །དེ་ཡི་མཐུས་བསྐྱོད་རབ་ཏུ་གཡོ་བའི་རླུང་གི་མཐུ་ཡིས་བསྐྱོད་པ་ལྟར། །ཞིང་ཁམས་ཀུན་ཏུ་ས་ཆེན་རི་དང་རྒྱ་མཚོར་བཅས་པ་རབ་ཏུ་གཡོས། །རྨད་དུ་བྱུང་བའི་བརྩོན་འགྲུས་ཅན་ཁྱོད་རྒྱལ་བའི་དབང་པོར་འགྱུར་རོ་ཞེས། །འཛུམ་པའི་འོད་བཀྱེ་ལུང་བསྟན་མཛད་པས་ལྷ་མིའི་ཚོགས་རྣམས་ཚིམ་པར་བྱས། །དེ་ལྟ་བུའི་བདག་ཉིད་ཆེན་པོའི་སྤྱོད་པ་རྨད་དུ་བྱུང་པའི་བརྩོན་འགྲུས་བརྩམས་པ་དེའི་དོན་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་པ། །འདྲེན་པ་དེ་ལ་མཆོད་པ་བྱས་པ་དང་། བདེ་བར་གཤེགས་ལ་དངོས་པོ་ཕུལ་བ་ཡིས། །སངས་རྒྱས་མཆོད་བྱས་བསྐལ་ཆེན་བརྗོད་དུ་མེད། སུམ་ཅུ་དྲུག་དུ་ངན་འགྲོར་མ་སོང་ངོ་། །རྟག་ཏུ་ལྷར་སོང་མི་ཡི་འཇིག་རྟེན་འཐོབ། །ང་ནི་གསལ་བ་དག་དང་དབང་ཕྱུག་གྱུར། །རྟག་ཏུ་འགྲོ་དང་མཐུན་པར་འཁོར་ལོ་བསྐོར། །ལྷ་དང་མི་རྣམས་ཀུན་གྱིས་ང་མཆོད་དོ། །ཞེས་བྱ་བ་འདི་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། བྱ་དཀའ་བའི་བརྩོན་འགྲུས་དཔག་ཏུ་མེད་པ་བརྩོམ་པར་བྱེད་དོ་ཞེས་བརྩོན་འགྲུས་ཉིད་བསྔགས་པ་དང་དམ་པའི་ཆོས་འདི་ཡང་བྱ་དཀའ་བ་དཔག་ཏུ་མེད་པ་དག་གིས་བསྒྲུབས་པ་ཡིན་ནོ་ཞེས་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་གྲགས་པའི་འོད་ཀྱི་སྐྱེས་པའི་རབས་སྟེ་བཞི་བཅུ་པའོ།། །།སྡོམ་ལ། ཟླ་བ་ལྕགས་ཀྱི་ཁྱིམ་དུ་སྐྱེས། །མ་ཧེ་ཤིང་རྟ་ཡི་དམ་བརྟན། །དེད་དཔོན་གསེར་མདོག་ཀུན་དྷ་དང་། །རིགས་ངན་གྲགས་པའི་འོད་དང་བཅུ། སྐྱེས་བུ་དམ་པ་རྣམས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བའི་ཞི་བའི་བསམ་གཏན་འཚོལ་བ་ལ་བརྩོན་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་སྟེ་སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་དེ་བཞིན་གཤེགས་པ་འོད་ཟེར་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ཆུང་ངུ་ནས་སྐྱེ་བའི་ལས་རྫོགས་པར་བྱས་ཤིང་གཞན་དུ་སྦྱིན་པ་སྤྱད་པ་ལས་བྱུང་པའི་མཐུས་ལོངས་སྤྱོད་ཆེན་པོ་དང་ལྡན་པ་རང་བཞིན་གྱིས་ཚུལ་ཁྲིམས་ཀྱིས་དབང་པོ་ཡོངས་སུ་བསྲུངས་པ། །ཆོས་ཀྱི་དགེ་ལེགས་ཀྱི་མཚན་མ་དང་ལྡན་པས་ལེགས་པར་གསུངས་པ་ཡོངས་སུ་འཚོལ་བ་ལ་བརྩོན་པ། སྙིང་རྗེའི་དབང་གིས་སེམས་ཅན་རྣམས་ལ་བརྩེ་བར་བྱེད་པ་ཞིག་བྱུང་ངོ་། །དེ་ནི་ཇེ་མཐོའི་རིགས་ལས་སྐྱེས། དབང་པོ་མ་ཉམས་གཙང་ཞིང་མཛེས་ལ་གསལ། །སྟོན་ཀའི་དཔལ་གྱིས་མཛེས་པའི་ཟླ་འོད་བཞིན། །དེ་ནི་སྐྱེ་བོ་ཀུན་ལ་མངོན་བར་བརྩེ། སྐྱེ་བོ་ཀུན་ཀྱང་དེ་ལ་བརྩེ་བ་ཡིས། །དེ་ཡི་ལོངས་སྤྱོད་རྒྱ་མཚོ་ཆེན་པོ་བཞིན། །ཟད་པ་མེད་ཅིང་སྐྱེ་བོ་ཕོངས་པ་དག །མཐུན་མོང་ལྟ་བུར་སྤྱོད་པ་དཔལ་དང་ལྡན། །ཕོངས་པ་རྣམས་ལ་བྱམས་པས་ཟད་མེད་ཅིང་། །དཔལ་དང་ལྡན་པར་སྤྱོད་པས་ཐུན་མོང་བཞིན། །དེ་དེ་ལྟར་རང་བཞིན་རྣམ་པར་དག་པའི་ངང་གིས་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་བཞིན་རྣམ་པར་དཀར་བའི་ཡོན་ཏན་རབ་ཏུ་འཕྲོ་བ་ལས་བྱུང་བའི་དབང་གིས་སྐྱེ་བོའི་ཚོགས་ཕལ་པོ་ཆེས་བཀུར་བ་རྒྱལ་པོ་ལྟ་བུར་གྱུར་ཏོ། །དེ་ཉོན་མོངས་ཐམས་ཅད་ལས་དབེན་པའི་བསམ་གཏན་དང་ལེགས་པར་གསུངས་པ་འཚོལ་བར་བྱེད་པ་ལ་རྩོན་པ་ལས་དུས་གཞན་ཞིག་གི་ཚེ་ཁྱིམ་བདག་དེ་རང་གི་ཁང་པ་ན་གནས་པ་ནམ་མཁའ་ལས་སྒྲ་ཐོས་པ། འདི་ནས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་འོད་ཟེར་དཔག་ཏུ་མེད་པ་ཞེས་བྱ་བ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ། ངན་སོང་གི་སྒོ་འགགས་ཤིང་མཐོ་རིས་ཀྱི་ལམ་དཀར་བ་སྟོན་པ། སེམས་ཅན་རྣམས་མྱ་ངན་ལས་འདས་པའི་གོ་འཕང་དམ་པ་ལ་རབ་ཏུ་འཇོག་པར་མཛད་པ། འཁོར་ཉན་ཐོས་དགྲ་བཅོམ་པ་བྱེ་བ་ཕྲག་དུ་མ་དང་བཅས་པ་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་སྒྲ་ཐོས་མ་ཐག་ཏུ་ཁྱིམ་བདག་དེ་ཡིད་དགའ་བ་དང་བདེ་བ་ཁྱད་པར་ཅན་ཐོབ་པར་གྱུར་ནས། བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བར་སྣང་ལ་ཕྱོགས་ཏེ་ཚིགས་སུ་བཅད་པ་འདི་སྨྲས་པ། དི་རིང་བར་སྣང་འདི་དག་ལ། །ཚིགས་སྙན་གཏོང་བ་སུ་ཞིག་ལགས། །འདྲེན་པ་དེ་ནི་གང་ན་བཞུགས། །དོན་དེ་ཁྱེད་ཀྱིས་བདག་ལ་གསུངས། །ཞེས་བརྗོད་ཅིང་ལྷག་པའི་བསམ་པ་དང་བ་བསྐྱེད་པ་ན་བར་སྣང་ལ་སྒྲ་གྲགས་པ། ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་དགའ། །ཞེས་བྱར་རྐང་གཉིས་གཙོ་བོ་བཞུགས། །ཐེ་ཚོམ་ཐམས་ཅད་གཅོད་པར་མཛད། དེས་ཡང་ཐལ་མོ་སྦྱར་ནས་སྨྲས་པ། དཔག་ཚད་བྱེ་བ་ཇི་སྙེད་ཡོད། །དཔག་ཚད་ཇི་སྙེད་དག་ཏུ་འགྲོ། །དཔག་ཚད་ཇི་སྙེད་སོང་བས་སུ། །དེ་བཞིན་གཤེགས་པ་མཐོང་བར་འགྱུར། །ཞེས་གསོལ་བ་བཏབ་པ་ན། ཡང་བར་སྣང་དེ་ཉིད་ལས་རྗེས་སུ་བསྟན་པའི་སྒྲ་ཐོས་པ། །དཔག་ཚད་བྱེ་བ་ཕྲག་བཅུ་དང་། །བརྒྱད་ཅུ་འདས་པའི་ཕ་རོལ་ན། །དེ་ན་རྫོགས་སངས་རྒྱས་བཞུགས་པས། །དེར་སོང་ཐེ་ཚོམ་ཡོངས་སུ་ཞུས། །ཞེས་བྱ་བའི་སྒྲ་ཐོས་ནས་རང་གི་འཁོར་གྱི་གཙོ་བོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་བཞོན་པ་བཟང་པོ་མྱུར་དུ་བྱོས་ལ། མཆོད་པའི་ཡོ་བྱད་ཀྱི་ཁྱད་པར་དང་བཅས་པ་ཁྱེར་ཅིག་དང་། འདི་ནས་ཤར་ཕྱོགས་ན་དཔག་ཚད་བྱེ་བ་ཕྲག་བཅུ་དང་སྟོང་འདས་པ་ན་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་གཟེར་དཔག་ཏུ་མེད་པ་ཞེས་བྱ་བ་བཞུགས་སོ་ཞེས་གྲག་གིས། དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འདོང་ངོ་། །དེ་ནས་དེའི་འཁོར་རྣམས་ཀྱིས། རབ་ཏུ་དུལ་བའི་ཚུལ་བཟུང་ཏེ། ཁྱིམ་བདག་བདག་ཉིད་ཆེན་པོ་དེས། བསྒོས་པ་བཞིན་དུ་བཞོན་པའི་ཚོགས། །རབ་ཏུ་བཤམས་ནས་ཁྱིམ་བདག་ལ། །གུས་པའི་ཡིད་ཀྱིས་འདི་སྐད་སྨྲས། ཇོ་བོ་གང་གི་དུས་ལ་བབ་པར་མཁྱེན་ན་བཞོན་པ་བཟང་པོ་དག་བཤམས་པ་ལགས་སོ། །དེ་ནས་ཁྱིམ་བདག་དབེན་པ་འདོད་པ་ཤིང་ས་ལ་ཆེན་པོ་ལྟ་བུའི་བཞོན་པ་བཟང་པོ་ལ་བཞོན་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འདོད་པའི་ལྷག་པའི་བསམ་པས་རང་གི་གྲོང་ཁྱེར་ནས་བྱུང་ངོ་། །དེ་ནས་སྐྱེ་བོ་དགའ་བའི་སྒྲ་འབྱིན་པ། གུས་པའི་རང་བཞིན་མཆི་མ་གཡོ་བ་རྣམས། ཁྱིམ་བདག་དེའི་ལྷག་པའི་བསམ་པ་ཡིས། དྲངས་པ་བཞིན་དུ་ཕྱི་བཞིན་འབྲངས་བར་འགྱུར། །ཟླ་བའི་རྗེས་སུ་ཟླ་འོད་རྣམས། །ཀུན་ཏུ་འགྲོ་བར་བྱེད་པ་བཞིན། །དེ་ཡི་རྗེས་སུ་སྐྱེ་བོ་རྣམས། །འགྲོ་བ་ཚུལ་དང་མཐུན་པ་སྙམ། དེ་དག་སོ་སོའི་མཐུ་ཡིས་ནི། །རབ་ཏུ་བཤམས་པའི་གཞོན་པའི་ཚོགས། །གླང་ཆེན་རྟ་དང་ཤིང་རྟར་བཅས། །སྤྲིན་གྱི་ཕུང་པོ་འགྲོ་བ་བཞིན། །སྙིང་རྗེའི་དཔལ་གྱིས་འཁྱུད་གྱུར་བ། །དེ་ཡི་རྗེས་སུ་འཇུག་པའི་སེམས། །འདོད་ལྡན་ལང་ཚོར་བཅས་པ་ཡིས། །དགའ་བཟང་མཐོང་ནས་རྗེས་འགྲོ་བཞིན། །དེ་ལྟར་སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་གང་ན་བཞུགས་པའི་ཕྱོགས་དེར་དོང་པ་ན། །དེའི་ལྷག་པའི་བསམ་པའི་མཐུ་ནི་དེ་ལྟ་བུར་གྱུར་ཏོ། །གང་ན་དཔག་ཚད་བྱེ་བ་བརྒྱ་ཕྲག་གི །ལམ་དེར་ཞུགས་ནས་གཞན་དུ་སེམས་པ་མེད། །དེ་ནི་བཟའ་དང་བཏུང་བ་ཡིད་མི་བྱེད། །འདོད་དང་ཁྲོ་བ་གཏི་མུག་རིང་དུ་སྤངས། །སྐྱེ་བོ་གཞན་ཡང་དེ་དང་མཐུན་པར་གྱུར། །སངས་རྒྱས་མཐུས་བསྐུལ་གནས་གཙང་ལྷ་ཡི་བུ། །མཐུ་ཆེན་ལྡན་རྣམས་དེ་ཡི་བློ་རྟོགས་ནས། སྟོབས་དང་མདངས་ཀྱང་ལྷག་པར་བསྲུང་བར་བྱས། །དེ་ནས་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་གྱི་ཕྱི་རོལ་གྱི་སྐྱེད་མོས་ཚལ་ཀུན་ནས་མཛེས་པ་ཞེས་བྱ་བ་ལྗོན་པ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་བརྒྱན་པ། པད་མ་དང་ཨུཏྤལ་དང་ཀུ་མུད་ད་ལ་སོགས་པའི་མེ་ཏོག་གི་ཚོགས་ཐམས་ཅད་ཀུན་ཏུ་གཏོར་ཞིང་མངོན་པར་བཀྲམ་པ། སྤོས་མཆོག་དང་ཕུལ་དུ་བྱུང་བ་དུ་མ་དག་གི་ངད་ལྡང་བ། དེ་བཞིན་གཤེགས་པའི་དཔལ་གྱིས་འབར་བའི་སྐྱེད་མོས་ཚལ་དེ་ལྷང་ངེ་ལྷམ་མེ་རྒྱང་རིང་པོ་ནས་མཐོང་ངོ་། །དེ་མཐོང་ནས་ཀྱང་གཞོན་པ་ལས་བབས་ནས་རྐང་ཐང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། སངས་རྒྱས་ཀྱི་མཐུས་འཆག་ན་དགའ་བའི་བདེ་བ་རྗེས་སུ་མྱོང་ཞིང་འགྲོ་བར་གྱུར་ཏོ། །དེའི་ལྷག་བསམ་རྣམ་པར་དག་པའི་སྟོབས། །མཁྱེན་ནས་སངས་རྒྱས་མཐུ་ཡིས་བསྐྱོད་པ་ཡི། །སེར་བུ་གསིལ་བ་དག་ཀྱང་བྱུང་བར་གྱུར། །སྤོས་ངད་རབ་ཏུ་ལྡན་པ་ཆར་གྱི་རྒྱུན། །དལ་བུས་འབབ་ཅིང་ཕྱོགས་ཀུན་གསལ་བར་སྣང་། །ལམ་གྱི་སྡུག་བསྔལ་སྣང་བ་མེད་པར་བྱས། དེ་ལྟར་དེ་བཞིན་གཤེགས་པའི་བྱིན་བརླབས་ཀྱི་མཐུ་བརྟན་པར་མཛད་ཅིང་ཁྱིམ་བདག་དེའི་ལྷག་པའི་བསམ་པ་བསྐྱེད་པའི་ཕྱིར་བདུད་རྩིའི་འོད་བསིལ་བ་དྲི་མ་མེད་པའི་ལུས་དང་སེམས་རབ་ཏུ་ཚིམ་པར་བྱེད་པ་བཏང་ནས་དེ་དག་གི་ལུས་དུབ་པ་མེད་པར་མཛད་ཅིང་ཤིང་ཏ་ལ་ཅིག་ཙམ་གྱི་ནམ་མཁའ་ལ་འཕགས་སྟེ་འཆག་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་ཁྱིམ་བདག་དབེན་པ་འདོད་པ་འཁོར་དང་བཅས་པས་བཅོམ་ལྡན་འདས་མཚན་དང་དཔེ་བྱད་ཀྱིས་རབ་ཏུ་བརྒྱན་པ། མཛེས་ཤིང་བལྟ་ན་སྡུག་པ། དབང་པོ་ཞི་ཞིང་ཐུགས་ཞི་བ། བར་སྣང་ལ་འཆག་ཅིང་བཞུགས་པ་མཐོང་ནས། མཆོད་པའི་ཚོགས་ཀྱིས་མཆོད་དེ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། ཨེ་མའོ་ཇི་ལྟར་ཐོས་པ་དེ་བཞིན་མཐོང་། །དེ་བས་ཀྱང་ནི་ལྷག་པར་བཟང་། །འཇིག་རྟེན་དག་ན་ཁྱོད་དང་ནི། །ཡེ་ཤེས་ཡོན་ཏན་མཚུངས་མ་མཆིས། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་ན། །སླར་དེ་བཞིན་གཤེགས་པས་ཚིགས་སུ་གཅད་པས་བཀའ་སྩལ་པ། །ཁྱིམ་བདག་ཁྱེད་ཀྱིས་ཚིག་སྨྲས་པ། །ལེགས་སོ་བདེན་པར་གྱུར་པ་ཡིན། །ཇི་ལྟར་འདིར་ནི་ཡུན་རིང་དུ། དགེ་བའི་རྩ་བ་ཤིན་ཏུ་བརྟན། །འཇིག་རྟེན་ང་དང་མཚུངས་པ་མེད། །ང་ལས་ལྷག་གྱུར་ག་ལ་ཡོད། །ཁྱིམ་བདག་ཅུང་ཟད་ཡིད་ལ་ནི། །གང་དག་ཞུ་བར་འདོད་པ་ཞུས། །ངེས་པ་ཁྱོད་ཀྱི་འདོད་པ་གང་། །ང་ཡིས་སེམས་ནི་རངས་པར་བྱ། །ང་ལ་ཅུང་ཟད་གང་འདྲི་བ། །དེ་རིང་ཐེ་ཚོམ་མེད་པར་བྱ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་དབེན་པ་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཁྱད་པར་ཅི་འབྱོར་པ་དག་གིས་མཆོད་དེ་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པ་དག་གིས་བསམ་གཏན་གྱི་ཞུ་བ་ཞུས་པ། ཅི་ལྟར་བསམ་གཏན་ལ་གནས་མཆིས། བསམ་གཏན་བསམ་གཏན་ཡོན་ཏན་དགའ། །འདི་ལ་ཡིད་གཞོལ་ཇི་ལྟར་འགྱུར། །ཞུས་པ་དེ་དག་བདག་ལ་གསུངས། །དགེ་བའི་རྩ་བ་གང་གིས་ནི། །ཤེས་པ་དེ་ནི་རྟོགས་པར་འགྱུར། །ལྡང་པ་དང་ནི་ཤེས་པའི་རྒྱུ། ཞུས་པ་དེ་དག་བདག་ལ་གསུངས། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་འོད་ཟེར་དཔག་ཏུ་མེད་པ་དེས་ཚིགས་སུ་བཅད་པ་ཅིག་གིས་བཀའ་སྩལ་པར་མཛད་པ། །མཚན་མ་མེད་པའི་བསམ་གཏན་ནི། །ལྡང་པ་ལ་ཡང་ཤིན་ཏུ་ངེས། །ཤེས་པ་གང་གིས་བསམ་གཏན་དེ། །སོ་སོར་ཐོབ་ནས་རབ་ཏུ་ཤེས། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་པོ་འདི་བཀའ་སྩལ་པས་ཁྱིམ་བདག་དབེན་པ་འདོད་པ་ལ་སོགས་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་སྐྱེ་བ་མེད་པའི་དོན་རབ་ཏུ་ཐོབ་པར་གྱུར་ཏོ། །ཁྱིམ་བདག་ལྷག་པའི་བསམ་པ་དང་ལྡན་པས་ཞུ་བའི་ཚིག་གིས་རབ་ཞུས་པས། །འདྲེན་པ་འོད་ཟེར་དཔག་ཏུ་མེད་པས་ཚངས་པའི་དབྱངས་ཀྱི་གསུངས་ཅིག་གིས། །མ་རིག་མུན་གསལ་ཐེ་ཚོམ་དྲ་བ་རབ་ཏུ་བཅད་ནས་ཞི་བའི་ལམ། །ཀུན་ཏུ་གསལ་མཛད་འགྲོ་བའི་ཚོགས་རྣམས་བསམ་གཏན་ནད་མེད་མཆོག་ལ་བཀོད། །དེ་ལྟ་བུའི་དོན་འདི་ཅིའི་ཕྱིར་བཤད་ཅེ་ན། སྐྱེས་བུ་དམ་པ་རྣམས་ཀྱིས་རང་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བར་བྱེད་པ་ན། འགྲོ་བ་གཞན་གྱི་དོན་ཆེན་པོ་ཡང་འགྲུབ་པར་འགྱུར་རོ་ཞེས་བསམ་གཏན་དང་རྗེས་སུ་མཐུན་པའི་མདོ་སྡེ་དག་ལའང་བརྗོད་པ་དང་། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། བྱ་དཀའ་བ་དུ་མ་དག་གིས་བསམ་གཏན་ཡོངས་སུ་བཙལ་བ་ཡིན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཁྱིམ་བདག་དབེན་པ་འདོད་པའི་སྐྱེས་པའི་རབས་སྟེ་བཞི་བཅུ་གཅིག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་ཀྱང་བོར་ནས་བསམ་གཏན་གྱི་བདེ་བ་དོན་དུ་གཉེར་བར་བྱེད་ཅིང་། བསམ་གཏན་ཐོབ་ནས་ཀྱང་སེམས་ཅན་གྱི་དོན་རྗེས་སུ་སྤྱོད་པ་ཡིན་ནོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་འདས་པའི་བསྐལ་པ་ཚད་མེད་པ་ན་སངས་རྒྱས་ཀྱི་ཞིང་ཟླ་བ་རྣམ་པར་སྣང་བ་ཞེས་བྱ་བར་བྱུང་སྟེ། དེའི་ཚེ་འཛམ་བུའི་གླིང་དུ་བདག་ཅག་གི་སྟོན་པ་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྒྲོན་མ་སྣང་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་རབ་ཏུ་བརྟན་པའི་རང་བཞིན་ཅན། །སྙིང་རྗེའི་བདག་ཉིད་གཞན་ལ་ཕན་པར་བརྩོན། །གཞན་གྱིས་བརྩད་དུ་མེད་པའི་རིགས་ལས་བྱུང་། །ཤེས་རབ་སྟོབས་ཀྱིས་གཟི་མདངས་ལྷག་པར་གསལ། །ཉི་མའི་འོད་ཀྱིས་སྐར་མ་ཟིལ་མནན་བཞིན། སྐྱེ་བོ་རྣམས་དང་རྒྱལ་ཕྲན་དྲེགས་པ་རྣམས། །ཟིལ་གྱིས་གནན་ནས་རང་གི་ཆོས་ལམ་དག །རབ་ཏུ་གསལ་བས་མ་ལུས་ས་སྐྱོང་པ། །དགེ་བའི་ལམ་ནི་རབ་ཏུ་སྣང་བྱེད་པས། །རྒྱལ་པོའི་མིང་ནི་དོན་དང་མཐུན་པར་གྱུར། དེ་ལྟ་བུའི་རྒྱལ་པོ་ཆེན་པོ་དེས་འཛམ་བུའི་གླིང་དེ་སྙིགས་མ་ལྔ་ལ་བབས་དུ་ཟིན་ཀྱང་སྐྱེ་བོ་ཕོངས་པ་རྣམས་ནི་ལོངས་སྤྱོད་ཀྱིས་ཀུན་ཏུ་ཚིམ་པར་བྱས། ཆོས་ཀྱི་ལམ་དང་རྗེས་སུ་མཐུན་པའི་བཀའ་ཁྲིམས་བཟང་པོས་ངན་པར་སྤྱོད་པ་རྣམས་ནི་ཚར་བཅད། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་དུལ་བའི་ལམ་ལ་གནས་པ་རྣམས་ལ་བསྟོད་ཅིང་བདག་ཉིད་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པས། རྒྱ་མཚོའི་མཐས་གཏུགས་པའི་ས་ཆེན་པོ་འདི་ཀུན་ཏུ་བསྐྱངས་པ་ལས། རྫོགས་ལྡན་གྱི་དུས་དང་རྗེས་སུ་མཐུན་པར་གྱུར་ཏོ། །དབང་ཕྱུག་རྣམས་ཀྱི་སྙིང་རྗེའི་སྟོབས། རབ་ཏུ་གསལ་བའི་ཡོན་ཏན་ནི། །མཁས་པའི་ནང་ན་མཁས་པ་བཞིན། གྲགས་པ་གསལ་བར་གྱུར་པ་སྙམ། །དེ་ནས་དུས་གཞན་ཞིག་གི་ཚེ། རྒྱལ་པོ་དེ་ཕོ་བྲང་འཁོར་གྱི་སྐྱེད་མོས་ཚལ་བཟང་པོ་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་བ། མེ་ཏོག་གི་རིགས་དུ་མ་སྐྱེས་པ། ཆུ་གཙང་མས་ཡོངས་སུ་གང་བའི་རྫིང་བུ་བསིལ་བ་ཡོད་པའི་ས་ཕྱོགས་སུ་འཇིག་རྟེན་པའི་བདེ་བ་ཡོངས་སུ་སྤྱད་པའི་ཕྱིར་ཕོ་བྲང་ནས་བྱུང་ཏེ་སོང་བ་དང་། ཕྱི་རོལ་ཏུ་མི་ཞིག་བཅིང་བ་དམ་པོས་བཅིངས་སྟེ་ཉམས་ཐག་པ་བཞིན་དུ་འདུག་པ་མཐོང་ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་མི་འདིས་ཅི་ཞིག་བྱས། བློན་པོ་རྣམས་ཀྱིས་གསོལ་པ། ལྷ་མི་འདིས་ནི་ལྷ་ལ་ནོངས་པ་བགྱིས་སྟེ། དགུང་ལོ་གཅིག་ལ་མི་འདིའི་འབྲུ་དང་ལོ་ཐོག་ཅི་འཁྲུངས་པར་གྱུར་པ་དེ་དག་ལས་དྲུག་ཆ་ཅིག་ལྷའི་ཞལ་སྔར་འབུལ་བ་ལགས་ན། ཅི་ལྟར་གྲོང་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་མི་དང་། རི་བྲག་ན་གནས་པ་རྣམས་ཀྱིས་འབུལ་བར་བགྱིད་པ་ལྟར་མི་འདིས་འབུལ་བར་མི་བགྱིད་ལགས་སོ། །རྒྱལ་པོས་དེ་དག་ལ་སྨྲས་པ། མི་འདི་ཐོང་ལ་སུ་ལ་ཡང་མཐུས་ནོར་དང་འབྲུ་དག་མ་སྡུད་ཅིག །དེ་དག་གིས་སྨྲས་པ། ལྷ་སེམས་ཅན་རྣམས་ཤིན་ཏུ་དད་པའི་དབང་གིས་འབུལ་བ་ནི་ཉུང་ཏེ། འདི་ལྟར་མ་བགྱིས་ནའང་གདུགས་ཅིག་བཞིན་དུ་ལྷའི་ཞལ་ཟས་ལ་སོགས་པ་ཡོངས་སུ་སྤྱད་པའི་ལོངས་སྤྱོད་དང་། བཙུན་མོའི་འཁོར་དང་སྲས་དང་། ཉེ་བར་འཁོར་བ་རྣམས་ཀྱིས་ཡོངས་སུ་སྤྱད་པའི་དངོས་པོ་གང་ལགས་པ་རྣམས་སེམས་རབ་ཏུ་དང་པས་འབུལ་བར་མི་བགྱིད་ལགས་སོ། །རྒྱལ་པོ་དེས་དེ་སྐད་དུ་སྨྲས་པ་ཐོས་ནས་འདི་སྙམ་དུ་སེམས་སོ། །ཀྱེ་མ་འཛམ་གླིང་སྐྱེ་བོ་རྣམས། །བདག་གིས་བསྐྱ ངས་པར་བྱེད་འདོད་ཀྱང་། །རང་གི་ཉེས་པའི་ཚོགས་རྣམས་ནི། །ཀུན་ཏུ་འཁྲུག་པ་ཉིད་དུ་གྱུར། །ཨེ་མའོ་འདུ་བྱེད་མི་རྟག་སྟེ། །སྙིང་པོ་མེད་པ་འདིར་ནི་མ་རྟོགས་པ། །བྱིས་པ་རྣམས་ནི་འཁྲུལ་པའི་དབང་དུ་གྱུར། །རྨི་ལམ་ལྟ་བུའི་བདེ་ལ་རྗེས་ཆགས་པས། །སྐྱེ་རྒ་ན་འཆིའི་རྦ་རླབས་རབ་འཁྲུགས་པའི། །འཁོར་བའི་རྒྱ་མཚོ་ཐུག་མེད་གཏིང་དུ་བྱིང་། །ལེགས་པར་སྤྱོད་པའི་དལ་འབྱོར་གྲུ་ཆེན་ཡང་། །གཏི་མུག་ཆུ་སྲིན་འདོད་པའི་ལྟོ་བ་ཅན། །ཚོར་བའི་དབུགས་ཀྱིས་རབ་ཏུ་དྲངས་བྱས་ནས། །ངན་འགྲོའི་ཁར་སོང་རབ་ཏུ་བརླག་པར་བྱེད། །འདོད་ལ་ཞེན་ཅིང་སྲེད་པས་རབ་བཀྲིས་པ། །དམ་པ་རྣམས་ཀྱི་སྤྱོད་པ་མ་ཡིན་ནོ། །དེས་ན་བདག་ནི་རྒྱལ་སྲིད་རབ་སྤངས་ཏེ། །མྱུར་བའི་དུག་འདྲ་འདོད་པ་ཡོངས་སྤངས་ནས། །བསམ་གཏན་ཏིང་འཛིན་བདེ་བ་བསྒྲུབ་པའི་ཕྱིར། །རབ་ཏུ་བྱུང་ནས་ནགས་ཁྲོད་གནས་པར་བྱ། །བདག་ཉིད་ཆེན་པོ་དེས་དེ་ལྟར་བློ་ལ་ངེས་པར་བྱས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་མཆིལ་མའི་ཐལ་བ་བཞིན་དུ་ཡོངས་སུ་སྤངས་སྟེ། རང་གི་བུ་ལྔ་བརྒྱ་ཡོད་པ་ལ་འཛམ་བུའི་གླིང་ཆ་ལྔ་བརྒྱར་བགོས་ནས་བྱིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་། བདག་གི་བཙུན་མོའི་འཁོར་དང་སྐྱེ་བོའི་ཚོགས་མྱ་ངན་གྱིས་མཆི་མས་གདོང་ཁེངས་པར་གྱུར་པ་རྣམས་ཚིག་སྙན་པས་ཡོངས་སུ་བཟློག་ནས་བདག་ཉིད་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ཡང་དམ་པ་དང་དམ་པ་མ་ཡིན་པའི་ཁྱད་པར་ནི་འདི་ལྟ་བུ་ཡིན་ཏེ། འཛམ་གླིང་དཔལ་གྱིས་རབ་ཏུ་འབྱོར་ཅིང་འབྱོར་པའི་མཆོག་གྱུར་ལྷ་དབང་དཔལ་ལའང་འགྲན་དུ་རུང་བ་དང་། །ནོར་དབྱིག་རིན་ཆེན་རྟ་དང་ཤིང་རྟ་བ་ལང་མཆོག་དང་རིན་ཆེན་ཁྲི་མཆོག་རབ་ཏུ་བཀྲ་བ་རྣམས། འཇམ་པའི་གོས་དང་ལྷ་མོ་ལྟ་བུར་རབ་ཏུ་མཛེས་པའི་རིན་ཆེན་དོ་ཤལ་སིལ་སིལ་བཅས། །དགའ་བའི་ཁྱད་པར་ལྡན་པ་དེ་དག་ཐོས་པར་གྱུར་ནའང་སྲེད་པར་ལྡན་རྣམས་རབ་ཏུ་འཆིང་བར་འགྱུར། །དམ་པ་རྣམས་ནི་འདོད་པའི་དབང་ཕྱུག་ཐོབ་པར་གྱུར་ཀྱང་ཕྱག་དར་ཁྲོད་དང་མི་གཙང་ཕུང་པོ་ལྟར། །འདོར་བར་བྱེད་ཅིང་སྒྱུ་མའི་གཟུགས་ཅན་བསླུ་བར་བྱེད་པ་ཉིད་དུ་ཤེས་ཤིང་ངེས་པར་འབྱུང་བ་མཚར། །དེ་ནས་བདག་ཉིད་ཆེན་པོ་དེ་འཛམ་བུའི་གླིང་ལས་ལྷོ་ཕྱོགས་ཀྱི་ཆ། ནོར་བུ་ལེན་པའི་སྒོ་དང་ཉེ་བ་རིན་པོ་ཆེ་ཨཎྜྻ་བརྙིལ་བརྡལ་བ་ལྟ་བུའི་རྒྱ་མཚོ་རླུང་སེར་བུས་སྐྱོད་པའི་རླབས་ཀུན་ཏུ་འབྱུང་བའི་འགྲམ་ཅུང་ཟད་མངོན་པར་མཐོ་བའི་རིའི་ངོས་ཤིང་གི་རིགས་དུ་མ་སྐྱེས་པ་རྣམས་ནི་ཆེད་དུ་བཀོད་པ་ལྟ་བུ། རྩ་འཇམ་པོ་དག་གིས་སའི་ཕྱོགས་ཀུན་ཏུ་ཁེབས་པ། པད་མ་དང་ཀུ་མུ་ད་དང་། ཨུཏྤལ་ལ་སོགས་པའི་མེ་ཏོག་གི་ཚོགས་ནི་མེ་ཏོག་འཕྲེང་རྒྱུད་མཁན་མཁས་པས་བཀོད་པ་བཞིན་ནགས་ཚལ་ན་གནས་པའི་བྱའི་ཚོགས་སྒྲ་སྙན་པ་འབྱིན་པ་དག་གིས་གང་བ། དཀའ་ཐུབ་ཅན་རྣམས་ཀྱི་གནས་སུ་རུང་བ་ཞིག་ན་གནས་པར་གྱུར་ཏོ། །དེ་ནི་བྱེ་བ་དུ་མས་རྣམ་གཙེས་པའི། །དུག་དང་མཚུངས་པའི་རྒྱལ་སྲིད་དེ་སྤངས་ནས། །དཀའ་ཐུབ་ནགས་ཚལ་ཞི་བ་རབ་བརྒྱན་ཏོ། །བསམ་གཏན་སྒྲུབ་པ་ཚུལ་དང་མཐུན་པ་སྙམ། །དཀའ་ཐུབ་ནགས་ཚལ་མཛེས་པ་དེ། །ཆེད་དུ་བཀོད་དེ་བསྐྱེད་པ་བཞིན། །གཙང་ཞིང་མཛེས་པའི་སྨན་ལྗོངས་ལ། །མེ་ཏོག་བསིལ་མ་བཀོད་པ་བཞིན། །གདེངས་ཀ་མཛེས་པའི་མེ་ལོང་དག །པདྨ་མའི་བཞིན་གྱིས་རབ་བརྒྱན་པ། བསྒེག་པའི་དབང་གིས་དགོད་པ་འདྲ། །ཀུ་མུ་ད་རྣམས་འབར་བ་བཞིན། །བུང་བ་མྱོས་པའི་སྒྲ་འབྱིན་པ། །དུས་ཀྱི་རླུང་གིས་ཕྱེ་བ་ཡི། །གེ་སར་དག་ལ་བརྩེ་བ་བཞིན། །རང་བཞིན་འཕྲོ་བའི་དྲི་བསུང་དག །རྣམ་པར་འཕྲོ་བའི་ངད་ལྡང་པ། །ཙན་དན་འཕྲོག་པར་བྱེད་པའི་དྲི། ཡིད་ནི་འཕྲོག་པར་བྱེད་པ་བཞིན། །སྦྲང་རྩིས་མྱོས་པའི་བུང་པ་རྣམས། །རང་གི་ཟློས་གར་བྱེད་པ་ལ། །ལྡུམ་བུ་གསར་པ་གཞོན་ནུ་དག །བལྟ་བའི་ཕྱིར་ནི་ལྷགས་པ་འདྲ། །འབྲས་བུའི་ཚོགས་རྣམས་མང་པོ་དག །ཆེད་དུ་སྦྱར་བའི་ཟས་མཆོག་བཞིན། །རླུང་གིས་བསྐྱོད་པའི་ཡལ་ག་ཡིས། །ཆེད་དུ་ལྟུང་དེ་འབུལ་བ་འདྲ། །མཛེས་པའི་བྱ་ཚོགས་སྐད་འབྱིན་པ། །ལྷ་ཡི་སིལ་སྙན་བརྡུང་པ་བཞིན། །དུས་ཀྱི་དབང་གིས་བསྒྱུར་བ་ཡིས། །ནགས་ཚལ་ལོ་འདབ་གསར་པ་དག །རྐྱེན་གྱིས་ཅུང་ཟད་ཁ་ཕྱེ་བ། །དགའ་བས་གསིག་ཀྱང་བྱེད་པ་འདྲ། །དེ་ལྟར་ནགས་ཚལ་ཞི་བ་ཡི། །དགའ་བ་མཁྱེན་པར་གྱུར་པ་དེས། བསམ་གཏན་ཡོན་ཏན་སྤེལ་པའི་ཕྱིར། །རྒྱལ་སྲིད་སྤངས་པར་གྱུར་པ་སྙམ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཨུ་དུམ་འབར་བའི་ཤིང་དྲུང་དུ་ཤིང་ལོའི་ཁང་བུ་དུས་ཐམས་ཅད་དུ་བདེ་བར་གྱུར་པ་ན་འདུག་ཅིང་། ཁ་ན་མ་ཐོ་བ་མེད་པའི་འབྲས་བུ་དང་རྩ་བ་དང་ལོ་མ་དག་ཟ་ཞིང་བསམ་གཏན་བཞི་དང་ཚངས་པའི་གནས་པ་བཞི་བསྒོམ་པ་ལས་ཐར་གྱིས་མངོན་པར་ཤེས་པའང་ཐོབ་པར་གྱུར་ཏོ། །དེ་ལྟར་རབ་ཏུ་དབེན་ལ་གཞོལ་བྱས་ཤིང་། །རྣམ་རྟོག་གཡེང་བའི་དགྲ་ལས་རབ་བྱོལ་ཏེ། །རྩེ་གཅིག་སེམས་ཀྱིས་བསམ་གཏན་སྒོམ་བྱེད་ན། །མངོན་ཤེས་ལྔ་ལྡན་རིང་པོར་མི་ཐོགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དཀའ་ཐུབ་སྤྱོད་ཅིང་གནས་པ་ལས། དུས་གཞན་ཞིག་གི་ཚེ་དེད་དཔོན་ཟླ་བ་ལ་སོགས་པ་ཚོང་པ་ལྔ་བརྒྱ་རྒྱ་མཚོ་ལས་རིན་པོ་ཆེའི་ཚོགས་དུ་མ་དང་ཡིད་བཞིན་གྱི་ནོར་བུ་ཁྱེར་ཏེ་འོངས་པ་ལས་དེའི་དབང་གིས་ཀླུ་རྣམས་ཀྱང་ཁྲོས་ཤིང་སྲིན་པོ་སྡུག་པ་ཅན་མ་རུང་པ་དག་ཀྱང་དེ་དག་ལ་གླགས་བལྟ་བར་གྱུར་ཏེ། དེ་ལྟར་གྱུར་པའི་དབང་གིས་རྒྱ་མཚོའི་འགྲམ་དེར་ཞགས་བདུན་གྱི་བར་དུ་རླུང་དམར་ཆེན་པོས་ཀུན་ཏུ་བསྐྱོད་པའི་ཆར་དྲག་པོ་དང་འབྲུག་གི་སྐད་ཆེན་པོ་འཇིགས་འཇིགས་ལྟར་སྒྲོགས་པ། གློག་འགྱུ་བ་མཚོན་ཆ་འདེབས་པ་ལྟ་བུ་སྙིང་ལ་སྐྲག་པ་སྐྱེད་པ་བྱུང་ཏེ། ཕྱོགས་གང་དུ་འགྲོ་བའི་ལམ་ཡང་སྟོར་ལ། ཉིན་མཚན་གྱི་བྱེ་བྲག་མེད་པར་གྱུར་ནས་ཚོང་པ་དེ་དག་མྱ་ངན་གྱིས་ནོན་ཅིང་སྨྲེ་སྔགས་དུ་མ་འདོན་པར་གྱུར་ཏེ། ཁ་ཅིག་རང་གི་ལྷ་ལ་གསོལ་བ་འདེབས། །གཞན་དག་གུ་ལང་ཆུ་ལྷ་ཚངས་པ་དང་། །ལུས་ངན་གྲགས་དང་ལྡན་པ་འབོད་པར་བྱེད། །གཞན་དག་ཕ་མ་སྡུག་པའི་བུ་རྣམས་འབོད། ཀྱེ་ཧུད་ཕོངས་པའི་དབང་གྱུར་པས། །འདི་ལྟ་བུར་ནི་ཉམས་ཉེས་གྱུར། སྡུག་པ་རྣམས་དང་རབ་ཏུ་བྲལ། །བདག་ཅག་མ་རུང་གྱུར་གྱིས་མེད། །ཅེས་བྱ་བ་ལ་སོགས་པའི་སྨྲེ་སྔགས་དུ་མ་འདོན་པ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པའི་མཐུས་མཐོང་སྟེ་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་ཚོང་པ་དེ་དག་ག་ལ་བ་དེར་སོང་ཏེ་མ་འཇིགས་ཤིག་ངས་ཁྱེད་རྣམས་ཀྱི་ལམ་བསྟན་པར་བྱའོ་ཞེས། དབུགས་ཕྱུང་ནས་རང་གི་ལག་པ་ཏིལ་མར་གྱིས་བྱུགས་པའི་རས་ཀྱིས་དཀྲིས་སྟེ་མེ་སྤར་ནས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་ནི་གཞན་ལ་ཕན་ཕྱིར་མི་ལོ་ཉི་ཤུ་རྩ་དྲུག་ཏུ། །རྒྱལ་སྲིད་རབ་སྤངས་དབེན་པའི་གནས་སུ་རྩེ་གཅིག་བསམ་གཏན་བྱས། །དགོན་པའི་སྤྱོད་པས་ཀླུ་དང་གནོད་སྦྱིན་ཁྲག་ཁྲིག་རབ་ཏུ་བཏུལ། །བདེན་པ་དེ་ཡིས་ཚོང་པ་ཁྱེད་རྣམས་འཇིགས་མེད་ལམ་མཐོང་ཤོག །དེ་སྐད་བརྗོད་པ་ཡིས་ནི་ཚོང་པ་དེ་དག་དབུགས་ཕྱིན་ཏེ། དེའི་ལག་པའི་སྒྲོན་མེ་ཡང་། །ཏིལ་མར་བཅས་པའི་སྒྲོན་ཤིང་བཞིན། །ཞག་བདུན་བར་དུ་འབར་གྱུར་པས། །རབ་ཏུ་གསལ་ཞིང་མུན་པ་དག །སེལ་བྱེད་ཉི་མའི་དཀྱིལ་འཁོར་བཞིན། །འདི་ནི་དྲང་སྲོང་མཆོག་གི་མཐུས། །དེས་ནི་ཚོང་པ་དེ་དག་དགའ་གྱུར་ཏེ། །དྲང་སྲོང་དེ་ལ་གུས་པས་མཆོད་པ་བྱས། །དེ་དག་འཛམ་བུའི་གླིང་དུ་བདེར་ཕྱིན་ནས། །ལོངས་སྤྱོད་དཔལ་གྱི་དགའ་སྟོན་རྒྱས་པར་གྱུར། །དྲང་སྲོང་དེ་ལ་སྐྱེས་འབུལ་ཇི་བཞིན་དུ། །དེ་དག་ཆོས་ཀྱི་ལམ་ལ་བརྟེན་པར་གྱུར། དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་དཔལ་ཡང་སྤངས་སྟེ་དབེན་པ་ལ་བརྩོན་པར་བྱེད་དོ། །དེས་ན་དམ་པའི་རྗེས་སུ་སློབ་པ་རྣམས་ནི་སྙིང་པོ་མེད་པའི་ལོངས་སྤྱོད་ལ་ཆགས་པར་མི་བྱའོ་ཞེས་བསམ་གཏན་གྱི་ཕན་ཡོན་བསྔགས་པ་ལའང་བརྗོད་པར་བྱའོ། །རྒྱལ་པོ་སྒྲོན་མ་སྣང་བྱེད་ཀྱི་སྐྱེས་པའི་རབས་སྟེ་བཞི་ཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་དུད་འགྲོར་གྱུར་ཀྱང་གཞན་དག་ཅི་ནུས་ཀྱིས་བསམ་གཏན་ལ་སྦྱོར་བར་བྱེད་ན་མིར་གྱུར་པ་ལྟ་སུ་ཞིག་བརྩོན་པར་མི་བྱེད། དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རེ་ཞིག་ཅིག་དགོན་པའི་གནས་རབ་ཏུ་དབེན་པའི་སྨན་ལྗོངས་ཤིང་གེལ་པ་དག་གིས་མཛེས་པར་བྱས་པ། ཕྱོགས་རྣམས་རབ་ཏུ་གསལ་བའི་སྒང་རྒྱུད་ནི་ཆེད་དུ་བྱས་པ་བཞིན། ནགས་ཚལ་གྱི་ཚོགས་རྣམས་ནི་ཐ་དད་པའི་ཚུལ་དུ་བཀོད་པ་བཞིན་རྩ་སྔོན་པོ་དང་བཅས་པའི་སྤང་ལྗོངས་རྣམས་ནི་དར་ལ འམ་བེའུ་རས་སྔོན་པོ་ཆེད་དུ་བརྐྱང་པ་ལྟ་བུ། རྩམ་པ་ཀ་དང་སྣ་མ་ལ་སོགས་པའི་མེ་ཏོག་སྣ་ཚོགས་པ་རྣམས་རབ་ཏུ་སྐྱེས་པ། ཕྱོགས་ཐམས་ཅད་ན་དངུལ་ཆུ་ལྟར་དཀར་ཞིང་གཙང་ལ་དྲི་མ་མེད་པའི་གདེངས་ཀ་དང་ཆུ་མིག་གིས་རབ་ཏུ་བརྒྱན་པ། རི་དྭགས་ཀྱི་རིགས་དུ་མ་རྒྱུ་བ། དཀའ་ཐུབ་ཅན་རྣམས་ཀྱི་གནས་སུ་གྱུར་པ་ཞིག་ན་བྱང་ཆུབ་སེམས་དཔའ་འདི་རི་བོང་ཞིག་ཏུ་གྱུར་ཏོ། །ཞེས་གྲག་གོ །དེ་ནས་དྲི་མ་མེད་པའི་ལུས། །ཟླ་བའི་དུམ་བུ་ཤར་བ་བཞིན། །དེ་ཡི་རྒྱུ་ནི་ཞི་བ་ཡིས། །བརྩེ་བའི་བསིལ་ཟེར་འཕྲོ་བ་སྙམ། །དབྱིག་པ་རིལ་བ་སྤྱི་བླུགས་དག །མི་འཛིན་གྱུར་ཀྱང་ཤིང་ཤུན་དང་། །ཀུ་ཤའི་སྟན་ལ་ལེགས་འདུག་པ། །འབྲས་བུའི་ཟས་ཟ་དྲང་སྲོང་བཞིན། །དཀའ་ཐུབ་དུར་སྨྲིག་མ་གྱོན་ཀྱང་། །རབ་ཏུ་དཀར་ཞིང་མཛེས་པ་དེ། །མངོན་པར་དགའ་བའི་སེམས་དཔའ་བཞིན། །རི་བོང་གཟུགས་ཀྱི་ཚུལ་འཛིན་པ། །རེ་ཞིག་བཅོས་པར་གྱུར་པ་འདྲ། དེ་ལྟར་ནགས་ཚལ་དམ་པ་དེ་བརྒྱན་པར་གྱུར་ཏོ། །དེ་དང་ཉེ་བའི་ཤིང་རློན་པ་ཞིག་གི་དྲུང་ན་བྲམ་ཟེ་བ་ར་དྷ་ཛ་དང་རུས་གཅིག་པ་ཞེས་བྱ་བ་ཞིག་ཀྱང་བསམ་གཏན་བྱེད་ཅིང་གནས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ། དུས་མ་ཡིན་པའི་ཆར་གྱི་རྒྱུན་ཆེན་པོ་བྱུང་བར་གྱུར་ཏེ། ཞག་བདུན་དུ་ཤིང་ཐོག་དང་འབྲས་བུ་ལ་སོགས་པ་ཡང་ལེན་པ་མེད་པར་གྱུར་ཏེ་དེ་བས་བསམ་གཏན་བྱེད་ཅིང་འདུག་གོ །དེའི་དྲུང་དུ་བྱང་ཆུབ་སེམས་དཔའ་རི་བོང་དེས་དེའི་རྐང་པ་ལ་གཏུགས་ཤིང་ལྕེས་བལྡགས་ནས་གུས་པར་བྱས་སོ། །བྲམ་ཟེ་དེས་ཀྱང་རྣམ་པར་དག་པའི་ལུས་སྤྲུལ་པ་ལྟ་བུ་དེ་ལ་ཡ་མཚན་དུ་འཛིན་ཅིང་དྲང་སྲོང་གི་ལག་པ་པད་མའི་མཆོག་ལྟ་བུ་དེས་རི་བོང་དེ་ལ་བྱུགས་སྟེ་བྱམས་པའི་ཡིད་ཀྱིས་ཚིགས་སུ་བཅད་པས་སྨྲས་པ། རི་བོང་ཚལ་ཞིང་ནང་ན་གནས་པ་ལེགས། །ཆོས་དང་ལྡན་ཞིང་ཆོས་དགའ་བླ་མ་བསྟེན། །གང་གིས་སྲེད་པས་ཚལ་ཞིང་འདི་རུ་གནས། །བདག་གིས་དྲིས་པ་འདི་ནི་ལེགས་པར་སྨྲོས། །ང་དང་ལྷན་ཅིག་འདུག་པ་མི་འཇིགས་སམ། གཞན་ཡང་བཀྲེས་དང་སྐོམ་པ་མེད་དམ་ཅི། །རྩ་འཇམ་དག་པ་ཟ་བར་མི་བྱེད་དམ། ཁྱོད་ནི་རྒྱུ་མཚན་གང་གིས་ཚལ་འདིར་གནས། དེ་སྐད་སྨྲས་པ་དང་། རི་བོང་དེས་ཞེ་ས་བསྐྱེད་དེ་ཚིག་དང་དོན་རབ་ཏུ་གསལ་བར་མིའི་སྐད་དུ་སྨྲས་པ། ནགས་ཁྲོད་འདི་ན་ཆོས་སྤྱོད་ཁྱོད་ལྟ་ཞིག །བཏུང་བ་དང་ནི་དེ་བཞིན་རྩ་མི་འཚལ། །དྲང་སྲོང་མཆོག་དང་ལྷན་ཅིག་དགའ་བར་བགྱི། །ཆོས་ལྡན་མཐོང་ནས་ཚུལ་ཁྲིམས་བཏུལ་ཞུགས་སྤྱད། །འཇིག་རྟེན་བདེ་སྟེར་དགའ་མགུར་ཐོབ་པར་བགྱི། །བྲམ་ཟེས་སྨྲས་པ། ཁྱོད་ནི་གང་གི་ལས་ཀྱིས་མི་ཡུལ་དུ། །རྒྱུ་མཚན་ཅི་ཡིས་དུད་འགྲོར་སྐྱེ་གནས་སོང་། གང་ཞིག་ཐོས་ནས་མགུར་བར་གྱུར་པ་དག །དེ་ནི་བརྟག་པའི་ཚིགས་གིས་ང་ལ་སྨྲོས། །རི་བོང་གིས་སྨྲས་པ། སྔོན་གྱི་སྲིད་པར་ཆོས་འཆད་ཉན་པ་དག །ཡོད་པའི་གནས་སུ་ཞུགས་ནས་བདག་གིས་ནི། །ཆོས་སྨྲ་དེ་དག་གཙེས་པའི་ལས་ཀྱི་མཐུས། །དེས་ནི་དུད་འགྲོའི་འགྲོ་བར་བདག་སོང་ངོ་། །དེ་ལྟར་སྐྱེས་བུ་དམ་པ་རི་བོང་དེ་དང་བྲམ་ཟེ་གཉིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ནས་བྲམ་ཟེའི་དྲང་སྲོང་དཀའ་ཐུབ་ཀྱི་ནགས་ཚལ་དེ་ནས་འཚོ་བའི་ཕྱིར་གྲོང་ཁྱེར་དུ་འགྲོ་བར་ཆས་ཏེ། རི་བོང་དེ་ལ་སྨྲས་པ། རིང་ཞིག་བདག་ནི་འདིར་འདུག་ད་ནི་འགྲོ། །དེ་ལ་ཁྱོད་ནི་ཅུང་ཟད་བཟོད་པར་མཛོད། །ཁྱོད་ཀྱང་ཆུ་གཙང་འཐུང་ཞིང་རྩྭ་ཟོ་ལ། །སྤྱོད་པ་དུས་ལས་འདའ་བར་ཡོང་མ་བྱེད། །དེ་སྐད་སྨྲས་ནས་བྲམ་ཟེ་དེ་འགྲོ་བར་ཆས་པ་དང་། རི་བོང་དེས་གསོལ་བ་བཏབ་པ། །བདག་ནི་ཆུ་དག་དོན་དུ་གཉེར་མ་ཡིན། །རྩྭ་ཡང་མི་འདོད་བཤད་པའང་མི་འདོད་ཀྱིས། །བདག་ལ་གཟིགས་ཤིང་གཞན་དུ་མ་བཞུད་པར། །བྲམ་ཟེ་ཚལ་འདིའི་ནང་དུ་བཞུགས་པར་མཛོད། །བྲམ་ཟེས་སྨྲས་པ། ཁྱོད་ཀྱིས་གནས་པར་གསོལ་མོད་ཀྱང་། བཟའ་བའི་དངོས་པོ་ཅུང་ཟད་མེད། །དེ་བཞིན་བཏུང་བའང་ཡོད་མིན་ན། །བྲམ་ཟེས་ཚལ་འདིར་ག་ལ་ཟུག །དེ་སྐད་ཅེས་སྨྲས་པས་རི་བོང་དེས་ཐོས་ནས་འདི་སྙམ་དུ་བསམས་སོ། །ཨེ་མའོ་བདག་ལྟ་བུ་སྐལ་པ་ཆུང་བར་གྱུར་པས་དྲང་སྲོང་འདི་ལ་འཚོ་བའི་ཡོ་བྱད་ཅུང་ཟད་ཀྱང་དབུལ་དུ་མེད་དོ། །ད་བདག་གིས་དྲང་སྲོང་འདི་ཅི་ནས་ཞག་འགའ་ཙམ་བསམ་གཏན་སྒོམ་ཞིང་འདུག་པའི་འཚོ་བའི་ཡོ་བྱད་གང་ནས་བཙལ་བར་བྱ། བདག་གིས་རྙེད་པའི་མྱུ་གུ་དང་། །རྩ་བ་འབྲས་བུ་ཁོ་བོས་ནི། །མགྲོན་ལ་སྦྱིན་དུ་མི་རུང་ན། །བདག་ལྟ་གསོན་ཡང་ཅི་ཞིག་རུང་། ཡང་བསམས་པ། བདག་གི་ལུས་འདི་ནི་ཟར་རུང་པ་ཞིག་སྟེ། ད་བདག་གིས་ཅི་ནས་སྙིང་པོ་མེད་པའི་ལུས་འདི་ལ་སྙིང་པོ་བླང་བའི་ཕྱིར་དྲང་སྲོང་འདི་ལ་འབུལ་བར་བྱའོ། །སྙམ་ནས་དེ་ལ་གུས་པ་དང་བཅས་པས་སྨྲས་པ། དྲང་སྲོང་བདག་གིས་ཇི་ལྟར་བསྲུང་པའི་ཟས། །འབྲས་དང་ཏིལ་ལ་སོགས་པའང་ཡོང་མེད་ཅིང་། །དེ་བཞིན་བཏུང་བ་མལ་ཆའང་ཡོད་མེད་ལ། །བགོ་བ་དག་ཀྱང་ཡོད་པ་མ་ཡིན་པས། །དྲང་སྲོང་ལ་ནི་བདག་ཉིད་འབུལ་བར་བགྱི། །རབ་ཏུ་དགྱེས་པས་བདག་གི་ལུས་སྣོམས་ལ། །མཐོང་པའི་ཆོས་ལ་དགའ་བ་རྙེད་དཀའ་བའི། །དོན་གྱིས་དི་རིང་ཚལ་འདིར་བཞུགས་པར་མཛོད། །དེ་སྐད་སྨྲས་པ་ཐོས་ནས་དྲང་སྲོང་དེ་ཡིད་ལ་ཡ་མཚན་ཆེ་བར་གྱུར་ཏེ། ཨེ་མའོ་འདི་ནི་བདེན་ནམ་བརྫུན་རེ་ཞིག་བརྟག་པར་བྱའོ་སྙམ་ནས་དེ་ལ་སྨྲས་པ། ངེད་ཅག་ལྟ་བུ་སྲོག་གཅོད་ཡོང་མི་བྱེད། །ཁྱོད་ལ་འཚེ་བ་སྟོན་པ་ག་ལ་ཞིག །ཁྱོད་རང་ཉིད་ཀྱིས་གསོད་ལ་ང་ལ་བྱིན། དེ་ནས་རེ་ཞིག་ཚལ་དུ་གནས་པར་བྱ། །རི་བོང་གིས་སྨྲས་པ། བདག་གི་ལུས་འདི་ལྟོས་མེད་མེ་ནང་དུ། །ལེགས་པར་བསྲེགས་ཏེ་དི་རིང་བསྣམས་པར་མཛོད། །མཁས་པ་དག་དང་འཕྲད་པས་ཡིད་དགའ་བས། །ཤི་མ་ཐག་ཏུ་བདག་ནི་བདེ་བར་འགྱུར། །དེ་ནས་དྲང་སྲོང་རི་བོང་དེ་ལ་ཉམས་སད་པའི་ཕྱིར་རྩ་དང་ཤིང་དག་བསྡུས་ནས་མེ་བུས་པ་ན། དེ་ནས་མེ་འབར་དེ་ནི་རི་བོང་གིས་མཐོང་ནས། ཚ་བས་གདུངས་པའི་སྐྱེ་བོ་འབབ་ཆུར་འཇུག་པ་བཞིན། །དད་དང་དགའ་བའི་སེམས་ཀྱིས་མེ་འབར་དེ་ནང་དུ། །ལྟོས་པ་མེད་པར་བདག་ཉིད་ཀྱིས་ནི་ཞུགས་པར་གྱུར། དེ་ནས་བྲམ་ཟེའི་དྲང་སྲོང་དེས། །མགྱོགས་པའི་ཤུགས་ཀྱིས་དེ་བཟུང་སྟེ། །ཆེད་དུ་བརྗོད་པའི་དབྱངས་ཀྱིས་བསྟོད། །དགའ་བའི་ཤུགས་ཀྱིས་དེ་ལ་སྨྲས། །ཨེ་མའོ་དམ་པའི་སྤྱོད་པ་ཅན། །ཕངས་པའི་ལུས་ཀྱང་རབ་བཏང་ནས། །དབེན་ལ་རབ་ཏུ་དགའ་བ་ཡིས། །ཁྱེད་ཀྱིས་ངག་ཏུ་གང་སྨྲས་པ། །དེ་བཞིན་བདག་གིས་བསྒྲུབ་པར་བྱ། །དེ་སྐད་ཅེས་སྨྲས་ནས་བྲམ་ཟེའི་དྲང་སྲོང་དེ་བྱང་ཆུབ་སེམས་དཔའ་རི་བོང་དེའི་སྤྱོད་པ་རྨད་དུ་བྱུང་བ་དེ་ལ་རྗེས་སུ་ཡི་རང་པར་གྱུར་ཏེ་ལྷག་པའི་བསམ་པས་མཐུ་བརྟན་པར་གྱུར་ནས་དགོན་པའི་གནས་དེ་ནས་དེ་ཉིད་དུ་གནས་ཤིང་། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་བར་གྱུར་ཏོ། །དེ་ལྟ་བུའི་དོན་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རི་བོང་དེ་ཡང་ང་ཉིད་ཡིན། ཤེས་རབ་ཆེན་པོ་ཤ་རིའི་བུ། དེའི་ཚེ་ན་དྲང་སྲོང་གྱུར། དེ་ཡིས་རྟག་ཏུ་གནས་ཐོབ་པོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེ་བུ་དམ་པ་རྣམས་གཞན་དབེན་པ་ལ་བཞུགས་པའི་ཕྱིར་བདག་གི་ལུས་ལའང་མ་ཆགས་པའི་ཚུལ་གྱིས་བརྩོན་པར་བྱེད་ན། ནུས་བཞིན་དུ་དེའི་རྗེས་སུ་སུ་ཞིག་སློབ་པར་མི་བྱེད། ཅེས་བདེན་པ་ལ་རྗེས་སུ་མཐུན་པའི་གཏམ་བྱ་བ་ལ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་རི་བོང་དབེན་པ་ལ་དགའ་བའི་སྐྱེས་པའི་རབས་སྟེ་བཞི་ཅུ་གསུམ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་རྒྱལ་སྲིད་ཀྱི་དཔལ་ཆེན་པོའི་འདོད་པའི་ཡོན་ཏན་གྱིས་ཀྱང་བསམ་གཏན་གྱི་བདེ་བ་ལ་སྒྲིབ་པར་མི་འགྱུར་ཞིང་། གཞན་གྱི་དོན་སྒྲུབ་པའི་མཐུ་ཆེན་པོ་དང་ལྡན་པར་འགྱུར་ཏོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བ་བྱུང་ངོ་། །དེ་ཆུང་དུས་ནས་བསོད་ནམས་ཀྱི་མཐུའི་དཔལ་གྱིས་མཛེས་པའི་སྐྱེ་བོའི་མཆོག་རབ་དུ་མ་སྨད་པའི་ཅན་རྣམས་ཀྱིས་ལྷ་བཞིན་དུ་བསྐུར་བ། གཞན་དུ་སྦྱངས་པའི་མཐུ་ཡིས་རྒྱལ་པོའི་བསྟན་བཅོས་དང་གཙུག་ལག་ཁང་གི་རིག་བྱེད་དུ་མ་ཁོང་དུ་ཆུད་ཅིང་ཆོས་དང་མཐུན་པའི་ངང་ཚུལ་ཅན་དུ་གྱུར་ཏེ། དེའི་རང་བཞིན་ནི་འདི་ལྟ་བུར་མངོན་ནོ། །རིགས་མཆོག་མཐོན་པོར་གྱུར་ཀྱང་མངོན་པའི་ང་རྒྱལ་མེད། །མཁས་པའི་མཆོག་ཏུ་གྱུར་ཀྱང་བརློམ་པའི་དྲེགས་པ་མེད། །ལོངས་སྤྱོད་དཔལ་གྱིས་ཕྱུག་ཀྱང་འབྱོར་པའི་སྲེད་པ་སྤངས། །སྒྲིབ་པའི་མུན་པ་སེལ་བྱེད་སྟོན་གྱི་ཟླ་བ་བཞིན། དེ་ནི་བག་ཡོད་བྱམས་པའི་རང་བཞིན་ལས། །སྐྱེ་དགུ་རྣམས་ལ་བདག་དང་མཚུངས་སྤྱོད་པ། །ཉེས་པའི་ཚོགས་རྣམས་ཆེད་དུ་བསྐྲད་པ་བཞིན། །ཉི་མའི་དྲུང་ནས་མུན་ནག་བྲོས་པ་འདྲ། །སྡུག་བསྔལ་ཀུན་གྱི་གཞིར་གྱུར་བག་མེད་པ། མ་རབས་རྣམས་ལ་རྗེས་སུ་འབྲང་པ་དེ། །བག་དང་ལྡན་པས་ཆེད་དུ་བསྐྲད་པ་བཞིན། །རྒྱལ་པོ་དེ་ནི་དེ་ཡི་ཚུལ་ལ་མཁས། །དེ་ལྟར་རྒྱལ་པོ་དེས་རང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་དམ་པ་མཆོག་ཏུ་གྱུར་པ་ཐོབ་ཅིང་། བྱེ་བྲག་ཏུ་ཡང་རྒྱལ་པོ་དེའི་ཕོ་བྲང་གི་འཁོར་དེ་ཉིད་དུ་ཀུན་ཏུ་དགའ་བར་བྱེད་པའི་ལོངས་སྤྱོད་དུ་བཙུན་མོ་དམ་པ་ཁྲི་ཕྲག་བརྒྱད་བྱུང་སྟེ། དེ་དག་ཐམས་ཅད་ཀྱང་དཔལ་མོ་གཟུགས་དང་ལྡན་པ། །བཞིན་གྱི་དཀྱིལ་འཁོར་སྟོན་གྱི་ཟླ་བ་ཡོངས་སུ་རྫོགས་པ་ལྟར་གསལ་ཞིང་མཛེས་པ། ཨུཏྤལ་སྔོན་པོ་རྒྱས་པ་ལྟ་བུའི་མིག་ཅན། རང་བཞིན་གྱིས་དུལ་བའི་དཔལ་དང་ལྡན་པ། པད་མོའི་རྩ་བ་ལྟར་འཇམ་ཞིང་རབ་ཏུ་རྒྱས་པའི་ཡན་ལག་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ། སྤྱོད་ལམ་རྣམ་པ་བཞི་ཡིད་བཞིན་དུ་སྤྱོད་པ་ཅན། ལྷ་མོའི་ཚོགས་ཟིལ་གྱིས་གནོན་པར་བྱེད་པ་ཤ་སྟག་ཏུ་བྱེད་པར་གྱུར་ཏོ། །ཐུབ་པ་ཆགས་པ་བྲལ་བ་མ་གཏོགས་པར། །འདོད་ལྡན་འདོད་པའི་ཁམས་ན་རྣམ་པར་མྱོས། བདག་ཉིད་མ་སྦྱངས་པ་རྣམས་འཇིག་རྟེན་གྱི། །བདེ་བ་ཅུང་ཟད་ཙམ་ལའང་ཞེན་གྱུར་ན། འཇིག་རྟེན་གཙོ་བོ་འཇིག་རྟེན་གྱིས་བཀུར་ཞིང་། །རང་གི་མཐུ་ཡིས་རང་བཞིན་ལྷག་པར་ཡང་། །འདོད་པའི་ཁམས་ན་འདོད་ཡོན་ཕུལ་བྱུང་བ། །ལྷ་མོའི་ཚོགས་ཀྱིས་ལྷ་དབང་མཆོད་བཞིན་དུ། །དགའ་བའི་བཞིན་གྱིས་དགའ་བ་རབ་བསྐྱེད་ཅིང་། ཚུལ་དང་མཐུན་པས་ཚུལ་བཞིན་རབ་བསྐུར་བའི། །རྣམ་པ་གཅིག་ལའང་རྣམ་ཀུན་ཞེན་གྱུར་ན། དམ་པ་རྣམས་ནི་དེ་ལས་བཟློག་པ་སྙམ། དེ་ལྟར་འཇིག་རྟེན་པ་ཐམས་ཅད་རབ་ཏུ་འཆིང་བར་བྱེད་པ་ཆགས་པ་དང་མ་བྲལ་བ་རྣམས་ཀྱིས་ཀུན་ཏུ་བལྟར་ཡང་མི་བཟོད་པའི་བུད་མེད་ཀྱི་ཚོགས་དེ་དག་གི་ནང་དུ་རྒྱལ་པོ་ཀུན་ཏུ་གོ་བྱེད་ཀྱི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་དོན་དུ་འདི་སྙམ་དུ་སེམས་པར་མངོན་ནོ། །ཀྱེ་མ་འཇིག་རྟེན་རྣམས་ནི་བག་མེད་འཁྲུལ་པའི་མུན་པ་ཚང་ཚིང་གིས། །རྣམ་པ་ཀུན་ཏུ་དཀྲིས་ཏེ་ཞེན་པའི་ཆགས་པའི་རྒྱ་མཚོར་རབ་ལྟུང་ཞིང་། །སྲེད་པའི་ཆུ་སྲིན་ཚོར་བའི་མཆེ་བ་རབ་ཏུ་དམ་པོས་བཟུང་བྱས་ཏེ། །ཐར་པའི་སྲོག་གཅད་བསམ་གཏན་བདེ་བ་བཅོམ་ནས་སྡུག་བསྔལ་འཁོར་བར་བྱས། །དེ་བས་ཅི་ནས་བདག་གིས་ནི། །ཚོར་བའི་སྡུག་བསྔལ་རབ་བཅད་དེ། །བདེ་བའི་མཆོག་ལའང་ཞེན་མེད་པར། རབ་ཏུ་བརྟན་པར་བྱ་བའི་རིགས། །བསམ་གཏན་རབ་ཞི་བདེ་ལྡན་པས། །གོམས་པ་གསལ་བའི་སྒྲོན་མེ་ཡིས། །གཏི་མུག་མུན་པ་སེལ་བྱེད་པ། །འདི་ནི་དམ་པ་རྣམས་ཀྱི་རྒྱན། །ཤེས་རབ་ཆེན་པོའི་ཏིང་འཛིན་གྱིས། སྐད་ཅིག་ཆོས་ཀྱི་ཚུལ་ཤེས་ཤིང་། །འཇིག་རྟེན་བདེ་བ་ཟིལ་གནོན་པས། །བདེ་བའི་བདེ་བ་མཚུངས་མེད་པའོ། །སྲེད་འདས་བསམ་གཏན་པད་མོ་བཞིན། །འདོད་པའི་འདམ་གྱིས་མ་གོས་པར། །ཤེས་རབ་ཟེར་གྱིས་གསལ་ཕྱེ་བས། །དམ་པའི་རྒྱན་དུ་མཛེས་པ་སྙམ། དེ་ལྟར་བདག་ཉིད་ཆེན་པོ་དེས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བཙུན་མོའི་འཁོར་དེ་དག་ལ་དགའ་བའི་སེམས་སམ་འདོད་པའི་སེམས་སྐད་ཅིག་ཀྱང་སྐྱེས་པར་མ་གྱུར་ཏེ། དེས་བསམ་གཏན་གྱི་མཐུས། ཉོན་མོངས་པའི་བྱེ་བྲག་དང་། ཡོན་ཏན་གྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་མཁྱེན་པའི་མངོན་ཤེས་དང་ཡེ་ཤེས་ཀྱི་མཐུ་ཐོབ་པར་གྱུར་ནས་བུད་མེད་ཀྱི་ཚོགས་བརྒྱད་ཁྲི་པོ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་དེ་དག་གི་ཉོན་མོངས་པ་གཅད་པའི་ཕྱིར་ཆོས་བསྟན་པའི་ཚུལ་འདི་ལྟ་བུས་བསྟན་པར་མངོན་ནོ། །གང་དག་འདོད་ཆགས་ཞེ་སྡང་གཏི་མུག་གིས་བཅིངས་པ། །རིགས་དང་གཟུགས་དང་ལང་ཚོ་འབྱོར་པའི་དྲེགས་པ་རྣམས། །མ་རིག་དབང་གིས་བདག་ཏུ་ལྟ་བར་གྱུར་པའི་གཞི། །ཕུང་བྱེད་དེ་ཉིད་གཞོམ་པའི་ཕྱིར་དུ་རྒྱལ་པོས་བསྟན། །བཟང་མོ་ཁྱེད་ཅག་དོན་འདི་ཤེས་པར་བགྱིས། འདུ་བྱེད་རྣམས་ནི་ཀུན་ཏུ་མི་རྟག་སྟེ། །ཚེ་ཡང་གློག་བཞིན་འགྱུར་ཞིང་མི་བརྟན་ནོ། །འདོད་ལ་ཞེན་པས་བསླུ་བར་བྱེད་པ་སྟེ། །ལང་ཚོའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཀྱང་། །རྒས་པའི་དབང་གིས་མི་སྡུག་གྱུར་པར་བྱེད། །འཕངས་པའི་སེམས་ཀྱིས་རབ་ཏུ་གསོས་པའི་ལུས། །རྒྱན་གྱིས་བརྒྱན་ཏེ་རབ་ཏུ་མཛེས་བྱེད་ཅིང་། །ནོར་བུའི་མཆོག་ལྟར་གོས་ཀྱིས་ལེགས་དཀྲིས་ཀྱང་། དུར་ཁྲོད་གནས་སུ་ཝ་དང་བྱ་རྒོད་དང་། །ལྕེ་ལྕང་ཚོགས་ཀྱིས་ཤ་རུས་གཏོར་བྱས་ཏེ། མངོན་པར་མི་དགའ་མི་གཙང་ཕུང་པོར་འགྱུར། །དེས་ན་མི་རྟག་ཚུལ་འདི་རྒྱུན་པར་བསྒོམས། །གང་གིས་རང་གཞན་རྒྱུད་ལ་གནོད་བྱེད་པ། །ཚོར་བའི་རྐྱེན་ལས་སྐྱེས་པའི་ཞེ་སྡང་མེ། །རབ་འབར་དཀར་བའི་ས་བོན་སྲེག་བྱེད་པ། །སྦྲུལ་སྡུག་ཁྲོས་པ་ལྟ་བུའི་རང་བཞིན་ཅན། །རིང་དུ་སྤངས་ཏེ་སྙིང་རྗེའི་རང་བཞིན་ཆུས། །བསིལ་བར་བྱ་སྟེ་བྱམས་པ་རབ་ཏུ་བསྐྱེད། །དགེ་བའི་ལམ་ལ་སྒྲིབ་བྱེད་མུན་པ་བཞིན། །ངན་འགྲོའི་གནས་སུ་ཁྲིད་པར་བྱེད་པ་ཡི། གཏི་མུག་མུན་པ་རབ་ཏུ་གསལ་བྱའི་ཕྱིར། །རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཀྱི་དོན། །འཕགས་པའི་ལམ་དང་མཐུན་པའི་སྒྲོན་མེ་སྤོར། །འཇིག་རྟེན་ཚུལ་ལ་རྣམ་པར་ཞེན་པ་དང་། །བདག་ཏུ་ལྟ་བ་རིང་དུ་སྤང་བྱ་སྟེ། །བདག་མེད་རབ་ཏུ་ཞི་བའི་བསམ་གཏན་དོན། །བྱམས་དང་སྙིང་རྗེའི་རྒྱན་གྱིས་རབ་བརྒྱན་ཏེ། །རྟག་ཏུ་རང་གི་རྒྱུད་ལ་གོམས་པར་བྱེད། །དེ་ལྟར་ཁྱེད་ཅག་མངོན་པར་ཤེས་པར་གྱིས། །དགེ་བའི་ལམ་ལ་བག་ཡོད་ངེས་པར་བྱོས། །ཞེས་བྱ་བ་ལ་སོགས་པ་སོ་སོའི་ཁམས་རྒྱུད་དང་འཚམ་པའི་ཆོས་བསྟན་ཏེ། བུད་མེད་ཀྱི་ཚོགས་ཁྲི་ཕྲག་བརྒྱད་པོ་དེ་དག་ཐམས་ཅད་བག་མེད་པ་ལས་རྣམ་པར་བཟློག་ཅིང་བསམ་གཏན་དང་ཚད་མེད་པའི་ཏིང་ངེ་འཛིན་ལ་རྗེས་སུ་བཀོད་ནས་ཐམས་ཅད་ཀྱང་ཚེ་འཕོས་མ་ཐག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །དེ་ལྟར་བདག་ཉིད་ཆེན་པོ་དག། འཇིག་རྟེན་བདེ་བ་རྩར་བཅས་བཅོམ། །འདོད་བདེའི་འདོད་ལ་གཡེངས་པ་དག །བཟློག་ནས་ཆགས་བྲལ་ལ་བཀོད་པ། །འདི་ཡི་མཐུ་ཡི་ཁྱད་པར་ནི། །སྦྲུལ་ཆེན་དབུགས་དང་མཚུངས་པ་སྙམ། དེ་ལྟར་རྒྱལ་པོ་ཆེན་པོ་ཀུན་ཏུ་གོ་བྱེད་རྒྱལ་སྲིད་ཀྱི་འབྱོར་པའི་དཔལ་ཆེན་པོ་ལ་གནས་ཤིང་། བུད་མེད་ཀྱི་འཁོར་བརྒྱད་ཁྲི་དང་ལྷན་ཅིག་ཏུ་གནས་པའི་འདོད་པའི་བདེ་བ་ཐམས་ཅད་ཁྱད་དུ་གསད་དེ་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་མཐུ་སྐྱེས་པས་སྐྱེ་བོའི་ཚོགས་རྣམས་ཚངས་པར་སྤྱོད་པ་དང་འདོད་ཆགས་དང་བྲལ་བའི་འབྲས་བུ་ལ་བཞག་ནས་བདག་ཉིད་ཀྱི་བསམ་གཏན་གྱི་མཐུ་ཆེན་པོ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་དེ་ལྟ་བུའི་བསམ་གཏན་བསྐྱེད་པར་བྱ་བ་དང་། བསམ་གཏན་དང་རྗེས་སུ་འབྲེལ་པའི་ཐབས་མཁས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཀུན་ཏུ་གོ་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཞི་ཅུ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཉོན་མོངས་པ་ཐམས་ཅད་ལས་དབེན་པའི་བསམ་གཏན་སྒོམ་པ་ལ་བརྩོན་པར་བྱས་ན་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་གཞན་གྱི་དོན་སྤྱོད་པར་ཡང་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ས་ཕྱོགས་སུ་འཛམ་བུའི་གླིང་ཞེས་བྱ་བ་བྱུང་ཏེ། དེར་དེ་བཞིན་གཤེགས་པ་ཞིག་མྱ་ངན་ལས་འདས་ནས་དམ་པའི་ཆོས་འཇིག་པར་གྱུར་པའི་དུས་ཀྱི་ཚེ། ས་ཆེན་པོ་སྐྱོང་བར་བྱེད་པའི་རྒྱལ་པོ་གླང་པོ་ཞེས་བྱ་བ་བྱུང་ཏེ། དེའི་ཡུལ་ཁམས་སུ་ཁྱེའུ་མཆོག་གཉིས་ཤིག་བྱུང་ཏེ། འདིར་སྨྲས་པ། ལྷག་བསམ་ཡོངས་སུ་སྦྱངས་ཤིང་ཞི། །བསོད་ནམས་དཔལ་གྱིས་མངོན་པར་མཐོ། །ཁོར་ཡུག་དབུས་ཀྱི་ལྷུན་པོ་བཞིན། །རང་གི་ཡོན་ཏན་ལྷག་པར་གསལ། །སྔོན་གྱི་ཡོངས་སུ་སྤྱད་པ་མཐུ་ཆེ་ཞིང་། །སྙིང་རྗེའི་དཔལ་གྱིས་ཡོངས་སུ་འཁྱུད་གྱུར་པས། །འཇིག་རྟེན་བསིལ་བྱེད་ཡོན་ཏན་གྱིས་གང་པ། །ལྷ་བཅས་ཀུན་གྱིས་ལྟ་བའི་འོས་སུ་གྱུར། །དེ་ལྟ་བུའི་སྐྱེས་བུ་དམ་པ་དེ་དག་བདེ་བར་གཤེགས་པའི་བསྟན་པ་ལ་དད་ཅིང་ལྷག་པའི་བསམ་པ་དང་ལྡན་པས་རབ་ཏུ་བྱུང་ནས་ཇི་སྐད་དུ་ཐོས་པའི་དོན་རྣམས་ལེགས་པར་བསམ་ཞིང་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་ཏིང་ངེ་འཛིན་གྱི་རྗེས་སུ་སྦྱོར་བར་གྱུར་ཏེ། ཁྱེའུ་དེ་གཉིས་ལྷག་པའི་བསམ་པ་ཡིས། བདེ་བར་གཤེགས་པའི་བསྟན་པར་རབ་བྱུང་ནས། །བསེ་རུ་ལྟ་བུར་ནགས་ཁྲོད་སྟུག་པོར་གནས། །དེའི་མཐུ་ཡིས་སྐྱེས་བུ་དམ་པ་གཉིས། །རྫུ་འཕྲུལ་ལྡན་ཞིང་བསམ་གཏན་བཞི་རྣམས་ཐོབ། །མན་ངག་བསྟན་བཅོས་མཁས་ཤིང་རྟོགས་པ་སྟེ། །རྗེས་སུ་རིག་ཅིང་མཁའ་ལ་ཐོགས་མེད་འགྲོ། དེ་དག་ནགས་ཁྲོད་སྟུག་པོ་བསིལ་བ་དེར། །མེ་ཏོག་སྣ་ཚོགས་ཡིད་དུ་འོང་པས་གང་། བྱ་རྣམས་དུ་མ་སྒྲ་འབྱིན་ནགས་ཚལ་ན། །དེ་གཉིས་ཕན་ཚུན་ཆོས་ཀྱི་གཏམ་གྱིས་མགུ། །རྙེད་དང་བཀུར་སྟི་དོན་དུ་མི་གཉེར་ཞིང་། །བསམ་གཏན་ཟས་ལ་བདེ་བར་སྤྱོད་ཅིང་གནས། །དེ་ལྟར་སྐྱེས་བུ་དམ་པ་དེ་གཉིས་དཀའ་ཐུབ་ཀྱི་ནགས་ཚལ་དུ་གནས་པ་ལས། དུས་རེ་ཞིག་ཅིག་ན་ཡུལ་དེའི་རྒྱལ་པོ་ཆེན་པོ་དེ་རི་དྭགས་གཤོར་བའི་དོན་དུ་ལེགས་པར་བཤམས་པའི་དམག་གི་ཚོགས་བྱེ་བ་ཁྲག་ཁྲིག་དང་བཅས་པའི་ནགས་ཁྲོད་ཆེན་པོ་དེར་ཞུགས་ཤིང་དོང་པ་ལས། གང་ན་དཀའ་ཐུབ་ཅན་གཉིས་ཡོད་པའི་ས་ཕྱོགས་དེར་ཕྱིན་ཏོ། །དེར་ཕྱིན་ནས་ཀྱང་དཀའ་ཐུབ་ཀྱི་མཐུས་རྒྱལ་པོ་འཁོར་དང་བཅས་པའི་ཡིད་ཆོས་ལ་གཞོལ་ཅིང་རབ་ཏུ་ཞི་བར་གྱུར་ནས་ཆེད་དུ་བརྗོད་པ་འདི་སྨྲས་པར་ངེས་སོ། །ཨེ་མ་ཧོ་དི་རིང་འདིར་ནི་སྔོན་ཆད་མ་མྱོང་པའི། །བདག་གི་ཡིད་འདི་དགའ་བས་རྒྱས་པར་གྱུར། །རྙེད་པའི་མཆོག་ཅིག་རྙེད་པར་གྱུར་པ་སྙམ། ཕྱོགས་འདིར་ལེགས་པར་བརྟག་ཏེ་བག་ཡོད་བྱོས། །ཞེས་སྨྲས་ཏེ་ཀུན་དུ་བརྟགས་པ་ན། དཀའ་ཐུབ་ཀྱི་གནས་རབ་ཏུ་མཛེས་པ་ཤིང་ལྗོན་པ་ལོ་མ་དང་འབྲས་བུ་བཟང་པོ་རྣམ་པ་དུ་མ་དང་ལྡན་པ་ཆེད་དུ་བཀོད་པ་ལྟ་བུ་མེ་ཏོག་གི་རིགས་དུ་མ་དང་ལྡན་པ། ཆུ་གཙང་མ་བཻ་ཌཱུརྻ་མཐིང་ག་ལྟར་དྲི་མ་མེད་པར་འབབ་པ། སྐྱེ་བོ་མཆོག་རྣམ་ཀྱི་བསྟི་གནས་སུ་རུང་བ་དེ་ན། སྐྱེས་བུ་དམ་པ་དེ་གཉིས་ཆོས་ཀྱི་དཔལ་གྱིས་མཛེས་པ་རིན་པོ་ཆེ་ཆེན་པོ་བྱི་དོར་ལེགས་པར་བྱས་པ་ལྷང་ངེ་འདུག་པ་བཞིན་དུ་གཟི་བརྗིད་འབར་ཞིང་བཞུགས་པར་མཐོང་ངོ་། །མཐོང་ནས་ཀྱང་རྒྱལ་པོ་ཆེན་པོ་དེས་སྐྱེས་བུ་དམ་པ་གཉིས་ལ་དགའ་བ་དང་གུས་པའི་སེམས་སྐྱེས་ཏེ་འཁོར་དང་བཅས་པས་བཀུར་སྟི་བྱས་ནས་ཆོས་མཉན་པའི་ཕྱིར་འདུག་གོ །དེ་གཉིས་ཀྱིས་ཀྱང་རྒྱལ་པོ་དེ་ལ་འོངས་བ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འོང་པའི་བསུ་བ་བྱས་ནས། དེ་དག་གི་སེམས་ཤེས་པས་ཆོས་དང་ལྡན་པའི་གཏམ་བསྟན་པ། ས་ཡི་བདག་པོ་རྒྱལ་པོ་ཆེན་པོ་ཉོན། སངས་རྒྱས་འབྱུང་བ་མཆོག་ཏུ་རྙེད་པ་དཀའ། མི་ཡི་བདག་པོ་རྟག་ཏུ་བག་ཡོད་གྱི། ཚེ་ཡང་རྒྱུན་དུ་འགྲོ་ཞིང་མི་བརྟན་ཏེ། རི་ཡི་ཆུ་བོ་བཞིན་དུ་མྱུར་དུ་འགྲོ། །མྱ་ངན་ནད་དང་རྒ་བས་བཟིར་བ་ལ། ཁྱོད་ལ་དགེ་བའི་ལས་འདྲ་སྐྱབས་གཞན་མེད། །རྒྱལ་པོ་གླང་པོའི་ཆོས་རྣམ་ཀྱང་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་འདི་ཡ་སྲུངས། །ཟད་བའི་དུས་ན་ཤིན་ཏུ་འཇིགས་པའི་ཚེ། །ཆོས་སྨྲའི་སྐྱེས་བུ་གཅིག་ཙམ་བསྲུང་པས་ཀྱང་། །ཚེ་རབ་ཀུན་ཏུ་ཡོན་ཏན་ལྡན་པར་གྱུར། །ས་བདག་ཆོས་ཀྱི་ཕྱོགས་ལ་གནས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན་པས། རྒྱལ་པོ་ཆེན་པོ་དེ་འཁོར་ཁྲག་ཁྲིག་དྲུག་ཅུ་དང་བཅས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཡིད་དགའ་བ་དང་བདེ་བ་སྐྱེས་ནས་དཀའ་ཐུབ་ཅན་དེ་གཉིས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ་སླར་རང་གི་ཕོ་བྲང་དུ་སོང་ངོ་། །དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་དེར་རྙེད་པ་དང་། བཀུར་སྟི་དོན་དུ་གཉེར་བའི་དགེ་སློང་མང་པོ་དག་བསྟན་པའི་སྙིགས་མར་གྱུར་པའི་དབང་གིས་བྱུང་བར་གྱུར་ཏོ། །དམིགས་པའི་ལྟ་བ་ཅན། རྒྱུད་ཡོངས་སུ་མ་བསྡམས་པ། ཕྲག་དོག་དང་གཡོ་སྒྱུས་ཟིལ་གྱིས་གནོན་པ། ཚུལ་འཆོས་པ་བྱེད་པ་དུ་མ་དག་རྒྱལ་པོའི་ཕོ་བྲང་འཁོར་དུ་བྱུང་ཏེ། དེའི་དབང་གིས་སྐྱེ་བོ་རྣམས་ཀྱང་ཕལ་ཆེར་ཆོས་ཀྱི་སྣོད་མ་ཡིན་པར་གྱུར་ཏོ། །འཇིག་རྟེན་པ་རྣམས་ཕལ་ཆེར་ནི། །སྡིག་པའི་གྲོགས་པོ་དག་བརྟེན་པས། །ཉེས་པ་ཕལ་ཆེར་འབྱུང་འགྱུར་ཏེ། །དམ་པ་རྣམས་ལ་མ་ཡིན་ནོ། །རྒྱལ་པོ་དེས་སྐྱེས་བུ་དམ་པ་དཀའ་ཐུབ་ཅན་དེ་གཉིས་ཀྱི་བསྔགས་པ་བརྗོད་པར་བྱེད་པ་ཕོ་བྲང་གི་འཁོར་གྱི་དགེ་སྦྱོང་དེ་དག་གིས་ཚོར་ནས་དེ་དག་གི་སྤྱོད་པ་ལ་ཁྱད་དུ་གསོད་པ་ལྟ་བུ་དེ་བདག་ཉིད་ཀྱི་གྲགས་པ་ཉམས་པར་གྱུར་དུ་དོགས་པའི་དབང་གིས་སེམས་རབ་ཏུ་དང་བར་མ་གྱུར་ཏོ། །འདི་ནི་ཆོས་ཉིད་ཡིན་ཏེ། རྙེད་པ་འདོད་ཕྱིར་དམིགས་པའི་ལྟ་བ་ཅན། །བདེ་གཤེགས་བསྟན་པ་རབ་ཏུ་འཇིག་བྱེད་པ། །བདུད་ཀྱི་གཉེན་གྱུར་དགེ་སྦྱོང་མང་པོ་དག རྙེད་ཕྱིར་དམ་པའི་སྤྱོད་པ་རྣམས་སྤངས་ནས། །ཕྲག་དོག་མེ་ཡིས་རང་རྒྱུད་འབར་བྱས་ཏེ། །ཕོ་བྲང་འཁོར་གྱི་གསང་ཚིག་འཛིན་རྣམས་ལ། །རྒྱལ་པོ་དེ་ཡང་བསྒྱུར་བའི་ཕྱིར་སྨྲས་པ། ཆོས་སྨྲ་གཉིས་པོ་འདི་ནི་གསད་པར་གྱིས། །འདི་དག་མུ་སྟེགས་ཆད་པར་སྨྲ་བ་སྟེ། །ཡུན་རིང་སྤྱོད་པས་ཡང་དག་འཇུག་བྱེད་ཀྱང་། །དེ་དག་གང་དུའང་མྱ་ངན་འདའ་མི་སྟོན། །ལས་ཀྱང་འཇིག་ཅིང་རྣམ་པར་སྨིན་པའང་འཇིག །ཚུལ་འཆོས་འདི་དག་ཕུང་པོ་མེད་པར་སྨྲ། །རྒྱལ་པོས་འདི་གཉིས་ཡུལ་ནས་སྤངས་ནས་ནི། །འདིར་ཡང་ཆོས་ནི་ཡུན་རིང་གནས་པར་འགྱུར། །དེ་སྐད་ཅེས་ཡང་དང་ཡང་དུ་སྨྲ་བ་བརྒྱུད་པ་རྒྱལ་པོ་དེས། ཐོས་ཏེ་ཐེ་ཚོམ་དུ་གྱུར་པ་ན། རྒྱལ་པོ་དེའི་ཕྱིར་འབྲེང་པའི་ལྷ་མོ་བྱང་ཆུབ་སྤྱད་པ་སྤྱོད་པ་ཞིག་གིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་སྡིག་པའི་གྲོགས་པོའི་ཚིག་དག་གིས་དེ་ལྟ་བུའི་སེམས་ནི་མ་བསྐྱེད་ཅིག །དགེ་སློང་ཆོས་སྨྲ་མཁས་པ་གཉིས་པོ་འདི། །སྡིག་པའི་གྲོགས་པོའི་ཚིག་གིས་མ་སྦང་ཞིག །ཤིན་ཏུ་འཇིགས་པ་མི་ཟད་པའི་དུས་ཀྱི་ཚེ། །རྒྱལ་པོ་གླང་པོ་ཆོས་ལ་གནས་གྱིས་ཞེས། །དེ་དག་གིས་ནི་ནགས་ཁྲོད་ཅི་བཤད་པ། །མི་ཡི་བདག་པོ་ཅུང་ཟད་མི་དྲན་ནམ། །ལྷ་མོ་དེ་ཡིས་དེ་སྐད་དུ་བསྐུལ་བའི་ཚིག རྒྱལ་པོས་ཐོས་ནས་སྐྱེས་བུ་དམ་པ་དེ་གཉིས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་སྟོབས་ཀྱིས་སྡིག་པའི་གྲོགས་པོའི་དབང་དུ་མ་གྱུར་ཏོ། །དེ་ནས་ཡང་རྒྱལ་པོ་དེ་སྐྱེས་བུ་དམ་པ་དེ་གཉིས་ལ་ལྷག་པར་གུས་པར་རིག་ནས། དགེ་སྦྱོང་མ་རུང་པ་དེ་དག་དེ་བས་ཀྱང་སེམས་ལ་མ་བབ་པར་གྱུར་ཏེ། རྒྱལ་པོ་དེའི་ནུ་བོ་གླེན་ཞིང་གཏུམ་པ་ཉེ་འཁོར་དུ་རྒྱལ་པོ་བྱེད་པ་ཞིག་ཡོད་པ་དེ་རྦད་པའི་ཕྱིར་རྒྱལ་པོའི་དེའི་དྲུ་དུ་སོང་ཏེ་ཕན་པར་འདོད་པ་བཞིན་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་གཅེན་ནི་སྡིག་པ་ཅན། །བདག་གི་སྲོག་ཀྱང་ནམ་དུ་འདོད་མི་བྱེད། །དགེ་སློང་གཉིས་པོ་རིག་སྔགས་དྲག་ལྡན་པ། །དེ་དག་ནམ་མཁའ་ལ་ཡང་སྔགས་ཀྱིས་འགྲོ། །དེ་ཐོས་ནས་ནི་ཁྱོད་ཀྱི་དྲུང་དུ་འོངས། །ཐམས་ཅད་འདུས་ཏེ་གསོལ་བ་འདེབས་པ་ནི། །རིག་སྔགས་དྲག་ལྡན་འདི་གཉིས་མྱུར་དུ་སོང་། ཕྱིས་ནི་འགྱོད་པར་གྱུར་ན་མ་ལེགས་སོ། །དེ་སྐད་ཅེས་སྨྲས་པ་རྒྱལ་པོ་དེས་ཐོས་ནས་དགེ་སྦྱོང་སྡིག་པ་ཅན་དེ་དག་གི་ཚིགས་བདེན་པར་འཛིན་པར་གྱུར་ཏོ། །དམ་པ་མ་ཡིན་གང་བསྟེན་པ། །བརླག་པར་བྱེད་པའི་གནས་ཡིན་ཏེ། །ཀ་ལ་ཀུ་ཊ་བསྟེན་པ་ཡིས། །གཉིས་ཀ་ཕུང་པར་བྱེད་པ་བཞིན། དེ་ནས་སྐྱེས་བུ་དམ་པ་དེ་གཉིས་གསད་པའི་དོན་དུ་སྡིག་པ་ཅན་དམག་གི་སྡེ་དང་བཅས་པ་ནགས་ཁྲོད་ཆེན་པོ་དེ་ལོགས་སུ་སོང་པ་ལས། བདག་ཉིད་ཆེན་པོ་དེའི་བསམ་གཏན་གྱི་མཐུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དམ་པའི་ཆོས་སྲུངས་པ་དེ་དག་ཁྲོས་པའི་དབང་གིས་ནགས་ཚལ་དམ་པ་དེའི་ཁོར་ཡུག་ནས་རྒྱལ་པོ་སྡེ་དང་བཅས་པ་དེ་དག་ལ་རྡོ་དང་ས་ཕག་ཆར་ཕབ་ཕྱིར་ཡང་བསྐྲད། ལྟོས་ཤིག་སྡིག་པའི་གྲོགས་པོའི་དབང་གྱུར་པ། ཁྱོད་ལྟ་ཅི་ཞིག་རུང་ཞེས་སྤྱོ་བ་བྱས། །དེ་ཚེ་སྡིག་ཅན་རྒྱལ་པོ་དེ་ཡི་ལུས། །འགལ་དུམ་བཞིན་དུ་སྡུག་བསྔལ་མེ་ཡིས་བསྲེགས། །དེ་མ་ཐག་ཏུ་ས་ཡི་དབུས་ནས་ནི། །དམྱལ་བའི་གཤེད་པོ་མི་བཟད་འབར་བའི་ལྕེ། །བཀྲེས་པ་བཞིན་དུ་རྔམ་ཞིང་འོངས་གྱུར་ཏེ། །དེ་ནི་རིལ་གྱིས་མིད་པ་བཞིན་དུ་གྱུར། །ཆོས་སྨྲ་བ་ལ་ཁྲོ་བ་བྱས་པས་ན། །དེར་ནི་ཚེ་རབས་དྲུག་ཅུར་མནར་མེད་སོང་། །རྒྱལ་རིགས་རྒྱལ་པོ་གང་གིས་རྦད་བྱེད་པའི། །དགེ་སློང་དམིགས་ལྟ་མང་པོ་དེ་དག་ཀྱང་། །ཚེ་རབས་བསམ་ཡས་དམྱལ་བའི་གནས་སུ་ལྷུང་། །ཆོས་ཀྱི་རྒྱལ་པོ་བདག་ཉིད་ལྷ་མོར་བཅས། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་དྲུག་ཅུ་རྣམས། །དེ་དག་ཀུན་གྱིས་ཏིང་འཛིན་བཟང་པོ་འདི། །ཐོབ་ནས་རྐང་གཉིས་གཙོ་བོ་མྱ་ངན་འདས། །དེ་ལྟར་བདག་ཉིད་ཆེན་པོ་དེ་གཉིས་ཀྱི་བསམ་གཏན་གྱི་མཐུ་ཆེན་པོས་ལོག་པར་ལྟ་བ་དེ་དག་སྡུག་བསྔལ་གྱི་ཕུང་པོ་དཔག་ཏུ་མེད་པ་དེ་མ་ཐག་ཏུ་མྱོང་ཞིང་། གུས་པར་བྱེད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་དུ་ངེས་པར་གྱུར་པ་འདི་ནི་བསམ་གཏན་གྱི་མཐུ་ཆེན་པོ་ལས་བྱུང་བ་ཡིན་ནོ། །དེ་ལྟ་བུའི་ཕྱིས་བྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མར་མེ་མཛད་ནི་དེ་ན་གཅིག་ཏུ་གྱུར། །དེ་ཚེ་ཆོས་སྨྲ་གཉིས་པ་ང་ཡིན་ནོ། །དེ་དག་རྗེས་མཐུན་རྒྱལ་པོ་བྱམས་པ་ཡིན། །ལྷ་མོ་དེ་ནི་ཟླ་འོད་གཞོན་ནུ་སྟེ། །རྒྱལ་པོ་དེ་ཡི་ནུབ་བོ་སྡིག་པ་ཅན། །ལྷ་སྦྱིན་དེ་ཡི་ཚེ་ན་དེར་གྱུར་ཏོ། །ཞེས་གསུངས་སོ། །དེ་ལྟ་བས་ན་དབེན་པ་བསམ་གཏན་ལ་མཉམ་པར་བཞག་ན་གཞན་གྱི་དོན་སྤྱོད་པར་འགྱུར་ཞིང་གནོད་པ་རྣམས་ཀྱིས་ཀྱང་བརྫི་བར་མི་འགྱུར་རོ། །དེ་བཞིན་དུ་སྡིག་པའི་གྲོགས་པོ་དག་བསྟེན་པས་དཔག་ཏུ་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་ཀྱང་བརྗོད་པར་བྱའོ། །གཞན་ཡང་བདག་ཉིད་བག་ཡོད་པར་བྱས་ནས་སྡིག་པའི་གྲོགས་པོའི་དབང་དུ་མི་འགྱུར་རོ་ཞེས་ཀྱང་བརྗོད་པར་བྱའོ། །ཁྱེའུ་གཉིས་ཀྱི་སྐྱེས་པའི་རབས་སྟེ་བཞི་ཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་བསམ་གཏན་དང་ཏིང་ངེ་འཛིན་ལ་བརྩོན་པར་བྱེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། །འཇིག་རྟེན་གྱི་ཁམས་འཛམ་བུའི་རྒྱལ་མཚན་ཞེས་བྱ་བར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན་རྒྱལ་པོ་བརྟན་པས་བྱིན་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེའི་ཚེ་འཛམ་བུའི་གླིང་འདི་ཡང་ཤིན་ཏུ་གཙང་ཞིང་མཉམ་པ་ཡངས་པར་གྱུར་ཏེ། གྲོང་ཁྱེར་བྱེ་བ་བརྒྱ་ཕྲག་བདུན་ཅུ་རྩ་དྲུག་བྱུང་བ་ཐམས་ཅད་ཀྱང་ཆུ་ཞེང་དུ་དཔག་ཚད་ལྔ་པ་རིན་པོ་ཆེ་སྣ་བདུན་ལས་མངོན་པར་གྲུབ་པ། སྐྱེད་མོས་ཚལ་བརྒྱ་ཕྲག་མང་པོས་རབ་ཏུ་བརྒྱན་པ་བྱུང་ངོ་། །འཛམ་བུའི་རྒྱལ་མཚན་དེར་བྱུང་པ། །སྐྱེད་མོས་ཚལ་མཆོག་དེ་དག་རྣམས། །མཁའ་ལ་སྐར་མ་བཀྲམ་པ་བཞིན། །རབ་ཏུ་མཛེས་ཤིང་གསལ་བར་སྣང་། །ཆེད་དུ་བསྐོར་བའི་བཟའ་ཤིང་རྣམས། །འབྲས་བུ་མེ་ཏོག་ཚོགས་ཀྱིས་གང་། །བྱ་ཚོགས་དུ་མས་བསྟོད་པ་བཞིན། །ལ་གུ་ཨཱ་མྲ་འཛམ་བུ་དང་། །ཀར་ཎི་ཙམ་པ་པཱུར་ན་སོགས། །ལྗོན་པའི་ཚོགས་ཀྱིས་རབ་ཏུ་བརྒྱན། །དེ་ན་བྱ་ཚོགས་མང་པོ་འདུས་པ་དག །ཡན་ལག་བཀྲ་ཞིང་ཚོན་ཆེན་ཁ་དོག་འབར། །ཤིན་ཏུ་ཡིད་འོང་སྒྲ་འཇམ་དགའ་བས་འབྱིན། །ཀ་ལ་པིང་ཀ་རྨ་བྱ་ནེ་ཙོ་དང་། ཁུ་བྱུག་རི་སྐེགས་ངང་པའི་རྒྱལ་པོ་དང་། །ཤང་ཤང་རྟེའུ་ཀུན་ནས་སྒྲ་སྙན་པ། །རབ་ཏུ་བསྒྲགས་བྱེད་ལྷ་ཡི་སིལ་སྙན་བཞིན། །བཏང་བཟུང་མྱ་ངན་ཚང་དང་པ་ཤ་ཀ། །ཨ་ཏི་མུཀྟ་མེ་ཏོག་སྐྱ་སྣར་དང་། །པད་མ་ཨུཏྤལ་ཀུ་མུད་པད་མ་དཀར། །པད་མ་འདབ་སྟོང་བརྒྱ་ཡིས་རབ་ཏུ་བརྒྱན། །མེ་ཏོག་དེ་དག་རྫིང་བུ་མཛེས་པར་བྱེད། །དྲི་ཞིམ་སྤོས་མཆོག་དམ་པས་སོ་སོར་བརྒྱན། །རྫིང་བུ་སྡུག་ཅིང་ཤིན་ཏུ་མཛེས་པར་གྱུར། །དེ་ལྟར་རབ་ཏུ་མཛེས་པའི་འཛམ་བུའི་གླིང་དེར་སྐྱེས་པའི་རྒྱལ་པོ་བརྟན་པས་བྱིན་ཞེས་བྱ་བ་དེ་ཡང་རང་བཞིན་འདི་ལྟ་བུར་གྱུར་ཏེ། རྣམ་དག་རིགས་སྐྱེས་རྣམ་པར་དག་པའི་ལྷ་ཡི་ལྷ་ལྟར་མཚུངས་མེད་པ། །རྒྱལ་པོ་དེ་ནི་རྣམ་པར་རྒྱལ་བའི་བསོད་ནམས་མཐུ་ཡིས་ཁྱད་པར་དུ། །ཁྱད་དུ་འཕགས་ཤིང་ལྟ་ན་སྡུག་པའི་བུ་ཡང་ལྔ་བརྒྱ་ལྡན་པར་གྱུར། །བརྩེ་བའི་ཤུགས་ཀྱིས་སྐྱེ་བོ་ཀུན་ལ་མཉམ་པར་སྐྱོང་བའི་ས་སྐྱོང་གྱུར། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་དེ་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་པ་མཚོན་གྱི་ཆད་པ་མེད་ཅིང་བདེ་བར་སྐྱོང་པ་ལས། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མཉམ་པར་གཟིགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གཟི་བརྗིད་ཚོགས་ཀྱི་རྒྱལ་པོ། ཞེས་བྱ་བ་དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་དང་བཅས་པའི་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་རྒྱལ་པོ་ཆེན་པོ་དེ་འཁོར་དང་བཅས་པ་རྣམས་དེ་བཞིན་གཤེགས་པ་དེ་ལ་རབ་ཏུ་དད་པར་གྱུར་ནས་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པས་མཆོད་ཅིང་། སྤྱོད་པ་འདི་ལྟ་བུ་མངོན་དུ་བྱས་སོ། །རྒྱལ་བ་དེ་ལ་གུས་པ་རབ་བསྐྱེད་དེ། །ཞབས་ལ་མི་ཡི་བདག་པོས་ཕྱག་འཚལ་ནས། །དེ་ཚེ་སྟོབས་བཅུ་ལྡན་པའི་སྤྱན་སྔར་འདུག །རབ་ཏུ་དགའ་ཞིང་སོར་བཅུས་ཐལ་མོ་སྦྱར། །དེ་ཡི་སྤྱོད་པ་ཡོངས་སུ་དག་རིག་ནས། །དབང་པོ་དག་ལ་དབང་གི་ཕ་རོལ་ཕྱིན། །རྒྱལ་བས་མི་མཆོག་མོས་པ་མཁྱེན་པ་ཡིས། །དེ་ལ་ཏིང་འཛིན་རྒྱལ་པོ་འདི་བཤད་དོ། །རྒྱལ་པོ་དེ་ནི་དོན་དམ་འདི་ཐོས་ཚེ། །འཕགས་པའི་དགའ་བ་མཚུངས་མེད་སྐྱེས་ནས་སུ། །གླིང་བཞིའི་རྒྱལ་སྲིད་ཐམས་ཅད་རྣམ་སྤངས་སྟེ། །འདོད་པ་བོར་ཏེ་ཁྱིམ་ནས་མངོན་བར་བྱུང་། །སངས་རྒྱས་འདོད་པས་བྱང་ཆུབ་དོན་དུ་ཡང་། །གང་ཚེ་རྒྱལ་པོས་ས་བོར་རབ་བྱུང་ཚེ། །འཛམ་བུ་རྒྱལ་མཚན་དེ་ཡི་མི་ཀུན་ཡང་། །འདོད་པའི་ཡོན་ཏན་སྤངས་ནས་རབ་ཏུ་བྱུང་། །དེ་ལྟར་རྒྱལ་པོ་ཆེན་པོ་དང་འཛམ་བུའི་རྒྱལ་མཚན་གྱི་མི་ཐམས་ཅད་ཁྱིམ་གྱི་བདེ་བ་དང་འདོད་པ་ཐམས་ཅད་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་ལ་བརྩོན་པར་གྱུར་པ་དེའི་ཚེ། དེ་དག་གི་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུར་གྱུར་ཏེ། དེ་ཚེ་འཛམ་བུའི་རྒྱལ་མཚན་ན། །སྣ་ཚོགས་གོས་ཀྱི་ཤིང་བྱུང་ཏེ། །དགེ་སློང་ཕོ་མོ་དེ་དག་ལ། །ཉེ་བར་སྤྱད་པའི་ཆོས་གོས་དག། ངུར་སྨྲིག་དྲི་མ་མེད་པའི་ཚོགས། །རབ་མཛེས་བསམ་པ་ཙམ་གྱིས་བྱུང་། མ་རྨོས་ཁ་ཟས་སྣ་ཚོགས་པ། ལྷུང་བཟེད་བཅས་པའང་བྱུང་བར་གྱུར། །འདོད་པའི་ལྷ་ཚོགས་ཀུན་གྱིས་ཀྱང་། གཡོག་དང་བསྙེན་བཀུར་བྱེད་པར་འགྱུར། །དེ་ལྟར་སངས་རྒྱས་བྱིན་བརླབས་དང་། །རྒྱལ་པོ་དེ་ཡི་ལྷག་བསམ་སྟོབས། །འདི་འདྲའི་སྟོབས་ཅན་སུ་ལ་ཡོད། །དེ་ལྟར་འཛམ་བུའི་རྒྱལ་མཚན་གྱི་རྒྱལ་པོ་དང་བཅས་པའི་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་ཏིང་ངེ་འཛིན་རྒྱལ་པོ་ལ་དད་ཅིང་། ཏིང་ངེ་འཛིན་གྱི་དོན་ལ་སྤྱོད་པར་གྱུར་ཏོ། །དེ་ལྟ་བས་ནི་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་ཀྱང་ཁྱིམ་གྱི་གནས་ལ་ལྟོས་པ་མེད་པར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཏིང་ངེ་འཛིན་སྟོན་པའི་མདོ་སྡེ་དག་མཉན་པ་དང་ཏིང་ངེ་འཛིན་གྱི་དོན་སྒོམ་པ་ལ་བརྩོན་པར་བྱའོ། །སྐྱེས་པའི་རབས་འདི་ཉིད་ཀྱི་མཇུག་ཐོགས་སུ་ད་ལྟར་གདམ་པའི་ཚིགས་སུ་བཅད་པ་གསུངས་པ། གཞོན་ནུ་ལྟོས་ཤིག་རྒྱལ་མཆོག་དེ་ཡང་ནི། །ས་རྣམས་ཐམས་ཅད་རབ་སྤངས་རབ་བྱུང་ན། །ཟད་པའི་དུས་ན་སེམས་ཅན་མང་པོ་དག །ཤིན་ཏུ་ལོངས་སྤྱོད་ཆུང་ཡང་ཁྱིམ་མི་སྟོང་། །ཤིང་སྒྲོག་དང་ནི་བཅིང་པ་ཆད་པ་མང་། །གཤེ་ཞིང་སྤྱོ་བས་སྡུག་བསྔལ་མི་དགའ་བ། །རྒྱལ་པོའི་ཆད་པ་མང་པོ་བཟོད་པ་བྱེད། །ལོངས་སྤྱོད་ཆུང་ལ་ཁྱིམ་ན་བཟའ་བ་མེད། ཤིན་ཏུ་ཚེ་ཡང་ཐུང་ལ་ནོར་ཡང་མེད། །རབ་ཏུ་བག་ཆུང་བསོད་ནམས་སྟོབས་ཀྱང་མེད། །མི་མཁས་བཟོ་ཡི་གནས་ཀྱང་མི་ཤེས་ཏེ། །དབུལ་པོར་གྱུར་ཅིང་ཁྱིམ་གནས་ནོར་ཡང་མེད། །དྲི་མ་མ་དག་གཞན་གྱི་བུད་མེད་ཆགས། །ཕྲག་དོག་བྱེད་ཅིང་ཤིན་ཏུ་རྩམ་པ་མེད། །ཉོན་མོངས་ཆོས་ལྡན་ཚུལ་ལ་མི་གནས་ཀྱང་། ངེད་ནི་སངས་རྒྱས་ཉིད་དུ་འགྱུར་ཞེས་སྨྲ། །གསོག་གིས་བསླུ་ཞིང་བབ་བཅོལ་བྱེད་བ་དག །ང་ནི་ཕྱུག་པོའི་འཇིག་བརྟེན་ཆོས་ནོར་སྦྱིན། །གནོད་པ་བྱེད་ཅིང་ཚུལ་འཆོས་བསྒྱུར་བ་དག །ངེད་ནི་སངས་རྒྱས་ཉིད་དུ་འགྱུར་ཞེས་སྨྲ། །གཞན་དག་གསད་ཅིང་བཅིང་དང་འཚེ་ལ་དགའ། །ཚུལ་ཁྲིམས་འཆལ་པ་མ་རུང་ཞེ་སྡང་ཡིད། །བྱས་པ་མི་གཟོ་དབྱེན་བྱེད་འཚེ་མར་གནས། །བཙུན་པ་བྱང་ཆུབ་སྟོན་པ་སྟོན་ཅེས་སྨྲ། །གང་ལས་དེས་ནི་བྱང་ཆུབ་སྤྱོད་ཐོས་པ། དེ་ཉིད་ལ་ནི་ཁོང་ཁྲོ་རབ་བསྐྱེད་ནས། །མཁས་པ་འཁྲུལ་པའི་ཚིག་འགའ་ཐོས་ནའང་། །དེ་ལ་མི་སྙན་བརྒྱ་དག་སྒྲོགས་པར་བྱེད། །གཞོན་ནུ་ང་ཡི་ཚིག་འདི་ཐོས་ནས་སུ། །དེ་དག་དང་ནི་བརྟེན་པར་མ་བྱེད་ཅིག །བྱང་ཆུབ་དམ་པ་རིག་པར་འདོད་ན་ནི། །རྨི་ལམ་དུའང་དེ་ལ་ཡིད་མ་སྟོན། །སྦྱངས་ཚུལ་བསྙུངས་པ་ཡོན་ཏན་དུ་མ་ནི། །བསྐལ་པ་བརྒྱ་ཕྲག་མང་པོར་རབ་བཤད་ཀྱང་། །དེ་ཡི་ཡོན་ཏན་དག་ལ་མི་གནས་ན། །བྱང་ཆུབ་ཞི་བ་མཆོག་ནི་རྟོགས་མི་འགྱུར། །འཁོར་མོར་ཡང་ནི་དགེ་ཞིང་འཇམ་པར་གྱིས། །ཚུལ་ཁྲིམས་དག་ཅིང་རྟག་ཏུ་དད་པའི་ཡིད། །འཁོར་མོར་ཚུལ་ཁྲིམས་ཡོངས་སུ་དག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འཐོབ་འགྱུར། །ང་རྒྱལ་མ་བྱེད་ཐ་བ་མ་བསྐྱེད་པར། །རྟག་ཏུ་ཡིད་ནི་ཡོངས་སུ་དག་པར་གྱིས། །ང་རྒྱལ་རྒྱགས་དང་ཆགས་པ་ཀུན་སྤོང་ལ། །ཏིང་འཛིན་མཆོག་འདི་རབ་ཏུ་ཐོབ་པར་གྱིས། །རྟག་ཏུ་ཡོན་ཏན་ལས་ནི་རྒྱལ་བ་དྲན། གསེར་མཆོག་མདོག་འདྲ་ཤིན་ཏུ་འོད་མཛད་པ། །མཚན་མོ་གནམ་ལ་སྐར་མས་གང་བ་ལྟར། །ཐུབ་པའི་སྐུ་ནི་མཚན་གྱིས་ཡོངས་སུ་རྒྱས། །འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པས། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །དེ་ནི་རྒྱ་ཆེར་མྱ་ངན་འདས་པར་འགྱུར། །གདུགས་དང་རྒྱལ་མཚན་བླ་རེ་བ་དན་མཆོག །ཕྱེ་མ་བྱུག་པ་མང་པོ་ཀུན་ཐོགས་ལ། རྟག་ཏུ་བདེ་བར་གཤེགས་ལ་མཆོད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །སྤོས་མཆོག་ཕྲེང་བ་མེ་ཏོག་བྱུག་པ་དང་། རོལ་མོ་སིལ་སྙན་མང་པོ་རབ་ཐོགས་ལ། །རྒྱལ་བའི་མཆོད་རྟེན་དག་ལ་མཆོད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །གླུ་གར་བཟང་པོ་སྣ་ཚོགས་མང་པོ་དང་། །ཡིད་གཙང་བཞད་བགད་རོལ་མོ་བཟང་པོ་དང་། །རྟག་པར་མར་མེ་འཕྲེང་སྡུག་བཟང་པོ་ཡིས། །མཚུངས་པ་མེད་ལ་མཆོད་བཟང་རབ་གྱིས་ཤིག །འཁར་རྔ་དང་ནི་སྒྲ་སྙན་རྫ་རྔ་བརྒྱ། །རྔ་དང་གླིང་བུ་སྒྲ་མཆོག་སྣ་ཚོགས་དང་། །སྒྲ་སྙན་རོལ་མོ་ཡོན་ཏན་སྣ་ཚོགས་ཀྱིས། །དད་པའི་ཡིད་ལྡན་འདྲེན་པ་མཆོད་པར་གྱིས། །སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། །ལྟ་ན་སྡུག་ཅིང་ཤིན་ཏུ་བཟང་པོ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། །ཙན་དན་གྱི་ནི་སྐུ་གཟུགས་བཟང་པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། །ཤིང་དང་རི་མོ་བྲིས་པའི་སྐུ་གཟུགས་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །རྟག་ཏུ་ནགས་ཁྲོད་དབེན་པ་བསྟེན་པར་གྱིས། །གྲོང་དང་གྲོང་ཁྱེར་དགའ་བ་རྣམ་སྤོང་ལ། །བསེ་རུ་ལྟ་བུར་གཉིས་སུ་མེད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །ང་ནི་ཆོས་རྗེ་ཁྱེད་ནི་ང་ཡི་བུ། །ང་ཡི་ཏིང་འཛིན་སྤྱོད་པ་རྗེས་སུ་སློབས། ང་ནི་དེ་ཚེ་ཕྱོགས་སུ་གྲགས་པ་ཡི། །མི་དབང་བརྟན་པས་བྱིན་ཞེས་བྱ་བར་གྱུར། །ཏིང་འཛིན་ཞི་བ་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་སངས་རྒྱས་མཐའ་ཡས་མཆོད་པ་བྱས། །རྟག་པར་ངས་ནི་ཚུལ་ཁྲིམས་རྣམ་དག་སྲུངས། །ང་ཡིས་སྟོབས་བཅུ་དག་ལ་རི་མོར་བྱས། །ཏིང་འཛིན་ཞི་བ་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་བུ་དག་ཆུང་མ་ཡོངས་བཏང་ཏེ། །མགོ་དང་རྐང་ལག་མིག་མཆོག་བཟང་པོ་བྱིན། །ཞུམ་པའི་སེམས་སུ་ནམ་ཡང་ཡོང་མ་བྱས། །ཞེས་གསུངས་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་བཙལ་བར་བྱ་བ་རྣམས་ལས་བརྩམས་སྟེ་གསུངས་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱ་ཞིང་བསམ་གཏན་གྱི་མཐུ་བསྐྱེད་པར་གྱུར་པས་དཔག་ཏུ་མེད་པའི་དོན་དུ་འགྱུར་རོ་ཞེས་ཀྱང་བརྗོད་པར་བྱའོ། །རྒྱལ་པོ་བརྟན་པས་བྱིན་གྱི་སྐྱེས་པའི་རབས་སྟེ་བཞི་ཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བྱ་དཀའ་བ་དུ་མས་བདག་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཐུ་ཡོངས་སུ་རྫོགས་པར་བྱེད་ཅིང་། དཔག་ཏུ་མེད་པའི་སེམས་ཅན་གྱི་དོན་ཡང་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་གི་རྒྱལ་པོ་དཔལ་དབྱངས་ཞེས་བྱ་བ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་པའི་ཕྱིར། མཆོད་རྟེན་དེ་བཞིན་གཤེགས་པའི་རིང་སྲེལ་གྱི་སྙིང་པོ་ཅན་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བྱ་སྟེ། མཆོད་རྟེན་རེ་རེ་ལ་ཡང་མར་མེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བཙུགས་སོ། །དེ་བཞིན་དུ་རོལ་མོ་སིལ་སྙན་དང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཡང་མར་མེའི་གྲངས་སྙེད་བྱས་སོ། །དེ་ལྟར་རྒྱལ་པོ་ཆེན་པོ་དཔལ་དབྱངས་ཀྱིས། །རྒྱལ་བ་མཆོད་ཕྱིར་མཆོད་རྟེན་མཆོད་པར་བྱས། །རབ་ཏུ་བཀྲམ་ཞིང་རབ་བཀྲ་རབ་གང་བྱས། །དེ་ཡི་མཐུ་ཡིས་མཐུ་ཆེན་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་སེམས་ཅན་ཕན་བརྩོན་པ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྒྱ་ཕྲག་བཅུ། །སྡེ་སྣོད་བསྡུ་ཕྱིར་རྣམ་པར་འདུས་པ་ཡང་། །མི་དབང་རྒྱལ་པོ་དེ་ཡིས་མཆོད་པར་བྱས། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་བདེ་བ་སྦྱིན་ཞེས་བྱ་བ་ཞིག་བྱུང་ཏེ། འདི་ལྟ་བུའི་རང་བཞིན་དང་ཁྱད་པར་གསལ་བར་མངོན་པར་གྱུར་པ་སྙམ་སེམས་སོ། །དེ་ནི་བྱིས་པ་གཞོན་ནུ་ནས། །སྐར་མའི་བདག་པོ་ཟླ་བ་བཞིན། །རྣམ་པར་དཀར་བའི་རིགས་སུ་གྱུར། །དབང་པོ་རབ་ཏུ་ཞི་ཞིང་དུལ། །ལང་ཚོའི་ཡོན་ཏན་ལྷག་པར་འཕེལ། །རིག་པའི་གནས་ཀྱི་ཡོན་ཏན་རྫོགས། །དྲི་མེད་སྟོན་ཟླའི་ཡར་ངོ་བཞིན། །ཡོན་ཏན་བདུན་པོ་ཁྱད་པར་དག །ཇེ་བས་ཇེ་ཆེར་གསལ་གྱུར་ཅིང་། །འདམ་ལས་ཐོན་པའི་པད་མོ་བཞིན། །འཇིག་རྟེན་འདོད་པས་གཙེས་པ་མེད། །དེ་ནི་རྒྱལ་བའི་བསྟན་ལ་རབ་བྱུང་ནས། །ཅིག་ཏུ་བག་ཡོད་སྙིང་རྗེའི་དབང་གྱུར་ནས། །ཏིང་འཛིན་ཞི་བ་འདི་ནི་མངོན་དུ་བྱས། །གཞན་གྱི་དོན་སྤྱོད་དེ་ཡང་རྗེས་སུ་སྟོན། །དེ་དེ་ལྟར་རང་གི་ཏིང་ངེ་འཛིན་གྱི་མཐུ་ཐོབ་ཅིང་སྙིང་རྗེ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་རྣམ་པར་སྤེལ་བར་བྱ་བའི་ཕྱིར་བསམ་གཏན་དང་ཏིང་ངེ་འཛིན་གྱི་ཁྱད་པར་སྟོན་པ་ལ་གཞོལ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་ཆེན་པོ་དཔལ་དབྱངས་ཀྱིས་ཆོས་བསྒྲོ་བའི་དོན་དུ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་གསོལ་བ་བཏབ་ནས། དེའི་ནུབ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ལ་མཆོད་པ་སྔ་མ་བས་ཀྱང་ཆེས་ལྷག་པར་བྱས་སྟེ། འཁོར་གྱི་ཁྱམས་ཆེན་པོ་ཕྱག་བདར་བྱས་ཤིང་ཆག་ཆག་བཏབ་ནས་དེའི་ནུབ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་སྤོས་ཀྱིས་བྱུགས་ཏེ་མེ་ཏོག་བཀྲམ་ཞིང་རིན་པོ་ཆེའི་ཁྲི་སྣ་ཚོགས་བཤམས་ཤིང་བདག་ཉིད་ཀྱང་གསོ་སྦྱོང་ལེགས་པར་བླངས་ནས། བདག་ཉིད་ཀྱི་ཁང་པའི་ཡང་ཐོག་དུ་ཆོས་མཉན་པའི་ཕྱིར་བཙུན་མོ་འཁོར་དང་བཅས་ཏེ་འདུག་གོ །གཞན་ཡང་ཆོས་ཉན་པའི་ཕྱིར་ལྷ་དང་མི་དཔག་ཏུ་མེད་པ་འདུས་པར་གྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་གྱིས་དེ་ལྟ་བུ་འདུས་པ་དེ་མཐོང་ནས་འདི་སྙམ་དུ་སེམས་སོ། །ཀྱེ་མའོ་འདི་ལྟར་རྒྱལ་པོ་ཆེན་པོའི་ལྷག་པའི་བསམ་པས་ཡོངས་སུ་བསྐུལ་ཞིང་འདུས་པར་གྱུར་པ་སྐྱེ་བོའི་ཚོགས་ཆེན་པོ་འདི་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པའི་ཕྱིར་དང་། གཞན་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བདག་ཉིད་ཀྱིས་ཐོབ་པར་བྱ་བའི་ཕྱིར་རྒྱལ་པོ་དཔལ་དབྱངས་ཀྱི་མཆོད་པའི་ཚོགས་དེ་དག་ཐམས་ཅད་ཟིལ་གྱིས་མནན་པར་བྱས་སྟེ། འཁོར་དང་བཅས་པ་ངོ་མཚར་དུ་བྱ་གོར་མ་ཆག་གོ་སྙམ་སྟེ། དེ་ནས་དགེ་སློང་བདེ་བ་སྦྱིན། །རྒྱལ་བའི་མཆོད་རྟེན་དྲུང་དུ་ནི། །འདུས་པའི་ཚོགས་དང་ལྷན་ཅིག་ཏུ། །ཆོས་ཀྱི་དོན་དུ་ལྷགས་གྱུར་པ། །དེ་ཚེ་བདག་གི་ལག་པ་གཡས། །འབྲུ་མར་གྱིས་བྱུགས་རས་ཀྱིས་དཀྲིས། །མར་མེའི་སྙིང་པོ་ཇི་བཞིན་དུ། །རང་གི་ལག་པ་སྦར་བར་བྱས། །དེ་ལྟར་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན། །བདག་གི་ལག་པ་པད་མོའི་མཆོག་དེ་ནི། སྒྲོན་ཤིང་བཞིན་དུ་རབ་ཏུ་འབར་གྱུར་ཀྱང་། །ལུས་ཀྱི་བཞིན་མདངས་ལྷག་པར་གསལ་བ་འདྲ། །གང་ཚེ་ལག་པ་རབ་ཏུ་སྦར་ཞིང་འབར་བར་གྱུར་པའི་འོད་ཟེར་དྲ་བ་ཅན། །འོད་སྟོང་འབར་བས་སྒྲོན་མེ་འབར་བ་བྱེ་བ་ཁྲག་ཁྲིག་ཟིལ་གྱིས་གནན་པར་གྱུར། དེ་ཡི་མཐུ་ཡིས་ས་གཞི་རི་དང་རྒྱ་མཚོར་བཅས་པ་དགའ་བའི་ལུས་ལྟར་གཡོས། །ལྷ་དང་ལྷ་མིན་མིའམ་ཅི་དང་མིའི་ཚོགས་རྣམས་རབ་ཏུ་དད་པར་བྱས། བརྩོན་འགྲུས་ཆེན་པོས་གསལ་བའི་འོད་ཀྱིས་བདུད་ཀྱི་སེམས་ནི་རྩ་བཞིན་བསྲེགས་པར་བྱས། །ཚ་ཟེར་བྱེ་བ་འོད་སྟོང་འབར་བས་སྣང་བར་ནུས་མིན་གླིང་བར་རྣམས་ཀྱང་སྣང་། །འདི་འདྲའི་མཐུ་ཆེན་ཁྱད་པར་མཐུ་འདི་གསལ་བར་གྱུར་པས་ལྷག་བསམ་གསལ་བ་བཞིན། །འདི་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་བྱང་ཆུབ་ཞུགས་པ་རྨད་དུ་བྱུང་བའི་སྤྱོད་པ་ཡིན། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་ཡན་ལག་དམ་པ་སྒྲོན་མེ་བྱས་ཤིང་། འདུས་པའི་ཚོགས་དེ་དག་ཐམས་ཅད་ལ་ཆོས་ཀྱི་རང་བཞིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཡང་ཚིག་དང་ཡི་གེ་རྒྱུན་ཆགས་པས་འཁོར་དེ་དག་ཐམས་ཅད་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དེའི་ཚེ་རྒྱལ་པོ་དཔལ་དབྱངས་འཁོར་དང་བཅས་པས་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་གྱིས་ལག་པ་འབར་བར་བྱས་པའི་འོད་ཀྱིས་མར་མེའི་ཚོགས་དེ་དག་ཐམས་ཅད་ཟིལ་གྱིས་མནན་ཏེ། སྣང་བར་བྱེད་ཅིང་ཆོས་སྟོན་པ་མཐོང་ཏེ་རབ་ཏུ་གུས་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་པ་ག་ན་བ་དེར་ལོགས་སུ་མཆོངས་ནས་སོང་ངོ་། །དེ་ཚེ་དེ་ལ་བརྩེ་བས་དེ་ལོགས་སུ། །སྟོང་ཕྲག་བརྒྱའི་ཁྲུ་ཚད་གཡང་ས་དེར། མཆོངས་པར་གྱུར་ཀྱང་ལྷ་རྣམས་ཀྱིས་བཟུང་པས། །ཉེས་པ་མེད་པར་བྱ་འཕུར་བཞིན་དུ་གྱུར། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་པ་དང་། འདི་ལྟར་བྱ ང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བ་སྦྱིན་བདག་གི་ལག་པ་བསྲེགས་ཅིང་འབར་བ་མཐོང་ནས་དེ་ཉམས་ཉེས་སུ་དོགས་པའི་སེམས་ཀྱིས་རྒྱལ་པོ་སྐྱེ་བོའི་ཚོགས་ཆེན་པོ་དང་བཅས་པ་ངུ་ཞིང་སྐད་ཆེན་པོ་ཕྱུང་ནས་ཆོ་ངེས་བཏབ་ཏེ་དྲུང་དུ་འདུག་གོ །དེའི་ཚེ་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་གྱིས་རྒྱལ་པོ་ཆེན་པོ་དཔལ་དབྱངས་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཅིའི་སླད་དུ་སྐྱེ་བོའི་ཚོགས་ཆེན་པོ་དང་བཅས་པ་བདག་གི་མདུན་དུ་བཞུགས་ཤིང་སྐད་ཆེན་པོ་ཕྱུང་ཏེ། ཆོ་ངེས་བཏབ་ནས་མཆི་མ་འབྱིན་པར་མཛད། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་ལ་ཚིགས་སུ་བཅད་པས་སྨྲས་པ། ཤེས་རབ་ཆེན་པོ་བདེ་བ་སྦྱིན། །ཆོས་སྨྲ་བ་ནི་མཁས་པ་ཡི། ཡན་ལག་མ་ཚང་རིག་ནས་ནི། །སྐྱེ་བོ་འདི་དག་དེ་ཕྱིར་དུ། །གཟི་བརྗིད་ཕུང་པོ་འཕགས་པ་ཡི། །འདི་ལྟ་བུ་ཡི་གཟུགས་འདི་ཡང་། །ལག་པ་ཉམས་པར་ཤེས་ནས་ནི། །བདག་ཀྱང་ཤིན་ཏུ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ལག་པ་འབར་བྱས་པས། །དེ་ཡི་འོད་ནི་ཕྱོགས་བཅུར་བཏང་། །ཁྱོད་ལས་བྱུང་བའི་ལྷ་རྫས་ཀྱིས། །མར་མེ་འདི་དག་མི་གསལ་བྱས། །ས་འདི་རབ་ཏུ་གཡོས་གྱུར་ཏེ། །ཁྱོད་ཀྱི་སེམས་ནི་གཡོས་པ་མེད། །དེ་ནས་བདག་གི་སེམས་བསྐྱེད་པ། །མཁས་པ་ཐ་མལ་མ་ཡིན་སྙམ། །བདག་གི་བཙུན་མོའི་འཁོར་བཅས་པ། །ཁྲུ་ནི་སྟོང་ཕྲག་བརྒྱ་པ་ཡི། །ཁང་པའི་སྟེང་ནས་མཆོངས་གྱུར་ཀྱང་། །བདག་གི་ལུས་ལ་གནོད་མ་གྱུར། །ལེགས་སོ་ཡེ་ཤེས་ངོ་མཚར་ཁྱོད། །ལེགས་སོ་སེམས་ཀྱང་བླ་ན་མེད། །བརྩོན་འགྲུས་ལེགས་བརྩོམ་ལེགས་པ་སྟེ། །བསམ་གཏན་ཆེན་པོ་ལེགས་པ་ཡིན། །གང་གིས་ལག་པ་འབར་བྱས་ཀྱང་། །ཁྱོད་ལ་ནམ་ཡང་གཡོ་བ་མེད། །དགའ་ཞིང་རངས་པ་སྐྱེས་ནས་སུ། །སྤྱིར་ཡང་ཆོས་འདི་རབ་ཏུ་འཆད། །ཅི་ལྟར་ཟླ་བ་ཉ་བ་དང་། །ནམ་མཁའི་དཀྱིལ་ན་ཉི་མ་བཞིན། །རི་རབ་རི་ཡི་རྒྱལ་པོ་ལྟར། །རབ་ཏུ་མཛེས་ཤིང་ལྷམ་མེར་སྣང་། བདག་ཀྱང་མཁས་པ་ཁྱོད་བཞིན་དུ། །སྨོན་ལམ་ཡོངས་སུ་རྫོགས་པར་བགྱི། །ལུས་ལ་ཕངས་པ་རབ་སྤངས་སྟེ། །བདག་གིས་སྲོག་ཆགས་དོན་རྣམས་བགྱི། །ཆོས་ཀྱི་དགའ་བས་རངས་གྱུར་ཏེ། །འདི་ལྟར་བདག་ནི་བདེ་གྱུར་ཀྱང་། །ཁྱེད་ཀྱི་ལག་པ་མ་ཚང་པ། །དེས་ནི་རབ་ཏུ་སྡུག་བསྔལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་ལ་སོགས་པ་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ། གང་ལ་ལག་པ་མེད་པ་ཡང་། །དེ་ནི་ཡན་ལག་མ་ཚང་མིན། །སུ་ལ་ཚུལ་ཁྲིམས་མེད་པ་དག །དེ་ནི་ཡན་ལག་མ་ཚང་ཡིན། །རུས་པ་ཡིས་ནི་ལུས་འདི་ཡིས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །འཇིག་རྟེན་ཀུན་གྱིས་མཆོད་པའི་གནས། །དེ་བཞིན་གཤེགས་པ་བདག་གིས་མཆོད། །སྟོང་གསུམ་རིན་ཆེན་ཡོངས་བཀང་ཏེ། །འཇིག་རྟེན་མགོན་ལ་མཆོད་པ་བས། །སུ་དག་ཆོས་རྣམས་སྟོང་རིག་ནས། །ལུས་ཀྱི་མཆོད་པ་བསམ་མི་ཁྱབ། །རྒྱལ་པོ་ཆེན་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ་མཆོད་པས་གནས་སྐབས་སུའང་གནོད་པར་མི་འགྱུར་ཏེ་བདག་གི་བདེན་པའི་ཚིག་བརྗོད་པར་འགྱིའོ། །རྒྱལ་པོ་ཆེན་པོ་བདག་ལ་གསོན། །བདེན་པ་གང་གིས་སངས་རྒྱས་མཆོག །འཇིག་རྟེན་མཆོད་རྟེན་བདག་འགྱུར་ན། །ས་འདི་རབ་ཏུ་གཡོ་བར་འགྱུར། །གཞན་ཡང་སེམས་ཅན་དཔག་མེད་པ། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དེ། །ཇི་སྙེད་ཀྱིས་ནི་དོན་བྱ་ཞིང་། །ཆོས་རྣམས་ཐམས་ཅད་དམིགས་མེད་པར། །ལག་པ་ཞེས་ཀྱང་བྱ་མེད་ན། །བདེན་པ་དེ་ཡིས་སྔོན་ལྟར་བདག །ལག་པ་མྱུར་དུ་འབྱུང་བར་ཤོག །སྲིད་གསུམ་སེམས་ཅན་ཇི་སྙེད་པ། །གནོད་པ་ཐམས་ཅད་རབ་སྤངས་ནས། ཐམས་ཅད་མཁྱེན་པའི་གཟི་བརྗིད་ཀྱིས། །ཐམས་ཅད་མཉམ་པར་བཞག་པར་ཤོག །དེ་སྐད་ཅེས་བརྗོད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་གྱི་ལག་པ་ཟླ་བ་སྒྲ་ཅན་ལས་གྲོལ་བ་བཞིན་དུ་མཚན་ཐམས་ཅད་ཀྱིས་མངོན་པར་བརྒྱན་ཏེ་སྔ་མ་བས་ཀྱང་ལམ་མེར་གྱུར་ཏོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་མཁས་པ་ཡིས། །ཏིང་འཛིན་མཐུ་ཡིས་ཁྱད་པར་གསལ་བ་འདི། །སྐར་མའི་ནང་ན་བསིལ་ཟེར་བྱེད་པ་བཞིན། །གསལ་བར་བསྟན་པ་འདི་ནི་རིགས་པ་སྙམ། །གང་ཚེ་དགེ་སློང་བདེ་བ་སྦྱིན། །མཐོང་བར་གྱུར་པའི་བུད་མེད་ཚོགས། །དེ་དག་སྐྱེས་པའི་དབང་པོ་ཐོབ། ལྷ།་ཡང་བྱེ་བ་ཕྲག་སྟོང་དང་། །དེ་བཞིན་ཀླུ་དབང་ཀུན་གྱིས་ཀྱང་། །བདེ་བ་སྦྱིན་པ་མཆོད་པའི་ཕྱིར། །བར་སྣང་ལ་ནི་འདུག་ནས་སུ། །དེ་ཚེ་མེ་ཏོག་མན་དྷ་རས། །དགེ་སློང་དེ་ལ་འཐོར་བར་བྱེད། །མི་མ་ཡིན་པའི་མེ་ཏོག་གིས། །འཛམ་བུའི་གླིང་འདི་གང་བར་གྱུར། །ལྷ་མོ་བྱེ་བ་ཁྲག་ཁྲིག་རྣམས། །གླུ་དབྱངས་རོལ་མོ་རབ་ཏུ་བྱེད། །དེ་ཚེ་བདེ་བས་སྦྱིན་པ་ཡིས། །སྒྲ་འདི་དག་ནི་བྱུང་བ་ན། །རྣམ་འཕྲུལ་འདི་ནི་སངས་རྒྱས་དག །བྱེ་བ་སྟོང་གིས་གཟིགས་པར་འགྱུར། རང་རང་གི་ནི་ཞིང་དག་ཏུ། །དགེ་སློང་ཕ་དང་དགེ་སློང་མ། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །གྲགས་པ་ཆེན་པོས་གོ་བར་མཛད། །དགེ་སློང་བདེ་བས་སྦྱིན་པ་དེ། །མཁས་ཤིང་སྟོབས་ཀྱང་ཆེ་བ་སྟེ། །སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར། །དེ་ནི་ལག་པ་འབར་བར་བྱས། །དེ་ཡིས་ཞིང་རྣམས་སྟོང་དག་དང་། །གང་གཱ་ཡི་ནི་བྱེ་མ་སྙེད། །མར་མེ་དེས་ནི་སྣང་བྱས་སྟེ། །བསྲེག་པའི་བསྐལ་པ་བྱུང་བ་བཞིན། །མེ་ཏོག་དང་ནི་ཕྱེ་མ་ཡིས། །ཞིང་རྣམས་ཐམས་ཅད་གང་བར་གྱུར། །ས་གཞི་དག་ནས་ཡན་ཆད་དུ། །སྤུས་ནུབ་ཙམ་དུ་ཁེངས་པར་གྱུར། །རིན་ཆེན་མེ་ཏོག་ཐམས་ཅད་ཀྱིས། །སངས་རྒྱས་ཞིང་འདི་གང་བར་གྱུར། །རིན་ཆེན་བཀོད་པ་ཐམས་ཅད་ཀྱིས། ཞིང་འདི་རབ་ཏུ་བརྒྱན་པར་བྱས། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འཚོལ་ཞིང་གཞན་གྱི་དོན་ཡོངས་སུ་སྤྱོད་པ་ན་དེ་ལྟར་བརྩོན་པར་བྱས་པས་གཞན་གྱི་དོན་དཔག་ཏུ་མེད་པར་གྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་འདི་ལྟ་བུའི་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་ལྟ་བུའི་དོན་འདི་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་སྤྱད་པ་སྤྱོད་པའི་ཚེ། །ང་ནི་བདེ་བ་སྦྱིན་པར་གྱུར། །མ་ཕམ་པ་ནི་དཔལ་དབྱངས་ཡིན། །མཁས་པས་མདོ་སྡེ་འདི་ཐོས་ནས། །ལུས་ལ་ཕངས་པ་མ་བྱེད་པར། །ཏིང་འཛིན་རྗེས་སུ་བསླབ་པས་གྱིས། ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་བདེ་བ་སྦྱིན་གྱི་སྐྱེས་པའི་རབས་སྟེ་བཞི་ཅུ་བདུན་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་བྱ་དཀའ་བའི་ཏིང་ངེ་འཛིན་གྱི་གོ་ཆ་བསྒོས་ཏེ་འགྲོ་བའི་དོན་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚོགས་ཀྱི་དབང་ཕྱུག་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་སུ་བྱུང་ངོ་། །དེའི་བསྟན་པ་ཡང་ཡོངས་སུ་ནུབ་ཏུ་ཉེ་བ་ན། ཆོས་སྨྲ་བའི་དགེ་སློང་སྙན་པའི་འོད་ཅེས་བྱ་བ། ཞི་བ་དུལ་བ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྲུང་བ། ཏིང་ངེ་འཛིན་སྒོམ་པ་ལ་གཞོལ་བ། བྱ་བ་དང་བྱ་བ་མ་ཡིན་པ་ལེགས་པར་སྟོན་པ་ལ་མཁས་པའི་རང་བཞིན་ཅན་གཞན་གྱི་དོན་སྤྱོད་པ་ལ་ཞུགས་པ་ཅིག་བྱུང་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་གསུམ་རིག་དབང་པོ་དུལ་བ་དང་། །མང་དུ་ཐོས་ཤིང་མངོན་ཤེས་ལྔ་ཡང་ཐོབ། །ཏིང་འཛིན་ཞི་བ་འདི་ནི་ཡོངས་སུ་སྟོན། །སྟོང་ཞིང་ཞི་བའི་བཟོད་ལ་རབ་ཏུ་གནས། །སྙིང་རྗེའི་བདག་ཉིད་གཞན་ལ་ཕན་པར་བརྩོན། འགྲོ་བའི་བླ་མ་བཞིན་དུ་མཐུན་པར་གྱུར། །དེ་ལྟ་བུའི་དགེ་སློང་ཆེན་པོ་དེ་ཏིང་ངེ་འཛིན་གྱི་ཚུལ་ལ་ལེགས་པར་གནས་ཤིང་སངས་རྒྱས་རྣམས་ཀྱིས་བསྔགས་པའི་དབེན་པའི་ཕན་ཡོན་ཤེས་ཀྱང་སངས་རྒྱས་ཀྱི་བསྟན་པའང་ཟླ་བ་མར་གྱི་ངོ་བཞིན་དུ་འགྲིབ་པར་གྱུར་པའི་གནས་སྐབས་དེ་ཡང་མཐོང་ཞིང་སྐྱེ་བོ་རྣམས་ཀྱང་རབ་ཏུ་མ་རུངས་པར་རིག་ནས། དེ་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་ཏེ། །ཀྱེ་མ་མཚར་བྱས་སེམས་ཅན་རྣམས་ནི་བསྟན་པའི་དོན་ལ་རིང་དུ་གྱུར་ཅིང་བླ་ན་མེད་པ་བྱང་ཆུབ་ཀྱི་ལམ་ལས་ཉམས་ཏེ་ངན་འགྲོ་ལོག་པར་ལྟུང་བ་ལ་འབབ་པར་གྱུར་ཏོ། །རྒྱལ་བའི་བསྟན་པ་མ་སྨད་པ། །ཚུལ་ཁྲིམས་རྩ་བ་ལས་བྱུང་ཞིང་། །བསམ་གཏན་དྲི་བསུང་ཕུན་སུམ་ཚོགས། ཤེས་རབ་ཡལ་གས་རྣམ་མཛེས་པ། །ཕན་པར་བྱེད་པའི་ལྗོན་ཤིང་འདི། །ཅུང་ཟད་དུས་ལས་ཡོལ་བ་སྙམ། །དེ་ལྟར་མ་རུངས་སེམས་ཅན་ལ། །དམ་པ་རྣམས་ཀྱིས་ཕན་གདགས་པར། །ལྷག་པར་བརྩོན་པར་བྱ་བས་རིགས། །བདག་ཉིད་ཆེན་པོ་དེ་བློ་དེ་ལྟར་ངེས་པར་བྱས་ནས་ས་ཆེན་པོ་འདི་སྐྱོང་བར་བྱེད་པའི་རྒྱལ་པོ་བསོད་ནམས་བློ་གྲོས་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སྐྱེ་བོ་རྣམས་ཆོས་བཞིན་དུ་སྐྱོང་བར་བྱེད་པ་ཞིག་ཡོད་དེ། དེ་ཉིད་ཆོས་ལ་བསྐུལ་ན་སྐྱེ་བོ་གཞན་ཡང་དེའི་རྗེས་སུ་སྤྱོད་པས་སེམས་ཅན་གྱི་དོན་དུ་འགྱུར་བར་རིག་ནས་རྨད་དུ་བྱུང་བའི་སྤྱོད་པ་འདི་ལྟ་བུ་མཛད་པར་གྱུར་ཏོ། །ས་བདག་རྒྱལ་པོ་ཆོས་ཀྱི་རང་བཞིན་ལ། །རབ་ཏུ་གཞོལ་ཞི ང་བདག་ཉིད་ཆེ་བ་དེས། །སྣོད་དུ་གྱུར་ཞིང་གཞན་གྱི་དོན་བྱེད་པར། །དྲང་པོའི་ལམ་དུ་ཁྱུ་མཆོག་འགྲོ་བ་བཞིན། །རྗེས་སུ་འབྲངས་རྣམས་དོན་དུ་འགྱུར་རིག་ནས། །དགེ་སློང་སྙན་འོད་རྒྱལ་པོའི་ཕོ་བྲང་སོང་། །དེ་ནི་དྲན་དང་ལྡན་ཞིང་རྟོགས་པར་ལྡན། །བརཏལ་ཞུགས་ལྡན་ཞིང་དེས་པ་ཚུལ་ཁྲིམས་དགའ། །དབྱངས་ཀྱང་སྙན་ཅིང་མི་རྩུབ་འཇམ་པ་སྟེ། །ཁམས་རྣམས་ཤེས་ཅིང་དབང་མཆོག་རབ་ཏུ་ཐོབ། །ལྷ་ཡང་བྱེ་བ་བརྒྱ་ཕྲག་ཕྱིར་འབྲངས་ཤིང་། །གྲོང་དུ་འོངས་ནས་བསྔགས་པ་བརྗོད་བྱེད་པ། །བསོད་ནམས་བློ་གྲོས་དད་ཅིང་མདུན་གྱུར་ནས། །སྲོག་ཆགས་བརྒྱ་སྟོང་གིས་ཀྱང་བཀུར་སྟི་བྱས། །དེ་ལྟར་སྐྱེས་བུ་དམ་པ་དེ་རྒྱལ་པོའི་ཕོ་བྲང་འཁོར་དུ་སྙིང་རྗེའི་དབང་གིས་སོང་ཏེ། ཏིང་ངེ་འཛིན་གྱི་ཚུལ་བསྟན་པ་ལ། སེམས་ཅན་རྣམས་དད་པའི་དབང་གིས་དེ་ལ་ཆོས་གོས་བྱེ་བ་བརྒྱ་སྟོང་དག་ཀྱང་ཕུལ་ཞིང་། གྲགས་པ་དང་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །དེའི་དབང་གིས་སྙེད་པ་དང་བཀུར་སྟི་དོན་དུ་གཉེར་བའི་དགེ་སློང་བརྒྱ་ཕྲག་མང་པོ་ཕྲག་དོག་གི་སེམས་ཀྱིས་རབ་ཏུ་འཁྲུགས་པར་གྱུར་ཏོ། །དམ་པ་རྣམས་ཀྱི་བསོད་ནམས་སྟོབས། །གཞན་ལ་ཕན་པར་བྱེད་པའི་མཆོག །རབ་ཏུ་ཕུན་སུམ་ཚོགས་ལྡན་པ། །དེ་མཐོང་བས་ནི་སྐྱེ་བོ་གཞན། །མུན་པའི་བློ་ལྡན་དེ་དག་ལ། །ཆེད་དུ་འཕྲོགས་པར་གྱུར་པ་བཞིན། །ཕྲག་དོག་རླུང་གིས་བསྐུལ་བ་ཡི། །ཞེ་སྡང་མེ་ནི་རབ་འབར་བས། །དཀར་པོའི་ས་བོན་བསྲེགས་བྱེད་ཅིང་། །ངོ་ཚ་མེད་པར་སྤྱོད་གྱུར་པ། །འདི་ནི་འཇིག་རྟེན་ངན་པའི་ལུགས། །དེ་ལྟར་ཕྲག་དོག་དང་ལྡན་པའི་སྐྱེ་བོ་དགེ་སྦྱོང་གི་གཟུགས་ཅན་བདུད་ཀྱི་གཉེན་དུ་གྱུར་པ་དེ་དག་ཚུལ་ཁྲིམས་ལ་མི་གནས་ཤིང་ངོ་ཚ་མེད་པར་བག་མེད་པར་སྤྱོད་པས་བྱང་ཆུབ་སེམས་དཔའ་ལ་ལྷག་པར་ཞེ་སྡང་ཞིང་མི་སྙན་པ་སྒྲོགས་པར་བྱེད་པ་རྒྱལ་པོ་བསོད་ནམས་བློ་གྲོས་དེ་ཡིས་རིག་ནས་དགེ་སློང་དེ་བསྲུང་བའི་དོན་དུ་སྲོག་ཆགས་སྟོང་ཕྲག་ལྔ་བརྒྱ་རྣམས་གོ་ཆ་དང་མཚོན་ཆ་རྣམས་ལེགས་པར་ཐོགས་པས་ཆོས་སྨྲ་བ་དེ་བསྲུང་ཞིང་བཀུར་སྟི་བྱས་སོ། །ལོག་པར་སྤྱོད་པའི་སྐྱེ་བོ་ངན་པ་དག །གླང་ཆེན་སྨྱོན་པ་ཆང་གིས་མྱོས་པ་བཞིན། །གཞན་དག་ཕུང་བར་བྱེད་ལ་རབ་ཏུ་གནས། །གང་གི་བསོད་ནམས་མཐུ་ཡིས་ཐོབ་གྱུར་པའི། །བརྒྱ་བྱིན་དཔལ་ལ་ལྷ་མིན་གཏུམ་པོ་དག །ཕྲག་དོག་དབང་གིས་ལྷག་པར་སྡུག་བསྔལ་འགྱུར། །དེ་ནས་དུས་གཞན་ཞིག་གི་ཚེ། སྐྱེས་བུ་དམ་པ་དེ་གསད་པར་འདོད་པའི་ཕྱིར་དགེ་སློང་ངན་པ་མང་པོ་དེ་དག་མཚོན་རྣོན་པོ་ཐོགས་ཏེ་འོངས་པ་ན། དེ་ལྟ་བུའི་བདག་ཉིད་ངན་པའི་ཚུལ་དེ་བདག་ཉིད་ཆེན་པོ་དེ་ཡིས་མཐོང་ནས་འཇིགས་པ་མེད་ཅིང་སྙིང་རྗེ་ཆེན་པོ་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་རྗེས་སུ་དྲན་ཏེ། བདག་ཉིད་ཀྱི་ཕྱག་མེ་ཏོག་པད་མ་ཁ་འབུས་པ་ལྟར་མཛེས་པ། ཚུལ་ཁྲིམས་ཀྱི་བརྒྱན་གྱིས་མཛེས་པས་རང་གི་སྤྱི་བོར་ཐལ་མོ་སྦྱར་ཏེ་བག་ཚ་བ་མེད་པའི་སྒྲ་དབྱངས་ཀྱིས་བདེན་པའི་ཚིག་སྨྲས་པ། རྒྱལ་བ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་གང་གིས་ཆོས་འདི་སྟོང་པ་ན། །མཚོན་ཆ་འདི་རྣམས་མེ་ཏོག་མན་དྷར་གྱུར། །སེམས་ཅན་སུ་དག་ང་ལ་སྡང་བྱེད་པ། །དེ་དག་ཕྱིར་ནི་བྱང་ཆུབ་བདག་སྤྱོད་གྱུར། །ཐུབ་པ་ཚུལ་ཁྲིམས་བརཏལ་ཤུགས་ལྡན་པ་ཡིས། །གཞན་དུ་མི་འགྱུར་ཚིག་ནི་སྨྲས་མ་ཐག །ནགས་ཚལ་བཅས་པའི་ས་ཡང་རབ་ཏུ་གཡོས། །མཚོན་ཆ་དེ་དག་མེ་ཏོག་མན་དྷར་གྱུར། །དགའ་བའི་ཚལ་ན་དགའ་བའི་ལྷ་མོ་དག །མེ་ཏོག་ཐོགས་ཏེ་རབ་ཏུ་གཡོ་བ་བཞིན། །དམིགས་པ་ཅན་དག་མཚོན་ཆ་ཐོགས་པ་ནི། །དེ་ཚེ་ལུས་དང་སེམས་ནི་ཞུམ་གྱུར་ནས། །དེ་ནས་དྲུང་དུ་ཉེ་བར་འོང་མ་ནུས། །སྐྲག་ཅིང་སྤ་གོང་ནད་ཀྱིས་བཏབ་པ་བཞིན། །དེ་དག་གདོང་ཡང་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ཅན་ཁ་རླངས་ཕོག་པས་ཉམས་པ་འདྲ། །གང་དག་དེ་མངོན་གྱུར་པའི་སྐྱེ་བོ་རྣམས། །ཁྱད་པར་དུ་ཡང་ངོ་མཚར་ཆེན་པོ་གྱུར། །སུ་དག་ཐུབ་དབང་ལ་ནི་དད་མོས་ཤིང་། །གང་དག་སྟོང་པ་ཞི་བ་འདོད་པ་རྣམས། །དེ་དག་ཨ་ལ་ལ་སྟོང་བརྗོད་ནས་སུ། །གོས་མཆོག་བརྒྱ་ཡིས་དགེ་སློང་མངོན་པར་གཡོགས། །དེ་ལྟར་བདག་ཉིད་ཆེན་པོ་དེ་ལ་ལོག་པར་བལྟ་བའི་སྐྱེ་བོ་དག་གི་གནོད་པས་ལུས་དང་སེམས་བརྫི་བ་མེད་པར་གྱུར་ཏེ། སླར་ཡང་སེམས་ཅན་གྱི་དོན་དུ་ཏིང་ངེ་འཛིན་རབ་ཏུ་ཞི་བའི་ཚུལ་ལོ་བརྒྱད་ཅུའི་བར་དུ་བརྟན་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་བདག་གཅིག་པུ་ཞི་བའི་ཏིང་ངེ་འཛིན་བསྒྲུབ་པ་མ་ཡིན་ཏེ། གཞན་གྱི་དོན་ལ་བརྩོན་པའི་དབེན་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུ་ལས་བརྩམས་ནས་ད་ལྟར་དང་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་པ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་སྲིད་པར་དེ་ལྟར་སྤྱད་སྤྱོད་པ། །དགེ་སློང་སྙན་འོད་དེ་ནི་ང་ཉིད་ཡིན། །བསོད་ནམས་བློ་གྲོས་རྒྱལ་པོའི་བུ་དེ་ནི། །ཚེ་རབས་སྟོང་དུ་གྲོགས་བྱས་བྱམས་པ་ཡིན། །གཞོན་ནུ་ཐོས་ནས་ང་ཡི་རྗེས་སུ་སློབས། །ང་ནི་མྱ་ངན་འདས་གྱུར་ཕྱི་མའི་ཚེ། །དམ་པའི་ཆོས་ནི་རྣམ་པར་འཇིག་པ་ན། །དགེ་སློང་མུ་སྟེགས་བློ་ལ་བརྩོན་པ་དག །དེ་དག་ང་ཡི་ཞི་བའི་ཆོས་ལམ་སྤོང་། །ཁེངས་ཤིང་རྒོད་ལ་གཏུམ་ཞིང་སྤྱི་གཏོལ་ཆེ། །སྡིག་པའི་གྲོགས་པོའི་ཟས་ལ་ཆགས་པ་དག །ཆོས་གོས་ལྷུང་བཟེད་དག་ལ་ཆགས་ཤིང་བརྐམ། །རྙེད་ལ་གནས་ཤིང་དེ་དག་ཆོས་ལམ་སྤོང་། །ཡིད་གཏུམ་ཞེ་སྡང་ལྡན་ཞིང་བྱས་མི་གཟོ། །དམན་པའི་རིགས་དང་དབུལ་པོའི་རིགས་ལས་ནི། །ང་ཡི་བསྟན་པ་འདི་ལ་རབ་བྱུང་ནས། །དེ་དག་ཞི་བའི་ཆོས་འདི་སྤོང་བར་བྱེད། །བདུད་དང་འདོད་ཆགས་ཞེ་སྡང་གཏི་མུག་གིས། །ཟིལ་གནོན་སྟོང་པ་ཞི་བའི་ཆོས་མི་འདོད། །དགེ་སློང་དགེ་སློང་མ་དང་ཁྱིམ་པ་རྣམས། །སྡིག་པའི་བློ་ཡིས་འཛིན་བཅུག་རྨོངས་བྱས་ཏེ། །དེ་དག་དབང་དུ་རྟག་པར་སོང་གྱུར་པ། །ཕྱི་མའི་དུས་ལ་བྱང་ཆུབ་སྤོང་བར་བྱེད། །ང་ཡི་ཚིག་འདི་གཞོན་ནུས་ཐོས་ནས་སུ། །དགེ་སློང་དགོན་པ་བ་དང་རྟག་ཏུ་བསྟོད། །སུ་དག་སྟོང་པ་ཞི་ལ་དགའ་བ་ཡིས། །རྒྱལ་བའི་ཆོས་འདི་ལེགས་པར་བཟུང་བ་ཡིན། །སུ་དག་ཏིང་འཛིན་འདི་ནི་འཛིན་གྱུར་པ། །དེ་དག་ང་ཡི་བསྟན་ལ་རབ་བྱུང་ཞིང་། །དགེ་སློང་བསྙེན་རྫོགས་གསོ་སྦྱོང་ལས་རྣམས་བྱས། །ཟས་ལ་མི་བརྐམ་མི་ཆགས་ཟ་བ་ཡིན། །ལུས་དང་སྲོག་ལ་བལྟ་བ་རབ་སྤོང་ལ། །སྟོང་པ་ཤིན་ཏུ་ཞི་བ་བསྒོམ་པར་བགྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། ཞེས་གསུངས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་བསམ་གྱིས་མི་ཁྱབ་པའི་བསམ་གཏན་བསྐྱེད་པ་ལ་ཡང་སྦྱར་བར་བྱ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང་། རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལ་ཡང་སྦྱར་བར་བྱའོ། །དགེ་སློང་སྙན་པའི་འོད་ཀྱི་སྐྱེས་པའི་རབས་སྟེ་བཞི་ཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ལས་ཀྱི་རྣམ་པར་སྨིན་པ་མངོན་དུ་བྱས་ཤིང་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ལ་ཆགས་པ་མེད་པར་བསམ་གཏན་བསྒྲུབ་པ་ལ་བརྩོན་ཞིང་སེམས་ཅན་དུ་མ་དག་ཀྱང་ཡོན་ཏན་གྱི་གནས་འཐོབ་པར་བྱེད་པ་ལ་འགོད་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་ཡུལ་བཱ་ར་ཎཱ་སི་ཞེས་བྱ་བར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་བྱུང་ཏེ། དེའི་ཡུལ་ནི་ཤིན་ཏུ་འབྱོར་ཞིང་རྒྱས་པ། བདེ་བ་དང་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་བ། འཐབ་པ་དང་རྩོད་པ་དང་། ཆོམ་རྐུན་རྣམས་མེད་ཅིང་ཡུལ་འཁོར་ཐམས་ཅད་ཤིན་ཏུ་བདེ་བར་གྱུར་པ། རྒྱལ་པོའི་བཀའ་ཁྲིམས་བཟང་པོ་བསྒྲགས་ཤིང་། སྐྱེ་བོ་རྣམས་ཀྱིས་མ་སྨད་པ། བཀྲ་ཤིས་ཀྱི་ཁྱད་པར་དུ་མ་དང་ལྡན་པ་བྱུང་ངོ་། །ས་བདག་འབྱོར་པའི་དཔལ་འབྱོར་རྒྱ་ཆེ་ཞིང་། །མཚོན་གྱི་ཆད་པ་མེད་ཅིང་བདེ་བར་གནས། །དེ་ཡིས་སྐྱེ་དགུ་ཡོངས་སུ་བསྲུངས་གྱུར་ཅིང་། །མ་ལུས་པ་རྣམས་ཀུན་ལ་དབང་བྱེད་ཀྱང་། །གང་ན་འཇིག་རྟེན་རིགས་བརྒྱུད་གྱིས་དབེན་པ། །དེའི་རྒྱལ་སྲིད་མཛེས་པ་མེད་གྱུར་ཏེ། །དུས་ཚིགས་བབ་པའི་གསལ་བྱེད་ནུབ་པ་ན། །གནམ་སའི་བྱེ་བྲག་མཛེས་པ་མེད་པ་བཞིན། །དེ་ལྟར་རྒྱལ་པོ་དེའི་ལོངས་སྤྱོད་ཀྱི་ཁྱད་པར་གཞན་ཕུལ་དུ་བྱུང་དུ་ཟིན་ཀྱང་། བུ་མེད་པར་གྱུར་ནས་དེས་རིགས་བྱེད་ཀྱི་ཐབས་དང་སྲིད་བསྒྲུབ་པའི་བྱ་བ་ལ་བརྩོན་ཞིང་འཇིག་རྟེན་གྱི་ལྷ་ཐམས་ཅད་ལ་ཡང་གསོལ་བ་འདེབས་པར་བྱེད་དོ། །དེ་ནས་དུས་རེ་ཞིག་གི་ཚེ་བཙུན་མོ་དམ་པ་དེ་སྲོག་ཆགས་དག་ལྡན་པར་གྱུར་པ་ལས་རྒྱལ་པོ་དེ་ཡིད་དགའ་ཞིང་བདེ་བར་གྱུར་ཏེ། ཡུན་རིང་པོ་ནས་མངོན་པར་འདོད་པའི་དོན་གྲུབ་པར་གྱུར་ཞིང་བདག་གི་རིགས་བརྒྱུད་ཀྱང་བྱུང་བར་གྱུར་ཏོ་སྙམ་དུ་ཡིད་ལ་རེ་བ་ཆེར་བྱས་ནས། བཙུན་མོ་དམ་པ་དེ་ཡང་ཚེའི་རིགས་བྱེད་ལས་བྱུང་བ་བཞིན་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་སྟེ། རིག་སྔགས་ཀྱི་བསྲུང་བའི་ཆོ་ག་ཐམས་ཅད་ཀྱང་ཚུལ་བཞིན་དུ་བྱས་སོ། །དེ་ནས་རྒྱལ་པོ་ཤིན་ཏུ་དགའ་གྱུར་ཏེ། །ཕོ་བྲང་དམ་པ་རྣམས་ཀྱང་ལེགས་པར་བརྒྱན། །གྲོང་གི་ཕྱོགས་བཞིར་སྦྱིན་པའི་བཀང་ས་དག །ཕོངས་པའི་རྫིང་དང་འདྲ་བ་ཉེར་བཤམས་ནས། །སློང་པ་རྣམས་ལ་བཟའ་ལྟུང་བཞོན་པ་དག །ཅི་འདོད་སྦྱིན་པ་བཏུང་ཆུ་བཞིན་དུ་ཕབ། །དེ་ནས་དུས་གཞན་ཞིག་གི་ཚེ། བཙུན་མོ་ཚངས་ལྡན་མ་ཡིད་ལ་འདོད་པ་འདི་ལྟ་བུ་སྐྱེས་ཏེ། ཨེ་མའོ་བདག་ལྷ་དང་ཐབས་ཅིག་ཏུ་སྐྱེད་མོས་ཚལ་གྱི་རྫིང་བུ་བསིལ་བར་གྲུ་པོ་ཆེའི་ལྡིང་ཁང་དུ་ཞུགས་སྟེ་དགའ་བར་བྱའོ་སྙམ་དུ་བསམ་ནས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་ཀྱང་དེའི་ཡིད་བཞིན་དུ་གནང་སྟེ། སྐྱེད་མོས་ཚལ་གྱི་རྫིང་བཟང་པོ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་མཛེས་པར་བྱས། མེ་ཏོག་གི་རིགས་དུ་མ་ནི་འབར་བ་བཞིན། སྒྲ་སྙན་པའི་བུང་བ་མང་པོ་ནི་དི་རི་རི་ཟེར། རླུང་བསིལ་བའི་ངད་ལྡང་བ་དེར་གྲུ་བོ་ཆེའི་ལྡིང་ཁང་རྒྱན་སྣ་ཚོགས་ཀྱིས་ཉེ་བར་བརྒྱན་པ། རྒྱལ་པོའི་ཡོ་བྱད་སྣ་ཚོགས་ཀྱིས་ནི་མཛེས་པར་བྱས། རྒྱལ་པོའི་ཉུག་རུམ་པ་རྣམས་ཀྱིས་ནི་བསྐོར། བྲམ་ཟེ་རྣམས་ཀྱིས་ནི་རྒྱལ་བར་གྱུར་ཅིག་པའི་སྒྲ་བརྗོད་བཞིན་དུ་རྒྱལ་པོ་དང་ལྷན་ཅིག་ཏུ་གྲུ་བོ་ཆེའི་ནང་དུ་ཞུགས་ཏེ། བརྩེ་བར་བྱེད་པ་ལས། དེའི་ཚེ་ཁྱེའུ་ཞིག་བཙས་སོ། །དེ་ཡི་ལུས་ནི་རབ་ཏུ་རྒྱས་ཤིང་མཛེས། དེ་ཡི་ལྤགས་པ་གསེར་སྦྱངས་ཕྱིས་པ་བཞིན། །དབང་པོ་རབ་ཏུ་དང་ཞིང་ཞི་ལ་མཛེས། །མགོ་བོ་གདུགས་དང་འདྲ་བའི་དཔལ་གྱིས་བརྒྱན། །དེ་ནི་བཙས་མ་ཐག་ཏུ་རྒྱལ་པོ་དང་། །སྐྱེ་བོའི་ཚོགས་རྣམས་དགའ་བའི་སྒྲ་འབྱིན་པ། །གླུ་སྒྲ་སྙན་དང་དགོད་སྒྲ་འབྲེལ་བར་གྱུར། །སྐྱེ་བོ་གདོང་གི་པད་མོ་དྲི་མེད་དག །སོ་ཡི་ཟེའུ་འབྲུ་ལྷག་པར་གསལ་གྱུར་ཅིང་། །ཡན་ལག་འདབ་མ་དགའ་བའི་རླུང་བསྐྱོད་པས། །དེ་ཡི་ཡིད་དང་ལྷན་ཅིག་འབྲེལ་པ་འདྲ། །དེ་ལྟ་བུའི་མཚན་དང་ལྡན་པའི་གཞོན་ནུ་དེ་བཙས་ནས་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་སྟོན་ཆེན་པོ་བྱས་ཏེ། ཁྱེའུ་དེ་ཆུའི་དབུས་སུ་སྐྱེས་པས་མིང་ཡང་ཆུ་སྐྱེས་ཞེས་བཏགས་སོ། །དེ་ནས་ཁྱེའུ་དེ་མ་མ་རྣམས་ཀྱིས་རྒྱལ་པོའི་ལོངས་སྤྱོད་ཀྱི་དཔལ་ཆེན་པོས་ཇི་ལྟར་འོས་པའི་ཡོ་བྱད་ཀྱིས་བསྐྱེད་དེ། བདེ་ལེགས་ཀྱི་ཁྱད་པར་རྣམས་ཀྱང་ཚུལ་བཞིན་དུ་བྱས་ནས་དེ་ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་བཅས་པས་གཟི་བརྗིད་དང་ལུས་ཀྱི་ཡོན་ཏན་རབ་ཏུ་གསལ་བར་གྱུར་ཏོ། །དེའི་ཚེ་ཁྱེའུ་བདག་ཉིད་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་སྐྱེ་བ་གང་ནས་འདིར་སྐྱེས་པར་གྱུར། སྙམ་པ་ན་དེ་བདག་ཉིད་ཀྱི་མངོན་པར་ཤེས་པས་ཡོངས་སུ་དྲན་ཏེ། སེམས་ཅན་དམྱལ་བའི་གནས་ནས་འདིར་འོང་པར་མཐོང་ཏེ། དམྱལ་བ་དེར་སྐྱེ་བའི་རྒྱུ་ཡང་སྔོན་རྒྱལ་སྲིད་ཀྱི་བྱ་བ་བྱས་པ་ལ་རྟེན་ནས་བག་མེད་པའི་དབང་གིས་ཉེས་པ་དེ་ལྟར་བྱུང་བར་རིག་སྟེ། འདི་སྙམ་དུ་སེམས་སོ། །ཀྱེ་མ་བླུན་པོའི་རང་བཞིན་ཅན། །འགྲོ་འདི་བག་མེད་ཉེས་པ་འདིས། །དམྱལ་སོགས་སྡུག་བསྔལ་དུ་མ་མྱོང་། །ད་ནི་དལ་འབྱོར་རིན་ཆེན་དག །རྙེད་ཚེ་ལེ་ལོའི་སྐྱོན་བཅོམ་ནས། །སྡུག་བསྔལ་རྒྱ་མཚོ་བསྐམ་པའི་རིགས། །ད་ནི་བདག་གིས་ཅི་ནས་ཐབས་བྱ་བའི་དུས་ལ་བབ་པོ་སྙམ་སྟེ། ལྐུགས་ཤིང་ཡན་ལག་འཁུམས་པ་བཞིན་དུ་བྱས་སོ། །དེ་ནས་གཞོན་ནུ་དེ་དང་དུས་མཉམ་དུ་སྐྱེས་པའི་བློན་པོའི་བུ་ལྔ་བརྒྱ་ཡང་ཆེར་གྱུར་ཏེ། ཉིན་རེ་བཞིན་དུ་རྒྱལ་པོའི་དྲུང་དུ་འོངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་བྱིན་འདི་སྙམ་དུ་སེམས་སྟེ། ཀྱེ་མ་བདག་གི་གཞོན་ནུ་ཆུ་སྐྱེས་འདི་ནི་ལྐུགས་ཤིང་ལྡང་མི་ཤེས་པར་གྱུར་པས་རྒྱལ་སྲིད་ཀྱི་བྱ་བ་བྱེད་ནུས་པར་མི་འགྱུར་བས་གཞོན་ནུ་བཙས་པ་དོན་མེད་པར་གྱུར་ཏོ་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་མྱ་ངན་བྱེད་པ་ལ་ཞུགས་པར་གྱུར་ཏོ། །དེ་ལྟ་བུའི་ཚུལ་དེ་བློན་པོ་རྣམས་ཀྱིས་མཐོང་ནས། ལྷ་ཅིའི་སླད་དུ་ཐུགས་མི་དགྱེས་པར་མཛད། རྒྱལ་པོས་སྨྲས་པ། བདག་གི་རྒྱལ་སྲིད་ཕུན་སུམ་ཚོགས་གྱུར་ཀྱང་། །རིགས་རྒྱུད་འཛིན་པར་བྱེད་པ་ཡོང་མེད་ཅིང་། །བུ་ཅིག་འདི་ཡང་ལྐུགས་ཤིང་འཕྱེ་བར་གྱུར། །དེ་ཡིས་བདག་སེམས་ཁོང་དུ་ཆུད་ཅིང་འདུག །དེ་སྐད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱང་དེ་ནི་མེད་དོ་སྙམ་ཏེ་གཞོན་ནུ་དེའི་སྐྱོན་གསལ་བ་ལ་བརྩོན་པར་གྱུར་ཏེ། སྨན་པ་རྣམས་བསྡུས་ཏེ་བསྟན་པ་ན། སྨན་པ་རྣམས་ཀྱིས་གསོལ་བ། ལྷ་གཞོན་ནུ་འདི་དབང་པོ་རྣམས་རབ་ཏུ་གསལ་ཞིང་ནད་ཀྱི་རིགས་ཅུང་ཟད་ཀྱང་མ་མཆིས་པར་མཐོང་ན། འོན་ཀྱང་སྐྲག་པ་ཞིག་མཛོད་ཅིག །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་གཤེད་མ་དག བཀུག་ནས་གསང་སྟེ་བསྒོ་བ་ངའི་གཞོན་ནུ་ལྐུགས་པ་སྐྱེ་བོའི་ཚོགས་ཆེན་པོའི་སྔོན་དུ་སྤང་གིས་ཁྱེད་ཅག་གིས་མ་གསད་ཅིག །དེ་དག་གིས་ཀྱང་ལྷ་བཀའ་བཞིན་འཚལ་ཅེས་བསྒོ་བ་མཉན་ནས་གཞོན་ནུ་ལྐུགས་པ་ཤིང་རྟའི་ནང་དུ་བཅུག་སྟེ་ཝཱ་ར་ཎཱ་སེའི་དབུས་ཐོག་ཐག་ཏུ་ཁྲིད་པ་དང་རྒྱལ་པོའི་ཞལ་སྔ་ནས་གཞོན་ནུ་དུར་ཁྲོད་དུ་བསྐྱོལ་ཅིག་ཞེས་བསྒྲགས་སོ། །དེ་ནས་གཞོན་ནུ་ཆུ་སྐྱེས་ཀྱིས་ཝཱ་ར་ཎཱ་སེ་འབྱོར་ཞིང་རྒྱས་པ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཝཱ་ར་ཎཱ་སེའི་གྲོང་ཁྱེར་འདི། །སྐྱེས་བུ་འགའ་ཞིག་གནས་པའམ། །འོན་ཏེ་མི་གནས་སྟོང་པ་ཡིན། །འདི་ནི་ཅི་ཞིག་གྱུར་པ་ཀྱེ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་གཤེད་མ་རྣམས་ཀྱིས་གཞོན་ནུ་ལྐུགས་པ་རྒྱལ་པོའི་ཕོ་བྲང་དུ་སླར་ཁྲིད་དེ་ལྷ་གཞོན་ནུ་འདི་ནི་འདི་སྐད་དུ་སྨྲའོ་ཞེས་མཆིས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་སྤང་དུ་བླངས་སྟེ། འདི་སྐད་ཅེས་སྨྲས་སོ། །བུ་སུ་ཞིག་གསད། སུ་ཞིག་སྲོག་དང་ཕྲལ། སུ་ལ་ཅི་ཞིག་སྦྱིན། དེ་སྐད་ཅེས་སྨྲས་ཀྱང་གཞོན་ནུ་ཅང་མི་ཟེར་རོ། །ཡང་ཚངས་སྦྱིན་གྱིས་གཤེད་མ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་སྤངས་སོ། །ལྷ་བཀའ་བཞིན་དུ་འཚལ་ཅེས་གཤེད་མ་བ་རྣམས་ཀྱིས་སླར་ཡང་ཤིང་རྟའི་ནང་དུ་བཅུག་ཏེ་གྲོང་ཁྱེར་གྱི་མཐའི་བར་དུ་ཕྱིན་པ་དང་། མི་ཞིག་ཤི་བའི་རོ་ཁྱོགས་ལ་ཁྱེར་བ་མཐོང་ནས་གཞོན་ནུ་ལྐུགས་པས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི་འདི་ཤི་བར་གྱུར་བ་ཡིས། །ཤི་བ་ཉིད་དུ་གྱུར་པའམ། །འོན་ཏེ་གསོན་བཞིན་ཤི་བ་ཡིན། །ཤི་བའི་ཁྱད་པར་གང་ཡིན་ཀྱེ། དེ་སྐད་སྨྲས་པ་ཐོས་ནས་སླར་ཡང་སྔ་མ་བཞིན་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་སྔར་བཞིན་དྲི་བ་མཛད་ན་གཞོན་ནུ་ཅི་ཡང་མི་སྨྲའོ། །ཡང་སྔ་མ་བཞིན་དུ་སྡིག་ཤིང་ཁྲིད་དེ་འབྲས་ཀྱི་ཕུང་པོ་ཞིག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །འབྲས་ཀྱི་ཕུང་པོ་ཆེན་པོ་འདི། །གལ་ཏེ་དང་པོ་ཉིད་ནས་ནི། །ཟོས་པའམ་ནི་མ་ཟོས་པ། །དྲུང་དུ་ཟུག་པའམ་ཅི་ཞིག་ཀྱེ། །ཡང་སྔ་མ་བཞིན་དུ་ཕོ་བྲང་དུ་ཁྲིད་ཀྱང་ཅང་མི་སྨྲ་བར་གྱུར་ནས། རྒྱལ་པོ་ཚངས་བྱིན་ཤིན་ཏུའང་ཡི་ཆད་པར་གྱུར་ཏེ། ཤེས་ལྡན་དག་དེང་ལ་མྱུར་དུ་གཞོན་ནུ་ཚལ་གྱི་ནང་དུ་དོང་རྐོས་ལ་ཆུག་ཤིག །དེ་དག་གིས་ཀྱང་ལྷ་བཀའ་བཞིན་དུ་འཚལ་ཞེས་དུར་ཁྲོད་ཆེན་པོ་ག་ན་བ་དེར་སོང་ནས་དོང་བརྐོ་བར་བརྩམས་སོ། །དེ་ནས་གཞོན་ནུ་ལྐུགས་པས་ཚིགས་སུ་བཅད་དེ་སྨྲས་པ། ཁ་ལོ་བསྒྱུར་ཁྱེད་ཅི་ཡི་ཕྱིར། །མྱུར་དུ་དོང་ནི་བརྐོ་བར་བྱེད། །དེའི་དགོས་པའང་ཅི་ཞིག་ཡོད། །ཚུལ་བཞིན་བདག་ལ་སྨྲ་བར་རིགས། །ཁ་ལོ་བསྒྱུར་བས་སྨྲས་པ། རྒྱལ་པོའི་སྲས་པོ་བཙས་པ་ནི། །ཞ་བོ་ལྐུགས་པ་སྨྲ་མི་ཤེས། །འདི་ནི་ཚལ་ཁྲོད་མྱུར་དུ་ནི། །དོང་བརྐོས་བཅུག་ཅེས་བཀའ་སྩལ་ཏོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཨེ་མའོ་འདི་དག་ནི་གསོད་པ་ལ་དགའ་བ། རྒྱལ་པོའི་ངག་ཙམ་གྱིས་འཚོ་བར་བྱེད་པ་ཡིན་པས། གལ་ཏེ་ན་བདག་གི་བསམས་པའི་དོན་མེད་པར་འགྱུར་རོ་སྙམ་ནས་སྨྲས་པ། ཁ་ལོ་བསྒྱུར་རྣམས་ཚུལ་འདི་ལེགས་པར་ཉོན། །ས་བདག་ལ་ནི་གལ་ཏེ་བདག་གི་དོན། །གཅིག་ཅིག་གསོལ་བ་གནང་ན་བདག་གིས་ནི། །རྐང་གིས་གྲོང་གི་དབུས་སུ་འཇུག་བགྱིད་ཅིང་། །བསལ་བའི་ཚིག་གིས་ལན་ཡང་འདེབས་པར་བགྱི། །ཚུལ་འདི་མི་དབང་དྲུང་དུ་ཞུ་བར་གྱིས། །དེ་ནས་མི་དག་ཤིན་ཏུ་དགའ་བར་གྱུར་ཏེ། རྒྱལ་པོའི་དྲུང་དུ་སོང་ནས་གཞོན་ནུ་འདི་སྐད་མཆིའོ་ཞེས་གསོལ་ཏོ། །རྒྱལ་པོ་རབ་ཏུ་དགའ་ཞིང་ཡིད་བདེ་བར་གྱུར་ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེ་ལྟ་ན་གཞོན་ནུའི་ཡིད་ལ་ཅི་འདོད་པ་སྦྱིན་པར་བྱའོ་ཞེས་དམ་བཅས་ལ་གྲོང་ཁྱེར་ཐམས་ཅད་ཀྱང་བརྒྱན་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་གུས་པའི་དབང་གིས་བློན་པོ་རྣམས། །རབ་ཏུ་དགའ་བས་དགའ་སྟོན་ཁྱད་པར་རྣམས། །སྟོན་ཀའི་དཔལ་བཞིན་ཀུན་ཏུ་མཛེས་པར་བཤམས། །ཕོ་བྲང་འཁོར་ནས་གྲོང་ཁྱེར་ཐམས་ཅད་དུ། །རྒྱལ་མཚན་བ་དན་སྣ་ཚོགས་ཉེ་བར་བསྒྲེང་། །མེ་ཏོག་སིལ་མའི་ཚོགས་ཀྱིས་རབ་ཏུ་བཀྲམ། །བདུག་སྤོས་སྣ་ཚོགས་ཕྱོགས་སུ་ངད་ལྡང་ཞིང་། །གཞོན་ནུ་གསལ་ཞིང་བརྟན་པར་གྱུར་ཏོ་ཞེས། གྲགས་པའི་རླུང་གིས་བསྐྱོད་པའི་སྐྱེ་བོ་རྣམས། །རབ་ཏུ་དགའ་བས་ཕྱོགས་རྣམས་ཀུན་ཏུ་རྒྱུགས། །གཞན་དག་ཨ་ལ་ལ་ཞེས་ག་ཞ་འབྱིན། །བུང་བའི་ཚོགས་ཀྱིས་པད་མོ་མཐོང་བ་བཞིན། གཞོན་ནུ་རྣམས་ནི་གཡོ་ཞིང་དྲུང་དུ་འགྲོ། །ཚངས་པའི་བུ་རྣམས་རྒྱལ་བར་གྱུར་ཅིག་ཅེས། །ཡན་ལག་ཅོད་པན་གཡོ་ཞིང་མེ་ཏོག་འཐོར། །གཞན་དག་དེ་ཡི་གཟུགས་ཀྱིས་ཡིད་དྲངས་ཏེ། །བྲིས་པའི་མིག་བཞིན་དེ་ཡི་གདོང་དུ་ལྟ། །རྒྱལ་པོ་དེ་ཡང་དགའ་བས་བསྐྱོད་པའི་གདོང་། །འོད་སྟོང་འགྱེད་དང་པད་མོ་འཕྲད་པ་བཞིན། །དེ་ནས་གཞོན་ནུ་ཆུ་སྐྱེས་རྐང་གིས་གྲོང་ཁྱེར་དུ་ཞུགས་ཏེ། ཡབ་རྒྱལ་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཚིགས་སུ་བཅད་དེ་སྨྲས་པ། མི་དབང་བདག་ནི་ལྐུགས་འཕྱེ་དང་། །བླུན་པོའི་བློ་ནི་ལྡན་པ་ལགས། །རྣམ་པར་གསལ་བར་བགྱིད་པ་ཡི། །ཚིག་གིས་གོ་བར་བགྱིད་པ་ལགས། །དབང་པོ་རྣམས་ནི་ཚང་བ་དང་། །གསལ་བ་དག་དང་ལྡན་པ་ལགས། །རྒྱལ་པོས་སྨྲས་པ། བུ་ཅིའི་ཕྱིར་ཚིག་མི་སྨྲ་ཞིང་རྐང་གིས་མི་འགྲོ། ཆུ་སྐྱེས་ཀྱིས་གསོལ་བ། བཀའ་སྩལ་པའི་དོན་དེ་སླད་ནས་གསོལ་བར་བགྱི་ཞིང་། གང་ཐོག་མ་ཉིད་དུ་བདག་གིས་མཆོག་གསོལ་བ་དེ་གསོན་ཅིག །བདག་གིས་སྔོན་གྱི་ཚེ་རབས་དྲན། །ལོ་ནི་དྲུག་ཅུའི་བར་དག་ཏུ། །མི་ཡི་ནང་དུ་རིགས་བརྒྱུད་པའི། །རྒྱལ་ཚབ་བདག་གིས་བགྱིད་པ་གང་། །ལོ་ནི་དྲུག་ཁྲིའི་བར་དག་ཏུ། དམྱལ་བའི་འབྲས་བུ་མི་བཟད་སྨིན། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །དྲག་པོ་འཇིགས་བྱེད་དེ་དྲན་ནས། །དམྱལ་བར་ཡང་ཕྱིན་མི་རུང་བས། །རྒྱལ་སྲིད་ལ་ནི་མངོན་མི་དགའ། ཡབ་ཅིག་གནང་བར་མཛོད་ཅིག་དང་། །བདག་ནི་རབ་ཏུ་བྱུང་བར་བགྱི། །རྒྱལ་པོས་སྨྲས་པ། བུ་ཤེས་པར་གྱིས་ཤིག །དྲང་སྲོང་རྣམས་ནི་དཀའ་ཐུབ་ཅུང་ཟད་ཅི་བྱས་པ། །མཆོད་སྦྱིན་སྦྱིན་བསྲེག་བྱ་བ་དེ་དག་ཐམས་ཅད་ཀྱིས། །ལུས་དང་ལོངས་སྤྱོད་བདེ་བ་རྒྱལ་སྲིད་བསྒྲུབ་བྱེད་ན། །མངོན་དུ་གྱུར་ཀྱང་ཁྱོད་ནི་ཅིའི་ཕྱིར་རབ་ཏུ་འབྱུང་། །དེ་སྐད་ཅེས་སྨྲས་པ་དང་། དེ་ནས་གཞོན་ནུས་སླར་ཡང་སྨྲས་པ། ཀིམ་པ་ཀ་ཡི་འབྲས་བུ་འདྲ་བ་ཡི། འདོད་པ་རྣམས་ལ་ནམ་ཡང་བདག་མི་འཚལ། །བདུད་རྩིའི་རོ་མཆོག་ལྟ་བུའི་འབྲས་ལྡན་པ། །ཚངས་པར་སྤྱོད་པ་བདག་གིས་སྤྱད་པར་བགྱི། །གང་ལ་སྡུག་བསྔལ་རབ་འབྱུང་བའི། །བདེ་དེ་བདེའོ་སྙམ་མི་བགྱིད། །གང་ལས་བདེ་བར་རབ་སྐྱེ་བའི། །སྡུག་ལ་སྡུག་བསྔལ་སྙམ་མི་བགྱི། །ཡབ་ཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། རྒྱལ་པོས་སྨྲས་པ། བུ་རེ་ཞིག་ཁང་བཟང་གི་གཞི་སྤོས་ཀྱི་དུ་བ་དང་། ཕྱེ་མས་འཁྲིགས་པ་མེ་ཏོག་སྣ་ཚོགས་བཀྲམ་པ། མལ་བཟང་པོ་སྟེང་གཡོགས་བཟང་པོ་ཅན་བཤམས་པ་ལ་གང་ནས་ཀྱང་འཇིགས་པ་མེད་པར་ནི་ཉལ། རོལ་མོའི་སྒྲ་སྙན་པས་ནི་སད། གོས་འཇམ་པོ་ནི་བསྒོ། ཟས་ཞིམ་པོ་ནི་ཟ། བཏུང་བ་ཞིམ་པོ་ནི་འཐུང་བར་བྱའོ། །དགོན་པར་ནི་རབ་ཏུ་བྱུང་བ་རྣམས་རྟག་ཏུ་ཤིང་དྲུང་ན་རྩའི་གདིང་བ་དང་ལོ་མ་བཏིང་པ་ལ་འཇིགས་ཤིང་བག་ཚ་བའི་སེམས་ཀྱིས་གཅན་གཟན་གདུག་པ་ཅན་རྣམས་དང་ལྷན་ཅིག་ཉལ། དེ་སྤྱང་ཀིའི་དགྲས་ནི་གསད། གཡང་གཞི་དང་ཤིང་ཤུན་གྱི་གསོམ་ནི་གྱོན། རྩ་བ་དང་འབྲས་བུ་ནི་ཟ། ཆུ་དྲོན་མོ་དང་ཆུ་བརྙོག་མ་ཅན་གྱི་བཏུང་བ་ནི་བཏུང་དགོས་ན། ཁྱོད་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་། དེ་ནས་གཞོན་ནུ་དེས་ཚིགས་སུ་བཅད་དེ་སྨྲས་པ། ནགས་ན་ཤིང་ཤུན་གཡང་གཞི་གྱོན་ཞིང་འབྲས་བུ་ཟ། །གཅན་གཟན་གདུག་པ་ཅན་དང་ལྷན་ཅིག་འདུག་པ་སླའི། །མཁས་པ་འཇིག་རྟེན་ཕ་རོལ་དག་གིས་འཇིགས་པ་ཡིས། །རྒྱལ་སྲིད་ཕྱིར་ནི་གསོད་དང་བརྡེག་དང་འཆིང་མི་རུང་། །ཡབ་ཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། གལ་ཏེ་ངའི་ཐེ་ཚོམ་གསུམ་པོ་འདི་དག་སོལ་ཅིག །དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བར་གནང་ངོ་། །གང་ཁྱོད་ཀྱིས་ཝཱ་ར་ཎཱ་སེ་འདི་འབྱོར་ཞིང་རྒྱས་པ་མཐོང་བཞིན་དུ་འདི་སྟོང་པ་ཡིན་ནམ་མ་ཡིན་ཞེས་སྨྲ་བའི་དོན་ཅི། དེ་བཞིན་དུ་མི་ཤི་བའི་རོ་ལ་ཤི་བ་ཉིད་དམ་གསོན་པ་ཤི་ཞེས་སྨྲ་བ་དང་། གང་འབྲུའི་ཕུང་པོ་ལ་དང་པོ་ཉིད་ནས་ཟོས་པའམ་མ་ཟོས་པ་ཞེས་ཟེར་བ་དེ་དག་ཅི་ལ་བསམ་ཏེ་སྨྲས་པ། གཞོན་ནུས་གསོལ་པ། ལྷ་འདི་ནི་ཁྱེད་ཀྱི་ཐུགས་མཉེས་པར་བགྱི་ཡིས་གསན་དུ་གསོལ། ལྷ་ཡིས་བདག་ནི་བཀུམ་པར་བཀའ་སྩལ་ན། །བདག་ལ་ནོངས་པ་ཅུང་ཟད་ཡོད་མིན་ཀྱང་། །ཅི་ཕྱིར་གཞོན་ནུ་གསོད་ཅེས་སྨྲ་བའི་མི། །གཅིག་ཀྱང་མི་འཚལ་སླད་དུ་དེ་སྐད་སྨྲས། །དེ་ནི་ལེགས་སོ། །གཉིས་པ་ཁྱོད་ཀྱིས་གང་ལ་བསམ་ནས་སྨྲས། གང་ཞིག་ཉེས་པར་བགྱིས་པའི་ལས་ཀྱིས་གུམ་པ་འདི། །དེ་ནི་ཤིན་ཏུ་གུམ་ཞིང་ཤི་བར་གྱུར་པ་ལགས། །ལེགས་པའི་ལམ་གྱིས་གང་ལགས་དེ་དག་ཤི་བ་ན། དེ་ནི་གུམ་ཡང་གསོན་པོར་གྱུར་ཞེས་བརྗོད་ལགས་སོ། །ལེགས་སོ་ལེགས་སོ། །གཞན་ཡང་གཞོན་ནུ་ཁྱོད་ཀྱིས་གསུམ་པ་དེ་ཅི་ལས་བརྩམས་ཏེ་སྨྲས། །འཇིག་རྟེན་འདི་ན་བུན་བླངས་སྔོན་དུ་འཚལ་བ་དག །དེ་ནི་སྔ་ནས་ལོ་ཐོག་ཟོས་ཞེས་མཆི་ལགས་སོ། །མ་རབས་དེ་དག་གཞན་གྱི་གླ་པ་ལྟ་བུར་འགྱུར། །འབྲས་བུ་སྨིན་པའང་གཞན་གྱིས་འགྱུར་ཞིང་ཟད་པར་གཟིགས། །དེ་བཞིན་འཇིག་རྟེན་ཕ་རོལ་རིང་དུ་ལྟ་བའི་སེམས། །དགེ་བཅུའི་ལམ་ལས་མངོན་པར་ཉམས་པའི་སྐྱེ་བོ་དག །བདེ་བ་སྤྱད་པས་སྔ་མའི་འབྲས་བུ་ཟད་འགྱུར་བས། །ཚུལ་དེ་བསམ་ནས་བདག་གིས་དེ་སྐད་ཚིག་སྨྲས་སོ། །དེ་ནས་རྒྱལ་པོས་བུའི་ཚིག་ཐོས་ནས། མཆི་མས་བརྣངས་བཞིན་དུ་བུ་ལ་འཁྱུད་དེ་སྨྲས་པ། བརཏལ་ཞུགས་ངེས་ལོང་རང་གི་ཆོས་སྤྱོད་ཅིག །བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་བླང་ངོ་། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གཞོན་ནུ་རབ་ཏུ་མ་བྱུང་ན་ཅིར་འགྱུར། ལྷ་རྒྱལ་པོར་འགྱུར་རོ། །ཁྱེད་ཅག་གི་བུ་རྣམས་ཅིར་འགྱུར། ལྷ་དེའི་གཡོག་ཏུ་འགྱུར་རོ། །དེ་རབ་ཏུ་བྱུང་ན་ཁྱེད་ཅག་གི་བུ་རྣམས་ཅིའི་ཕྱིར་རབ་ཏུ་མི་འབྱུང་། ལྷ་བཀའ་ཅི་སྩལ་དུ་བས་སོ། །དེའི་ཚེ་ཝཱ་ར་ཎཱ་སེ་དང་ཧ་ཅང་ཡང་མི་རིང་བའི་བསྟི་གནས་ཞིག་ཡོད་དེ། དེ་ན་དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན། སྙིང་བརྩེ་བ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཞིག་གནས་སོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འཁོར་ལྔ་བརྒྱ་དང་བཅས་པ་འབྱོར་པ་ཆེན་པོས་དྲང་སྲོང་དེ་ལ་རབ་ཏུ་བྱུང་ངོ་། །གང་གི་བསོད་ནམས་རྒྱ་མཚོའི་དབུས་སྐྱེས་པ། །གཞོན་ནུ་ཆུ་སྐྱེས་ལྷག་པའི་བསམ་པ་ཡིས། །དགའ་བ་རྒྱས་ཤིང་གང་ཚེ་རབ་འབྱུང་བ། །དེ་ཚེ་བློན་པོའི་བུ་མཛེས་ལྔ་བརྒྱ་ཡང་། །ཁྱུ་མཆོག་རྗེས་སུ་བ་རྣམས་འབྲངས་པ་བཞིན། །དྲང་སྲོང་བསྟི་གནས་ནགས་ཁྲོད་ཞི་བར་སོང་། །དེ་ཚེ་ཝཱ་ར་ཎཱ་སེ་ཡི། །རྒྱལ་པོར་བཅས་པའི་སྐྱེ་བོ་རྣམས། །ཤིན་ཏུ་ངོ་མཚར་ཆེར་གྱུར་ཏེ། །ཨེ་མའོ་མཛེས་པའི་གཞོན་ནུ་རྣམས། །ཕ་མ་གཉེན་གྱི་ཚོགས་རྣམས་དང་། །ཁྱིམ་དང་ལོངས་སྤྱོད་ཀུན་སྤངས་ཏེ། །གང་ན་དཀའ་ཐུབ་ནགས་འགྲོ་བ། །ཨེ་མའོ་འདི་ཅི་རྨི་ལམ་འམ། །བདེན་པ་ཡིན་ཞེས་ལང་ལོང་གྱུར། །མཆི་མ་རབ་ཏུ་གཡོ་བཞིན་དུ། །ཁ་ཅིག་ཨ་ལ་ལ་ཞེས་ཟེར། །དེ་ལ་ཆགས་པའི་སྐྱེ་བོ་རྣམས། །ཁྱོད་འདིར་རྒྱལ་པོའི་སྲས་གཅིག་པུ། །ནགས་ཁྲོད་དགོན་མེད་གྱུར་པ་རུ། །བགྲོད་འདི་ཧ་ཅང་སྔས་ཞེས་ཟེར། །གཞན་དག་རྣམས་ལ་དུ་མ་ཡིས། །དྲང་སྲོང་རྣམས་ལ་སྨོད་པར་བྱེད། །ལ་ལ་རྒྱལ་པོའི་དྲུང་འཁོད་ནས། །བཟློག་པའི་ཐབས་ལ་འབད་པར་བྱེད། །རྣམ་པར་དགའ་བའི་སྐྱེ་བོ་རྣམས། །ཀུ་མུ་ད་ཡི་དགའ་སྟོན་བཞིན། །འབྱོར་ཞིང་རྒྱས་པའི་ལོངས་སྤྱོད་ཀྱིས། །གཞོན་ནུ་རྣམས་ལ་བཀུར་སྟི་བྱས། དེ་ལྟར་སྐྱེ་བོ་རྣམས་ཀྱི་སེམས་དང་སྤྱོད་པ་རྣམ་པ་ཐ་དད་ཁྱིམ་གྱི་བདེ་བ་ལ་མངོན་པར་ཞེན་པ་འཇིག་རྟེན་ལས་འདས་པའི་དགའ་བའི་ཁྱད་པར་མ་མཐོང་པ་རྣམས་གཞོན་ནུ་ཆུ་སྐྱེས་ཀྱིས་མཐོང་ནས་འདི་སྙམ་དུ་སེམས་པར་ངེས་སོ། །ཀྱེ་མ་བྱིས་པའི་སྐྱེ་བོ་ཐ་ཤལ་རྣམས། །གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་དམན། །ཟག་མེད་བསམ་གཏན་བདེ་བ་མ་རྟོགས་ཤིང་། །བག་མེད་སྲེད་པས་རིང་ནས་ཟིན་པར་གྱུར། །རང་གཞན་ཕན་ཕྱིར་ནགས་སུ་འགྲོ་བ་ལ། །མི་དགའི་དབང་གིས་ཅི་འབྱོར་ཅ་ཅོ་འབྱིན། །ནད་མེད་ལང་ཚོ་དར་ལ་བབ་པ་ལ། །རྒྱགས་ཤིང་དྲེགས་པ་འདོད་པས་རབ་ཏུ་མྱོས། །བྲལ་བའི་ཚོགས་ཀྱིས་གཡེངས་པར་གྱུར་པའི་ཁྱིམ། །གཤིན་རྗེའི་བཙོན་ཁང་རབ་ཏུ་འབར་བ་དེར། །རྒས་པའི་མུན་ནག་ལུས་ལ་རབ་འཁྲིགས་ཤིང་། །དབང་པོའི་སྒྲོན་མེའང་རབ་ཏུ་ཟད་གྱུར་ཏེ། འཆི་བདག་དགའ་བས་སོ་ཡི་འཕྲེང་བ་དག །དཀྲིགས་པ་བཞིན་དུ་མགོ་ལས་རབ་བཟུང་སྟེ། །ཚེ་དང་བསོད་ནམས་རབ་ཏུ་ཟ་བ་བཞིན། །ཤ་དང་རུས་པའང་ཤིག་ཤིག་པོར་གྱུར་ནས། །གཤིན་རྗེའི་དྲུང་དུ་འགྲོ་ཞིང་འདུད་པ་བཞིན། །བརྟན་པའི་མི་ཡིས་ལེགས་པར་བརྟེན་བྱས་ཀྱང་། །གཤེད་པོ་ད་ཡི་ཆད་པས་འདར་བ་འདྲ། །དེ་ཚེ་འཇིག་རྟེན་སྐྱབས་མེད་ཀྱི་ཧུད་འདེབས། །བྲན་དང་ལོངས་སྤྱོད་ཚོགས་རྣམས་ཀུན་གྱིས་ཀྱང་། །སྤངས་སྟེ་རང་ཉིད་སྲིད་པ་གཞན་དུ་འགྲོ། །འདི་འདྲའི་འཇིགས་པ་མངོན་སུམ་མཐོང་བཞིན་དུ། །སྐྲག་པར་མི་འགྱུར་འདི་རྣམས་ཀྱེ་མ་མཚར། །བདག་གིས་བསམ་གཏན་ཞི་བའི་མཐུ་ཐོབ་ནས། །འགྲོ་བའི་འཇིགས་པ་རྣམས་ལས་བསྐྱབ་པར་བྱ། །དེ་ལྟ་བུའི་རྨད་དུ་བྱུང་བའི་བསམ་པ་དང་བཅས་པས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་མྱ་ངན་གྱི་མཆི་མས་གདོང་ཁེབས་པ་རྣམས་ལ་ཚིག་སྙན་པ་དེ་དང་དེ་དག་གིས་རྗེས་སུ་བརྟན་ཏེ། གཞོན་ནུ་ལྔ་བརྒྱ་དང་བཅས་པ་དཀའ་ཐུབ་ཀྱི་ནགས་སུ་ཞུགས་སོ། །དེར་བཞུགས་ནས་ཀྱང་དཀའ་ཐུབ་ཀྱི་བསྟི་གནས་ཐ་དད་དུ་ཤིང་ལོའི་ཁང་པ་དུས་ཐམས་ཅད་དུ་བདེ་བ་བྱས་སྟེ། དྲང་སྲོང་ཆེན་པོ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་འབད་པ་དང་བརྩོན་འགྲུས་དྲག་པོས་བསམ་གཏན་ལ་གཞོལ་བར་གྱུར་ཏོ། །དེ་ནས་གཞོན་ནུ་ཆུ་སྐྱེས་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་ཐོབ་ཅིང་། ཡོན་ཏན་གྱི་ཚོགས་དུ་མ་མངོན་དུ་གྱུར་པས་གཞོན་ནུ་ལྔ་བརྒྱ་པོ་རྣམས་ལ་ཡང་གདམས་པ་བྱིན་ནས། དེ་རྣམས་ཀྱང་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་བསམ་གཏན་ལེགས་པར་བསྒོམ་པ་ལས་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །གང་ན་འཇིག་རྟེན་བདེ་བ་ཀུན་སྤངས་སྟེ། །ཐུབ་པས་བསྟན་པའི་བསམ་གཏན་དྲི་མེད་དོན། །མངོན་དུ་བྱས་པས་བདག་གཞན་དོན་གྲུབ་ཅིང་། །འཇིག་རྟེན་མཆོག་ཏུ་གྱུར་པ་དཔལ་དང་ལྡན། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་རྒྱལ་སྲིད་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་གསལ་བར་བསྐྱེད་ནས་གཞན་གྱི་དོན་དཔག་ཏུ་མེད་པ་གྲུབ་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བོ་དམ་པ་རྣམས་ཀྱིས་རྗེས་སུ་སློབ་པར་འདོད་པ་ལོངས་སྤྱོད་ཀྱི་གནས་དམན་པ་ཅུང་ཟད་ཙམ་ལ་ཆགས་པ་བོར་ཏེ་རབ་ཏུ་དབེན་པའི་བསམ་གཏན་ལ་གཞོལ་བར་བྱའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་པར་བྱའོ། །དེ་བཞིན་དུ་དབེན་པའི་ཡོན་ཏན་བསྔགས་པ་དང་རྒྱལ་སྲིད་དང་ཁྱིམ་གྱི་ཉེས་པ་བསྟན་པ་ལ་ཡང་བརྗོད་པར་བྱའོ། །ཆུ་སྐྱེས་ཀྱི་སྐྱེས་པའི་རབས་ཏེ་བཞི་བཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བསམ་གཏན་ལ་གོམས་པར་བྱས་པས་བདག་ཉིད་ཀྱང་ཞི་བའི་བསམ་གཏན་མངོན་དུ་བྱེད་ཅིང་ལྷག་མཐོང་ལ་སྦྱོར་ལ། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བསམ་གཏན་གྱི་མཐུ་ཐོབ་པ་ལ་མངོན་པར་སྦྱོར་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བདག་ཅག་གི་སྟོན་པ་འདི་བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་མཐུ་དང་རང་བཞིན་དང་བསམ་པ་དགེ་བ་ལས་གྱུར་པའི་བྱེད་པ་ནི་འདི་ལྟར་གྱུར་པ་སྙམ་སེམས་སོ། །བསམ་གྱིས་མི་ཁྱབ་མཐུ་ལས་གྲུབ་པ་ཡི། །བསམ་པའི་གཞལ་བྱར་སྣང་བའི་འཇིག་རྟེན་འདིར། །བདེན་པ་མིན་ཀྱང་བདེན་པ་རྟོག་པ་ལ། །ཕན་མཛད་གཞན་དོན་སྤྱོད་པ་རང་དོན་བཞིན། །སྐྱེ་དགུ་ཀུན་གྱིས་མ་སྨད་བརྟེན་པའི་གཞི། །ས་ཆེན་ལྟ་བུའི་ས་སྐྱོང་རྒྱལ་པོ་དེ། །རིགས་རྒྱུད་གསལ་བ་ཉི་མའི་རིགས་རྒྱུད་བཞིན། །མངོན་པར་མཐོ་བ་མངོན་མཐོའི་དབང་གིས་སྐྱེས། །ལྷ་དབང་མཆོག་ལྟར་མི་ཡི་ལྷར་གྱུར་པ། །བསམ་འཕེལ་མཆོག་བཞིན་བསམ་གྱིས་མི་ཁྱབ་པའི། །ཡོན་ཏན་ལྡན་པས་ཡོན་ཏན་འབྱུང་གནས་བཞིན། །རྒྱལ་པོ་རྣམས་ཀྱིས་བཀུར་བས་རྒྱལ་པོ་མཆོག །དཀའ་ཐུབ་ཅན་བཞིན་དཀའ་ཐུབ་གྲུབ་པར་ལྡན། །ཕན་བྱེད་དེ་ནི་འབངས་ལ་མཆོག་ཏུ་ཕན། །བརྩེ་བའི་རྒྱུན་ལ་གོམས་པས་གཞན་ལ་བརྩེ། །བདག་ཉིད་ཆེ་བས་ས་རྣམས་ཀུན་གྱི་བདག །ཚུལ་བཞིན་སྤྱོད་པ་འདི་ནི་རྒྱལ་པོའི་ཚུལ། །འདི་ལྟར་གཞན་དོན་རབ་ཏུ་སྤྱོད་བྱེད་པའི། །རྒྱལ་པོ་དེ་ནི་དེ་ལྟར་གྱུར་པ་སྙམ། །དེ་ལྟར་བདག་ཉིད་ཆེ་བའི་རྒྱལ་པོ་དེ་སྦྱིན་པའི་མཐུ་ཡིས་ནི་ལོངས་སྤྱོད་ཆེན་པོར་གྱུར། ཚུལ་ཁྲིམས་དང་ལྡན་པས་ནི་འཇིག་རྟེན་པ་རྣམས་ཀྱིས་རྩད་དུ་མེད་པའི་རིགས་སུ་སྐྱེས། བཟོད་པའི་དཔལ་དང་ལྡན་པས་ནི་མཛེས་ཤིང་ཡིད་དུ་འོང་བའི་གཟུགས་ཀྱིས་བརྒྱན། སྙིང་རྗེ་ལ་གོམས་པའི་དབང་གིས་ནི་སྐྱེ་བོ་རྣམས་ལ་བུ་སྡུག་པ་འདྲ་བར་སེམས། བླ་མ་ལ་སྲིད་ཞུ་བྱས་པའི་རྣམ་སྨིན་གྱིས་ནི་མཛེས་ཤིང་ཡིད་བཞིན་དུ་སྤྱོད་པའི་བཙུན་མོའི་འཁོར་དང་ནི་ལྡན། ཤེས་རབ་དང་ལྡན་པས་ནི་བསྟན་བཅོས་དང་རིགས་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ནོར་བུའི་ནང་ན་ནོར་བུ་དང་། །སྐར་མའི་ནང་ན་ཟླ་འོད་བཞིན། །གསལ་ཞིང་ཁྱད་པར་འཕགས་པ་འདི། །དམ་པ་རྣམས་ལ་རིགས་པ་ཡིན། དེ་ལྟར་རྒྱལ་པོ་དེ་འཇིག་རྟེན་གྱི་དཔལ་དང་འདོད་པའི་ཡོན་ཏན་ཕུལ་དུ་བྱུང་དུ་ཟིན་ཀྱང་། གཞན་དུ་ཡིད་སྐྱོ་བ་དང་། བསམ་གཏན་ལ་གོམས་པའི་དབང་གིས་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་དེ་འདི་སྙམ་དུ་སེམས་སོ། །འདི་ལྟར་འཇིག་རྟེན་པ་རྣམས་ནི་འཇིག་རྟེན་གྱི་བྱ་བ་དང་བདེ་བ་རྣམ་པ་སྣ་ཚོགས་ལ་མངོན་པར་དགའ་བ་དང་། དེའི་དབང་གིས་ཡོན་ཏན་ལས་ཡོངས་སུ་ཉམས་པར་གྱུར་ཏོ། །ཇི་ལྟར་འཇིག་རྟེན་འདོད་པའི་དགའ་བ་འཕེལ། །དེ་ལྟར་བསམ་གཏན་བདེ་བ་འགྲིབ་པ་ཡིན། །དུས་ཀྱི་རླུང་གིས་བ་མོ་འཕེལ་བ་ཡིས། །མེ་ཏོག་རྣམས་ཀྱི་ཡོན་ཏན་འགྲིབས་པ་བཞིན། །དེ་བས་བདག་ནི་ཅི་ནས་བརྩོན་པ་ཡིས། །རི་དྭགས་རྒྱལ་པོ་རི་སུལ་བརྟེན་པ་ལྟར། །རྣམ་གཡེང་འདབ་བཟང་གནོད་པས་མི་བརྫི་བར། །འདོད་པའི་ཉོན་མོངས་རི་དྭགས་གཞོམ་པར་བྱ། །གཞན་ཡང་གཉིས་སུ་ན། བགྲོད་དཀའི་ལམ་ལ་སྐྱེས་བུ་གང་ཞིག་གིས། །དྲངས་པའི་ལམ་ནས་སྐྱེ་བོ་གཞན་ཡང་འགྲོ །གཡེང་པའི་གྲོང་ནས་ཞི་བདེ་ཐར་པའི་ལམ། །བདག་གིས་དྲངས་ན་གཞན་ཡང་འོང་པ་སྙམ། །བདག་ཉིད་ཆེན་པོ་དེས་དེ་ལྟར་བློ་ལ་ངེས་པར་བྱས་ནས། རྒྱལ་སྲིད་ཀྱི་དབང་ཕྱུག་ལྟོས་པ་མེད་པར་བོར་ཏེ་བྱམས་པའི་རང་བཞིན་ཅན་གྱི་སྐྱེ་བོ་མྱ་ངན་གྱི་མཆི་མས་གདོང་ཁེབས་ཤིང་དཀའ་ཐུབ་ཀྱི་ཚུལ་དུ་མི་འགྲོ་བར་གསོལ་བ་འདེབས་པ་རྣམས་ལ་སྙན་ཅིང་ངེས་པའི་ཚིག་གིས་ཆོས་དང་ལྡན་པའི་གཏམ་འདི་ལྟ་བུ་ཡང་དག་པར་བསྟན་པར་ངེས་སོ། །བཟང་པོ་དག་ཤེས་པར་གྱིས་ཤིག །སྐྱེ་བ་གང་ཡོད་མཐའ་ནི་འཆི་བ་སྟེ། །འདུ་བ་གང་ཡོད་དེ་ནི་འབྲལ་བར་གྱུར། །བསགས་པའི་ལོངས་སྤྱོད་དེ་ནི་འཛད་པའི་མཐའ། །མཐོ་ཞིང་དར་བའང་དམའ་ཞིང་གུད་པའི་མཐའ། །དེས་ན་འཇིག་རྟེན་མི་རྟག་བསླུ་བྲིད་ཙམ། །ཆེད་དུ་དགའ་བའི་འཇིག་རྟེན་བདེ་བསྒྲུབས་ཀྱང་། །སླར་ཡང་འགྱུར་ཞིང་སྡུག་བསྔལ་ཕུང་པོར་འགྱུར། །རྒྱལ་པོའི་བསྟན་བཅོས་ཆོས་ལམ་འགལ་གྱུར་ཞིང་། །བྲེལ་བའི་ཚོགས་ཀྱིས་གཡེང་བར་གྱུར་པའི་ཁྱིམ། །གཉེན་གྱི་ཚོགས་རྣམས་བརྟེན་པའི་སྡུག་བསྔལ་དང་། །ཕ་རོལ་འགྲན་ཟླ་ལྷག་པར་གྱུར་དོགས་ནས། །གཡོ་དང་སྒྱུ་དང་དྲག་ཤུལ་དམག་གི་ལས། །སྤྱད་པའི་ཕྱིར་དུ་ཉིན་མཚན་གཉིད་མི་ཁུགས། །འབད་པས་འཇིག་རྟེན་བདེ་ལེགས་བསྲུངས་གྱུར་ཀྱང་། །ལུས་དང་ལོངས་སྤྱོད་མཛའ་བ་ཀུན་བོར་ཏེ། །ལས་ཀྱི་ཤུགས་དྲག་དབང་མེད་བདས་ནས་སུ། །དམྱལ་བའི་གཤེད་པོ་མི་བཟད་འབར་བའི་ལྕེ། །མི་བཟད་དྲག་པོའི་ཁར་ནི་ལྷུང་གྱུར་ན། །དེ་ཚེ་གཉེན་དང་སྲིད་ཀྱིས་ཅི་ཞིག་བྱ། །བློ་ལྡན་བཤེས་ཀྱིས་གྲོགས་བྱར་ཅི་ཞིག་ཡོད། །དེ་ན་འཁོར་བའི་སྡུག་བསྔལ་ཆུ་བོ་ལས། །སྒྲོལ་བའི་དལ་འབྱོར་གྲུ་ཆེན་ཡོད་བཞིན་དུ། །བསམ་གཏན་འཁྲུལ་འཁོར་བརྩོན་འགྲུས་ཀྱིས་བསྐུལ་ནས། །བརྒལ་བར་མི་བྱེད་དེ་ནི་ཕྱུགས་དང་མཚུངས། དེས་ན་ཐུབ་པ་དྲང་སྲོང་མཆོག་རྣམས་ཀྱིས། །བསྔགས་པའི་ནགས་ཁྲོད་དབེན་པར་བདག་ནི་འགྲོ །བསམ་གཏན་བདེ་བ་ཡོན་ཏན་ལྡན་ཐོབ་ནས། །ཁྱེད་ཅག་རྣམས་ལ་མངོན་པར་འགྱེད་པར་བྱ། ཞེས་བྱ་བ་ལ་སོགས་པ་ཆོས་དང་ལྡན་པའི་གཏམ་རྗེས་སུ་བསྟན་ཏེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་ངོ་། །དཀའ་ཐུབ་ནགས་ཚལ་དེ་ཉིད་ཀྱང་། །གཡེང་པའི་ཅ་ཅོ་མེད་པ་སྟེ །མཛེས་པའི་ལྗོན་ཚོགས་གྱིས་གང་ཞིང་། །འབབ་ཆུའི་སྒྲ་སྙན་ལྷུང་ལྷུང་སྒྲོག །དམར་བའི་མེ་ཏོག་འབར་བ་བཞིན། །དཀར་པོ་སོ་ཡི་འཕྲེང་བ་འདྲ། བསེར་བུས་བསྐྱོད་པས་ཅུང་ཟད་གཡོ། །སྨན་ལྗོངས་གཙང་མ་སྔོན་པོ་དག །དར་ལ་སྔོན་པོས་གཡོགས་པ་བཞིན། །གཙང་མའི་ཆུ་ཕྲན་གྱིས་ཕྱེ་བས། །ཆེད་དུ་དུམ་བུར་བྱས་པ་འདྲ། །ལྷུན་པོའི་ཚོགས་ཀྱིས་དཔལ་འབར་ཞིང་། །སྤུ་སྡུག་མཛེས་པའི་རི་དྭགས་ཚོགས། །ཆེད་དུ་བཀོད་པ་ལྟ་བུས་བརྒྱན། དུས་ཀྱིས་དགའ་བའི་བྱ་ཚོགས་རྣམས། །ཆེད་དུ་བརྗོད་པའི་སྒྲ་སྙན་འབྱིན། །མིའམ་ཅི་རྣམས་གླུ་སྙན་ལེན། །ལྷ་དང་ལྷ་མིན་དྲི་ཟ་གང་། །ཐུབ་པའི་མཆོག་རྣམས་བསྔགས་པ་བརྗོད། །དྲང་སྲོང་རྣམས་ཀྱི་བསྟི་གནས་སུ། །བདག་ཉིད་ཆེན་པོ་བསམ་གཏན་བྱེད། །དེ་ལྟར་ཁྱད་པར་འཕགས་པའི་ནགས་ཚལ་དུ། བདག་ཉིད་ཆེན་པོ་དེ་བསམ་གཏན་ལ་མཉམ་པར་བཞག་པས་དབང་པོ་ཡུལ་རིག་ཅིང་ཞི་གནས་དང་ཆོས་རྗེས་སུ་དྲན་པའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་ཏོ། །དེ་ལྟར་མངོན་དུ་གྱུར་ནས་ཀྱང་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ཆེན་པོའི་ཤུགས་ཀྱིས་འཇིག་རྟེན་ཐམས་ཅད་ལ་མངོན་པར་བལྟས་སྟེ། ཀྱེ་མ་འཇིག་རྟེན་པ་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དུ་མས་གཙེས་པ་ཡིན་གྱི་བདག་གིས་ཟག་པ་མེད་པའི་བསམ་གཏན་གྱི་བདེ་བའི་དགའ་སྟོན་གྱི་རོ་སྐྱེ་བོ་ཐམས་ཅད་ལ་འགྱེད་པར་བྱའོ་སྙམ་དུ་བསམ་ནས་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་བདག་ཉིད་ཀྱི་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་མཐུ་བསྐྱེད་དེ་སེམས་ཅན་དཔག་ཏུ་མེད་པ་བསམ་གཏན་ལ་བཀོད་དོ། །དེ་ལྟར་བདག་ཉིད་ཆེན་པོ་རྣམས་ཀྱིས་བསམ་གཏན་སྟོབས། །མེ་དང་ཆུ་དང་རླུང་དང་ནམ་མཁའ་འདྲ་བ་ཡི། །འདོད་དང་བདེ་བ་རྟོག་དཔྱོད་བཅས་པའི་སྐྱོན་བཅོམ་ནས། །སྲིད་རྩེ་འདས་ཀྱང་རོ་མྱང་མ་ཡིན་གཞན་དོན་སྤྱོད། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་ཁམས་གསུམ་དུ་གཏོགས་པའི་ཟག་པ་དང་བཅས་པའི་བདེ་བ་ལ་མ་ཆགས་པར་བྱ་སྟེ། བསམ་གཏན་དང་ཏིང་ངེ་འཛིན་བསྒྲུབ་བ་ལ་བརྩོན་པར་བྱའོ། །བདག་ཅག་གི་འདྲེན་པ་ཆོས་ཀྱི་རྗེ་འདི་ནི་འདི་ལྟ་བུའི་ཚུལ་དཔག་ཏུ་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒྲུབས་ཤིང་གཞན་གྱི་དོན་ཁོ་ན་མཛད་དོ། །ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་རིམ་གྲོ་བསྐྱེད་དེ་ཆོས་བཞིན་དུ་བསྒྲུབ་པ་དང་། དབེན་པའི་ཕན་ཡོན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བའི་སྐྱེས་པའི་རབས་སྟེ་ལྔ་བཅུ་པའོ།། །།སྡོམ་ལ། ཁྱིམ་བདག་སྒྲོན་སྣང་རི་བོ་དང་། །ཀུན་ཏུ་གོ་བྱེེད་ཁྱེའུ་གཉིས། །བརྟན་བྱིན་སྡེ་བྱིན་སྙན་པའི་འོད། །ཆུ་སྐྱེས་འཇིག་རྟེན་དགའ་དང་བཅུ། །སྐྱེས་བུ་དམ་པ་རྣམས་ནི་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་ཅིང་གཞན་གྱི་དོན་ཡོངས་སུ་སྤྱོད་པ་ན་ལེགས་པར་སྤྱད་པ་འཚོལ་བར་བྱེད་པ་ལ་སེམས་སྐྱོ་བ་མེད་ཅིང་ལུས་དང་སྲོག་ལ་ལྟོས་པ་མེད་པར་དོན་དུ་གཉེར་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། རེ་ཞིག་གཅིག་སའི་བདག་པོ་ཚངས་བྱིན་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ཡང་རང་གི་བསོད་ནམས་ཀྱི་མཐུས་རབ་ཏུ་གསལ་ཞིང་དྲི་མ་མེད་པ་ཟླ་བའི་འོད་ཟེར་ཡར་གྱི་ངོ་བཞིན་དུ་བསོད་ནམས་ཀྱི་དཔལ་གྱི་མངོན་པར་འཁྱུད་པའི་སྟོབས་ཀྱིས་ཇེ་ཆེར་གསལ་བར་གྱུར་པ་རང་གི་རྒྱུད་ཡོངས་སུ་སྦྱངས་ཤིང་ཞི་བ། སྐྱེ་བོ་མང་པོའི་དབུས་ན་ལྷུན་པོ་ལྟ་བུར་རབ་ཏུ་བརྟན་པའི་ཡོན་ཏན་གྱི་ཚོགས་ཀྱི་གནས་སུ་གྱུར་པ་ལྷ་ཐམས་ཅད་མགུ་བར་བྱེད་པ་ཞིག་ཏུ་གྱུར་ཏེ། བསོད་ནམས་སྟོབས་ཀྱིས་གཟིའི་དཔལ་འབར་ཞིང་། །བློ་ཡི་མུན་པའི་ཚོགས་ནི་རབ་བཅོམ་པས། །རང་གི་ཤེས་རབ་ལྷག་པར་གསལ་བར་གྱུར། །ཚངས་པའི་ཐོར་ཚུགས་དྲི་མ་མེད་པ་བཞིན། །གསལ་ཞིང་མཛེས་པས་འཇིག་རྟེན་ཀུན་གྱིས་བསྔགས། །ཉིན་མོའི་རྗེས་སུ་སྣང་བ་འབྲང་པ་བཞིན། །དེ་ཡི་རྗེས་སུ་དམ་པའི་སྤྱོད་པ་འབྲེང་། །དེ་ལ་ལྷ་རྣམས་ཡིད་ཀྱང་མགུ་གྱུར་ནས། །ཕན་ཚུན་བསྙད་པ་བཞིན་དུ་གྲགས་པའི་སྟོབས། །འདུན་པའི་རླུང་གིས་རབ་ཏུ་དྲངས་བྱས་ཏེ། །ཨུཏྤལ་གེ་སར་རླུང་གིས་བསྐྱོད་པའི་དྲི། །རབ་ཏུ་གསལ་ཞིང་ཁྱབ་པར་གྱུར་པ་འདྲ། །དེ་ལྟར་རྒྱལ་པོ་ཚངས་བྱིན་དེ་རང་གི་བསོད་ནམས་ཀྱི་སྟོབས་ཀྱི་མཐུས་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིས་པའི་སྐྱེ་བོ་རྣམས་མྱོས་ཤིང་རྒྱུད་དྲེགས་པར་བྱེད་པ་ཐོབ་དུ་ཟིན་ཀྱང་དེ་བག་མེད་པ་རིང་དུ་སྤངས་པར་གྱུར་ཏེ། དམ་པ་ཆོས་སྒྲུབ་པ་ལ་བརྩོན་པ་ལྷོད་པར་མ་གྱུར་ཏོ། །རྒྱལ་པོ་དེ་དུས་རེ་ཞིག་གི་ཚེ་ཆོས་སྨྲ་བའི་སྐྱེ་བོ་དག་དང་འཕྲད་པར་འདོད་ཅིང་སློང་མོ་བ་རྣམས་ཚིམ་པར་བྱེད་པའི་སྦྱིན་གཏོང་གི་བཀང་ས་ན་ཡོ་བྱད་ཀྱི་དངོས་པོ་དུ་མ་དགེ་སྦྱོང་དང་། བྲམ་ཟེ་དང་། སྐྱེ་བོ་ཕོངས་པ་དུ་མ་རྣམས་ལ་ཅི་ལྟར་འོས་པའི་གོས་དང་། བཟའ་བ་དང་། བཞོན་པ་རྣམ་པ་དུ་མ་རྣམས་བཤམས་ཏེ། ཡིད་བཞིན་དུ་སྦྱིན་པར་བྱེད་ཅིང་ལེགས་པར་བཤད་པའི་སྐྱེས་འབུལ་བ་རྣམས་ལ་ཚུལ་བཞིན་དུ་ཅི་ལྟར་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །ས་བདག་དེ་ནི་སྦྱངས་པའི་མཐུ་ཆེ་བས། །ལོངས་སྤྱོད་སྙིང་པོ་མེད་པར་རིག་ནས་ནི། །ཤེས་རབ་མཐུ་ཡིས་ཆོས་ཀྱི་དོན་ལ་དགའ། །ལེགས་བཤད་རིན་ཆེན་ནོར་གྱིས་ཆོག་མི་ཤེས། །རང་གི་ལུས་དང་ཕངས་པའི་དངོས་པོ་ལ། །ཐུན་མོང་བཞིན་དུ་སྤྱོད་པས་དཔལ་དང་ལྡན། །འདི་ནི་འཇིག་རྟེན་གཙོ་བོའི་ཚུལ་གྱི་མཆོག །མཆོག་གི་ཚུལ་གྱི་གཙོ་བོས་འཇིག་རྟེན་འདིའི། །ས་སྐྱོང་མ་ལུས་ཟིལ་གྱིས་གནོན་པ་བཞིན། འདི་ནི་དམ་པའི་སྤྱོད་པ་རྨད་བྱུང་ངོ་། །དེ་ལྟར་སྐྱེས་བུ་དམ་པ་དེའི་སྤྱོད་པ་རྨད་དུ་བྱུང་པའི་གྲགས་པ་འཕྲོས་པ་ལྷན་རྣམས་ལ་རིམ་པར་བརྒྱུད་ནས་ལྷའི་དབང་པོ་ཡིད་ལ་ཡ་མཚན་ཆེ་བར་གྱུར་ནས་དེ་རྟོག་པ་ལ་ཞུགས་སོ། །དེ་ནས་སའི་བདག་པོ་དེ་རེ་ཞིག་སྦྱིན་གཏོང་གི་བཀོད་པ་དེའི་སྟེང་དུ་བདག་ཉིད་ཀྱི་བཙུན་མོ་དམ་པ་དང་། བུ་ཐུ་བོ་གཞོན་ནུ་དང་། ལྷན་ཅིག་ཏུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་ལས། ལྷ་རྣམས་ཀྱི་དབང་པོ་དེས་རྒྱལ་པོ་དེའི་སེམས་རབ་ཏུ་བརྟག་པའི་ཕྱིར། བདག་ཉིད་གནོད་སྦྱིན་གྱི་གཟུགས་མཆོག་ཏུ་མི་སྡུག་པ། ལུས་ཆར་སྤྲིན་ལྟར་རབ་ཏུ་གནག་པ། སྐྲ་དང་ཁ་སྤུ་མེ་འབར་བ་ལྟ་བུ་ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་ཀྱིས་བཀང་སའི་མདུན་གྱི་བར་སྣང་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ས་བདག་ཆེན་པོ་ལེགས་པར་གསུང་པ་འཚོལ་བ་རྒྱལ་བར་གྱུར་ཅིག །ཅེས་བསྟོད་ནས་སྨྲས་པ། གང་གིས་སྔོན་གྱི་དེ་བཞིན་གཤེགས་པ་ཡིས། །ལེགས་པར་གསུངས་པ་ཐོབ་པ་དེ་དག་ཡོད། །གལ་ཏེ་ཁྱོད་ནི་དོན་དུ་གཉེར་འདོད་ན། །བཤད་ཀྱིས་ལེགས་པར་གསུངས་ལ་མཆོད་པ་གྱིས། །དེ་སྐད་ཅེས་སྨྲས་པ་ཐོས་ནས་རྒྱལ་པོ་ཚངས་པས་བྱིན་ཡིད་རབ་ཏུ་དགའ་བར་གྱུར་ཏེ། འདི་སྐད་ཅེས་སྨྲས་སོ། །འབྱུང་པོ་ཆེན་པོ་ལེགས་སོ་ལེགས། །ལེགས་པར་གསུངས་པ་བདག་འདོད་ཀྱིས། །གང་གིས་ཁྱེད་ནི་བཞེད་པ་ཡི། །དངོས་པོ་དེ་དག་གསུང་དུ་གསོལ། གནོད་སྦྱིན་གྱིས་སྨྲས་པ། ས་བདག་ཆེན་པོ་ཁྱོད་ཀྱི་སྡུག་པ་ཆེན་པོ་བདག་ཉིད་དང་ཆུང་མ་དང་བུ་དང་བཅས་པ་བདག་ལ་བྱིན་ཅིག་དང་ལེགས་པར་གསུངས་པ་ངས་བཤད་དོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་ཡིད་ལ་ཡ་མཚན་ཆེ་བར་གྱུར་ཏེ། རེ་ཞིག་དེའི་དོན་དྲིས་པ། འབྱུང་པོ་ཆེན་པོ་དེ་རྣམས་ཀྱིས་ཅི་ཞིག་བྱ། དེས་སྨྲས་པ། བཟའ་བར་བྱས་ཏེ་ལེགས་པར་གསུངས་པ་ཡང་བཤད་དོ། །གལ་ཏེ་སྡུག་པའི་དངོས་པོ་བཏང་བར་མི་ནུས་ན་ནི་ལེགས་པར་གསུངས་པའི་དངོས་པོ་ཐོས་པར་མི་འགྱུར། དེ་སྐད་སྨྲས་པ་ཐོས་ནས་རྒྱལ་པོ་དེ། གཏམ་སྙན་ཐོས་པ་བཞིན་དུ་རབ་ཏུ་དགའ། །ཀུ་མུ་ད་དང་ཟླ་འོད་འཕྲད་པ་བཞིན། །བདག་གི་བཞིན་མདངས་ལྷག་པར་གསལ་བར་གྱུར། །གང་གིས་ཐོག་མ་མེད་ནས་གྲངས་མེད་ལུས། །ཞིག་པར་གྱུར་ཀྱང་དམ་པའི་ཕྱིར་མིན་སྙམ། །འདིར་ནི་ཤིན་ཏུ་དོན་དང་ལྡན་པར་འགྱུར། །འོན་ཀྱང་འཇིག་རྟེན་ཤེས་རབ་མཐུ་ཆུང་བས། །འདི་ཉིད་སེམས་ནི་གཞན་དུ་འགྱུར་རམ་ཅི། །རེ་ཞིག་བརྟག་སྟེ་བདག་ཉིད་སྦྱིན་པར་བྱ། །དེ་ལྟར་བློ་ལ་ངེས་པར་བྱས་ནས་བདག་གི་གཡས་གཡོན་དུ་གནས་པའི་བུ་དང་ཆུང་མ་ལ་བལྟས་པ་ན། དེ་གཉིས་ཀྱིས་ཀྱང་རྒྱལ་པོའི་ལྷག་པའི་བསམ་པ་རིག་པ་བཞིན་དུ་གུས་པའི་དབང་གིས་གསོལ་པ། ས་བདག་ཆེན་པོ་སྡུག་བསྔལ་གཞིར་གྱུར་པའི། །ལུས་ཀྱི་རིན་ཐང་མེད་པའི་རིན་ཆེན་ཆོས། །ཐོབ་ཅིང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཕྱིར། །བདག་ཅག་བཏང་ཏེ་དམ་ཆོས་གསན་པར་མཛོད། །དེ་སྐད་ཅེས་སྨྲས་པ་དང་། ཤ་ཟ་ཆེན་པོ་དེ་འདི་སྙམ་དུ་སེམས་པར་མངོན་ནོ། །ཨེ་མ་ཧོ། ངོ་མཚར་རེ་ཆེ། རྒྱུད་ཡོངས་སུ་སྦྱངས་པ་རྣམས་ནི་བདག་ཉིད་ཀྱི་ལུས་ལ་ཡང་ལྟོས་པ་མེད་པར་འདི་དག་འགྲན་པ་བཞིན་དུ་ཅིག་ཏུ་དམ་པའི་ཆོས་ལ་གཞོལ་བར་གྱུར་ཏོ་སྙམ་ནས་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །ཚིགས་སུ་བཅད་པ་འདི་སྨྲས་པ་ན། དེ་ནས་རྒྱལ་པོ་ཚངས་བྱིན་འདི་སྙམ་དུ་གྱུར་ཏེ། ལེགས་པར་གསུངས་པ་འདི་ནི་ངོ་མཚར་ཆེ་སྟེ། ཚིགས་སུ་བཅད་པ་འདིའི་དོན་དུ་བདག་གི་ལུས་གང་གཱའི་བྱེ་མ་སྙེད་ཀྱང་ཡོངས་སུ་བཏང་བར་བྱ་སྟེ། འདིའི་ཚུལ་ཡོངས་སུ་བཙལ་བར་བྱའོ་སྙམ་ནས་དེ་སྟན་ལས་ལངས་ཏེ་བདག་གི་ལག་པ་གཡོན་པས་ནི་ཆུང་མ་བཟུང་། གཡས་པས་ནི་བུ་བཟུང་ཏེ་ཤ་ཟ་དེ་ལ་སྨྲས་པ། ལེགས་པར་གསུངས་པ་འདི་ཡིས་ནི། །དེ་རིང་བདག་གི་དོན་ཆེན་བྱས། །ཅི་ལྟར་དགའ་བ་ཁྱོད་ཀྱིས་ནི། །བཞེད་པ་བཞིན་དུ་སྤྱད་པར་མཛོད། །དེ་སྐད་ཅེས་སྨྲས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིད་མགུ་བར་གྱུར་ཏེ་ཤ་ཟའི་གཟུགས་མི་སྣང་བར་བྱས་ནས་རང་གི་ལྷའི་ལུས་དྲི་མ་མེད་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་བསྟན་ཏེ། རྒྱལ་པོ་ཚངས་བྱིན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་དཔའ་བ་ལེགས་སོ་ལེགས། །སེར་སྣའི་སྡིག་པ་བཅོམ་བྱས་ཤིང་། །སྟོང་པ་སོ་སོར་འཛིན་པ་ཁྱོད། །དེང་ནི་ཡིད་བཞིན་འགྲུབ་གྱུར་ཅིག །ཁྱོད་ཀྱི་འཇིག་རྟེན་གྲགས་པའི་གཏམ། །གསལ་བར་འདིར་ནི་མངོན་དུ་གྱུར། །བདག་ནི་ཁྱོད་ལ་མཆོད་སྦྱིན་ཕྱིར། །འདིར་ནི་རེ་ཞིག་བགམ་པར་བྱས། དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་སུ་ཞིག །བརྒྱ་བྱིན་གྱིས་སྨྲས་པ། བདག་ནི་ལྷ་རྣམས་ཀྱི་དབང་པོ་ཡིན་ཏེ། ཁྱོད་ལ་མཆོག་སྦྱིན་པའི་དོན་དུ་འོངས་ཀྱི། མཆོག་གང་དང་གང་འདོད་པ་དེ་ང་ལ་སློངས་ཤིག །དེ་ནས་རྒྱལ་པོ་ཚངས་བྱིན་བདག་ཉིད་ཤེས་རབ་དང་ལྡན་ཞིང་ཆོག་ཤེས་པ་བསྟན་པའི་ཕྱིར་སྨྲས་པ། ལྷ་ཡི་དབང་པོ་ལྷ་ཡི་གཙོ། །རྨད་དུ་བྱུང་བའི་སྤྱོད་པ་ཅན། ཁྱོད་ཀྱིས་སྩོལ་བའི་དམ་པ་མཆོག །མྱུར་བར་འདིར་ནི་བླངས་པར་བགྱི། །འཇིག་རྟེན་ཐམས་ཅད་མི་རྟག་སྡུག་བསྔལ་ཞིང་། །ན་རྒས་འཆི་བས་ཀུན་ཏུ་གཙེས་པར་གྱུར། །བདེ་བ་མྱོང་ཡང་གཡོ་ཞིང་མྱུར་དུ་འགྲོ །དེས་ན་འཇིག་རྟེན་དམའ་བབས་གནས་སུ་གྱུར། །ལྷ་དབང་ཁྱོད་ནི་བརྫུན་ཚིག་སྤངས་པའི་མཆོག །བདག་ནི་ནམ་དུའང་ན་རྒས་འཆི་མེད་ཅིང་། །འཇིག་རྟེན་འཇིག་རྟེན་འདས་པའི་བདེ་བ་རྣམས། །ནམ་དུའང་མི་འགྱུར་མཆོག་འདི་ཁྱོད་ལ་སློང་། དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་པོས་སྨྲས་པ་རྒྱལ་པོ་ཆེན་པོ་དེ་ནི་བདག་ལ་དབང་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་འདི་ལ་མངའ་བརྙེས་སོ། །འདི་ནི་བདག་གི་ཆ་མ་ཡིན་གྱི། མཆོག་གཞན་དག་སློངས་ཤིག །དེ་ནས་རྒྱལ་པོ་ཚངས་བྱིན་རང་ཉིད་ཀྱི་དམ་པའི་སྤྱོད་པ་ལྷག་པའི་བསམ་པ་དང་བཅས་པ་གསལ་བར་བསྟན་པའི་ཕྱིར་བརྒྱ་བྱིན་ལ་སྨྲས་པ། ལྷའི་དབང་པོ་ཚུལ་འདི་གཟིགས་སུ་གསོལ། །འཇིག་རྟེན་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། བུ་དང་མཛའ་བཤེས་གཉེན་གྱི་ཚོགས་མང་པོ། །རྒྱ་མཚོའི་མཐར་གཏུགས་བ་ལ་སྤྱོད་པ་ཡང་། །སྡུག་བསྔལ་ཀུན་གྱི་གཞིར་གྱུར་མ་ལགས་སམ། །བྱིས་པའི་རང་བཞིན་སྐྱེ་བོ་དམན་པ་རྣམས། །འདོད་པའི་དབང་གིས་བདེ་བ་ཁྱད་གསོད་དེ། །ན་རྒས་འཆི་བའི་སྡུག་བསྔལ་དང་བཅས་པས། །འཕྲོག་པ་བཞིན་དུ་བདེ་བ་ཁྱད་གསོད་ན། །བརྒྱ་བྱིན་ཁྱོད་ཀྱི་དཔལ་ཡང་ཅི་ཞིག་བྱ། །ལྷ་དབང་བློ་ཡང་གཞན་དུ་འགྱུར་ལགས་དྲང་། །འཆི་མེད་བདེ་བའི་མཆོག་དེ་མ་ཐོབ་ན། །སྲིད་པའི་སྡུག་བསྔལ་མཐུག་པོ་མྱོང་བྱེད་པའི། །བདེ་བ་སྦྱིན་ལ་མཆོག་ཏུ་སུ་ཞིག་སེམས། །ལྷ་དབང་བདག་ནི་དུས་རྣམས་ཐམས་ཅད་དུ། །འཇིག་རྟེན་བདེ་བ་འདོད་པར་མ་འགྱུར་ཅིག །དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བདག་ལ་མཆོག་སྦྱིན་པའི་མཐུ་མེད་ཅིང་ངོ་ཚ་བ་བཞིན་དུ་གྱུར་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ཙམ་ལ་བརྟེན་ནས་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཀྱི་བདེ་བ་ཁྱད་དུ་གསད་དེ་ཅིག་ཏུ་དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་པ་ལྷོད་པར་མི་གྱུར་ཞིང་རང་གི་ཤེས་རབ་ཕུན་སུམ་ཚོགས་པས་ཆོས་བཞིན་དུ་ལན་འདེབས་པ་ལ་མཁས་པར་ཡང་འགྱུར་རོ། །བདག་ཅག་གི་སྟོན་པ་འདི་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཤེས་རབ་ཀྱི་མཐུ་དཔག་ཏུ་མེད་ན། མངོན་པར་རྫོགས་པར་སངས་རྒྱས་ནས་བསམ་གྱིས་མི་ཁྱབ་པ་ལྟ་ཅི་སྨོས། ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཚངས་བྱིན་གྱི་སྐྱེས་པའི་རབས་ཏེ་ལྔ་བཅུ་གཅིག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཚོལ་བ་བྱེད་པ་ལ་སྐྱོ་བ་མེད་ཅིང་ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་སྟེ། གཞན་གྱི་དོན་ཆེན་པོ་ཡང་བདེ་བླག་དུ་འགྲུབ་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་བྱང་ཆུབ་སེམས་དཔའ་ཡི་དམ་བཅས་པ་ཁྱད་པར་ཅན་དང་མཐུན་པར་གྱུར་པ། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཁྱད་དུ་གསད་དེ་གཞན་གྱི་དོན་ལ་མངོན་པར་ཞུགས་པ་ལེགས་པར་བཤད་པ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་རྒྱ་མཚོ་ཆེན་པོ་ལྟར་ཡོན་ཏན་གྱི་ཆུ་གཏེར་ཆེན་པོས་ངང་གིས་གང་བ་བརྩེ་བའི་རླབས་ཀུན་ཏུ་འཕྲོ་བ་ཅན་འབྱུང་པོ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གྱུར་པ། རྒྱལ་པོའི་བུ་གཞོན་ནུ་ཆོས་ཡོངས་སུ་འཚོལ་བ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་མི་ཡི་འཇིག་རྟེན་ནང་སྐྱེས་ནས། །མི་དབང་ལོངས་སྤྱོད་རྒྱ་མཚོའི་དབུས་གནས་ཤིང་། །ལུས་ཀྱི་ཡོན་ཏན་ལྷུན་པོ་རབ་ཏུ་བརྟན། །བཟོད་པའི་སྤྲིན་གྱིས་ཀུན་ནས་འཁྱུད་གྱུར་ཏེ། །རྟོག་པའི་རླུང་གིས་གཡོ་བ་རབ་ཞི་བས། །ཤེས་རབས་ཆར་རྒྱུན་མངོན་པར་ཐོན་བྱས་ཏེ། །ཡོན་ཏན་གཞི་ལ་སྙིང་རྗེའི་དབང་གིས་ཕབ། །འགྲོ་བློའི་རྩི་བཅུད་རབ་ཏུ་སྨིན་བྱས་པས། །མངོན་མཐོའི་གནས་སྐབས་འབྲས་བུ་སྨིན་བྱེད་ཅིང་། །ཆོས་ཀྱི་དབུལ་བ་སེལ་བར་བྱེད་པ་བཞིན། །དེ་ལྟར་རྒྱལ་པོའི་བུ་གཞོན་ནུ་ཆོས་ཡོངས་སུ་འཚོལ་བར་འདོད་པ་དེ་བདག་ཉིད་རྨད་དུ་བྱུང་བ་རྒྱལ་པོའི་རིགས་ཆེན་པོར་གྱུར་དུ་ཟིན་ཀྱང་། དེ་རིགས་ཀྱི་ང་རྒྱལ་དང་ནི་བྲལ། ལོངས་སྤྱོད་ཀྱི་ཚོགས་ནི་རྣམ་ཐོས་ཀྱི་བུ་ལ་འགྲན་དུ་རུང་བ་ཡོད་དུ་ཟིན་ཀྱང་རྒྱགས་པའི་དྲེགས་པ་ནི་མེད། རང་གི་ཤེས་རབ་ལྷག་པར་གསལ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་གྱི་བསྟན་བཅོས་ལ་མཁས་སུ་ཟིན་ཀྱང་དེ་ལེགས་པར་བཤད་པའི་ཆོས་རིན་པོ་ཆེ་འཚོལ་བ་ལ་ཆོག་ཤེས་ནི་མེད། དེས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དང་མཐུན་པར་བྱེད་དུ་ཟིན་ཀྱང་། སྐྱེ་བོའི་བག་མེད་པ་ནི་རིང་དུ་སྤང་པར་གྱུར་ཏེ། དེས་སྙིང་རྗེ་ཆེན་པོའི་དབང་གིས་གཞན་གྱི་དོན་ཡོངས་སུ་སྤྱོད་ཅིང་ལེགས་པར་སྨྲས་པ་ཇི་སྙེད་ཐོས་པ་དེ་དག་ནན་ཏན་གྱི་ཁོང་དུ་ཆུད་པར་བྱེད་དེ། ཆོས་ཡོངས་སུ་འཚོལ་བ་ལ་མངོན་པར་བརྩོན་པས་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་རིའི་ཁྲོད་ལ་སོགས་པ་ཐམས་ཅད་དུ་མངོན་པར་རྒྱུ་ཞིང་བརྩོན་པ་ཆེན་པོ་ལ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་མཁས་པ་རྣམས། །གཏི་མུག་སྒྲིབ་པ་གསལ་གྱུར་ཅིང་། །དཔག་མེད་ཤེས་རབ་མཐུ་ལྡན་ཡང་། །རྒྱ་མཚོ་ཆུ་ཡིས་མི་ངོམས་བཞིན། །ལེགས་པར་གསུངས་པ་ངོམས་མི་ཤེས། ཆེད་དུ་དེ་ལ་མདུན་པ་བཞིན། །གང་དག་བློ་ཡི་མཐུ་ཆུང་བ། །ཅུང་ཟད་ཙམ་གྱིས་ངོམས་འགྱུར་ཏེ། །བ་ལང་རྐང་རྗེས་ཇི་བཞིན་ནོ། །བློ་ལྡན་བློ་ལྡན་མ་ཡིན་པ། །བརྟག་ན་ཁྱད་པར་རེ་ཆེའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རེ་ཞིག་རི་ཁྲོད་ཆེན་པོ་གཅིག་གི་གནས་སུ་བཞུགས་པར་གྱུར་པ་དང་། རི་དེའི་བྱ་སྐྱིབས་ཅིག་གི་དྲུང་ན་སྐྱེས་བུ་ལོངས་སྤྱོད་ཀྱིས་སེམས་ཀུན་ཏུ་གཡེངས་པར་གྱུར་པ་འདོད་པ་དང་ལྡན་པའི་སྐྱེ་བོ་ཞིག་གྲོགས་མེད་པར་འདུག་པ་མཐོང་ངོ་། །མི་དེས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་འཚོལ་བ་དེ་མཐོང་ནས་སྨྲས་པ། གཞོན་ནུ་ཚུར་ཤོག་ཁོ་བོས་ཁྱོད་ལ་དེ་བཞིན་གཤེགས་པའི་མཚན་དང་ལྡན་པའི་གཏམ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རིའི་བྱ་སྐྱིབས་ན་འདུག་པའི་མི་ག་ལ་བ་དེར་སོང་སྟེ་སྨྲས་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་མཚན་དང་ལྡན་པའི་གཏམ་རབ་ཏུ་སྨྲོས་ཤིག །དེས་སྨྲས་པ། གཞོན་ནུ་གཏམ་དེ་ནི་རིན་ཐང་དཔག་ཏུ་མེད་པ་ཡིན་པས་ཁོ་བོ་ནི་རིན་མེད་པར་མི་སྟོན་ཏོ། །གཞོན་ནུ་ཆོས་ཡོངས་སུ་འཚོལ་བས་སྨྲས་པ། ཀྱེ་མི་ཁྱོད་ལ་ཅི་དགོས་པ་སྨྲོས་ཤིག་ཁོ་བོས་སྦྱིན་པར་བྱའོ། །ཁོ་བོ་ལ་སངས་རྒྱས་དང་ལྡན་པའི་ཚིགས་སུ་བཅད་པ་ཡང་ཤོད་ཅིག །དེ་ནས་མི་དེ་ཤིན་ཏུ་འདོད་ཆེན་དང་ལྡན་པའི་དབང་གིས་འདི་སྙམ་དུ་སེམས་པ། གཞོན་ནུ་འདིའི་གོས་རིན་ཐང་མེད་པ་འདི་དང་། འདིའི་ལུས་ལ་བཏགས་པའི་ནོར་བུ་རིན་པོ་ཆེ་སྲང་བྱེ་བ་ཕྲག་བཞི་ཅུ་རེ་བ་འདི་ཡང་འདོད་པར་བྱ་ན། འདིས་བྱིན་མ་ཐག་ཏུ་འགྱོད་པར་གྱུར་ན་མི་རུང་པས་འདི་ཡང་སྲོག་དང་ཕྲལ་བའི་ཐབས་རིག་བྱའོ་སྙམ་མོ། །འཇིག་རྟེན་ན་ནི་སྐྱེ་བོ་མ་རབས་རྣམས། །སྙིང་པོ་མེད་པའི་ལོངས་སྤྱོད་ཅུང་ཟད་ཕྱིར། །བསྐལ་པ་མང་པོར་བདག་ལ་མི་ཕན་པ། །ཚུལ་མིན་སྤྱོད་ལ་རིགས་པ་བཞིན་དུ་བསམ། །དེ་ལྟ་བུའི་བདག་ཉིད་ངན་པའི་སེམས་ཁོང་དུ་བཅུག་ནས། བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་འཚོལ་བ་དེ་ལ་སྨྲས་པ་གཞོན་ནུ་ཁྱོད་ཀྱིས་བགོས་པའི་གོས་དེ་དང་། ནོར་བུ་རིན་པོ་ཆེ་དེ་ང་ལ་བྱིན་ཞིང་དེ་ནས་ཀྱང་ཁྱོད་རིའི་བྱ་སྐྱིབས་འདི་ཉིད་ནས་བདག་གི་ལུས་བོར་བར་བྱེད་ན་ཁོ་བོས་ཁྱོད་ལ་སངས་རྒྱས་དང་ལྡན་པའི་གཏམ་ཡོངས་སུ་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་འཚོལ་བས་མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ལ་དོན་དུ་འགྱུར་ན་བདག་རིའི་བྱ་སྐྱིབས་འདི་ནས་ལུས་དོར་བར་བྱ་ཡིས། ཁྱོད་ཀྱིས་ཚིགས་སུ་བཅད་དེ་སྨྲོས་ཤིག །མི་དེས་སྨྲས་པ། བདག་ལ་དོན་དུ་འགྱུར་བ་མེད་མོད་ཀྱི། །མི་རྣམས་ཕལ་ཆེར་བློ་ནི་འགྱུར་བར་བྱེད། །ཁྱོད་ཀྱིས་གོས་དང་ནོར་བུ་འདི་བྱིན་ནས། །སླར་ཡང་འགྱོད་པའི་དབང་དུ་འགྱུར་བར་སྲིད། བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་མའོ་སྙིང་པོ་མེད་པ་ཡི། ལུས་ལའང་མཁས་པས་ཆགས་མི་བྱེད། །སྦུན་པ་ལྟ་བུའི་ལོངས་སྤྱོད་ལ། །སུ་ཞིག་ཆགས་པའི་དབང་དུ་འགྱུར། །ཁྱོད་ཇི་ལྟར་འདོད་པ་བཞིན་དུ་བྱའོ། །ལེགས་པར་གསུངས་པ་སྟོན་ཅིག །གཞན་ཡང་ཁྱོད་ཀྱི་བསམ་པ་ལ་ཁོ་བོ་ལོངས་སྤྱོད་བྱིན་ནས་འགྱོད་པར་འགྱུར་རོ་སྙམ་དུ་དོགས་ན་ནི། དེ་ལྟ་བུའི་སེམས་བསྐྱེད་མི་དགོས་སོ། །མི་དེས་སྨྲས་པ། ཁྱོད་གཡང་ས་འདིར་མཆོང་པར་མི་བྱེད་ན་ནི་སྔ་མའི་དམ་བཅས་པ་དང་འགལ་བར་གྱུར་པས་བྱིན་པ་ལ་འགྱོད་པ་མེད་པར་གྱུར་རོ་ཞེས་སྨྲས་ཀྱང་སུ་ཞིག་ཡིད་ཆེས་པར་འགྱུར། སླར་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་དེ་ལྟར་སེམས་ན་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་ཡིས། སངས་རྒྱས་དང་ལྡན་པའི་ཚིགས་སུ་བཅད་པ་དེ་ཡོངས་སུ་སྟོན་ཅིག །ཁྱོད་ལ་གོས་དང་ནོར་བུ་རིན་པོ་ཆེ་སྦྱིན་པར་བྱས་ལ་རིའི་གཡང་ས་འདིར་བདག་ཉིད་དོར་བར་བགྱིའོ། །དེ་ནས་མི་དེས་སྨྲས་པ། སངས་རྒྱས་རྣམས་ནི་ཡོན་ཏན་ལྡན། །དམ་པའི་ཆོས་ཀྱང་ཡོན་ཏན་ལྡན། །དགེ་འདུན་རྣམས་ཀྱང་ཡོན་ཏན་ལྡན། །འདི་ནི་འཇིག་རྟེན་མཆོད་གནས་ཡིན། ཅེས་ཚིགས་སུ་བཅད་པ་དེ་བསྟན་ཏོ། དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔས། རང་གི་གོས་རིན་ཐང་མེད་པ་དང་། ནོར་བུ་རིན་པོ་ཆེ་མི་དེ་ལ་བྱིན་ནས་བདག་ཉིད་གཡང་ས་ཆེན་པོའི་ཁར་འདུག་སྟེ། བདེན་པའི་ཚིགས་སུ་བཅད་པ་འདི་དག་ཀྱང་བརྗོད་པར་མངོན་ནོ། །ལེགས་པར་བཤད་པའི་རིན་ཆེན་རིན་ནི་ཅི་ཡང་ཡོད་མིན་ལ། །སྙིང་པོ་མེད་པའི་ལོངས་སྤྱོད་སྤྱད་པ་རྨད་བྱུང་མ་ཡིན་པས། །ཆགས་པ་མེད་པར་གོས་དང་ནོར་བུ་འདིར་ནི་རབ་བཏང་བས། །འདི་ལ་འགྱོད་པ་མེད་ཅིང་དགའ་བཞིན་བྱིན་པའི་བདེན་པ་དང་། །ལྷག་བསམ་མཐུ་ཡིས་ཆོས་ཀྱི་དོན་དུ་ལུས་ལ་ཆགས་མེད་ན། །བདེན་པ་དེ་ཡིས་འདིར་ནི་བདག་ལུས་ཉམས་ཉེས་མ་གྱུར་ཅིག །དེ་ལྟར་བདེན་པའི་ཚིག་བརྗོད་ནས། ཆོས་ལ་དགའ་བའི་ཡིད་ཀྱིས་སུ། །རིན་ཆེན་གཏེར་ནི་མཐོང་པ་བཞིན། །གཡང་ས་དེར་ནི་མཆོངས་པར་གྱུར། །དེ་ཡི་བདེན་པའི་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ཡོངས་བཟུང་པས། །དེ་ནི་གཡང་ས་ཆེན་པོ་དེར། །མཁའ་ལྡིང་དལ་གྱིས་འགྲོ་བ་བཞིན། །ཤེས་རབ་སྙིང་རྗེའི་འདབ་གཤོག་གིས། །བཏེགས་ནས་དལ་གྱིས་འགྲོ་བ་སྙམ། །དེ་ཡི་དམ་པའི་སྤྱོད་པ་དེས། །ལྷ་རྣམས་ཡིད་ཀྱང་མགུ་གྱུར་ཏེ། སངས་རྒྱས་རྣམས་ཀྱང་དགྱེས་གྱུར་ན། །བྱིས་པའི་བློ་ཅན་སྐྱེ་བོ་རྣམས། །དགའ་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་མ་སྨྲས་ཤིང་མ་བསྣད་ལ་བདེ་བར་ལྷ་རྣམས་ཀྱིས་བཟུང་བའི་དབང་གིས་གཡང་ས་ཆེན་པོ་དེ་ནས་ས་ལ་བབས་པར་གྱུར་ཏོ། །དེ་ལྟ་བུའི་རྨད་དུ་བྱུང་བའི་ཁྱད་པར་མི་དེས་མཐོང་ནས་འདི་སྙམ་དུ་སེམས་པར་ངེས་སོ། །ཨ་ལ་ལ་མཚར་བྱས། བདག་ཉིད་ཆེ་བའི་རང་བཞིན་ཅན། །གང་གི་མཐུ་ནི་མ་རྟོགས་པས། །ངན་སེམས་མངོན་དུ་བསྐྱེད་པ་དེས། །བདག་ཉིད་གཡང་སར་ལྷུང་པ་སྙམ། །གང་གིས་སྤྱོད་པ་རྨད་བྱུང་བ། །ཐོས་ཀྱང་ཐེ་ཚོམ་འགྱུར་བ་དེ། །འདིར་ནི་མངོན་སུམ་སྣང་གྱུར་ཀྱང་། །སྒྱུ་མ་ལྟ་བུའམ་ཅི་ཞིག་གི །བདག་ནི་ཚུལ་མིན་ལམ་དུ་ཞུགས། །འོན་ཀྱང་འདི་ལ་འཕྲད་གྱུར་པས། །ཐར་པའི་རིན་ཆེན་འཐོབ་གྱུར་རམ། །ནམ་ཞིག་འདི་ཡིས་ཡོངས་བཟུང་ནས། །བདག་ཀྱང་ཕ་རོལ་འབྱུང་ཞིག་གུ །དེ་ལྟར་བློ་ལ་ངེས་པར་གྱུར་ནས་མྱུར་བར་མྱུར་བར་རིའི་བྱ་སྐྱིབས་དེ་ལས་བབས་སྟེ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ། །ཁྱོད་དམ་པའི་ཆོས་ཀྱི་ཕྱིར་བྱ་བ་འདི་ལྟ་བུ་བྱེད་པ་ནི་ངོ་མཚར་ཏོ། །བདག་གིས་ནི་གྱ་ཚོམ་དུ་བྱས་ཤིང་མ་རུངས་པར་གྱུར་ཏོ། །འདི་ལྟ་བུའི་དཀའ་བ་སྤྱོད་པའི་དོན་ཅུང་ཟད་ཅིག་ཞུའོ། །གང་གི་ལང་ཚོ་ལྡན་པའི་ལུས། །བདེ་བར་གནས་དང་རིན་ཆེན་ནོར། །བཏང་ནས་དམ་པའི་ཆོས་བཞེད་པ། །ཅི་ཞིག་བསྒྲུབ་པར་མཛད་པ་ལགས། །དེ་ལ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་སྨྲས་སོ། །གང་ཞིག་མི་གཙང་དུ་མའི་འབྱུང་ཁུངས་ལུས། །ཐོག་མ་མེད་ནས་གྲངས་མེད་བླངས་གྱུར་ཅིང་། །སྐྱེ་དང་འཆི་བ་ཡང་དང་ཡང་བྱུང་ཡང་། །བག་མེད་དབང་གྱུར་ཆོས་ཀྱི་ཕྱིར་མ་ཡིན། །གང་ཞིག་སྙིང་པོ་མེད་པའི་རིན་ཆེན་ནོར། །བསགས་ཀྱང་འཇིག་རྟེན་སྐྱེ་རྒ་ན་འཆིའི་སྐྱོན། །བསལ་བར་མི་ནུས་བདག་ཉིད་གཅིག་པུར་འགྲོ། །ཟིལ་པ་ལྟར་ལ་སུ་ཞིག་ཆགས་པར་བྱེད། །གང་ཞིག་གནས་སྐབས་སྤྱད་ན་དོན་ཆེ་ལ། །ལྷ་དབང་མི་དབང་གཙུག་གིས་ལེགས་མཆོད་པ། །སྲིད་པའི་འཆིང་བ་རིང་ནས་གཅོད་བྱེད་པའི། །ཆོས་ལ་བརྟེན་པ་དེ་ནི་མཁས་པ་ཡིན། །གང་གིས་བདག་ནི་འདི་ལྟར་འབད་བྱེད་པ། །སྲིད་པའི་རྒྱ་མཚོར་ལྷུང་པའི་འགྲོ་འདི་དག །བག་མེད་ཆུ་སྲིན་འབར་བའི་ཁ་རུ་ཚུད། །སྲེད་པའི་མཆེ་བ་དམ་པོས་རབ་བཟུང་ཏེ། །ཞི་བདེའི་སྲོག་ལ་རྒོལ་བཞིན་འཁྱམས་པར་གྱུར། །འདི་ལས་མ་བརྒལ་བ་རྣམས་བསྒྲལ་བའི་ཕྱིར། །གཞན་དོན་སྒྲུབ་པའི་ཐམས་ཅད་མཁྱེན་པ་འདོད། །དེ་སྐད་ཅེས་སྨྲས་པ་དང་། མི་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ལ་རབ་ཏུ་དད་ཅིང་མཆི་མ་གཡོ་བར་གྱུར་ཏོ། །དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་གོས་རིན་ཐང་མེད་པ་དེ་དང་། ནོར་བུ་རིན་པོ་ཆེ་དེ་སླར་ཕུལ་ལོ། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་ཁྱོད་ལ་སྔར་བྱིན་པ་ཡིན་ན་ཁོ་བོ་མི་འདོད་དོ། །འདི་ཕྱིར་ལེན་པ་ནི་བདག་གི་ཆ་མ་ཡིན་ནོ། །སླར་ཡང་མི་དེ་རབ་ཏུ་གུས་པའི་དབང་གིས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་རིན་ཆེན་ཁྱོད། །རིན་ཆེན་འདི་དང་རིན་ཆེན་གོས། །དམ་པ་འདི་དང་འཚམ་པ་ལགས། །བདག་ཅག་ལྟ་བུ་དམན་པ་ལ། །གང་ཞིག་སྲིད་མེད་བུ་ཡི་བརྒྱན། །ཕལ་ལ་བཏགས་པས་སྡུག་བསྔལ་འགྱུར། །དེ་བས་འདི་ནི་ཁྱོད་ལ་འབུལ། །འདི་བས་གཞན་དུ་གལ་ཆེ་བར། སྐྱེས་བུ་ཁྱོད་ཀྱང་གཟིགས་མཛད་ན། །བདག་ལའང་ནམ་ཞིག་པད་མའི་སྤྱན། །བརྩེར་ལྡན་ཁྱོད་ཀྱིས་གཟིགས་ནས་ནི། །འཁོར་བའི་དགོན་པ་སྐྱབས་མེད་ལས། །འདྲེན་པ་ཁྱོད་ཀྱིས་སྐྱོབ་པར་གྱུར། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་མི་དེ་ལ་ཕན་པར་འདོད་པའི་སེམས་ཀྱིས་གོས་དེ་དང་ནོར་བུ་དེ་ཡང་བླངས་ཏེ་ཁྱོད་ཀྱི་ཡིད་བཞིན་དུ་སྒྲུབ་པར་བྱའོ་ཞེས་ཞལ་གྱིས་བཞེས་སོ། །དེ་ལྟར་སྐྱེས་བུ་དམ་པ་རྣམས་ནི་གཞན་གྱི་དོན་སྤྱོད་ཅིང་དམ་པའི་ཆོས་ཡོངས་སུ་འཚོལ་བར་བྱེད་དོ། །བདག་ཉིད་ཆོས་ཀྱི་མཐུ་དཔག་ཏུ་མེད་པ་དང་ལྡན་ཡང་། གཞན་གྱིས་བགམ་པའི་ཕྱིར་ཚིག་ཅིག་ཙམ་གྱིས་ལེགས་པར་གསུངས་པ་ལ་ཡང་ཤིན་ཏུ་དཀོན་པའི་འདུ་ཤེས་བསྐྱེད་ཅིང་དེ་སྟོན་པ་ལ་ཡང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་པར་བྱེད་དོ། །གནས་སྐབས་དེར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན་དུ་ཕྱིས་བྱུང་བ་ན་ཡང་དོན་འདི་བཀའ་སྩལ་ཏེ། ཤྭ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་ང་ནི་རྒྱལ་པོའི་བུ་གཞོན་ནུ་ཆོས་ཡོངས་སུ་འཚོལ་བ་ཞེས་བྱ་བར་གྱུར་ཏོ། །དེའི་དུས་ཀྱི་མི་ང་ལ་ཚིག་ཅིག་པོ་སྟོན་ཅིང་ངའི་ལྷག་པའི་བསམ་པ་ལ་དད་པའི་དབང་གིས་བདག་གི་སྐྱབས་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དགེ་སློང་བ་ཀ་ལི་འདི་ཡིན་ཏེ། དགེ་བའི་རྩ་བ་དེའི་མཐུས་ད་ལྟར་རྗེས་སུ་བཟུང་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའོ། །དེ་ལྟར་མི་དེ་འདོད་པ་མངོན་དུ་འགྲོ་བའི་སེམས་ཀྱིས་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་ལ་ལྟོས། གང་སུ་དག་ངེས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པར་འཇུག་པ་དེ་དག་དཔག་ཏུ་མེད་པའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་འདོད་པས་སྐྱེས་བུ་དམ་པ་རྣམས་དང་མི་འབྲལ་བར་བྱའོ་ཞེས་དགེ་བའི་གཤེས་གཉེན་བསྟེན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་འཚོལ་བར་འདོད་པའི་སྐྱེས་པའི་རབས་སྟེ་ལྔ་བཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་ལ་གུས་པའི་དབང་གིས་བདག་ཉིད་ཀྱི་ལུས་ལ་ཡང་ཕངས་པ་མེད་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ཏེ། དེའི་བསྟན་པ་ནུབ་ཏུ་ཉེ་བར་གྱུར་ཅིང་ལྔ་བརྒྱ་པ་ཐ་མ་ལ་བབ་པ་ན། འཛམ་བུའི་གླིང་དེ་སྐྱོང་བར་བྱེད་པའི་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ནི་ཆོས་ལྡན་ཆོས་ཀྱི་རྒྱལ་པོ་སྟེ། །འཁོར་གསུམ་ཐབས་ལ་མཁས་པའི་རང་བཞིན་ཅན། །ཆོས་མིན་རབ་ཏུ་སྤངས་ཤིང་རྣམ་པར་དག །སྐྱེ་བོ་རྣམས་ཀྱི་དོན་སྤྱོད་ཕ་དང་འདྲ། །ཡོན་ཏན་ལྡན་པའི་དགེ་སྦྱོང་བྲམ་ཟེ་ལ། །བླ་མ་བཞིན་དུ་གུས་པར་བྱེད་པར་གྱུར། །དེ་ལྟར་རྒྱལ་པོ་ཆེན་པོ་དེའི་བུ་མོར་གྱུར་པ་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ། ཁ་དོག་བཟང་ཞིང་མཛེས་པའི་མཆོག་དང་ལྡན་པ་ཡེ་ཤེས་ལྡན་བྱ་བ་ཅིག་བྱུང་ཏེ། དེ་ནི་བཅོམ་ལྡན་འདས་འདི་ཡིན་ནོ། །མ་དུལ་དྲེགས་པའི་རང་བཞིན་ཅན། །འདོད་དང་འཕྱར་བའི་རང་བཞིན་དེ། །དེ་དང་འགལ་བར་གྱུར་པ་འདྲ། །འདི་ནི་རང་བཞིན་དག་པ་ཡིན། །དེ་ནི་དྲི་མེད་སྟོན་ཟླའི་དཀྱིལ་འཁོར་ལྟར། །རྣམ་པར་དཀར་བའི་དཔལ་གྱིས་མཛེས་གྱུར་པས། །ཉོན་མོངས་དྲི་མའི་མུན་པའི་ཚོགས་རྣམས་ནི། །དེ་ལ་ཞུམ་ཞིང་དྲུང་ནས་བྲོས་པ་འདྲ། །ཀུ་མུ་ད་དང་འཕྲད་པའི་ཟླ་འོད་བཞིན། །མཐོང་བའི་སྐྱེ་བོ་བཞིན་མཛེས་གསལ་བར་བྱེད། །དེ་ནི་ཅིག་ཏུ་ཆོས་ལམ་གུས་པ་ཡིས། །དམ་པ་རྣམས་ལ་སྲོག་དང་འདྲ་བར་སེམས། །དེའི་དུས་ན་བསྟན་པའི་མཐའ་མར་བབ་པའི་དབང་གིས་དགེ་སྦྱོང་གི་གཟུགས་ཅན་དགེ་སྦྱོང་ལྟར་འཆོས་པ་རྙེད་པ་དང་། བཀུར་བསྟི་དོན་དུ་གཉེར་ཞིང་བག་མེད་པར་གྱུར་པ་དུ་མ་བྱུང་ངོ་། །དེའི་ཚེ་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་པ་སངས་རྒྱས་ཀྱི་ཆོས་བཞིན་དུ་སྟོན་པར་བྱེད་པ་ཞིག་ཀྱང་བྱུང་ཏེ། དེ་སྐྱེ་བོ་རྣམས་བག་མེད་པར་འགྱུར་བ་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེར་ཞུགས་ནས་ཆོས་སྟོན་པ་ལ་བརྩོན་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་ན་ཆོས་སྨྲ་བ་དེའི་བརླ་གཉིས་ལ་འབྲུམ་བུ་མེ་དབལ་ནག་པོ་གསོ་བར་དཀའ་ཞིང་དམན་པ་དཀོན་པ་ཞིག་ཏུ་བྱུང་ཏེ། སྨན་པ་དག་གིས་ཡོངས་སུ་བོར་བར་གྱུར་ཏོ། །དགེ་སློང་ཆོས་སྨྲ་ན་བར་གྱུར་པ་དེ། །རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཐོང་། །དེ་ཡི་ལུས་ནི་ཇི་ལྟར་ན་བ་བཞིན། །སྐྱེ་བོ་རྣམས་ཀྱང་ལྷག་པར་སྡུག་བསྔལ་གྱུར། །ཇི་ལྟར་མེ་ལྕེ་རབ་ཏུ་འབར་བ་ཡིས། །བསྲེགས་པའི་ཤིང་རྣམས་ཞུམ་པར་གྱུར་པ་བཞིན། །དེ་ཡི་ལུས་ལ་ནད་ཀྱི་སྟོབས་འབར་བས། །རྒྱལ་པོ་འཁོར་བཅས་སེམས་ཀྱང་ཞུམ་པར་གྱུར། །ཕོ་བྲང་འཁོར་གྱི་སྐྱེ་བོ་དགའ་བ་རྣམས། །མྱ་ངན་ཤུགས་ཀྱིས་མཆི་མས་གདོང་ཁེབས་ཏེ། །དགའ་བའི་བཞིན་བཟང་ཉམས་པར་གྱུར་པ་ཡང་། །ཉི་མའི་ཟེར་གྱིས་ཕོག་པའི་ཟླ་བ་བཞིན། །དེ་ལྟར་དགེ་སློང་ཆོས་སྨྲ་བ་དེ་ཉམས་ཉེས་པར་གྱུར་དུ་དོགས་པའི་དབང་གིས་རྒྱལ་པོ་དང་སྐྱེ་བོའི་ཚོགས་རྣམས་མྱ་ངན་དུ་གྱུར་པ་ན། རྒྱལ་པོ་དེའི་ཕྱི་བཞིན་དུ་གྲོགས་བྱེད་པའི་ལྷ་མོ་ཞིག་གིས་རྒྱལ་པོ་དེ་ལ་རྨི་ལམ་དུ་བསྟན་པ། དགེ་སློང་འདི་ལ་མིའི་ཤ་ཁྲག་གསར་པ་མ་རུལ་པ་དག་རོ་སྣ་ཚོགས་སུ་བསྒྱུར་བའི་གཡོས་བྱས་ཏེ་བྱིན་ཞིང་མིའི་ཁྲག་གིས་ཀྱང་རྨ་དེ་ལ་བཀྲུས་ན་དགེ་སློང་གི་ནད་འདི་འཚོ་བར་འགྱུར་རོ་ཞེས་བསྟན་པ་ཐོས་ནས། དེ་གཉིད་སད་པར་གྱུར་པ་དང་ཕོ་བྲང་འཁོར་གྱི་མི་རྣམས་ལ་དེ་ལྟ་བུའི་ཚུལ་དེ་ཡོངས་སུ་བསྒྲགས་ཤིང་ཆོས་སྨྲ་བ་ལ་གུས་པའི་དབང་གིས་འདི་ལྟར་བྱེད་པ་ལ་སྤྲོ་བ་སུ་ཡོད་ཅེས་དྲིས་པ་ན་སུ་ཡང་སྤྲོ་བ་མ་བྱུང་ངོ། །བདག་ཉིད་མ་སྦྱངས་པ་རྣམས་ནི། །གཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར། །བདག་གི་སྡུག་བསྔལ་བཟོད་བྱེད་པ། །འདི་ནི་འཇིག་རྟེན་ཡོད་མ་ཡིན། །དེའི་ཚེ་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ཞེས་བྱ་བ་ལོ་བཅུ་དྲུག་ལོན་པ་དེས་བདག་གིས་ཕས་དེ་སྐད་དུ་སྨྲས་པ་ཐོས་ཤིང་། བདག་ཉིད་ཀྱིས་ཀྱང་རྨི་ལམ་དེ་ལྟ་བུ་མཐོང་ནས་ཆོས་སྨྲ་བ་དེ་ལ་རབ་ཏུ་གུས་པའི་ཚུལ་གྱིས་བུ་མོ་དེ་རབ་ཏུ་གཞོན་ཤ་ཅན་དུ་གྱུར་ཀྱང་དེ་བརྟན་པའི་སེམས་ཀྱིས། ཨེ་མའོ་བདག་ནི་ཤི་བར་གྱུར་ཀྱང་སླའི་ཆོས་སྨྲ་བ་འདི་ནད་འདི་ལས་གསོ་བར་བྱའོ་སྙམ་སྟེ། མཚོན་རྣོན་པོ་བླངས་ཏེ་བདག་ཉིད་ཀྱི་བརླ་རྣམས ཤ་གཅད་ཅིང་རོ་སྣ་ཚོགས་དང་ལྡན་པའི་གཡོས་བྱས་ཏེ། དགེ་སློང་ཆོས་སྨྲ་བ་དེ་ལ་དྲངས་ནས་འབྲུམ་བུ་ལ་ཁྲག་གིས་ཀྱང་བྱུགས་སོ། །བུ་མོ་དེ་ཡི་ལྷག་པའི་བསམ་པ་ཡིས། །པད་མོའི་རྩ་བ་ལྟར་དཀར་འཇམ་སྡུག་པའི། །བརླ་ནས་མཚོན་རྣོན་ཨུཏྤལ་འདབ་འདྲ་ཡིས། །བཅད་ཀྱང་ཡིད་ནི་གཡོ་བར་ཡོང་མ་གྱུར། །ཙན་དན་དམར་པོ་ལྟ་བུའི་ཤ་དེ་ཡང་། །དགེ་སློང་མཆོད་ཕྱིར་སྣ་ཚོགས་གཡོས་སུ་བྱས། །དེའི་བརླ་ལས་ཟགས་པའི་ཁྲག་གི་རྒྱུན། །མེ་དབལ་ཞི་བྱེད་སྨན་གྱི་མཆོག་ཏུ་གྱུར། དེ་ལྟར་དགེ་སློང་དེས་ཟས་དེ་ཟོས་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་གྱུར་ཏེ། ཤིན་ཏུ་བདེ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་བུ་མོ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བུ་མོ་ཁྱོད་ཀྱིས་ཁྲག་འདི་གང་ལས་རྙེད། །མིའི་ཤ་འདི་དག་ཀྱང་གང་ལས་བླངས། བུ་མོ་ཁྱོད་ཀྱིས་ཁ་ཟས་འདི་བྱས་པས། །ཆོས་སྨྲ་འདི་ཡང་འདི་ལྟར་བདེ་བར་གྱུར། །འདི་ལྟར་སྣ་ཚོགས་རོ་ལྡན་གཡོས་བྱས་པས། །བསད་པ་ཡིན་ནམ་འོན་ཏེ་ཤི་བ་ཡིན། དེ་སྐད་ཅེས་སྨྲས་པ་དང་། བུ་མོ་དེས་རྒྱལ་པོ་ལ་གསོལ་བ། ས་ཡི་བདག་པོ་བདག་ལ་གསོན། །ལྷ་ཡིས་བསྟན་པའི་རྨི་ལམ་དག །བདག་གིས་མཐོང་བར་གྱུར་ཏོ་ཡབ། །དེ་ནས་བདག་ནི་ལངས་ནས་སུ། །མི་ཡི་གཙོ་ལ་འདི་སྐད་སྨྲས། །བྲན་མོ་རྣམས་ལ་བདག་གིས་བསྒོ། དགེ་སློང་འདི་ནི་ནད་གསོའི་ཕྱིར། །མི་ཡི་ཤ་དང་ཁྲག་རྣམས་ནི། །གཡོས་སུ་བྱས་ཏེ་བྱིན་གྱུར་ན། །དགེ་སློང་འདི་ནི་བདེ་བར་འགྱུར། །བཙུན་མོའི་འཁོར་དུ་བདག་གིས་གོ་བར་བགྱིས། །བུད་མེད་ཅིག་ཀྱང་སྦྱིན་ཞེས་མི་འཆི་ན། །བདག་ལ་དགེ་སློང་དེ་ཕངས་བདག་ཕངས་ཀྱང་། །བྱང་ཆུབ་ཕྱིར་ནི་བདག་གིས་ཤ་ཁྲག་བཏང་། །བྱང་ཆུབ་ཞི་བ་མྱ་ངན་མེད་འཚོལ་བ། དེ་དག་ལུས་ལ་མོས་ཤིང་ཆགས་པ་མིན། །བདག་ཉིད་ལ་ཡང་རྡུལ་ཙམ་ཕངས་པ་མེད། །དེ་ཕྱིར་བདག་གིས་ཚུལ་འདི་སྤྲོ་བར་བགྱིས། །དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་ཡ་མཚན་ཆེ་བར་གྱུར་ཏེ། བུ་མོ་དེ་ལ་རྒྱལ་པོས་སྨྲས་པ། ཨེ་མའོ་རབ་ཏུ་ཆོས་ཀྱི་དོན་བརྩོན་པ། །བུ་མོ་ཁྱོད་ཀྱིས་བརྩེར་ནི་བྱ་བའི་ཕྱིར། །ཅི་ལྟར་རང་གི་ལུས་ལས་ཤ་བཅད་ནས། །ཁྱོད་ཀྱི་ལུས་ལ་ན་ཚར་མ་གྱུར་ཏམ། །བུ་མོས་སྨྲས་པ། ས་བདག་རྒྱལ་པོ་ཆེན་པོ་བདག་ལ་གསོན། །ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །དེ་དག་ཚུལ་བཞིན་གསན་ཅིང་མཁྱེན་པར་མཛོད། །ཡབ་ཅིག་སྡིག་པའི་ལས་རྣམས་བགྱིས་པ་ཡིས། །མི་བཟད་སེམས་ཅན་དམྱལ་བར་ལྷུང་འགྱུར་ཏེ། །ཤ་མེད་གྱུར་ཡང་ཕྱིར་ཡང་ཤ་དག་སྐྱེ། ལས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་གཟིགས། །སྡིག་པའི་ལས་ཀྱིས་ཤ་ཁྲག་མེད་གྱུར་ཅིང་། །སྐད་ཅིག་དུ་ཡང་འབྱུང་བའི་སྐབས་ཡོད་ན། །དགེ་བའི་ལས་ལ་མོས་པ་དེ་དག་ལས། །ཤ་དང་ཁྲག་རྣམས་སྐྱེ་བར་སྨོས་ཅི་དགོས། །ཤ་བཅད་བདག་ལ་ན་ཚ་མ་མཆིས་ཏེ། །ཁྲག་བྱུང་བས་ཀྱང་གཡོ་བ་ཡོང་མ་མཆིས། །བདག་གི་ཤ་རྣམས་ཐམས་ཅད་ཡོངས་སྤྱད་ཀྱང་། །ཆོས་ཀྱི་ལུས་ལ་རྨ་དག་ཡོང་མ་མཆིས། །བདག་གིས་ཆོས་ལ་དགའ་བ་མཆོག་བསྐྱེད་ནས། །རང་གི་བརླ་ལས་ཤ་བཅད་རབ་ཏུ་སྩལ། །རྨ་དང་སྡུག་བསྔལ་བདག་ལ་མ་མཆིས་ཏེ། །བདག་གི་ལུས་ཀྱང་སྔོན་གྱི་བཞིན་དུ་གྱུར། །འདི་འདྲ་བ་ཡི་ཆོས་སྨྲ་འདི་ལྟ་བུ། །རྒྱ་ལམ་ན་ཡང་འཛམ་བུའི་གླིང་དུ་འབྱུང་། །ཡབ་ཅིག་ཨུ་དུམ་འབར་བའི་མེ་ཏོག་བཞིན། །བསྐལ་པ་བྱེ་བ་མང་ལ་རེས་འགའ་གདའ། །ཇི་ལྟར་འཛམ་བུའི་ཆུ་བོའི་གསེར་འབར་བ། །སེམས་ཅན་ལྟ་བས་ངོམས་པར་མི་འགྱུར་ཏེ། །དེ་བཞིན་དུ་ནི་ཆོས་སྨྲ་དེ་འདྲ་བ། །ལྷ་དང་མི་དག་མཐོང་བས་ཆོག་མི་ཤེས། །སྐྱེ་བོ་སྐོམ་པ་དད་པའི་ཆུ་འཐུང་ནས། །སྐོམ་པས་གདུངས་པ་སྐོམ་པ་མེད་པར་གྱུར། །དེ་བཞིན་ཆོས་སྨྲ་མཁས་པ་འདི་དག་ཀྱང་། །ཆོས་ཀྱི་བདུད་རྩིས་སྲོག་ཆགས་སྲེད་པ་སེལ། །དགེ་སློང་མི་བཟད་ན་བ་འདི་ལ་ཡང་། །ཤ་དང་ཁྲག་ནི་བདག་གིས་རབ་ཏུ་བཏང་། །ཆོས་སྨྲ་འདི་ནི་མེ་དབལ་རབ་ཞི་སྟེ། །བདག་གིས་ས ངས་རྒྱས་བསྔགས་པའི་རིམ་གྲོ་བགྱིས། །མང་དུ་ཐོས་ཤིང་སྤྱོད་དང་ལྡན་པ་སྟེ། །ཏིང་འཛིན་དམ་པ་འདི་ནི་འཛིན་པ་ལ། །འདི་ལྟར་བདག་གིས་རང་གི་ཤ་བཏང་བས། །ཆོས་རྣམས་ཀུན་ཀྱང་བདག་གིས་ཐོབ་པར་ཤོག །ཇི་ལྟར་སྤོས་རབ་དྲི་ཞིམ་ཡིད་འོང་པ། །དུས་འབྲངས་དང་ནི་ཙན་དན་དམར་པོ་ཡི། །དྲི་དག་ཕྱོགས་བཅུ་རྣམས་སུ་ལྡང་པ་ལྟར། །ཆོས་སྨྲ་དེ་ཡི་དྲི་ཡང་དེ་བཞིན་ནོ། །ཇི་ལྟར་རི་རབ་ཕྱོགས་སུ་རབ་སྣང་ཞིང་། །ཀུན་ནས་མཛེས་པ་མཐོང་ན་དགའ་བར་འགྱུར། །ཕྱོགས་སུ་རབ་ཏུ་སྣང་ཞིང་གསལ་བར་བགྱིད། །དེ་བཞིན་ཆོས་སྨ་འདི་ཡང་རི་རབ་འདྲ། །ཇི་ལྟར་མཆོད་རྟེན་ལ་ལ་ཞིག་པ་ནི། །སྐྱེས་བུ་མཁས་པས་བཅོས་ཤིང་སླར་སླང་ཏེ། །མཆོད་རྟེན་དེ་ལ་དད་པ་བགྱིད་པ་ནི། །དེ་ལྟར་བསླང་པ་དེ་ཡང་དེ་ཡི་རྒྱུ། །དེ་བཞིན་ཆོས་ཀྱི་མཆོད་རྟེན་ན་བ་ཡང་། །ཆོས་ལ་གུས་པས་རང་གི་ཤ་དང་ནི། །ཁྲག་གིས་བྱུགས་པ་དག་གིས་ཐར་པར་བགྱིས། །འཛམ་བུའི་གླིང་དུ་བདག་གིས་མར་མེ་བལྟམ། །དགེ་སློང་འདི་ནི་ཤི་བའི་དུས་བགྱིས་ན། །འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་འཐོབ། །དགེ་སློང་འདི་ནི་འཇིག་རྟེན་ཀུན་ཀྱི་སྐྱབས། །འཇིག་རྟེན་ལྡོངས་པ་དག་ལ་མིག་སྦྱིན་པ། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་ལ། །སྨན་པའི་རྒྱལ་པོ་ཆེན་པོས་གསོ་བར་བགྱིས། །ཆེན་པོར་གྱུར་པ་རྟག་ཏུ་སེམས་གནས་སྟེ། དེ་ཡི་སྤྱོད་པ་དག་ནི་ཚད་མི་རྙེད། །ངེས་པའི་དོན་དང་ཚིག་ཀྱང་ཤིན་ཏུ་བསླབས། །ཕ་རོལ་རྒོལ་བ་ཀུན་གྱིས་ཟིལ་མི་ནོན། །ཆོས་སྨྲ་བ་ལ་རིམ་གྲོ་མཆོག་བགྱིས་པས། །བསྐལ་པ་བྱེ་བ་ཕྲག་ནི་སྟོང་དུ་ཡང་། །བདག་ལ་ཕྱིར་ཡང་ལོག་ལྟུང་འཇིགས་མ་མཆིས། །བུད་མེད་དངོས་པོར་བདག་ནི་མཆིས་མི་འགྱུར། །ཞེས་ལེགས་པར་སྨྲས་པས། རྒྱལ་པོ་ལ་སོགས་པ་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་འདུན་པར་བྱས་སོ། །དགེ་སློང་ཆོས་སྨྲ་བ་དེ་ཡང་ནད་དེ་ལས་གྲོལ་ནས་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ལྟ་བུའི་ཕྱིས་བྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཚེ་ང་ནི་རྒྱལ་པོའི་བུ་མོར་གྱུར། །མི་དབང་ཡེ་ཤེས་སྟོབས་ནི་བྱམས་པ་ཡིན། །མར་མེ་མཛད་ནི་ཆོས་སྨྲ་དེར་གྱུར་ཏེ། །ལྷ་མོ་སྔོན་གྱི་གནག་གི་གཉེན་གྱུར་པ། །རྒྱལ་པོའི་རྨི་ལམ་དུ་ཡང་སྟོན་པ་ནི། །མི་འཁྲུགས་སྤྱད་པ་སྤྱོད་ཚེ་དེར་གྱུར་ཏོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་ཆོས་ལ་རབ་ཏུ་གུས་པའི་དབང་གི་བདག་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་དགེ་སློང་ཆོས་སྨྲ་བ་ལ་གུས་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་ཕྱིར་བྱ་དཀའ་བ་དཔག་ཏུ་མེད་པ་མཛད་དོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཡེ་ཤེས་ལྡན་གྱི་སྐྱེས་པའི་རབས་སྟེ་ལྔ་བཅུ་གསུམ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཀྱི་ཤེས་རབ་དང་། སྙིང་རྗེའི་སྟོབས་དཔག་ཏུ་མེད་པས་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ནུབ་པར་གྱུར་པ་ན་ས་སྐྱོང་པའི་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ་འབངས་ཐམས་ཅད་མཉམ་པར་སྐྱོང་བར་བྱེད་པ་ཞིག་བྱུང་ངོ་། །དེའི་ཡུལ་དུ་ཚོང་དཔོན་རལ་པ་འཛིན་ཞེས་བྱ་བ་སྨན་པ་ནད་གསོ་བར་བྱེད་པ་ལ་མཁས་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་རྟོགས་པ་ཞིག་བྱུང་ངོ་། །ཡོན་ཏན་ལྡན་ཞིང་ཡོན་ཏན་གྱིས་མཐོ་བ། །གང་དག་གནས་དེར་གང་གིས་འདྲེན་པ་བཞིན། །པད་མོའི་གནས་ནས་པད་མོ་གཞན་དག་ལྟར། །ལྷན་ཅིག་འབྱུང་འདི་ལྷན་ཅིག་རིགས་པ་ཡིན། །དེ་ལྟར་ཚོང་དཔོན་རལ་པ་འཛིན་དེ་ལ་བུ་ཆུ་འབེབས་ཞེས་བྱ་བ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་ཁ་དོག་བཟང་པོ་མཆོག་དང་ལྡན་པ་ཞིག་བྱུང་ཏེ། དེ་ཡི་རིགས་གཟུགས་བློ་དང་འབྱོར་པ་རྣམས། །ཕན་ཚུན་འགྲན་པ་བཞིན་དུ་གནས་གྱུར་ཞིང་། །འཇིག་རྟེན་བསྟན་བཅོས་གཙུག་ལག་རིག་པ་རྣམས། །དེ་ལ་དགའ་བས་རྗེས་སུ་འབྲངས་པ་འདྲ། །དེ་ཡི་དྲན་དང་རྟོགས་པ་རྨད་བྱུང་བས། །ཅུང་ཟད་ཙམ་གྱིས་འཇིག་རྟེན་དོན་རིག་པ། །ཇི་ལྟར་ནགས་ཁྲོད་མེ་ལྕེ་འབར་བ་ཡིས། །བསྲེག་བྱའི་དངོས་པོ་ཟད་པར་བྱེད་པ་བཞིན། །ཤེས་བྱའི་ཡུལ་ལ་དེ་ཡི་ཤེས་རབ་སྟོབས། །གསལ་བའི་ནུས་པས་ཟད་པར་བྱེད་པ་འདྲ། །བདག་ཉིད་ཤིན་ཏུ་སྦྱངས་པའི་བློ་ཅན་ལ། རྣམ་གྲངས་འདི་ནི་རིགས་པར་གྲགས་པ་ཡིན། །དེ་ལྟ་བུའི་ཚོང་དཔོན་གྱི་བུ་ཆུ་འབེབས་དེ་ལ་ཡང་བུ་ཆུའི་གོས་དང་ཆུའི་སྙིང་པོ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་ཀྱི་མ་ནི་ཆུའི་པད་མའི་སྙིང་པོ་ཞེས་བྱའོ། །དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དེར་སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་ནད་སྣ་ཚོགས་ཀྱིས་གཟིར་ཏེ། སྡུག་བསྔལ་མི་བཟད་པ་རྩུབ་པ་དྲག་པ་ཡིད་དུ་མི་འོང་པ་མྱོང་པར་གྱུར་ཏོ། །ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་དེ་ལྟ་བུའི་ཚུལ་དེ་མཐོང་ནས་སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པར་གྱུར་ཏེ། འདི་སྙམ་དུ་སེམས་སོ། །བདག་གི་ཕ་ཚོང་དཔོན་རལ་པ་འཛིན་འདི་ནི་ཚེའི་རིག་བྱེད་ཁོང་དུ་ཆུད་ཅིང་ནད་གསོ་བ་ལ་མཁས་སུ་ཟིན་ཀྱང་ཤིན་ཏུ་རྒས་ཤིང་འཁོགས་པའི་དབང་དུ་གྱུར་པས། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་མི་ནུས་པས་བདག་གིས་ཇི་ལྟར་སེམས་ཅན་རྣམས་ཀྱིས་ནད་གསོ་བའི་ཐབས་དྲིས་ཤིང་། ཁོང་དུ་ཆུད་པར་བྱས་ཏེ། སེམས་ཅན་ནད་སྣ་ཚོགས་ཀྱིས་གཟིར་བ་འདི་ལས་ཐར་བར་བྱའོ་སྙམ་མོ། །སྙིང་རྗེའི་བདག་ཉིད་བསྟན་པ་རྣམས། །བདག་གི་བདེ་ལ་མ་ཆགས་ཤིང་། །གཞན་དག་སྡུག་བསྔལ་གྱུར་པ་ལ། །ལྷག་པར་སྙིང་རྗེའི་དབང་དུ་གྱུར། དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་རང་གི་ཕ་རལ་པ་འཛིན་གྱི་རྐང་པ་མགོ་བོས་ཕྱག་འཚལ་ཏེ། ཇི་ལྟར་ཁམས་ལ་མཁས་པ་དྲིས་པ། །ཇི་ལྟར་དབང་པོ་འཇིག་གྱུར་ཞིང་། །ཁམས་ཀྱི་རྣམ་པའང་ཡོངས་སུ་འགྱུར། གང་གི་དུས་ན་ལུས་ཅན་ལ། །ནད་ཀྱི་རྣམ་པ་འབྱུང་བར་འགྱུར། །དུས་དང་དུས་མིན་ཟས་ཟོས་པ། །ཇི་ལྟ་བུར་ནི་བདེ་བར་འགྱུར། །གང་གི་ལུས་ཀྱི་ནད་དུ་ནི། །མིའི་ལུས་ལ་གནོད་པར་འགྱུར། །རླུང་ལས་གྱུར་དང་མཁྲིས་ལས་གྱུར། འདུས་ལས་གྱུར་དང་བད་ཀན་གྱུར། །ནད་རྣམས་ཞི་བར་བགྱི་སླད་དུ། །ཇི་ལྟ་བུར་ན་གསོ་བར་བགྱི། །གང་གིས་མི་ལ་གནོད་འགྱུར་བའི། །རླུང་ནི་གང་གི་དུས་ན་གཡོ། །གང་གི་དུས་ན་མཁྲིས་པ་གཡོ། བད་ཀན་གང་གི་དུས་ན་གཡོ། དེ་ནས་ཚོང་དཔོན་རལ་པ་འཛིན་གྱིས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་རྣམ་པར་བསྟན་ཏེ། ཟླ་གསུམ་དབྱར་དེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམས་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིག་རྣམས་བསྡུས་པར་ཤེས། །ཟླ་བ་གཉིས་གཉིས་ཤིང་ནི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུག་བར་འགྱུར། །སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་། །ལོ་གཅིག་ནང་གི་ཚིགས་ཚིགས་ཡོངས་སུ་འགྱུར། དབང་པོ་དང་ནི་ཡོངས་སུ་གྱུར་པ་ན། །ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་། དེ་ཉིད་ལས་ནི་སྨན་པས་ཟླ་གསུམ་བཞིན། ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། ཟས་སྐོམ་སྨན་རྣམས་གོ་རིམ་ཇི་བཞིན་ཏེ། །རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང་། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་ན་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་། །དབྱར་ནི་སྣུམ་དྲོ་ལན་ཚ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་བསིལ་བག་གོ །དགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེ། །དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་། །མཁྲིས་པ་ཆེ་བ་འཇུག་པའི་དུས་སུ་ལྡང་། རླུང་ཤས་ཆེ་བ་བཞུ་མ་ཐག་ཏུ་ལྡང་། །ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་གསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་ལྡན་ལ། །བད་ཀན་ཆེ་ན་ཚིགས་སུ་སྐྱུགས་སྨན་བཏང་། །རླུང་ཤས་ཆེ་དང་མཁྲིས་དང་འདུས་པ་དང་། །བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེའི་སྨན་དང་བཟའ་ལྟུང་བསྟེན་པར་བྱ། དེ་ལྟར་བསྟན་པ་དེ་ཙམ་གྱིས་ནི་ཚོང་དཔོན་གྱི་བུས་ཚེའི་རིག་བྱེད་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་ལ་སོགས་པ་ཐམས་ཅད་དུ་སོང་ནས་ཁོ་བོ་ནི་སྨན་པའོ་ཞེས་བདག་ཉིད་ཀྱིས་ཁས་ཆེ་ཞིང་སེམས་ཅན་ནད་སྣ་ཚོགས་ཀྱིས་གཟིར་བ་རྣམས་ཡོངས་སུ་ཐར་བར་བྱའོ་ཞེས་དབུགས་དབྱུང་ངོ་། །དེ་ནས་བདག་ཉིད་ཆེན་པོ་དེས། །སྣ་ཚོགས་ནད་ཀྱིས་གཟིར་བ་ཡི། །སྲོག་ཆགས་སྟོང་ཕྲག་དུ་མ་རྣམས། །ནད་ཀྱི་སྡུག་བསྔལ་ཞི་བྱས་ཏེ། །ཇི་ལྟར་སེམས་ཅན་དེ་དག་ལུས། །བདེ་བར་གྱུར་ལས་ཁྱད་པར་དུ། །སྙིང་རྗེའི་ཡིད་ཅན་དགའ་བ་སྐྱེ། །ཨེ་མའོ་སྨན་པའི་རྒྱལ་པོ་ཞེས། །ཆེད་དུ་བརྗོད་པའི་གཏམ་སྙན་དག །ཕྱོགས་སུ་གསལ་བར་ཁྱབ་གྱུར་པ། །གདེངས་ཀ་ཅན་གྱི་མཐུས་བསྒྲགས་པའི། །སོས་ཀའི་སྤྲིན་གྱི་རྔ་སྒྲ་དག །དྲག་པོས་སོས་ཀའི་བྱ་ཚོགས་རྣམས། །དགའ་ཞིང་གཡོ་བས་བསྟོད་པ་བཞིན། དེ་ལྟར་སེམས་ཅན་དཔག་ཏུ་མེད་པ་རྣམས་ནད་ལས་ཐར་བར་གྱུར་ཞིང་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་གྲགས་པ་ཕྱོགས་སུ་རྒྱས་པར་གྱུར་ཏེ། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་གྲུབ་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ། ཚོང་དཔོན་གྱི་བུ་ཆུ་འབེབས་བདག་ཉིད་ཀྱི་བུ་ཁྱེའུ་གཉིས་པོ་དང་། འགྲོགས་སྟེ་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན། ཕྱོགས་དེ་ན་ཁྭ་དང་སྤྱང་ཀི་ལ་སོགས་པ་ཤ་ཟ་བའི་སྲོག་ཆགས་མང་པོ་རྒྱུག་པ་མཐོང་ནས་དེར་ཕྱིན་པ་ན་ལྟེངས་ཀ་ཆེན་པོ་ཞིག་ཆུ་ཡོངས་སུ་བསྐམས་པ་ལ་ཉེ་བར་གྱུར་ཅིང་ཉ་བརྒྱ་ཕྲག་མང་པོ་སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་ཏེ། ཤ་ཟ་བའི་སྲོག་ཆགས་དུ་མ་རྣམས་ཀྱིས་འཚེ་བར་བྱེད་པ་མཐོང་ནས་སྙིང་རྗེ་ཆེན་པོའི་དབང་གིས་འདི་ཞིག་ཅི་སྙམ་དུ་སེམས་པར་མངོན་ནོ། །བགྲོད་ཀའི་དགོན་པ་སྐྱབས་མེད་ན། །ལོངས་སྤྱོད་རྒྱ་མཚོ་སྐམས་གྱུར་ཞིང་། །གནོད་པར་བྱེད་པ་དུ་མས་གཙེས། །འབབ་ཆུའི་རྒྱུན་ཡང་ཡོང་མི་སྣང་། །བྲོས་ཏེ་དོང་པའི་ལམ་ཡང་མེད། ཀྱེ་མ་འདི་རྣམས་མ་རུངས་གྱུར། །བདག་ནི་གང་གིས་ཆུ་འབེབས་ཞེས། །གྲགས་པའི་ཚིག་དེ་དོན་ཡོད་པར། །དེང་འདིར་བྱ་བར་རིགས་པ་སྙམ། །བདག་ནི་བདེ་བར་མཐུ་ཡོད་བཞིན། །ཉམས་ཐག་གྱུར་པའི་སེམས་ཅན་རྣམས། །གལ་ཏེ་ཡལ་བར་དོར་བ་ན། །ཤ་ཟའི་སྲོག་ཆགས་འདི་རྣམས་དང་། །ལྷན་ཅིག་སྡིག་པ་བྱས་པ་བཞིན། དེ་བས་ན་ཐབས་བྱ་བའི་རིགས་སོ་སྙམ་ནས། དེས་ཕྱོགས་ཐམས་ཅད་དུ་བལྟས་པ་ན་གང་དུའང་ཆུ་མ་མཐོང་པ་ལས། །དེ་ནས་ཧ་ཅང་ཐག་མི་རིང་བ་ཞིག་ན་ཤིང་ལྗོན་པ་མང་པོ་ཞིག་མཐོང་ནས་དེར་ཕྱིན་ཏེ་ཤིང་གི་ཡལ་ག་རྣམས་བཅད་ནས་ཉ་ཁྲི་པོ་དེ་དག་ལ་ཤིན་ཏུ་བསིལ་བའི་གྲིབ་མ་བྱས་སོ། །དེ་ཚེ་ཤིང་གི་ལྷ་མོ་ཞིག་གིས་ལུས་ཕྱེད་བསྟན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །གང་གི་ཕྱིར་ཆུ་འབེབས་ཞེས་བྱ་བ་ཁྱོད་ཀྱིས་ཉ་འདི་རྣམས་ལ་ཆུ་བྱིན་ཅིག །ཆུ་འབེབས་ཀྱིས་སྨྲས་པ། ལྷ་མོ་འདི་ན་ཉ་ཇི་སྙེད་ཅིག་མཆིས། ལྷ་མོས་སྨྲས་པ། ཉ་ཁྲི་ཐམ་པའོ། །དེ་སྐད་ཅེས་ཐོས་ནས་ཚོང་དཔོན་གྱི་བུ་ཤིན་ཏུ་ཡང་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྫིང་དེར་ཕྱོགས་གང་ནས་ཆུ་འབབ་པར་གྱུར་པའི་ས་ཕྱོགས་བརྟག་པ་ན། གང་ཆུ་འབབ་ཅེས་བྱ་བའི་རླུང་ཆེན་པོ་དེ་ལས་རྫིང་དེར་འབབ་པའི་རྒྱུན་སྡིག་པ་ཅན་གྱི་སྐྱེ་བོ་འགའ་ཞིག་ཉ་དེ་དག་ལ་ཕྱིས་ཆུ་འབབ་པར་མི་འགྱུར་བའི་ཕྱོགས་ཀྱི་གཡང་ས་ཆེན་པོར་ཆུ་ཀླུང་དེ་བསྒྱུར་བར་མཐོང་ངོ། །དེ་མཐོང་ནས་ཀྱང་བསམ་པ། ཆུ་ཀླུང་འདི་ནི་སྐྱེ་བོ་སྟོང་གིས་ཀྱང་སླར་བསྒྱུར་བར་མི་ནུས་ན། བདག་གིས་ལྟ་ག་ལ་ནུས་སྙམ་མོ། །སྐྱེས་བུ་དམ་པ་གཞན་ལ་ཕན་བྱེད་པའི། །དོན་ལ་ཞུགས་པའི་བློ་དང་ལྡན་པ་དག ཐབས་ལ་མཁས་པའི་ཁྱད་པར་དཔག་མེད་ཅིང་། །དཀའ་བའི་གནས་ལའང་ཤིན་ཏུ་སླ་བར་འགྱུར། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་རིངས་པར་རིངས་པར་རྒྱལ་པོ་ལྷའི་དབང་ཕྱུག་ག་ལ་བ་དེར་ཕྱིན་ནས་ཞེ་ས་བསྐྱེད་དེ་སྔ་མ་ལྟ་བུའི་དོན་ཞིབ་དུ་གསོལ་ནས། ལྷའི་ཞལ་སྔ་ནས་གླང་པོ་ཆེ་ཉི་ཤུ་བདག་ལ་བརྩལ་དུ་གསོལ་ལོ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་ལེགས་སོ་ཞེས་གནང་ནས། །སྨན་པའི་རྒྱལ་པོ་ལ་གླང་པོ་ཆེ་ཉི་ཤུ་བྱིན་ཅིག་ཅེས་བསྒོའོ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་རང་གི་ཁྱེའུ་གཉིས་དང་ལྷན་ཅིག་དུ་གླང་པོ་ཆེ་ཉི་ཤུ་ཁྲིད་དེ་གླང་པོ་ཆེའི་རྫི་བོ་ལས་བ་གླང་གི་རྐྱལ་པ་བརྒྱ་བླངས་ཏེ། ཆུ་འབེབས་ཅེས་བྱ་བའི་ཀླུང་དེ་ནས་ཆུ་བླངས་ཏེ་འབྲོག་དགོན་པའི་སྟེངས་ཀ་དེ་ཡོངས་སུ་བཀང་ངོ་། །དེ་ཆུ་ཡིས་ཡོངས་སུ་གང་བ་ན་ཉ་ཁྲི་པོ་དེ་དག་ཤིན་ཏུ་དགའ་བའི་སེམས་ཐོབ་སྟེ། ཚོང་དཔོན་གྱི་བུ་གང་ན་གནས་པ་དེའི་ལོགས་སུ་རྒྱུག་གོ །གང་གིས་འཇིག་རྟེན་དམན་པ་ལ། །ཕན་ཕྱིར་སྐྱོབ་པ་བྱེད་པ་དེར། །སླར་ཡང་རེ་བའི་དབང་གིས་སུ། །འདུ་བར་བྱེད་འདི་ཆོས་ཉིད་ཡིན། དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་བསམས་པ། ཀྱེ་མ་ཉ་ཁྲི་པོ་འདི་དག་བཀྲེས་པའི་མེས་ཡོངས་སུ་ཉེན་ནས་བདག་ལ་ཟས་སློང་དུ་ཡོངས་སོ་སྙམ་དུ་སེམས་ཏེ། བདག་གི་བུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་མྱུར་བར་གླང་པོ་ཆེ་ལ་བཞོན་ལ་བདག་ཅག་གི་ཁྱིམ་ནས་བཟའ་བའི་དངོས་པོ་སྦྱར་བ་དེ་དག་མྱུར་དུ་ལོང་ཤིག །དེས་ཀྱང་དེ་བཞིན་དུ་མཉན་ཏེ། མྱུར་བར་རང་གི་ཁྱིམ་ནས་བཟའ་བའི་དངོས་པོ་སྦྱར་བ་དེ་དག་བླངས་ཏེ། རང་གི་ཕ་ཆུ་འབེབས་ལ་ཕུལ་ལོ། །དེ་ནས་ཆུ་འབེབས་ཀྱིས་ཉ་དག་ལ་བཟའ་བའི་དངོས་པོ་དེ་དག་བྱིན་ཏེ་ཡོངས་སུ་ཚིམ་པར་བྱས་ནས་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་ཅིང་རྟེན་ཅིང་འབྲེལ་པའི་ཆོས་ཟབ་མོ་ཡང་བསྟན་ནས་སླར་ཡང་རང་གི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེ་ནས་དུས་གཞན་ཞིག་གི་ཚེ་ཉ་དེ་དག་ཚེའི་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེར་སྐྱེས་མ་ཐག་ཏུ་འདི་སྙམ་དུ་སེམས་ཏེ། བདག་ཅག་རྣམས་ལས་གང་གིས་འདིར་སྐྱེས་པ་བརྟག་ནས། འཛམ་བུའི་གླིང་དུ་ཉ་ཁྲིར་གྱུར་པ་ལས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཆུ་དང་ཟས་ཀྱི་མཆོག་གིས་ཚིམ་པར་བྱས་ཏེ། སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་ཆོས་ཟབ་མོ་བསྟན་པའི་རྒྱུ་དང་། རྐྱེན་དེས་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་རིག་ནས་ལྷ་དེ་དག་ཤིན་ཏུ་དགའ་བའི་སེམས་ཀྱིས་མཆོད་པའི་ལས་ལ་ཤིན་ཏུ་བརྩོན་པར་གྱུར་ཏེ། དེ་ནས་ལྷའི་ཚོགས་རྣམས་དེ་དག་ཀུན། །ཤིན་ཏུ་དགའ་བས་རིན་ཆེན་ཅོད་པན་དང་། །རྣ་ཆ་གཡོ་བཞིན་འཛམ་བུའི་གླིང་དུ་བབས། །ཟླ་བ་རྒྱུ་སྐར་ཚོགས་ཀྱིས་བསྐོར་བ་རྣམས། །གཅིག་ཏུ་འདུས་བཞིན་རྒྱལ་པོའི་ཕོ་བྲང་སོང་། །ཆུ་འབེབས་དེ་ནི་བདེ་བར་ཉལ་བ་ལ། །དེ་རྣམས་གུས་པའི་དབང་གིས་མཆོད་པར་བྱས། །ལྷའི་མུ་ཏིག་དོ་ཤལ་བཞི་ཁྲི་ནི། །སྐྱེས་བུ་དེ་ལ་མཆོད་ཕྱིར་ཕྱོགས་སུ་བཞག །རྒྱལ་པོའི་ཕོ་བྲང་འཁོར་དང་རང་གི་གནས། རྫིང་དང་བཅས་པར་མེ་ཏོག་ཆར་པ་ཕབ། ཟླ་བའི་འོད་ཟེར་དགའ་བས་ས་སྟེངས་སུ། །འོངས་པའི་རྐྱེན་གྱིས་ཀུ་མུད་དགོད་པ་བཞིན། །ལྷའི་བུ་དག་རང་གི་སྔ་མའི་ལུས། བལྟ་བར་འོངས་ལ་དེ་ཡང་བལྟ་བ་འདྲ། །སླར་ཡང་དེ་ནས་རང་གི་གནས་སོང་སྟེ། །ལྷ་ཡི་ལོངས་སྤྱོད་དཔལ་ལ་སྤྱོད་པར་གྱུར། །དེ་ནས་ཕྱི་ཉིན་འཛམ་བུའི་གླིང་དུ་ནམ་ལངས་པ་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་མེ་ཏོག་གི་ཆར་ཆེན་པོ་བབ་པའི་ལྟས་ཀྱི་རྣམ་པ་དེ་དག་མཐོང་ཏེ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་བྲམ་ཟེ་སྐར་མཁན་རྣམས་ལ་སྨྲས་པ་ལྟས་ཀྱི་རྣམ་པ་འདི་ཅི་ལས་གྱུར། དེ་དག་གིས་གསོལ་བ། ལྷ་མཁྱེན་པར་མཛད་དུ་གསོལ། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ཁང་པར་མུ་ཏིག་གི་སེ་མོ་དོ་བཞི་ཁྲི་དང་། མེ་ཏོག་གི་ཆར་ཆེན་པོ་བབ་པོ་ཞེས་མཆི་ན་འདིའི་རྒྱུ་གང་ལགས་པ་དེ་རྟོག་པར་འགྱུར་རོ། །དེ་ནས་རྒྱལ་པོས་མྱུར་བར་ཆུ་འབེབས་ལ་བཀའ་སྩལ་ཏེ། འདི་རྒྱུ་ཅི་ལས་གྱུར་པ་ཁྱོད་ཀྱིས་ཤེས་སམ། ཆུ་འབེབས་ཀྱིས་གསོལ་པ། ལྷ་བདག་གིས་འཚལ་ཏེ། འབྲོག་དགོན་པ་ན་མཆིས་པའི་ཉ་ཁྲི་པོ་དེ་དག་གུམ་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པར་ངེས་སོ། །ཅིའི་སླད་དུ་ཞེ་ན་བདག་གིས་དེ་རྣམས་ལ་དེ་བཞིན་གཤེགས་པའི་མཚན་བརྗོད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསྟན་པའི་སླད་དུའོ། །དེ་ནས་འབྲོག་དགོན་པ་ག་ལ་བ་དེར་བརྟགས་པ་ན་སྔ་མ་ཁོ་ན་བཞིན་དུ་ངེས་པར་གྱུར་ཏེ། རྒྱལ་པོ་དང་བཅས་པའི་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་བར་གྱུར་ནས་དམ་པའི་ཆོས་ལ་ལྷག་པར་སེམས་ཤིང་སྐྱེས་བུ་དམ་པ་དེ་ལ་ཤིན་ཏུ་དགའ་བའི་སེམས་ཀྱིས་འདི་ལྟ་བུ་སྐྱེས་ན་ལེགས་ཏེ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། ཨེ་མའོ་སྙིང་རྗེའི་རང་བཞིན་ཆེ། །མཐུ་ཆེན་ཁྱད་པར་འཕགས་པ་ཡི། །ལས་ནི་མངོན་གསུམ་བསྟན་གྱུར་ཀྱང་། །ཐེ་ཚོམ་ཟ་བར་གྱུར་པ་འདྲ། །གང་གིས་དུད་འགྲོའི་རྣ་ལམ་དུ། །ཆོས་སྒྲ་ཅུང་ཟད་ཐོས་པས་ཀྱང་། །ལྷ་ཡི་བདེ་བ་ཕུན་སུམ་ཚོགས། །དཔག་ཏུ་མེད་པའི་གནས་འཐོབ་ཅིང་། །ཡོན་ཏན་རྗེས་སུ་གྲགས་པ་འདི། །ཐོས་ནས་སུ་ཞིག་ཆོས་ལམ་སྤོང་། །སུ་ཞིག་རྒྱལ་ལ་དད་མི་བྱེད། །འདི་འདྲའི་འཇིག་རྟེན་རྨད་བྱུང་བ། །ཤེས་རབ་ཁྱད་པར་གསལ་བ་འདི། །འཇིག་རྟེན་བླ་མར་བྱེད་པ་དག བསམ་གྱིས་མི་ཁྱབ་གནས་འཐོབ་འགྱུར། །འདི་ལྟ་བུའི་ཕྱིས་འབྱུང་བ་ཡང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་པ་དེ་ནི་ཤཱཀྱ་ལག་ན་བེ་ཅོན་འདི་ཡིན་ནོ། །ཚོང་དཔོན་རལ་པ་འཛིན་པ་དེ་ནི་རྒྱལ་པོ་ཟས་གཙང་མའོ། །ང་ཉིད་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བྱ་བར་གྱུར་ཏོ། །ཁྱེའུ་ཆུའི་གོས་དང་ཆུའི་སྙིང་པོ་ནི་སྒྲ་ཅན་འཛིན་དང་ཀུན་དགའ་བོ་གཉིས་ཡིན་ནོ། །ཆུའི་པད་མའི་སྙིང་པོ་ཅན་ནི་ས་འཚོ་མ་ཡིན་ནོ། །ཉ་ཁྲི་པོ་དེ་རྣམས་ནི་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་རྣམས་ཉིད་དེ། སྔོན་གྱི་ལས་དེ་ཉིད་ཀྱིས་དགེ་བའི་རྩ་བ་རྫོགས་པར་བྱས་ཏེ། དེ་ལྟར་ངས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཤེས་རབ་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་། དམ་པའི་ཆོས་ཀྱི་མཐུ་ཡང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་དགེ་བའི་གཤེས་གཉེན་ཀྱིས་ཡོངས་སུ་ཟིན་པས་ལོག་པར་ལྟུང་བ་ལས་ཐར་པར་གྱུར་རོ། །ཞེས་དགེ་བའི་བཤེས་གཉེན་གྱི་ཕན་ཡོན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཆུ་འབེབས་ཀྱི་སྐྱེས་པའི་རབས་སྟེ་ལྔ་བཅུ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ཤེས་རབ་ཀྱི་མཐུས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་རྟོགས་པའི་བློ་གྲོས་དང་ལྡན་ཞིང་སེམས་ཅན་རྣམས་ཀྱི་དོན་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་འཛམ་བུའི་གླིང་འདི་ཉིད་དུ་རྒྱལ་པོ་ཀུན་དགའ་བོ་ཞེས་བྱ་བ་བྱུང་ངོ་། །སྔོན་གྱི་དུས་ནས་ས་འདིར་སྔོན་བྱུང་བ། །ས་བདག་དེ་ནི་མཐུ་དང་ལྡན་པ་སྟེ། །རི་ཕུག་སེང་གེས་བསྲུངས་པའི་རི་དྭགས་བཞིན། །ས་ཡི་བདག་པོ་གཞན་གྱིས་གཙེས་པ་མེད། །ལོངས་སྤྱོད་དུ་མ་ལྡན་པ་ས་ཡི་དཔལ། །རྣམ་པར་དག་ཅིང་ཤེས་པའི་ངང་ཚུལ་ཅན། རྒྱལ་པོ་དེ་ནི་བརྟགས་ཤིང་དོན་སྤྱོད་པ། སྐྱེ་དགུ་ཀུན་ཏུ་དགའ་བར་བྱེད་པར་ལྡན། །དེ་ལྟ་བུའི་རྒྱལ་པོ་དེ་ལ་བུ་ལྔ་ཡོད་པ་ལས། །ཐ་ཆུང་གང་ཡིན་པ་དེའི་བཞིན་མེ་ལོང་དང་འདྲ་བས་དེའི་མིང་ཡང་མེ་ལོང་གདོང་ཞེས་བྱ་བར་གྲགས་སོ། །དེ་ནི་བག་ཡོད་བརྟན་པའི་རང་བཞིན་ཅན། །བྱིས་པ་ཉིད་ནས་དུལ་བའི་དཔལ་ལྡན་པ། །ཟླ་བའི་གདོང་ཅན་སྐྱེ་བོས་མཐོང་ན་དགའ། དེ་ཡིས་དེ་ནི་མེ་ལོང་གདོང་ཞེས་གྲགས། དེ་ལྟར་གཞོན་ནུ་དེ་ནི་ངེས་པ་དང་ཤིན་ཏུ་དུལ་བ་ཡིན་ནོ། །གཞན་རྣམས་ནི་གཏུམ་པ། གཟུ་ལུམས་ཅན་རྩུབ་པ་ཡིན་ནོ། །དེ་དག་ཐམས་ཅད་ཕའི་དགོས་པ་ཞིག་གི་ཕྱིར་འདུས་ན་ཤེས་རབ་ཀྱི་ཅུང་ཟད་ཀྱང་སོ་སོར་རྟོགས་པ་མེད་དོ། །གཞོན་ནུ་མེ་ལོང་གདོང་ནི་དྲི་བ་ཟབ་མོ་ཟབ་པ་དག་ལ་རང་གི་ཤེས་རབ་ཀྱིས་སྤྱོད་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་ཀུན་དགའ་བོ་ནད་ཀྱིས་ཐེབས་ནས་དེས་བསམ་པ། གང་རྒྱལ་སྲིད་བྱེད་དུ་གཞུག གལ་ཏེ་བདག་གི་ཕུ་བོ་གོད་མ་ཞིག་ལས་གང་ཡང་རུང་བ་ཞིག་རྒྱལ་པོ་བྱེད་དུ་བཅུག་ཏེ་དེ་རྣམས་གཏུམ་པ། གཟུ་ལུམས་ཅན་རྩུབ་པ་ཡིན་པས་ཚུལ་མ་ཡིན་པས་ཡུལ་མི་རྣམས་ལ་གནོད་པ་བྱེད་པར་འགྱུར་རོ། །གལ་ཏེ་གཞོན་ནུ་མེ་ལོང་གདོང་རྒྱལ་སྲིད་དུ་བཅུག་ན་ཉེ་དུ་རྣམས་ཀྱིས་ད་རྒྱལ་པོ་འདིས་སྲས་ཐུ་བོ་རྣམས་བཞག་ནས་སྲས་ཐ་ཆུང་རྒྱལ་སྲིད་བྱེད་དུ་འཇུག་པ་ཅི་ཐ་ཚིག་ཞེས་སྨོད་པར་འགྱུར་བས་ཐབས་ཞིག་བཤམ་མོ་སྙམ་ནས། དེ་ནས་རིན་པོ་ཆེ་གསུམ་དང་། བཙུན་མོའི་འཁོར་ཞེ་ས་བྱེད་པ་དང་། ཤེས་རབ་ཀྱིས་སོ་སོར་བརྟག་པ་བྱ་བ་དྲུག་བཞག་ནས། དེས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་སྣ་བོ་དག་ང་འདས་ན་ཁྱེད་ཅག་གིས་གཞོན་ནུ་རྣམས་རེ་རེ་ནས་བརྟག་པར་བྱ་སྟེ། སུས་ནོར་བུའི་ལྷམ་ཟུང་དུ་བགོས་ནས་འཚམ་པར་འགྱུར་བ་དང་སེང་གེའི་ཁྲི་ལ་འདུག་ན་མི་གཡོ་བར་འདུག་པ་དང་། དབུ་རྒྱན་མགོ་ལ་ཐོགས་ན་མི་གཡོ་བར་འདུག་པ་དང་། བཙུན་མོའི་འཁོར་ཞེ་ས་བྱེད་པ་དང་། ཤེས་རབ་ཀྱི་སོ་སོར་བརྟག་པར་བྱ་བ་དྲུག་པོ་ནང་གི་གཏེར་དང་། ཕྱིའི་གཏེར་དང་། ཕྱི་ནང་གྱི་གཏེར་དང་། ཤིང་གི་རྩེ་མོའི་གཏེར་དང་། རིའི་རྩེ་མོའི་གཏེར་དང་། ཆུ་འགྲམ་གྱི་གཏེར་ཏེ་སུ་འདི་དག་ཐམས་ཅད་དང་ལྡན་པར་གྱུར་པ་དེ་ང་འདས་ནས་ཁྱེད་ཅག་གིས་རྒྱལ་པོར་ཆུག་ཅིག་ཅེས་སྨྲས་ནས། བསགས་པ་ཀུན་ཀྱི་མཐའ་ཟད་ཅིང་། མཐོན་པོའི་མཐའ་ནི་ལྷུང་པར་འགྱུར་ཞེས་བྱ་བ་ཡིན་པས་ཤིའོ། །ཤེས་རབ་ལྡན་པ་དེ་དག་ནི། །རིང་དུ་གཞན་ལ་ཕན་བྱེད་དོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ནི། །རིང་པོ་ནས་ཀྱང་སྣང་བ་བཞིན། །དེ་ནས་བློན་པོ་དེ་རྣམས་ཀྱིས་རྒྱལ་པོའི་བཀའ་སྒྲུབ་པའི་དོན་དུ་གཞོན་ནུ་ཕུ་བོ་ཆེ་ཤོས་ལ་ནོར་བུའི་ལྷམ་ཟུང་དུ་སྐྲོན་ན། ཇི་ལྟར་ཡང་དེ་དང་མི་འཚམ་མོ། །སེང་གེའི་ཁྲི་ལ་བཞག་ན་གཡོས། དབུ་རྒྱན་བཏགས་ན་རབ་ཏུ་གཡོས་སོ། །བཙུན་མོའི་འཁོར་གྱིས་ཀྱང་ཞེ་ས་མ་བྱས་སོ། །ཤེས་རབ་ཀྱིས་སོ་སོར་བརྟག་པ་བྱ་བ་དྲུག་སྨྲས་ན་མ་ཤེས་ཏེ། ནུ་བོ་ཕྱི་མ་རྣམས་ཀྱང་དེ་བཞིན་ནོ། །གཞོན་ནུ་མེ་ལོང་གདོང་ལ་ནོར་བུའི་ལྷམ་ཟུང་དུ་སྐོན་ན་ཤིན་ཏུ་འཚམ་པར་འདུག་གོ །སེང་གེའི་ཁྲི་ལ་འདུག་ན་མི་གཡོ་བར་འདུག་གོ །དབུ་རྒྱན་ཐོགས་ན་སྤྱི་གཙུག་རྒྱས་པར་འདུག་གོ །བཙུན་མོའི་འཁོར་གྱིས་ཀྱང་ཞེ་ས་བྱས་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ད་དུང་ཤེས་རབ་ཀྱི་སོ་སོར་བརྟག་པར་བྱ་བ་དྲུག་པོ་ནང་གི་གཏེར་དང་། ཕྱིའི་གཏེར་དང་། ཕྱི་ནང་གི་གཏེར་དང་། ཤིང་གི་རྩེ་མོའི་གཏེར་དང་། རིའི་རྩེ་མོའི་གཏེར་དང་། ཆུ་འགྲམ་གྱི་གཏེར་ཤེས་པར་བྱ་དགོས་སོ། །མེ་ལོང་གདོང་གིས་སྨྲས་པ། ནང་གི་གཏེར་ཞེས་བྱ་བ་ནི་ནང་གི་གཏེར་ཅི་ཞེ་ན་ཐེམ་པའི་ནང་རོལ་ན་ཡོད་པའི་གཏེར་ཡིན་ནོ། །ཕྱིའི་གཏེར་ཞེས་བྱ་བ་ནི་ཐེམ་པའི་ཕྱི་རོལ་ན་ཡོད་པའི་གཏེར་ཡིན་ནོ། །ཕྱི་ནང་གི་གཏེར་ཞེས་བྱ་བ་ཅི་ཡིན་ཞེ་ན་ཐེམ་པའི་འོག་ན་ཡོད་པའི་གཏེར་ཡིན་ནོ། །ཤིང་གི་རྩེ་མོའི་གཏེར་ཞེས་བྱ་བ་ནི་རྒྱལ་པོ་དེ་བཞུགས་པའི་ཤིང་དེའི་གྲིབ་མས་ཉི་མའི་གུང་ལ་གང་དུ་ཁྱབ་པ་དེ་ན་ཡོད་པའི་གཏེར་ཡིན་ནོ། །རིའི་རྩེ་མོའི་གཏེར་ཞེས་བྱ་བ་ནི་རྒྱལ་པོ་དེ་རོལ་པའི་རྫིང་དེ་ན་ཁྲུས་ཀྱི་རྡོ་ལེབ་ཡོད་པ་དེའི་འོག་ན་ཡོད་པའི་གཏེར་ཡིན་ནོ། །ཆུ་འགྲམ་གྱི་གཏེར་ཞེས་བྱ་བ་ནི་ཁྱིམ་གྱི་ཆུ་གང་དུ་འབབ་པ་དེའི་འདོར་ཁུང་གི་མཐའ་ན་ཡོད་པའི་གཏེར་ཡིན་ནོ། །བློན་པོ་དེ་རྣམས་ཀྱིས་ཐམས་ཅད་སོ་སོར་བརྟགས་པ་ན་དེ་དག་བྱུང་ནས་དེ་རྣམས་ཀྱིས་དེ་རྒྱལ་པོར་དབང་བསྐུར་ཏེ། །རྒྱལ་པོ་མེ་ལོང་གདོང་ཞེས་བྱ་བ་མཐུ་དང་ལྡན་པར་གྱུར་ཏོ། །བསོད་ནམས་སྟོབས་ཀྱིས་མངོན་པར་འཕགས་གྱུར་ཅིང་། །བློ་གྲོས་རྣམ་པར་དག་པ་དེ་དག་ནི། །རྟགས་ལ་བརྟེན་ནས་མངོན་སུམ་བཞིན་དུ་མཐོང་། །ཅི་ལྟར་དུ་བའི་རྟགས་ལས་མེ་མཐོང་བཞིན། །བློན་པོ་རྣམས་ནི་མངོན་སུམ་ཉིད་ཀྱང་ནི། ལྐོག་གྱུར་བཞིན་དུ་གཞན་དུ་ངེས་པར་འགྱུར། དེ་ལྟར་དེ་རྒྱལ་པོར་གྱུར་ནས་ཀྱང་ཤེས་རབ་ཀྱིས་འབངས་ཐམས་ཅད་འཁྲུག་པ་མེད་ཅིང་བདེ་བར་བསྐྱངས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་རི་བོ་གཞན་ཞིག་ན་བྲམ་ཟེ་དབྱུ་གུ་ཅན་ཞེས་བྱ་བ་ཞིག་གནས་པ་དེས་ཁྱིམ་བདག་ཅིག་ལ་གླང་གཅིག་གཡར་ཏེ་ཞིང་རྨོས་ནས་གླང་དེད་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་པ་དང་། ཇི་ཙམ་ན་ཁྱིམ་བདག་དེ་དྲོ་ལ་བབས་ནས། བྲམ་ཟེ་དབྱུ་གུ་ཅན་གྱིས་གླང་ཕུག་དུ་བདས་པ་ལས་སྒོ་གཞན་ཞིག་ནས་བྱུང་ཏེ་སོང་ངོ་། །ཁྱིམ་བདག་དེ་ཟན་ཟོས་ནས་ལངས་པ་ན་གང་ན་ཡང་གླང་མི་སྣང་བར། དེས་དབྱུ་གུ་ཅན་བཟུང་ནས་གླང་ག་རེ་དེས་སྨྲས་པ། ཁྱིམ་དུ་མ་བཅུག་གམ། ཁྱོད་ཀྱིས་ཁོ་བོའི་གླང་ཕྲོགས་ཀྱིས། ཚུར་བྱིན་ཅིག་དེས་སྨྲས་པ། ཁོ་བོས་མ་འཕྲོགས་སོ། །དེས་སྨྲས་པ། རྒྱལ་པོ་མེ་ལོང་གདོང་འདི་ཤེས་རབ་དང་ལྡན་པ་ཡིན་གྱི་དེའི་དྲུང་དུ་དོང་དང་། དེས་དོན་འདི་བདག་ཅག་ལ་རིགས་མི་རིགས་སྟོན་པར་འགྱུར་རོ་ཞེས་དེ་གཉིས་ཆས་པ་དང་། མི་ཞིག་གི་རྟ་རྒོད་མ་ཞིག་བྲོས་ནས་དེས་དབྱུ་གུ་ཅན་ལ་སྨྲས་པ། རྟ་རྒོད་མ་དེ་ཁོག་ཅིག་དེས་སྨྲས་པ་ཇི་ལྟར་དགག །ཅི་ནུས་པས་སོ། །དེས་རྡོ་བ་ཞིག་བླངས་ཏེ་མགོར་བསྣུན་པས་དེ་ཤི་བར་གྱུར་ཏོ། །མི་དེས་སྨྲས་པ། ཁོ་བོའི་རྟ་རྒོད་མ་ཁྱོད་ཀྱིས་བསད་ཀྱིས་ཁོ་བོ་ལ་རྟ་རྒོད་མ་བྱིན་ཅིག །ཅིའི་ཕྱིར་རྟ་རྒོད་མ་སྦྱིན། དེས་སྨྲས་པ། ཚུར་ཤོག་རྒྱལ་པོ་མེ་ལོང་གདོང་གི་གམ་དུ་དོང་དང་། དེས་བདག་ཅག་གི་ཞལ་ལྕེ་གཅོད་པར་འགྱུར་གྱི་ཞེས་དེ་དག་དེར་དོང་པ་དང་། དབྱུ་གུ་ཅན་དེས་བྲོས་པར་བརྩམས་ཏེ། དེས་རྩིག་པ་ཞིག་གི་སྟེང་ནས་བདག་ཉིད་མཆོངས་པ་དང་། དེའི་ཤོད་ན་ཐ་ག་བ་ཞིག་ཐག་འཐག་ཅིང་འདུག་པ་དེའི་སྟེང་དུ་ལྷུང་པས། ཐ་ག་བ་ཤི་ནས་དབྱུ་གུ་ཅན་ཡང་ཐ་ག་བའི་ཆུང་མས་བཟུང་ཏེ། ཁོ་མོའི་ཁྱིམ་ཐབ་ཁྱོད་ཀྱིས་བསད་ཀྱིས། ཁོ་མོའི་ཁྱིམ་ཐབ་བྱིན་ཅིག །ཁོ་བོས་ཁྱོད་ཀྱི་ཁྱིམ་ཐབ་ག་ལ་སྦྱིན། དེས་སྨྲས་པ། ཚུར་ཤོག་རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་དོང་དང་། དེས་བདག་ཅག་གི་ཞལ་ལྕེ་གཅོད་པར་འགྱུར་རོ་ཞེས་དེ་རྣམས་ཆས་པ་དང་། ལམ་གྱི་བར་དེ་ན་ཆུ་བོ་གཏིང་ཟབ་མོ་ཅིག་ཡོད་པ་དེ་ལ་ཤིང་མཁན་ཞིག་ཁ་ན་སྟིའུ་ཐོགས་ཏེ་ཕར་ཚུར་བརྒལ་བ་དེ་ལ་དབྱུ་གུ་ཅན་གྱིས་སྨྲས་པ། ཆུ་ཆེ་ཆུང་ཇི་ཙམ་སྟེའུ་བཏང་ཏེ་སྨྲས་པ། ཆུ་གཏིང་ཟབ་བོ། །སྟེའུ་དེ་ཆུར་ལྷུང་ནས་དེས་དབྱུ་གུ་ཅན་དེ་བཟུང་ནས་ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྐྱུར་རོ། །ངས་མ་བསྐྱུར་རོ། །ཚུར་ཤོག་རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་དོང་དང་། དེས་བདག་ཅག་གི་ཞལ་ལྕེ་གཅོད་པར་འགྱུར་རོ། །དེ་རྣམས་ངལ་བས་དབྱུ་གུ་ཅན་ཁྲིད་དེ་ཆང་འཚོང་ཞིག་གི་ཁྱིམ་དུ་ཞུགས་པ་དང་། ཆང་འཚོང་མ་ལ་ཁྱིའུ་ཞིག་བཙས་པ་དེས་ཁྱིའུ་དེ་གོས་ཀྱིས་བཀབ་ཏེ་སྙལ་བ་དེའི་སྟེང་དུ་དབྱུ་གུ་ཅན་འདུག་གོ །དེས་ཁྱེའུ་ཡོད་ཁྱེའུ་ཅེས་སྨྲས་ནས། ཇི་ཙམ་ན་བལྟས་ན་ཤི་བར་གྱུར་ཅིང་དེས་དབྱུ་གུ་ཅན་བཟུང་ནས། ཁྱོད་ཀྱིས་ཁོ་མོའི་བུ་གསད་ཀྱིས། ཁོ་མོའི་བུ་བྱིན་ཅིག་དེས་སྨྲ་པ། ཁོ་བོས་ནི་མ་གསད་ན། ཅིའི་ཕྱིར་ཁོ་བོས་ཁྱོད་ལ་བུ་སྦྱིན། དེས་སྨྲས་པ། ཚུར་ཤོག་རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་འདོང་ངོ་ཞེས་དེ་རྣམས་ཆས་པ་དང་། ཇི་ཙམ་ན་ཕྱོགས་གཞན་ཞིག་ན་ཤིང་སྐམ་ལ་ཁྭ་ཞིག་འདུག་པ་དེས་དབྱུ་གུ་ཅན་མཐོང་ནས་སྨྲས་པ། གང་དུ་འགྲོ་ཁོ་བོ་ནི་མི་འགྲོ་ན་འདི་དག་གིས་ཁོ་བོ་ཁྲིད་དོ། །གང་དུ་མེ་ལོང་གདོང་གི་དྲུང་དུའོ། །འོ་ན་ཁོ་བོའི་འཕྲིན་ཡང་ཁྱེར་ལ། རྒྱལ་པོ་མེ་ལོང་གདོང་ལ་ཕྱོགས་ཆེ་གེ་མོ་ཞིག་ན་ཤིང་ལོ་མ་སྐམས་སྐམས་པ་ཞིག་མཆིས་པ་དེ་ལ་ཁྭ་ཞིག་མཆིས་ཏེ། དེའི་མཆིད་ནས་ཤིང་ལོ་མ་སྔོ་ཞིང་སྣུམ་པ་གཞན་དག་མཆིས་བཞིན་དུ་དེ་ལ་བདག་དགའ་བར་མི་འགྱུར་གྱིས་འདི་ལ་བདག་མཆིས་ན་བདེ་བ་ཅི་ལས་གྱུར་ཅེས་གྱིས་ཞིག །དེ་རྣམས་ཆས་པ་ལས། རི་དྭགས་ཞིག་གི་དབྱུ་གུ་ཅན་མཐོང་ནས། དེས་སྨྲས་པ། དབྱུ་གུ་ཅན་གང་དུ་འགྲོ། ཁོ་བོ་ནི་གང་དུ་ཡང་མི་འགྲོ་ན། འདི་དག་གིས་ཁོ་བོ་ཁྲིད་དོ། །གང་དུ་མེ་ལོང་གདོང་གི་དྲུང་དུའོ། །ཁོ་བོའི་འཕྲིན་ཡང་ཁྱེར་ལ། གནས་དག་ན་གསིང་མ་དང་། རྩ་སྔོན་པོ་དག་མཆིས་བཞིན་དུ་བདག་དེ་དག་ལ་མ་དད་པ་ལ་རྒྱུ་ཅིས་ཤེས་གྱིས་ཤིག་དེ་རྣམས་ཆས་པ་དང་། ཇི་ཙམ་ན་གསེག་པ་ཞིག་གིས་མཐོང་ནས་སྨྲས་པ། གང་དུ་འདོང་ཞེས་བྱ་བ་ནས། འོ་ན་ཁོ་བོའི་འཕྲིན་ཡང་ཁྱེར་ཅིག་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཕྱོགས་ཅིག་ཏུ་ནི་གསེག་པའི་སྐད་འབྱིན་ལ། ཕྱོགས་གཞན་དུ་ནི་སྐད་གཞན་འབྱིན་པ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །ཕྱོགས་གཞན་ཞིག་ན་སྦྲུལ་ཞིག་གིས་མཐོང་ནས་ཞེས་བྱ་བ་ནས་འོ་ན་ཁོ་བོའི་འཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཕུག་ན་ནི་བདེ་བར་འབྱུང་ལ། སླར་ནི་སྡུག་བསྔལ་གྱིས་འཇུག་པ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །ཡང་སྦྲུལ་ཞིག་དང་ནེའུ་ལེ་གཉིས་ཕན་ཚུན་མི་མཐུན་ཞིང་འཐབ་པར་བྱེད་པ་ཞེས་བྱ་བ་ནས་འོ་ན་བདག་ཅག་གི་འཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཅག་ཉིན་པར་ཅིག་གིས་གཅིག་མཐོང་ན་འཐབ་མོ་འགྱེད་ཅིང་དགའ་བར་མི་འགྱུར་བ་འདི་ལའང་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །ཡང་བག་གསར་གཞོན་ནུ་མ་ཞིག་གིས་ཞེས་བྱ་བ་ནས། དེས་སྨྲས་པ། འོ་ན་བདག་ཅག་གི་འཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གང་གི་ཚེ་བདག་གིས་ཕའི་ཁྱིམ་ན་མཆིས་པ་དེའི་ཚེ་ནི་གྱོས་པོའི་ཁྱིམ་འཚལ་ལ། གང་གི་ཚེ་གྱོས་པོའི་ཁྱིམ་ན་མཆིས་པ་དེའི་ཚེ་ན་ཕའི་ཁྱིམ་འཚལ་བ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །འདིར་གཞན་དག་གིས་སྨྲས་པ། ཀྱེ་མ་རྣམ་པ་དུ་མ་ཡི། །སྤྱོད་པ་བག་མེད་དབང་གྱུར་པས། །ཉེས་པ་དག་དང་འཕྲད་པར་གྱུར། །འདི་ནི་འཇིག་རྟེན་ཉམས་པ་ཡིན། །གང་ན་ཉེས་པ་བརྒྱ་ཕྲག་གིས་དཀྲུགས་ལ། །འཇིག་རྟེན་འདིར་ནི་འཇིག་རྟེན་གསལ་སྟོན་པ། །ས་བདག་དཔལ་ལྡན་རྣམས་ཀྱིས་ཟིན་གྱུར་ན། །ཉེས་པའི་མུན་པ་སེལ་བྱེད་ཟླ་འོད་བཞིན། །ཡང་དག་སྤྱོད་པ་གསལ་བྱེད་རབ་རིབ་འཇོམས། །སྐྱེ་བུ་དམ་པ་རྣམས་ནི་བླ་ན་མེད། དེ་རྣམས་རྒྱལ་པོ་མེ་ལོང་གདོང་ག་ལ་བ་དེར་དོང་སྟེ་ཕྱིན་ནས་དབྱུ་གུ་ཅན་གྱིས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་འཕེལ་བར་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །གཞན་དག་གིས་ཀྱང་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འཁོད་པ་དང་། རྒྱལ་པོས་དབྱུ་གུ་ཅན་ལ་དྲིས་པ། ཁྱོད་ཅི་ལ་འོངས། ལྷ་བདག་ནི་ཁྲིད་དོ། །ཅི་ཞིག་གི་ཕྱིར། དབྱུག་གུ་ཅན་གྱིས་ཁྱིམ་བདག་དང་ཅི་ཞིག་ལས་བརྩོད་པ་དེ་སྨྲས་སོ། །རྒྱལ་པོས་ཁྱིམ་བདག་ལ་དྲིས་པ། ཁྱོད་ཀྱིས་གླང་མཐོང་ངམ། མཐོང་ལགས་སོ། །དབྱུག་གུ་ཅན་ཁྱོད་ཀྱིས་གླང་ཕུགས་སུ་བསྐྲད་དམ། ལྷ་བསྐྲད་ལགས་སོ། །རྒྱལ་པོས་སྨྲས་པ། གང་གི་ཕྱིར་གོ་བར་མ་བྱས་པས་དབྱུག་གུ་ཅན་འདིའི་ལྕེ་ཆོད་ཅིག །གང་གི་ཕྱིར་འདི་ཡང་མཐོང་བཞིན་དུ་གླང་མ་བཏགས་པས་མིག་ཕྱུང་ཤིག །ཁྱིམ་བདག་གིས་སྨྲས་པ། རྣམ་པ་གཅིག་ཏུ་བདག་གི་གླང་མེད། རྣམ་པ་གཉིས་སུ་བདག་གི་མིག་ཕྱུང་བ་བས་དབྱུག་གུ་ཅན་རྒྱལ་ཞིང་ཉེས་པ་མེད་པར་གསོལ། ཡང་མི་ཞིག་གིས་སྨྲས་པ། དབྱུག་གུ་ཅན་འདིས་བདག་གི་རྟ་རྒོད་མ་ཞིག་བཀུམ་མོ། །ཇི་ལྟར་གསད། དེས་རྒྱས་པར་སྨྲས་པ་དག་རྒྱལ་པོས་སྨྲས་པ། གང་གི་ཕྱིར་ཇི་ལྟར་ནུས་པ་དེ་བཞིན་ཁོག་ཤིག་སྨྲས་པས་མི་འདིའི་ལྕེ་ཆོད་ཅིག །གང་གི་ཕྱིར་རྡོ་བས་མི་བསྣུན་པར་གཞན་གྱིས་དགག་པར་མི་བྱེད་པ་དབྱུག་གུ་ཅན་འདིའི་ཡང་ལག་པ་ཆོད་ཅིག །ཅེས་སྨྲས་པས། མི་དེས་སྨྲས་པ། རྣམ་པ་ཅིག་ཏུ་བདག་གི་རྟ་རྒོད་མ་བཀུམ། རྣམ་པ་གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་གུ་ཅན་རྒྱལ་ཞིང་ཉེས་པ་མེད་པར་གསོལ་ལོ་ཡང་ཐ་ག་བའི་ཆུང་མས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། འདི་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་ཁྱེར་ཅིག །དེས་སྨྲས་པ། རྣམ་པ་གཅིག་དུ་ནི་བདག་གི་ཁྱིམ་ཐབ་བཀུམ། རྣམ་པ་གཉིས་སུ་འདི་ཁྱིམ་ཐབ་ཏུ་གྱུར་པ་བས་དབྱུག་གུ་ཅན་རྒྱལ་ཞིང་ཉེས་པ་མེད་པར་གསོལ་ལོ། །ཡང་ཤིང་མཁན་གྱིས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གང་གི་ཕྱིར་སྟེའུ་ཆུའི་དབུས་སུ་བོར་ནས་ཚིག་སྨྲས་པ་ཤིང་མཁན་དེའི་ལྕེ་ཆོད་ཅིག །དབྱུག་གུ་ཅན་འདི་ཡང་ཆུའི་གཏིང་ཟབ་པར་མཐོང་བཞིན་དུ་ཤིང་མཁན་ལ་འདྲི་བས་མིག་ཕྱུང་ཞིག །ཤིང་མཁན་གྱིས་སྨྲས་པ། གཅིག་ཏུ་བདག་གི་སྟེའུ་ཆུས་ཁྱེར། གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་གུ་ཅན་རྒྱལ་ཞིང་ཉེས་པ་མེད་པར་གསོལ་ལོ། །ཡང་ཆང་འཚོང་མས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གང་གི་ཕྱིར་འདིས་བུ་ཐམས་ཅད་ཀྱིས་ཐམས་ཅད་དུ་གོས་ཀྱིས་གཡོགས་ནས་བསྙལ་བས་ཆང་འཚོང་མ་འདིའི་ལག་པ་ཆོད་ཅིག །དབྱུག་གུ་ཅན་འདི་ཡང་མ་བརྟགས་པར་གཞན་གྱི་སྟན་ལ་འདུག་པས་འདིའི་མིག་ཕྱུང་ཞིག །དེས་སྨྲས་པ། རྣམ་པ་གཅིག་ཏུ་བདག་གི་བུ་བཀུམ། རྣམ་པ་གཉིས་སུ་བདག་གི་ལག་པ་བཅད་པ་བས་དབྱུག་གུ་ཅན་རྒྱལ་ཞིང་ཉེས་པ་མེད་པར་གསོལ་ལོ། །དབྱུག་གུ་ཅན་གྱིས་ཁྭའི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། དབྱུག་གུ་ཅན་ཁྭ་དེ་ལ་ཁྱོད་ཕྱོགས་དེ་ན་རི་བོང་ཞིག་ཡོད་པའི་གྲོང་གི་བདག་པོར་གྱུར་པ་ན་ཤིང་སྐམ་པོ་དེའི་དྲུང་དུ་གཏེར་ཡོད་ཀྱི། དེ་འགའ་ཞིག་ལ་བྱིན་ཏེ་སོང་ཞིག་དང་། བདེ་བར་གྱུར་རོ་ཞེས་བསྒོས་ཤིག །ཡང་རི་དྭགས་ཀྱི་འཕྲིན་སྨྲས་པ་དང་། ཁྱོད་ཀྱིས་རི་དྭགས་དེ་ལ། རི་དྭགས་ཁྱོད་དེ་ན་ཡོད་པའི་ཁ་ནས་སྦྲང་རྩིའི་ཐིགས་པ་འཛག་སྟེ། དེ་ཟགས་པས་རྩ་དང་ནེའུ་གསིང་མངར་པོར་གྱུར་པ་ལ་ཁྱོད་ཟས་ཟ་བ་ལ་སྦྲང་མ་དེ་སོང་ཟན་གྱིས་རོ་ལ་ཆགས་པར་མ་བྱེད་ཅིག །ཚུལ་མ་ཡིན་པས་སྡུག་བསྔལ་དུ་གྱུར་ཏ་རེ་ཞེས་སྨྲོས་ཤིག །ཡང་གསེག་པའི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གང་དུ་གསེག་པའི་སྐད་འབྱིན་པ་ཕྱོགས་དེ་ན་གཏེར་མེད་ཀྱིས་གང་དུ་སྐད་གཞན་དུ་འབྱིན་པ་དེ་ན་ཡོད་པས་ཁྱོད་ཀྱིས་གཏེར་འགའ་ཞིག་ལ་སྟོན་ལ། ཚུལ་མ་ཡིན་པས། སྡུག་བསྔལ་བར་གྱུར་ན་མི་རུང་གིས་གཞན་དུ་སོང་ཞིག་ཅེས་བསྒོས་ཤིག །ཡང་དེས་སྦྲུལ་དང་ནེའུ་ལེའི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། དེ་གཉིས་ལ་ཁྱེད་ཅག་མིར་གྱུར་པ་ན་སྤུན་གཉིས་ཞིག་ཏུ་སྐྱེས་ཏེ། དེ་ལ་ཅིག་གིས་སྨྲས་པ། ནོར་བགོའོ། །ཅིག་ཤོས་སེར་སྣས་ཟིལ་གྱིས་ནོན་ནས་མ་བགོས་སོ། །དེ་ལ་ཅིག་གིས་ལྷག་པར་ཆགས་པས་སྦྲུལ་དུ་སྐྱེས་སོ། །ཅིག་ཤོས་ཀྱང་ནོར་ལ་ཐེན་ཏེ་ལྷག་པར་ཆགས་པར་བྱས་པས་ནེའུ་ལེར་སྐྱེས་སོ། །དེ་བས་ན་ཁྱེད་ཅག་གི་ནོར་དེ་དག་དགེ་སྦྱོང་ངམ་བྲམ་ཟེ་དག་ལ་བྱིན་ལ་གནས་དེ་བོར་དང་བདེ་བར་འགྱུར་རོ་ཞེས་བསྒོས་ཤིག །ཡང་སྦྲུལ་གྱི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་སྦྲུལ་དེ་ལ་ཁྱོད་ལྟོགས་ཤིང་ཉམས་ཆུང་པར་གྱུར་པས་ནི་ཕུག་ནས་ཕྱིར་འབྱུང་ལ། ཁ་ཟས་ཕལ་མོ་ཆེ་ཟོས་ནས་ནི་སྡུག་བསྔལ་བས་ཕུག་ཏུ་འཇུག་པ་ཡིན་གྱི། ཁྱོད་ཀྱིས་ཁ་ཟས་ལ་ཅི་ཙམ་དུ་སྤྱད་པས་ཚོད་ཟིན་པར་བྱས་ན་ཁྱོད་བདེ་བར་འགྱུར་རོ་ཞེས་བསྒོས་ཤིག །ཡང་བག་གསར་གཞོན་ནུའི་འཕྲིན་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་བག་གསར་གཞོན་ནུ་མ་དེ་ལ་ཁྱོད་ཀྱི་ཕའི་ཁྱིམ་ན་འགྲོགས་བཤེས་ཅིག་གནས་ཏེ་གང་གི་ཚེ་ཁྱོད་གྱོས་པོའི་ཁྱིམ་ན་འདུག་པ་དེའི་ཚེ་ནི་འགྲོགས་བཤེས་དེ་འདོད་དོ། །གང་གི་ཚེ་ཕའི་ཁྱིམ་ན་འདུག་པ་དེའི་ཚེ་ནི་ཁྱིམ་ཐབ་དེ་འདོད་དེ། དེ་བས་ན་ཁྱོད་ཚུལ་བཞིན་མ་ཡིན་པའི་སྡུག་བསྔལ་བར་གྱུར་ན་ནི་མི་རུང་གིས་གནས་ཅིག་ཐོང་ལ་ཅིག་ལེགས་པར་བྱོས་ཤིག་ཅེས་སྨྲོས་ཤིག་ཅེས་རྗེས་སུ་བསྟན་ཏོ། །བློ་ལྡན་རྣམས་ཀྱི་ཤེས་རབ་སྟོབས། །གཞན་ལ་ཕན་པར་བྱེད་པ་གང་། །རྣམ་པར་དཔྱད་པའི་མཐུ་ཅུང་ཟད། །སྙིང་རྗེའི་སེམས་ཀྱིས་སྟོན་པ་ཡང་། །ལེགས་པར་བསྟན་པ་ཉིད་འགྱུར་ཏེ། །ཕལ་པ་རྣམས་ལ་མངོན་སུམ་དུ། །བསྟན་ཀྱང་དེ་ལྟར་རྟོགས་མི་འགྱུར། །དེ་བས་བློ་ལྡན་མཚུངས་མེད་དོ། །དེ་ནས་བུད་མེད་དེ་དང་སྦྲུལ་གྱིས་ནི་རྒྱལ་པོས་ཇི་སྐད་བསྟན་པ་དེ་བཞིན་དུ་རྗེས་སུ་བསྒྲུབས་སོ། །སྦྲུལ་དང་ནེའུ་ལེ་དང་ཁྭས་ནི་ནོར་དེ་དག་དབྱུག་གུ་ཅན་ལ་བྱིན་ནོ། །ལྷག་མ་རྣམས་ཀྱང་རྒྱལ་པོས་བསྟན་པ་དེ་ཉིད་ཀྱིས་བརྩོད་པ་དང་སེམས་འཁྲུག་པ་མེད་པར་གྱུར་ཏེ་ཐམས་ཅད་ཀྱང་བདེ་བར་གནས་པར་གྱུར་ཏོ། །དེའི་ཚེ་བློན་པོ་རྣམས་ཀྱིས་སྨྲས་པ། ཨེ་མའོ། །ལྷ་ལ་འདི་ལྟ་བུའི་སྤོབས་པ་མངའ་བ་ལྟ། གང་ན་བློ་ལྡན་རྒྱལ་པོ་ཁྱེད་བཞུགས་པ། །ཨེ་ཧོ་འབངས་རྣམས་མཆོག་ཏུ་བསྐལ་བ་བཟང་། །ཤེས་རབ་མཐུ་ཡིས་འཇིག་རྟེན་གསལ་སྟོན་ཅིང་། །དྲག་ཤུལ་ལས་ཀྱི་སྤྱོད་པ་རྣམ་སྤངས་ཀྱང་། །ཆོས་དང་མཐུན་པའི་བཀའ་ཁྲིམས་བཟང་པོ་ཡིས། མངོན་མཐོའི་ལམ་ལ་འབངས་རྣམས་ཁྲིད་མཛད་དེ། །ངེས་པར་ལེགས་པའི་འབྲས་བུ་མངོན་གཏོད་བའི། །ས་བདག་ཁྱོད་ཀྱིས་མགོན་བྱས་དཔལ་དང་ལྡན། །ཨེ་མའོ་བློ་ཆེ་ཨེ་མའོ་མཆོག་ཏུ་ཟབ། །ལྷ་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་རྒྱལ་པོ་མེ་ལོང་གདོང་སྐྱེ་དགུ་རྣམས་ཉེ་བར་སྐྱོང་བ་ལ་དུས་གཞན་ཞིག་གི་ཚེ་སྐྱེ་དགུ་རྣམས་ཀྱི་ལས་ཀྱི་ཉེས་པའམ། ལྷ་དང་ཀླུ་ཆར་འབེབས་པ་རྣམས་བག་མེད་པའི་དབང་གིས་ལོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ཚེ་སྐྱེ་འགྲོ་ཕལ་ཆེར་རྣམས། བཀྲེས་པས་ཉམས་ཐག་གནས་གྱུར་ཏེ། །མྱ་ངན་སྨྲེ་སྔགས་འཁྲུག་པར་འགྱུར། །ཕོངས་པའི་འཇིག་རྟེན་ཉམས་ཐག་རྣམས། །ས་བདག་སྙིང་རྗེའི་རང་བཞིན་གྱིས། མཐོང་པས་དེ་བས་སྡུག་བསྔལ་འགྱུར། །དེ་ནས་དེ་ཡིས་བློན་པོའི་ཚོགས་ལ་སྨྲས། །དེ་དག་གུས་པས་རྒྱལ་པོའི་བཀའ་བཞིན་དུ། །གང་ན་སྐྱེ་བོ་འདུ་བར་རུང་བ་ཡི། །ས་ཕྱོགས་རྣམས་སུ་སྦྱིན་པའི་བསྐལ་པ་བརྩིགས། །ཕོངས་པའི་རྫིང་དང་འདྲ་བ་དེར་བཤམས་ནས། །སྙན་པའི་སྒྲ་ཡིས་ཕྱོགས་རྣམས་ཐམས་ཅད་དུ། །སུ་དག་གོས་དང་རིན་ཆེན་བཟའ་བཏུང་ནོར། །འདོད་པ་དེ་དག་ཚུལ་བཞིན་ལོངས་སྤྱོད་ཅེས། །ཕྱོགས་བཅུར་ལྷ་ཡི་རྔ་སྒྲ་བཞིན་དུ་སྒྲོགས། །དེ་ཡིས་སྐྱེ་བོ་ཕོངས་པའི་ཡིད་རངས་ནས། །པད་མོའི་མཚོ་འགྲམ་གླང་པོ་ལྷགས་པ་བཞིན། །སྙིང་རྗེའི་སྤྲིན་ལས་ལེགས་པར་མཐོན་གྱུར་པའི། །སྦྱིན་པའི་ཆར་རྣམས་ཕྱོགས་བཅུར་ཕབ་པ་ལས། །ཕོངས་པ་བློ་ཡི་སྟེང་ཀ་རབ་གང་སྟེ། །དབུལ་བས་གདུངས་པའི་གཞི་རྣམས་བརླན་གྱུར་པས། །འགྲོ་རྣམས་དགའ་བའི་མྱུ་གུ་ཁ་འབུས་ཤིང་། །གདོང་གི་ཆུ་སྐྱེས་འཛུམ་ཞིང་དགོད་པ་བཞིན། །གྲགས་པའི་དྲི་བསུང་ཕྱོགས་བཅུར་རྒྱས་གྱུར་པ། །མ་ལུས་ས་འདིར་བཀྲམ་པ་བཞིན་དུ་གྱུར། དེ་ལྟར་རྒྱལ་པོ་དེས་སེམས་ཅན་ཐམས་ཅད་ལ་བཟའ་བ་དང་། བཏུང་བ་ལ་སོགས་པའི་ཅི་དང་ཅི་འདོད་པའི་སྦྱིན་པ་ཆེན་པོ་བྱས་པ་དེ་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་མགུ་བར་གྱུར་པས་སྐྱེ་བོའི་ཚོགས་རྣམས་ལ་དོན་འདི་ཡང་སྨྲས་སོ། །བློ་ལྡན་ཆོས་དང་མཐུན་པ་ཡིས། །ནོར་ལ་ཆགས་པར་མི་བྱ་སྟེ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡི། །ཡོན་གནས་ལ་ནི་ཡོངས་སུ་འབུལ། །དགེ་སྦྱོང་བྲམ་ཟེ་དེས་པ་དང་། །ཕོངས་པ་ལེགས་པར་ཚིམ་བྱས་ན། །ཤེས་རབ་ཅན་དེ་ལུས་ཞིག་ནས། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། མཁས་པས་དེ་ལྟར་ཤེས་བྱས་ནས། །དད་ལྡན་ཆགས་པ་མེད་སེམས་ཀྱིས། །ཡོན་གནས་རྣམས་ལ་སྦྱིན་པ་ནི། །རྒྱ་ཆེན་རབ་ཏུ་བཏང་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡང་དག་པར་བསྟན་པས་སྐྱེ་དགུ་དཔག་ཏུ་མེད་པ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་དོན་རྒྱ་ཆེན་པོ་ལ་ཡོངས་སུ་སྦྱོར་བར་མཛད་དོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་འཇིག་རྟེན་ཐམས་ཅད་ལ་ཕན་པའི་ཤེས་རབ་ཀྱི་མཐུ་ཐོབ་པར་བྱའོ། །གཞན་ཡང་རྣམ་པར་དག་པའི་ཤེས་རབ་དང་ལྡན་པ་རྣམས་ནི་སེམས་ཅན་ལ་ཕན་པར་འགྱུར་ཞིང་འགྲོ་བ་རྣམས་ཀྱིས་བསྔགས་པར་འགྱུར་རོ་ཞེས་ཀྱང་སྦྱར་བར་བྱའོ། །མེ་ལོང་གདོང་གི་སྐྱེས་པའི་རབས་ཏེ་ལྔ་བཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཆེན་པོས་གཞན་ལ་ཕན་པར་མཛད་ཅིང་བྱང་ཆུབ་ཀྱི་སྤྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཡང་འདི་ལྟར་ཐོས་སྟེ། སྔོན་བྱུང་བ་འདས་པའི་དུས་ན་ས་ཆེན་པོ་སྐྱོང་པར་བྱེད་པའི་རྒྱལ་པོ་ཆེན་པོ་ཕྱོགས་བདག་ཅེས་བྱ་བ་བྱུང་ཏེ། དེ་ལ་བུ་རྡུལ་ཕྲན་ཞེས་བྱ་བ་ཅིག་ཀྱང་བྱུང་ངོ་། །རྒྱལ་པོ་དེའི་མདུན་ན་འདོན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་གནག་ལྷས་སྐྱེས་ཞེས་བྱ་བ་ཞིག་ཡོད་དེ། དེ་ལའང་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་བྱ་བ་མཁས་པ་ཡིད་གཞུངས་པ་གཞུང་དང་མཐུན་པའི་སྤྱོད་པའི་ཤེས་རབ་ཅན་སྐྱེ་བོ་ཐམས་ཅད་ཀྱི་ཡིད་བཞིན་དུ་མགུ་བར་བྱེད་པ་ཞིག་ཀྱང་བྱུང་ཏེ། བྲམ་ཟེ་གནག་ལྷས་སྐྱེས་ཀྱང་བྱ་བ་གང་བྱེད་པ་གཞོན་ནུ་དེ་ལ་དྲིས་ཤིང་བྱེད་པར་གྱུར་ཏོ། །གཞན་ལ་ཕན་པར་འདོད་པའི་དམ་པ་དག །ཤེས་རབ་མཐུ་ཡིས་ལྷག་པར་གསལ་གྱུར་ཅིང་། །འགྲོ་བ་པད་མོའི་ཚོགས་ཀྱི་གཉེན་གྱུར་པས། །ཚ་ཟེར་བྱེད་པའི་དཀྱིལ་འཁོར་དྲི་མེད་བཞིན། །དེའི་ཚེ་རྒྱལ་པོ་ཕྱོགས་བདག་བྲམ་ཟེ་གནག་ལྷས་སྐྱེས་ཤིན་ཏུ་ཡིད་མཐུན་པར་གྱུར་པས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་འདྲི་ཞིང་རྣམ་པ་དེ་དང་དེ་དག་གིས་དགའ་བར་བྱེད་དོ། །དེ་ནས་དུས་རེ་ཞིག་བྲམ་ཟེ་དེ་ཤི་བར་གྱུར་པ་ལས་རྒྱལ་པོ་ཆེན་པོ་ཤིན་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། མྱ་ངན་བྱེད་པ་ལ་ཞུགས་པར་གྱུར་ཏོ། །དེ་ལྟར་མྱ་ངན་བྱེད་པ་རྒྱལ་པོའི་བུ་རྡུལ་ཕྲན་གྱིས་མཐོང་ནས། ཡབ་ཅིའི་ཕྱིར་ཐུགས་མི་དགྱེས་པ་མཛད་ཅེས་གསོལ་ཏོ། །རྒྱ་པོས་སྨྲས་པ། ཀྱི་ཧུད་བྲམ་ཟེ་གནག་ལྷས་སྐྱེས། །མཁས་པའི་བདག་ཉིད་རྒྱལ་སྲིད་མཁས། །དེ་ནི་ཤི་བར་གྱུར་པ་ཡིས། །བདག་གི་རྒྱལ་སྲིད་ཉམས་པ་བཞིན། །རྡུལ་ཕྲན་གྱིས་གསོལ་པ། ཡབ་དེ་ལྟར་ཐུགས་ཞུམ་ཅི་འཚལ། བྲམ་ཟེ་གནག་ལྷས་སྐྱེས་ཀྱི་བུ་ཁྱེའུ་མེ་གསོ་ཞེས་བགྱི་བ་མཁས་ཤིང་གསལ་བ་བྲམ་ཟེ་གནག་ལྷས་སྐྱེས་ཉིད་ཀྱང་བྱ་བ་ཐམས་ཅད་རུང་བ་དང་མི་རུང་པ་དེ་ལ་དྲིས་ཤིང་བྱེད་པ་དེ་ལྟ་བུ་ཡོད་བཞིན་དུ་ལྷ་ཅིའི་སླད་དུ་དབང་སྐུར་བར་མི་མཛད། དེ་སྐད་ཅེས་སྨྲས་པ་ཐོས་ནས་རྒྱལ་པོ་ཤིན་ཏུ་དགའ་ཞིང་བྲམ་ཟེའི་ཁྱེའུ་བཀུག་ནས་བྲམ་ཟེ་ཆེན་པོ་ཁྱོད་དེང་ཕྱིན་ཆད་ངས་ཁྱོད་ཀྱི་ཕ་གནག་ལྷས་སྐྱེས་ཀྱི་ལས་ཐབས་སུ་བཅུག་གོ །བྲམ་ཟེ་དེས་ཀྱང་ལྷ་བཀའ་བཞིན་དུ་འཚལ་ཞེས་བདག་གི་ཕས་ཇི་ལྟར་བྱེད་པའི་བྱ་བ་ཐམས་ཅད་རྒྱལ་པོ་དེའི་ཡིད་བཞིན་དུ་གྲུབ་པར་བྱེད་དོ། །རིང་དུ་གཟིགས་ཤིང་འཇིག་རྟེན་ཕན་བྱེད་པ། །དེ་དག་འཇིག་རྟེན་སྐྱོང་པའི་ཚུལ་ལ་མཁས། །ལྷ་རྣམས་ཡིད་ཀྱང་མགུ་བར་བྱེད་གྱུར་པ། །འཇིག་རྟེན་རྣམས་ལ་གསལ་བར་སྟོན་པར་བྱེད། །དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་དེའི་འཁོར་དུ་གཏོགས་པའི་རྒྱལ་རིགས་ཀྱི་བུ་དྲུག་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁྱེད་རྣམས་གཞོན་ནུ་རྡུལ་ཕྲན་ག་ལ་བ་དེར་དེང་ལ་རྒྱལ་བ་དང་ཚེ་སྤེལ་བར་བྱོས་ལ་འདི་སྐད་ཅེས་སྨྲོས་ཤིག །ཇི་ལྟར་རྡུལ་ཕྲན་ཁྱོད་བདེ་བ་བཞིན་བདག་ཅག་ཀྱང་བདེ་ཞིང་ཇི་ལྟར་རྡུལ་ཕྲན་ཁྱོད་སྡུག་བསྔལ་ན་དེ་བཞིན་དུ་བདག་ཅག་སྡུག་བསྔལ་བར་འགྱུར་ལ་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་པོ་ནི་རྡུལ་ཕྲན་ཁྱོད་ཀྱི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ཡིན་གྱིས། རྡུལ་ཕྲན་ཁྱོད་གལ་ཏེ་ཡབ་འདས་ནས་ཡབ་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ནས་ཅི་ནས་ཀྱང་བདག་ཅག་ལ་ལོངས་སྤྱོད་དག་ལས་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་གྱིས་ཤིག །མཁན་པོ་བཀའ་བཞིན་འཚལ་ཞེས་རྒྱལ་པོའི་འཁོར་དྲུག་གིས་རྒྱལ་པོའི་བུ་གཞོན་ནུ་རྡུལ་ཕྲན་སྐྱེས་ག་ལ་བ་དེར་སོང་སྟེ་ཤིས་པ་བརྗོད་ནས་སྔ་མ་ཇི་ལྟ་བ་བཞིན་དུ་གསོལ་བ་བྱས་སོ། །གཞོན་ནུ་རྡུལ་ཕྲན་ཡང་ཤིན་ཏུ་དགའ་བར་གྱུར་ཏེ། དེ་བཞིན་དུ་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་ན་རྒྱལ་པོ་ཕྱོགས་བདག་ཤི་བར་གྱུར་ཏེ། གཞོན་ནུ་རྡུལ་ཕྲན་རྒྱ་སྲིད་ལ་བཞག་ཅིང་དབང་བསྐུར་རོ། །ཇི་ལྟ་ཇི་ལྟར་གོང་དུ་འཕགས་པ་དག །དེ་ལྟ་དེ་ལྟར་མིང་གི་ཁྱད་པར་ཡང་། །གོང་ནས་གོང་དུ་བསྟོད་ཅིང་བསྔགས་གྱུར་ཏེ། །དེ་ཡིས་དེ་ཡི་ཁྱད་པར་གསལ་བ་ཡིན། དེའི་ཚེ་གཞོན་ནུ་རྡུལ་ཕྲན་དང་། བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་བྱ་བའི་མིང་དེ་གཉིས་ནུབ་ནས་རྒྱལ་པོ་ཆེན་པོ་རྡུལ་ཕྲན་ཞེས་བྱ་བ་དང་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཞེས་བྱ་བར་གྲགས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོས་བྲམ་ཟེ་དེ་ལ་བཀའ་སྩལ་པ། མཁན་པོ་ཁྱོད་ཀྱིས་བདག་གི་ཕ་ལ་རྗེས་སུ་བསྟན་པ་དེ་ལྟར་བདག་ལ་ཡང་རྗེས་སུ་བསྟན་ཅིང་རྒྱལ་སྲིད་ལེགས་པར་སྐྱོང་པའི་བྱ་བ་གྱིས་ཤིག །བྲམ་ཟེས་ཀྱང་ལྷ་དེ་བཞིན་དུ་འཚལ་ཞེས་མཉན་ནས་ས་ཐམས་ཅད་དུ་བདེ་བར་འགྱུར་བའི་ཐབས་བསམ་པ། གང་གིས་མི་དབང་རྒྱལ་སྲིད་རབ་བརྟན་པར། །མཐུན་པའི་དབང་གིས་ས་སྟེང་གསལ་འགྱུར་ཏེ། །གངས་ཀྱི་རི་ལ་ཟླ་འོད་ཤར་བ་བཞིན། །མཛེས་ཤིང་དཀར་བ་འདི་ནི་ཆོས་ཉིད་ཡིན། །གང་ན་ས་བདག་དཔལ་འབྱོར་ལུས་རྒྱས་ཀྱང་། །ཡན་ལག་བཅད་པའི་གླང་ཆེན་ཐེག་པ་བཞིན། །དཔལ་ལས་ཉམས་ཤིང་སྡུག་བསྔལ་རྒྱུར་གྱུར་པས། སྐྱེ་བོ་རྣམས་ཀྱིས་སྨད་པའི་གནས་སུ་འགྱུར། །དེ་ནི་དུས་ལ་བབ་པོ་སྙམ་ཏེ། རྒྱལ་རིགས་དྲུག་པོ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་དེང་ལ་རྒྱལ་པོ་ཆེན་པོ་རྡུལ་ཕྲན་ལ་ཤིས་པ་བརྗོད་ལ། སའི་བདག་པོ་བདག་ཅག་གིས་གསོལ་བ་བཏབ་པ་དགོངས་སམ་ཞེས་སྨྲོས་ཤིག །གལ་ཏེ་དྲན་ནོ་ཞེས་ཟེར་ན་ལྷ་ད་ནི་དེའི་དུས་ལ་བབ་པོ་ཞེས་སྨྲོས་ཤིག །འོན་ཏེ་འདི་སྐད་ཅེས་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་ལྟར་འདུག་པ་འདི་ཆ་བདུན་དུ་དགོད་པ་སུ་ཞིག་ཡོད། ཞེས་ཟེར་ན་ལྷ་གནག་ལྷས་སྐྱེས་མ་ལགས་པ་གཞན་མ་མཆིས་སོ་ཞེས་སྨྲོས་ཤིག །དེ་ནས་རྒྱལ་རིགས་དྲུག་པོ་དེ་རྣམས་ཀུན། །དགའ་བཞིན་ས་བདག་རྡུལ་ཕྲན་སྤྱན་སྔར་སོང་། །རྒྱལ་བར་གྱུར་ཅེས་ཤིས་པའི་གསང་བསྟོད་ནས། །གླེང་བའི་སྐབས་ལ་བབ་ཚེ་འདི་སྐད་གསོལ། །ས་བདག་གཞོན་ནུར་གྱུར་པའི་དུས། །བདག་ཅག་རྣམས་ཀྱིས་གང་གསོལ་པ། །མི་དབང་ཐུགས་ལ་དགོངས་ལགས་སམ། དེའི་དུས་ནི་ད་ལགས་སོ། །རྒྱལ་པོས་སྨྲས་པ། དེ་ལྟ་བུ་དེ་ཤིན་ཏུ་ཡང་དྲན་ན། ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་སུ་འདུག་པ་འདི་ཆ་བདུན་དུ་དགོད་ཤེས་པ་སུ་ཞིག་ཡོད། དེ་རྣམས་ཀྱིས་གསོལ་པ། ལྷ་གནག་ལྷས་སྐྱེས་མ་ལགས་པ་སུ་ཡང་མ་མཆིས་སོ། །དེ་ནས་རྒྱལ་པོ་རྡུལ་ཕྲན་གྱིས་བྲམ་ཟེ་ཆེན་པོ་དེ་བཀུག་ཏེ། མཁན་པོ་ཁྱོད་ཀྱིས་ས་ཆེན་པོ་འདི་ཆ་བདུན་དུ་དགོད་ནུས་སམ། ལྷ་ལེགས་པར་རྔོ་ཐོག་གོ །འོ་ན་ཁྱོད་ཀྱིས་དེ་ལྟར་བྱོས་ཤིག །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་དེ་དག་གི་ཡིད་དང་རྗེས་སུ་མཐུན་པར་ས་ཆེན་པོ་འདི་བདུན་དུ་བྱས་པར་གྱུར་ཏེ། གང་ན་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་དང་། །ཁོར་ཡུག་དེ་དག་རིས་སུ་བཅད་བྱས་ཀྱང་། །གཞན་དང་གཞན་གྱི་ཡིད་དང་མཐུན་པ་ཡི། །ཡུལ་འཁོར་དེ་ལ་དེ་དང་དེ་དག་དགོད། །དེ་ལྟར་རྒྱལ་པོ་རྒྱལ་ཕྲན་དྲུག་བཅས་པ། །སོ་སོའི་ཡིད་དང་བབ་པས་དགའ་གྱུར་ཏེ། །དེ་རྣམས་བློ་གྲོས་ཕྱོགས་གཅིག་མཐུན་པར་ཡང་། །བྲམ་ཟེ་འདིས་ནི་བདག་གི་ཡིད་བཞིན་དུ། །བསྩལ་པར་མཛད་སྙམ་དེ་ལ་དགའ་བ་སྐྱེས། །དེ་ནས་རྒྱལ་པོ་རྡུལ་ཕྲན་དང་། །རྒྱལ་རིགས་དྲུག་པོ་དེ་རྣམས་ཀུན། །དེ་ལ་དགའ་བས་ཆེད་དུ་བརྗོད། །ལེགས་སོ་སྟོན་པ་བླ་ན་མེད། །ཁྱོད་ནི་ཤིན་ཏུ་མཁས་པ་ལགས། །ཇི་ལྟར་ས་བདག་རྗེས་སྟོན་པ། །དེ་བཞིན་མཉམ་པར་གཟིགས་སུ་གསོལ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་དེ་ལྟར་རྒྱལ་རིགས་ཆེན་པོ་བདུན་དང་། གཞན་བྲམ་ཟེ་དང་། ཁྱིམ་བདག་དང་། བཙུན་མོ་དང་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་། སྒྱུ་རྩལ་གྱི་གནས་ལ་སློབ་པ་ཐམས་ཅད་ལ་རྗེས་སུ་བསྟན་ཅིང་ཐམས་ཅད་ཀྱིས་ཡིད་བཞིན་དུ་བསྟན་པར་གྱུར་ཏོ། །ཕན་སེམས་ལྡན་ཞིང་ལྷག་པའི་བསམ་པ་ཅན། །འགྲོ་བའི་བླ་མ་བཞིན་དུ་རྗེས་སྟོན་པ། །དེ་ཡི་ཤེས་རབ་ལྷག་པར་གསལ་བའི་མཐུས། །ས་ཆེན་རྒྱ་མཚོའི་གོས་གྱོན་མཛེས་པ་འདི། །མཚོན་གྱིས་འཁྲུག་པ་མེད་ཅིང་བདེར་གནས། །ལྷ་ཡི་གནས་ལ་འགྲན་པ་བཞིན་གྱུར་ཏེ། །དགའ་བའི་ཡུལ་གྱིས་རྒྱས་པའི་སྐྱེ་བོ་རྣམས། །བྲམ་ཟེ་དེ་ལ་ཆེས་ཏུ་བསྟོད་པར་བྱེད། །ས་བདག་ཆེན་པོ་རྡུལ་ཕྲན་ཡང་། །འདི་ནི་བདག་ཅག་བླ་མ་ཞེས། །བྲམ་ཟེ་དེ་ལ་མཆོད་གྱུར་ན། ཕལ་པས་སྨོས་ཀྱང་ཅི་ཞིག་དགོས། །རྒྱལ་རིགས་དྲུག་པོ་དེ་རྣམས་ཀུན། །བདག་ཅག་བསོད་ནམས་དཔལ་འདི་ནི། །བྲམ་ཟེ་འདི་ཡི་མཐུ་ཡིན་ཞེས། །དེ་ལ་ལྷ་བཞིན་བཀུར་བར་འགྱུར། །བྲམ་ཟེ་རྣམས་དང་སྐྱེ་བོ་ཕལ། །འདིས་ནི་ཚངས་པའི་ས་ཐོབ་ཅེས། །འཇིག་རྟེན་ཀུན་ཏུ་སྒྲོགས་བྱེད་ཅིང་། གདོང་བཞི་པ་ལྟར་བཀུར་བར་གྱུར། །དེ་ཡི་ཞལ་གྱི་ཟླ་བ་ལས། འཕྲོས་པའི་ལེགས་བཤད་འོད་ཟེར་གྱིས། །ཕོག་པས་སྙིང་གི་ཀུ་མུ་ད། །རང་དབང་མེད་པར་ཁ་བྱེ་ཞིང་། །བསྟོད་པའི་ཚིག་གི་ཟེའུ་འབྲུ་དག །ལངས་ཤིང་ཀུན་ནས་གཡོ་བ་འདྲ། །དེ་ལྟར་སྐྱེས་བོ་ཀུན་གྱིས་བསྔགས་གྱུར་ཅིང་། །བཀུར་ནས་བྲམ་ཟེ་ཆེན་པོ་དེ། །འགྲོ་འདི་བདག་ལ་རེ་བ་ཆེར་འགྱུར་ཞེས། །བསྐུལ་བ་བཞིན་དུ་ལྷག་པར་ངོ་མཚར་གྱུར། །ཨེ་མའོ་སྐྱེ་བོ་འདི་རྣམས་ཡོན་ཏན་གྱི་གནས། ཅུང་ཟད་ཙམ་ལ་ཆེན་པོར་མཐོང་པ་ནི་མ་ལེགས་ཏེ། བདག་གིས་ནི་ཚངས་པ་མ་ཐོབ་ཀྱང་འདི་རྣམས་ཀྱིས་ནི་ཚངས་པའོ་སྙམ་དུ་ཤེས་ན། རིགས་བྱེད་ཀྱི་གཞུང་ལུགས་ལས་དབྱར་ཟླ་བ་བཞི་དབེན་པར་སྙིང་རྗེའི་བསམ་གཏན་ལ་གནས་ན་དེའི་དྲུང་དུ་ཚངས་པ་འོང་པར་འགྱུར་རོ་ཞེས་ཐོས་ཀྱི། ཅི་ནས་ཀྱང་བདག་གིས་འདི་བསྒྲུབ་པར་བྱའོ་སྙམ་དུ་བསམ་ཏེ། རྒྱལ་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དེ་དག་ལ་བདག་ནི་དབྱར་ཟླ་བ་བཞི་དབེན་པར་གནས་པར་འདོད་དོ། །ཅེས་ལེགས་པར་གོ་བར་བྱས་ཏེ། གྲོང་ཁྱེར་ཆེན་པོ་དེའི་ཤར་ཕྱོགས་སུ་ཁང་བཟང་ཞིག་བརྩིགས་ནས། སྐྱེ་བོ་རྣམས་ཀྱི་སྒྱེ་ལུག་མེད་པར་ཤིན་ཏུ་དབེན་པར་བྱས་ཏེ། དབྱར་ཟླ་བ་བཞིར་ཚད་མེད་པ་བཞི་ལ་མཉམ་པར་བཞག་གོ །དེ་ཟླ་བ་བཞི་འདས་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་རིགས་བྱེད་ལས་བཤད་པ་བཞིན་དུ་དབྱར་ཟླ་བ་བཞིར་སྙིང་རྗེ་ཆེན་པོ་ལ་མཉམ་པར་བཞག་ཀྱང་ཚངས་པ་མི་མཇེད་ཀྱི་བདག་པོ་མདུན་དུ་མ་འོངས་སོ་སྙམ་མོ། །དེ་མ་ཐག་ཏུ་སེམས་ཀྱི་རྟོག་པ་དེ་མི་མཇེད་ཀྱི་བདག་པོ་ཚངས་པས་རིག་ནས་སྐད་ཅིག་དེ་ཉིད་ལ་སྐྱེས་བུ་ལག་པ་བརྐྱང་པའམ། བསྐུམས་པ་ཙམ་གྱིས་ཚངས་པ་ཆེན་པོ་དེ་བྲམ་ཟེ་གནག་ལྷས་སྐྱེས་ཀྱི་དྲུང་དུ་འོངས་སྟེ། བདག་གི་ཁང་བཟང་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པ་མཐོང་སྟེ། བལྟས་པ་ན་མི་མཇེད་ཀྱི་བདག་པོ་ལྷའི་གཟུགས་རྨད་དུ་བྱུང་བ་དྲི་མ་མེད་པའི་དཔལ་གྱིས་མཛེས་པ་དེ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། འདི་འདྲ་བའི་ཁ་དོག་ནི། །བདག་གིས་སྔོན་ཆད་མ་མཐོང་ན། །གཟུགས་བཟང་ཁ་དོག་ལྡན་པ་ཡི། །གྲོགས་པོ་ཁྱོད་ནི་སུ་ཞིག་ཡིན། །ཚངས་པས་སྨྲས་པ། གང་ལ་ལྷར་བཅས་ཚངས་རིས་དང་། །དེ་བཞིན་དུ་ནི་གཞན་དག་གིས། །གཞོན་ནུ་རབ་ཤེས་དེ་ལྟ་བུར། །གནག་ལྷས་སྐྱེས་ཀྱིས་ང་ཤེས་བྱོས། དེ་སྐད་ཅེས་ཐོས་ནས་ཡིད་ལ་དགའ་བ་སྐྱེས་ཏེ་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་གུས་པ་དང་བཅས་པས་མི་མཇེད་ཀྱི་བདག་པོའི་དྲུང་དུ་བཏུད་ཏེ་གསོལ་བ། །ཚངས་པ་ཁྱོད་ལ་འདུད་གྱུར་ཅིང་། །བཀུར་སྟི་ཡང་ནི་བགྱིད་ལགས་ཀྱིས། །བདག་གི་ཚིག་རྣམས་གསན་མཛོད་ལ། མྱུར་དུ་སྣང་བ་མཛད་དུ་གསོལ། །ཚངས་པས་སྨྲས་པ། བྲམ་ཟེ་ཆེན་པོ་ཁྱོད་ཉིད་ཀྱིས། །སྨྲས་པའི་ཚིག་ནི་བཟུང་པར་བྱ། །ཚེ་འདིའི་དོན་དེ་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །ཡིད་ལ་བསམ་པ་དེ་དག་ནི། །བྲམ་ཟེ་ང་ལ་དྲིས་ཤིག་དང་། །དྲིས་པ་དེ་དང་དེ་དག་ནི། །ང་ཡིས་ཁྱོད་ལ་གཏན་ལ་དབབ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འདི་སྙམ་དུ་བསམ་ཏེ། རེ་ཞིག་བདག་གིས་མཐོང་བའི་ཆོས་ཀྱི་དོན་གྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་བདག་གིས་ཐོབ་ཀྱི། མ་ལ་བདག་གི་ཚེ་ཕྱི་མའི་དོན་ལ་བརྩམས་སྟེ་དྲི་བར་བྱའོ་སྙམ་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བློ་ལ་བསམ་པའི་ཡིད་གཉིས་ཐེ་ཚོམ་དག །ཚངས་པ་ཀུན་དགེ་གཞོན་ནུ་ལ་དྲིས་པ། གང་དུ་གནས་ཤིང་གང་དུ་བསླབ་བྱས་ན། ཚངས་པའི་འཇིག་རྟེན་མི་འཆི་ཐོབ་པར་གྱུར། ཚངས་པས་སྨྲས་པ། བྲམ་ཟེ་མི་ནང་ངའོ་སྙམ་སྤངས་ཤིང་། །གཅིག་པུར་གྱུར་པ་སྙིང་རྗེར་མོས་པ་དང་། །དྲི་ང་མེད་ཅིང་འཁྲིག་ལས་ཆགས་བྲལ་བ། །འདི་ལ་གནས་ཤིང་འདི་ཉིད་ལ་བསླབ་ན། །མི་ཡིས་ཚངས་པའི་འཇིག་རྟེན་འཆི་མེད་འཐོབ། །ཁྲོ་དང་བརྫུན་དང་འཁོན་དང་རྣམ་འཚེ་དང་། །འཇུངས་དང་མངོན་པའི་ང་རྒྱལ་མི་བཟོད་དང་། །ཆགས་དང་ཞེ་སྡང་དེ་བཞིན་གཏི་མུག་དང་། །ཕྲག་དོག་སེར་སྣ་དག་དང་ཚིག་པ་སྟེ། །དེ་དག་བྲམ་ཟེ་མི་ནང་དྲི་ང་ཡིན། །འཇིག་རྟེན་ཀུན་ལ་ངོགས་ཀྱི་འབབ་ཆུ་ལྟར། །དེ་ཡིས་བསྒྲིབས་ན་ངན་སོང་བསྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་སོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་འདི་སྙམ་དུ་གྱུར་ཏེ། ཚངས་པས་བཤད་པའི་དོན་དེ་བདག་གིས་འཚལ་བ་ལྟར་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེ་ནས་ཚངས་པ་ཆེན་པོས་བྲམ་ཟེའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་སྨྲས་པ། ལེགས་སོ་མཁས་ཤིང་རིག་པ་ཁྱོད། །ཚངས་པའི་གནས་པ་འཐོབ་བྱའི་ཕྱིར། འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་པ་གཡུང་དྲུང་ཡིན། །ཞེས་བརྗོད་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་རྒྱལ་པོ་ཆེན་པོ་རྡུལ་ཕྲན་གྱི་དྲུང་དུ་སོང་ཏེ་གསོལ་པ། ས་བདག་རྒྱལ་ཆེན་རྡུལ་ཕྲན་ཁྱོད། །བདག་གི་ཚིག་ནི་གསན་པར་མཛོད། །གནག་ལྷས་སྐྱེས་བདག་མི་སྤྲོ་ཡིས། རྒྱལ་སྲིད་བདེ་བར་སྐྱོང་དུ་གསོལ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱི་འདོད་པ་མི་ཆོག་པ། །ཡོད་ན་དེ་ཡང་ཁྱོད་ལ་བཀང་། །ཁྱོད་ལ་འཚེ་བ་དེ་གསད་ཀྱིས། གནག་ལྷས་སྐྱེས་ཀྱིས་བདག་མ་སྤངས། །སླར་གསོལ་པ། རྒྱལ་པོ་བདག་འདོད་མི་ཆོག་མིན། །བདག་ལ་འཚེ་བའང་མ་མཆིས་ཏེ། མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་དུ་གནས་པར་བདག་མི་སྤྲོ། །རྒྱལ་པོས་སྨྲས་པ། གང་ལས་ཐོབ་ནས་བྲམ་ཟེ་ཁྱོད། །འདིར་ནི་བདག་དང་འདབ་སྤོང་པ། །མི་མ་ཡིན་པ་དེ་ཅི་འདྲ། །དྲིས་པ་འདི་ནི་བདག་ལ་སྨྲོས། །བྲམ་ཟེ་སྨྲས་པ། སྙིང་རྗེ་ཆེན་པོའི་གནས་པ་ཡིས། །དབེན་པར་བསམ་གཏན་བྱེད་པ་ན། དེ་ཚེ་ཚངས་པ་མདུན་དུ་འོངས། །ཐ་དད་ཕྱོགས་ནི་སྣང་བར་བྱས། །བདག་གིས་དེ་ཡི་ཚིག་ཐོས་ནས། །ཁྱིམ་གྱི་འདོད་པ་མི་སྤྲོའོ། །རྒྱལ་པོས་སྨྲས་པ། བྲམ་ཟེ་གང་དུ་འགྲོ་བ་དེར། །ཁོ་བོ་ཡང་ནི་འགྲོ་བྱ་ཞིང་། །ཁྱོད་ཀྱི་ཉན་ཐོས་འགྱུར་བར་བགྱི། །གནག་ལྷས་སྐྱེས་ཁྱོད་སྟོན་པ་མཛོད། །གང་ལ་སོ་སོའི་སྐྱེ་བོ་རྣམས། །ཆགས་པའི་འདོད་པ་དེ་དག་སྤོངས། །འདོད་པ་རྣམས་ལ་མི་ལྟ་ཞིང་། །བདེན་པའི་ཆོས་ལ་གནས་པར་མཛོད། །ཚངས་པར་སྐྱེ་བར་བགྱི་སླད་དུ། །ནོར་བུ་དག་པ་བཻ་ཌཱུརྻ། །ཇི་ལྟར་མ་བཅོས་དྲི་མེད་བལྟའི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །མཁན་པོ་དེའི་དུས་ལ་བབ་པ་མཁྱེན་པར་མཛོད་ཅིག །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས། རྒྱལ་རིགས་དྲུག་ལ་སྨྲས་པ། བདག་ནི་རབ་ཏུ་འབྱུང་བར་འདོད་ན། ཤེས་ལྡན་དག་ཅི་བྱེད། དེ་རྣམས་ཀྱིས་གསོལ་པ། མཁན་པོ་ལོ་བདུན་བཞེས་ཤིག་དང་། བདག་ཅག་གི་བུ་རྣམས་རྒྱལ་སྲིད་ལ་བསྐོས་ནས་མཁན་པོའི་རྗེས་སུ་རབ་ཏུ་འབྱུང་ངོ་། །བྲམ་ཟེས་སྨྲས་པ། འདོད་པ་རྣམས་ནི་ཆགས་པའི་གནས་སུ་འགྱུར། །ལོངས་སྤྱོད་རྣམས་ཀྱིས་མྱོས་ཤིང་ཆོག་མི་ཤེས། །འཆི་བའི་དུས་ཀྱང་ཤེས་པ་མ་ཡིན་ན། །སུ་ཞིག་ལོ་བདུན་ཚད་ཀྱང་སྦྱིན་པར་བྱེད། །ལོ་བདུན་འདས་ཀྱང་ཅི་བྱེད་གཏོལ་མེད་པས། །རེ་ཞིག་བདག་ཉིད་རབ་ཏུ་འབྱུང་བར་བྱ། །དེ་དག་གིས་གསོལ་པ། མཁན་པོ་ཡང་གསུང་པ་མང་ན། རེ་ཞིག་བཞེས་ཤིག་དང་། བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ནས་བྲམ་ཟེ་གཞན་བྲམ་ཟེ་རྣམས་དང་། ཁྱིམ་བདག་དང་བདག་ཉིད་ཀྱི་ཡོན་ཏན་གྱི་རྗེས་སུ་འབྲང་པ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བག་ཡོད་པར་བྱོས་ལ་སྡིག་པའི་ཆོས་རྣམས་སྤང་ཞིང་དགེ་བའི་གནས་ལ་བརྟེན་པར་གྱིས་ཤིག །བདག་ནི་རབ་ཏུ་འབྱུང་ངོ་། །དེ་རྣམས་ཀྱིས་གསོལ་པ། བདག་ཅག་རྣམས་ཀྱིས་གང་ཤེས་པའི། །ཡོན་ཏན་ཅུང་ཟད་ལྡན་པ་ཡང་། །ཁྱེད་ཀྱིས་རྗེས་སུ་བསྟན་པ་ལགས། གང་ན་མཁན་པོ་ཁྱོད་ཉིད་ཀྱིས། །རྨད་དུ་བྱུང་བ་གཟིགས་པ་བཞིན། །བདག་ཅག་རྣམས་ཀྱང་དཔྱད་པར་བགྱི། །བྲམ་ཟེས་སྨྲས་པ། སྐྱེ་བོ་ཕལ་མོ་ཆེ་དག་འཇིག་རྟེན་གྱི་བདེ་བ་ལ་ཞེན་པས་ཁྱིམ་གྱི་གནས་སྤངས་བར་མ་ནུས་སུ་དོགས་མོད། དེ་བས་ན་ཅི་དགར་ཟད་དོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འཇིག་རྟེན་གྱི་བདེ་བ་ཐམས་ཅད་སྤངས་སྟེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། །དཀའ་ཐུབ་ཀྱི་ནགས་སུ་སོང་སྟེ། །དེའི་མིང་ཡང་སྟོན་པ་ཆེན་པོ་གནག་ལྷས་སྐྱེས་ཞེས་གྲགས་སོ། །བྲམ་ཟེ་དེ་ཡིས་རབ་ཏུ་བྱུང་བའི་ཚེ། །ས་བདག་རྒྱལ་ཕྲན་བཅས་པ་དེ་དག་དང་། །བྲམ་ཟེ་བདུན་དང་ཁྱིམ་བདག་ཆེན་པོ་བདུན། །དེ་ཡི་བཟང་མོ་བཞི་བཅུ་ཐམ་པ་དང་། །བྲམ་ཟེའི་ཁྱིའུ་ལྔ་བརྒྱ་རྣམས་དང་ནི། །དད་ལྡན་སྐྱེ་བོ་བརྒྱ་ཕྲག་དུ་མ་རྣམས། །ཁྱིམ་གྱི་བདེ་བ་སྤངས་ནས་རབ་ཏུ་བྱུང་དེ་ལྟར་སྟོན་པ་ཆེན་པོ་གནག་ལྷས་སྐྱེས་རབ་ཏུ་བྱུང་ཏེ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ་ཚད་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཅིང་འཁོར་དེ་དག་ལའང་ཇི་ལྟར་འོས་པའི་གདམས་པ་རྗེས་སུ་བསྟན་པས་ཐམས་ཅད་ཀྱང་ཚངས་པ་ལ་བཀོད་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་བྱས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་ཤེས་རབ་དང་སྙིང་རྗེ་ཆེན་པོའི་མཐུ་ཐོགས་པ་མེད་པ་བསྐྱེད་ནས་གཞན་གྱི་དོན་དུ་འགྱུར་རོ་ཞེས་ཤེས་རབ་ཀྱི་ཡོན་ཏན་བསྔགས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྲམ་ཟེའི་སྐྱེས་པའི་རབས་སྟེ་ལྔ་བཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་རང་གི་བློ་གྲོས་ལྷག་པར་གསལ་བས་གཞན་གྱི་དོན་སྒྲུབ་པར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པའི་ཤེས་རབ་ཀྱི་མཐུ་ཐོབ་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སའི་ཕྱོགས་འདི་ཉིད་དུ་འཛམ་བུའི་གླིང་ཆེན་པོ་བྱུང་སྟེ། ཆུ་ཞེང་དུ་དཔག་ཚད་དྲུག་ཁྲི་པར་ཀུན་ཏུ་མཉམ་ཞིང་གྲུ་བཞི་པ་ཤིན་ཏུ་མཛེས་ཤིང་ལག་མཐིལ་ལྟར་མཉམ་པ་ཤིང་ལྗོན་པ་རྣམ་པ་དུ་མས་མཛེས་པར་བྱས་པ། གྲོང་ཁྱེར་གྱི་ཚོགས་དུ་མས་ཀུན་ཏུ་ཕྱེ་བ། ལོངས་སྤྱོད་ཀྱི་རྒྱན་རྣམ་པ་དུ་མ་དང་ལྡན་པ་མེ་ཏོག་གི་རིགས་དཔག་ཏུ་མེད་པ་བསྐྱེད་པ། ལྷ་རྣམས་ཀྱི་གནས་ལ་འགྲན་དུ་རུང་བ་བྱུང་ངོ་། །དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འཁྲིད་པར་མཛད་པ་ཅེས་བྱ་བ་བྱུང་ཏེ། དེའི་དུས་ན་ས་ཆེན་པོ་སྐྱོང་བར་བྱེད་པའི་རྒྱལ་པོ་རྒྱལ་བའི་སྡེ་ཞེས་བྱ་བ་བུ་སྟོང་དང་ལྡན་པ་བྱུང་ངོ་། །འཛམ་གླིང་དཔལ་ལྡན་དཔལ་གྱི་འབྱོར་པ་དེར། །མི་དབང་ཆོས་ལྡན་ཆོས་ཀྱི་རྒྱལ་པོ་བྱུང་། །ཚུལ་བཞིན་སྤྱོད་པས་སྤྱོད་པ་རྨད་བྱུང་གྱུར། །རང་བཞིན་དུལ་བས་དུལ་བའི་ལམ་ལ་བརྟེན། །དྲི་མ་མེད་པ་དང་པའི་རྒྱ་མཚོ་བཞིན། །ཡོན་ཏན་རྒྱུ་སྐར་དཔལ་གྱིས་ལམ་མེར་མཛེས། །སྐྱེ་བོ་ཀུན་དོན་བྱེད་དེ་བཏུང་ཆུ་བཞིན། །ཕན་བྱེད་ཡོན་ཏན་ཀུན་གྱི་འབྱུང་གནས་གྱུར། །དེའི་ཚེ་རྒྱལ་པོ་དེའི་བུ་ཐུ་བོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བ་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་མཐུ་ཆེ་བ་ཡོངས་སུ་བསྒྲགས་པ། སྐྱེ་བོ་ཐམས་ཅད་ཀྱིས་བལྟ་བའི་འོས་སུ་གྱུར་པ་ཞིག་བྱུང་སྟེ། དེ་ནི་དག་ཅིང་དཔལ་དང་ལྡན། །རིགས་དང་གཟུགས་ཀྱི་ཡོན་ཏན་རྣམས། །དེ་ལ་ཕན་ཚུན་འགྲན་པ་བཞིན། །རང་གི་མཐུ་ཡིས་གསལ་བར་གྱུར། །ཁྱད་པར་དུ་ཡང་ཡོངས་སུ་སྦྱངས་པའི་མཐུས། །ཤེས་རབ་སྟོབས་ཀྱིས་འཇིག་རྟེན་ཕན་པར་བརྩོན། །ཅིག་ཏུ་བག་ཡོད་ཆོས་ཀྱི་མཐུ་ལྡན་པས། །ཤེས་བྱའི་ཡུལ་རྣམས་དེ་དང་ལྷན་ཅིག་བཞིན། །འོད་ཟེར་ཅན་གྱིས་ས་སྟེང་བབ་པ་ན། །དངོས་པོ་ཀུན་ཏུ་གསལ་བར་བྱེད་པ་འདྲ། །དེ་ལྟ་བུའི་གཞོན་ནུ་དེ་ཆོས་རྣམས་ཀྱི་རང་བཞིན་དང་དངོས་པོ་རྣམས་རྟོགས་པའི་དབང་གིས་རྣམ་པ་ཐམས་ཅད་གསལ་བར་བྱེད་པ་རྒྱལ་པོ་དེའི་མངོན་དུ་གྱུར་ཏེ། དེ་ན་རྒྱལ་པོ་རྒྱལ་བའི་སྡེས། གཞོན་ནུའི་བློ་ནི་རྟོག་བྱའི་ཕྱིར། །བློ་གྲོས་ཤིན་ཏུ་ཟབ་དེ་ལ། །རེ་ཞིག་ཚིག་ནི་འདི་སྐད་སྨྲས། །གཞོན་ནུ་ཁྱོད་ཀྱི་བྱ་བ་ཅི་ཞིག་ཡོད་པ་དེ་ནི་རེ་ཞིག་བསྟན་པར་བྱ་བའི་རིགས་སོ། །གཞོན་ནུས་སྨྲས་པ། ཡབ་གལ་ཏེ་བདག་ལ་ཐུགས་དཔག་པར་མཛད་ན་དགེ་སྦྱོང་དང་བྲམ་ཟེ་མང་དུ་ཐོས་པ་རྣམས་བསྡུར་གསོལ། གང་གི་ཆོས་ཀྱི་ཐེ་ཚོམ་རྣམས་ཡོངས་སུ་བསྒྲོས་ནས་ཐེ་ཚོམ་དེ་དག་བདག་གིས་གཅོད་པར་རྔོ་ཐོག་ལགས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་ཞི་བའི་བློ་གྲོས་ཀྱི་ཚིག་དེ་ཐོས་ནས། གང་འཇིག་རྟེན་གྱི་ཁམས་འདི་ན་དགེ་སློང་དང་བྲམ་ཟེ་མཁས་པ། བློ་གྲོས་དང་ལྡན་ཞིང་སྤྱོད་པ་མ་ཉམས་པ་དེ་དག་རྒྱལ་པོའི་སྐྱེད་མོས་ཚལ་དུ་བསྡུས་ཏེ། དེ་རྣམས་ལ་ཇི་ལྟར་འོས་པའི་བཀུར་སྟི་བྱས་ནས། གཞོན་ནུ་ཞི་བའི་བློ་གྲོས་སྐྱེད་མོས་ཚལ་དེར་སོང་སྟེ། དགེ་སློང་དང་བྲམ་ཟེ་མཁས་པ་རྣམས་དང་ལྷན་ཅིག་ཏུ་དམ་པའི་ཆོས་བགྲོ་བར་བྱེད་པར་འདོད་ནས་སྙན་པའི་ངག་གིས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་ན་ནི་འགྲོ་བ་ལ། །གནོད་བྱེད་བྱེད་པ་གང་ཞིག་ལགས། །དེ་ཉིད་གསལ་བར་སྟོན་མཛད་གང་། །བློ་གྲོས་ལྡན་རྣམས་གསུང་པར་གསོལ། །དེ་སྐད་ཅེས་སྨྲས་པ་དང་། དགེ་སྦྱོང་དང་བྲམ་ཟེ་དེ་རྣམས་སོ་སོའི་བློ་གྲོས་ཀྱི་མཐུ་ཇི་ལྟར་ཡོད་པ་གསལ་བར་སྟོན་པར་བྱེད་དེ། དེ་ལ་ལ་ལ་དག་འདི་སྐད་དུ། འཇིག་རྟེན་དུ་ལོངས་སྤྱོད་ཀྱིས་དབུལ་བར་གྱུར་པ་ནི་གནོད་པར་བྱེད་པ་སྟེ། འཕོངས་པ་འདི་ནི་འཇིག་རྟེན་གནོད་པ་སྟེ། །དབུལ་བས་ཉེན་པའི་འགྲོ་བ་དེ་དག་ནི། །ལོངས་སྤྱོད་ལྡན་ལ་རེ་ཞིང་བརྟེན་པར་བྱེད། །ཁྱི་བཞིན་འཇིག་རྟེན་སྨད་པའི་གནས་སུ་འགྱུར་ཞེས་ཟེར་རོ། །ཡང་གཞན་དག་ན་རེ་འཇིག་རྟེན་ན་གནས་སྙམ་པའི་ཡུལ་དུ་གྱུར་པ་ནི་གནོད་དེ། སྨན་པ་ཞུམ་ཞིང་ངོ་མཛུམ་ནག་འགྱུར་ཅིང་། །གཞན་དག་དབང་དང་ལྡན་ལ་བརྟེན་པར་བྱེད། །དེ་ཡི་སྨད་པའང་དང་དུ་ལེན་གྱུར་ཅིང་། །མི་བཟོད་བཞིན་དུ་མྱ་ངན་བྱེད་པར་འགྱུར། །ཞེས་སོ། །ཡང་ཁ་ཅིག་ན་རེ། གང་དག་བླུན་པར་གྱུར་པ་འདི་ནི་མི་རྣམས་ལ་གནོད་པར་བྱེད་པའི་མཆོག་ཏུ་གྱུར་པ་ལགས་ཏེ། བློ་དང་མི་ལྡན་འཇིག་རྟེན་ན། །མུན་པ་བཞིན་དུ་གནས་པར་འགྱུར། །བློ་ལྡན་བདེ་བར་འཚོ་བྱེད་ཅིང་། །གཞན་གྱི་བརྙས་པའང་རིང་དུ་སྤོང་། །མཁས་པའི་བདག་ཉིད་གཉིས་ཀ་ལ། །ཕན་པར་བྱེད་པ་ཉིད་འགྱུར་རོ་ཞེས་སོ། །ཡང་ཁ་ཅིག་ན་རེ། འཇིག་རྟེན་ན་མཛའ་བཤེས་དང་བྲལ་བ་ནི་གནོད་པར་འགྱུར་ཏེ། གང་དག་མཛའ་བཤེས་ལྡན་པའི་མི། །དཔའ་བོ་བཞིན་དུ་སྟོབས་ལྡན་འགྱུར། །བྱ་དང་བྱ་མིན་སྤྱོད་པ་རྣམས། །གསལ་བར་འཇིག་རྟེན་སློབ་དཔོན་བཞིན། །ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་བཟོའི་ལས་ལ་མངོན་པར་ཞེན་པ་ཁ་ཅིག་འདི་སྐད་དུ། བཟོ་ཡི་ཡོན་ཏན་གནས་ལ་རྨོངས་གྱུར་པ། །དེ་ནི་འཇིག་རྟེན་མཁས་པའི་གྲགས་མི་ཐོབ། །བློ་ལྡན་འཇིག་རྟེན་བཟོ་ཡི་གནས་སྦྱངས་པས། །གཞན་གྱི་རྒྱལ་པོ་བཞིན་དུ་བཀུར་བར་འགྱུར་ཞེས་སོ། །རྒྱལ་པོ་ལ་བརྟེན་པ་དག་ནི་འདི་སྐད་དུ། རྒྱལ་སྲིད་ཉམས་པས་འཇིག་རྟེན་གནོད་འགྱུར་ཏེ། སྲིད་ཀྱི་དཔལ་རྟེན་ཐམས་ཅད་བདེ་བར་གནས། །དེ་བས་མི་ཡི་ཡོན་ཏན་བརྟེན་གྱུར་པ། །ས་བདག་ཆོས་བཞིན་བདེ་བར་གནས་པ་ཡིན་ཞེས་ཟེར་རོ། །ཁྱིམ་གྱི་གནས་ལ་དགའ་བ་རྣམས་ནི་འདི་སྐད་དུ། བདག་ཉིད་གཡེམ་དང་ཆུང་མ་མ་བསྲུངས་པ། །འདི་ནི་འཇིག་རྟེན་གནོད་པར་བྱེད་རྒྱུ་སྟེ། །ཁྱིམ་གྱི་ཉེས་པ་ཕུང་ཁྲོལ་བསྐྱེད་རྒྱུར་ཞིང་། །ལུས་དང་སེམས་ལ་གདུང་པ་བྱེད་པ་ཡིན། ཞེས་སོ། །གཞན་དག་ན་རེ། ལོངས་སྤྱོད་ཀྱིས་ཆོག་མི་ཤེས་ཤིང་མ་བྱིན་པར་ལེན་པ་ནི་འཇིག་རྟེན་ན་གནོད་པ་ཡིན་ཏེ། ཆོག་མི་ཤེས་ཤིང་འཇིག་རྟེན་རྐུན་མ་རྣམས། །སྐྱེ་བོ་རྣམས་ལ་གབ་ཅིང་ལམ་མིན་འགྲོ། །གསད་དང་བཅིངས་དང་བརྡེག་པའི་བཞིར་གྱུར་ཅིང་། །གཞན་གྱིས་སྨད་ཅིང་འདོར་བའི་གནས་སུ་འགྱུར། །དེ་བཞིན་དུ་ལ་ལ་དག་ན་རེ། དྲིན་དུ་མི་གཟོ་བ་ནི་རང་གཞན་ལ་གནོད་དེ། བྱས་པ་མི་བཟོ་དག་གི་ལས་ལམ་ལྡན། །འདི་ནི་འཇིག་རྟེན་གནོད་བྱེད་མཆོག་ཡིན་ཏེ། །ཁྲེལ་མེད་གཞན་གྱིས་སྨད་པའི་གནས་གྱུར་པ། །གྲོགས་བྱེད་ངོམ་གསད་མི་ཡིས་སྨད་པ་བཞིན། ཞེས་ཟེར་རོ། །དེ་ལྟར་དགེ་སློང་དང་བྲམ་ཟེ་དེ་རྣམས་ཀྱིས་འཇིག་རྟེན་ལ་གནོད་པར་བྱེད་པའི་རྣམ་པ་ཐ་དད་པ་དུ་མ་དག་རབ་ཏུ་བསྟན་ཏོ། །དེའི་ཚེ་གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དགེ་སྦྱོང་དང་བྲམ་ཟེ་མཁས་པ་དེ་དག་རྣམས་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །བསྟན་པ་ངོ་མཚར་ཆེའོ། །དེ་ལས་གནོད་པ་གཞན་ཆེས་མི་བཟད་པ་མཐོང་ངམ་སྨྲས་པ། གཞན་ནི་ཁོང་དུ་མ་ཆུད་དོ། །དེ་ནས་ཡང་གཞོན་ནུས་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་སྨྲས་པ། ཁྱེད་ཅག་གིས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་བའི་རྒྱུ་དང་གནོད་པ་སྣ་ཚོགས་བཤད་པ་ནི་འཇིག་རྟེན་ན་ཡོད་དེ། འོན་ཏེ་དེ་དག་ཀྱང་སྐྱེ་བོ་ཇི་སྙེད་པ་ལ་ཐམས་ཅད་དུ་གནོད་པ་ནི་མ་མཐོང་གིས། འཇིག་རྟེན་ཀུན་ཏུ་གནོད་པ་གྱུར་པ་ནི་གསུམ་ཞིག་བདག་གིས་མཐོང་ཏེ། དེ་བས་ན་དེའི་དོན་འདི་རེ་ཞིག་གསན་པར་མཛོད་ཅིག །གང་ཞིག་མི་ཡི་འཇིག་རྟེན་སྲིད་པ་འདིར། །རྒས་དང་ན་དང་འཆི་བས་གནོད་བྱེད་དེ། །རབ་ཏུ་རྒྱས་ཤིང་ལང་ཚོར་ལྡན་པའི་ལུས། །མཐུ་མེད་རབ་ཏུ་ཉམས་ཤིང་ཞུམ་འགྱུར་ལ། །དབང་པོ་རྒུད་ཅིང་སོ་ཡང་བྱུང་འགྱུར་ཏེ། །དབྱུག་པ་ལ་བརྟེན་ལུས་ནི་ཤིག་ཤིག་གྱུར། །བྱིས་པ་རྣམས་ཀྱི་བཞད་གད་གནས་གྱུར་པ། །རྒས་པ་འདི་ནི་འཇིག་རྟེན་གནོད་བྱེད་ཡིན། རླུང་མཁྲིས་བད་ཀན་ནད་ཀྱི་འཚུབ་མ་ཡིས། །དྲན་པ་ཉམས་ཤིང་ཕྱི་རྒན་འགྱེལ་གྱུར་ཏེ། །སྦ་བའི་གནས་ཀྱང་ལྷུག་པར་སྟོན་བྱེད་པ། །གྲིབ་སོ་འདུས་ལྟར་ལུས་ནི་རྗེས་འབབ་ཅིང་། །སེམས་ཀྱང་འཁྲུལ་ཏེ་ཀྱེ་ཧུད་འདོན་བྱེད་པ། །གཏམ་ངན་འདི་ནི་འཇིག་རྟེན་གནོད་པ་ཡིན། །བཙན་ཞིང་ལོངས་སྤྱོད་ལྡན་པ་གཅེས་པའི་ལུས། །གོས་ཀྱིས་དཀྲིས་ཤིང་བྱི་དོར་བྱས་གྱུར་ཀྱང་། །ངན་སྐྱུགས་བཞིན་དུ་དུར་ཁྲོད་བོར་བྱས་ཏེ། །བདག་གི་ལོངས་སྤྱོད་གཞན་གྱིས་ཅ་ཅོར་འགོད། །ཁྭ་དང་དུར་བྱའི་གཤོག་རྒོད་རྩུབ་མོ་ཡིས། །བསྡམས་ཤིང་གཏོར་ཏེ་མི་གཙང་ཕུང་པོ་བཞིན། །དྲི་ང་རུལ་ཅིང་འབུ་ཡིས་ཤིག་ཤིག་གྱུར། །ཁ་ཅིག་མིག་ཏུ་ས་བཏབ་དོང་དུ་སྦེད། །ལ་ལ་མེ་ཡིས་སྲེག་ཅིང་ཚིར་ཚིར་བཞུ། །ཁ་ཅིག་ཉི་རླུང་དྲག་པོས་རྡུལ་བཞིན་གཏོར། །མཐུན་གྲོགས་རྣམས་ཀྱིས་ཡོངས་སུ་སྤངས་གྱུར་ནས། །ངན་འགྲོའི་གནས་སུ་བདག་ཉིད་དབང་མེད་འགྲོ། །འདི་དག་འཇིག་རྟེན་རྣམས་ལ་གནོད་བྱེད་ཡིན། །འཇིགས་པ་འདི་ལས་བསྐྱབ་མཛད་སྐྱོབས་པ་གང་། །བཞུགས་པ་དེ་ལ་དོན་འདི་ཞུ་བར་བྱ། །འདི་ལྟ་བུའི་དོན་འདི་སྟན་ནས་ཡང་སྨྲས་པ། ཤེས་ལྡན་དག་ཚུར་ཤོག །བདག་ཅག་རྣམས་ཐམས་ཅད་ལྷན་ཅིག་ཏུ་འདི་ནས་ཐག་མི་རིང་བ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ལ་ཐུགས་མཉམ་པར་བརྩེ་བ་ཅན་ཆོས་ཀྱི་རྗེ་འཇིག་རྟེན་འཁྲིད་པར་མཛད་པ་བཞུགས་ཀྱིས། དེའི་དྲུང་དུ་དོང་ཏེ་བཅོམ་ལྡན་འདས་ལ་དོན་འདི་དག་ཞུ་བར་བྱའོ། །དེ་ནི་བདག་ཅག་རྣམས་ཀྱི་ཐེ་ཚོམ་ཡོངས་སུ་གཅོད་པར་མཛད་ཅིང་ལུང་སྟོན་པར་འགྱུར་རོ། །ཞེས་སྨྲས་ནས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས། བདག་ཅག་གི་དོན་འདི་དེ་བཞིན་གཤེགས་པ་ལ་ཞུའོ་ཞེས་དགེ་སྦྱོང་དང་བྲམ་ཟེ་དེ་རྣམས་དང་ལྷན་ཅིག་ཏུ་གཞོན་ནུ་ཞི་བའི་བློ་གྲོས་སྲོག་ཆགས་བྱེ་བ་ཕྲག་དྲུག་དང་བཅས་པ་དེ་བཞིན་གཤེགས་པ་ཁྲིད་མཛད་ག་ལ་བ་དེར་སོང་ཏེ་བཅོམ་ལྡན་འདས་དེའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཆོད་པའི་ཁྱད་པར་དུ་མ་དག་གིས་མཆོད་ཅིང་ཕྱོགས་ཅིག་ཏུ་འདུག་གོ །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་ཐེ་ཚོམ་འདི་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡོངས་སུ་ཞུས་པ། ཤིན་ཏུ་དྲི་མེད་ཐུགས་ཞི་ལྷར་བཅས་པའི། །འཇིག་རྟེན་ཁྲིད་མཛད་ཁྱོད་ལ་ཞུ་བ་ནི། །འགྲོ་བ་སྤྱད་པའི་གནོད་པ་གང་ལགས་པ། ཀུན་ཏུ་སྤྱན་མངའ་འདི་དག་བདག་ལ་གསུངས། །འཆིང་བ་གང་གིས་འགྲོ་བའི་གནོད་པ་དག །གང་ཞིག་ཐོས་ནས་བདག་དང་སྐྱེ་བོ་རྣམས། །ཐར་པའི་ལམ་ལ་ལེགས་པར་འཇོག་མཛད་པ། །ཕན་མཛད་བརྩེར་ལྡན་བདག་ལ་གསུང་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲིད་མཛད་ཀྱིས་གཞོན་ནུ་ཞི་བའི་བློ་གྲོས་ལ་ལེགས་སོ་ཞེས་བྱ་བ་གནང་ཏེ། ཞུས་པའི་དོན་ཚིགས་སུ་བཅད་པའི་དབྱངས་ཀྱིས་གསུངས་པ། གང་གིས་འཇིག་རྟེན་གནོད་པར་བྱེད་པ་ནི། །རྒ་དང་ན་དང་འཆི་བ་མྱ་ངན་དང་། །རྣམ་པ་སྣ་ཚོགས་སྡུག་བསྔལ་གནོད་གྱུར་པ། །འགྲོ་བས་ཉེ་བར་ཉོན་མོངས་མི་ཤེས་སོ། །སྔོན་གྱི་ལས་ཀྱིས་སྐྱེས་མ་ཐག་ཏུ་ཡང་། །བུད་མེད་སྐྱེས་པ་དེ་བཞིན་མ་ནིང་ངམ། །བྲམ་ཟེ་རྒྱལ་རིགས་དེ་བཞིན་རྗེ་རིགས་དམངས། །གཟུགས་བཟང་ངན་དང་དེ་བཞིན་ལོངས་སྤྱོད་མཐའ། །དབང་པོ་མ་ཚང་རྒུད་པས་འཇིག་རྟེན་འདི། །སྐྱེ་རྒ་ན་འཆི་ཉམས་སུ་མྱོང་གྱུར་ཏེ། །སྲིད་པར་འདི་དག་ཤིན་ཏུ་གནོད་བྱེད་ཡིན། །རྒྱལ་པོའི་བུ་གཞོན་ནུ། གཞན་ཡང་འཇིག་རྟེན་ཐམས་ཅད་ལ་གནོད་པར་བྱེད་པ་དང་། ཕན་པར་བྱེད་པའི་ཁྱད་པར་གཞན་ཡང་བསྟན་པར་བྱ་ཡིས་ཉོན་ཅིག །སྲོག་ཆགས་གསད་པས་ཚེ་ནི་ཐུང་གྱུར་ལ། འཁོར་བའི་སྡུག་བསྔལ་མི་བཟད་མྱོང་པར་གྱུར། །ཡང་སོས་སྡུག་བསྔལ་མྱོང་ནས་སླར་ཡང་ནི། །མིར་སྐྱེས་ན་ཡང་དེ་ཚེ་ནད་ཅན་འགྱུར། སྲོག་གཅོད་སྤངས་པས་ཚེ་རིང་འཐོབ་འགྱུར་ཞིང་། །མཐོ་རིས་གོ་འཕངས་འཇིག་རྟེན་བདེ་བ་འཐོབ། །མི་གང་གཞན་གྱི་ནོར་ལ་མ་བྱིན་ལེན། །དེ་ནི་ངན་སོང་སྡུག་བསྔལ་མྱོང་བར་འགྱུར། །དེ་ནི་མིའི་སྲིད་པ་འདིར་འོངས་ཀྱང་། །འཕོངས་ཤིང་གཟི་བརྗིད་ཆུང་ལ་མྱ་ངན་འགྱུར། །གང་ཞིག་ལོངས་སྤྱོད་ཆགས་པ་ཡོངས་སྤོང་བ། །ལྷ་ཡི་ལོངས་སྤྱོད་བདེ་བ་ཕུན་ཚོགས་ཐོབ། །གང་ཞིག་གཞན་གྱི་བུད་མེད་དེར་འགྲོ་ན། །ལྕགས་ཀྱི་ཤལ་མ་ཚེར་མ་རྣོན་པོ་ཡིས། །འབིགས་པར་བྱེད་ཅིང་སྡུག་བསྔལ་མེ་ཡིས་གདུངས། །དེ་ལས་ཐར་ཀྱང་ཆུང་མ་མི་བསྲུན་འགྱུར། །གང་ཞིག་ཆགས་པའི་བདེ་བ་སྤོང་བྱེད་ན། །ལྷ་མོའི་ཚོགས་ཀྱིས་ཀུན་ཏུ་བདེ་བྱེད་འགྱུར། མི་གང་ཚིག་རྣམས་ཤིན་ཏུ་མི་སྡོམ་པ། །བརྫུན་དང་ཚིག་རྩུབ་ངག་འཁྱལ་ཕྲ་མ་རྣམས། །སྨྲ་བ་དེ་དག་མི་བཟད་དམྱལ་བར་ལྟུང་། །འབར་བའི་ཕུར་པ་རྣམས་ཀྱིས་ལྕེ་བརྒྱངས་ཤིང་། །ཐོང་བཤོལ་འབར་བ་ལྔ་བརྒྱས་རྨོ་བར་བྱེད། ཁ་ཅིག་སྤུ་གྲིས་བཅད་དེ་རང་ཉིད་ཟ། །གཞན་དག་རོ་ཉེ་འཐུངས་ཤིང་ཀུན་ཏུ་འབར། །མི་བཟད་སྐྱབས་མེད་ངུ་ཞིང་སྡུག་བསྔལ་འགྱུར། །གང་དག་ངག་ལས་རིང་དུ་སྤོང་བྱེད་པ། །སྐྱེ་བ་ཀུན་ཏུ་ངག་རྣམས་བཙུན་འགྱུར་ཏེ། །སྙན་ངག་བསྟན་བཅོས་དབྱངས་རྣམས་ཕུན་སུམ་ཚོགས། །ཤིན་ཏུ་དག་པའི་ངག་དབང་ཐོབ་པར་འགྱུར། །མི་གང་ཡིད་ཀྱི་ཉེས་པ་བསྐྱེད་བྱེད་པ། །བརྐམ་ཞིང་གཞན་གྱི་བདེ་བ་ཁྱད་གསོད་པ། ལྟས་ངན་ཞུགས་པ་དེ་དག་ངན་སོང་འགྲོ། །དེའི་ལུས་ལ་དམྱལ་བའི་གཤེད་མ་རྣམས། །ཤིང་ལ་བྱ་བ་བཞིན་དུ་གཤེག་ཅིང་གཅོད། །གསལ་ཞིང་རྩེ་འབར་བརྒྱ་ཡིས་འབུགས་ཤིང་འབྱིན། །གཞན་དག་རོ་ཉེ་འཁོལ་མའི་ནང་དུ་ལྟུང་། །མར་ཀོ་ཏ་ཡིས་ལུས་ཀུན་འབིགས་ཤིང་ཟ། །ལས་ཀྱི་སྟག་གཟིག་སྦྲུལ་ཆེན་འབར་བ་ཡིས། །གཙེས་ཤིང་མཚོན་ཆའི་ཚལ་རྣམས་ཀུན་ཏུ་རྒྱུག །ཡན་ལག་དུམ་བུར་གཤེག་ཅིང་རབ་མེར་ལྟུང་། །སྡུག་བསྔལ་དེ་འདྲའི་བར་མཚམས་མེད་པར་འགྱུར། །གང་ཞིག་ཡིད་ཀྱི་ལས་རྣམས་རྣམ་སྤངས་ན། །ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་། །རྣམ་དག་ལྟ་བས་འཇིག་རྟེན་དགའ་བྱེད་ཅིང་། །རྟག་ཏུ་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར། །བྱས་པའི་འབྲས་བུ་ཆུད་གསན་མི་འགྱུར་ཞིང་། །བྱེད་པ་པོ་དང་ལས་ཀྱང་གང་ཡང་མེད། །འབྲས་བུ་སྤྱོད་པ་གང་ཡང་འཐོབ་མེད་དོ། །རྒྱུ་ལ་བརྟེན་ནས་ཆོས་རྣམས་རབ་ཏུ་འབྱུང་། །མེད་ལ་འཛིན་པས་སྡུག་བསྔལ་རབ་ཏུ་འཇུག །རྒྱལ་བ་གང་དག་འདས་སུ་ཡོངས་འདས་པ། ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པས་ན། ཆོས་རྣམས་ངོ་བོ་ཉིད་དེ་དེ་འདྲར་ལྟོས། །ཇི་ལྟར་སྨིག་རྒྱུའི་ངོ་བོ་ཉིད་མྱོང་ལྟར། །དངོས་དང་དངོས་མེད་བྲལ་བས་ཅི་ཡང་མེད། །ཇི་ལྟར་རྨི་ལམ་དུ་ནི་དངོས་མེད་དང་། །ཇི་ལྟར་ཆུ་ནང་སྤྲིན་གྱི་དངོས་མེད་ལྟར། །དེ་ལྟར་ཆོས་རྣམས་དག་ཅིང་ངོ་བོ་མེད། །ནམ་མཁའི་བར་ན་སྐར་མ་འདུག་པ་ལྟར། །དངོས་པོའི་ངོ་བོ་གཞན་དངོས་འདི་དག་གསོག །ཇི་ལྟར་མི་དག་མྱོས་པའི་རྨི་ལམ་ན། །དགའ་བར་ཚོར་བ་སད་ན་དེ་མེད་ཅིང་། །རྨི་ལམ་རྨིས་པ་སྙིང་པོ་མེད་པ་སྟེ། །སད་པའི་ཚེ་ན་དེ་ཉིད་རྗེས་དྲན་བཞིན། །དངོས་པོ་དག་ཀྱང་དེ་བཞིན་ངོ་བོ་མེད། །ཇི་ལྟར་འདོད་པ་ཅན་གྱི་རྨི་ལམ་ན། །བུད་མེད་རྒྱན་སྡུག་དག་གི་བཞིན་མཐོང་ན། །དགའ་བཞིན་འདོད་ལ་ཆགས་པ་སྐྱེ་གྱུར་ན། །སད་ན་བུད་མེད་བཞིན་ནི་མི་མཐོང་ལྟར། །འདོད་ལ་ཆགས་པའི་ཡུལ་རྣམས་འདི་དག་ཀྱང་། །སྙིང་པོ་མེད་ཅིང་རྨི་ལམ་དེ་འདྲའོ། །དེ་ལྟར་གཞོན་ནུ་མཁས་པའི་རང་བཞིན་ནི། །རྟག་ཏུ་ཆོས་རྣམས་རྨི་ལམ་འདྲར་རྟོགས་ཤིང་། །གནོད་པའི་འཆིང་བ་རྣམས་ལས་ཐར་བྱས་ཏེ། །དེ་བཞིན་གཞན་དག་ལ་ཡང་རབ་ཏུ་སྟོན། ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་ཚུལ་ཡང་དག་པར་བསྟན་པས་གཞོན་ནུ་ཞི་བའི་བློ་གྲོས་ལ་སོགས་པའི་སྲོག་ཆགས་བྱེ་བ་ཕྲག་དྲུག་ཆོས་ཟབ་མོ་མཐོང་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །གང་གི་བློ་གྲོས་དག་ཅིང་མ་སྨད་པ། །འཇིག་རྟེན་མཚུངས་པ་མེད་པ་མཆོག་གི་མཐུས། །ཡོངས་སྐུལ་རྒྱལ་བའི་ཐུགས་རྗེ་རྨད་བྱུང་བ། །འགྲོ་བའི་དོན་ནི་མཚུངས་མེད་བྱེད་པར་འགྱུར། །དུས་ཚིགས་རྐྱེན་གྱིས་བསྐུལ་བ་ཡི། །ཚ་ཟེར་ཅན་དང་མཚོ་སྐྱེས་དག །འཕྲད་པའི་རྐྱེན་གྱི་སེམས་དཔའ་ཅན། །མགུ་ཞིང་རྒོད་པར་བྱེད་པ་བཞིན། །ཨེ་མའོ་རྨད་དུ་བྱུང་བ་ཡི། །བློ་གྲོས་མཐུ་འདི་རིགས་པ་ཡིན། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཤེས་རབ་ཀྱི་མཐུ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་གསལ་བར་རིག་པར་འགྱུར་རོ་ཞེས་ཤེས་རབ་དང་ལྡན་པའི་བསྔགས་པ་དང་། བདག་ཅག་གི་སྟོན་པ་འདི་ནི་སྔོན་ཡང་ལེགས་པར་བཤད་པའི་འབྱུང་ཁུངས་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཞི་བའི་བློ་གྲོས་ཀྱི་སྐྱེས་པའི་རབ་སྟེ་ལྔ་བཅུ་བདུན་པའོ།། །།སྐྱེས་བུ་དམ་པ་ཤེས་རབ་དང་ལྡན་པ་རྣམས་ནི་རང་བཞིན་ཐམས་ཅད་ལ་ཕན་པར་བྱེད་ཅིང་། །ལེགས་པར་བཤད་པའི་འབྱུང་ཁུངས་སུ་འགྱུར་རོ། །དེ་ཡང་འདི་སྐད་ཐོས་སྟེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན་ཀླུའི་རྒྱལ་པོ་རྔ་ཞེས་བྱ་བར་གྱུར་ཏོ། །ཞེས་གྲག་གོ །དེ་ནི་གཞན་ལ་ཕན་པར་བྱེད་ཅིང་བརྩེ་བ་དང་ལྡན་པ། ཆོས་ཀྱི་རང་བཞིན་ཅན་རྣམ་པར་དག་པའི་བློ་གྲོས་ཀྱིས་བརྒྱན་པར་གྱུར་ཏེ། གཞན་ཡང་དེའི་རྗེས་སུ་སློབ་པའི་སྤུན་དུ་གྱུར་པ་ཉེར་ལྔ་ཞེས་བྱ་བ་ཞིག་ཀྱང་བྱུང་སྟེ། ཡོན་ཏན་རྒྱ་མཚོའི་དབུས་སུ་ཉེར་མཛེས་པ། །རྣམ་དག་ལུས་ལ་ཤེས་རབ་གདེངས་ཀས་མཛེས། །སྙིང་རྗེའི་སྤྲིན་གྱིས་རབ་ཏུ་འཁྱུད་གྱུར་ཅིང་། ལེགས་དཔྱད་ཆར་རྒྱུན་འབེབས་པར་བྱེད་པར་འགྱུར། །དེས་བས་འདིར་ནི་འཇིག་རྟེན་དུ། །ཕན་པར་བྱེད་པའི་བློ་གྲོས་ཅན། །གཉིས་ཀ་སྲོག་གཅོད་ལས་བཟློག་ཅིང་། །ཚུལ་ཁྲིམས་ལྡན་ཕྱིར་དབང་ཆེར་གྲགས། ཀླུ་ཡི་སྐྱེ་གནས་ལ་སྨོད་ཅིང་། །མི་ཡི་སྲིད་པ་འདོད་པར་འགྱུར། །ཚུལ་ལྡན་མང་དུ་ཐོས་པ་ཡི། །དགེ་སློང་བྲམ་ཟེ་མཐོང་ན་ནི། །མི་ཡི་ལུས་སུ་བསྒྱུར་ནས་ནི། །བསྙེན་བཀུར་དག་ཀྱང་བྱེད་པར་གྱུར། །ཟླ་བ་ཕྱེད་པའི་ཚེས་བརྒྱད་དང་། བཅུ་བཞི་བཅོ་ལྔ་གང་ཡིན་པ། །དེ་ལ་ཡན་ལག་བརྒྱད་པ་ཡི། །གསོ་སྦྱོང་ལ་ནི་ལེགས་མཉམ་འཇོག །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་གཉིས་སྔོན་གྱི་གནས་སྤངས་ནས་ཡུལ་རྒྱུ་ཞིང་སོང་པ་ལས། རྔ་སྒྲ་ཞེས་བྱ་བའི་ཀླུ་གནས་པའི་ས་ཕྱོགས་སུ་ཕྱིན་པ་ན། ཀླུའི་སྐྱེས་བུ་དམ་པ་གཉིས་པོ་དེ་ལ་རྔ་སྒྲ་ཁྲོས་པའི་དབང་དུ་གྱུར་པས་གདུག་པའི་དབུགས་འབྱིན་ཅིང་། ཁྱེད་གཉིས་ནི་ཆོས་སྤྱོད་པ་མ་ཡིན་ཏེ་གཡོ་སྒྱུ་ཅན་ངན་པའི་རང་བཞིན་ཚུལ་འཆོས་པས་ངའི་གནས་སུ་མ་འདུག་ཅིག །ཅེས་ཚིག་རྩུབ་མོས་བསྐྲོད་པར་བྱེད་དོ། །དེ་ལྟར་ཡང་དང་ཡང་དུ་བསྐྲད་པ་ཐོས་ནས་ཉེར་ལྔ་ཁྲོས་པར་གྱུར་ནས་ཕུ་བོ་ལྔ་ལ་སྨྲས་པ། ཀྱེ་རྔ་མི་ཡི་འཇིག་རྟེན་ངན་པ་དག ཚིག་ངན་སྔོན་དུ་སྨྲ་བས་གདུང་བྱེད་པ། །སྦལ་ཟན་ཆུ་ཡི་འགྲམ་ནས་སྐྱེས་པ་ཡི། །མཆེ་བ་གདུག་པས་བདག་ཅག་སྐྲོད་པར་བྱེད། །འདི་ནི་ཆུ་ནང་དུད་འགྲོ་རྣམས་ལ་འཚེ། །ཐང་ལ་མི་རྣམས་ལ་ཡང་འཚེ་བར་བྱེད། །གཙོ་བོ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་། །ཚིག་ངན་སྨྲས་ལ་ཡིད་ནི་བཟོད་མི་ནུས། །དེང་འདིར་འདི་ཡི་གྲོང་ཁྱེར་དང་། །ཕོ་བྲང་གཉེན་འདུན་བཅས་བརླག་ཏེ། །རྔ་སྒྲ་གཏན་ནས་སྤངས་ནས་སུ། །འདི་ནས་བདག་ཅག་འདོང་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་སྟོབས་པོ་ཆེ་དེ་ནུ་བོའི་ཚིག་ཐོས་ནས་བརྩེ་བ་ཆེན་པོས་ཡིད་ལ་འབབ་པར་བྱེད་པའི་ཚིགས་བཅད་འདི་སྐད་ཅེས་སྨྲས་སོ། །གང་གི་ཁྱིམ་དུ་ཉིན་ཞག་འགའ་གནས་ཤིང་། །བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ། །དེ་ལའང་ཡིད་ཀྱིས་གནོད་པ་མི་བསམ་ཏེ། །བྱས་པ་གཟོ་བ་སྐྱེས་བུ་དམ་པར་བསྔགས། །ལྗོན་ཤིང་གང་གི་གྲིབ་མ་ཡིས། །ཡུད་ཙམ་ཞིག་ཀྱང་ལེགས་འགེབས་དེའི། །ལོ་མའང་བཅད་པར་མི་བྱ་ན། །ཡལ་ག་ལྗོན་ཤིང་སྨོས་ཅི་དགོས། །ནགས་ཚལ་ཤིང་ནི་བཅད་དམ་བསྲེགས་ཀྱང་རུང་། །སླར་ཡང་སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད། །ལག་པ་རློན་བཅད་ཕྱིར་ཡང་མི་སྐྱེ་ལྟར། །གྲོགས་ལ་འཁུ་བ་ཡུན་རིང་བདེ་མི་འཐོབ། །སྐྱེ་བོ་ངན་པ་ཡུན་རིང་མཆོད་བྱས་ཤིང་། །བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་། །དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ། །གླང་ཆེན་གྱིས་ནི་ཀུ་ཤའི་སྤྱིལ་བོ་བཞིན། །ཇི་ལྟར་ཆུ་འགྲམ་ཤིང་ནི་འགྱེལ་གྱུར་ལྟར། །མི་གང་བློ་ནི་གཡོ་ཞིང་འགྱུར་བྱེད་པ། །དེ་ཡི་མཛའ་བཤེས་བརྟན་པར་མི་འགྱུར་ཏེ། ཤིང་ཤུན་མཚོན་གྱིས་རས་དཀར་བཙོས་པ་བཞིན། །གལ་ཏེ་མཁས་པས་དགྲ་བོ་དག །མི་དགའ་བར་ནི་བྱེད་འདོད་ན། །སེམས་ལ་སྐྱོན་ནི་མེད་བྱས་ན། །དེ་ཉིད་ཀྱིས་ནི་དེ་གནོད་འགྱུར། །རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་ཞིང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་ར བ་ཏུ་བསྔགས། ཆོས་བདེ་བྱམས་པ་བདེ་བ་སྟེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན། །གྲོགས་ལ་འཁུ་བ་མེད་པ་དང་། །ང་སྙེམས་ང་རྒྱལ་ཟད་པ་བདེ། །ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ། །སྡིག་པའི་གྲོགས་པོ་བསྟེན་པ་དང་། །སྟོབས་ལྡན་རྣམས་ལ་རྒོལ་བྱེད་པ། །དེ་དག་རྣམས་ཀྱིས་གྲགས་པ་འཇིག །དེ་ཕྱིར་ཁེངས་པར་མི་བྱ་སྟེ། །ཁྲོ་བ་རྣམ་པར་སྤང་བར་བྱ། །ཁེངས་དང་ཁྲོ་བ་འོངས་གྱུར་ན། །གྲགས་པ་མཐའ་ཡས་འཇིག་པར་འགྱུར། །གཞན་ཡང་སྐྱེས་བུ་དམ་པའི་རྗེས་སུ་སློབ་པ་ལ་དམན་པ་རྣམས་ལ་སྙིང་བརྩེ་བ་དང་བཟོད་པའི་གོ་ཆ་བགོ་བར་བྱ་སྟེ། དེ་ཡང་གང་ཞིག་རྒན་དང་བྱིས་པ་ནད་པ་དང་། ཉམས་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ། །སྙིང་རྗེ་མེད་པ་དེ་དག་མིར་མི་རུང་། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་བཟློག་པ་ལ། །བཟོད་པ་ཆེན་པོ་བྱ་དགོས་སོ། །རང་གི་ཡུལ་ན་བརྙས་ཤིང་འདུག་པ་བས། །མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་། །གང་ན་མི་རྣམས་གཞན་གྱིས་མི་བརྙས་སྟེ། །རང་གི་ཡུལ་ཡིན་དེ་དག་རང་གི་མི། །མི་མཆོག་རྣམས་ནི་བརྙས་ཐབས་བྱས་པའི་ཚེ། །ཆུང་མ་བུ་དང་ལོངས་སྤྱོད་རྒྱ་ཆེན་གཏོང་། །ངན་པ་རྣམས་ནི་དེ་ནའང་ཡོངས་སུ་འཁྱམ། །བརྙས་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུང་། །གཞན་ཡང་འཇིག་རྟེན་ན་མཁས་པ་རྣམས་བདེ་བའི་རྒྱུ་ནི་འདི་ལྟ་བུ་ཡིན་ཏེ། །དེ་ཡང་བསྟན་པར་བྱ་ཡིས་ཉོན་ཅིག །དར་བ་རྙེད་པ་དཀའ་བ་སྟེ། །རྒུད་པ་མོད་པ་ཡིན་པའི་ཕྱིར། །སེམས་ཅན་དམ་པར་གྱུར་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །གལ་ཏེ་ནོར་མེད་ཕྱོགས་ཉུང་དང་། །མཛའ་བཤེས་ཕྱོགས་ཀྱི་སྟོབས་ཆུང་པ། །དགྲ་བོ་ཕྱོགས་ཀྱི་སྟོབས་ལྡན་ཚེ། ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ཆོས་མིན་བྱེད་པ་དང་། །འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་། དད་ཆུང་ངོ་ཚ་མེད་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ཁྲོ་བར་བྱེད་པ་དང་། གནོད་སེམས་མང་པོར་གྱུར་པ་དང་། །གཞན་ལ་ཚུལ་ལྡན་འཇུག་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་དད་པ་མེད་པ་དང་། །ཁྭ་བཞིན་མུ་ཅོར་སྨྲ་བ་དང་། སྒྱུ་དང་གཡོ་དག་བྱེད་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ཚུལ་ཁྲིམས་འཆལ་པ་དང་། གཏུམ་ཞིང་གཟུ་ལུམ་བྱེད་པ་དང་། །བདེན་པའི་ཆོས་དང་མི་ལྡན་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ངང་ཚུལ་ངན་པ་དང་། །ལོག་པའི་ལྟ་བས་བཅོམ་པ་དང་། །གཏུམ་ཞིང་སྡང་བར་གྱུར་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །ངོ་ཚ་མེད་ཅིང་བརྫུན་དུ་སྨྲ། དོན་མེད་ཕྲ་མ་ཚིག་རྩུབ་དང་། །དབྱེན་དང་འཁྱལ་པ་སྨྲ་བའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །ཡ་རབས་ཚུལ་མེད་ཤིན་ཏུ་ཁེངས། །ང་རྒྱལ་གྱིས་ནི་འགྱིང་པ་དང་། །ཕྲག་དོག་བརྐམ་ཆགས་ཚུལ་ཉམས་ཚེ། ཁ་རོག་འདུག་དང་བདེ་བ་འཐོབ། །གང་ཚེ་མི་ཡི་རུས་རྣམས་དང་། །རིགས་རྣམས་ཤེས་པ་མ་ཡིན་པའི། །མི་དང་ལྷན་ཅིག་འདུག་པ་ན། །དེ་ཚེ་ང་རྒྱལ་བྱར་མི་རུང་། །གཞན་གྱི་ཡུལ་ན་འདུག་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར། །གཞན་གྱི་བརྙས་པ་དེ་བཟོད་བྱ། །གཞན་གྱི་ཡུལ་ན་འདུག་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །སྡང་པའི་འཁྲུག་པར་གྱུར་ན། །གཞན་གྱིས་བརྙས་པ་དེ་བཟོད་བྱ། །གཞན་གྱི་ཡུལ་ན་འདུག་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །དམན་པས་བསྐྲད་པར་གྱུར་ཀྱང་རུང་། །ཤེས་རབ་ལྡན་པས་དེ་བཟོད་བྱ། །ཀྱེ་མ་ཡུལ་ལོག་བདག་གནས་ཤིང་། །མཛའ་བཤེས་ངན་དང་འཕྲད་པ་ན། །བྱིས་པ་རྣམས་དང་འགྲོགས་པ་ཡི། །གནས་སུ་མྱ་ངན་བརྟེན་བྱེད་མེད། །ཤེས་རབ་ལྡན་པས་དེ་བསམ་ནས། །མི་ཤེས་མི་དང་འགྲོགས་བྱེད་ཀྱང་། །མཁས་པས་ནོར་དང་ལོངས་སྤྱོད་ཕྱིར། །གཟུ་ལུམས་ཁོ་ན་ཁྲོ་མི་བྱ། །ཇི་ལྟར་ཐལ་བས་བཀབ་པའི་མེ། །རྩ་དང་ཤིང་གིས་གཡོགས་པ་ལ། །རླུང་རྣམས་ཀྱིས་ནི་ལེགས་བུས་ན། །ཤིན་ཏུ་རབ་ཏུ་འབར་གྱུར་ཏེ། །རྩ་ཤིང་དེ་དག་བསྲེགས་ནས་སུ། ཆེན་པོར་མཆེད་ཅིང་འབར་བ་ཡིས། །རྩ་ཤིང་གེལ་བ་མང་པོ་དང་། །ལྗོན་ཤིང་མང་པོ་བསྲེགས་པ་ལྟར། །དེ་བཞིན་རྣམ་རྟོག་བུད་ཤིང་ལས། །བྱུང་བའི་ཁྲོ་བ་མེ་འདྲ་བས། །བདག་ཉིད་དང་ནི་གཞན་དག་ལ། །ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར། །དེ་ཕྱིར་ཁྲོ་བ་བྱུང་བ་ན། །ཞེ་སྡང་གཉེན་པོར་གྱུར་པ་ཡི། །བྱམས་པ་སེམས་ལ་བསྒོམས་ནས་སུ། །མཁས་པ་རྣམས་ནི་བཟློག་པར་བྱེད། །བསྟོད་པ་བྱས་ན་མཛའ་བྱེད་ལ། །མ་བསྟོད་མཛའ་བར་མི་བྱེད་ཅིང་། །མོད་ལ་ཡོངས་སུ་སྤོང་བྱེད་པ། །དེ་ནི་བྱིས་པའི་མཚན་ཉིད་ཡིན། གལ་ཏེ་འདི་ནི་བྱིས་པ་དག །སྒྲོ་གཤོག་བཏོགས་པའི་བྱ་ལྟ་བུར། །བློ་སྤངས་ཤེས་རབ་མ་འཆལ་ན། །མཁས་པ་ཇི་ལྟར་འཚོ་བར་འགྱུར། གང་ཕྱིར་བྱིས་པ་ཕལ་ཆེར་ནི། །བློ་གྲོས་སྤངས་ཤིང་ཤེས་འཚོལ་བ། །དེ་ཕྱིར་མཁས་པ་ཤེས་རབ་ཅན། །ཁྱད་པར་དུ་ནི་བདེ་བར་འཚོ། །མཁས་པས་ནོར་བརྙེད་དགའ་བར་མི་འགྱུར་ལ། །འཕོངས་པར་གྱུར་ཀྱང་མི་འཁྲུག་འཁྲུག་པ་མེད། རྗེས་སུ་བཟུང་ཕྱིར་ཕན་པ་དེ་སྨྲ་ན། །ལེགས་སྨྲ་ཡིན་ཞེས་གཞན་གྱིས་དེ་མི་རྟོགས། །མཁས་པ་གཟུ་ལུམས་མེད་པར་གྱུར་པ་དེ། །དེ་ཉིད་དཔྱད་ལ་ལེགས་པར་ཉན་ནས་སུ། །དེ་ལྟར་རྣམ་པར་བསམ་ནས་རང་དོན་དང་། །གཞན་གྱི་དོན་དག་ལེགས་པར་སྤྱད་པར་བྱེད། །མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ་གྱིས། །སྡིག་པའི་ལས་རྣམས་ཀུན་ཏུ་སྤྱོད་མི་འགྱུར། །གལ་ཏེ་བདེ་དང་སྡུག་བསྔལ་ལྡན་གྱུར་ཀྱང་། རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་མེད། །བློ་ལྡན་གཡོ་སྒྱུ་ཅན་དུ་མི་འགྱུར་ཏེ། །རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར། །ཕོངས་པའི་གནས་ན་མྱ་ངན་མི་བྱེད་པ། །གཞན་གྱི་གནད་ལ་ཕེབས་པར་བྱེད་རེ་སྐན། ཧ་ཅང་ཐལ་དང་ཧ་ཅང་ཞུམ་པའི་མི། །དམན་པའི་མི་རྣམས་ལ་ཡང་མ་ཡིན་ཏེ། །བར་མའི་གནས་ལ་བརྟེན་པར་བྱེད་པ་དག །དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཡིན། །ཀྱེ་གཞན་ཡང་འཇིག་རྟེན་གནས་པ་འདི་དག་ནི། ལེགས་པར་བརྟག་པར་བྱ་བ་ཁོ་ན་སྟེ། །རེ་ཞིག་འདིའི་ཚུལ་བསྟན་པར་བྱའོ། །ཧ་ཅང་ཐལ་བ་རྟག་ཏུ་འཁོན། །ཧ་ཅང་ཞུམ་པ་རྟག་ཏུ་བརྙས། །དེ་ཕྱིར་དེ་གཉིས་སྤངས་ནས་སུ། །གོ་འཕང་བར་མ་བརྟེན་པར་བྱ། །རེས་འགའ་ལྐུགས་པའམ་འོན་པ་ལྟ་བུར་གྱིས། །དུས་ལ་བབ་ན་ས་བདག་བཞིན་དུ་སྨྲོས། །རེས་འགའ་གངས་རི་བཞིན་དུ་བསིལ་བར་གྱིས། །དུས་ལ་བབ་ན་མེ་ལྕེ་བཞིན་དུ་སྤོར། །རེས་འགའ་རྩ་དང་འདྲ་བར་ཞུམ་པར་བྱ། དུས་ལ་བབ་ན་རི་རབ་ལྟ་བུར་གྱིས། །རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བར་བྱ། །དུས་ལ་བབ་ན་ཐུབ་འདྲར་ནགས་སུ་སོང་། །རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ། །དུས་སུ་བདེ་དང་སྡུག་བསྔལ་དང་དུ་བླང་། །ནོར་ཕྱིར་བྲན་བཞིན་བསྐོལ་བར་མི་བྱ་ཏེ། ཁྲོ་བའི་དབང་དུ་གྱུར་པར་མི་བྱའོ། །རེས་འགའ་དགའ་བའི་གླུ་དང་སིལ་སྙན་གྱིས། །བརྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ། །རེས་འགའ་རི་དྭགས་ལྟ་བུར་འཇིགས་བཞིན་སོང་། །དུས་སུ་སེང་གེ་ལྟ་བུར་ཉམས་རྩལ་བསྟན། །དང་པོ་དུས་དང་དུས་མིན་དང་། །བདག་ཉིད་སྟོབས་ལྡན་སྟོབས་མེད་དང་། །དར་དང་རྒུད་པ་བརྟགས་ནས་སུ། །དེ་ནས་དོན་རྣམས་ལེགས་པར་བརྩམ། །བཟོད་མེད་རྣམས་ལ་བཟོད་པ་དང་། །བཟོད་ལྡན་རྣམས་ལའང་བཟོད་པར་གྱིས། །ཉམས་ཆུང་རྣམས་ལའང་བཟོད་པ་དང་། །སྟོབས་ལྡན་རྣམས་ལའང་བཟོད་པར་གྱིས། །འཁོན་གྱིས་འཁོན་གཞིར་ནམ་ཡང་མི་འགྱུར་བས། །བཟོད་མེད་རྣམས་ལའང་བཟོད་པར་བྱས་ན་ལེགས། ཁྲོས་པ་རྣམས་ལའང་རྟག་ཏུ་དང་བ་དང་། །གཞན་གྱི་སྐྱོན་རྣམས་རྟག་ཏུ་གཅབ་པར་གྱིས། །གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་། །འཐབ་ཟླའི་ཚིག་དག་འཐབ་བཅུག་འགྱུར་ཕྱིར་བཟོད། །གང་ཞིག་འོག་མའི་ཚིག་དག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས། །གཤེ་དང་གྱ་ཚོམ་སྨྲ་བ་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། །བློ་གྲོས་ཆུང་ངུ་མི་བཟོད་དེ། །པད་མ་ལ་ནི་རྡོ་ཆར་བཞིན། །གཤེ་དང་གྱ་ཚོམ་སྨྲ་བ་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། །མཁས་པ་ཤིན་ཏུ་བཟོད་བྱེད་དེ། །གླང་ཆེན་མེ་ཏོག་ཆར་པ་བཞིན། །ཁྲོ་བ་དང་ནི་བརྫུན་དག་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། །མཁས་པ་ཤེས་རབ་ལྡན་གྱུར་པ། །གང་ཡིན་དེས་ནི་ཐམས་ཅད་བཟོད། །རྡོ་བ་བསྲེགས་ཀྱང་འཇུ་མི་འགྱུར། །ཆར་པ་བབ་ཀྱང་འཇིག་པ་མེད། །དེ་བཞིན་བདེ་དང་སྡུག་བསྔལ་གྱིས། །མཁས་པ་ཉམས་པར་འགྱུར་བ་མེད། །གང་ཞིག་བདེན་པས་གཤེ་བྱེད་པ། །དེ་ལ་མཁས་པས་བཟོད་པར་བྱེད། །བདེན་པ་མ་ཡིན་པ་ཡང་བཟོད། །དེ་ལས་གཞན་པ་བསྟན་དུ་མེད། །འདི་ལྟར་སྐྱེས་བུ་མཁས་པས་ནོར་གྱི་ཕྱིར། །སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ། །གལ་ཏེ་མི་བཟོད་མྱ་ངན་རྣམ་སྤངས་ཏེ། །གཞན་དུ་སོང་ན་སྟོང་ཕྲག་རྙེད་དང་འདྲ། །ཡལ་ག་བསྙེགས་ལ་འཇུ་བར་མི་བྱ་བཞིན། ཆགས་བྲལ་སེམས་ལ་ཆགས་པ་མི་བྱ་སྟེ། །བཟང་ཞིང་སྡུག་པས་ས་སྟེང་གང་བས་ན། །འཇིག་རྟེན་སྤངས་པས་གཞན་དུ་འགྲོར་ཟད་མོད། །གང་ན་བརྙས་བྱེད་བཀུར་སྟི་མི་བྱེད་དང་། །སྨོད་པར་བྱེད་ཅིང་བསྟོད་པ་མི་བྱེད་ན། །མཁས་དང་བླུན་འགྲོགས་ཆེད་དཀའ་མི་ཆེ་བས། །རང་རྒྱལ་བཞིན་དུ་མི་སྨྲ་དེ་འགྲོ་རིགས། །གང་ལ་སྐྱེས་བུ་འཐབ་ལ་དགའ་གྱུར་ནས། །གཡོ་སྒྱུའི་བསམ་གཏན་རྟག་ཏུ་བཀླགས་ཀྱང་བྱེད། །ཀྱལ་པ་དབྱེན་བརྫུན་ཚིག་རྩུབ་སྨྲ་བྱེད་པ། །དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་། །གང་ན་མི་རྣམས་འཚེ་བར་བྱེད་གྱུར་ནས། །ཕན་ཚུན་གནད་ལ་འབེབས་པར་དགའ་བ་དང་། །ལུས་དང་ངག་ཡིད་སྡོམ་པ་མེད་གྱུར་པ། །དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་། །གང་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས། །གཞན་གྱི་རྙེད་ལ་རྟག་ཏུ་མི་བཟོད་ཅིང་། །སྡང་བའི་བསམ་པས་རྣམ་རྨོངས་ཚུལ་འཆོས་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་ན་མི་རྣམས་སྡིག་བྱེད་འདོད་གྱུར་ན། བཀུར་སྟི་འདོད་ཅིང་ཚུལ་འཆོས་གཡོ་སྒྱུ་བྱེད། །ནང་ཡང་མ་དག་ཕྱི་ཡང་མ་དག་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་ན་མི་རྣམས་ཞེ་ས་མེད་གྱུར་ནས། །ཡ་རབས་ཚུལ་མེད་ཁེངས་ཤིང་ང་རྒྱལ་ལྡན། །བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་དང་གང་དུ་བཟའ་བཏུང་དང་། །གང་དུ་གོས་རྣམས་རྙེད་པ་དང་། །གང་དུ་འཚོ་བ་དེར་སོང་ལ། །ཆགས་གྱུར་གནས་སུ་མ་འདུག་ཅིག །གཞན་ཡང་འཇིག་རྟེན་ཕུང་པར་བྱེད་པ་ཐམས་ཅད་བག་མེད་པ་ལས་བྱུང་ཞིང་སྡུག་བསྔལ་དུ་མ་མྱོང་པར་བྱེད་པའི་རྒྱུ་འདི་རྣམས་སྤངས་པར་བྱའོ། །ལན་འགའ་རྩོད་གྱུར་སྲེད་པ་གང་ཡིན་སྤོངས། །རྟག་ཁེངས་མཆོད་མེད་ང་རྒྱལ་གང་ཡིན་སྤོངས། །འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས། །ཕོངས་དུས་མི་ལྟའི་གྲོགས་པོ་གང་ཡིན་སྤོངས། །མེ་ཡིས་གང་འདྲའི་ལམ་འདྲའི་མ་རིགས་སྤོངས། བྱས་གཟོ་མེད་པའི་གཉེན་འདྲའི་འདོད་ཆགས་སྤོངས། །མཆེ་བ་མི་བཟད་ཀླུ་འདྲའི་ཆགས་པ་སྤོངས། །དགྲ་བོའི་མཚོན་ཆ་ལྟ་བུའི་སྡུག་བསྔལ་སྤོངས། །ཀླུ་མོ་ལྟ་བུའི་མི་བཟང་ཆུང་མ་སྤོངས། །མགོ་ལ་མེ་འབར་ལྟ་བུའི་བུ་རྣམས་ཐོངས། །འགོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས་ཐོངས། །བཏུང་པ་དུག་ཅན་ལྟ་བུའི་འདོད་པ་ཐོངས། །ཁྱིམ་གྱི་ཕྱིར་ནི་ཅིག་བཏང་སྟེ། །སྲོག་གི་དོན་དུ་ཁྱིམ་བཏང་ངོ་། །ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ། །བདག་གི་དོན་དུ་ས་བཏང་ངོ་། །མི་ཡི་ཡན་ལག་ཕྱིར་ནི་ནོར་བཏང་ཞིང་། །སྲོག་གི་དོན་དུ་ཡན་ལག་བཏང་པར་བྱ། །ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག །ཐམས་ཅད་བཏང་གི་འདིར་ནི་ཆོས་བསྲུང་ངོ་། །ཆོས་སྤྱོད་པ་ནི་འདོད་པ་འགྲོ་བར་འགྲོ། །ཆོས་སྤྱོད་པ་ལ་འཇིགས་སྐྲག་མེད་པ་ཉིད། །ཆོས་སྤྱོད་པ་དག་ངན་འགྲོར་མི་འགྲོ་སྟེ། །ཆོས་སྤྱོད་པ་ནི་འདོད་པའི་འགྲོ་བར་འགྲོ། །ཆོས་མིན་སྤྱོད་པ་ཤི་ནས་གདུང་པར་འགྱུར། །མཁས་པ་ནོར་རྙེད་དགའ་བར་མི་འགྱུར་ལ། །ནོར་ཟད་ན་ཡང་བློ་གྲོས་མི་འཁྱལ་བར། །འཇིག་རྟེན་དག་ན་ཅི་དགར་ལེགས་རྒྱུ་བ། །སེམས་ཅན་ནང་ན་མིའི་སྙིང་པོར་འགྱུར། །གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་། །ང་རྒྱལ་འཚེ་བ་རྣམས་སྤངས་བདེན་ལ་གནས། །རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི། །དཔའ་བོ་བཏུལ་ཕོད་ཡ་རབས་ཐབས་ལྡན་ཡིན། གང་ཞིག་དེ་དང་དེ་ལ་ལེགས་བསླབས་པས། །དོན་རྣམས་ཀུན་ལ་མཁས་པར་འགྱུར་བ་དང་། །དེ་ལ་འགྲོགས་ན་བདེ་བ་དེ་དག་ནི། །དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད། དེ་སྐད་ཅེས་སྨྲས་པ་དང་། ཡིད་ཞི་བར་གྱུར་ཏེ་ཉེར་ལྔས་སྨྲས་པ། རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་། །འདི་ལྟར་བདག་ནི་རབ་ཏུ་དད། །བདག་གི་ལུས་འདི་སྐམ་པའམ། །ཡང་ན་སེམས་ནི་མེད་ཀྱང་སླ། །སྡུག་བསྔལ་ཤིན་ཏུ་མི་བཟད་པར། །ལྟུང་ཡང་ཕྱིན་ཆད་སྡིག་མི་བགྱིད། །ཚུལ་ཁྲིམས་ཉམས་པ་གསོན་པ་བས། །ཚུལ་ཁྲིམས་ལྡན་པ་ཤི་ཡང་སླའི། །སྐྱེ་བ་ཅིག་ཏུ་ལུས་འདིའི་ཕྱིར། ཇི་ལྟ་བུར་ནི་མི་བཟད་སྤྱད། །དེ་སྐད་ཅེས་སྨྲས་ནས་བརཏལ་ཞུགས་བརྟན་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་ཤེས་རབ་ཀྱི་མཐུ་ཐོབ་པ་རྣམས་ནི། དགྲ་གཉེན་ཐམས་ཅད་ལ་ཕན་པར་བྱེད་པ་ཡིན་ནོ་ཞེས་ཤེས་རབ་ཀྱི་ཕན་ཡོན་བསྔགས་པ་དང་། བདག་ཅག་གི་སྟོན་པ་འདི་སྔོན་ཡང་ལེགས་པར་གསུངས་པའི་འབྱུང་ཁུངས་སུ་གྱུར་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ། །འདིའི་ཕྱིས་བྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ཚེ་ང་ནི་རྔར་གྱུར་ཏེ། །ཀུན་དགའ་བོ་ནི་ཉེར་ལྔ་ཡིན། །ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས། །སྐྱེས་རབས་དེ་ལྟར་གཟུང་བར་གྱིས། །ཞེས་གསུངས་སོ། །ཀླུའི་རྒྱལ་པོའི་སྐྱེས་པའི་རབས་སྟེ་ལྔ་བཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་དུད་འགྲོར་གྱུར་ཀྱང་ཤེས་རབ་ལྷག་པར་གསལ་ཞིང་རིགས་དང་མཐུན་པ་རྣམས་ལ་ཕན་པ་དང་བདེ་བའི་ལམ་ལ་ཡོངས་སུ་སྦྱོར་རོ། །དེ་ཡང་འདི་སྐད་ཐོས་སྟེ། བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་ཏུ་སྤྱད་པ་སྤྱོད་པ་ན། གཞན་གྱི་དོན་བྱེད་པ་དང་རྗེས་སུ་མཐུན་པ། རང་བཞིན་གྱི་ཡོན་ཏན་བཟང་པོས་བརྒྱན་ཅིང་རང་གི་རིགས་དང་མཐུན་པ་རྣམས་ལ་ཅི་ནུས་ཀྱིས་ཕན་འདོགས་པར་བྱེད་པ་ཆུ་གསིག་ཅིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་ལུས་བཟང་སྟོབས་ཀྱང་ཆེ་བ་དང་། །བློ་དང་ལྡན་ཞིང་བརྩོན་འགྲུས་ཆེ་བས་བརྒྱན། །མཁའ་ལྡིང་ལྟ་བུར་མཐུ་རྩལ་ཆེ་བས་ན། །གཞན་གྱི་གནོད་པ་མེད་པའི་ཆེ་བས་མཛེས། །དུད་འགྲོའི་གཟུགས་ཅན་དེ་ནི་དུད་འགྲོ་ཡི། །རང་བཞིན་སྤངས་པས་ཆོས་ཀྱི་རང་བཞིན་ཅན། །དེའི་རྗེས་འབྲེང་ཆུ་གསིག་དེ་རྣམས་ཀྱང་། །དེ་ཡི་རྗེས་ཞུགས་དེ་དང་ལྷན་ཅིག་གྱུར། །དེ་ལྟར་ཆུ་གསིག་ལྔ་བརྒྱ་དང་བཅས་པ་ཡི་བདག་པོའི་དཔལ་འབྱོར་རབ་ཏུ་གྱུར་པ་བཞིན་དུ་གཞན་གྱི་གནོད་པ་མེད་ཅིང་བདེ་བར་གནས་པ་ལས། དུས་གཞན་ཞིག་གི་ཚེ་ན་ཆུ་གསིག་རྒན་པོ་ཞིག་གིས་ཆུ་གསིག་དེ་རྣམས་ཀྱི་སྒོ་ང་དང་ཕྲུ་གུ་རྣམས་ཐབས་ཀྱིས་ཟོས་ནས། དེ་དལ་བུ་བུས་འཆག་ཅིང་བྱ་བ་མེད་པའི་གནས་སྐབས་ན་རྐང་པ་ཡ་གཅིག་བསྐུམ་ནས་མི་བདེ་བ་བཞིན་དུ་ཚུལ་འཆོས་པར་བྱེད་དོ། །གང་དག་ལུས་ཀྱི་ཚུལ་འཆོས་ཤིང་། རིགས་དང་དམ་པའི་སྤྱོད་པ་འདོར། །སེམས་དང་སྤྱོད་པ་གཞན་གྱུར་པས། །བདག་གཞན་ཕུང་པར་བྱེད་པ་ནི། །དེ་ནས་ཆུ་གསིག་བུ་དང་བྲལ་བ་དེ་རྣམས་སྡུག་བསྔལ་གྱིས་གདུངས་པར་གྱུར་ནས་དཔོན་པོའི་དྲུང་དུ་སོང་སྟེ། རིགས་མཐུན་པའི་སྐད་ཀྱིས་ངུ་བར་བརྩམས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཆུ་གསིག་གིས། རང་གི་འཁོར་ཆུ་གསིག་དེ་རྣམས་སྡུག་བསྔལ་བ་མཐོང་ནས། དེ་རྣམས་ལ་ཚིག་སྙན་པས་དབུགས་དབྱུང་ཞིང་། ཆུའི་གླིང་ཀུན་ཏུ་ཉུལ་བར་བརྩམས་པ་དང་། ཆོས་ཉིད་ཀྱིས་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཚུལ་འདི་ལྟ་བུ་ཡིན་ཏེ། ཚུལ་དང་ལྡན་དང་ཚུལ་ལྡན་མ་ཡིན་པའི། །རྣམ་པ་སྦས་ཀྱང་མངོན་གསུམ་ཤེས་འགྱུར་ཏེ། །བློ་ལྡན་རྣམས་ཀྱིས་རྗེས་སུ་དཔག་པ་ཡི། །རྟགས་ལ་བརྟེན་ནས་མངོན་སུམ་ལྟར་དུ་རིག །གང་ཞིག་ས་ཡིས་གཡོགས་པའི་མི་གཙང་གཏེར། །དག་བྱེད་ཆུ་རྒྱུན་ཕོགས་པས་དྲི་ངར་འགྱུར། །ངན་གཡོའི་རང་བཞིན་ཚུལ་འཆོས་བསྒྱུར་བ་དག མཁས་པའི་དྲུང་ན་རྣམ་པ་གཞན་དུ་འགྱུར། །རྣམ་པ་གང་དེ་གསལ་བ་མི་བཟོད་པ། །འདི་ཡང་འཇིག་རྟེན་གསལ་བར་གྲགས་པ་ཡིན། །དེ་ནས་ཆུ་གསིག་རྒན་པོ་དེ་དལ་བུས་འཆག་ཅིང་ཕྱོགས་གཅིག་ཏུ་སོང་ནས་རྐང་པ་ཡ་གཅིག་བཏེག་ཅིང་འདུག་པ་བྱང་ཆུབ་སེམས་དཔའ་ཆུ་གསིག་གིས་མཐོང་ནས། འདི་ནི་རང་གི་རིགས་ཀྱིས་ཕྱིར་རྒོལ་བ་རང་བཞིན་ངན་པ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་སྒོ་ང་ཕྲུ་གུ་དང་། །རུས་ཆགས་རྣམས་ཀྱང་ཟོས་ནས་ནི། །རྐང་གཅིག་བཙུག་ས་འདུག་པ་དེ། །ཀྱེ་མ་ཁྱོད་ཀྱི་བརཏལ་ཞུགས་ཡིན། །ཁ་ཅིག་སྨྲ་བ་ཡང་བདེན་ཏེ། གོམ་པ་དལ་བུས་འདོར་བྱེད་ཅིང་། །དལ་བུ་དལ་བུས་སྨྲ་བ་དང་། །གཉའ་བ་འགྱུར་བཞིན་བྱེད་པ་ནི། །དེ་ནི་ངན་གཡོའི་མཚན་ཉིད་ཡིན། དེས་བསམ་པ། དཔོན་པོ་འདིས་ནི་བདག་གི་རྒྱུས་ཤེས་སོ་སྙམ་ནས་དེ་ཉིད་ལ་སྐྱབས་སུ་སོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔས་སྨྲས་པ། ཁུ་ཁུ་ནམ་ཆུ་གསིག་གི་ཚོགས་རྣམས་འཁྲུག་པར་མ་གྱུར་པ་དེ་སྲིད་དུ་ཁྱོད་ཀྱི་སེམས་བདེ་བར་གྱིས་ཤིག །འཇིག་རྟེན་ངན་པ་སྤྱོད་པ་དག ཆེན་པོ་ཞིག་ལ་རྟེན་གྱུར་ཀྱང་། །ཉེས་པ་མངོན་དུ་གྱུར་ན་ནི། །ཆེད་དུ་སྤངས་པ་བཞིན་དུ་གྱུར། །དེ་ལྟར་ཐབས་མཁས་པས་སྨྲས་པ། ཆུ་གསིག་རྒས་པོ་དེ་བྲོས་ནས་ཆུ་གསིག་དེ་རྣམས་བདེ་བར་གྱུར་ཏོ། །བློ་ལྡན་རྣམས་ཀྱི་བློ་ཡི་སྟོབས། ཁྱད་པར་གསལ་བར་གྱུར་པ་འདི། །ཉེས་པའི་མུན་པ་སེལ་བྱེད་པས། །ཉིན་མོར་བྱེད་པ་འབར་བ་བཞིན། །གཞན་དུ་བློ་ལྡན་མུན་པ་དག འབད་ཀྱང་གཉིས་གར་གནོད་འགྱུར་ཏེ། །ཡལ་ག་དྲུད་ལས་བྱུང་བའི་མེ། །རང་གཞན་སྲེག་པར་བྱེད་པ་བཞིན། །དེ་ན་ལྷག་པར་མཐུ་ལྡན་པའི། །ཤེས་རབ་ལམ་ལ་ལྟ་བར་བྱ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་དུད་འགྲོར་གྱུར་ཀྱང་ཤེས་རབ་ལྷག་པར་གསལ་ཞིང་། དེའི་དབང་གིས་གཞན་ལ་ཕན་འདོགས་པ་ལ་མཐུ་དང་ལྡན་པར་འགྱུར་ཞིང་དུད་འགྲོ་ལ་ཡང་ཤེས་རབ་དང་ལྡན་པ་མཛེས་པར་འགྱུར་ན། མི་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤེས་རབ་ཀྱི་ཕན་ཡོན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཆུ་སྲེག་གི་སྐྱེས་པའི་རབས་སྟེ་ལྔ་བཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཐུ་དཔག་ཏུ་མེད་པས། ལྟ་བ་ལོག་པའི་དབང་གིས་ཉམས་ང་བར་ཞུགས་པའི་སྐྱེ་བོ་རྣམས་སྡུག་བསྔལ་ལས་དྲངས་ནས་ཡང་དག་པའི་ལྟ་བ་ལ་སྦྱོར་ཞིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ལ་འཇོག་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་སྟེ། སྔོན་བྱུང་བ་འདས་པའི་དུས་དཔག་ཏུ་མེད་པའི་སྔོན་རོལ་ཏུ་བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། རེ་ཞིག་ཅིག་སྟོན་པ་ཤེས་རབ་སྣ་ཚོགས་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ནི་གཞན་དུ་སྦྱངས་པའི་མཐུ་དང་། སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་གྱི་དོན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་པར་གྱུར་ཅིང་། ཤེས་རབ་ཀྱི་མཐུ་དཔག་ཏུ་མེད་པས་རིགས་བྱེད་ཀྱི་ཚོགས་ཇི་སྙེད་པ་ཐམས་ཅད་ཁོང་དུ་ཚུད་ཅིང་བསམ་གཏན་གྱི་མཐུ་ཐོབ་པ་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་འགྲོ་བ་རྣམས་ཀྱི་བློ་དང་མཐུན་པར་དོན་བྱ་བ་དེ་དང་དེ་ལ་དུབ་པ་མེད་པ་ཞིག་ཏུ་གྱུར་ཏོ། །རིགས་བྱེད་རྣམས་ལ་དེ་ནི་ཚངས་པ་བཞིན། གཙུག་ལག་དོན་ལ་མཁས་ཤིང་གསལ་བར་རིག །དཀའ་ཐུབ་ཅན་གྱི་འབྲས་བུ་གྲུབ་པའི་མཆོག །ཐུབ་པ་བཞིན་དུ་འཇིག་རྟེན་གསལ་བར་སྟོན། །སྐྱེ་དགུ་རྣམས་ཀྱི་དོན་སྤྱོད་ཉི་མ་བཞིན། །མཉམ་པ་ཉིད་དུ་བློའི་མུན་པ་འཇོམས། །དེ་ནི་ཤེས་རབ་སྙིང་རྗེའི་རང་བཞིན་བས། གཞན་གྱི་དོན་ལ་སྐྱོ་ཞིང་དུབ་པ་མེད། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དབེན་པར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། དུས་ལ་བབ་པར་འགྲོ་བའི་དོན་སྤྱོད་པ་ན། རེ་ཞིག་ཅིག་དྲང་སྲོང་རིགས་མཆོག་མ་ཡིན་པ། ཞེས་བྱ་བ་ཞིག་བྱུང་ཏེ། དེ་འདོད་པ་རྣམས་ལ་འཆིང་བར་བྱེད་པར་འདུ་ཤེས་ཤིང་སྤོང་པ་ཞིག་བྱུང་སྟེ། དེས་འཇིག་རྟེན་པའི་བསམ་གཏན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅུ་པ་ཐོབ་ནས་འདི་སྙམ་དུ་གྱུར་ཏེ། གང་ལ་རྟོག་པ་དང་སྤྱོད་པ་ཅན་འདི་ནི་རབ་ཏུ་མ་ཞི་བ་ཡིན་ཏེ། འདི་བས་གཞན་ཞིག་གོང་མར་གྱུར་པ་ཡོད་དོ་སྙམ་ནས་བསམ་གཏན་སྒོམ་པ་ལས། དེས་རྟོག་དཔྱོད་ནུབ་པའི་བསམ་གཏན་ཐོབ་ཏེ། འདི་ནི་ཞི་བ་དང་གྱ་ནོམ་པའོ། །རྟོག་པ་ཐམས་ཅད་ནུབ་པས་ན་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པའོ་སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྲོག་ཆགས་འབུམ་ཕྲག་དུ་མ་རྣམས་ལ་ཏིང་ངེ་འཛིན་དེ་རྗེས་སུ་བསྟན་པར་གྱུར་ཏོ། །འཇིག་རྟེན་རྣམས་ནི་ཤེས་རབ་མཐུ་ཆུང་ཞིང་། །བསམ་གཏན་བདེ་བའི་རོ་ལ་ཆགས་གྱུར་པས། །འབད་པ་དོན་མེད་སྡུག་བསྔལ་སྐྱེད་གྱུར་ཏེ། །རིག་སྔགས་རྣོན་པོའི་སྒྲུབ་པ་ལོག་པ་བཞིན། །དེ་ཚེ་སྐྱེ་བོ་མང་པོ་དེ་རྣམས་འདི་སྙམ་དུ་གྱུར་ཏེ། གང་རྟོག་པ་དང་སྤྱོད་པ་སྤངས་པ་དེ་ནི་མྱ་ངན་ལས་འདས་པ་སྟེ་སྐྱེ་བ་མེད་པ་ཐོབ་བོ་སྙམ་མོ། །དེ་དག་བསམ་གཏན་དེ་ལ་ཞེན་པར་གྱུར་པའི་དབང་གིས་ཤེས་རབ་ཀྱིས་མ་ཟིན་ཅིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་རིང་དུ་གྱུར་ཏེ། དེ་དག་རྟོག་པ་མེད་པ་ལ་མཐར་ཐུག་ཏུ་འཛིན་པའི་དབང་གིས་དུས་འདས་ཏེ། །ཐམས་ཅད་ཀྱང་འཆི་བའི་དུས་ལ་བབ་པ་ན། བསམ་གཏན་གྱི་ཉེར་བསྡོགས་དེ་ལ་རྟེན་ནས་རྟོག་པ་མེད་པའི་དགའ་བ་དང་བདེ་བ་ལས་བྱུང་བའི་མཐུས་འོད་གསལ་ཀྱི་ལྷ་རྣམས་སུ་སྐྱེས་ཏེ། །གཞལ་མེད་ཁང་གི་སྣང་བ་བྱུང་བར་གྱུར་ཏོ། །དེའི་ཚེ་ཤེས་རབ་ཀྱི་སྟོབས་ཞན་པའི་སྐྱེས་བུ་དེ་རྣམས་འདི་སྙམ་དུ་གྱུར་ཏེ། ཀྱེ་མའོ་འཇིག་རྟེན་ན་མྱ་ངན་ལས་འདའོ་ཞེས་སྨྲ་བ་དེ་ནི་ལོག་པར་ཞུགས་པའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་རྣམས་རྟོག་དཔྱོད་ལས་འདས་པའི་ཏིང་ངེ་འཛིན་ཐོབ་ཀྱང་འདིར་སྐྱེས་པར་གྱུར་ཏོ་སྙམ་མོ། །ཁམས་གསུམ་ཏིང་འཛིན་ཚུལ་ལ་རྨོངས་གྱུར་ཅིང་། །སྒྱུ་མ་ལྟ་བུའི་ཤེས་རབ་ཉམས་གྱུར་པས། །འཁོར་བའི་རྒྱ་མཚོ་ཕ་རོལ་འདའ་མིན་ཏེ། །ལོག་པའི་རླུང་གིས་དྲངས་པའི་གྲུ་ཞིག་བཞིན། །ལོག་ལྟའི་རླུང་ཆེན་དྲག་པོས་བདས་པ་ཡིས། །མི་བཟད་འབར་བའི་སྡུག་བསྔལ་མྱོང་བར་གྱུར། །ཡང་དག་མིན་ལ་ཡང་དག་ལམ་རྟོག་པ། ལོག་པར་ལྟ་བའི་མུན་པས་ཁེབས་པ་དག །བདག་མེད་གནས་ལ་བདག་ཏུ་རྟོག་བྱེད་ཅིང་། །ཡུལ་གྱི་ཀུན་རྟོག་ནུབ་པར་གྱུར་པ་ལ། །འབྲས་བུར་ཞེན་པས་ལོག་པའི་ལམ་དུ་འགྲོ། འཇིག་རྟེན་གནོད་པའི་དུག་ནི་རེ་ཞིག་འདུག །བསམ་པའི་དུག་ནི་རྣམ་ཀུན་གནོད་པར་བྱེད། །དེ་བས་མཁས་རྣམས་ཀུན་རྟོག་དུག་སྤོངས་ཤིག །དེ་ལྟར་སེམས་ཅན་དེ་རྣམས་ལོག་པར་ལྟ་བ་དེའི་དབང་གིས་བསོད་ནམས་དང་ཏིང་ངེ་འཛིན་གྱི་མཐུ་ཉམས་ནས་གཞལ་མེད་ཁང་དེ་དག་མི་སྣང་པར་གྱུར་ཅིང་དེ་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །ཤེས་རབ་ཀྱི་མཐུ་ཡིས་ཡོངས་སུ་མ་ཟིན་པའི་རྟོག་དཔྱོད་ནུབ་པའི་གནས་པ་དེ་ཉིད་ལ། མཐར་འཛིན་ཞེན་པའི་བདུད་ཀྱི་ཕོ་ཉ་ཡིས། །ལོག་ལྟའི་ཞགས་པ་དམ་པོས་རབ་བཅིངས་ཏེ། །མི་བཟད་དམྱལ་བའི་གནས་སུ་དྲངས་གྱུར་ཅིང་། །ཉམས་ཐག་ཆོང་ངེ་འབྱིན་པ་ཙམ་ལ་ཞུགས། དེ་ལྟར་སེམས་ཅན་དེ་དག་ལ་ལས་ཀྱི་མུན་པ་ཆེན་པོས་འཐིབས་ཤིང་བསམ་གཏན་གྱི་བདེ་བ་བཅོམ་ནས་ངན་སོང་གི་གནས་འབར་བ་ཆེན་པོ་དེ་ན་སྡུག་བསྔལ་བརྒྱ་ཕྲག་དུ་མས་ཉམས་ཐག་པ་དེ་རྣམས་བྲམ་ཟེའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཤེས་རབ་སྣ་ཚོགས་ཞེས་བྱ་བ་དེའི་མངོན་པར་ཤེས་པས་མཐོང་ནས། ཀྱེ་མ་འཇིག་རྟེན་ན་གནས་པ་འདི་རྣམས་རབ་ཏུ་ཉམས་ཏེ་ལོག་པར་ལྟ་བའི་དབང་གིས་སེམས་ཅན་འདི་རྣམས་དམྱལ་བ་ཆེན་པོར་རབ་ཏུ་ལྷུང་ངོ་སྙམ་མོ། །རྒྱུ་དེས་སེམས་དཔའ་ཆེན་པོ་དེ་སྙིང་རྗེའི་དབང་གིས་འདི་སྙམ་དུ་དགོངས་པར་ངེས་ཏེ། ཀྱེ་མ་མཚར་བྱས་འཇིག་རྟེན་ཀུན་ཏུ་རྟོག་པས་ཉམས། །བདག་དང་གཞན་དུ་ཀུན་རྟོག་པ། །གཡོ་བའི་རྐྱེན་གྱིས་རྣམ་པར་ཤེས། །སྲེད་ལ་ཚོར་ཞིང་ཉེར་ལེན་པ། །ལྟ་སོགས་འཇིག་ཚོགས་རྐྱེན་གྱིས་འདིར། །རྣམ་པ་ཀུན་ཏུ་བཅོམ་པར་གྱུར། །ཡང་ཡང་འཇིག་རྟེན་གར་མཁན་བཞིན། །སྣ་ཚོགས་རྟོགས་པ་གར་བྱེད་དོ། །འདི་ནི་བསམ་གཏན་བདེ་བས་ལུས་སེམས་བརླན་བྱེད་པ། སྲེད་པས་བདག་ལྟའི་ཤུགས་དྲག་ཆུ་ཀླུང་དུ་བདས་ཏེ། །ཤེས་རབ་གྲུ་ཆེན་བཤེས་གཉེན་དམ་པ་དང་བྲལ་བས། །སྐྱབས་མེད་གཡོ་བཞིན་ངན་འགྲོའི་ཆུ་སྲིན་ཁར་ལྷུང་སྟེ། སྣ་ཚོགས་སྡུག་བསྔལ་མཆེ་བ་རྣོན་པོས་རབ་རྨས་ནས། །ཀུན་ཏུ་རྨོངས་བྱས་གཏི་མུག་ཆུ་སྲིན་ལྟོ་བར་གནས། ད་དེ་བས་ན་ཅི་ནས་བདག་གིས་འདི་རྣམས་ཀྱི་དོན་བྱ་བའི་དུས་ལ་བབ་པོ་སྙམ་དུ་དགོངས་སོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་རྣམས། །ཉམས་ཐག་གྱུར་པའི་འགྲོ་བ་ལ། །དོན་བྱའི་སེམས་ཀྱིས་བསྐུལ་གྱུར་པས། །དེ་དང་ལྷན་ཅིག་སྤྱོད་པ་འདྲ། །དེ་ནས་དྲང་སྲོང་ཆེན་པོ་དེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བདག་ཉིད་ཀྱི་རྫུ་འཕྲུལ་ཀྱི་སྟོབས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཐམས་ཅད་བསིལ་བར་བྱས་སོ། །གང་གིས་དམྱལ་བའི་མེ་ཆེན་འབར་ཞིང་འཁྲུག་པ་ཡང་། །ཏིང་འཛིན་ཆུ་ཀླུང་སྙིང་རྗེའི་སྟོབས་ཀྱིས་ཆར་ཕབ་པས། །བསིལ་བར་གྱུར་ནས་སེམས་ཅན་དེ་དག་སྒྲ་འབྱིན་ཅིང་། །ཀྱེ་མའོ་འདི་ལྟར་གྱུར་པ་འདི་ནི་ཅི་ཞིག་ཞེས། །ཅུང་ཟད་ངལ་གསོས་དགའ་བས་ཕྱོགས་རྣམས་ཀུན་ཏུ་བལྟས། །བདག་ཉིད་ཆེ་སྟེ་ཟླ་བའི་དཀྱིལ་འཁོར་ཤར་བ་བཞིན། །དཀར་ཞིང་མཛེས་ལ་བསིལ་ཟེར་འོད་རྣམས་འགྱེད་པ་མཐོང་། །ཉམས་ཐག་དེ་རྣམས་མགོན་པོ་དེ་ལ་གུས་པར་གྱུར། དེ་ནས་བདག་ཉིད་ཆེན་པོ་དེ་ཡིས་དམྱལ་བ་པ་དེ་རྣམས་ལ་སྙན་པའི་སྒྲ་ཕྱུང་ཏེ་སྨྲས་པ། ཀྱེ་མ་སེམས་ཅན་ཁྱེད་རྣམས་ཀུན། །ལོག་པར་ལྟ་བའི་དབང་གིས་སུ། །མི་བཟད་དམྱལ་བའི་གནས་སུ་ལྷུང་། ཉམས་ཐག་འཁྲུགས་པའི་སྡུག་བསྔལ་མྱོང་། །སྔོན་ཚེ་མིའི་སྲིད་པར་སྐྱེས་པ་ན། །རྟོག་དཔྱོད་ནུབ་པའི་བསམ་གཏན་ཏིང་འཛིན་ལ། །མྱ་ངན་འདས་པར་ཁྱེད་རྣམས་འདུ་ཤེས་ཏེ། །འོད་གསལ་ལྷ་ཡི་གཞལ་མེད་སྐྱེས་པ་ན། །ལོག་པར་རྟོག་པའི་དབང་གིས་དམྱལ་བར་ལྷུང་། །ད་ནི་ཁྱེད་ཅག་ལོག་ལྟ་རིང་དུ་སྤོངས། །མྱ་ངན་འདས་པའང་ཡོད་པ་ཤེས་པར་བྱོས། །རྟོག་དཔྱོད་ནུབ་ཏེ་མྱ་ངན་འདས་མིན་པས། །ཤེས་རབ་མཐུ་ཡིས་ཁམས་གསུམ་ཀུན་མཐོང་ནས། །འཁྲུལ་པའི་བྱ་བ་རིང་དུ་གསལ་བྱ་སྟེ། །དམ་པའི་ཆོས་ལ་ཅིག་ཏུ་གུས་པར་བྱོས། །འོན་ཏམ་མྱ་ངན་འདས་པ་འཐོབ་པར་འགྱུར། །དེ་ནས་སེམས་ཅན་དམྱལ་བ་དེ་དག་གིས་དེ་ལྟ་བུའི་སྒྲ་ཐོས་སྟེ། མྱ་ངན་ལས་འདས་པའི་འདུ་ཤེས་རྙེད་ཅིང་སྐྱེས་བུ་དམ་པ་དེ་ལ་གུས་པའི་དབང་གིས་སེམས་ཅན་དེ་རྣམས་དམྱལ་བའི་ལུས་དེ་ནས་ཤི་འཕོས་ཏེ། བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་ཐོབ་ནས་ཐམས་ཅད་ཀྱང་གུས་པས་འཕངས་པའི་དབང་གིས་སྟོན་པ་ཤེས་རབ་སྣ་ཚོགས་དེའི་དྲུང་དུ་ལྷགས་སོ། །དེར་ལྷགས་ནས་ཀྱང་སྐྱེས་བུ་དམ་པ་དེས་སེམས་ཅན་དེ་རྣམས་ལ་འཇིག་རྟེན་གྱི་བསྟན་བཅོས་ཐམས་ཅད་ནས་དགྲ་བཅོམ་པའི་བར་གྱི་ལམ་ཡང་དག་པར་བསྟན་ཏེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་མཐས་གཏུགས་པར་བྱས་སོ། །ཐུགས་རྗེའི་མངའ་བདག་ཤེས་རབ་སྟོབས་ལྡན་རྣམས། །འགྲོ་བའི་ལོག་ལྟ་རིང་ནས་གཅོད་མཛད་པ། །མཁྱེན་པའི་རལ་གྲི་ཐུགས་རྗེའི་ཕྱག་གིས་འཛིན། །འཆིང་བའི་བདུད་རྣམས་གཅོད་མཛད་བླ་མེད་དོ། །དེ་ལྟ་བས་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་བསམ་གཏན་གྱི་འཆིང་བ་ཐམས་ཅད་གཅོད་པར་བྱེད་པའི་ཤེས་རབ་ཀྱི་ལམ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་བསྐྱེད་པར་བྱའོ་ཞེས་ཤེས་རབ་དང་མཐུན་པའི་མདོ་སྡེ་རྣམས་ལའང་སྦྱར་བར་བྱའོ། །དེ་བཞིན་དུ་སྦྱིན་པ་ནས་བསམ་གཏན་གྱི་བར་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་ཞིང་། མ་ཟིན་པས་ནི་མི་འགྱུར་རོ། །ཞེས་བརྗོད་པར་བྱའོ། །བདག་ཅག་གི་སྟོན་པ་འདི་ནི་སྔོན་ཡང་ཐུགས་རྗེ་དཔག་ཏུ་མེད་པས་སེམས་ཅན་གྱི་ལོག་པར་བལྟ་བ་ཐམས་ཅས་གཅོད་པར་མཛད་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་ཅི་སྨོས་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྟོན་པ་ཤེས་རབ་སྣ་ཚོགས་ཀྱི་སྐྱེས་པའི་རབས་སྟེ་དྲུག་ཅུ་པའོ།། །།སྡོམ་ལ། ཚངས་སྦྱིན་ཆོས་དོན་ཡེ་ཤེས་ལྡན། །ཆུ་འབེབས་དང་ནི་མེ་ལོང་གདོང་། །གནག་ལྷས་སྐྱེས་དང་གཞོན་ནུ་དང་། །རྔ་དང་ཆུ་སྲེག་དྲང་སྲོང་བཅུ། སྐྱེས་བུ་དམ་པ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ཐབས་མཁས་པས་རང་དང་གཞན་གྱི་དོན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། སེམས་ཅན་གྱི་དོན་བྱ་བ་ཁྱད་པར་ཅན་ལ་ཞུགས་པ་སྙིང་རྗེ་ཆེན་པོས་རྒྱུད་བསྐུལ་བའི་དེད་དཔོན་ཞིག་དུ་གྱུར་ཏོ་ཞེས་གྲག་གོ །སྲིད་པ་གཞན་དུ་སྦྱངས་པའི་མཐུ་ཆེ་ཞིང་། །སྦྱིན་པའི་ཕ་རོལ་ལེགས་པར་སོན་གྱུར་ཀྱང་། །གཞན་ལ་ཕན་པའི་དོན་བཞིན་སྤྱོད་པ་དག །ལོངས་སྤྱོད་སྒྲུབ་པ་ལྟ་བུར་སྟོན་པར་བྱེད། །ཉེས་པའི་ཚོགས་བཅོམ་ཕ་རོལ་མཐར་ཕྱིན་པའི། །རིན་ཆེན་གླིང་དུ་འདྲེན་པར་བྱེད་པ་ཡིས། །དེད་དཔོན་ཆེན་པོའི་མིང་ནི་དོན་བཞིན་གྱུར། །དེ་བས་འདིར་ནི་སྙིང་རྗེ་ཅན་ཞེས་གྲགས། དེ་ལྟར་དེད་དཔོན་དེ་ཚོང་པ་ལྔ་བརྒྱ་དང་བཅས་པ་དབུལ་བར་གྱུར་བའི་སེམས་ཅན་ལ་ཕན་པར་འདོད་པའི་སེམས་ཀྱིས། རྒྱ་མཚོའི་འཇིངས་ཆེན་པོ་དེ་གང་ན་སྐྱེ་བོ་ཕལ་གྱིས་དཔག་པར་དཀའ་བ་རྣམས་ན་གནས་པའི་རིན་པོ་ཆེའི་གླིང་ཐ་དད་པ་རྣམས་ལས། གསེར་དང་དངུལ་དང་། བཻ་ཌཱུརྻ་དང་། པདྨ་རཱ་ག་དང་། ཨནྡ་རྙིལ་དང་། སྤུག་དང་རྡོའི་སྙིང་པོ་དང་། མར་གད་དང་། ཀ་ཀི་ཏྲ་དང་། མུ་ཏིག་དང་། སྤུར་ལེན་ལ་སོགས་པའི་རིན་པོ་ཆེ་དཔག་ཏུ་མེད་པ་རྣམས་བླངས་ནས་གཞན་ལ་ཕན་པར་བྱེད་ཅིང་སྐྱེ་བོ་རྣམས་ཡིད་མགུ་བར་བྱེད་པ་ལས། དུས་རེ་ཞིག་སླར་ཡང་ཚོང་པ་ལྔ་བརྒྱ་དང་བཅས་པ་རྒྱ་མཚོར་ཞུགས་པ་ལས། དེ་རྣམས་ཀྱི་ནང་ན་མི་སྡིག་པའི་ལས་ངན་པ་ལ་ཞུགས་པ། མདའ་དང་མཚོན་ཆའི་ཐབས་ལ་བསླབས་པ་བརྐུ་བ་དང་། ཕ་རོལ་གྱི་ནོར་འཕྲོག་པ་ལ་གོམས་པ་ཞིག་ཀྱང་ཚོང་པའི་ཆ་ལུགས་ལྟར་བཅོས་ཏེ། གྲུ་དེར་ཞུགས་པར་གྱུར་ཏོ། །ངན་པར་སྤྱོད་པའི་སྐྱེ་བོ་ནི། །གུས་པའི་ཚུལ་དུ་ཆོས་བྱེད་ཀྱང་། །ཇི་ལྟར་བྱིས་ལའི་སྤྱོད་པ་བཞིན། །གནོད་པར་བྱེད་པ་ཁོ་ན་སེམས། །གང་ན་རྒྱ་མཚོའི་གྲུ་ཆེན་ནོར་དབྱིག་གིས། གང་པ་དེའི་བགོ་བཤའི་སྐལ་བ་ཡང་། །གང་གི་ཚེ་ཅིག་ཟད་པར་ནུས་མིན་ཀྱང་། །ཆོག་ཤེས་མེད་པས་ངན་པར་སྤྱོད་ལ་གཞོལ། །དེ་ནས་མི་གཡོན་ཅན་དེ་ནི་བདག་གིས་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ནས་ནོར་ཐམས་ཅད་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོའི་སྙམ་དུ་སེམས་སོ། །དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་གཉིད་ལོག་པའི་རྨི་ལམ་དུ་རྒྱ་མཚོ་ཆེན་ལ་གནས་པའི་ལྷ་དེ་རྣམས་ཀྱིས་བསྟན་པ། ཁྱེད་ཀྱི་གྲུ་འདི་ན་མི་མིང་དང་རུས་འདི་ལྟ་བུ་ཞེས་བྱ་བ་བསླུ་བར་བྱེད་པ་གཞན་གྱི་ནོར་འཕྲོག་པ་ཞིག་ཡོད་དེ། དེ་ནི་ཚོང་པ་འདི་རྣམས་སྲོག་དང་ཕྲལ་ཏེ་ནོར་རྣམས་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོ་བར་སེམས་ཀྱིས། འདིས་སྡིག་པའི་ལས་འདི་བྱས་ན་ཚོང་པ་ལྔ་བརྒྱ་པོ་འདི་བླ་ན་མེད་པའི་བྱང་ཆུབ་ལ་གནས་པའི་ཕྱིར་མི་ལྡོག་པ་ཡིན་པས་དེའི་ལས་ཀྱི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་། ཇི་སྲིད་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་འགྱུར་པ་དེ་སྲིད་ཀྱི་བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོར་འཚེ་བར་འགྱུར་ཏེ། །དེ་བས་ན་དེད་དཔོན་ཆེན་པོ་ཁྱོད་ཀྱིས་ཅི་ནས་ཀྱང་མི་འདི་ཡང་སེམས་ཅན་དམྱལ་བ་ཆེན་པོར་མི་སྐྱེ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གསད་པར་མི་འགྱུར་བ་དེ་ལྟར་ཐབས་སོམས་ཤིག །ཅེས་རྨི་ལམ་དུ་བསྟན་ཏོ། དེ་ནས་དེད་དཔོན་སྙིང་རྗེ་ཅན། །སྙིང་རྗེའི་བདག་ཉིད་བརྟན་པ་དེ། །བརྟན་པའི་སེམས་ཀྱིས་རབ་ཏུ་བརྟག །བརྟག་དེ་ཇི་ལྟར་རིགས་པ་སྙམ། །ཀྱེ་མ་འདི་རྣམས་གསད་པར་མི་འགྱུར་ལ། །འདི་ཡང་ངན་སེམས་བཟློག་པར་ཇི་ལྟར་འགྱུར། །གལ་ཏེ་ཚོང་པ་རྣམས་ལ་སྦྲན་བྱས་ཀྱང་། །དེ་དག་འཁྲུགས་པས་རྣམ་སྨིན་མི་བཟད་འཕེལ། །འོན་ཏམ་འདི་ནི་ངན་སྤྱོད་ཇི་ལྟར་བཟློག །ཀྱེ་མ་བདག་གི་སེམས་ནི་བསྲེགས་པ་བཞིན། །ད་ནི་འདི་ལ་ཐབས་གཞན་ཡོད་མིན་ཏེ། །བདག་ནི་སེམས་ཅན་དམྱལ་བར་སོང་ཡང་རུང་། །གཞན་ལ་ཕན་ཅིང་བདེ་ལ་སྦྱོར་ནུས་ན། །སྙིང་རྗེའི་བདག་ཉིད་དམ་བཅའ་བརྟན་པ་དག །གཞན་གྱི་སྡུག་བསྔལ་བདག་གི་ཁུར་ཡིན་མོད། །དེ་བས་ན་ནི་བརྩོན་པ་བྱ་བས་རིགས། དེ་ནས་དེད་དཔོན་སྙིང་རྗེ་ཅན་གྱིས་འདི་སྙམ་དུ་བློ་ལ་ངེས་པར་བྱས་ཏེ། བདག་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་པ་བརྒྱ་སྟོང་དུ་སོང་ཀྱང་རུང་གིས། མི་འདི་དམྱལ་བར་མི་ལྟུང་པར་བྱ་བ་དང་། ཚོང་པ་འདི་རྣམས་ཀྱི་སྲོག་བསྐྱབ་པའི་ཕྱིར། བདག་གིས་མི་ངན་པ་འདི་གསད་པར་བྱའོ་སྙམ་དུ་ངེས་པར་བྱས་ནས། སྙིང་རྗེའི་བདག་ཉིད་བརྟན་པ་ལ། །ལས་འདི་ཤིན་ཏུ་དཀའ་གྱུར་ཀྱང་། །གཞན་དོན་སྤྱད་ཕྱིར་འབད་པ་ཡིས། །ཨུཏྤལ་འདབ་མ་ལྟར་སྔོ་བའི། །རལ་གྲི་ཕྱུང་ནས་སྡིག་ཅན་དེ། །མ་ཚོར་བར་ནི་སྲོག་དང་ཕྲལ། །དེ་ལྟར་མི་དེ་གསད་པར་གྱུར་པ་དང་། ཚོང་པའི་ཚོགས་རྣམས་འདིའི་རྒྱུ་ཅི་ཞེས། །དེད་དཔོན་ཆེན་པོ་དེའི་དྲུང་དུ་འོངས། །དེ་ཡིས་རབ་ཏུ་གསལ་བར་ཚིག་སྨྲས་པ། །མི་འདིས་སྡིག་པ་མི་བཟད་པ། །རབ་ཏུ་སྤྱད་དེ་ཁྱོད་རྣམས་ཀུན། །སྲོག་དང་ཕྲལ་ཏེ་ནོར་ཁྱེར་ནས། འདི་ཡང་དཔག་མེད་དམྱལ་བར་ནི། །འཚོ་བར་འགྱུར་ཞེས་ལྷ་ཡིས་བསྟན། དེ་ཕྱིར་བདག་ནི་སྡིག་ཅན་གྱུར། །དེ་སྐད་ཅེས་སྨྲས་པ་ཐོས་ནས་ཚོང་པ་དེ་རྣམས་ཡིད་ཆེས་ལ་ཡ་མཚན་ཆེ་བར་གྱུར་ཅིང་། དེད་དཔོན་ཆེན་པོ་དེ་ལ་ཡིད་དགའ་བས། འདི་སྐད་དུ་བརྗོད་པ་སྙམ་སེམས་སོ། །ཨེ་མའོ་ཐབས་མཁས་ཨེ་མའོ་སྙིང་རྗེ་ལྡན། །གང་གིས་བདག་ཅག་སྲོག་ཀྱང་སྦྱིན་བྱེད་ཅིང་། །སྡིག་ཅན་འདི་ཡང་དམྱལ་བའི་གནས་ལས་བསྒྲལ། །ཁྱེད་ནི་བདག་ཅག་དོན་རྣམས་མཛད་པར་ངེས། །བདག་ཉིད་ཆེ་བས་བདག་གི་བདེ་མ་ཆགས། སེམས་ཅན་ཆེད་དུ་སྡུག་བསྔལ་ཁུར་ཆེན་ཁྱེར། །ཁྱོད་ཀྱིས་མགོན་བཅས་སྡིག་པ་ཅན་འདི་ཡང་། །ད་ནི་ངེས་པར་ཐར་པའི་ལམ་དུ་འགྲོ། །བསྐལ་པ་ཆེན་པོ་ལེགས་སོ་ལེགས་སོ། །འདི་ནི་སྙིང་རྗེ་ཆེན་པོ་དང་རྗེས་སུ་མཐུན་ནོ། །བདག་ཅག་ཐམས་ཅད་བརྩེ་བར་མཛད་དོ། །ཅེས་སྨྲས་སོ། །མི་དེ་ཡང་ཚེ་འཕོས་མ་ཐག་ཏུ་མཐོ་རིས་ཀྱི་གནས་སུ་སྐྱེས་སོ་ཞེས་གྲགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །རང་ཉིད་བདེ་འདོད་མཚུངས་པ་མ་ཡིན་ཏེ། །སོ་སོའི་ནུས་པ་བསམ་གྱིས་མི་ཁྱབ་པ། །སྔགས་དང་སྨན་དང་ནོར་བུའི་ཡོན་ཏན་བཞིན། །སོ་སོར་གསལ་བར་འཇིག་རྟེན་འབྱུང་བ་ཡིན། འདི་ཡང་རྒྱལ་བ་རྣམས་ཀྱིས་བསྟན་པ་ཡིན། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་འགྲོ་བ་གཞན་གྱི་དོན་དུ་འཇིག་རྟེན་འཛིན་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དོན་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ཐབས་མཁས་པ་དེ་དང་སྙིང་རྗེ་ཆེན་པོ་དེས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏོ། །དེའི་དུས་ཀྱི་ཚོང་པ་ལྔ་བརྒྱ་པོ་དེ་རྣམས་ནི་བསྐལ་པ་བཟང་པོ་འདི་ལ་འབྱུང་བའི་སངས་རྒྱས་ལྔ་བརྒྱ་ཡིན་ནོ། །དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་གོ་ཅེས་བྱ་བ་དེ་ཡང་མཉན་ཡོད་ཀྱི་གྲོང་ཁྱེར་ན་སྐྱེས་བུ་སྲིད་པ་ཐ་མ་པ་ཉི་ཤུ་དང་། དེའི་དགྲ་ཉི་ཤུ་ཡོད་པ་དེ་རྣམས་འདུལ་བའི་ཆེད་དུ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །དེད་དཔོན་སྙིང་རྗེ་ཆེན་པོའི་སྐྱེས་པའི་རབས་སྟེ་དྲུག་ཅུ་གཅིག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ཡོངས་སུ་བསྔགས་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ་བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཞེས་བྱ་བར་བདག་ཅག་གི་སྟོན་པ་འདི་རྒྱལ་པོ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །འཇིག་རྟེན་གྱི་ཁམས་དེ་ལ་ཅིའི་ཕྱིར་བདེ་བ་ཞེས་བྱ་ཞེ་ན། དེ་ནི་རིན་ཆེན་རྒྱུ་ལས་ལེགས་གྲུབ་ཅིང་། །ས་ཡང་ལག་མཐིལ་ལྟར་དུ་མཉམ་གྱུར་ཏེ། །ཀ་ཙ་ལི་དྷི་ཀའི་གོས་ལྟར་འཇམ། །བཀྲ་ཞིང་གཙང་ལ་ནོར་བུས་མཉམ་པར་བརྒྱན། དེ་ན་མི་ཁོམ་འགྲོ་བ་མེད་གྱུར་ཏེ། །ཞིང་དེར་འགྲོ་ལ་སྡུག་བསྔལ་སྒྲ་ཡང་མེད། །སྣ་ཚོགས་གོས་ཀྱི་ཤིང་རྣམས་དང་། །བཟའ་བ་དུ་མ་བསམ་པ་བཞིན། འབྱུང་བའི་ལྗོན་པ་དུ་མས་གང་། །སྣ་ཚོགས་མེ་ཏོག་སྣ་ཚོགས་གཟུགས། འབར་བ་བཞིན་དུ་མཉམ་པར་བཀྲམ། །ལྷ་དང་མི་རྣམས་ལོངས་སྤྱོད་ཀྱིས། །ཐ་དད་བྱེ་བྲག་མེད་པར་གྱུར། །ཆུ་བཞིན་ཆུ་གཙང་པད་མར་བཅས། མཛེས་པའི་བྱད་གཟུགས་དུ་མ་རྣམས། །གསལ་དག་དབང་པོ་རབ་ཏུ་རྫོགས། །ཆོས་དང་ལྷན་ཅིག་སྤྱོད་པར་བྱེད། །བདེ་བའི་རྒྱུར་གྱུར་ཐམས་ཅད་གནས། །སྡུག་བསྔལ་རྒྱུར་གྱུར་འགའ་ཡང་མེད། །ཡོན་ཏན་རྒྱུར་གྱུར་གྱིས་བརྟེན་པས། །བཞི་འདི་རྒྱུར་གྱུར་ལེགས་པ་སྙམ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་ཞེས་བྱ་བ་བྱུང་ངོ་། །དེའི་དུས་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དགེ་བ་བཀོད་པ་ཞེས་བྱ་བ་ཆོས་ཀྱི་བདག་ཉིད། གླིང་བཞི་ལེགས་པར་སྐྱོང་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། བུ་སྟོང་དང་ལྡན་པ་བྱུང་ངོ་། །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་ཞུགས་པ་ཤ་སྟག་གོ །སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱང་ལོ་དུང་ཕྱུར་ཕྲག་བདུན་དུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དགེ་བ་བཀོད་པ་བུ་དང་བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས། དེ་བཞིན་གཤེགས་པ་རི་རབ་ལྟ་བུ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལོ་འབུམ་གྱི་བར་དུ་ཐུགས་ལ་དགོངས་པ་བཞིན་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ཚེ་མི་དབང་སྲས་དང་བཅས་པ་རྣམས། རྟག་ཏུ་ཆོས་ཉན་བརྩོན་པས་ཞུགས་པ་ཡིན། །སྟོང་ཕྲག་བརྒྱའི་ལོ་གྲངས་དེ་སྙེད་དུ། །སངས་རྒྱས་ཆོས་དང་དགེ་འདུན་རྗེས་དྲན་དང་། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །དེ་རྣམས་དྲན་དང་ལྡན་ཞིང་རྟོགས་པར་ལྡན། ཐུབ་པ་དགྱེས་པའི་སྤྱོད་པས་དུས་འདའ་ཞིང་། །རྒྱ་མཚོ་བཞིན་དུ་ཆོས་ཀྱི་སྣོད་དུ་གྱུར། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་པ་ལས། དེའི་ཚེ་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་ཆོ་འཕྲུལ་རྣམ་པ་དུ་མ་རྗེས་སུ་བསྟན་པ་མཛད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགེ་བ་བཀོད་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོ་འཕྲུལ་དེ་དག་མ་ལགས་པའི་ཆོ་འཕྲུལ་གཞན་དག་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེས། རྒྱལ་པོ་དགེ་བའི་བཀོད་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཆོ་འཕྲུལ་དག་པ་གཞན་ཡང་ཡོད་དོ། །དེ་གང་ཞེ་ན་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་གཟུགས་མ་ཡིན་པ་རྣམས་བཤད་པ་དང་། སེམས་དང་སེམས་ལས་བྱུང་བ་འགགས་པ་རྣམས་བཤད་པ་དང་། ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་མི་གནས་པ་རྣམས་སྨོས་པ་དང་། མ་སྐྱེས་པ་མི་འབྱུང་བའི་ལམ་བཤད་པ་དང་། །རྣམ་པར་ཐར་བའི་སྒོ་རོ་ཅིག་པ་རྣམས་ལ་ཡན་ལག་གསུམ་དུ་སྨོས་པ་དང་། མངོན་པར་རྟོགས་པ་ཅིག་ཏུ་འདུས་པ་ལ་བདེན་པ་བཞི་ཡོངས་སུ་བརྗོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འདུས་མ་བྱས་པའི་བྱང་ཆུབ་ལ་ཡོངས་སུ་སྒྲུབ་པར་བྱེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་བཤད་པ་དང་། ཕྱིན་ཅི་ལོག་དང་ཉོན་མོངས་པ་གྲུབ་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། བླང་བ་མེད་པ་དང་དོར་བ་མེད་པའི་ཆོས་རྣམས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། བྱས་པ་མེད་པའི་ཆོས་རྣམས་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། འབྱུང་བ་མེད་ཅིང་སྐད་ཅིག་པའི་ཆོས་རྣམས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། ལུས་དང་སེམས་དབེན་པའི་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། བསྡུས་པ་དང་རྣམ་པར་གཡེང་བ་མེད་པའི་ཆོས་རྣམས་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། ཕ་རོལ་དང་ཚུལ་རོལ་མེད་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། བརྟག་པ་དང་གསལ་བ་མེད་པའི་ཆོས་རྣམས་ལ་ཐབས་མཁས་པ་ཡོད་པ་དང་། སྐྱོབས་པ་མེད་པ་དང་རྟེན་པ་མེད་པའི་ཆོས་རྣམས་ལ་བྱམས་པ་བསྒོམ་པ་དང་། བྱ་བ་མེད་པ་དང་ཞིག་པ་མེད་པའི་ཆོས་རྣམས་ལ་སྙིང་རྗེ་སྤྱོད་པ་དང་། དགའ་བ་མེད་པའི་ཆོས་རྣམས་ལ་དགའ་བ་མངོན་པར་བསྒྲུབ་པ་དང་། གནས་པ་མེད་པའི་ཆོས་རྣམས་ལ་བཏང་སྙོམས་སྒོམ་པ་དང་། ཤེས་པ་མེད་པ་དང་མཐོང་བ་མེད་པའི་ཆོས་རྣམས་ལ་ལྷའི་མིག་མངོན་པར་སྒྲུབ་པ་དང་། ཐོས་པ་མེད་པ་དང་རྣམ་པར་རིག་པ་མེད་པའི་ཆོས་རྣམས་ལ་ལྷའི་རྣ་བ་མངོན་པར་སྒྲུབ་པ་དང་། དམིགས་པ་དང་སེམས་དང་རྣམ་པར་བྲལ་བའི་ཆོས་རྣམས་ལ་ཕ་རོལ་གྱི་སེམས་ཤེས་པ་ཡོད་པ་དང་། སྔོན་གྱི་མཐའ་དང་བྲལ་བའི་ཆོས་རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ཡོད་པ་དང་། སེམས་དང་ལུས་དང་དགྲ་དང་བརྩོན་འགྲུས་དང་བྲལ་བའི་ཆོས་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་ཐོབ་པ་དང་། གནས་མེད་པའི་ཆོས་རྣམས་ལ་དྲན་པ་ཉེ་བར་བཞག་པ་སྒོམ་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆོས་རྣམས་ལ་ཡང་དག་པར་སྤོང་བ་སྒོམ་པ་དང་། དབང་པོ་མེད་པའི་ཆོས་རྣམས་ལ་དབང་པོ་བསྟན་པ་དང་། སྟོབས་མེད་པ་དང་ཉམས་ཆུང་བ་མེད་པའི་ཆོས་རྣམས་ལ་སྟོབས་ཡོངས་སུ་བརྗོད་པ་དང་། ཉེ་བར་ཞི་བའི་ཆོས་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་བཤད་པ་དང་། ཁྱད་པར་མེད་པའི་ཆོས་རྣམས་ལ་སྨོན་ལམ་དང་། ཞི་བའི་མཐར་སོང་པའི་ཆོས་རྣམས་ལ་ཞི་གནས་བསྐྱེད་པ་དང་། རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ཆོས་རྣམས་ལ་ལྷག་མཐོང་ལ་མཁས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་མྱ་ངན་ལས་འདས་པ་སྨོས་པ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེས། རྒྱལ་པོ་དགེ་བ་བཀོད་པ་དེ་དང་། བུ་སྟོང་པོ་དེ་དག་དང་བཙུན་མོའི་ཚོགས་དེ་དག་ལ་ཆོ་འཕྲུལ་བསྟན་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལས་བརྩམས་ཏེ། དེ་ལྟ་དེ་ལྟར་ཆོས་བསྟན་པ་དང་། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རྒྱལ་པོ་དགེ་བ་བཀོད་པ་དང་། དེའི་བུ་སྟོང་པོ་རྣམས་ཀྱིས་ནི་ཆོས་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་གིས་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་མཐུ་དང་། རང་གི་སྤོབས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེ་ལ་ཚིགས་སུ་བཅད་པའི་འདི་དག་གིས་མངོན་པར་བསྟོད་དོ། །ཇི་ལྟར་རྒྱ་མཚོའི་དབུས་ན་ནི། །ལྷུན་པོའི་རྒྱལ་པོ་མཛེས་པ་ལྟར། །དེ་བཞིན་དགེ་འདུན་དབུས་ན་ནི། །ཆོས་ཀྱི་རྒྱལ་པོ་རྣམ་པར་མཛེས། །ཞེས་བྱ་བ་ལ་སོགས་པས་བསྟོད་ནས་ཡང་གསོལ་པ། བདག་གིས་བདེ་གཤེགས་ལེགས་མཐོང་ཞིང་། །ཆོས་འདི་ལེགས་པར་ཐོས་པ་དང་། །བྱང་ཆུབ་ལ་ནི་རྟག་དགའ་བ། །བདག་གིས་རྙེད་པ་ལེགས་པར་རྙེད། །གང་ཞིག་བྱང་ཆུབ་དགའ་བགྱིད་པ། །དེ་ནི་ཆོས་ལའང་རྟག་ཏུ་དགའ། །ཆོས་རྣམས་སྤོང་པར་མི་བགྱིད་པར། །སེམས་ཅན་ཀུན་ལ་རྟག་དགའ་ལགས། དེ་ནས་འཁོར་དེ་ཉིད་དུ་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཞིག་འདུས་ཏེ་འདུག་པར་གྱུར་པ་དེས་རྒྱལ་པོ་དགེ་བའི་བཀོད་པ་ལ་འདི་སྐད་ཅེས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ནི་དེ་བཞིན་གཤེགས་པའི་ཆོ་འཕྲུལ་དེ་དང་མཐུན་པར་མ་བྱས་ཀྱི། ཁྱོད་ནི་གནས་མ་ཡིན་པ་ལ་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ཆོས་ཀྱི་གནས་ལ་གནས་པས་འཇུག་པ་མེད་པའོ། །བྱང་ཆུབ་ནི་ཚོར་བ་ཐམས་ཅད་མེད་པ་ཤེས་པ་མེད་པའི་མཚན་ཉིད་ཡིན་ནོ། །བྱང་ཆུབ་ནི་བླངས་བ་མེད་ཅིང་དོར་བ་མེད་པས་བླངས་བ་མེད་ལ་དོར་བ་མེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་མཁའ་ལ་བྲིས་པ་དང་འདྲ་བས། ཟུགས་མེད་པ། ཁ་དོག་མེད་པ། རྟགས་མེད། དབྱིབས་མེད་པ་ཡིན་ནོ། །བྱང་ཆུབ་ནི་རང་བཞིན་གྱིས་ཡོངས་སུ་དག་པས་གཉེན་པོ་མེད་པ་ཡིན་ནོ། །བྱང་ཆུབ་ནི་ཆོས་ཐམས་ཅད་དང་མཉམ་པས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །བྱང་ཆུབ་ནི་མཚན་མ་ཐམས་ཅད་དང་བྲལ་བས་གཡོ་བ་མེད་པ་ཡིན་ནོ། །བྱང་ཆུབ་ནི་རབ་ཏུ་ཞི་བའི་མཚན་ཉིད་ཡིན་པས་ཞི་བའོ། །བྱང་ཆུབ་ནི་བརྟགས་པ་དང་གསལ་བ་དང་བྲལ་བས་ཉེ་བར་ཞི་བའོ། །བྱང་ཆུབ་ནི་མཐུན་པ་མེད་པས་ལྷག་པར་གཡོ་བ་མེད་པའོ། །བྱང་ཆུབ་ནི་ཡོངས་སུ་གྲུབ་པ་མེད་པས་སེམས་མཉམ་པའོ། །བྱང་ཆུབ་ནི་གདོད་མ་ནས་མ་སྐྱེས་པས་སེམས་ཅན་དང་མཚུངས་པའོ། །བྱང་ཆུབ་ནི་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་པས་སྐྱེ་བ་མེད་པར་རབ་ཏུ་ཕྱེ་བའོ། །བྱང་ཆུབ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བས་རྣམ་པར་རིག་པ་མེད་པའོ། །བྱང་ཆུབ་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པས་རྒྱུ་མེད་པའོ། །བྱང་ཆུབ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་སྤྲོས་པ་མེད་པའོ། །བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་སྟོང་པའོ། །བྱང་ཆུབ་ནི་མཚན་མ་ཐམས་ཅད་དང་བྲལ་བས་མཚན་མ་མེད་པའོ། །བྱང་ཆུབ་ནི་སྨོན་པ་ཐམས་ཅད་དང་བྲལ་བས་སྨོན་པ་མེད་པའོ། །བྱང་ཆུབ་ནི་ལས་ཀྱི་རྣམ་པར་སྨིན་པ་མེད་པས་མངོན་པར་འདུ་བྱེད་པ་མེད་པའོ། །བྱང་ཆུབ་ནི་མཚན་ཉིད་གསུམ་དང་བྲལ་བས་འདུས་མ་བྱས་པ་སྟེ་རྒྱལ་པོ་ཆེན་པོ་གང་དག་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་དང་། ངོ་བོ་ཉིད་དེ་ལྟ་བུ་ལ་སྒྲུབ་པར་བྱེད་པ་དང་། གང་དག་སྨོན་ལམ་འདེབས་པར་བྱེད་པ་དང་། གང་དག་འདོད་པར་བྱེད་པ་དེ་དག་ཐམས་ཅད་ནི་ལོག་པར་རྩོལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་ཅི་འདྲ་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལའང་དེ་འདྲ་བ་ཡིན་པས་ན་གང་དག་དེ་ལྟར་སྤྱོད་པ་དེ་དག་ནི་ཡང་དག་པར་སྤོང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱལ་པོ་ཆེན་པོ། གོས་དང་རྒྱན་ཙམ་གྱིས་མཆོད་པ་དེ་ནི་མཆོད་པ་ཆེན་པོ་མ་ཡིན་གྱིས་དེ་ལས་གཞན་པའི་མཆོད་པ་ཁྱད་པར་དུ་འཕགས་པ་དག་ཀྱང་ཡོད་ཀྱིས། དེ་དག་ཁྱོད་ཀྱིས་སྒྲུབས་ཤིག །དེ་ཡང་གང་ཞེ་ན། གང་དག་སྟོང་ཆེན་སེམས་ཅན་དེ་དག་ཀུན། །བྱང་ཆུབ་ཕྱིར་ནི་རབ་ཏུ་ཞུགས་གྱུར་ཅིང་། །མ་ཞུམ་སེམས་ཀྱིས་བསྐལ་པ་རྫོགས་པར་ནི། །བུ་དང་ཆུང་མའི་སྦྱིན་པ་བྱས་པ་བས། །གང་གིས་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ནས། །དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པ་དང་། །བྱང་ཆུབ་སེམས་ཀྱིས་གོམ་པ་གཅིག་བོར་བ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་སྔོན་ཆད་བྱུང་བའི་སངས་རྒྱས་དང་། །གང་དག་མ་བྱོན་ད་ལྟར་བཞུགས་པ་རྣམས། །དེ་དག་སྐྱོན་མང་ཁབ་ནི་མ་སྤངས་པར། །བླ་མེད་བྱང་ཆུབ་ཞི་བ་ཐོབ་པ་མེད། །རང་བྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྟོད་ཅིང་བསྔགས་པ་བཀུར་བ་སྟེ། །གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ། རྒྱལ་བའི་བསྟན་ལ་རབ་བྱུང་གཟུང་བར་གྱིས། །གང་ཞིག་ཁྱིམ་གནས་རིན་ཆེན་ཁྱིམ་བརྒྱན་པའི། གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་བྱིན་དང་། །གང་ཞིག་རབ་བྱུང་དེ་ཉིད་མཚན་གཅིག་ཏུ། །མི་རྟག་སྡུག་བསྔལ་བདག་མེད་སེམས་བྱེད་ན། །དེ་ནི་རབ་བྱུང་བག་ཡོད་གྱུར་པ་ཡིན། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཉེ་བ་དང་། བདུད་ཀྱི་དཀྱིལ་འཁོར་ཤིན་ཏུ་བཅོམ་བྱས་ཤིང་། །དགེ་བའི་ཕྱོགས་ཀྱང་མི་འགྲིབ་འཕེལ་བ་ཡིན། །རབ་བྱུང་དེ་ནི་ལམ་ངན་སྤངས་པ་དང་། །ལམ་གྱི་རྗེས་མཐུན་འཕགས་པའི་སྐྱེ་བོས་བསྟོད། །དེ་ནི་དགེ་བ་ཅུང་ཟད་མ་ཡིན་ཞིང་། །དེ་ནི་ཡོངས་སུ་འཛིན་པ་སྤངས་པ་ཡིན། །ཁྱིམ་ལས་གྲོལ་བ་ཉོན་མོངས་མི་འཕེལ་ཞིང་། །ཉོན་མོངས་རྣམ་གྲོལ་བདུད་ཀྱི་འཆིང་བ་མེད། །རྣམ་གྲོལ་སེམས་ནི་བྱང་ཆུབ་སྤྱད་པ་སྤྱོད། །སྤྱོད་པ་དག་པས་བྱང་ཆུབ་རྙེད་མི་དཀའ། དེ་ནས་རྒྱལ་པོ་དགེ་བའི་བཀོད་པས་ཚིགས་སུ་བཅད་པ་དེ་དག་ཐོས་པ་དང་། འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་རྒྱལ་སྲིད་ཀྱི་དབང་ཕྱུག་དག་ལ་མི་ལྟ་བར་གྱུར་ཅིང་། སྐྱོ་ལ་འདོད་ཆགས་དང་བྲལ་བར་སྐྱེས་བ་གྱུར་ཏེ། རབ་ཏུ་བྱུང་བ་ལ་སེམས་གཞོལ་བར་གནས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ལགས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་པ་ནི་འགག་པ་མེད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་བར་དུ་མི་གཅོད་ཅིག་སྐབས་ཡོད་དོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པའི་ནང་ན་གནས་པ་ཡིན་གྱི། །གལ་ཏེ་འདོད་ན་ངས་ཁྱོད་ལ་གདམས་ཤིང་། རྗེས་སུ་བསྟན་གྱིས། ཁྱོད་ཀྱིས་ཀྱང་གདམས་ཤིང་རྗེས་སུ་བསྟན་པ་བཞིན་དུ་སྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེས་རབ་ཏུ་བྱུང་པའི་སྐབས་ཕྱེ་བ་དང་རྒྱལ་པོ་དགེ་བ་བཀོད་པས་བུ་སྟོང་པོ་དེ་དག་ལ་སྨྲས་པ། ཁྱེད་ཅག་རྣམས་ལས་རྒྱལ་སྲིད་སྒྲུབ་པ་དང་། །སེམས་ཅན་རྣམས་ལ་དམ་པའི་ཆོས་ལམ་དག །འཛིན་དུ་བཅུག་པར་སྤྲོ་བ་སུ་ཞིག་ཡོད། བདག་ནི་རྒྱལ་བའི་སྟན་ལ་ཚངས་པར་སྤྱད། །དེ་དག་ཐམས་ཅད་ཀྱིས་སྨྲས་པ། ཡབ་བདག་ཅག་རྣམས་ཀྱང་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་བྱུང་ལགས་ཀྱིས། བདག་ཅག་མི་དོར་བར་གསོལ། །གང་དུ་རྒྱལ་བས་བསྔགས་གྱུར་ཅིང་། །ལྷ་རྣམས་ཀུན་གྱིས་ལེགས་བསྟོད་པའི། །ལམ་དེ་སྤངས་ནས་མུན་ཁྲོད་ལྟའི། །རྒྱལ་སྲིད་སྐྱོང་པར་སུ་ཞིག་སྤྲོ། །རྒྱལ་པོས་སྨྲས་པ། །གལ་ཏེ་ཁྱེད་ཅག་ཐམས་ཅད་རབ་ཏུ་བྱུང་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་ཆུད་ཟོས་པར་འགྱུར་གྱིས། ཁྱེད་ཅག་ལས་གང་སེམས་ཅན་རྣམས་ལ་བརྟན་པའི་སྙིང་རྗེས་འཇུག་པར་གྱུར་པ་དེས་རྒྱལ་སྲིད་བསྒྲུབས་ལ་སེམས་ཅན་རྣམས་ཆོས་ཡང་དག་པར་འཛིན་དུ་ཆུག་ཅིག །གླིང་བཞི་པའི་འཇིག་རྟེན་ན། །གནས་པའི་འགྲོ་འདི་མ་བསྐྱངས་ན། །བག་མེད་གྱུར་པའི་སེམས་ཅན་རྣམས། །མངོན་དུ་སྡིག་ལ་ཕྱོགས་པར་འགྱུར། །དེ་ལྟ་བུའི་བྱང་ཆུབ་ཀྱི། །སྤྱོད་པ་གཞན་དུ་འགྱུར་ཞིག་གུ །དེ་ནས་རྒྱལ་པོ་གཞོན་ནུ་དེ་དག་གི་ནང་ནས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་བྱ་བ་དེས་རང་གི་ཕ་དང་རྒན་རབས་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། རབ་བྱུང་ཡོན་ཏན་དུ་མ་བསགས་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་མོད་ཀྱི། །དེ་ལྟ་ལགས་ཀྱང་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་རྒྱལ་སྲིད་བདག་གིས་བསྒྲུབ། །ཇི་སྲིད་འཚོ་བར་བདག་ནི་ཚངས་སྤྱོད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བགྱི། །མེ་ཏོག་རྣམས་དང་དྲི་དང་བདུག་པ་དང་། །དེ་བཞིན་ཆང་ཡང་བླང་བར་མི་བགྱིའོ། །ལུས་ལ་རིན་ཆེན་རྣམས་ནི་མི་ཐོགས་ཤིང་། །མཆིལ་ལྷམ་མི་འཚལ་རིན་ཆེན་གཙུག་ཕུད་མིན། །ཁྲི་རྐང་གསེར་ལས་བགྱིས་པར་མི་ཉལ་ཞིང་། །རྒྱལ་པོའི་རྐྱེན་གྱི་གོས་ཀྱང་མི་འཚལ་ལོ། །སིལ་སྙན་གླུ་དབྱངས་སྒྲ་ལ་མི་དགའ་ཞིང་། །རྨ་བྱ་ངང་པའི་སྒྲ་ལའང་ཉན་མི་བགྱིད། །སྐྱེ་བོས་མདུན་བདར་བུད་མེད་གནས་སྤོང་ཞིང་། གཅིག་པུ་མལ་ན་གནས་ཤིང་རླུང་གཡབ་མིན། བདག་ནི་གླིང་ནས་གླིང་དུ་མཆིས་བགྱི་ཞིང་། །དགེ་བ་བཅུ་རྣམས་རབ་ཏུ་བཤད་པར་བགྱི། །ཁྱིམ་ན་གནས་པའི་ནོངས་པ་བསྟན་བགྱི་ཞིང་། །རབ་ཏུ་བྱུང་བའི་བསྔགས་པའང་བརྗོད་པར་བགྱི། །གཟུགས་དང་ལོངས་སྤྱོད་དབང་ཕྱུག་དྲེགས་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་བགྲོད་མི་བགྱི། །བྱང་ཆུབ་སེམས་ནི་འདོར་བར་མི་བགྱི་ཞིང་། །རྟག་ཏུ་ཡིད་བྱུང་སྲིད་གསུམ་དཔྱད་པར་བགྱི། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པས། སེམས་ཅན་བསྡུ་བ་ལ་ནི་བརྩོན་བགྱི་ཞིང་། །བླ་མེད་ཐེག་པ་དམ་པ་འདི་ལ་ཡང་། །སྲོག་ཆགས་བྱེ་བ་མང་པོ་ཡོངས་སྨིན་བགྱི། །ཆོས་དོན་ཉན་ཅིང་བཤད་པར་བགྱི་སླད་དུ། །ཉིན་མོ་དུས་གསུམ་མཚན་མོ་དུས་གསུམ་དུ། རི་རབ་ལྟ་བུའི་སྤྱན་སྔར་ཉེར་མཆི་ཞིང་། །དེ་བཞིན་གཤེགས་པ་ལ་ནི་མཆོད་པའང་བགྱི། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེས་རྒྱལ་པོ་གཞོན་ནུ་སྙིང་རྗེ་ཆེར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་བསླབ་པ་བརྒྱད་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེས་ན་ཁྱིམ་ན་གནས་ཀྱང་རབ་ཏུ་བྱུང་པ་དང་། ཡོན་ཏན་མཚུངས་པ་ཡིན་ནོ། །ཁྱོད་ཀྱི་སྙིང་རྗེ་ཆེན་པོ་དེ་ནི་ཡོན་ཏན་གྱི་མཆོག་ཡང་དག་པར་སྒྲུབ་པ་ཡིན་ནོ། །དེ་ལྟར་རྒྱལ་བས་བསྔགས་པ་ལས། གཞན་ལ་མེད་པའི་དགའ་བས་བརྒྱན། །རང་གི་དམ་བཅའ་གཡོ་མེད་པ། །ལྷུན་པོ་ལྟ་བུར་བརྟན་པར་གྱུར། །དེ་ནས་རྒྱལ་པོ་དགེ་བ་བཀོད་པས་གཞོན་ནུ་སྙིང་རྗེ་ཆེར་སེམས་རྒྱལ་སྲིད་ལ་བཞག་ནས། བདག་ཉིད་བུ་སྟོང་དུ་ཅིག་གིས་མ་ཚང་བ་དང་བཅས་པ་རབ་ཏུ་བྱུང་ནས། །རིང་པོ་མ་ཐོགས་པར་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལྔ་མངོན་དུ་གྱུར་ཏོ། །རྒྱལ་པོ་གཞོན་ནུ་སྙིང་རྗེ་ཆེར་སེམས་ནི་རྒྱལ་སྲིད་དུ་དབང་བསྐུར་ནས། ཟླ་བ་ཉ་བོ་མཆོག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཞིང་རྗེས་སུ་སྟོན་པའང་བྱེད་དེ། །འདུས་བྱས་རྣམས་ནི་སྙིང་པོ་མེད་པ་སྟེ། །ཆུ་ཤིང་བཞིན་དུ་བརྟགས་ན་སྟོང་པ་ཡིན། སངས་རྒྱས་རྣམས་ནི་ཨུ་དུམ་བ་ར་བཞིན། །བསྐལ་པ་བྱེ་བ་མང་ལ་རེས་འགའ་འབྱུང་། །ཚེ་ཡང་གློག་བཞིན་འགྱུར་ཞིང་མི་རྟག་སྟེ། །ཡོ་བྱད་རྣམས་ནི་རྩ་ཁའི་ཟིལ་པ་བཞིན། །དེ་བས་མྱུར་དུ་འབད་པས་བསྟན་པ་ལ། ཐུབ་རྣམས་དགྱེས་པར་མྱུར་དུ་སྒྲུབ་པར་བྱོས། །བག་མེད་དབང་དུ་འགྱུར་བ་གྱུར་ཏ་རེ། །འཇིག་རྟེན་བདེ་བ་བསྐལ་པ་བརྒྱར་སྤྱད་ཀྱང་། །སླར་ཡང་འགྱུར་ཞིང་སྡུག་བསྔལ་ཕུང་པོར་འགྱུར། །དེ་བས་ཟག་མེད་བདེ་བ་གྱ་ནོམ་པ། །རི་རབ་ལྟ་བུའི་བཀའ་ལས་མྱང་བར་བྱོས། ཞེས་བྱ་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྒྲགས་ཤིང་ཅི་ནས་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སངས་རྒྱས་ཀྱི་བསྟན་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རབ་ཏུ་བྱུང་ནས་ཕྱིར་མི་ལྡོག་པ་ཁོ་ནར་གྱུར་ཏོ། །དེ་ལྟར་རྒྱལ་བའི་ཐུགས་རྗེའི་དཀྱིལ་འཁོར་དང་། །འགྲོ་བའི་པད་ཚལ་དུས་ལ་བབ་པ་ཡིས། །གཞོན་ནུ་སྙིང་རྗེའི་བརླན་གྱིས་བརླན་གྱུར་པས། འགྲན་པ་བཞིན་དུ་རྒྱལ་སྲས་པད་ཚལ་རྒྱས། །དེ་ཡས་སྐྱེ་འགྲོའི་ཅོད་པན་མཛེས་བྱེད་པའི། །རྒྱན་གྱུར་རྒྱལ་བ་མཆོག་ཏུ་གྱུར་ཏོ་ཞེས། །དཔག་མེད་རྒྱལ་བ་རྣམས་ཀྱིས་བསྔགས་མཛད་ཅིང་། །རྒྱལ་སྲས་བུང་བའི་ཚོགས་རྣམས་ཚིམ་གྱུར་པར། །ད་དུང་དུ་ཡང་ཕྱོགས་ཀུན་གསལ་བར་ཁྱབ། །དེ་ལྟར་སྐྱེས་བུ་དམ་པ་དེའི་སྙིང་རྗེ་དང་ལྡན་པའི་སྤྱོད་པ་དེ་ནི་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར་ཞིང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་ཚངས་པར་སྤྱོད་པ་ཤིན་ཏུ་རྒྱ་ཆེར་འཕེལ་བར་གྱུར་ཏོ། །དེ་ལྟ་བུའི་ཕྱིས་འབྱུང་བའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དགེ་བ་བཀོད་པ་དེ་ནི་འོད་དཔག་ཏུ་མེད་པ་ཡིན་ནོ། །འཇམ་དཔལ་ནི་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏོ། །བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་སྟོང་ནི་རྒྱལ་པོ་དགེ་བ་བཀོད་པ་བུ་སྟོང་དུ་གྱུར་ཏོ། །ང་ནི་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་སོ། །དེ་ལྟ་བས་ན་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་ཤིང་སངས་རྒྱས་རྣམས་ཀྱིས་བསྔགས་པར་འདོད་པས་ཐབས་མཁས་པའི་སྙིང་རྗེ་ཆེན་པོ་ལ་གནས་པར་བྱའོ་ཞེས་བརྗོད་པར་བྱའོ། །རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཀྱི་སྐྱེས་པའི་རབས་ཏེ་དྲུག་ཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་གྱི་དོན་དུ་ཐབས་མཁས་པ་ལ་བརྟེན་ནས་འདོད་པ་མངོན་དུ་བསྟེན་པ་ལྟར་སྣང་ཡང་། དེ་ཉེས་པས་གོས་པར་མི་འགྱུར་ལ། དོན་ཆེན་པོ་བདེ་བླག་ཏུ་སྒྲུབ་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་སྔ་རོལ་ན། བཅོམ་ལྡན་འདས་འདི་བྱང་ཆུབ་ཏུ་སྤྱད་པ་སྤྱོད་པ་ན། རེ་ཞིག་ཁྱེའུ་སྐར་མ་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ནི་འདི་ལྟ་བུའི་ཚུལ་དང་ལྡན་པར་གྱུར་ཏེ། ཤེས་རབ་ཡོངས་སུ་སྦྱངས་ཤིང་ཞི་བ་ཡིས། །མིའི་འཇིག་རྟེན་དམ་པའི་སྤྱོད་པ་ལ། །རབ་ཏུ་གྱུར་ཅིང་གཟི་བྱིན་ཆེ་བས་བརྒྱན། །འཁོར་ཡུག་དབུས་ཀྱི་ལྷུན་པོ་མཐོ་བ་བཞིན། །ཡོན་ཏན་ཚོགས་ཀྱིས་ཆེ་བའི་གནས་སུ་གྱུར། །དེ་ནི་སྐྱེ་བ་གོམས་པར་གྱུར་པ་ཡིས། །ཁྱིམ་ན་དགའ་བ་ཤིན་ཏུ་སྤངས་གྱུར་ཏེ། །དབེན་པར་སྤྱོད་པ་རྣམ་པར་དག་པས་མཛེས། །དེའི་རང་བཞིན་རྣམ་པར་དག་པ་ནི། །གསེར་མགར་མཁས་པས་བྱས་པའི་རྒྱན་བཞིན་དག །དེའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། །ནོར་བུ་སྙིང་པོས་མངོན་པར་སྤྲས་པ་འདྲ། །དེའི་སྙིང་རྗེ་རྣམ་པར་དག་པ་ནི། །སྐྱེ་བོའི་ཡིད་རྣམས་མགུ་བར་བྱེད་པ་བཞིན། །དེའི་ལུས་ནི་བརྒྱ་བྱིན་མངོན་སུམ་བཞིན། །མཐོང་བའི་སྐྱེ་བོ་ཡིད་ཀྱང་གཡོ་བར་བྱེད། །དེའི་ཞལ་ནི་ཉི་མའི་དཀྱིལ་འཁོར་ལྟར། །མཐོང་པས་སྐྱེ་བོ་གདོང་གི་པདྨ་དག །སོའི་ཟེའུ་འབྲུ་གསལ་བར་སྣང་བྱེད་ཅིང་། དེ་ཡིས་དབང་མེད་ཁྲིད་པར་བྱེད་པ་སྙམ། །དེ་ལྟར་ཁྱེའུ་སྐར་མ་དེ་བདག་ཉིད་ཡོན་ཏན་གྱི་ཚོགས་ལ་གོམས་པར་གྱུར་ཅིང་། ཚངས་པར་སྤྱོད་པ་དང་དབེན་པའི་ཕན་ཡོན་མངོན་དུ་གྱུར་ནས་ཁྱིམ་གྱི་གནས་སྤངས་ཏེ་ནགས་ཁྲོད་དབེན་པ་ཞིག་བརྒྱན་པར་གྱུར་ཏོ། །དེ་ནི་ནགས་ཁྲོད་ཞི་བ་ན། །ཐུབ་པ་དགྱེས་པའི་བརཏལ་ཞུགས་དང་། །རྗེས་སུ་མཐུན་པར་སྤྱོད་བྱེད་ཅིང་། འདོད་པ་རྣམས་དང་མཐུན་མ་གྱུར། །དེ་དེ་ལྟར་རང་བཞིན་དང་སྙིང་རྗེ་ཆེན་པོ་དང་། ལུས་ཀྱི་ཡོན་ཏན་དང་། བློ་གྲོས་ཀྱིས་ཆེ་བ་ཡིན་ཡང་། སྐྱེ་བོ་དེ་རྣམས་འདོད་པས་གཡེངས་ཤིང་བག་མེད་པ་ཁོ་ན་ཤས་ཆེ་བས། །དེ་གྲོང་ཁྱེར་དུ་འགྲོ་བར་མི་བྱེད་ཅིང་། གང་ན་གྲོང་ཁྱེར་ལས་རིང་དུ་གྱུར་པ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་གང་ཞིང་རྩ་བ་དང་འབྲས་བུ་བཟང་པོ་དག་སྐྱེ་བ། དབེན་པའི་གནས་སུ་རུང་བ་ཞིག་ཏུ་འདུག་སྟེ། ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་དུས་རེ་ཞིག་སྐྱེས་བུ་དམ་པ་དེ་རྒྱལ་པོའི་ཕོ་བྲང་འབྱོར་པ་ཞེས་བྱ་བར་ཕྱིན་པ་ན། ཕོ་བྲང་འཁོར་གྱི་གྲོང་ཁྱེར་དེ་ནས་བུ་མོ་ལང་ཚོ་དར་ལ་བབ་པ་ཞིག་ཆུ་བླང་པའི་ཕྱིར་འོངས་པས་ཁྱེའུ་སྐར་མ་མཐོང་ནས་དེའི་གཟུགས་བཟང་པོ་དེ་ལ་འདོད་པའི་འདོད་ཆགས་ཀྱི་སེམས་དྲག་པོ་གཡོས་པར་གྱུར་ནས་འདི་སྙམ་དུ་སེམས་སོ། །ཨེ་མ་བྲམ་ཟེའི་ཁྱེའུ་འདི། །གཟུགས་དང་ལང་ཚོའི་ཡོན་ཏན་དཔལ། །འདོད་ལྡན་ཡིད་ཀྱི་ལྕགས་ཀྱུ་བཞིན། །བདག་གི་ཡིད་ཀྱང་རབ་ཏུ་དྲངས། །འཇིག་རྟེན་བདེ་སྦྱིན་མངོན་སུམ་བཞིན། །འདི་འདྲ་མཉེས་པར་མ་གྱུར་པ། །བདག་གི་བསམ་པ་དོན་མེད་དོ། །དེ་བས་འདིར་ནི་བདག་གིས་ནི། །ཅི་ལྟར་མཛེས་ཚུལ་ཡིད་གཡོ་བ། །ཟླ་བའི་རྐྱེན་གྱིས་ཀུ་མུ་ད། །གསལ་བ་བཞིན་དུ་བྱེད་ཞིག་གུ །འདིར་ནི་འབད་པར་རིགས་པ་སྙམ། །དེ་ལྟར་སྲིད་པའི་ཀུན་རྟོག་གཡོས་གྱུར་ཏེ། །འདོད་པའི་དབང་གིས་བརྟན་པའི་ངོ་ཚ་ཉམས། །བྱང་ཆུབ་སེམས་དཔའ་སྐར་མ་མཐོང་ནས་ནི། །མྱུར་བའི་ཤུགས་ཀྱིས་གོམ་པ་བོར་ཏེ་དོང་། །དེ་ལྟར་བུ་མོ་དེ་ཁྱེའུའི་དྲུང་དུ་རྒྱུགས་ཏེ་དོང་ནས་རྐང་པ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སྐར་མས་སྨྲས་པ། སྲིང་མོ་ཁྱོད་ཅི་འདོད། བུ་མོས་སྨྲས་པ། ཁྱེའུ་བདག་ཁྱོད་འཚལ་ལོ། །ཁྱེའུས་སྨྲས་པ། ཁོ་བོ་ནས་འདོད་པ་དགོས་པ་མ་ཡིན་ནོ། །བུ་མོས་སྨྲས་པ། གལ་ཏེ་བདག་ཁྱོད་དང་འཚལ་བར་མི་འགྱུར་ན་ནི་བདག་འདི་ཉིད་དུ་འགུམ་པར་འགྱུར་རོ། །དེ་ནས་ཁྱེའུ་སྐར་མ་འདི་སྙམ་དུ་སེམས་སོ། །ཀྱེ་མའོ་འཇིག་རྟེན་ངན་པ་འདི། །འདོད་དང་སྲེད་པས་རབ་ཏུ་དཀྲིས། བདག་གིས་མི་ལོ་བཞི་ཁྲི་དང་། །ཉིས་སྟོང་ཚངས་པར་སྤྱོད་སྤྱད་དེ། །འདིར་ནི་བརཏལ་ཞུགས་འཇིག་བྱེད་པ། །འདི་ནི་རིགས་པ་མ་ཡིན་ནོ། །སྙམ་དུ་བསམ་ནས་ནན་གྱིས་འཐེན་ཏེ་སོང་བ་དང་། དེ་ནས་བུ་མོ་དེ་ཁ་སྦུབ་ཏུ་འགྱེལ་ནས་མྱ་ངན་གྱིས་ཟིན་ཏེ་ལུས་རྔུལ་ཞིང་ཚེའི་དུས་བྱེད་པ་ལ་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རྣམ་པ་དེ་མཐོང་ནས་གོམ་པ་བདུན་པ་ལ་གནས་པ་ན་སྙིང་རྗེ་ཆེན་པོ་སྐྱེས་ཏེ། །འདི་སྙམ་དུ་གྱུར་ཏོ། །ཀྱེ་མའོ་མཚར་བྱས་འཇིག་རྟེན་གནས་པ་འདི་དག་ཤིན་ཏུ་རྨོངས། འདོད་པའི་མེ་འདི་ཐོག་མ་མེད་པ་ནས། །རབ་ཏུ་འབར་བས་ཡུལ་གྱི་བུད་ཤིང་བསྲེགས། །ད་དུང་འདི་ལ་ཆོག་པར་མ་གྱུར་མཚར། །འདོད་པས་འགྲོ་རྣམས་དབང་མེད་བདས་གྱུར་ཏེ། །འཁོར་བའི་གཅོང་རོང་ཉམས་ངར་ལྷུང་བྱས་ཤིང་། སྐྱེ་དང་རྒ་བ་ན་བ་འཆི་བ་ཡི། །སྡུག་བསྔལ་རྒྱ་ཕྲག་དུ་མས་གནོད་པར་བྱས། །འདོད་པའི་རྒྱུ་ཡིས་མི་དགེ་སྤྱད་པ་ཡིས། །ཁྲག་དང་ཁུ་བ་གཤང་ཅི་དྲི་ང་བ། །འདྲེས་པའི་མངལ་ནས་མུན་རུམ་ནག་པོ་རུ། ཡང་ཡང་སྐྱེས་ཤིང་ལུས་བསྐྱོད་མི་ཤེས་ཀྱང་། །ད་དུང་ཕྱི་ཕྱིར་འདོད་ལ་ཞེན་པ་མཚར། །ཁ་ཅིག་ཕན་འདོད་འདོད་པ་སྤྱད་པ་ལ། །བྱུང་བའི་འབྲས་བུ་བུ་ཞེས་བལྟས་བྱས་ཀྱང་། །ཕན་པར་མི་བྱེད་བྱེད་པ་ཚུལ་མིན་པས། །བསད་དང་འཆིང་ཞིང་ཞིང་དང་ལོངས་སྤྱོད་རྣམས། འཕྲོག་པར་བྱེད་ཅིང་ཅི་ཡང་བྱར་མེད་པ། །འདོད་པའི་ཕྱིར་ཡིན་ཡིན་པར་མ་ཤེས་མཚར། །དམྱལ་བའི་གནས་ན་འབར་བའི་བུད་མེད་དག །མེ་སྟག་འཁྲུག་པའི་མཚོན་གྱི་འཕྲེང་བ་ཡིས། །བརྒྱན་ཀྱང་ལས་ཀྱིས་མཛེས་པ་ལྟར་མཐོང་ནས། །ཤཱལ་མ་ལི་ཡི་རི་བོ་རབ་འབར་བ། །མཚོན་རྣོན་བལྟམས་པའི་ལམ་དུ་རྒྱུགས་བྱེད་ཅིང་། །ཤ་དང་རུས་པ་རྐང་རྣམས་ཐལ་ཕྱུང་སྟེ། །ཕྱེ་མར་བརླགས་ནས་སླར་ཡང་སྲེད་པ་ཡིས། །དབང་མེད་ཡུན་རིང་དམྱལ་བའི་གནས་སུ་འཁྱམས། །དམྱལ་བའི་གཤེད་པོ་ལས་ཀྱིས་བྱས་པ་དག །མཐོང་ནས་ཁྱིམ་འཐབ་འདུ་ཤེས་བརྙེད་གྱུར་ཏེ། །དྲུང་དུ་སྙེགས་པས་བཟུང་སྟེ་འབར་བ་ཡི། །གཞི་ལ་བཞག་སྟེ་ཐུ་ལུམ་འབར་བ་ཡིས། སྐྱེ་གནས་ནས་བསྲེགས་བྲང་གི་རྒྱ་མདོ་རུ། ཤ་རྒྱུས་བསྲེགས་ཤིང་ཚིར་ཚིར་སྒྲ་བྱུང་ནས། །འོ་དོད་འཆོང་ངེ་འབྱིན་པ་ཙམ་ལ་ཞུགས། །དེ་ལ་སོགས་པའི་སྡུག་བསྔལ་དུ་མ་རྣམས། །འདོད་པ་བརྟེན་པས་ཡང་ནས་ཡང་མྱོང་ཡང་། །ད་དུང་འདོད་པའི་རྗེས་སུ་འབྲང་བ་མཚར། །འདི་ལྟར་རང་དབང་མེད་པ་འདི། །ཀྱེ་མ་བདག་གི་སྡུག་བསྔལ་བཞིན། །བདག་ནི་ཚུལ་ཁྲིམས་ཞིག་གྱུར་ཏེ། །མནར་མེད་འབར་བར་ཞུགས་ཀྱང་སླ། །འདི་ནི་སྡུག་བསྔལ་བཅས་བཞིན་དུ། །ཚེའི་འདུ་བྱེད་བྱས་གྱུར་ན། །བདག་ཀྱང་བསྲེགས་པར་འགྱུར་བ་བཞིན། །དེ་བས་དག་ཉིད་སྡུག་བསྔལ་ཡང་། གཞན་གྱི་བདེ་བ་ཡུད་ཙམ་ཡང་། །དམ་པ་རྣམས་ཀྱི་བསྒྲུབ་བྱ་ཡིན། །དེ་ལྟ་བུའི་སེམས་བསྐྱེད་ནས་རིགས་ཀྱི་བུ་ཁྱེའུ་སྐར་མ་སླར་ལོག་སྟེ། །བུ་མོ་དེ་ལག་པས་བཟུང་སྟེ་སྲིང་མོ་ཁྱོད་ཅི་འདོད་པ་བྱ་ཡིས། །ལོངས་ཤིག་ཅེས་སྨྲས་སོ། །དེ་ནས་ཁྱེའུ་སྐར་མ་བུ་མོ་དེའི་ཁྱིམ་དུ་སོང་སྟེ། ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་གྱི་གནས་དེ་ཉིད་དུ་གནས་ཏེ། སླར་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཚངས་པའི་གནས་པ་བཞི་བསྐྱེད་པར་གྱུར་ཏོ། །དམ་པ་རྣམས་ཀྱི་སྙིང་རྗེ་ཡིས། །སྟོབས་ཀྱིས་ཉོན་མོངས་བཅོམ་བྱས་ནས། །ཡོན་ཏན་ལྷག་པར་འཕེལ་འགྱུར་ཏེ། བསྔགས་ཀྱིས་བཅོམ་པའི་དུག་བཞིན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པས་ཁྱེའུ་སྐར་མ་ཚེ་འཕོས་མ་ཐག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །འདི་ལྟ་བུའི་དོན་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དུས་ན་ཁྱེའུ་སྐར་མ་ཞེས་བྱ་བ་དེ་ནི་ང་ཡིན་ཏེ། གྲགས་འཛིན་མ་ནི་བུ་མོ་དེར་གྱུར་ཏོ། །ངས་འདོད་པ་ངན་པ་དེ་ལ་སྙིང་རྗེ་ཆེན་པོ་སྐྱེས་པས་ཀྱང་བསྐལ་པ་སྟོང་ཕྲག་བཅུའི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྙིང་རྗེ་ཆེན་པོ་ལ་རག་ལས་སོ་ཞེས་སྙིང་རྗེའི་ཕན་ཡོན་བསྔགས་པ་དང་། ཐབས་མཁས་པའི་སྒོ་མངོན་དུ་གྱུར་པ་ན། ཉོན་མོངས་དམན་པས་ཀྱང་དེ་ཉིད་ལ་ངེས་པར་བྱུང་ངོ་ཞེས་ཐབས་མཁས་པ་བསྔགས་པ་ལའང་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། སེམས་ཅན་གཅིག་གཅིག་གནས་སྐབས་ཀྱི་བདེ་བ་ཉམས་སུ་མྱོང་ན་བདག་ཉིད་དམྱལ་བར་སྡུག་བསྔལ་ཉམས་སུ་མྱོང་བ་དག་ཀྱང་བཟོད་པར་མཛད་པའི་ཐུགས་རྗེ་དང་ལྡན་ན། ད་ལྟར་ལྟ་ཅི་སྨོས་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །ཁྱེའུ་སྐར་མའི་སྐྱེས་པའི་རབས་ཏེ་དྲུག་ཅུ་གསུམ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ཐབས་ལ་མཁས་པ་དུ་མ་དག་གིས་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འཇོག་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་སྔ་རོལ་ཏུ་བསྐལ་པ་ཆེན་པོ་ཨུཏྤ་ལ་ཞེས་བྱ་བ་བྱུང་བ་ན། སངས་རྒྱས་ཀྱི་ཞིང་འདི་བྱུ་རུ་འབྱུང་བ་ཞེས་བྱ་བ་སྙིགས་མ་ལྔ་དང་ལྡན་པར་གྱུར་པ་ན། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་ཏེ། རེ་ཞིག་ཅིག་ལྷ་དང་མིའི་འགྲོ་བ་སྐྱོང་པར་བྱེད་པའི་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པ་གཞན་གྱི་དོན་སྒྲུབ་པ་ལ་བརྩོན་པར་བྱེད་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལེགས་པར་སྣང་བྱེད་ཅེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ནི་གཞན་དུ་སྤྱད་པའི་མཐུས། །ལྷ་ཡི་ལོངས་སྤྱོད་ཕུན་ཚོགས་པ། འབྱོར་པའི་དབང་ཕྱུག་དེ་ཐོབ་ཀྱང་། །བག་མེད་རིང་དུ་སྤངས་པར་གྱུར། །གཞན་དོན་སྤྱོད་པའི་བསམ་པ་ཅན། །སྙིང་རྗེའི་སེམས་དང་ལྡན་པ་དག །ལྷ་དབང་དཔལ་ལའང་ཆགས་མེད་ཅིང་། །གཞན་དོན་ཡོངས་སུ་སྤྱོད་པར་གྱུར། །དེ་ལྟར་བརྒྱ་བྱིན་དེ་ལྷ་དང་མིའི་འགྲོ་བ་བདག་གི་མངའ་རིས་སུ་གྱུར་པ་རྣམས་སྐྱོང་པར་བྱེད་པའི་ཚེ། འཛམ་བུ་གླིང་པ་རྣམས་བག་མེད་པར་གྱུར་ཏེ་ངན་པར་སྤྱོད་པ་བཅུ་དང་ལྡན་པར་སྤྱོད་པས་ངན་སོང་དང་ངན་འགྲོ་ལོག་པར་ལྷུང་པ་ལ་ཕལ་ཆེར་གཞོལ་བར་གྱུར་ཏོ། །དེའི་ཚེ་ཀྱེ་མ་འཇིག་རྟེན་པ་འདི་དག་ནི་མ་རུངས་པར་གྱུར་ཏོ། །འདི་ལྟར་ལོག་པར་ལྟུང་བ་འདི་ལས་བདག་གིས་ཇི་ལྟར་བསྐྱབ་པར་བྱ། ལོག་པར་རྟོགས་པའི་སྐྱེ་བོ་ངན་པ་དག །བྱམས་པའི་ཚིག་གིས་བཟློག་པར་ཡོང་མི་ནུས། །རྩུབ་མོའི་ཚིག་ཀྱང་མེ་ལྕེ་འབར་བ་བཞིན། །རང་གཞན་རྒྱུད་རྣམས་སྲེག་པར་བྱེད་མོད་ཀྱང་། །བརྩེ་བའི་ཡིད་ཅན་བུ་ལ་བརྡེག་པ་ལྟར། །རྩུབ་མོའི་ཐབས་ཀྱང་འགལ་བ་མེད་པ་སྙམ། །བདེ་ཡང་སྡུག་བསྔལ་རྒྱུར་གྱུར་སྤང་བྱ་སྟེ། །མ་ཤའི་འབྲས་མཆན་དུག་དང་འདྲེས་པ་བཞིན། །དེ་བས་ད་ནི་ཅི་ནས་བརྩོན་བྱས་སྟེ། །ནུས་པའི་སྟོབས་ལྡན་བརྩོན་པ་བྱ་བའི་རིགས། །མཐུ་རྩལ་ཡོད་བཞིན་ཅི་སྟེ་ཡལ་འདོར་ན། །བསྟེན་པའི་གྲོགས་རྣམས་གཡང་སར་ཁྲིད་པ་བཞིན། །བདག་གི་སེམས་ཀྱང་གཞན་དུ་འགྱུར་བར་བྱེད། དེ་བས་ན་ད་ནི་ངེས་པར་ཐབས་བྱ་བའི་དུས་ལ་བབ་པོ་སྙམ་ཏེ། སེམས་དཔའ་ཆེན་པོ་དེས་བདག་ཉིད་གནོད་སྦྱིན་གྱི་གཟུགས་ཤིན་ཏུ་འཇིགས་སུ་རུང་བ་མཐོང་ན་སྤུ་ཟིང་ཞེས་བྱེད་པར་ནུས་པ་ཅིག་ཏུ་སྤྲུལ་ཏེ་རབ་ཏུ་གནག་པའི་དུས་མཚམས་ཕྱོགས་ཀྱི་ཆར་སྤྲིན་ལྟ་བུའི་ལྟོ་བ་ཅན། སྐྲ་དང་སྨིན་མ་རབ་ཏུ་འབར་ཞིང་ནགས་ཀྱི་མེ་ལྕེ་འཕྲོ་བ་བཞིན། །གཡོ་བའི་མིག་ནི་ཉི་མའི་དཀྱིལ་འཁོར་ཁྲག་དང་བཅས་པ་ལྟ་བུར་འཇིགས། །ཁྲོ་གཉེར་རབ་བསྡུས་མཆེ་བ་བརྩིགས་ཤིང་སེན་མོ་ཁྲག་གིས་གོས་པ་བཞིན། །དེ་ལྟར་གནོད་སྦྱིན་གྱི་གཟུགས་འཇིགས་སུ་རུང་བ་དེ་འཛམ་བུའི་གླིང་གི་མི་དག་གི་མདུན་དུ་འདུག་པ་ན། མི་དེ་དག་སྐྲག་ཅིང་དངངས་ལ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་ཞེ་ས་དང་བཅས་ཏེ། གནོད་སྦྱིན་ཆེན་པོ་ཁྱེད་ལ་ཅི་ཚལ། ཁྱེད་གང་བཞེད་པ་འབུལ་བར་བགྱིའོ། །དེས་སྨྲས་པ། ཁོ་བོ་ལ་ཁ་ཟས་དག་དགོས་སོ། །མི་དེ་དག་གིས་གསོལ་པ། ཁྱེད་ཀྱི་ཁ་ཟས་ཅི་ལྟ་བུ་ལགས། གནོད་སྦྱིན་གྱིས་སྨྲས་པ། མི་ཤ་ཤིན་ཏུ་དྲོན་མོ་དང་། །མིའི་ཁྲག་ནི་གསར་པ་དག །འཕྲོ་བྱེད་ངའི་ཟས་དང་སྐོམ། །དེ་བཙལ་ཕྱིར་ནི་འདིར་འོངས་སོ། །དེ་བས་ན་ཁྱེད་ཅག་རྣམས་ཤེས་པར་གྱིས་ཤིག་དེར་ཕྱིན་ཆད་ཇི་སྲིད་འཚོའི་བར་དུ་དགེ་བ་བཅུའི་ལམ་ཡང་དག་པར་ལེན་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡང་ངས་བཟའ་བར་མི་ནུས་ཀྱི། གང་མི་དགེ་བ་སྤྱོད་པ་ལོག་པར་ལྟ་བ་ཅན། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཡང་དག་པར་མི་གནས་པ་དེ་དག་ང་ཡིས་ཟ་བ་ཡིན་ནོ་ཞེས་སྨྲས་ཤིང་། དེས་བདག་ཉིད་ཀྱི་སྤྲུལ་པའི་མི་བདག་གིས་བཟུང་སྟེ། ཡན་ལག་དང་ཉིང་ལག་དག་ཕྲལ་ཞིང་ཤ་རུས་དག་ཆམ་ཆོམ་དུ་ཟ་བར་བསྟན་པ་ན། མི་དེ་དག་ཤིན་ཏུའང་འཇིགས་ཤིང་སྲོག་དང་ཕྲལ་དུ་དོགས་པའི་སེམས་ཀྱིས་མི་དགེ་བ་ཐམས་ཅད་ལས་བཟློག་ཅིང་། དགེ་བ་བཅུའི་ལམ་ལ་ཡང་དག་པར་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རང་ཤུགས་ཀྱིས་འཛམ་བུ་གླིང་པ་ཐམས་ཅད་དང་། གླིང་བཞི་པ་གཞན་དུ་འཁོད་པ་རྣམས་ཀྱང་དེ་ལྟ་བུའི་ཚུལ་གྱིས་ཐེག་པ་གསུམ་ལ་ངེས་པར་བཀོད་དོ། །དེ་ལྟར་ཐབས་ལ་མཁས་པའི་ཚུལ། །རབ་ཏུ་བསྟན་པའི་མཐུ་འདི་ནི། །སྙིང་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཚུལ་འདིར་སྤྱད་པར་རིགས་པ་སྙམ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱིས་གཞན་གྱི་དོན་ཡོངས་སུ་སྤྱོད་པ་ལ་ཐབས་མཁས་པར་བྱ་བ་དང་། མཐར་ཐུག་བདེ་བར་འགྱུར་ན་གནས་སྐབས་སུ་གཞན་ལ་འཇིགས་པ་དག་ཀྱང་བསྟན་པར་བྱའོ་ཞེས་ཀྱང་བརྗོད་པར་བྱའོ། །བརྒྱ་བྱིན་གྱི་སྐྱེས་པའི་རབས་སྟེ་དྲུག་ཅུ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། ཐབས་ལ་མཁས་པས་བདག་ཉིད་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་ཤིང་སྐྱེ་བོ་བག་མེད་པ་རྣམས་ཐབས་མཁས་པས་བསྐུལ་ཞིང་མངོན་པར་ཤེས་པ་ལ་སྦྱོར་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ་སྔོན་བྱུང་བ་འདས་པའི་དུས་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་པ་རྣམས་དང་མཐུན་པར་འཇུག་པ། ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་དེ་རེ་ཞིག་ཅིག་ཕྱི་རོལ་པའི་སྤྱོད་པ་དང་མཐུན་པའི་དྲང་སྲོང་རྣམས་ཀྱི་ནང་དུ་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །རང་རྒྱུད་ཡོངས་སུ་སྦྱངས་ཤིང་ཞི་བ་ཡིས། །མིའི་འཇིག་རྟེན་དཔལ་གྱིས་འཁྱུད་གྱུར་ཏེ། །དེ་ནའང་སྐྱོ་བའི་ཡིད་ཀྱིས་བསྐུལ་གྱུར་ནས། །ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པར་འགྲོ། །དེར་ཡང་དེ་ནི་ཆགས་མེད་སྦྱངས་པ་ཡིས། །སྐྱེ་བོ་རྣམས་ཀྱི་དོན་ཀུན་གྲུབ་པར་བྱེད། །རིག་བྱེད་གནས་ལ་དེ་ནི་ཚངས་པ་བཞིན། །དཀའ་ཐུབ་གྲུབ་པའི་ལྷ་ཡི་བླ་མ་བཞིན། །ལྷ་རྣམས་ཀུན་གྱིས་མཆོད་པས་བརྒྱ་བྱིན་བཞིན། །གཙུག་ལག་བསྟན་བཅོས་མཐོང་བྱེད་མིག་ཇི་བཞིན། །ཤེས་འདོད་རྣམས་ཀྱི་དོན་བྱེད་གྱུར་པས་ན། །གསལ་བར་འཇིག་རྟེན་སྟོན་པ་ཞེས་སུ་གྲགས། དེ་ལྟ་བུའི་སྟོན་པ་བྲམ་ཟེ་དེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་རྗེས་སུ་སྟོན་ཅིང་གྲོང་ཁྱེར་ལས་རིང་དུ་གྱུར་པ། ཤིན་ཏུ་དབེན་པ་དཀའ་ཐུབ་ཅན་དང་རྗེས་སུ་མཐུན་པའི་གནས། ཤིང་ལྗོན་པའི་ཚོགས་བསྐྱེད་ཤིང་ལྟར་བསྐྲམ་པ། ཆུ་གཙང་མའི་ཆུ་མིག་དང་ལྟེང་ཀ་དུ་མ་དང་ལྡན་པ། པད་མ་དང་ཨུཏྤ་ལ་ལ་སོགས་པའི་མེ་ཏོག་མཛེས་ཤིང་དྲི་ཞིམ་པ། རྩ་བ་བཟར་རུང་བ་རྣམས་སྐྱེས་པ། ཚོད་རྔད་དང་འབྲས་བུ་དུ་མ་ཡིད་བཞིན་དུ་སྐྱེ་བའི་དགོན་པ་ཞིག་ཏུ་གནས་སོ། །འཇིག་རྟེན་ཅ་ཅོ་རྣམ་སྤངས་ཏེ། །དགོན་དབེན་སྤྱོད་པ་སྤྱོད་གྱུར་པ། དམ་པའི་དྲུང་དུ་གནས་པ་དག །མྱུར་དུ་ཡོན་ཏན་འཕེལ་བ་ཡིན། །འོན་ཀྱང་བག་ཆགས་ཀུན་རྟོག་འདི། །ན་ཆུང་སྲེད་པས་མྱོས་པ་བཞིན། །འདོད་པའི་ཡུལ་ལ་ཆགས་གྱུར་བས། །དབེན་པར་གནས་ཀྱང་འདོད་བྱ་ལ། །རང་དབང་མེད་པར་དྲངས་པ་བཞིན། གཡོ་ཞིང་བག་མེད་སྤྱོད་གྱུར་པ། །བརྩོན་ལྡན་རྣམས་ཀྱི་གེགས་ཡིན་ཞེས། །ཐུབ་པ་ཆགས་བྲལ་རྣམས་ཀྱིས་བསྟན། དེ་ལྟར་དཀའ་ཐུབ་ཀྱི་གནས་ན་བྲམ་ཟེའི་ཁྱེའུ་རྣམས་ལ་སྟོན་པ་ཆེན་པོ་དེས་རྗེས་སུ་བསྟན་ཀྱང་ཡོན་ཏན་མཆོག་ཐོབ་པར་མ་གྱུར་པས་སྟོན་པ་བྲམ་ཟེ་འདི་སྙམ་དུ་གྱུར་ཏེ། ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་འདི་རྣམས་མངོན་པར་ཤེས་པ་ལྔ་མ་ཐོབ་སྙམ་མོ། །དེ་ཡང་འདི་སྙམ་དུ་འདི་རྣམས་ནི་གཡང་གཞི་དང་ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་སྤྱི་བླུགས་དང་། བླུག་གཟར་གྱི་སྣོད་ལྷག་པ་འཆང་ཞིང་ཚོད་རྔད་དང་ཨུཏྤ་ལའི་རྩ་བ་སྦྱོར་བ་ལ་བརྩོན་པར་གནས་པ་ལས་གྱུར་ཏོ་སྙམ་དུ་ཤེས་སོ། །ཤེས་རབ་ལྡན་པའི་བློ་ནི་སྟོན་ཟླ་བཞིན། དཀར་ཞིང་གསལ་བར་སའི་སྟེང་དུ་འབབ། དེས་ནི་བློ་ལྡན་ཀུ་མུ་དའི་ཚལ་དགོད་པ་བཞིན་དུ་ཡོན་ཏན་འཕེལ་བར་བྱེད། དེ་ནས་འདི་སྙམ་དུ་བདག་གིས་བྲམ་ཟེའི་ཁྱེའུ་རྣམས་ལ་ནན་ཏུར་ཞིག་མ་བྱས་ན་སྤྱོད་པ་འདི་འབྲལ་བར་དཀའོ་སྙམ་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མངོན་དུ་བྱས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སྨྲས་པ། ཁྱེའུ་དེ་དག་ཟླ་བ་གསུམ་པོ་འདིའི་བར་ཁོ་བོ་ནང་དུ་ཡང་དག་འཇོག་འདོད་ཀྱིས། ཁོ་བོ་ལ་འབྲས་བུ་དང་རྩ་བ་སྟོབ་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྦྱོང་བཅྭོ་ལྔ་པ་དེ་ཉིད་མ་གཏོགས་པར་བདག་གི་གན་དུ་གཅིག་ཀྱང་མ་འོང་ཅིག །ཡོན་ཏན་ཐོབ་པར་བྱེད་པ་ལ། །རྣམ་གཡེང་རིང་དུ་མ་བྱས་ཤིང་། ལོངས་སྤྱོད་སྲེད་པ་མ་བཏང་ན། །དབེན་པར་གནས་ཀྱང་ཅི་ཞིག་ཕན། དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཀྱང་ཁྲིམས་སུ་བྱས་ཏེ། རྩ་བ་དང་འབྲས་བུ་སྟོབ་པའི་བྲམ་ཟེ་གཅིག་དང་། གསོ་སྦྱོང་བཅོ་ལྔ་པ་མ་གཏོགས་པ་སུ་ཡང་མཁན་པོའི་དྲུང་དུ་འགྲོ་བར་མི་བྱའོ་ཞེས་དམ་བཅས་ཏེ། བདག་ཉིད་ཆེན་པོ་དེ་ཡང་དག་པར་འཇོག་པ་ལ་ཞུགས་སོ། །དེ་ནས་གཞན་ན་སྟོན་པ་ལྐུགས་འཕྱེས་རྒྱང་རིང་པོ་ཞིག་ནས་རི་དྭགས་ཞིག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །རི་དྭགས་འོངས་པ་ལེགས་སོ་ཚུར་ཤོག་ཅིག །རི་དྭགས་ཁྱོད་ཀྱང་ཁོ་བོ་མཚུངས་པ་སྟེ། །ཁྱོད་ཀྱང་ལྟོ་འགྲངས་ཙམ་གྱིས་ཆོག་ཤེས་ཤིང་། །བདག་ཀྱང་ལྟོ་འགྲངས་ཙམ་གྱིས་ཀུན་ཏུ་ཆོག །འདི་ན་ཁ་ཅིག་དེ་ལྟ་མ་ཡིན་ཏེ། །ཧ་ཅང་བག་མེད་འདོད་པའི་དབང་གྱུར་ཏེ། ཚོད་རྔད་ཨཏྤ་ལའི་རྩ་བ་དག །སྦྱོར་བར་བྱེད་ལ་ཉིན་མཚན་བརྩོན་པར་གནས། དེ་སྐད་ཅེས་སྨྲས་པ་བྲམ་ཟེའི་ཁྱེའུ་རྣམས་ཀྱི་ཐོས་ཏེ་འདི་སྙམ་དུ། མཁན་པོ་ནི་གདོན་མི་ཟ་བར་བརཏལ་ཞུགས་རྫོགས་པར་གྱུར་ཏེ། རི་དྭགས་དང་ལྷན་ཅིག་སྨྲ་བར་བྱེད་དོ་སྙམ་ནས། ཐམས་ཅད་འདུས་ཏེ་མཁན་པོའི་དྲུང་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ལ་སྟོན་པ་བྲམ་ཟེ་ཅང་མི་སྨྲའོ། །མཁས་ཤིང་ཟབ་པ་རྣམས་ཀྱི་ཚིག །མ་བརྟགས་གྱུར་ན་བློ་ལྡན་ཡང་། །རེ་ཤིག་དུབ་པ་ཉིད་དུ་འགྱུར། །བརྟགས་པས་རིང་ནས་མངོན་དུ་འགྱུར། །དེ་ནས་ཡང་བྲམ་ཟེའི་ཁྱེའུ་རྣམས་མཁན་པོ་ནི་རི་དྭགས་དག་ལྷན་ཅིག་སྨྲ་བར་བྱེད་ཀྱིས། མི་རྣམས་དང་ནི་མ་ཡིན་ནོ་སྙམ་ནས། སྟན་ལས་ལངས་སྟེ་སོང་ངོ་། །དེ་ནས་དུས་གཞན་ཞིག་ན། རི་དྭགས་ཀྱི་བརཏལ་ཞུགས་ཅན་ཞིག་སྟོན་པ་ལྐུགས་འཕྱེ་གང་ན་བ་དེར་སོང་པ་ན། དེ་ལ་འདི་སྐད་ཅེས་སྨྲས་པ། ཚུར་ཤོག་འོངས་པ་ལེགས་སོ་ལེགས། །རི་དྭགས་རྗེས་ཞུགས་བརཏལ་ཞུགས་ཅན། །ཁྱོད་དང་ཁོ་བོ་མཚུངས་པ་སྟེ། །ཆོག་ཤེས་པ་དང་ལྡན་ཕྱིར་རོ། །གང་གིས་གཡང་གཞི་རིལ་བ་སྤྱི་བླུགས་དང་། །བླུག་གཟར་ཅིག་གིས་ལེགས་པར་ཆོག་ཤེས་ལ། །བཟའ་བ་ལྟོ་འགྲངས་ཙམ་གྱིས་འཚོ་བྱེད་པ། །འདི་ནི་དཀའ་ཐུབ་ཅན་ལ་རིགས་པ་ཡིན། །འདི་ན་ཁ་ཅིག་དེ་ལྟ་མ་ཡིན་ཏེ། གཡང་གཞི་དང་ནི་དེ་བཞིན་ཤིང་ཤུན་དང་། །དབྱུ་གུ་རིལ་བ་བླུག་གཟར་ཡོ་བྱད་རྣམས། །ལྷག་པར་འཆང་ཞིང་འདོད་པའི་རྗེས་ཞུགས་ཏེ། །ཚོད་རྔད་ཁྲེ་རྒོད་ཨུཏྤལ་རྩ་བ་དག །སྦྱོར་ཞིང་བརྩོན་པས་དུས་ཀྱང་འདའ་བར་བྱེད། །དེ་སྐད་སྨྲས་པ་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཐོས་ནས་འདི་སྙམ་དུ་གྱུར་ཏེ། ཕན་ཚུན་སྨྲས་པ། ཀྱེ་མ་མཁན་པོ་ཆེན་པོ་ནི་འདོད་ཆེན་པ་ལ་ནི་རྣམ་པར་སྨོད་ལ། འདོད་པ་ཆུང་བ་རྣམས་ལ་བསྟོད་པས། དོན་གྱིས་ན་མཁན་པོས་བདག་ཅག་ལ་ནན་ཏུར་བྱས་ཀྱིས། ད་ནི་བདག་ཅག་རྣམས་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་སྤྱི་བླུགས་དང་། བླུག་གཟར་གྱི་སྣོད་ལྷག་པ་རྣམས་ཆུ་བོ་རྟ་བབ་ཀྱི་ནང་དུ་བོར་ལ་མཁན་པོ་ག་ལ་བ་དེར་འདོང་ངོ་། །དེ་ནས་བྲམ་ཟེའི་ཁྱེེའུ་བློ་ལྡན་རྣམས། དོན་དེ་རིག་པས་ངོ་མཚར་བཅས་གྱུར་ཏེ། །ཡོ་བྱད་ལྷག་པ་དེ་དག་རྣམ་སྤངས་ནས། །བདག་གི་མཁན་པོའི་དྲུང་དུ་ཉེ་བར་ལྷགས། དེ་ལྟར་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཡོ་བྱད་ལྷག་པ་རྣམས་སྤངས་སྟེ། མཁན་པོའི་དྲུང་དུ་ཐམས་ཅད་ཀྱང་རྒྱུད་གཙང་བ་སྤྱོད་པ་རྣམ་པར་དག་པ་དང་བཅས་ཏེ་སོང་ནས། མཁན་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་སྟོན་པ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སེམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་ཀྱི་རང་བཞིན་ཤེས་པས་ཇི་ལྟ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །དེ་ལྟར་ཐུགས་རྗེ་ཆེ་ཞིང་བློ་ལྡན་པས། །ཐབས་ཀྱིས་འདོད་དང་རྣམ་གཡེང་རྒྱུན་གཅད་དེ། །འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་གྱིས། །ལམ་ལ་དྲངས་ཏེ་མངོན་པར་ཤེས་ལ་བཀོད། །དེས་ན་ཚུལ་འདི་འདི་ན་མངོན་སུམ་བཞིན། །ཞི་གནས་རྩ་བ་འདོད་པས་དབེན་པ་སྟེ། །རྣམ་གཡེང་གིས་ནི་འཇིག་རྟེན་རྨོངས་པར་བྱེད། །རྨོངས་བྲལ་ཤེས་རབ་ལྡན་པའི་ལྷག་མཐོང་གིས། །འཁོར་བ་སྤངས་ནས་མྱ་ངན་འདས་འགྲོ་ཞེས། །ཐུབ་པ་རྣམས་ཀྱིས་རྟག་ཏུ་བསྔགས་པ་མཛད། །དེ་ལྟར་བྱང་ཆུབ་སེམས་དཔའི་ཐབས་མཁས་པས་བྲམ་ཟེའི་ཁྱེའུ་དེ་ཐམས་ཅད་ཀྱིས་མངོན་པར་ཤེས་པ་ལྔ་ཐོབ་ཅིང་། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་ཐབས་མཁས་པའི་ཕན་ཡོན་བསྔགས་པ་དང་། རྣམ་པར་གཡེང་པ་དང་འདོད་པས་ནི་བྱང་ཆུབ་ཀྱི་ལམ་ལས་རིང་བར་བྱེད་དོ་ཞེས་འདོད་པའི་ཉེས་པ་བསྟན་པ་དང་། དབེན་པའི་ཕན་ཡོན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྟོན་པ་བྲམ་ཟེའི་སྐྱེས་པའི་རབས་ཏེ་དྲུག་ཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་པ་དང་ལྡན་པས་གླུ་དང་གར་ལ་སོགས་པ་རྣམ་པར་གཡེང་པ་དང་ལྡན་པ་ལྟ་བུ་ལ་བརྟེན་ནས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་སྟེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། རེ་ཞིག་ན་གར་མཁན་གྱི་རིགས་སུ་སྐྱེ་བ་བཟུང་བར་གྱུར་ཏོ་ཞེས་གྲག་གོ །དེ་ཡང་སྔོན་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་གྱིའང་ཆེས་སྔ་རོལ་ན། གར་མཁན་གྱི་སློབ་དཔོན་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བ་མཛངས་ཤིང་གསལ་བ་ཡིད་གཞུངས་པ་མཁས་ཤིང་བརྟན་ལ་གཞན་གྱི་ཡིད་དང་མཐུན་པ་ཚིག་བཟུང་བར་འོས་པ། སྐྱེ་བོའི་ཚོགས་མང་པོ་དགའ་བར་བྱེད་པ། དུས་ཤེས་པ། ཕ་དང་མ་དང་དགེ་སྦྱོང་དང་བྲམ་ཟེ་ལ་དགའ་བ། འཇིག་རྟེན་གྱི་བསམ་པའི་རྗེས་སུ་ཞུགས་ཤིང་ཚིག་སྨྲས་པ་ཙམ་གྱིས་སེམས་ཅན་གྱི་བསམ་པ་འཛིན་པར་བྱེད་པ་ཞིག་བྱུང་ངོ་། །མཁས་ཤིང་གསལ་བའི་རང་བཞིན་ཅན། ཡོན་ཏན་ཚོགས་ཀྱིས་དཔལ་འབར་བ། །དེ་ནི་སྐྱེ་བོ་ཀུན་དང་མཐུན། །ཉི་མའི་དཀྱིལ་འཁོར་ཇི་བཞིན་ནོ། །དེའི་བུ་མོ་འགྲོ་བའི་དཔལ་མོ་ཞེས་བྱ་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། བསམ་པ་རྒྱ་ཆེ་བ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆུང་བ། མི་ལས་འདས་ཤིང་ལྷའི་གཟུགས་དང་ཁ་དོག་ལྟ་བུ་གླུ་གར་ལ་མཆོག་ཏུ་མཁས་པ། མཐོང་བ་ཙམ་གྱིས་སྐྱེ་བོ་རྣམས་ཀྱི་མིག་འཛིན་པར་བྱེད་པ་ཞིག་བྱུང་ངོ་། །དེའི་ལུས་ནི་དཔལ་གྱིས་རབ་ཏུ་བརྒྱན། །དེའི་གདོང་ནི་སྟོན་ཟླ་ལྟ་བུར་དཀར། །དེའི་མིག་ནི་ཨུཏྤལ་སྔོན་པོ་བཞིན། །དེའི་ཡན་ལག་པད་མའི་རྩ་བ་འདྲ། །གང་གི་གདོང་ལ་མིག་གི་ཨུཏྤ་ལ་རྒྱས་པ་དང་། །པདྨ་དཀར་འདྲའི་སོའི་འཕྲེང་བ་རབ་དཀྲིགས་ཤིང་། བན་དྷུ་ཛི་བ་ཀ་རྒྱས་འདྲའི་མཆུ་སྒྲོས་དམར་གསལ་བ། །སྣ་བརྒྱུད་མཁུར་མཛེས་སྨིན་མའི་འདབ་མ་གཡོ་བས་བརྒྱན། །སྐྱེ་བོའི་ཡིད་རྣམས་འདྲེན་པར་བྱེད་པས་ལྕགས་ཀྱུ་བཞིན། །བཞིན་རས་ལྡན་འདི་པད་མོའི་མཚོ་དང་མཚུངས་པ་སྙམ། །འོན་ཀྱང་འགྲོ་བའི་དཔལ་མོ་འདི། ཆགས་ལྡན་ཡིད་རྣམས་འདྲེན་བྱེད་ཀྱང་། །ཆགས་པའི་སེམས་ལས་གྲོལ་བ་སྙམ། །རིན་ཆེན་རྒྱན་གྱིས་རབ་བརྒྱན་པའི། །ཡན་ལག་གིས་གར་མཛེས་བྱེད་ཀྱང་། །སྒེག་པའི་ཚུལ་ལ་འཕྱར་བ་སྤངས། །ཀ་ལ་པིང་ཀའི་སྒྲ་དབྱངས་པས། །སྙན་པར་ངག་དུ་གླུ་ལེན་ཀྱང་། །ཅ་ཅོའི་འབྲིད་པར་བྱེད་པ་མིན། །སྙིང་རྗེའི་དབང་གིས་སེམས་ཅན་ལ། །ཆགས་པའི་ཚུལ་གྱིས་ཉོན་མོངས་སྤྱོད། །དེ་ནི་དམ་པའི་སྤྱོད་པ་ཡིན། །དེ་ལྟར་གར་མཁན་གྱི་བུ་མོ་འགྲོ་བའི་དཔལ་མོ། གང་ན་སྐྱེ་བོའི་ཚོགས་མང་པོ་འདུས་ཤིང་འཁོད་པ་དེར། །བདག་ཉིད་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་ནས་སྐྱེ་བོའི་ཚོགས་ཀྱི་མདུན་དུ་འདུག་སྟེ་གླུ་འདི་སྐད་ཅེས་བླངས་སོ། །ལང་ཚོ་འདི་དག་རི་བོའི་ཆུ་ལྟར་འགྲོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཏུ་ལྷུང་། །བྱིས་པའི་སྐྱེ་བོ་རབ་ཏུ་མྱོས་པ་དག བརྒྱལ་ཞིང་གཡོ་བའི་ཤུགས་ཀྱིས་མི་ཤེས་སོ། །སྟོན་ཀའི་སྤྲིན་སྡུག་སྙིང་པོ་མེད་པ་དང་། །ཆར་རྒྱུན་ཤུགས་ལྟར་ལང་ཚོ་འགྲོ་བ་ཡིན། །གང་དག་གཟུགས་ཀྱི་འཆིང་བས་བཅིངས་པས་ནི། །མི་རྟགས་མི་ལྟུང་བར་ནི་མི་འཛིན་ནོ། །ཇི་ལྟར་བྱིས་པ་ཁྱེའུ་མ་མ་ལྟར། །མི་མཁས་བློ་གྲོས་ངན་པ་དེ་དག་ནི། །ཡིད་བསླུས་འཆི་བར་འགྲོ་བ་མི་ཤེས་སོ། །དེ་ནས་འབྲས་བུ་མེད་པས་ཡིད་སྦགས་པ། །དེ་ནི་མི་རྟག་འཇིགས་པས་སྐེམས་པར་བྱེད། །བསོད་ནམས་མེད་པས་འཆི་མཐའ་སྲོག་འཇོམས་སོ། །མཁས་པ་གང་དག་རྒྱལ་བའི་གསུང་རབས་ལ། རྟག་ཏུ་བརྩོན་པས་ལང་ཚོའི་དགའ་བ་ལ། མཁས་པ་དེ་ཡང་དགའ་བར་མི་བྱའོ། །མཁས་པ་བདེ་བར་གཤེགས་པའི་གསུང་རབ་ལས། །སྙིང་པོ་མེད་པར་གསུང་པ་རྟག་པར་གྱིས། །རྒས་པ་དེ་ཡིས་ལང་ཚོ་མངོན་དུ་འཕྲོག །གལ་ཏེ་སྐྱེ་བོ་མཁས་ཤིང་མཛངས་པ་དག །འདི་དག་བདག་མེད་ལང་ཚོ་རྟོག་པར་བྱེད། །ཇི་ལྟར་སྐྱེས་བུ་འབད་པས་སློངས་མོ་པ། །བདེ་བ་འདོད་པས་ཀུན་ཏུ་རྒྱུ་བ་དག །བདེན་པར་མི་འགྱུར་བརྙས་པའི་གནས་སུ་འགྱུར། །དེ་བཞིན་རྟག་ཏུ་ལང་ཚོ་དོན་བྱེད་པ། །དེ་ཡང་མི་རྟག་རྒས་པས་ཟིལ་མནན་ནས། ཀུན་ཏུ་ཞུམ་ཞིང་སྡུག་བསྔལ་གནས་སུ་འགྱུར། །དེ་བས་ལང་ཚོའི་དུས་ལ་བབ་པ་དག །སྟོབས་དང་བརྩོན་འགྲུས་ཉམས་པར་མི་བྱ་སྟེ། བདག་གི་ལང་ཚོ་རྒས་པས་མངོན་ཕྲོགས་ཅེས། །བག་ཡོད་སྤྱོད་པས་རྒྱལ་བའི་བསྟན་ལ་སྦྱར། །གང་དག་ལང་ཚོའི་རྣམ་པས་ཡིད་འཕྲོག་པ། །ཀྱེ་མ་བསམ་པ་བསླུས་ཤིང་སྟོབས་ཉམས་སོ། །ལང་ཚོའི་རྣམ་པ་འདི་ནི་སྐད་ཅིག་ལ། །མི་རྟག་སྟོབས་ཀྱིས་མྱུར་དུ་འགྱུར་བར་བྱེད། །ལང་ཚོ་འདི་ལ་འབད་པས་སྐད་ཅིག་ཀྱང་། །ཡོངས་སུ་བརྟགས་པར་བྱ་བ་སླ་མིན་པས། །དེ་བས་མི་ནི་ལང་ཚོ་འཛིན་པའི་ཚེ། །རྒས་ཤིང་ཐར་པར་བྱ་ལ་འབད་པར་གྱིས། །དགེ་བ་ལང་ཚོ་དུས་ལས་འདས་གྱུར་ཀྱང་། །ཆོས་ནི་ཉམས་པར་གྱུར་པ་མ་ཡིན་ནོ། །མཁས་པ་གང་དག་རྒྱལ་བའི་བསྟན་པ་ལ། །སྤྱོད་པར་བྱེད་པ་བདུད་རྩི་འཐུང་པ་ཡིན། །ཆུ་ཡིས་བཏབ་པའི་མེ་ནི་ཤི་བ་ལྟར། །བདུད་ཀྱི་འཆིང་བ་དེ་ཡིས་སྤྱོད་པར་བྱེད། །དེ་ལྟ་བས་ན་ལང་ཚོའི་དུས་ལ་བབ་པའི་ཚེ། །བདེ་བར་གཤེགས་པའི་བསྟན་ལ་འཇུག་པར་གྱིས་ཞེས་བྱ་བ་ལ་སོགས་པའི་ལེགས་པར་སྨྲ་བ་དུ་མས་འགྲོ་བ་དེ་རྣམས་ཐེག་པ་གསུམ་གྱི་ལམ་དང་རྗེས་སུ་མཐུན་པ་ལ་སྦྱོར་ཞིང་། མི་རྟག་པ་སྟོང་ཞིང་ཞི་བ་སྙིང་པོ་མེད་པ་མངོན་དུ་གོ་བར་བྱེད་དོ། །འདི་ལྟ་བུའི་ཚུལ་འདི་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ཡིན་ཏེ། གང་ན་བྱང་ཆུབ་སེམས་དཔའ་རྣམས། །དེ་དང་དེ་ཡིས་འདུལ་འགྱུར་བ། །དེ་ལ་མངོན་བར་སྦྱོར་བར་མཛད། །གང་ཚེ་ཆགས་ལྡན་སྒྱུ་མ་ལ། །འཇུག་པ་དེ་ཚེ་སེམས་ཅན་ལ། །སྒྱུ་མའི་རྣམ་འཕྲུལ་སྟོན་པར་མཛད། །གང་ཚེ་འཇིག་རྟེན་གཟུགས་ཀྱིས་འདུལ་གྱུར་པ། །དེ་ཚེ་ལྷའི་ལུས་ལས་རྒྱར་འཕགས་པའི། རིན་ཆེན་རྒྱན་འཕྲེང་མཛེས་པས་བརྒྱན་བྱས་པར། །བཏང་ནས་འདོད་པའི་འདམ་རྫབ་སྐེམས་པར་བྱེད། །ཟློས་གར་དབྱངས་དང་དྲུག་འགྱུར་བརྒྱ་དག་གིས། །ཀ་ལ་པིང་ཀའི་སྒྲ་དབྱངས་འཕྲོག་བྱེད་པ། །ངག་ཚིག་དྲི་མ་མེད་པ་རབ་སྒྲགས་ནས། །སྐྱེ་བོའི་ངག་རྣམས་ལེགས་བཤད་ཚིག་ལ་སྦྱོར། །ཆགས་ལྡན་ཆགས་བྲལ་བྱེད་ལ་ཆགས་ལྡན་བཞིན། །བསྟན་པས་བསྟན་པ་གསལ་བྱེད་བསྟན་བཅོས་བཞིན། །སྣང་མཛད་སྣང་པའི་འོད་སྣང་རྒྱས་པ་བཞིན། །འདི་ལྟ་འདི་ནི་སངས་རྒྱས་འདིར་བྱུང་བཞིན། གང་གིས་མཐོང་ཐོས་ཐར་ལམ་མཆོག་ལ་སྦྱོར། །ཀྱེ་ཧོ་རྨད་དུ་བྱུང་བ་བསྟན་པ་སྙམ། །དེ་ལྟར་གར་མཁན་གྱི་བུ་མོ་འགྲོ་བའི་དཔལ་མོ་གང་ན་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་རྒྱལ་པོའི་ཕོ་བྲང་འཁོར་སྐྱེ་བོ་མང་པོ་འདུལ་བའི་གནས་དེ་རྣམས་སུ། གླུ་དང་གར་གྱི་རྣམ་པ་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་སྟོན་ཅིང་དཔག་ཏུ་མེད་པ་བྱང་ཆུབ་ཏུ་སྨིན་པར་བྱས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཐབས་མཁས་པས་འགྲོ་བ་འདུལ་བར་བྱེད་པའི་སྟོབས་དཔག་ཏུ་མེད་དོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་མི་རྟག་པའི་གཏམ་བྱ་བ་ལའང་བརྗོད་པར་བྱའོ། །གར་མཁན་གྱི་སྐྱེས་པའི་རབས་ཏེ་དྲུག་ཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་པ་དུ་མས་སེམས་ཅན་རྣམས་ལ་འདོད་པའི་ཉེས་པ་དང་། མི་རྟག་པའི་རྣམ་པ་སྟོན་པར་བྱེད་པས་དཔག་ཏུ་མེད་པའི་མངོན་མཐོ་དང་ངེས་ལེགས་ལ་སྦྱོར་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་སྐྱེ་དགུ་རྣམས་ཚེ་ལོ་དཔག་ཏུ་མེད་པ་ན་འཛམ་བུའི་གླིང་འདི་ཉིད་དུ་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་བྱུང་སྟེ། དེའི་སྤྱི་བོར་ཤའི་ལྦ་བ་ཤིང་བལ་གྱི་འདབ་མ་ལྟར་འཇམ་པ་ཞིག་བྱུང་སྟེ། དེ་སྨིན་ཅིང་རྟོལ་བ་ལས་ཁྱེའུ་གཟུགས་བཟང་པོ་མཛེས་པ། ལྟ་ན་སྡུག་པ་ལྤགས་པའི་མདོག་གསེར་དུ་སྣང་བ། མཚན་བཟང་པོ་སུམ་ཅུས་ཀུན་ནས་བརྒྱན་པ་ཞིག་བྱུང་ངོ་། །དེ་བཙས་མ་ཐག་ཏུ་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བཙུན་མོ་བརྒྱད་ཁྲིའི་ནུ་མ་ལས་འོ་མ་ཟགས་པར་གྱུར་ཏེ། ང་ལས་ནུས་ང་ལས་ནུས་ཞེས་སྨྲས་པས་ཁྱེའུ་མིང་ཡང་ང་ལ་ནུ་ཞེས་གྲགས་སོ། །ཁ་ཅིག་ནི་སྤྱི་བོ་སྐྱེས་ཞེས་ཟེར་རོ། །གཞོན་ནུ་དེ་རང་གི་བསོད་ནམས་ཀྱི་མཐུས་བསྐྱེད་ཅིང་། རྩེད་མོ་རྩེ་བ་ལས་བརྒྱ་བྱིན་དྲུག་ཚེ་འཕོས་པའི་བར་ལོན་ནོ། །དེ་ནས་གཞོན་ནུ་ཡུལ་གཞན་ཞིག་དུ་ཕྱིན་ཏེ། ཀུན་ཏུ་སྤྱོད་པ་ལས་བརྒྱ་བྱིན་དྲུག་ཚེ་འཕོས་པ་ལོན་ནོ། །དེའི་ཚེ་རྒྱལ་པོ་གསོ་སྦྱོང་འཕགས་ན་བར་གྱུར་ནས། འཚོ་བར་བྱེད་པ་རྣམས་ཀྱིས་གསོས་ཀྱང་མ་ཕན་ཏེ་དུས་ལས་འདས་པར་གྱུར་ནས་ཕོ་ཉ་བཏང་ཏེ་གཞོན་ནུ་ཚུར་བྱོན། ཁྱོད་ཀྱི་ཡབ་ནི་གྲོངས་ཀྱིས་རྒྱལ་སྲིད་བཞེས་ཤིག་ཅེས་སྤྲིངས་པ་ལས། ང་ལས་ནུས་བསམས་པ། གལ་ཏེ་བདག་གི་ཡབ་གྲོངས་ན་དེར་སོང་ནས་ཅི་ཞིག་བྱ། གལ་ཏེ་ཁོ་བོས་ཆོས་དང་མཐུན་པའི་རྒྱལ་སྲིད་ཐོབ་པར་འགྱུར་དུ་ཟིན་ན་ནི་འདི་ཉིད་དུ་རྒྱལ་སྲིད་དུ་དབང་བསྐུར་བར་འགྱུར་རོ་སྙམ་ནས། དེ་སྐད་དུ་སྤྲིངས་སོ། །ཡང་བློན་པོ་རྣམས་ཀྱིས་གསོལ་བ། རྒྱལ་སྲིད་དུ་དབང་བསྐུར་བ་ལ་སེང་གེའི་ཁྲི་དང་ཅོད་པན་དང་། གདུགས་ལ་སོགས་པ་དང་། ཡོ་བྱད་མང་དུ་འཚལ་གྱི་ཕོ་བྲང་དུ་གཤེགས་སུ་གསོལ། དེས་སྨྲས་པ། ངས་རྒྱལ་སྲིད་ཆོས་དང་མཐུན་པར་ཐོབ་པ་ལྟ་ན་འདི་ཉིད་དུ་འོང་བར་འགྱུར་རོ། །དེ་ནས་གནོད་སྦྱིན་ལྷ་གནས་ཞེས་བྱ་བས་རིན་པོ་ཆེའི་བཅལ་དང་། སེང་གེའི་ཁྲི་དེ་ཉིད་དུ་བླངས་སོ། །ཕོ་བྲང་འཁོར་དུ་གནས་པ་རྣམས་ཀྱིས་ཅོད་པན་ལ་སོགས་པ་ཁྱེར་ཏེ་འོངས་ནས་ལྷ་དབང་བསྐུར་བ་བཞེས་སུ་གསོལ་སྨྲས་པ་དང་། གཞོན་ནུས་སྨྲས་པ། ཁོ་བོ་ཆོས་དང་མཐུན་པར་རྒྱལ་སྲིད་ཐོབ་ན་མི་མ་ཡིན་པ་རྣམས་ཀྱིས་ཅོད་པན་འཆིང་བར་འགྱུར་རོ། །དེ་ནས་མི་མ་ཡིན་པ་རྣམས་ཀྱིས་ཅོད་པན་བཅིངས་ནས་རྒྱལ་སྲིད་དུ་དབང་བསྐུར་ཞིང་རིན་པོ་ཆེ་སྣ་བདུན་ཡང་བྱུང་བར་གྱུར་ཏོ། །བསོད་ནམས་དཔལ་གྱིས་མངོན་པར་མཐོ་བ་ཡིས། །མི་དབང་ཆོས་ཀྱི་རྒྱལ་པོ་ང་ལ་ནུ། །དེ་ནི་རང་གི་བསོད་ནམས་མཐུ་ཡིས་འདིར། །འཁོར་ལོ་རིན་ཆེན་རྟ་དང་གླང་པོ་དང་། བུད་མེད་ཁྱིམ་བདག་དམག་དཔོན་རིན་ཆེན་བདུན། །མི་མཆོག་བསོད་ནམས་དཔལ་གྱིས་ཐོབ་པར་གྱུར། །དཔའ་ཞིང་བརཏལ་ཕོད་གཟུགས་དང་ལྡན་པ་ཡི། །བུ་ཡང་སྟོང་དུ་ཚང་པ་བྱུང་བར་གྱུར། །དེ་ཚེ་རྒྱལ་པོའི་ཕོ་བྲང་ཡང་། །གནས་བཅས་ཞེས་ཀྱང་གྲགས་གྱུར་ཏེ། །ཆུ་ཞེང་དཔག་ཚད་བཅུ་གཉིས་པ། །གསེར་གྱི་ར་བས་ཡོངས་བསྐོར་ཞིང་། །ལྗོན་པའི་ཚོགས་ཀྱིས་རབ་བཀྲ་བའི། །སྐྱེད་མོས་ཚལ་རྣམས་དུ་མས་བརྒྱན། །བཻ་ཌཱུརྻ་ལྟར་བསྔོ་བའི་ཆུ། །རྫིང་བུ་བསིལ་བ་དུ་མས་བསྐོར། །གསེར་དང་དངུལ་གྱི་ཐེམ་སྐས་ཅན། །པད་མ་ཨུ་ཏྤལ་དུ་མས་མཛེས། བྱ་རྣམས་དུ་མ་སྒྲ་སྙན་འབྱིན། །བུང་བ་མཛེས་པ་གར་བྱེད་པ། །དེ་ན་སྐྱེ་བོ་མྱོས་པ་རྣམས། འདོད་པའི་ལོངས་སྤྱོད་དུ་མ་དང་། །བཅས་ཤིང་དགའ་བའི་དཔལ་གྱིས་བརྒྱན། །ཁ་ཅིག་རྒྱལ་པོའི་ཤིས་པ་བརྗོད། །རྒྱ་མཚོ་མཐར་གཏུགས་ས་ཆེན་འདི། །གདུགས་དཀར་ཅིག་གིས་ཁེབས་པ་བཞིན། །ལྷན་ཅིག་དཔལ་ལ་སྤྱོད་པར་གྱུར། །དེ་ལྟར་རྒྱལ་པོ་ང་ལ་ནུས། །འཁོར་ལོ་སྒྱུར་བའི་སྲིད་ལ་དབང་བྱེད་པར་གྱུར་ཏོ། །དེའི་ཚེ་ཡངས་པ་ཅན་གྱི་ཉེ་འཁོར་ན་ནགས་ཚལ་སྟུག་པོ་ཞིག་ཡོད་པ་ན་དྲང་སྲོང་ལྔ་བརྒྱ་བསམ་གཏན་བྱེད་པ་ལས་དེ་ན་བྱ་དཀར་པོ་མང་པོ་གནས་པ་རྣམས་སྒྲ་འབྱིན་པ་ལ་དྲང་སྲོང་བཞིན་ངན་ཞེས་བྱ་བ་འཁྲུགས་ནས། གཤོག་པ་རྣམས་ཐང་ལ་ལྷགས་པར་གྱུར་ཅིག་ཅེས་བྱས་པས། བྱ་དཀར་དེ་རྣམས་འདབ་མ་བྱི་ཞིང་རྐང་གིས་འགྲོ་བར་གྱུར་པ། རྒྱལ་པོས་མཐོང་ནས་སྨྲས་པ། འདི་རྣམས་ཅི་ཉེས། བློན་པོ་རྣམས་ཀྱིས་གསོལ་པ། བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས་དྲང་སྲོང་བསམ་གཏན་བྱེད་པ་ལ་གནོད་པར་གྱུར་ནས་སྨོད་པ་བོར་རོ། །རྒྱལ་པོས་སྨྲས་པ། སེམས་ཅན་ལ་བརྩེ་བ་མེད་པའི་དྲང་སྲོང་ཡང་ཡོད་པ་ལྟ། ཤེས་ལྡན་དག་དོང་ལ་དྲང་སྲོང་རྣམས་ངའི་ས་ཆར་མ་འདུག་ཅིག་ཅེས་སྨྲོས་ཤིག །དེ་དག་གིས་དེ་སྐད་ཅེས་བསྒོས་པ་དང་། དྲང་སྲོང་རྣམས་ཀྱིས་བསམ་པ་འདི་ནི་གླིང་བཞི་ལ་དབང་ཡིན་ནོ། །སྙམ་ནས་རི་རབ་ཀྱི་བང་རིམ་དུ་སོང་ཏེ་གནས་སོ། །དེའི་དུས་ཀྱི་མི་རྣམས་བཟོ་ལ་སོགས་པའི་ལས་རྣམས་ལ་རྟོག་པར་བྱེད། འཇལ་བར་བྱེད་པས་རྟོག་སྤྱོད་ཅེས་བྱའོ། །དེ་ནས་རྒྱལ་པོ་ང་ལ་ནུ་ལྗོངས་རྒྱུ་བ་ན་མི་རྣམས་ཞིང་གི་ལས་དང་། རས་བལ་ཁལ་བ་དང་། ཐགས་སུ་བྱ་བ་བྱེད་པ་མཐོང་ནས། བློན་པོ་རྣམས་ལ་སྨྲས་པ། མི་འདི་རྣམས་ཅི་ཞིག་བྱེད། བློན་པོས་གསོལ་པ། འཚོ་བར་བགྱིད་པའི་ཡོ་བྱད་བགྱིད་པ་ལགས་སོ། །རྒྱལ་པོས་སྨྲས་པ། ངའི་མི་རྣམས་འདི་ལྟ་བུའི་ལས་བྱེད་དམ། བློན་པོ་རྣམས་ཀྱིས་གསོལ་པ། ལྷས་བཟའ་བ་དང་གོས་ཀྱི་ཆར་དབབ་དུ་གསོལ་ཞེས་གསོལ་པ་དང་། དེ་ནས་རྒྱལ་པོ་ང་ལ་ནུ་རང་རང་གི་བསོད་ནམས་མཐུ་རྟག་ཕྱིར། སེམས་ནི་བསྐྱེད་པར་གྱུར་མ་ཐག །འབྲུ་རིགས་ཉི་ཤུ་རྩ་བདུན་དང་། །སྣ་ཚོགས་གོས་རྣམས་དུ་མ་དག །ལྷ་རྣམས་ཀྱིས་ནི་ཆར་དུ་ཕབ། །དེ་ཚེ་འཛམ་བུའི་གླིང་ན་གནས་པ་རྣམས། །ལོངས་སྤྱོད་ཚོགས་ཀྱིས་བྲེལ་བ་མེད་པར་གྱུར། །ཕན་ཚུན་དགའ་ཞིང་བདེ་བ་རྒྱས་གྱུར་ཏེ། །སྟོན་ཀའི་དཔལ་བཞིན་རྒྱུན་དུ་གནས་པར་གྱུར། །འདི་རྣམས་སུའི་བསོད་ནམས་ཀྱི་མཐུ་ལས་བྱུང་། བློན་པོ་རྣམས་ཀྱིས་གསོལ་བ། ལྷའི་འང་ལགས། བདག་ཅག་གིའང་ལགས་སོ། །དེ་ནས་ཡང་རྒྱལ་པོ་ང་ལ་ནུ་རང་གི་བསོད་ནམས་ཀྱི་མཐུ་བརྟག་པའི་ཕྱིར་བདག་གི་ཕོ་བྲང་དུ་ཞག་བདུན་གྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་ཅིང་། ཕྱི་རོལ་དུ་ནི་ཀར་ཤ་པ་ནི་ཅིག་ཀྱང་མ་བབ་ཀྱང་ཅི་མ་རུང་སྙམ་དུ་སེམས་དཔའ་ན། སེམས་བསྐྱེད་མ་ཐག་ཏུ་ཕོ་བྲང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་ཅིང་། ཕྱི་རོལ་ཏུ་ནི་མ་བབ་ཏེ། དེ་ལྟར་བསོད་ནམས་ཀྱི་འབྲས་བུ་མཐུ་ཆེ་བ་མངོན་དུ་གྱུར་ཏེ། རྒྱལ་པོས་སྨྲས་པ། འདི་རྣམས་སུའི་བསོད་ནམས་ལས་གྱུར། རྒྱལ་པོའི་ལེགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཉེས་ཏེ། སྔར་ནས་རྒྱལ་པོའི་ལགས་སོ་ཞེས་བརྗོད་ན། འཛམ་བུའི་གླིང་ཐམས་ཅད་དུ་རིན་པོ་ཆེའི་ཆར་འབབ་པར་འགྱུར་བ་ཞིག་ན། འོན་ཀྱང་ཁྱེད་རྣམས་ལས་གང་དག་རིན་པོ་ཆེ་ཅི་དང་ཅི་འདོད་པ་ལོང་ཞིག་ཅེས་སྨྲས་སོ། །དེ་ལྟ་བུའི་ཚུལ་གྱིས་རྒྱལ་སྲིད་བསྐྱངས་པ་ལས་བརྒྱ་བྱིན་དྲུག་ཚེ་འཕོས་པ་ལོན་ནོ། །གང་གི་བསོད་ནམས་མཐུ་ཡང་དཔག་མེད་ལ། །འདོད་པ་འདི་ཡང་ཆོག་ཤེས་མེད་གྱུར་ཏེ། །ཇི་ལྟར་མེ་ལ་ཤིང་གིས་མཆོག་ཤེས་མེད། །དེ་ལྟར་འཁོང་པ་འདི་ན་མཚར་ཅིག་བྱས། །དེ་ནས་རྒྱལ་པོ་ང་ལ་ནུ་འདི་སྙམ་དུ་གྱུར་ཏེ། གནོད་སྦྱིན་ལྷ་གནས་ལ་སྨྲས་པ། གང་ངས་བཀའ་སྩལ་དགོས་པ་བཀའ་འོག་ཏུ་མ་ཚུད་པའི་གླིང་གཞན་ལྟ་ཡོད་དམ། ལྷ་གནས་ཀྱིས་སྨྲ་པ། ཤར་གྱི་ལུས་འཕགས་ཞེས་བྱ་བའི་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་པ་མཆིས་ཀྱིས། ལྷ་ཡང་དེར་གཤེགས་པའི་རིགས་སོ། །དེ་ནས་ས་ཡི་བདག་པོ་དེ། འཁྱོགས་དང་དཔུང་དང་བཞོན་པར་བཅས། །བྱེ་བ་བརྒྱད་འབུམ་ལྷན་ཅིག་ཏུ། །ལུས་འཕགས་གླིང་དུ་ཉེ་བར་སོང་། དེར་ཡང་སྔ་མ་བཞིན་དུ་རང་གི་བསོད་ནམས་ཀྱི་དཔལ་འབྱོར་ལས་གྲུབ་པ་བདེ་བའི་ཡོངས་སུ་སྤྱད་པ་སྔ་མ་ལྟ་བུའི་ཚུལ་གྱིས་ལོ་བྱེ་བ་བརྒྱ་སྟོང་ཕྲག་ཏུ་མ་གནས་པར་གྱུར་ཏེ། དགེ་བ་བཅུའི་ཁྲིམས་དང་རྗེས་སུ་བསྟན་པ་སྟོན་ཅིང་དེར་ཡང་བརྒྱ་བྱིན་དྲུག་ཚེ་འཕོས་པ་ལོན་ནོ། །དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་དུའང་སྔ་མ་ལྟ་བུའི་ཚུལ་གྱིས་སོང་ཏེ་རྗེས་སུ་བསྟན་ཅིང་། བརྒྱ་བྱིན་དྲུག་ཚེ་འཕོས་པའི་བར་གནས་སོ། །དེ་ནས་ཡང་གནོད་སྦྱིན་ལྷ་གནས་ལས་ཐོས་ནས། བྱང་གི་སྒྲ་མི་སྙན་བྱ་བ་དེ་ན་འབྱོར་ཞིང་རྒྱས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ང་ཡིར་བྱ་བ་མེད་དོ་ཞེས་གྲགས་མོད་ཀྱི། འོན་ཀྱང་དེར་སོང་ཏེ་དཔུང་གི་ཚོགས་ལ་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་བཅས་པ་བྱང་གི་སྒྲ་མི་སྙན་དུ་སོང་ནས། དེ་ན་མ་རྨོས་པའི་འབྲས་ས་ལུ་དང་། དཔག་བསམ་གྱི་ཤིང་ལས་སྐྱེས་པའི་གོས་སྣ་ཚོགས་པ་ལ་ཡོངས་སུ་སྤྱོད་ཅིང་དེར་ཡང་བརྒྱ་བྱིན་དྲུག་ཚེ་འཕོས་པ་ལོན་ནོ། །ཡང་རྒྱལ་པོ་ང་ལ་ནུས་ལྷ་གནས་ལ་སྨྲས་པ། བཀའ་འོག་ཏུ་མ་ཚུད་པའི་གླིང་གཞན་ལྟ་ཡོད་དམ། ལྷ་གླིང་གཞན་ནི་མ་མཆིས་ཏེ། འོན་ཀྱང་སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ། རི་རབ་ཀྱི་ཁ་ལ་གནས་པའི་ལྷ་ཚེ་རིང་ཞིང་། ཁ་དོག་དང་ལྡན་པ་བདེ་བ་མང་པ་མཆིས་ཀྱིས་ལྷ་རྣམས་གཟིགས་པའི་རིགས་སོ། །དེ་ནས་རྒྱལ་པོ་ང་ལ་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་གླིང་བཞི་པ་བཀྲ་བ། ལྟ་ན་སྡུག་པ་ཡང་ཡོད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བུ་དཔའ་ཞིང་བརཏལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་སྟོང་ཡང་ཚང་། ལོ་བྱེ་བ་བརྒྱ་སྟོང་དུ་མར་བདེ་བའི་ཡོངས་སུ་སྤྱད་པ་དུ་མ་ཡང་སྤྱད་མོད་ཀྱི། འོན་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྟ་བའི་ཕྱིར་འགྲོའོ་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་དང་བཅས་པ་སྟེང་གི་བར་སྣང་ལ་འཕགས་ནས་ཆས་སོ། །མིའི་བདག་པོ་ང་ལ་ནུ། །དཔུང་ཚོགས་བྱེ་བ་བརྒྱད་འབུམ་དང་། །བཅས་ཏེ་མཁའ་ལ་འགྲོ་བ་དེ། །སྤྲིན་ཆེན་རླུང་གིས་བསྐྱོད་པ་བཞིན། མུ་ཁྱུད་འཛིན་དང་རྣམ་པར་བདུད། །དེ་བཞིན་རི་བོ་རྟ་རྣ་དང་། །ལྟ་ན་སྡུག་དང་སེང་ལྡེང་ཅན། །བཤོལ་མདའ་འཛིན་དང་གཉའ་ཤིང་འཛིན། །གསེར་གྱི་རི་བོ་ཁོར་ཡུག་བདུན། །རིམ་པ་ཕྱེད་ཕྱེད་ཀྱིས་འཕགས་པ། དལ་གྱིས་ཀུན་ཏུ་ལྟ་ཞིང་དོང་། །བདེ་བའི་ལོངས་སྤྱོད་ཉམས་སུ་མྱོང་། །དེ་ལྟར་ཁོར་ཡུག་རེ་རེའི་སྟེང་དུ་ཡང་ལྷ་དབང་བརྒྱ་བྱིན་དྲུག་དྲུག་ཚེ་གནས་ཏེ། །ལྷ་མིའི་བདེ་བ་ཡང་ཡང་མྱོང་གྱུར་ཀྱང་། །འདོད་དང་སྲེད་པའི་ཕྱིར་ཕྱིར་འཕེལ་བར་གྱུར། དེ་ལྟར་བརྒྱ་བྱིན་བཞི་བཅུ་ཞེ་གཉིས་ཀྱི་ཚེ་ཚད་དང་སྙམ་པར་རི་བོ་བདུན་གྱི་སྟེང་དུ་རང་གི་འཁོར་ལ་རྗེས་སུ་སྟོན་ཅིང་སླར་ཡང་རི་རབ་ཀྱི་ངོས་ལ་སོང་པ་ན། དྲང་སྲོང་ལྔ་བརྒྱ་པོ་དེ་གནས་པ་ལས། དེ་རྣམས་ཀྱིས་རྒྱལ་པོ་འོང་བ་མཐོང་ནས་སྨྲས་པ། ཤེས་ལྡན་དག རྒྱལ་པོ་འཐབ་བཀྲོལ་ཅན་དེ་འོང་ངོ་། །དེ་ནས་དྲང་སྲོང་བཞིན་ངན་ཞེས་བྱ་བ་དེས་སྐྱོར་པར་ཆུ་བླུགས་ཏེ་ཏོར་བས་དཔུང་གི་ཚོགས་ཐོགས་པར་གྱུར་ནས། བློན་པོ་རིན་པོ་ཆེས་དྲང་སྲོང་རྣམས་ལ་སྨྲས་པ། བྲམ་ཟེ་ཁྲོ་བ་དོར་བར་གྱིས། འདི་ནི་ཀུན་ལ་གྲུབ་པ་ཡིན། །མི་དབང་རྒྱལ་པོ་ང་ལ་ནུ། །བྱ་དཀར་དེ་དག་མ་ཡིན་ནོ། །དེའི་འོག་ཏུ་རྒྱལ་པོ་ང་ལ་ནུས་སྨྲས་པ། དཔུང་འདི་སུས་བཀག དྲང་སྲོང་རྣམས་ཀྱིས་སོ། །དེ་ནས་རྒྱལ་པོས་དྲང་སྲོང་འདི་རྣམས་རལ་པ་བྱི་ནས་མདའ་གཞུ་ཐོགས་ཏེ་ངའི་སྔོན་ནས་འགྲོ་བར་གྱུར་ཅིག་ཅེས་བྱ་བ་དང་། དེ་རྣམས་རལ་པ་བྱི་ནས་སྔོན་དུ་དོང་པ་དང་། བུད་མེད་རིན་པོ་ཆེས་གསོལ་པ། ལྷ་འདི་རྣམས་དྲང་སྲོང་དཀའ་ཐུབ་ཅན་ལགས་པས་ཐོང་མཛོད། དེ་ནས་རྒྱལ་པོས་སླར་བཏང་པ། བརྩོན་འགྲུས་བསྐྱེད་ནས་མངོན་པར་ཤེས་པ་ལྔ་མངོན་དུ་བྱས་སོ། །འདི་ནི་ཆོས་ཉིད་ཡིན་ཏེ། གང་གིས་བརྒྱ་བྱིན་མཐུ་ཡང་ཟིལ་གནོན་ཞིང་། །སྟོབས་དང་བརྩོན་འགྲུས་དཔག་ཏུ་མེད་ལྡན་པའི། དམོད་པས་དྲང་སྲོང་དམོད་པ་ཟིལ་མནན་ནས། །རལ་པ་བྱི་ནས་ཞུམ་པ་བཞིན་དུ་གྱུར། །དབང་པོར་བཅས་པའི་སྲིད་པས་བསྟོད་བྱེད་ཅིང་། །ཐབས་ཀྱིས་རྒྱལ་པོའི་ཆ་ལུགས་འཛིན་གྱུར་ལ། །ཅོ་འདྲི་བྱེད་པ་འབར་བའི་ཕུང་པོ་ཡི། །དྲུང་ན་རྩ་ཤིང་སྔོན་དུ་གནས་པ་བཞིན། དེ་ནས་རྒྱལ་པོ་ང་ལ་ནུ་དཔུང་དང་བཅས་པ་རི་རབ་ཀྱི་ངོས་ལ་སོང་པ་ན་སུམ་ཅུ་རྩ་གསུམ་པའི་སྲུངས་མ་རྣམ་པ་ལྔ་འདི་ལྟ་སྟེ། ཆུ་ལ་གནས་པའི་ཀླུ་དང་། འཕྲེད་ཐོགས་དང་། ཡོལ་ཐོགས་དང་། རྟག་མྱོས་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་ཀྱང་། རྒྱལ་པོ་བསོད་ནམས་དགག་པར་བྱ་བ་མ་ནུས་ཏེ། གང་ན་ལྷ་ཀླུ་སྟོབས་ཅན་དང་། །ལྷ་མིན་གཏུམ་པོ་སྟོབས་ལྡན་རྣམས། །ཕན་ཚུན་སྟོབས་ཀྱིས་འགེགས་བྱེད་ཀྱང་། །བསོད་ནམས་སྟོབས་ཀྱིས་དཔལ་འབར་བའི། །མི་དབང་འགགས་པར་མི་སྤྱོད་དོ། །བསྐལ་པ་དཔག་མེད་བདེ་བའི་སྟོབས་ནི་རབ་བསྒྲུབས་པའི། །བསྲེགས་པའི་ངག་ལ་ནགས་ཀྱི་མེ་ལྕེ་གཏུམ་པོ་ཡང་། །སྐྲག་པ་བཞིན་དུ་ཞུམ་པར་གྱུར་ན་སེམས་ལྡན་དག གུས་པར་མི་སྤྱོད་པའང་འཇིག་རྟེན་འདི་ན་ཡོད། དེ་ནས་རྒྱལ་པོ་ང་ལ་ནུ་དཔུང་གི་ཚོགས་དང་བཅས་པའི་སྔོན་དུ་ལྷ་རྣམས་ཀྱང་འགྲོ་བར་གྱུར་ཏེ། རྒྱལ་ཆེན་བཞིའི་གནས་སུ་སོང་ངོ་། །དེར་ལྷ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག །དེ་རྣམས་ཀྱིས་སྨྲས་པ། མིའི་རྒྱལ་པོ་འོང་ངོ་། །རྒྱལ་ཆེན་བཞི་རྣམས་ཀྱིས་བསམས་པ། འདི་ནི་བསོད་ནམས་ཀྱི་མཐུ་དང་ལྡན་ཏེ། དགག་པར་མི་བྱའོ་སྙམ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྦྲན་ནོ། །དེ་ཚེ་ལྷ་རྣམས་ཐམས་ཅད་ཀྱིས། །མི་དབང་བསོད་ནམས་མཐུ་རིག་ནས། དགའ་བས་ཡིད་ཀྱང་གཡོ་བཞིན་དུ། །མཆོད་ཡོན་ཀུན་གྱིས་བསུ་བར་གྱུར། དེ་ནས་རྒྱལ་པོ་རི་རབ་ཀྱི་ཁར་ཕྱིན་པ་དང་། ཚལ་སྔོན་པོ་མཛེས་པ་སྤྲིན་སྤུངས་པ་ལྟ་བུ་མཐོང་ནས་ལྷ་གནས་ལ་དྲིས་པ། ནགས་ཚལ་མཛེས་པ་སྤྲིན་གྱི་ཕུང་པོ་བཞིན། །རབ་ཏུ་གསལ་ཞིང་མཐོ་ཁྱད་འཕགས་པས་མཛེས། །སྣུམ་ཞིང་གཙང་ལ་མཐོང་བས་ཡིད་གཡོ་བ། །འདི་འདྲ་སྣང་བ་འདི་ནི་ཅི་ཞིག་ཡིན། །ལྷ་གནས་ཀྱིས་སྨྲས་པ། འདི་ནི་ཤིང་ཡོངས་འདུ་ས་བརྟོལ་བྱ་བ་ལགས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་འདོད་པའི་ཡོན་ཏན་རྣམས་ལ་དགའ་མགུར་སྤྱོད་པའི་གནས་ལགས་སོ། །ལྷ་ཡང་དེར་གཤེགས་པར་གྱུར་ཏོ། །དེ་ནས་ཡང་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོང་ནས་ལྷ་གནས་ལ་སྨྲས་པ། གངས་ཀྱི་རི་བོ་སྤྲིན་དཀར་ཞི་བས་འཁྱུད་པ་བཞིན། །ཀུ་མུ་ད་དང་ཟླ་བའི་འོད་ཟེར་སྤུངས་པ་བཞིན། །མཐོང་ནས་མཛེས་ཤིང་ཡིད་འཕྲོག་བྱེད་པ་ལྟ་བུ་ཡི། །གནས་འདི་ཅི་ཡིན་འདིའི་མིང་ཡང་མྱུར་དུ་སྨྲོས། །ལྷ་གནས་ཀྱིས་སྨྲས་པ། འདི་ནི་ཆོས་བཟང་འདུན་ས་སྟེ། །དབང་པོར་བཅས་པའི་ལྷ་རྣམས་ཀུན། །བགྲོ་ཞིང་རྟོག་པར་བགྱིད་པ་ལགས། །ལྷ་ཡང་གནས་འདིར་གཤེགས་པར་འགྱུར། །དེ་ལྟ་བུའི་ཚུལ་དཔུང་གི་ཚོགས་ལ་སྟོན་ཅིང་ལྷའི་གྲོང་ཁྱེར་ལྟ་ན་སྡུག་ཏུ་ཕྱིན་ཏོ། །གྲོང་ཁྱེར་དེ་ནི་མཆུ་ཞེང་དུ་དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་པ། གསེར་གྱི་ར་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ་དེ་དག་གི་འཕང་དུ་ནི་དཔག་ཚད་ཕྱེ་དང་གསུམ་གསུམ་ཡོད་པ། དེ་དག་ལ་ལྕོག་རྣམ་པ་བཞི། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྻ་ལས་བྱས་པ་དང་། ཤེལ་ལས་བྱས་པ་སྐར་ཁུང་དང་བ་གམ་ལེགས་པར་བྱས་པའོ། །གྲོང་ཁྱེར་ལྟ་ན་སྡུག་གི་ནང་གི་སའི་ཕྱོགས་ནི། བཟང་པོ་མཛེས་པ་ལྟ་ན་སྡུག་པ། མཚོན་བརྒྱ་རྩ་ཅིག་གིས་བཀྲ་བར་བྱས་པ། དཔེར་ན་རས་བལ་གྱི་འདབ་མ་ལྟར་རྐང་པ་མནན་ན་ནེམ་ཞེས་བྱེད་པ། བཏེག་ན་ཕར་ཅེས་བྱེད་པ། ལྷའི་མེ་ཏོག་མན་དྷ་ར་བ་པུས་མོ་ནུབ་ཙམ་དུ་བཀྲམ་སྟེ། རླུང་ལངས་པས་མེ་ཏོག་རྙིང་པ་རྣམས་ཁྱེར་ལ། མེ་ཏོག་གསར་པ་རྣམས་འབབ་པར་བྱེད་དོ། །ལྟ་ན་སྡུག་གི་གྲོང་ཁྱེར་ལ་སྒོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། སྒོ་རེ་རེ་ན་གནོད་སྦྱིན་གོས་སྔོན་པོ་ཅན་གོ་ཆ་བགོས་པ། མདའ་གཞུ་སྐྱེད་བསྐོར་ཐོགས་པ། ལྔ་བརྒྱ་རེ་འདི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུངས་པ་དང་། བསྐྱབ་པ་དང་མཛེས་པར་བྱ་བའི་གནས་སོ། །གྲོང་ཁྱེར་ལྟ་ན་སྡུག་གི་སྲིད་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ། ཞེང་ལ་དཔག་ཚད་བཅུ་གཉིས་ཡོད་དེ། བཟང་པོ་མཛེས་པ་ལྟ་ན་སྡུག་པ། གསེར་གྱི་བྱེ་མས་བདལ་བ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་སྦྲེལ་བ། དེའི་ཕྱོགས་ཀུན་ན་རྫིང་བུ་རྣམ་པ་སྣ་ཚོགས་ཡོད་ལ། རྫིང་བུ་དེ་རྣམས་ཕ་གུ་འམ། རྣམ་པ་བཞི་བོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྻ་ལས་བྱས་པ། ཤེལ་ལས་བྱས་པས་བསྐོར་རོ། །རྫིང་བུ་དེ་རྣམས་ཀྱི་ཐེམ་སྐས་རྣམ་པ་བཞི་པོ། གསེར་དང་། དངུལ་དང་། བཻ་ཌཱུརྻ་དང་། ཤེལ་ལས་བྱས་པ་ཡིན་ནོ། །རྫིང་བུ་དེ་རྣམས་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་བཻ་ཌཱུརྻ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཞིང་། རྫིང་བུ་དེ་རྣམས་ཆུ་སྦྲང་རྩི་ལྟར་མངར་ཞིང་བསིལ་བས་གང་ལ། ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་ཞིང་། ཆུ་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་ཀྱིས་སྙན་ཅིང་མཛེས་ལ། ཡིད་དུ་འོང་བའི་སྒྲ་སྐད་འབྱིན་པར་བྱེད་དོ། །དེའི་ཕྱོགས་ཀུན་ནས་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། དབུ་རྒྱན་སྐྱེ་བ་དག་ཤིན་ཏུ་དབྱིབས་ལེགས་ཤིང་ལེགས་པར་སྐྱེས་པ་ནི། དཔེར་ན་འཕྲེང་བ་མཁན་ནམ། འཕྲེང་བ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་རྣ་རྒྱན་དུ་བྱ་བའི་ཕྱིར་མེ་ཏོག་གི་འཕྲེང་པ་ལེགས་པར་རྒྱུས་པ་བཞིན་ནོ། །ཐང་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་ཀྱང་། སྙན་ཅིང་མཛེས་པའི་སྒྲ་སྐད་འབྱིན་ནོ། །གྲོང་ཁྱེར་ལྟ་ན་སྡུག་ན་དཔག་བསམ་གྱི་གོས་ཀྱི་ཤིང་ལྗོན་པ་རྣམ་པ་བཞི་པོ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ལས། དཔག་བསམ་གྱི་ཤིང་ལྗོན་པ་ལས་བྱུང་པའི་གོས་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཏེ། ལྷའམ་ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་ཐོབ་པར་འགྱུར་རོ། །རྒྱན་གྱི་ཤིང་རྣམ་པ་བཞི་པོ་རྣམས་ལས། རྒྱན་རྣམ་པ་བཞི་པོ། ལག་པའི་རྒྱན་དང་། རྐང་པའི་རྒྱན་དང་། སྨད་ཀྱི་རྒྱན་དང་། སྣང་བར་བྱ་བའི་རྒྱན་ནོ། །ལྷའི་བུའམ། ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་ཐོགས་པར་འགྱུར་རོ། །རོལ་མོའི་ཆ་བྱད་རྣམ་པ་བཞི་པོ། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། སྒྲ་སྙན་རྣམས་ལ་ལྷའམ། ལྷའི་བུ་མོས་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ན་ཐོགས་པར་འགྱུར་རོ། །ལྷའི་ཁ་ཟས་རྣམ་པ་བཞི་པོ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ལས་ལྷའམ། ལྷའི་བུ་མོས་ཇི་ལྟ་བུར་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་ཐོགས་པར་འགྱུར་རོ། །ཁང་པ་དང་ཁང་པ་བརྩེགས་མ་དང་། བསིལ་ཁང་དང་། འཁྱམས་སྐར་ཁུང་དང་། མཐོངས་ཁུང་ཅན་བུད་མེད་ཀྱི་ཚོགས་རྣམས་དང་ལྷ་མོའི་ཚོགས་རྣམས་འདུ་བའི་གནས་དག་ཡོད་དོ། །དེ་ན་བཏུང་པ་སྦྲང་རྩིའི་བཏུང་པ་དང་། མཱ་དྷ་བའི་བཏུང་པ་དང་། ཀ་དམ་བྷ་རའི་བཏུང་པ་དང་། རོལ་མོའི་སྒྲ་སྐད་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བརྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་མདུན་ས་ཆོས་བཟང་ཞེས་བྱ་བ། སྲིད་དུ་དཔག་ཚད་སུམ་བརྒྱ་པ། རྒྱར་དཔག་ཚད་སུམ་རྒྱ་པ་སྟེ། ཁོར་ར་ཁོར་ཡུག་ཏུ་དཔག་ཚད་དགུ་བརྒྱ་ཡོད་པ། བཟང་པོ་མཛེས་པ། ལྟ་ན་སྡུག་པ། ཤེལ་གྱི་རྒྱུ་ལས་བྱུང་པ་སྟེ། གྲོང་ཁྱེར་དེ་ལས་དཔག་ཚད་ཕྱེད་དང་བཞི་གྱེན་དུ་འཕགས་སོ། །དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྟན་བཤམས་པ་ནི། ཉེ་དབང་སུམ་ཅུ་རྩ་གཉིས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་དག་སོ་སོར་བཤམས་སོ། །རྒྱལ་པོ་ང་ལ་ནུའི་སྟན་ནི་དེ་དག་ཐམས་ཅད་ཀྱི་འཇུག་ཁོ་ནར་བཤམས་སོ། །དེ་ནས་ལྷ་རྣམས་ཀྱི་རྒྱལ་པོ་ང་ལ་ནུ་བསུ་ནས་བརྒྱ་བྱིན་དང་ཉེ་དབང་རྣམས་རིམ་པ་བཞིན་དུ་གྲལ་ལ་འཁོད་པ་ན། རྒྱལ་པོ་ང་ལ་ནུ་འདི་སྙམ་དུ་སེམས་སོ། །གང་སྟན་རྣམས་ལས་ཐ་མ་གང་ཡིན་པ་ནི་གདོན་མི་ཟ་བར་བདག་གི་ཡིན་གྱི། བདག་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་སྟབས་ཀྱང་ཅི་མ་རུང་སྙམ་པ་དང་། དེ་སེམས་བསྐྱེད་མ་ཐག་ཏུ་ལྷ་རྣམས་ཀྱི་དབང་པོས་སྟན་ཕྱེད་བསྟབས་ཏེ་སྟན་ལ་འདུག་པ་ན། བརྒྱ་བྱིན་དང་ང་ལ་ནུ་གཉིས་གཟུགས་དང་གཟི་བརྗིད་ཁྱད་པར་མེད་པར་འདུག་སྟེ། གཞན་དུ་ན་མིག་ཕྱེ་བཙུམ་གྱི་རྣམ་པ་ཙམ་ལས་ལྷ་དང་མིའི་བྱེ་བྲག་རིག་པ་ཙམ་མོ། །དེ་ཚེ་ལྷ་དང་མི་རྣམས་ཀུན། །འདོད་པའི་ལོངས་སྤྱོད་དུ་མ་ལས། །ཚེ་དང་སྟོབས་དང་བརྩོན་འགྲུས་ཀྱིས། །མི་རྣམས་ཁྱད་དུ་འཕགས་པར་གྱུར། །དེ་ནས་དུས་གཞན་ཞིག་གི་ཚེ། ལོངས་སྤྱོད་ཀྱི་ཕྱིར་ལྷ་མ་ཡིན་པ་རྣམས་ལྷ་ལ་གཡུལ་འགྱེད་དུ་འོང་པར་གྱུར་ཏེ། བསྲུང་པར་བྱེད་པ་རིམ་པ་ལྔས་བཟློག་པར་མ་ནུས་པ་དེའི་ཚེ། གནོད་སྦྱིན་རྣམས་ཀྱིས་ལྷའི་དབང་པོའི་དྲུང་དུ་སོང་ཏེ། མཁྱེན་པར་མཛོད་ཅིག་ལྷ་མ་ཡིན་རྣམས་བསྲུང་མ་རིམ་པ་ལྔ་དྲལ་ཏེ་མཆིས་ཀྱི། ཁྱོད་ཀྱི་བཤམས་པ་དང་བགྱི་བར་མཛོད་ཅིག །ཅེས་བསྐུལ་ནས། ལྷ་རྣམས་ཀྱི་དབང་པོས་བདག་ཉིད་དཔུང་གི་ཚོགས་དང་བཅས་པ་གོ་བགོས་ཤིང་ཆས་པར་གྱུར་པ་རྒྱལ་པོ་ང་ལ་ནུས་མཐོང་ནས་སྨྲས་པ། ལྷའི་དབང་པོ་བཞུགས་ཤིག །བདག་མཆིའོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་བཞིན་མཛོད་ཅིག །དེ་ནས་རྒྱལ་པོ་ང་ལ་ནུ། དཔུང་ཚོགས་བྱེ་བ་བརྒྱད་འབུམ་དང་། །བཅས་ཏེ་གོ་ཆ་ལེགས་པར་བགོས། མཁའ་ལ་མངོན་པར་འཕགས་གྱུར་ཏེ། །ལྷ་དང་ལྷ་མིན་དམག་དཔུང་དེ་རྣམས་ཀྱིས། །གོང་དུ་འཕགས་ནས་སྤྲིན་དཔུང་བཞིན་དུ་འགྲོ། །དེའི་གཞུ་རྒྱུད་སྒྲ་སྐད་སྦྲེང་བ་དང་། །ལྷ་མིན་དམག་རྣམས་ངོ་མཚར་སྐྱེས་གྱུར་ཏེ། །འདི་ཅི་སྔོན་ཆད་མ་མཐོང་མ་ཐོས་པའི། །བདག་ཅག་སྟེང་དུ་འགྲོ་བ་འདི་སུ་ཞིག །ལྷ་ཁ་ཅིག་གིས་སྨྲས་པ། བདག་ཅག་སྟེ ང་ན་འགྲོ་བ་འདི། །མིའི་རྒྱལ་པོ་ང་ལ་ནུ། །དམག་གི་ཚོགས་དང་བཅས་པ་ཡིན། །ལྷ་རྣམས་རྒྱལ་བར་བྱེད་པ་ཡིན། དེ་སྐད་ཅེས་ཐོས་ནས། ལྷ་མ་ཡིན་རྣམས་འདི་སྙམ་དུ། ཀྱེ་མ་གང་གི་ཤིང་རྟ་བདག་ཅག་གི་ལྷག་གི་ནམ་མཁའ་ལ་འགྲོ་བའི་སེམས་ཅན་འདི་ནི་བསོད་ནམས་ཀྱི་དབང་ཆེ་བར་གྲགས་པ་ཡིན་ནོ་སྙམ་ནས་འཇིགས་ཤིང་སྐྲག་ལ། ཞུམ་པར་གྱུར་ཏེ་ལྷ་མ་ཡིན་གྱི་གནས་སུ་ཞུགས་སོ། །རྒྱལ་པོ་ང་ལ་ནུས་སྨྲས་པ། གང་རྒྱལ་ལྷ་རྒྱལ་ལགས་སོ། །རྒྱལ་པོས་བསམ་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་ནི་བདག་ལྷག་གོ་སྙམ་མོ། །དེ་ལྟ་བུའི་ཚུལ་གྱིས་རང་གི་བསོད་ནམས་ཀྱི་མཐུ་ལ་སྤྱོད་ཅིང་ལྷའི་བདེ་བ་སྤྱོད་པ་ལ་བརྒྱ་བྱིན་སུམ་ཅུ་རྩ་དྲུག་ཚེ་འཕོས་པ་ལོན་ནོ། །སྲེད་པའི་མེ་ལྕེ་རབ་འབར་བས། །ཡུལ་གྱི་བུད་ཤིག་བསྲེག་བྱེད་པ། །བག་མེད་མྱོས་པར་གྱུར་པ་གང་། །བརླག་པར་བྱེད་པའི་འབྱུང་ཁུངས་ཡིན། །དེ་ནས་རྒྱལ་པོ་ང་ལ་ནུ་འདི་སྙམ་དུ་གྱུར་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་ཅིང་བདེ་བར་ཡང་ཡོད། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་གླང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། རིན་པོ་ཆེ་སྣ་བདུན་དང་། བུ་དང་དཔའ་བརཏལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་འཇོམས་པ་སྟོང་ཡང་ཡོད། བདག་གི་ཕོ་བྲང་དུ་གསེར་གྱི་ཆར་ཞག་བདུན་གྱི་བར་ཡང་བབ། བདག་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུའང་ཕྱིན། ལྷའི་དབང་པོས་སྟན་ཕྱེད་ཀྱང་སྟབས་ཀྱིས་ཀྱེ་མ་བདག་གིས་ལྷའི་དབང་པོ་གནས་འདི་ནས་ཕྱུང་ལ། བདག་ཁོ་ན་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ལ་དབང་བྱའོ་སྙམ་པ་དང་། དེ་མ་ཐག་ཏུ་ལྷ་རྣམས་ཀྱི་དཔལ་འབྱོར་དེ་ལས་ཉམས་ནས་འཁོར་དང་བཅས་པ་འཛམ་བུའི་གླིང་དུ་བབས་ཏེ། རྒྱལ་པོ་ང་ལ་ནུ་ནད་ཚབས་ཆེན་པོས་ཀྱང་བཏབ་པར་གྱུར་ཏོ། །གང་གིས་བརྒྱ་བྱིན་བརྒྱ་དང་བཅུ་བཞིའི་ཚེ་ཚད་དུ། །ལྷ་དང་མིའི་ལོངས་སྤྱོད་བདེ་བའི་དཔལ་སྤྱད་ཀྱང་། །སླར་ཞིང་འདོད་པ་འཕེལ་བའི་སྐབས་འདི་བསྟན་པ་ཡིས། སྲིད་པའི་དགོན་པར་བག་མེད་སྤྱོད་རྣམས་ཀྱི་ཧུད་ཉམས། །དེ་ནས་རྒྱལ་པོ་ང་ལ་ནུའི་བློན་པོ་དང་། རྒྱལ་བུ་དང་། རྩིས་པ་དང་། སྣ་ཆེ་བ་ལ་གཏོགས་པ་རྣམས་མྱ་ངན་དང་བཅས་བཞིན་དུ་རྒྱལ་པོ་གང་ན་བ་དེར་སོང་སྟེ། འདི་སྐད་ཅེས་གསོལ་ཏོ། །ལྷ་འདས་ནས་ལྗོངས་ཀྱི་མི་སླད་མ་དག་རྒྱལ་པོ་ང་ལ་ནུས་ནོངས་པའི་ཚེ་ཅི་གསུང་ཞེས་དྲི་ན་ཇི་སྐད་དུ་ལན་གདབ་པར་བགྱི། སྣའོ་དག་དེ་སྐད་དུ་འདྲི་ན། འདི་སྐད་དུ་ལན་ཐོབ་ཅིག །རྒྱལ་པོ་ང་ལ་ནུ་ནི་རིན་པོ་ཆེ་སྣ་བདུན་དང་ཡང་ལྡན། གླིང་བཞི་དང་སུམ་ཅུ་རྩ་གསུམ་པའི་ལོངས་སྤྱོད་ཀྱི་དཔལ་ལ་སྤྱད་ཀྱང་། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་ཟེར་རོ་ཞེས་སྨྲོས་ཤིག །ཀར་ཤ་པ་ནི་ཆར་བབ་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །མཁས་པས་འདོད་པ་མནོག་ཆུང་ཞིང་། །སྡུག་བསྔལ་མང་པར་ཤེས་ནས་ནི། །ལྷའི་འདོད་པ་རྣམས་ལ་ཡང་། །དགའ་བར་གྱུར་པ་གནས་མེད་དོ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཉན་ཐོས་སྲེད་པ་ཟད་ལ་དགའ། །གངས་ཀྱི་རི་བོ་དང་མཉམ་པའི། །གསེར་གྱི་ལྷུན་པོ་ཡོད་གྱུར་ཀྱང་། །ཅིག་གི་ནོར་དུའང་དེས་མི་ཆོག །མཁས་པར་དེ་ལྟར་ཤེས་པར་གྱིས། །གང་ཞིག་ཞི་བའི་བདེ་བ་རྟོགས་པ་དེས། །འདོད་པ་དག་ལ་སླར་ཡང་ཇི་ལྟར་དགའ། འཇིག་རྟེན་ལོངས་སྤྱོད་ཟུག་ངུར་རྟོགས་ནས་ནི། །བརྟན་པ་གང་དག་འདུལ་ཕྱིར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་ནས། རྒྱལ་པོ་ང་ལ་ནུས་ལོངས་སྤྱོད་ཀྱི་དངོས་པོ་ཅི་དང་ཅི་སུ་འདོད་པ་རྣམས་ལ་བྱིན་ཅིང་། བརྟན་པ་མེད་པའི་མཆོད་སྦྱིན་བྱས་པ་དང་། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་རྒྱལ་པོ་ང་ལ་ནུ་ག་ལ་བ་དེར་ལྷགས་པར་གྱུར་ཏེ། དེར་ལྷགས་པ་ཐམས་ཅད་ལ། རྒྱལ་པོས་འདོད་པ་ཉེས་དམིགས་ཀྱི་གདམས་པ་དང་། ཁྱིམ་ན་གནས་པ་དང་། བག་མེད་པ་ལ་སྨོད་པའི་གཏམ་ཡང་དག་པར་བསྟན་པར་གྱུར་ཏེ། འཇིག་རྟེན་ཕ་རོལ་ཉམས་ང་ཞིང་། །ཚེ་ཐུང་པར་ནི་ཤེས་བྱས་ནས། །བདག་གིས་བསོད་ནམས་ལས་བྱ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །དེ་བས་བསོད་ནམས་འདོད་པ་ཡིས། །སྦྱིན་པ་ཚུལ་བཞིན་གཏང་པར་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །སྦྱིན་པས་བདེ་བ་བླ་མེད་འཐོབ། །གང་དག་རྒྱ་མཚོའི་མཐས་གཏུགས་དཔལ་འབར་བའི། །ས་ལ་སྤྱོད་ཅིང་བག་དང་མི་ལྡན་ན། སྲིད་པ་གཞན་དུ་སྡུག་བསྔལ་དཔག་མེད་འགྱུར། །ལྷ་དང་མིའི་ལོངས་སྤྱོད་དཔལ་ལྡན་པ། །ཆགས་ཤིང་དབང་མེད་སྲིད་པ་གཞན་དུ་འགྲོ། མཁས་པས་འཇིག་རྟེན་སྲིད་ལ་ཡིད་མ་རྟོན། །གང་དག་འཁོར་བའི་དགོན་པ་ན། །བག་མེད་ཚོགས་ཀུན་གྱིས་བཅོམ་ནས། །ཐར་པའི་སྲོག་དང་ཕྲལ་བྱེད་ཅིང་། །ལུས་དང་གཉེན་དང་ལོངས་སྤྱོད་རྣམས། །མཐོང་བཞིན་གཤིན་རྗེ་འབར་བ་ཡིས། །ལས་ཀྱི་ཞགས་པས་དྲངས་བྱས་ཏེ། །ངན་འགྲོའི་བཙོན་ཁང་ནག་པོ་རུ། །མངོན་སུམ་འདིར་ནི་ཁྲིད་གྱུར་ཚེ། །དེ་ཚེ་ཀུན་ཏུ་ཡི་མུག་འགྱུར། །དེ་བས་མཁས་པ་གང་ཡིན་པ། །རྒྱལ་བ་དྲང་སྲོང་གིས་བསྟེན་པའི། །ནགས་ཁྲོད་རབ་ཏུ་ཞི་བ་དེར། །ཅིག་པུ་བག་ཡོད་སྤྱད་པར་གྱིས། ཞེས་བྱ་བ་ལ་སོགས་པ་རྗེས་སུ་བསྟན་པས། སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་རྣམས་ཁྱིམ་གྱི་གནས་སྤངས་ནས། དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། ནགས་ཚལ་དུ་འདུག་ནས་ཚངས་པའི་གནས་པ་བཞི་སྒོམ་པ་ལ་གཞོལ་བར་གྱུར་ཏེ། དེའི་གཞན་དག་གིས་ཚིགས་སུ་བཅད་པ་ང་ལ་ནུ་བ་རྒྱལ་པོ་མཆོག །ཆོས་ཀྱི་བདག་ཉིད་རྒྱལ་པོ་དེ། །དེ་ནི་འཁྱོགས་དཔུང་བཞོན་པར་བཅས། །ཆོས་ཀྱི་མཐོ་རིས་བཞུས་ཅེས་གྲགས། དེ་ནི་རྒྱ་བྱིན་བརྒྱ་ཕྲག་དང་། །བཅུ་བཞིའི་བར་དུ་བདེ་མྱོང་ནས། །སླར་ཡང་བག་མེད་ཉེས་པ་ཡིས། །ཉམས་ཐག་རྒ་ཤི་མངོན་དུ་གྱུར། །ཀྱེ་མ་འཁོར་བ་སྙིང་པོ་མེད། །གང་ན་སྲེད་པ་མ་ཟད་པ། །དེའི་སྡུག་བསྔལ་མཐར་བྱེད་མེད། །ཀྱེ་མ་མི་དབང་རྒྱལ་པོ་དེ། །འདི་ལྟར་གྱུར་པ་མཐོང་བཞིན་དུ། །སུ་ཞིག་འདོད་པ་དགའ་བ་སྐྱེ། །ཀྱེ་མ་རྒྱལ་པོ་ང་ལ་ནུ། །དེ་ཡང་ཐམས་ཅད་སྤངས་གྱུར་ཏེ། །འཇིག་རྟེན་ཕ་རོལ་འགྲོ་དགོས་ན། །སུ་ཞིག་བག་མེད་དབང་དུ་གྱུར། །སླར་ཡང་མི་བདག་རྒྱལ་པོ་དེས། །ཐུབ་པ་དྲང་སྲོང་གིས་བསྔགས་པའི། །ལམ་དེ་བསྟན་ནས་ཕ་རོལ་སོང་། །ཞེས་བྱ་བ་སྨྲས་པ་ངེས་སོ། །དེ་ལྟར་རྒྱལ་པོ་ང་ལ་ནུའི་རྨད་དུ་བྱུང་པའི་གདམས་པ་རྗེས་སུ་སྒྲུབ་པར་བྱེད་པ་རྣམས་ཚེ་འཕོས་མ་ཐག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཐབས་མཁས་པའི་སྤྱོད་པ་ཚད་གཟུང་པར་མི་ནུས་སོ་ཞེས་རིག་པར་བྱའོ། །དེ་བཞིན་དུ་འདོད་པས་ཆོག་མི་ཤེས་པའི་ཉེས་པ་བསྟན་པ་དང་། ལོངས་སྤྱོད་ཀྱིས་ནི་ནམ་ཡང་ཐར་པའི་གེགས་བྱེད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་བཞིན་དུ་མི་རྟག་པའི་ཚུལ་བསྟན་པ་ལ་ཡང་བརྗོད་པར་བྱའོ། །ང་ལ་ནུའི་སྐྱེས་པའི་རབས་སྟེ་དྲུག་ཅུ་བདུན་པའོ།། །།སྐྱེས་བུ་དམ་པ་ནི་ཐབས་མཁས་པ་དུ་མས་འགྲོ་བ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་འཇུག་ཅིང་། རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་ཆེན་པོ་ལེགས་བཅས་ཞེས་བྱ་བ་བདག་ཅག་གི་སྟོན་པ་ནི་འཛམ་བུའི་ཤིང་བ་ཏྲ་སྐྱེ་བའི་གནས་སུ། ཀླུའི་རྒྱལ་པོ་གཏེར་སྟོན་ཞེས་བྱ་བར་སྐྱེ་བ་བཟུང་བར་གྱུར་ཏོ་ཞེས་གྲག་གོ །བདག་ཉིད་ཆེ་བ་རྣམས་ནི་གཞན་གྱི་ཕྱིར། །སྣ་ཚོགས་དོན་དུ་སྣ་ཚོགས་སྤྱོད་ལ་འཇུག །དེ་བས་འདིར་ནི་ཀླུ་ཡི་དབང་པོ་དེ། །ས་ཆེན་རྒྱ་མཚོའི་འཇིངས་རྣམས་མཐར་བཏུགས་པར། །རྣམ་པར་དག་པས་རབ་ཏུ་དབང་བྱེད་ཕྱིར། །ལྷག་བསམ་མཐུ་ཡིས་སྐྱེ་བ་རབ་ཏུ་བཟུང་། །སྙིང་རྗེའི་ཀླུ་དབང་ཤེས་རབ་ལུས་རྒྱས་ཤིང་། །ཐབས་མཁས་གདེངས་ཀ་འཕྱར་ཀ་མགོ་བོས་མཛེས། །བརྩེ་བའི་སྤྲིན་ཕུང་རབ་ཏུ་གཡོ་བྱེད་ཅིང་། །ལེགས་བཤད་ཚིམ་པར་བྱེད་པའི་འབྲུག་སྒྲ་སྒྲོགས། །ཡེ་ཤེས་འོད་ཀྱི་དྲ་བ་རྣམ་འགྱེད་ཅིང་། སྦྱིན་པའི་ཆར་རྒྱུན་རབ་ཏུ་མཐུན་བྱས་ཏེ། །འགྲོ་བའི་ཞིང་རྣམས་རབ་ཏུ་ཚིམ་བྱེད་པའི། །སེམས་དཔའ་ཀླུ་དབང་ཆེན་པོ་རྣམས་ལ་མངའ། །དེ་བས་ཚུལ་འདི་བསྟན་པར་གྱུར་པ་སྙམ། །དེ་ལྟར་བདག་ཉིད་ཆེ་བའི་བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་དུ་བདག་གི་དོན་རིང་དུ་སྤངས་ཏེ། རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ་ཅན་དེས་འདི་ལྟར་བརྟགས་པ། འཛམ་བུའི་གླིང་རྣམ་རྒྱལ་སྒྲ་དབྱངས་ཅེས་བྱ་བ་དེར་སྐྱེས་པའི་སེམས་ཅན་རྣམས་ནི་དབུལ་ཞིང་འཕོངས་པ། ཀུན་ཏུ་ལོངས་སྤྱོད་ཀྱིས་ཆོག་མི་ཤེས་པ། དེའི་དབང་གིས་སྒྲིབ་པར་སྤྱོད་པའི་ལམ་ལ་འཇུག་ཅིང་། ལོག་པར་ལྟུང་པ་ལ་ཀུན་ཏུ་གཞོལ་བར་རིག་ནས་དེ་ལས་བཟློག་པའི་ཕྱིར་བདག་ཉིད་ཆེན་པོ་དེས་བརྩོན་པ་དེ་ལྟ་བུས་སྦྱོར་བར་གྱུར་ཏེ། གང་གི་ནུབ་མོ་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཉིད་ཀྱི་ཚེ། རིན་པོ་ཆེའི་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མི་རྣམས་ལ་ཀུན་ཏུ་བསྟན་ནས་སྒྲ་སྒྲགས་པ། ཀྱེ་སེམས་ཅན་དག་ཕྱོགས་འདི་ན་གསེར་དང་། དངུལ་དང་། བཻ་ཌཱུརྻ་དང་། མན་ཤེལ་དང་། བྱི་རུ་དང་། སྐར་མདོག་དང་། ཆུ་གདངས་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་པའི་གཏེར་དག་ཡོད་ཀྱིས། སོ་སོར་ལེགས་པར་ལོང་ལ་རྩོད་པ་མེད་པར་བླངས་ནས་ཀྱང་། དགེ་བ་བཅུའི་ལས་ཀྱི་ལམ་ཀྱི་ལམ་ཡང་དག་པར་ཟུང་ཞིག །ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་གང་ལ་མོས་པར་སེམས་བསྐྱེད་ཅིག །དེ་ལྟར་བྱས་ན་ལོངས་སྤྱོད་ཐམས་ཅད་ཀྱང་ཆུད་མ་ཟོས་པར་འགྱུར་རོ། །ཞེས་རྗེས་སུ་བསྟན་ཅིང་འདི་ལྟར་བརྗོད་པར་ངེས་སོ། །གང་ན་འཛམ་གླིང་སྐྱེ་བོ་རྣམས། །ཀུན་ཏུ་ཕོངས་པར་གྱུར་པ་ལ། །འདོད་དང་བག་མེད་འཁྲུག་པ་ཡིས། །ཐར་པར་གྱུར་པ་མ་ཡིན་གྱིས། །བག་ཡོད་ཆོག་ཤེས་ལྡན་པ་ཡིས། །བདག་གིས་བསྟན་པའི་རིན་ཆེན་གཏེར། །ལོང་ལ་འབྲས་བུ་དོན་ཡོད་བྱོས། །ཕོངས་པར་གྱུར་པ་ག་ལ་སྲིད། །ཀྱེ་མ་འཛམ་བུའི་གླིང་གི་སྐྱེ་བོ་རྣམས། །རྩོད་ཅིང་འཁྲུག་པ་མེད་པར་རིན་ཆེན་དག །ལོང་ལ་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །སུ་ཡང་ངལ་ཞིང་དོན་མེད་མ་གྱུར་ཅིག །དབྱིག་རྣམས་ཀྱིས་ཀྱང་ཤིན་ཏུ་ཕན་ཐོགས་འགྱུར། །བག་ཡོད་ཆོས་ལྡན་གཏེར་ལ་ལོངས་སྤྱོད་ན། །ཕྱིར་ཞིང་གཏེར་མང་རྒྱ་ཕྲག་ཐོབ་པར་འགྱུར། །བག་མེད་འཁྲུག་ཅིང་འདོད་པའི་དབང་གྱུར་པས། །རྣམ་དག་ལོངས་སྤྱོད་ཐོབ་པར་མི་འགྱུར་རོ། །དེ་བས་ཁྱོད་རྣམས་རིང་དུ་ཆོས་སྤྱོད་ཅིག །བདག་གིས་རིན་ཆེན་གཏེར་རྣམས་སྦྱིན་པར་བྱའོ། །དེ་ལྟར་བདག་ཉིད་ཆེ་བས་ཀུན་ཏུ་བསྟན། །སྐྱེ་བོ་རྣམས་ནི་དགའ་བས་མིག་བགྲད་ནས། །ཨ་ལ་ལ་ཞེས་རིན་ཆེན་གཏེར་རྣམས་ལ། །བག་ཀྱང་ནས་ནི་ལེགས་པར་བླངས་ཏེ་སྤྱོད། །དེའི་ཚིག་བཞིན་དད་པ་བསྐྱེད་པར་བྱས། དེ་ལྟ་བུའི་ཚུལ་གྱིས་བདག་ཉིད་ཆེན་པོ་དེས། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་བར་དུ་རིན་པོ་ཆེའི་གཏེར་དཔག་ཏུ་མེད་གྲངས་མེད་པ་རྣམས་སེམས་ཅན་རྣམས་ལ་བཏན་ཅིང་རབ་ཏུ་བྱིན་ནས། དེར་སེམས་ཅན་དཔག་ཏུ་མེད་པ་གྲངས་མེད་པ་དག་ཀྱང་རིམ་གྱིས་དྲངས་ཏེ་ཐེག་པ་གསུམ་ལ་ངེས་པར་སྦྱོར་བར་བྱས་སོ། །འཇིག་རྟེན་ན་ནི་འདོད་ལྡན་དག །འདོད་པའི་དབང་གྱུར་དགའ་མ་ཞེས། །ཀུན་ཏུ་དེའི་དབང་དུ་གྱུར། །དེ་བཞིན་གཞན་ལ་ཕན་བྱེད་པའི། །རྒྱལ་སྲས་རང་གི་འདོད་བྲལ་བའི། །འདོད་ལྡན་འདོད་ལ་དྲངས་ཏེ་འགོད། །འདི་ནི་ཐབས་མཁས་སྤྱོད་པ་ཞེས། །རྒྱལ་སྲས་རྣམས་ཀྱིས་བསྔགས་པ་སྙམ། །གང་ཞིག་འཇིག་རྟེན་སྐྱེ་བོ་དག་ཀྱང་གཞན་ལ་ཕན་འདོད་པས། །བསྐུལ་བ་མིན་ཀྱང་རང་གི་དོན་ཕྱིར་འདོད་པའི་རྒྱུ་ཡིས་ནི། །ཀུན་ཏུ་བསྐྱོད་ནས་གཉེན་ཞེས་དེའི་རྗེས་སུ་འཇུག་པར་སྤྱོད། །དེ་ལྟར་རབ་ཏུ་དཀྲིས་གང་དེ་ལ་ངེས་པར་འཇུག་པ་མཚར། །གཞན་ལ་ཕན་བྱེད་བསྐལ་པ་དུ་མར་རང་གི་དོན། །སྤངས་ཏེ་བརྩེ་བའི་ཤུགས་ཀྱིས་བུ་སྡུག་བཞིན་མཛེས་ཤིང་། །ཕན་བདེ་མཆོག་རབ་སྩོལ་བར་མཛད་དེའི་རྗེས་སུ་མི་འཇུག་པ་ཡང་ཡོད། །ཀྱེ་མ་མཚར་བྱས་འཁོར་བའི་རང་བཞིན་འདི་ནི་སུ་ཡིས་རྟོགས་པར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་འགྲོ་བ་དེ་དག་གི་འདུལ་བའི་སྒོ་ཇི་ལྟ་བ་དང་། ཐབས་ཇི་ལྟ་བར་ཡོངས་སུ་འདུལ་བའི་སྒོ་བརྟན་ནས། སྨོན་ལམ་ཡང་དག་པར་ཡོངས་སུ་རྫོགས་པར་མཛད་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་པའི་དབང་གིས་གཞན་གྱི་དོན་ཡོངས་སུ་རྫོགས་པར་མཛད་ཅིང་སྐྱོ་བ་མེད་པ་ལ་གནས་པ་ཡིན་ནོ། །བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་ནི་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་དབང་གིས་དོན།ཡོངས་སུ་རྫོགས་པར་མཛད་དོ་ཅེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །གཞན་ཡང་ལོངས་སྤྱོད་རྣམས་ནི་བག་མེད་པར་འགྱུར་བའི་གཞི་ཡིན་ཡང་། འགྲོ་བ་རྣམས་བཀྲེན་པའི་དབང་གིས་མི་དགེ་བ་སྤྱོད་པ་ལས་བཟློག་ནས་བྱང་ཆུབ་ཀྱི་ལམ་དུ་སྨིན་པར་མཛད་པ་འདི་ནི་ཐབས་མཁས་པའི་ཡན་ལག་ཡིན་ནོ། །ཞེས་ཀྱང་སྦྱོར་བར་བྱའོ། །ཀླུའི་རྒྱལ་པོར་སྐྱེས་པའི་རབས་སྟེ་དྲུག་ཅུ་བརྒྱད་པའོ།། །།བདག་ཉིད་ཆེན་པོ་སྙིང་རྗེའི་དོན་ཁོང་དུ་ཆུད་པས་གཞན་ལ་ཕན་པར་བྱེད་པ་རྣམས་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་དུ་ཟིན་ཀྱང་། སེམས་ཅན་རྣམས་བསླུ་བར་མི་འགྱུར་ཞིང་གཞན་གྱི་དོན་སྤྱོད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བདག་ཅག་གི་སྟོན་པ་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འགྲོ་བ་རྣམས་དོན་བྱ་བ་ཇི་ལྟ་བ་དང་། རྗེས་སུ་མཐུན་པར་འཇུག་པ་ན། རེ་ཞིག་སེང་གེའི་རྒྱལ་པོ་དར་དཀར་ལྟ་བུའི་རལ་པ་ཅན་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ནི་ལས་ཀྱི་དབང་གིས་དེར་གྱུར་ཏམ། །བདག་ཉིད་ཆེ་བའི་དབང་གིས་དེ་ལྟར་གྱུར། །དེ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བྱམས་པའི་དབང་གིས་བུ་སྡུག་བཞིན་དུ་སེམས། །འདོད་དང་གཏི་མུག་བསྐམ་པའི་ཆགས་པ་ཡིས། །གནོད་པར་བྱེད་པ་དེ་ལས་ཡོངས་སུ་བཟློག །རྩ་དང་འབྲས་བུ་ལོ་མ་ལ་མོས་པས། །དཀའ་ཐུབ་ཅན་བཞིན་དཀའ་ཐུབ་སྤྱོད་པར་ལྡན། །གངས་རིའི་དུམ་བུ་ལྟ་བུའི་ལུས་མཛེས་པ། །ཀུ་མུ་ད་དང་ཟླ་འོད་སྤུངས་པ་བཞིན། །པད་མོའི་རྩ་བ་ལྟར་དཀར་འཇམ་སྡུག་པའི། མཆེ་བའི་འཕྲེང་པ་རྒྱན་འཕྲེང་བཞིན་དུ་སྣང་། །སྡེར་མོ་ལྡན་པའི་ཡན་ལག་མ་སྨད་པ། །བརྩེ་བས་པད་མ་བཞིན་དུ་འཇམ་ཞིང་མཛེས། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་གང་ན་སྐྱེ་བོ་ཐམས་ཅད་ཀྱི་རྒྱུན་ལམ་མེད་པ། རྡོ་རྗེ་ལྟར་རབ་ཏུ་བསྟན་པའི་བྲག་རི་ཨུཏྤ་ལ་སྤུངས་པ་ལྟ་བུས་ཀུན་ཏུ་གང་བ། ཤིང་གི་རིགས་དུ་མས་ཡོངས་སུ་གཏམས་ཤིང་ངམ་གྲོག་དང་གཡང་ས་ཆེན་པོས་ཕྱོགས་དུ་མ་ནས་ཀུན་ཏུ་བསྐོར་བའི་གནས་འབབ་ཆུ་གཙང་མ་དང་འབྲས་བུའི་ཚོགས་བཟར་རུང་པའི་ཕྱོགས་ཤིན་ཏུ་དབེན་པ་ཞིག་དུ་གནས་ཤིང་ཅི་ནུས་ཀྱིས་འགྲོ་བའི་དོན་སྤྱོད་པ་ལས་དེ་དང་ཉེ་བ་ཞིག་ན་སྤྲེའུ་ཕོ་མོ་གཉིས་ཤིག་ཀྱང་གནས་སོ། །དེ་ནས་དུས་གཞན་ཞིག་ན་སྤྲེའུ་ཕྲུ་གུ་གཉིས་བྱུང་བར་གྱུར་ཏེ། དེ་དག་ཀྱང་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དེ་སྙིང་རྗེའི་བདག་ཉིད་དུ་གྱུར་པར་ཤེས་ནས་དེ་ལ་བག་ཚ་བ་མེད་པར་གཉེན་གྱི་དམ་པ་ལྟར་རྗེས་སུ་སེམས་དཔའི་དབང་གིས་གནས་སྐབས་ཤིག་ཏུ་སྤྲེའུ་ཕྲུ་གུ །གཉིས་རི་དྭགས་ཀྱི་རྒྱལ་པོ་ལ་བཅོལ་ཏེ་སྤྲེའུ་གཉིས་པོ་དེ་ནགས་གསེབ་དུ་དོང་ངོ་། །གང་ན་བྱམས་པའི་བདག་ཉིད་ཅན། །གནས་པར་བྱེད་པ་གང་ཡིན་པ། །དེ་ལ་སྐྱེ་བོ་དགའ་བ་ཡིས། །ཀུན་ཏུ་བརྩེ་བར་སེམས་དཔའ་ཡིན། །དེ་ནས་བར་སྐབས་དེར་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལ་བབས་སྟེ། སྤྲེའུ་ཕྲུ་གུ་དེ་གཉིས་བླངས་ནས་སྟེང་གི་བར་སྣང་ལ་གནས་པར་གྱུར་པ་དང་། རི་དྭགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་ཀྱི་རྒྱལ་པོས་སྤྲེའུའི་ཕྲུ་གུ་གཉིས་ཁྱེར་བ་མཐོང་ནས་ཨེ་མའོ་བདག་ནི་བག་མེད་པར་གྱུར་ཏེ། སྤྲེའུའི་ཕྲུ་གུ་དེ་གཉིས་ཉོན་མོངས་པར་གྱུར་གྱིས། ད་ནི་ངེས་པར་མྱུར་དུ་ཐར་པར་བྱ་བའི་དུས་ལ་བབ་བོ་སྙམ་སྟེ། གསལ་ཞིང་དྲི་མ་མེད་པའི་ཚིག་གིས་བྱ་རྒོད་ལ་ཚིགས་སུ་བཅད་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་པ། །བདག་གི་སྤྲེ་ཕྲུག་དེ་གཉིས་ཁྱོད་ཀྱིས་ཐོངས། །བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས། །སྐྱབས་སུ་དོང་པ་མ་གསད་བཏང་བར་གྱིས། །དེ་སྐད་དུ་གསོལ་ཅིང་། སྙིང་རྗེའི་བདག་ཉིད་གསལ་བར་བཏོན་པ་བྱ་རྒོད་ཀྱི་རྒྱལ་པོས་མཐོང་ནས། རི་དྭགས་རྒྱལ་པོ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དྭགས་ཀྱི་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན། །དེ་ལྟ་ན་ནི་འདི་གཉིས་མི་གསད་བཏང་པར་བྱ། །ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ་ལ་གནས། །ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད། དེ་སྐད་ཅེས་སྨྲས་པ་ཐོས་ནས། རི་དྭགས་ཀྱི་རྒྱལ་པོ་གཞན་ལ་ཕན་པར་བྱེད་པའི་བརྩེ་བ་ཆེན་པོ་ཤུགས་ཀྱིས་འདི་སྙམ་དུ་སེམས་ཏེ། བདག་ནི་ཤི་བར་གྱུར་ཀྱང་སླ་ཡིས། ཉམས་ཉེས་པའི་འདི་གཉིས་ཐར་པར་བྱའོ་སྙམ་ནས་ཡང་སྨྲས་པ། བདག་ཉིད་བཏང་གིས་ཡོངས་སུ་བཟའ་བར་གྱིས། །བདག་གི་སྤྲེ་ཕྲུག་གཉིས་ནི་བཏང་བར་གསོལ། །བྱང་ཆུབ་ཞུགས་པ་དམ་བཅས་བསྲུང་པར་བྱེད། །མཁས་པ་དག་ནི་བརྫུན་དུ་ག་ལ་སྨྲ། བདག་རྫུན་གྱུར་དུ་འོང་ཞེས་མ་རྟོག་པར། །ཀུན་ཏུ་ཁྱོད་ཀྱིས་ཡིད་ཆེས་མཛད་དུ་གསོལ། །དེ་སྨྲས་དྲང་སྲོང་ཆེན་པོའི་སྤྱོད་པ་བཞིན། །བདག་གི་ལུས་ནི་བག་ཕེབ་ལེགས་པར་ཉལ། སེམས་ཅན་ཆེད་དུ་བདག་གི་ལུས་བཏང་ཞེས། །ལྷག་པའི་བསམ་པས་ཡོངས་སུ་དག་པར་གྱུར། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་དེས་རྨད་དུ་བྱུང་བའི་སྤྱོད་པ་དེ་མཐོང་ནས་ནམ་མཁའ་དེ་ཉིད་ནས་ཆེད་དུ་བརྗོད་པ། ཨེ་མའོ་རླབས་ཆེ་ཨེ་མའོ་ངོ་མཚར་ཆེ། གང་དག་གཞན་ཕྱིར་རང་གི་ལུས་འདོར་བ། །དེ་དག་འཚོ་བ་འཇིག་རྟེན་བདེ་ཕྱིར་འཚོ། །ཁོ་བོས་སྤྲེ་ཕྲུག་འདི་གཉིས་བཏང་པར་བྱ། །ཁྱོད་ཀྱང་འཚོ་ཞིང་རིང་དུ་ཆོས་སྤྱོད་ཅིག །རྨད་བྱུང་ཁྱོད་ལ་བདག་ནི་ཡིད་རང་ངོ་། །དེ་སྐད་བརྗོད་ནས་བྱ་རྒོད་དེས། སྤྲེའུའི་ཕྲུག་གུ་དལ་གྱིས་བཞག བདག་ཉིད་ཆེ་བའི་གཟི་བྱིན་གྱིས། །ཀུན་ཀྱང་བདེ་བའི་གནས་གྱུར་ཏེ། ཉིན་མོར་བྱེད་པའི་འོད་གསལ་བས། །པད་མ་རྣམས་ནི་དགོད་པ་བཞིན། །ཉོན་མོངས་མུན་པ་ཐམས་ཅད་ཀུན། །གསལ་ནས་བདུད་ཀྱི་སྟོབས་འདུལ་བ། །ཟླ་བའི་དཀྱིལ་འཁོར་ཞུམ་པ་བཞིན། །རྨད་དུ་བྱུང་འདི་གསལ་བར་བསྟན། དེ་ལྟར་བདག་ཉིད་ཆེན་པོ་སེང་གེ་དེའི་སྙིང་རྗེ་དང་བདེན་པར་སྨྲ་བའི་སྟོབས་རྣམ་པར་དག་པ་བསྟན་པས་སྤྲེའུ་ཕྲུག་གུ་གཉིས་ཀྱང་གནས་སྐབས་ཀྱི་འཇིགས་པ་ལས་ཐར་པར་བྱས་ཤིང་། བྱ་རྒོད་ཀྱི་རྒྱལ་པོ་དེ་ཡང་མི་དགེ་བ་ལས་བཟློག་ནས་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པས་ཡོངས་སུ་བསྐྱབས་པས་ཐམས་ཅད་ཀྱང་འབྲས་བུ་མྱ་ངན་ལས་འདས་པའི་མཐར་གཏུགས་པར་གྱུར་ཏོ། །དེ་ལྟ་བུའི་ཕྱིས་བྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་ལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དེར་གྱུར་ཏོ། །འོད་བསྲུངས་ཆེན་པོ་དང་། སེར་སྐྱ་བཟང་མོ་ནི་སྤྲེའུ་ཕོ་མོ་གྱུར་ཏོ། །སྒྲ་ཅན་འཛིན་དང་ཀུན་དགའ་བོ་ནི་སྤྲེའུ་ཕྲུག་གུ་གཉིས་སུ་གྱུར་ཏོ། །དགེ་སློང་ཕྲེང་བ་བཟང་པོ་ནི་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བར་གྱུར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ཡོངས་སུ་བཏང་པར་བྱ་ཡིས། །སྐྱབས་སུ་དོང་པ་དག་ནི་ཡོངས་སུ་བཏང་པར་མི་བྱ་སྟེ། །ཇི་སྐད་སྨྲས་པ་བཞིན་དུ་གཞན་གྱི་དོན་ཡོངས་སུ་བསྒྲུབ་པར་བྱའོ། །ཞེས་གསུངས་སོ། །ཡན་ལག་མ་སྨད་པའི་སྐྱེས་པའི་རབས་ཏེ་དྲུག་ཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐུ་ཐོབ་པ། ཤེས་རབ་དང་ཐབས་མཁས་པའི་རང་བཞིན་ཅན་དུ་གྱུར་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་པར་མཛད་དེ། སེམས་ཅན་དཔག་ཏུ་མེད་པའི་དོན་ཡང་འགྲུབ་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་བསྐལ་བ་གྲངས་མེད་པ་འདས་པའི་སྔ་རོལ་ན། བདག་ཅག་གི་སྟོན་པ་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་རེ་ཞིག་ཅིག་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ། །ཞེས་གྲག་གོ །དེ་ནི་བཙས་ནས་རང་བཞིན་གྱིས་རྣམ་པར་དག་པའི་ལུས་ཅན། དྲི་མ་མེད་པའི་བཻ་ཌཱུརྻའི་རིགས་ཆེན་པོ་ལྟར་རང་བཞིན་གྱིས་དག་པ་གཞོན་ནུ་གཟུགས་བཟང་ཞིང་མཛེས་པ། ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྙན་ངག་དང་། བསྟན་བཅོས་དང་། ཆོག་ཤེས་པའི་ངང་ཚུལ་ཅན་དུ་གྱུར་ཏོ། །དེའི་སློབ་དཔོན་ཡང་མཁས་པའི་ངང་ཚུལ་ཅན་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་རྗེས་སུ་སྟོན་ཅིང་རིའི་རྒྱལ་པོ་གངས་རིའི་ཁྲོད་ན་ལེགས་པར་གནས་སོ། །བྲམ་ཟེའི་རང་བཞིན་རྣམ་དག་དེ་རྣམས་ནི། །བསྟན་བཅོས་རིགས་བྱེད་གསང་སྔགས་ཕ་རོལ་ཕྱིན། །མཁས་པའི་བདག་ཉིད་མཁས་པ་བཞིན་དུ་སྤྱོད། །ལེགས་པའི་ལམ་ལ་རྗེས་སུ་མཐུན་བཞིན་གནས། །ཁྱད་པར་དུའང་བྲམ་ཟེ་ཁྱེའུ་སྤྲིན། །རང་གི་ལྷག་པའི་ཡོན་ཏན་གསལ་གྱུར་པའི། །སྐར་མའི་ནང་ན་ཟླ་འོད་འབར་བ་བཞིན། །ཡོན་ཏན་རྣམས་ཀྱིས་མཛེས་པའི་བདག་ཉིད་གྱུར། །དེ་ནས་དུས་གཞན་ཞིག་གི་ཚེ། ཁྱེའུ་སྤྲིན་གྱི་མཁན་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མཁན་པོ་བདག་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་མཆིའོ། །མཁན་པོས་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ། བདག་ཅག་བྲམ་ཟེ་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། གང་གིས་བསྟན་བཅོས་ལེགས་པར་ལོབས་ནས། མཁན་པོ་ལ་ཟོང་བརྒྱ་དང་། རས་ཟུང་ཅིག་དང་མཁར་བ་དང་། རིལ་བ་རྣམས་སྦྱིན་དགོས་སོ། །བྲམ་ཟེའི་ཁྱེའུ་སྤྲིན་གྱིས་སྨྲས་པ། མཁན་པོ་བདག་ལ་ལྤགས་པ་དང་མཁར་བ་དང་རིལ་བ་མ་གཏོགས་པའི་ཅི་ཡང་མ་མཆིས་པས་གྲོང་ཁྱེར་དུ་མཆི་བར་གསོལ་ཞེས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་ནས་མཁན་པོས་གནང་སྟེ། བྲམ་ཟེ་ཁྱེའུ་ཡིས་རིམ་གྱིས་རིའི་རྒྱལ་པོ་གངས་ལས་བབས་ནས་གྲོང་དང་གྲོང་ཁྱེར་དང་། ལྗོངས་རྣམས་སུ་རིམ་གྱིས་ཕྱིན་ནོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བ་ན། བྲམ་ཟེ་ས་ག་བཟང་པོ་ཞེས་བྱ་བ་ཞིག་གནས་ཏེ། དེ་ལ་བུ་མོ་བཟང་ལེན་ལྡན་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་པ་དེ། བྲམ་ཟེའི་མཆོག་གང་ཡིན་པ་དེ་ལ་སྦྱིན་ནོ་སྙམ་ནས། དེ་ཉི་མ་རེ་རེ་ཞིང་བྲམ་ཟེ་བཞི་ཁྲི་ཙམ་ལ་མཆོད་སྦྱིན་བྱེད་དོ། །བྲམ་ཟེའི་ཁྱེའུ་སྤྲིན་ཀྱང་ལྷའི་བུ་ཞིག་གིས་ལམ་བསྟན་པ་ལ་རྗེས་སུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་བདེ་བའི་ཕ་རོལ་འགྲོར་མཆོད་སྦྱིན་གྱི་གནས་ག་ལ་བ་དེར་ཕྱིན་པར་གྱུར་ཏོ། །དེ་ནི་ཕྱིན་མ་ཐག་ཏུ་ཡང་། གཟུགས་དང་དཔལ་ཡོན་གཟི་བརྗིད་ཀྱིས། །མངོན་པར་གསལ་ཞིང་མཛེས་པ་དེས། །མཐོང་པས་དགའ་བས་རྒྱས་པར་གྱུར། །བུ་མོ་དེ་ཡིས་དེ་མཐོང་ནས། །ལུས་སེམས་མངོན་པར་གཡོས་གྱུར་ཏེ། །བདག་གི་ཕ་ལ་འདི་སྐད་སྨྲས། །ཡབ་ཅིག་བདག་ཉིད་འབྱོར་པར་བཅས། །བྲམ་ཟེའི་ཁྱེའུ་འདི་ལ་སྩོལ། །བདག་གི་བསམ་པ་དོན་ཡོད་འགྱུར། །དེ་ནས་བྲམ་ཟེ་འདུས་པ་དེ་རྣམས་དང་། །ཁྱེའུ་སྤྲིན་ནི་ལྷན་ཅིག་སྨྲ་བྱེད་ཅིང་། །བསྔགས་དང་རིགས་བྱེད་དོན་རྣམས་འདྲི་བྱེད་པས། །ཁྱེའུ་སྤྲིན་གྱི་ཁྱད་པར་གསལ་བར་གྱུར། །ཡོན་ཏན་ཁྱད་པར་དེ་དང་དེ་དག་གིས། །གཞན་གྱིས་ཡོན་ཏན་ཟིལ་གྱིས་མནན་པ་བཞིན། དེ་ནས་མཆོད་སྦྱིན་གྱི་གནས་དེ་ན་བྲམ་ཟེ་དུམ་བུ་སྦྱིན་ཞེས་བྱ་བ་ཞིག་རྒན་གྲལ་དུ་འདུག་སྟེ། མཆོད་སྦྱིན་བྱེད་དོ། །དེ་ནས་ཁྱེའུ་སྤྲིན་གྱིས་བྲམ་ཟེ་དུམ་བུ་སྦྱིན་ག་ན་བ་དེར་སོང་སྟེ་ཕྱིན་ནས་ཀྱང་། ལྷན་ཅིག་ཏུ་རིགས་བྱེད་དང་གསང་སྔགས་སྨྲ་བར་བྱེད་ཅིང་། དེ་ན་འདི་ལྟ་སྟེ་སྤྲིན་ཉིད་རིག་བྱེད་དང་གསང་སྔགས་དང་བསྟན་བཅོས་དག་གིས་ཁྱད་པར་དུ་འཕགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་བྲམ་ཟེ་དུམ་བུ་སྦྱིན་ལ་སྨྲས་པ། བདག་ཅག་གི་ཆོས་ཉིད་ནི་གང་གིས་བསྟན་བཅོས་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པ་དེ། སྟན་མགོ་ལ་འདུག་པ་ཡིན་ནོ། །དེས་ན་ཁྱོད་ལོངས་ཤིག་ཁོ་བོ་འདུག་གོ །བྲམ་ཟེ་དུམ་བུ་སྦྱིན་གྱིས་སྨྲས་པ། ཁོ་བོ་སྟན་འདི་ལས་མ་བླངས་ཤིག་དང་། ཟོང་ལྔ་བརྒྱ་ཐོབ་པ་ཁྱོད་ལ་སྦྱིན་ནོ། །སྨྲས་པ་ཁོ་བོ་ལ་མི་དགོས་སོ། །ལོངས་ཤིག་ཅིག་ཅེས་བྲམ་ཟེ་དེ་བསླང་ནས་ཁྱེའུ་སྤྲིན་ཉིད་སེང་གེའི་ཁྲི་ལ་འདུག་གོ །དེ་ནས་བྲམ་ཟེ་ས་ག་བཟང་པོས་བུ་མོ་བཟང་ལེན་ལྡན་ལག་པ་གཡས་པས་བཟུང་སྟེ། གསེར་གྱི་མཁར་བ་དང་རིལ་བ་དང་། རས་ཟུང་ཅིག་དང་ཟོང་ལྔ་བརྒྱ་ཁྱེར་ནས་བྲམ་ཟེའི་ཁྱེའུ་ག་ན་བ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ལོངས་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས། ཟོང་དེ་དག་བླངས་ནས་བུ་མོ་དེ་མ་བླངས་པར་འདི་སྐད་ཅེས་ཀྱང་སྨྲས་སོ། བུ་མོ་དེ་ཡིས་ཅི་ཞིག་བྱ། །བུད་མེད་རྣམས་ནི་རྒོད་ཅིང་མི་བརྟན་པ། །འཕྱར་ཞིང་དགེ་ལ་བར་དུ་གཅོད་པ་བྱེད། །ཁོ་བོ་དགོན་པར་དབེན་པར་གནས་པ་ལ། །སྦྱིན་པའི་ཚུལ་འདིར་རིགས་པ་མ་ཡིན་ནོ། །བྲམ་ཟེས་སྨྲས་པ། རིགས་ཀྱི་བུ་ཁྱོད་དབེན་པ་ལ་དགའ་ཡང་། །འཇིག་རྟེན་འཇིག་རྟེན་འདས་པའི་དོན་གྱི་ཕྱིར། །སྦྱིན་འདོད་ལྡན་ལ་ལེན་པ་གྲོགས་སུ་འགྱུར། །བཟང་མོ་སྐྱོན་མེད་ཡིད་ཀྱི་རྗེས་མཐུན་པ། །ལོངས་སྤྱོད་དང་བཅས་གུས་པས་ཁྱོད་ལ་འབུལ། །བདག་ལ་སྙིང་རྗེའི་ཕྱིར་ནི་འདི་བཞེས་ཤིག །དེ་སྐད་ཅེས་གསོལ་པ་དང་། དེས་དེ་མ་བླངས་པར་མཆོད་སྤྲིན་གྱི་གནས་དེ་ནས་ལངས་ཏེ། རིའི་རྒྱལ་པོ་གངས་ག་ལ་བ་དེར་འགྲོ་བར་ཆས་སོ། །དེ་ནས་བྲམ་ཟེ་ས་ག་བཟང་པོ་བུ་མོ་བཟང་ལེན་ལྡན་ལ་སྨྲས་པ། བུ་མོ་ཁྱོད་ཁྱིམ་ཐབ་ཀྱི་ཕྱི་བཞིན་དུ་ཅིའི་ཕྱིར་མི་འགྲོ། དེས་དེའི་ཚིག་མཉན་ཏེ། རིའི་རྒྱལ་པོ་ག་ལ་བ་དེ་ལོགས་སུ་འཕགས་སོ། །དེའི་ཚེ་གནས་གཙང་མའི་ལྷའི་བུ་ཞིག་གིས་རིའི་རྒྱལ་པོ་གངས་སུ་འགྲོ་བའི་ལམ་མི་སྣང་པར་བྱས་ཤིང་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་འགྲོ་བའི་ལམ་སྣང་བར་བྱས་ཏེ། ཁྱེའུ་སྤྲིན་ལམ་དེ་ལ་ཞུགས་སོ། །གང་ན་ཁྱེའུ་སྤྲིན་ནི་དེར་སོང་པ། དེའི་རྗེས་སུ་བཟང་ལེན་ལྡན་དེ་ཡང་། མཐུན་པའི་སྤྱོད་པས་རྗེས་སུ་ཞུགས་ཞེས་གྲགས། ཟླ་བའི་རྗེས་སུ་ཟླ་འོད་འབྲངས་པ་བཞིན། དེ་ལྟར་མཐར་གྱིས་སོང་པ་དང་རྒྱལ་པོའི་ཕོ་བྲང་པད་མ་ཅན་དར་གྱི་ལྡ་ལྡིས་བྲེས་པ། མེ་ཏོག་བཀྲམ་པ། བདུག་སྤོས་འཐུལ་བའི་སྣོད་མངར་བ་མཐོང་ནས་དེས་དྲིས་པ། གྲོང་ཁྱེར་ཆེན་པོ་འདི་ཅིའི་རྒྱུས་མངོན་པར་བརྒྱན་པར་གྱུར། དེ་ནས་རྒྱལ་པོའི་ཕོ་བྲང་པད་མ་ཅན་གྱི་ཕོ་བྲང་འཁོར་གྱིས་མི་རྣམས་ཀྱི་བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མ་ཐོས་སམ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོ་མ་སྐྱེས་དགྲས་སྤྱན་དྲངས་ནས། དེ་འདིར་བྱོན་པའི་ཕྱིར་གྲོང་ཁྱེར་ཆེན་པོ་མངོན་པར་བརྒྱན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་འདི་སྙམ་དུ་སེམས་ཏེ། བདག་ཅག་བྲམ་ཟེ་རྣམས་ཀྱི་ནང་ན་བསྟན་བཅོས་ཐམས་ཅད་ལ་སྤྱོད་པ་གསལ་ཞིང་མཁས་པ་དཀོན་ན། སེམས་ཅན་རིན་པོ་ཆེ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་པ་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། བདག་གི་ཟོང་ལྔ་བརྒྱ་པོ་འདིས་མེ་ཏོག་ཉོས་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བ་གོར་མ་ཆག་གོ་སྙམ་ནས། དེ་ཕན་ཚུན་དུ་མེ་ཏོག་འཚོལ་བ་ལ་བརྩོན་པར་གྱུར་ཏོ། །དེས་གང་དུ་དྲིས་ཀྱང་འདི་སྐད་ཅེས་ཟེར་རོ། །བྲམ་ཟེ་ཁྱེའུ་ཁྱོད་ཀྱིས་མ་ཐོས་སམ། རྒྱལ་པོ་མ་སྐྱེས་དགྲས་བཀའ་སྩལ་ཏེ། མེ་ཏོག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་དགོས་པས་སུ་ཡང་ཉོ་ཚོང་མི་སྣང་ངོ་། །ཞེས་སྒྲགས་པ་ཡིན་ནོ། །གང་ཞིག་ལྷག་པའི་བསམ་པ་ཡིས། རྒྱལ་བ་མཆོད་པར་བྱེད་དོན་དུ། །བརྩོན་པ་གང་དེ་མ་གྲུབ་ན། །དེ་ལ་ངལ་བ་ཅི་ཞིག་ཡོད། །དེ་ནས་སྐབས་དེར་བུ་མོ་བཟང་ལེན་ལྡན་གྱིས། བྲམ་ཟེའི་ཁྱེའུ་སྤྲིན་མེ་ཏོག་འཚོལ་བ་ལ་བརྩོན་པར་མཐོང་ནས། མེ་ཏོག་ཕྲེང་བརྒྱུད་མཁན་ཞིག་གི་དྲུང་དུ་སོང་ཏེ། ཨུཏྤ་ལ་བདུན་འབུམ་པར་བཅུག་ཏེ་གྲོང་ཁྱེར་དུ་སོང་ནས། བྲམ་ཟེའི་ཁྱེའུ་སྤྲིན་གྱི་དྲུང་དུ་འདུག་སྟེ། འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཅི་འཚོལ། སྨྲས་པ་མེ་ཏོག་འཚོལ་ལོ། །དེ་ནས་རབ་ཏུ་དང་པ་ཡིས། །བཟང་ལེན་ལྡན་མ་བཟང་མོ་དེ། །པད་མ་ཨུཏྤལ་གཡོ་བའི་མིག །ཆུ་སྐྱེས་ཐོགས་ཤིང་སྒོ་དྲུང་འདུག །སྙན་པར་སྨྲ་བར་བྱ་བའི་ཕྱིར། །ཀ་ལ་པིང་ཀ་རྨ་བྱའི་སྒྲ། །ཡིད་འོང་ངང་མོའི་སྒྲ་ལྟ་བུས། བྲམ་ཟེའི་ཁྱེའུ་ལ་སྨྲས་པ། ཁྱེའུ་ཅི་ནགས་ཀྱི་ནང་ནས་ནི། །འདི་ལྟར་ཀུན་ཏུ་རྒྱུ་བྱེད་པ། །རྒྱལ་པོའི་དམག་གིས་མ་གཙེས་སམ། གཅན་གཟན་གདུག་པ་མེད་དམ་ཅི། རྩ་བ་འབྲས་བུ་མ་རྙེད་དམ། །རེ་ཞིག་བཞུགས་ལ་ཟན་ཟོ་ཞིག །བྲམ་ཟེའི་ཁྱེའུས་སྨྲས་པ། བུ་མོ་ང་ལ་ཁྱིམ་མེད་ཅིང་། །ཡོངས་སུ་བཟུང་པའང་བདག་ལ་མེད། །འདོད་པའི་ཡོན་ཏན་ང་མི་འདོད། །རྒྱལ་པོའི་དམག་གིས་མ་གཙེས་ཏེ། །སེང་གེའི་ཕྲུ་གུས་གཙེས་པ་མིན། །ནགས་ན་འབྲས་བུ་རྩ་བ་ཡོད། །བཟང་མོ་ཨུཏྤལ་དགོས་པའི་ཕྱིར། །དེ་ཕྱིར་ང་འདིར་གྲོང་ཁྱེར་འོངས། །བུ་མོ་བཟང་ལེན་ལྡན་གྱིས་སྨྲས་པ། །ཨུཏྤལ་དག་གིས་ཁྱེད་ལ་ཅི་ཞིག་བྱ། ཁྱེའུས་སྨྲས་པ། བདག་གི་འཕྲེང་ཕྱིར་མི་འདོད་ལ། །ཨུཏྤལ་རྣམས་ཕྱིར་འདོད་པ་མིན། །བརྩེར་ལྡན་མར་མེ་མཛད་ཀྱི་ཕྱིར། །བཟང་མོ་བདག་ནི་ཨུཏྤལ་སློང་། །བུ་མོ་བཟང་ལེན་ལྡན་གྱིས་སྨྲས་པ། བདེ་བར་ཕ་རོལ་འགྲོ་བ་ན། །གལ་ཏེ་ཕ་ལས་ཟན་ཟོས་ཚེ། །སླང་པའི་ཚིག་སྨྲས་མི་དྲན་ནམ། །འཛེམ་མེད་མེ་ཏོག་ཅིས་མི་སློང་། །དུས་འདི་ནས་ནི་སྐྱེ་བ་རྣམས། །ཀུན་ཏུ་བདག་གི་དོན་བྱེད་ན། །ཨུཏྤལ་འདི་རྣམས་ཁྱེད་ལ་འབུལ། །དེ་ཕྱིར་འདི་ནི་གནང་པར་མཛོད། བྲམ་ཟེའི་ཁྱེའུས་སྨྲས་པ། བཟང་མོ་ཨུཏྤལ་རིན་དུ་རིན་ཆེན་དབྱིག །ལྔ་བརྒྱ་འདི་བྱིན་དགེ་ལ་དགའ་མས་བྱིན། །བདག་ནི་སངས་རྒྱས་ཡོན་ཏན་འཚོལ་བྱེད་ཅིང་། །རྣམ་ཀུན་འདོད་ལས་དཀྲིས་པ་མི་དགའ་ན། །བཟང་མོ་ཁྱོད་ཀྱིས་དགེ་བའི་གེགས་མ་བྱེད། །དགེ་བའི་བར་དུ་གཅོད་པར་གྱུར་དོགས་སོ། །བཟང་ལེན་ལྡན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་གཞན་དུ་མ་དོགས་ཤིག །བདག་ནི་ཁྱོད་ཀྱི་དགེ་ལ་གེགས་མི་བྱེད། །གལ་ཏེ་སློང་ལ་བདག་ཉིད་བྱིན་ནའང་། །མི་དགའ་མེད་ཀྱིས་རེ་ཞིག་ཕྱིར་འབྲེང་གསོལ། །དེ་ནས་བྲམ་ཟེའི་ཁྱེའུས་བུ་མོ་བཟང་ལེན་ལྡན་ལ་སྨྲས་པ། །བཟང་མོ་ཁྱོད་དགེ་བའི་གེགས་སུ་འགྱུར་བར་མི་བྱེད་ན། །ཁྱོད་ཀྱིས་ཇི་ལྟར་མོས་པ་བཞིན་དུ་གྱུར་ཅིག་སྨྲས་ནས། ཨུཏྤ་ལ་བླངས་ཏེ། བཟང་ལེན་ལྡན་གྱིས་ཨུཏྤལ་ལྔ་དང་། བདག་ཉིད་མིང་གིས་དེ་བཞིན་གཤེགས་པ་ལ་ཕུལ་ཅིག་ཅེས་ཨུཏྤ་ལ་གཉིས་དང་། བདུན་བཀུར་བ་དེ་དག་ཁྱེར་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བྱུང་བ་དང་། དེ་ནས་པདྨ་ཅན་གྱི་གྲོང་ཁྱེར་འཁོར་ཡུག་ཏུ། མེ་ཏོག་སིལ་མ་དག་གིས་ཡོངས་སུ་བཀྲམ་བྱས་ཤིང་། །གོས་བཟང་རིན་ཆེན་བརྒྱ་ཡིས་མངོན་པར་བརྒྱན་བྱས་ཏེ། །སྐྱེ་བོ་རྣམས་ནི་མཆོད་པས་ཀུན་ཏུ་རྣམ་པར་གཡོ། །གང་ན་ཚངས་པ་དབང་པོར་བཅས་པ་དང་། །ལྷ་ཀླུ་མི་དང་དྲི་ཟ་ནམ་མཁའ་ལྡིང་། །འབྱུང་པོ་མཐུ་ཆེན་ཁྱད་པར་ལྡན་པ་རྣམས། །རྒྱལ་བ་མར་མེ་མཛད་ལ་མཆོད་ཕྱིར་ལྷགས། །ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས། །བདུག་སྤོས་རྒྱན་འཕྲེང་མེ་ཏོག་རྒྱན་འཕྲེང་དང་། །རིན་ཆེན་རྒྱན་འཕྲེང་གོས་མཆོག་རྒྱན་འཕྲེང་གིས། །རྒྱལ་བ་མཆོག་ལ་མཆོད་ཅིང་མངོན་པར་འཐོར། །གཞན་དག་གུས་པའི་དབང་གིས་མཆི་མ་འཛག །ཉེས་པས་དབང་པོ་རྨུགས་པའང་དབང་པོ་འཐོབ། ལྷན་ཅིག་ཆོས་ཀྱི་དཔལ་ཡོན་བཟང་པོར་གྱུར། དེ་ལྟར་རྨད་དུ་བྱུང་པའི་རང་བཞིན་གྱི་ཁྱད་པར་ལྡན་པ་དེར། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཐུགས་ཞི་ཞིང་དབང་པོ་དུལ་བ། ཞི་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ། རྒྱ་མཚོ་ལྟར་དྭངས་ཤིང་རྙོག་པ་མེད་པ་གསེར་གྱི་མཆོད་སྡོང་དྲི་མ་མེད་པ་ལྟར་མངོན་པར་འཕགས་པའི་དཔལ་གྱིས་བརྗིད་པ། སྐྱེ་དགུ་ཐམས་ཅད་ཀྱིས་མངོན་པར་མཆོད་ཅིང་དགྲ་བཅོམ་པ་བདུན་སྟོང་གིས་ཡོངས་སུ་བསྐོར་ཞིང་བྱོན་པ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཡིན་པར་བདག་གིས་ཐོས་ནས། དེ་བཞིན་གཤེགས་པ་འདི་ལ་མཚན་སུམ་ཅུ་ཞིག་སྣང་སྟེ། མཚན་གཉིས་ནི་མི་སྣང་པས། སུམ་ཅུ་རྩ་གཉིས་དང་ལྡན་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་ཀུན་ཏུ་རྟོག་པ་ཐུགས་སུ་ཆུད་ནས། རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་མཛད་པས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་སྣང་བར་གྱུར་ཏེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །བྲམ་ཟེའི་ཁྱེའུ་སྤྲིན་གྱིས་དེ་མཐོང་ནས། དགའ་ཞིང་མགུ་ལ་མཆོག་ཏུ་ཡིད་དགའ་བ་སྐྱེས་ཏེ། ལྤགས་པ་དེ་བཏིང་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་ལྤགས་པ་དེ་བླངས་ནས་ཕན་ཚུན་དུ་དོར་ཏེ། འདི་སྐད་ཅེས་བྲམ་ཟེའི་ཁྱེའུ་མ་བཅོས་སམ། གང་དུ་རྒྱལ་པོའི་ན་བཟའ་བཏིང་པ་དེར། ཁྱེད་ཀྱི་ལྤགས་པ་བཙོག་པ་འདི་འདིངས་པར་བྱེད་དམ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་ལྤགས་པ་བླངས་ཏེ་ལམ་ནས་བཟུང་ནས་ལམ་གོལ་སར་ཕྱིན་ཏེ་བདེན་པའི་ཚིག་འདི་བྱས་སོ། །བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཡིན་ན། །ཤུལ་ནས་བཟུང་སྟེ་བདག་གི་རལ་པ་ལ་ཞབས་འཇོག་པར་གྱུར་ཅིག །དེ་ཡི་ལྷག་བསམ་དག་པ་ཡིས། །བདེན་པའི་ཚིག་འདི་སྨྲས་མ་ཐག །ཐམས་ཅད་གཟིགས་པས་དགོངས་མཛད་དེ། །དགེ་སློང་རྣམས་ལ་བཀའ་སྩལ་པ། །དགེ་སློང་དག་ངས་ཞབས་གར་བཞག་པ་དེར། །ཁྱེད་རྣམས་ཀྱིས་བཞག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པའི་རལ་པ་ཡིན་པའི་ཕྱིར་རོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྲམ་ཟེའུ་ཁྱེའུ་ག་ལ་བ་དེར་གཤེགས་ཏེ་ཞབས་གཉིས་རལ་པའི་སྟེང་དུ་བཞག་གོ །དེ་ནས་ཁྱེའུ་སྤྲིན་པའི་སྟེང་ནས་ལངས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ཨུཏྤ་ལ་དེ་དག་གཏོར་རོ། །གཏོར་མ་ཐག་ཏུ་དེ་བཞིན་གཤེགས་པའི་དབུའི་གཙུག་གཏོར་གྱི་སྟེང་གི་དྲང་ཐད་དུ་ཨུཏྤ་ལའི་ཁང་པ་བརྩེགས་པ། ཀ་བ་བཞི་ཟུག་པ། ཆ་སྙམ་ཞིང་ཤིན་ཏུ་རྣམ་པར་དག་པ་ཡིད་དུ་འོང་པ་ཞིག་ཏུ་གནས་པར་གྱུར་ཏོ། །ཁང་པ་བརྩེག་མ་དེ་ནའང་། དེ་བཞིན་གཤེགས་པའི་སྐུ་སྣང་ངོ་། །དེ་ལྟར་རྨད་བྱུང་ཆོ་འཕྲུལ་དེ་མཐོང་ནས། །བྲམ་ཟེའི་ཁྱེའུ་གཞན་མེད་དགའ་བས་བརྒྱན། །དཔག་མེད་ཡོངས་སུ་སྦྱངས་ཏེ་ཞིར་གྱུར་ལ། །དེ་བཞིན་གཤེགས་པས་མངོན་སུམ་ལུང་བསྟན་གྱུར། དེ་ནས་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་ལ། ཁྱེའུ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱིས་སྟོན་པ་རུ་འགྱུར་རོ། །ཞེས་བྲམ་ཟེའི་ཁྱེའུས་བདག་ཉིད་ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་ལ་ཡིད་རང་པ་སྐྱེས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་བཟོད་པ་ཐོབ་ནས་སྟེང་གི་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་དྲུག་སྟོང་མངོན་དུ་གྱུར་ཅིང་། དེ་བཞིན་གཤེགས་པ་གང་གའི་བྱེ་མ་སྙེད་ཀྱང་མཐོང་བར་གྱུར་ཏོ། །གང་ཚེ་རྒྱལ་བས་ལུང་བསྟན་ཐོབ་གྱུར་པ། །དེ་ཚེ་ཏ་ལ་བདུན་སྲིད་ཡོངས་སུ་འཕགས། །དེ་བཞིན་གཤེགས་པ་གང་གའི་བྱེ་མ་སྙེད། །མཐོང་ཞིང་ཏིང་འཛིན་དྲུག་སྟོང་མངོན་དུ་གྱུར། །ལྷ་རྣམས་ཀུན་གྱི་དྲང་སྲོང་མཆོག་བཞིན་དུ། བསྟོད་ཅིང་བཀུར་ལ་ཕྱག་ཀྱང་འཚལ་བར་འགྱུར། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རབ་ཏུ་བྱུང་བ་དང་དགེ་སློང་གིས་དངོས་པོ་གསོལ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་རྨད་དུ་བྱུང་བའི་སྤྱོད་པ་ཅན་དུ་གྱུར་ཏོ། །གང་ན་རྒྱལ་བའི་སྲས་པོ་རྣམས། །རྨད་དུ་བྱུང་བའི་སྤྱོད་པ་ཡིས། །འགྲོ་བའི་བསམ་པ་རྫོགས་བྱེད་ཅིང་། །ཐུབ་རྣམས་དགྱེས་པའི་སྤྱོད་པར་ལྡན། འགྲོ་བའི་གཉེན་ཅིག་མཚུངས་པ་མེད། །ཡིན་ཕྱིར་རྣམ་ཀུན་ཕྱག་འཚལ་ལོ། །དེ་ལྟ་བས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་བྱའོ། །ཞེས་སྦྱར་བར་བྱའོ། །དེ་ལྟ་བུའི་ཕྱིས་འབྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་སྤྲིན་དེ་ཉིད་ང་ཉིད་ཡིན་ནོ། །བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ནི་ས་འཚོ་མར་གྱུར་ཏེ། དེ་བས་ན་དགེ་བའི་རྩ་བ་ཆོག་ཤེས་པར་མི་བྱའོ། །བྲམ་ཟེ་ཁྱེའུ་སྤྲིན་དུ་སྐྱེས་པའི་རབས་ཏེ་བདུན་ཅུ་པའོ།། །།སྡོམ་ལ། སྙིང་རྗེ་ཅན་གཉིས་སྐར་མ་དང་། །བརྒྱ་བྱིན་བྲམ་ཟེ་གར་མཁན་མོ། །ང་ལ་ནུ་དང་ཀླུ་ཡི་རྒྱལ། །སེང་གེ་སྤྲེའུ་སྤྲིན་དང་བཅུ། །སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་རྣམས། ཉོན་མོངས་པའི་དབང་དུ་གྱུར་པ་མཐོང་ནས། རྨད་དུ་བྱུང་བའི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་མཐས་གཏུགས་པར་ཡང་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་འོད་ལྡན་ཞེས་བྱ་བ་བྱུང་སྟེ། དེ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་གྱིས་ཀུན་ནས་འཁྱུད་པ། སྟོན་ཟླའི་དཀྱིལ་འཁོར་དྲི་མ་མེད་པ་ཡོངས་སུ་རྫོགས་པ་ལྟར། རྣམ་པ་དག་པའི་རང་གི་ཡོན་ཏན་གྱི་འོད་ཟེར་གྱིས་སྐྱེ་བོ་རྣམས་ཀྱི་བློའི་ཀུ་མུ་དའི་ཚལ་རབ་དུ་སྐྱེ་བས་སྤྱོད་ཚུལ་དག་པའི་གེ་སར་གསལ་བར་འབྱིན་པར་བྱེད་པ། ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པའི་སྐྱེ་འགྲོའི་ཉེས་པའི་རབ་རིབ་དང་ཉོན་མོངས་པའི་ཚ་གདུང་རབ་ཏུ་ཞི་བར་བྱེད་པར་གྱུར་ཏོ། །ཞེས་གྲགས་གོ །ས་བདག་དཔལ་ལྡན་ལུས་ཀྱི་དཔལ་རྒྱས་ཤིང་། བསོད་ནམས་དཔལ་གྱི་སྐྱེ་བོའི་དཔལ་མགོན་གྱུར། །དེ་ནི་ངང་གིས་ཆོས་ཀྱི་དོན་མཐུན་པས། །མཐུན་པ་མ་ཡིན་ཆོས་ལ་འཇིག་རྟེན་བཟློག །ལེགས་པའི་ལམ་སྟོན་ལྷའི་དབང་པོ་བཞིན། །རིགས་པའི་གནས་ལུགས་རྟོགས་ཤིང་མཐུ་ཆེ་ལ། །ཚར་གཅོད་ཕན་འདོགས་བྱ་བའི་ལས་ལ་མཁས། །ཁྱུ་མཆོག་བཞིན་དུ་དེ་ནི་འབངས་རྣམས་སྐྱོང་། །སྙིང་རྗེའི་བདག་ཉིད་དྲག་ཤུལ་སྤྱོད་པ་སྤངས། །ས་བདག་ས་འདིར་སྐྱོང་པ་དཔལ་དང་ལྡན། དེ་ལྟ་བུའི་རྒྱལ་པོ་ཆེན་པོ་དེས་རང་གི་བསོད་ནམས་ཀྱི་མཐུའི་ཁྱད་པར་གྱིས་རྟ་དང་གླང་པོ། ནོར་བུའི་མཆོག་རྣམས་ལྡན་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་དེའི་ཡུལ་དུ་གླང་པོ་རིན་པོ་ཆེ་མེ་ཏོག་ཀུ་མུ་དའི་མདོག་ལྟར་དཀར་བ། ཡན་ལག་བདུན་ཤིན་ཏུ་གནས་པ། གཟུགས་བཟང་པ། མཛེས་པ། ལྟ་ན་སྡུག་པ་ཞིག་བྱུང་ངོ་། །དེ་ནས་རྒྱལ་པོ་འོད་ལྡན་གྱིས་གླང་པོ་འདུལ་མཁན་མཁས་པ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །མཁས་པ་ངེས་པ་ཁྱོད་ཀྱིས་གླང་པོ་ཆེ་དམ་པ་འདི་མྱུར་དུ་ལེགས་པར་དུལ་བར་བྱོས་ལ་ཕུལ་ཅིག །ལྷ་བཀའ་བཞིན་དུ་འཚལ་ཞེས། གླང་པོ་འདུལ་མཁན་མཁས་པས་རྒྱལ་པོ་འོད་ལྡན་ལས་སྙན་པས་གླང་པོ་ཆེ་དམ་པ་དེ་འདུལ་བར་བྱེད་དེ། དེ་དུལ་བར་རིགས་ནས་རྒྱལ་པོ་འོད་ལྡན་ལ་ཕུལ་ཏེ། ལྷ་གླང་པོ་ཆེ་དམ་པ་ནི་དུལ་ལགས་པས། ལྷ་དེའི་དུས་ལ་བབ་པར་མཁྱེན་པ་མཛད་དུ་གསོལ། དེ་ནས་རྒྱལ་པོ་འོད་ལྡན་གླང་པོ་ཆེ་དམ་པ་དེ་ལ་བཞོན་ཏེ། གླང་པོ་ཆེ་འདུལ་མཁན་ཡང་གོང་དུ་སྐྱོན་ནས་རི་དྭགས་ཤོར་དུ་སོང་ངོ་། །དེའི་ཚེ་གླང་པོ་དེས་ནགས་ཀྱི་ལམ་དུ་གླང་མོའི་དྲི་ཚོར་ནས། དེས་དྲི་དེའི་རྗེས་བཞིན་དུ་བརྒྱུགས་སོ། །དེ་ནས་རྒྱལ་པོ་གླང་པོ་ཆེ་རླུང་ལྟར་མགྱོགས་པས་ཁྱེར་བ་དང་། གླང་པོ་ཆེ་འདུལ་མཁན་ལ་སྨྲས་པ། ཀྱེ་གླང་པོ་འདུལ་མཁན། ནམ་མཁའ་འགུལ་པ་འདྲ་ཞིང་ཕྱོགས་ཀུན་མྱུར་དུ་འདུ་བར་འགྲོ་བ་འདྲ། ས་ནི་མཐའ་དག་འཁོར་ལོ་བཞིན་དུ་འཁོར་ཞིང་མཁའ་ལ་འགྲོ་བ་འདྲ། །གླང་པོའི་དབང་པོ་གངས་རི་འགྲོ་བ་ལྟ་བུ་འདི་རྒྱུགས་མཐོང་ནས་འདི། །རི་བོ་འདིར་རྒྱུགས་སྙམ་ནས་རི་རྣམས་གྱ་ཚོམས་མྱུར་དུ་རྒྱུགས་པ་འདྲ། ཀྱེ་གླང་པོ་འདུལ་མཁན་གླང་པོ་ཆེའི་དབང་ཐུལ་ཅིག་ཐུལ་ཅིག །གླང་ཆེན་དབང་པོ་ཚར་བཅད་པར། །བཟང་པོ་རབ་ཏུ་འབད་པར་གྱིས། །གླང་ཆེན་གཉའ་རེངས་ཁྱེར་བ་ཡིས། །ཁོ་བོ་ཅིར་འགྱུར་གཏོལ་མེད་ཁྱེར། གླང་ཆེ་འདུལ་བས་སྨྲས་པ། ལྷ་དྲང་སྲོང་དམ་པས་སྨྲས་པའི་གསང་སྔགས་བཟླ་བགྱི་ཞིང་། འདི་ལ་ལྕགས་ཀྱུས་ཚར་གཅོད་འབད་པ་ཡང་བགྱི་ན། །འཆི་བར་ངེས་པ་རྣམས་ཀྱི་ཚེ་ཡི་སྨན་བཞིན་དུ། །གླང་པོ་འདིས་ནི་བདག་སྟོབས་ཟིལ་གྱིས་མནན་ནས་མཆི། །མིའི་དབང་པོ་ལྕགས་ཀྱུའམ་ཞགས་པའམ་ཡང་ན་ལྕག་གིས་ཀྱང་། །འདོད་ཆགས་གཉའ་རེངས་ཁྱེར་བའི་སེམས། །ཚར་གཅད་ནུས་པ་མ་ཡིན་ནོ། །འདོད་ཆགས་སེམས་ཀྱི་ཟུག་རྔུ་ནི། །ཅི་ཞིག་ལྟར་ན་སྐྱེ་འགྱུར་ཏེ། །ཚུལ་འགའ་ཞིག་གིས་རྒྱས་འགྱུར་ལ། །འགའ་ཞིག་གིས་ཀྱང་ཞི་བར་འགྱུར། གང་གི་ཚེ་གླང་པོ་འདུལ་མཁན་དེས་གླང་པོ་ཆེན་པོ་དམ་པ་དེ། གནས་ཐམས་ཅད་དུ་བཟློག་པར་མ་ནུས་པ་དེའི་ཚེ་རྒྱལ་པོ་ལ་སྨྲས་པ། ལྷ་གླང་པོ་ཆེ་འདི་ནི་འཁྲུལ་གྱི་ཤིང་གི་ཡལ་ག་ལ་འཇུས་ཤིག །དེ་ནས་རྒྱལ་པོ་དང་འདུལ་མཁན་ཤིང་གི་ཡལ་ག་འཇུས་ཏེ་འདུག་གོ །དེ་ནས་དེའུ་ཤི་བ་ལས་ཐར་ཏེ་བདེ་བར་གྱུར་ནས། རྒྱལ་པོས་འདུལ་མཁན་ལ་སྨྲས་པ། ཁྱོད་ཀྱིས་གླང་པོ་ཆེ་དམ་པ་མ་ཐུལ་བར་ང་ལ་ཕུལ་ལོ། །དེས་སྨྲས་པ། ལྷ་འདི་བདག་གིས་ཤིན་ཏུ་ཡང་དུལ་བར་བགྱིས་ཏེ། འོན་ཀྱང་ནགས་ཀྱི་བ་གླང་མོའི། དྲི་ཚོར་ནས་ཉན་དུ་མ་བཏུབ་ལགས་སོ། །ལྷ་དེ་ལྟ་ལགས་མོད་ཀྱི་སྤྱད་དྲན་ནས་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ། །དེ་ནས་གླང་པོ་ཆེ་དེ་མྱོས་པ་དང་། བྲལ་བར་གྱུར་ནས་ཞག་བདུན་པ་ལོན་པ་དང་སྤྱད་རྗེས་སུ་དྲན་ནས་རང་ཉིད་གནས་སུ་འོངས་ཏེ་འདུག་གོ །དེ་ནས་གླང་པོ་ཆེ་འདུལ་མཁན་གྱིས་རིངས་པ་རིངས་པར་རྒྱལ་པོ་ལ་སྨྲས་པ། ལྷ་གླང་པོ་དེ་ནི་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱི་འདི་མ་ཐུལ་ཏོ། །ལྷ་ཐུལ་ལགས་སོ། །ཅི་མངོན་ལྷའི་སྤྱན་ལ་བབ་པར་བགྱིའོ། །ཞེས་དེས་ལྕགས་ཀྱི་ཐུ་ལུམ་མེ་མ་མུར་དུ་ཚོས་པར་བསྲེགས་པ་ཞིག་སྤྱད་ཀྱི་སར་ཁྱེར་ཏེ་ལེན་དུ་བཞུག་པར་བརྩམས་སོ། །དེ་ནས་དེས་བག་ཚ་བ་མེད་པར་བླང་བར་བརྩམས་པ་དང་། གླང་པོ་འདུལ་མཁན་གྱིས་སྨྲས་པ། ལྷ་ལེན་དུ་མི་བཏུབ་ན་འོན་ཀྱང་འགུམ་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཀྱེ་མ་མཁན་པོ་ད་ལྟར་ཤིན་ཏུ་དུལ་བ་འདིས་བདག་ཅག་གཡེངས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། ལྷ་བདག་གིས་སྔར་ལུས་དུལ་གྱིས་སེམས་ནི་མ་ལགས་སོ་ཞེས་མ་གསོལ་ཏམ། བདག་གི་ལུས་དུལ་བ་ལགས་ཀྱིས། སེམས་དུལ་བ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ། སེམས་དུལ་བ་འགའ་ཁྱོད་ཀྱིས་ཡོད་པར་མཐོང་ངམ་ཐོས་སམ། དེ་ལྷས་བསྐུལ་ནས་སྨྲས་པ། ལྷ་ལུས་དང་སེམས་ཐམས་ཅད་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆིས་སོ། །འདོད་པའི་རྒྱུས་བྱུང་ཉེས་གཞོལ་ཕྱིར། །མང་པོ་བརྩོན་པར་བྱེད་མོད་ཀྱིས། །མི་ནུས་པར་ནི་ཤེས་ནས་ཀྱང་། །བརྩོན་འགྲུས་ཉམས་ནས་ལྡོག་པར་བྱེད། །དེ་དང་དེ་ནི་དེ་ལྟ་བུའི། །འབད་པ་རྣམ་པ་མང་བྱས་ཀྱང་། །འདོད་པའི་འདོད་ཆགས་ནགས་ཚལ་འདི། །བརྩད་ནས་ཕྱིན་པར་མི་འགྱུར་རོ། །འདོད་པ་གཞོམ་པར་འདོད་པ་ནི། །ཁ་ཅིག་ཡུལ་རྣམས་སྤོང་བར་བྱེད། །དེ་གཞོམ་འདོད་པ་གཞན་དག་ནི། །དགའ་ཞིང་དབང་པོ་ཚིམ་པར་བྱེད། །ལྷ་དང་ལྷ་མིན་མི་དང་སེང་གེ་སྟག་དང་སྦྲུལ་དག་དང་། །སྲིན་བུ་ཕྱེ་མ་ལེབ་དང་འཇིག་རྟེན་འདི་དག་ཀུན། །འདོད་པའི་ཞགས་པ་ཤིན་ཏུ་ཕྲ་མོ་རྣམས་ཀྱིས་ཡིད་བཅིངས་ནས། །སྲིད་འགྲོའི་ཐིབས་པོ་འདི་ནི་འཁོར་ལོ་བཞིན་དུ་ཤིན་ཏུ་འཁོར། །བདག་ནི་སྣ་ཚོགས་ཐབས་ཀྱིས་འདི་ལྟ་བུར། །གཟུགས་བཟང་ཕུན་སུམ་ཚོགས་པའི་གླང་པོ་འདུལ། །རྒྱལ་པོ་གཟུགས་ཅན་མ་ལགས་ཕྲ་སེམས་ནི། །དྲང་སྲོང་ཆབ་རླུང་འཚལ་བས་མ་ཐུལ་ལོ། །གང་ཞིག་འདོད་པ་དུ་མས་དཀྲིས་གྱུར་པའི། །སེམས་གནས་དག་པ་ཉིད་དུ་གདུལ་མཁས་པ། །རྒྱལ་པོ་ཆེན་པོ་སངས་རྒྱས་མཐུ་བོ་ཆེ། །ཉོན་མོངས་སྤངས་པ་དཔའ་བོ་སྟོབས་ལྡན་པ། །དེ་དང་གང་དག་དེ་ཡི་རྗེས་འབྲངས་པ། །དེ་རྣམས་མ་ལགས་འཇིག་རྟེན་གསུམ་ན་མེད། །དེ་སྐད་ཅེས་སྨྲས་པ་རྒྱལ་པོ་འོད་ལྡན་གྱིས་ཐོས་ནས། འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་ཁྱོད་ཀྱིས་ལེགས་པར་སྨྲས་པ་ལེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི། བརྩོན་འགྲུས་དང་། མཐུ་སྟོབས་དམ་པའི་མཆོག་ཐོབ་པ། འཁོར་བའི་ཕ་རོལ་ཏུ་ཡང་དག་པར་སོན་པ། སེམས་ཅན་ཐམས་ཅད་ལ་མཉམ་པར་གཟིགས་པ་ཅན། ཉོན་མོངས་པའི་ཚོགས་ཐམས་ཅད་འདུལ་བར་མཛད་པ་ནི་ངོ་མཚར་ཆེའོ། །བདག་གིས་ཀྱང་དེ་ལྟ་བུའི་བླ་ན་མེད་པའི་སངས་རྒྱས་ཐོབ་པར་བྱའོ་ཞེས་སྨྲས་ཏེ། དེ་ནས་དེའི་བསམ་པ་དག་པ་ཡིས། །གཞན་ལ་ཕན་བྱེད་བྱང་ཆུབ་མཆོག་ཏུ་བསམ། །རང་གི་སྲིད་དང་ལོངས་སྤྱོད་དབང་བྱེད་པ། །གཞན་ལ་ཕན་ཕྱིར་དམ་པའི་སྤྱོད་པ་ཞུགས། །དེ་ནས་རྒྱལ་པོ་ཆེན་པོ་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེང་ལ། གང་ན་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་འདུ་བར་རུང་པའི་གནས་རྣམས་སུ་འཕོངས་པ་རྣམས་ལ་ཅི་འདོད་པ་དག་བྱིན་ཅིག །བློན་པོ་རྣམས་ཀྱིས་ལྷ་དཀའ་བཞིན་དུ་འཚལ་ལོ་ཞེས་བསྒོ་བ་མཉན་ཏེ། །ཕྱོགས་ཐམས་ཅད་དུ་སྦྱིན་གཏོང་གི་ཁང་པ་སྐྱེ་བོ་ཕོངས་པ་རྣམས་ཀྱི་རྫིང་བུ་དང་འདྲ་བར་བཤམས་ཏེ། འདི་སྐད་ཅེས་ཀྱང་སྒྲགས་པར་ངེས་སོ། །གང་ན་སྐྱེ་བོ་ཕོངས་པ་རྣམས། །བཟའ་བཏུང་ལོངས་སྤྱོད་ཅི་འདོད་པ། །ཐམས་ཅད་ཡིད་བཞིན་བླང་པར་གྱིས། །བླང་བྱས་ནས་ནི་ཚུལ་བཞིན་སྤྱོད། །སྡིག་པའི་ལས་རྣམས་སྤང་པར་གྱིས། །ཚོགས་ལ་ཅིག་ཏུ་བག་ཡོད་བྱོས། ཞེས་བྱ་བ་ལ་སོགས་པ་བསྒྲགས་ན་སྐྱེ་བོ་ཐམས་ཅད་ཡོངས་སུ་ཚིམ་པར་བྱས་སོ། །དེ་ནས་འཇིག་རྟེན་དགའ་བས་བརྒྱན་གྱུར་ཏེ། །ས་བདག་ལས་ནི་མཐུན་པར་དཔལ་མཐོང་ནས། །རྒྱལ་པོ་གྲགས་པ་ཕྱོགས་སུ་རྒྱས་གྱུར་ཅིང་། །ཀུན་ཀྱང་ཆོས་ཀྱི་ལམ་ལ་གནས་པར་གྱུར། །རྒྱལ་པོ་དེ་ནི་གཞན་གྱི་དོན་བྱེད་པས། །བྱང་ཆུབ་ཏུ་ནི་སྨོན་ལམ་འདེབས་པར་བརྩོམ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བ་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་སྒྲལ་བ། །སྐྱེ་བོའི་ཚོགས་དག་བདག་གིས་སྒྲལ་བར་བྱ། །བདག་གིས་སྐྱེ་དགུ་བསྐྱངས་ལས་བྱུང་བའམ། །གཏོང་པ་ལས་བྱུང་བསོད་ནམས་གང་ཡིན་པ། །དེས་ནི་སངས་རྒྱས་ཉིད་ཐོབ་འཇིག་རྟེན་དག །འདོད་པའི་རིམས་ནད་ལས་རབ་ཐར་པར་བྱ། །རྒྱལ་པོ་དེས་བླ་ན་མེད་པའི་བྱང་ཆུབ་དང་རྗེས་སུ་མཐུན་པའི་སེམས་བསྐྱེད་ཅིང་སྨོན་ལམ་ཇི་ལྟར་ཡོངས་སུ་བཏབ་སྟེ་ཉིད་ཀྱིས་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནོ་ཞེས་གྲགས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་འདི་ལྟ་བུའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་ཞིང་རྗེས་སུ་བསླབ་པར་བྱའོ། །གཞན་ཡང་བདག་ཅག་གི་སྟོན་པ་འདི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དང་ལྡན་པ་ཡིན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །རྒྱལ་པོ་འོད་ལྡན་གྱི་སྐྱེས་པའི་རབས་ཏེ་བདུན་ཅུ་གཅིག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུ་བྱེད་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་སྒྲོགས་པར་བྱེད་ཅིང་། བདག་ཉིད་ཀྱང་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ། རིགས་ཐམས་ཅད་ཀྱི་མཆོག་ཏུ་ཕ་རོལ་དུ་ཕྱིན་པ་སྐྱེ་བོ་རྒྱ་ཆེན་པོས་བཀུར་བ། ཤེས་རབ་ཀྱི་མཐུས་རིགས་བྱེད་དང་རྟག་པའི་དེ་ཁོ་ན་ཉིད་ལེགས་པར་ཤེས་པ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། ཆོས་ཀྱི་བདག་ཉིད་ཀྱིས་སེམས་ཅན་རྣམས་ཡོངས་སུ་བསྡུད་ཅིང་ཕན་འདོགས་པར་བྱེད་པ། མ་སྨད་པའི་ཡོན་ཏན་དང་ལྡན་པའི་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་རང་བཞིན་ཆེ་བའི་བདག་ཉིད་ཅན། །ལྷ་དབང་བཞིན་དུ་འགྲོ་བ་རྣམས་ཀྱིས་བཀུར། །རིགས་བྱེད་དོན་གྲུབ་དེ་ནི་ཚངས་པ་བཞིན། །ཤེས་བྱ་རྣམས་ལ་དེ་ནི་ཉི་མ་བཞིན། །དག་ཅིང་གསལ་བས་སྣང་བ་བསྐྱེད་པར་བྱེད། །ཡོན་ཏན་ཚོགས་ཀྱིས་ཆེ་བའི་བདག་ཉིད་གྱུར། དེ་ལྟར་བྲམ་ཟེ་ཆེན་པོ་དེ་རང་གི་ཡོན་ཏན་གྱི་གནས་འཚོལ་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་མེད་ལུང་བསྟན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེ་ཚད་དཔག་ཏུ་མེད་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཀྱང་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལྟ་བུའི་དེ་བཞིན་གཤེགས་པ་དེ་བྱུང་བ་བྲམ་ཟེ་སྒྲ་རྣམ་པར་གྲགས་པས་ཐོས་ནས། བྲམ་ཟེ་བྱེ་བ་ཕྲག་དགུ་ཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་ཏེ་ཕྱིན་ནས་ཕྱག་འཚལ་ཞིང་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པའི་ཕྱིར་འདི་ལྟ་བུའི་བརྩོན་པ་བྱས་ཏེ། གསེར་ལས་བྱས་པའི་ཁང་པ་བརྩེགས་པ། འཕང་དུ་དཔག་ཚད་ཅིག །ཆུར་དཔག་ཚད་སྟོང་ཕྲག་བརྒྱ། ཞེང་དུ་སྟོང་ཕྲག་བརྒྱར་གནས་པས་ཀུན་ཏུ་བརྒྱན་ཏེ། གཞི་ཐམས་ཅད་ནི་གསེར་གྱི་གླེགས་མས་ཀུན་དུ་གཡོགས་པ། ཐམས་ཅད་དང་ལྡན་པའི་བར་སྣང་ལ་ནོར་བུའི་བླ་རེ་ཀུན་ཏུ་བྲེས་པ། མེ་ཏོག་ཁ་དོག་ལྔ་དང་ལྡན་པ་ནི་ཀུན་ཏུ་བཀྲམ། ཁང་པ་བརྩེགས་པ་རེ་ལའང་། སིལ་སྙན་ཡིད་དུ་འོང་བ་སྟོང་གིས་ནི་སྒྲ་འབྱིན་པར་བྱས། ཁང་པ་བརྩེགས་པ་རེ་རེ་ལའང་མཆོད་པའི་ལས་སུ་བསྐོས་པ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་རྣམ་པར་དག་པའི་སྤྱོད་ཚུལ་ཅན་སྟོང་གིས་མཛེས་པར་བྱས་སོ། །རིན་ཆེན་ཁང་བརྩེགས་རྒྱན་སྤྲས་དེ་དག་དང་། །སྣ་ཚོགས་མཆོད་པའི་བྱེ་བྲག་བཀྲམ་བྱས་ཤིང་། །ལྷའི་བདུག་སྤོས་བཟང་པོ་ཚོགས་རྣམས་དང་། །རིན་ཆེན་ཆུན་འཕྱང་ཆུན་པོས་ཀུན་ཏུ་བརྒྱན། །པད་མ་ཨུཏྤལ་པར་ཤ་ཙམ་པ་ཀ། །ཟླ་བ་ཟླ་བཟང་ཚོགས་ཀྱིས་ལེགས་པར་བཀྲམ། །དེ་ལྟར་རྒྱལ་བ་མཆོད་ཕྱིར་བརྒྱན་པར་འགྱུར། །མཆོད་པའི་ལས་སུ་བསྐོས་པ་ཡི། །ལྷ་མོ་ལྟར་མཛེས་ལྷ་མོའི་ཚོགས། །ཟླ་འདྲའི་གདོང་ཅན་ཨུཏྤལ་མིག །ཡན་ལག་གློག་གི་འཕྲེང་བ་བཞིན །འོད་འབར་རིན་ཆེན་བརྒྱན་སྤྲས་པ། །རྣ་ཆ་གཡོ་བའི་དཔལ་གྱིས་མཛེས། །གུས་པའི་ཚུལ་ལ་འཕྱར་བ་སྤངས། །སྟོང་ཕྲག་དུ་མས་རྣམ་པར་བརྒྱན། དེ་ལྟར་རབ་ཏུ་རྣམ་པར་བརྒྱན་པའི་ཁང་པ་བརྩེགས་པའི་དེ་དག་དེ་བཞིན་གཤེགས་པ་ལ་ཕུལ་མ་ཐག་ཏུ། སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་རང་འགྲོའོ། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ལས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྟོད་པའི་སྒྲ་གྲགས་སོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་གྲགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་པའི་འབྲས་བུ་དང་། ཕྱིར་མི་འོང་པའི་སྒྲ་སྒྲགས་སོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་གྲགས་སོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རྣམ་པར་གནས་པའི་སྒྲ་གྲགས་སོ། །རྫུ་འཕྲུལ་གྱི་རྣ་བའི་སྒྲ་གྲགས་སོ། །ལྷའི་མིག་དང་། ལྷའི་རྣ་བའི་སྒྲ་དང་། སེམས་ཀྱི་རྣམ་གྲངས་ཀྱི་སྒྲ་དང་། སྔོན་གྱི་གནས་ཀྱི་སྒྲ་གྲགས་སོ། །འགོག་པའི་སྒྲ་གྲགས་སོ། །ཁ་ཅིག་ནི་བྱང་ཆུབ་དང་མཐུན་པའི་སྒྲ་སྒྲོག་སྟེ། ཁང་པ་བརྩེགས་པ་དེ་དག་གི་མདུན་དུ་ཡང་། སྤོས་ཆུའི་ཆར་རབ་ཏུ་འབབ་ཅིང་། མི་ལས་འདས་པའི་ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། །དེ་ནས་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་པའི་སྤྱན་སྔར། སྐོན་པ་ཁྲི་མེ་ཏོག་སྣ་ལྔ་དག་གིས་བསྐང་ནས་མངོན་པར་འཐོར་ཏོ། །གཏོར་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་ས་ལ་མི་ལྟུང་ཞིང་། སྟེང་དུ་མེ་ཏོག་གི་བླ་རེ་བྲེས་སོ། །དེ་ནས་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུའི་དག་མཐོང་ནས། ཅི་ལྟ་བུའི་དགེ་བའི་རྩ་བ་རི་རབ་ལྟ་བུར་བརྟན་པའི་ཤུགས་ཐོབ་པས་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་སོ། །དེ་བར་སྣང་ལ་སོང་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། དཔའ་བོ་ཐུགས་དག་མིའི་སེང་གེས་བདུད་སྟོབས་རབ་ཏུ་བཅོམ། །ཉོན་མོངས་ཚོགས་བཅོམ་འགྲོ་བ་མཁྱེན་པ་བདེ་འགྲོ་རྗེས་སུ་རྙེད། །སྲོག་ཆགས་ཀུན་སྨན་ཐབས་ཆེན་ཀུན་འགྲུབ་དགེ་བ་སྡིག་མི་མངའ། །སྟོབས་བཅུ་སྲེད་པའི་ཆུ་བོ་རྣམས་སྐེམས་སྲིད་པའི་རྒྱ་མཚོ་བརྒལ། །མི་དབང་མིའི་སེང་གེས་སྲིད་མཚོ་བསྐམས་ཏེ་སྐམ་ལ་ཞུགས། །སྲིད་མཚོར་ཞུགས་པའི་སེམས་ཅན་ཤིན་ཏུ་ཉམས་ཐག་གཞན་ཡང་གྲོལ། །མིའི་སེང་གེས་མེ་གསུམ་གདུངས་པའི་སྐྱེ་བོ་ཞི་མཛད་ཅིང་། །རང་བྱུང་རང་བྱུང་ཉིད་ཀྱིས་ཐུགས་ཆུད་འཇིག་རྟེན་ལམ་སྟོན་མཛད། །སྟོན་པར་གྱུར་པས་སེམས་ཅན་ལམ་ཉམས་པ་དག་ལམ་ལས་བསྣམས། །དྲང་སྲོང་ཆེན་པོ་ཁྱོད་ལ་བསླབས་ན་བླ་ན་མེད་པར་བྱང་ཆུབ་འཐོབ། །ཁྱོད་ཀྱི་སྲས་དག་འཆིང་ལས་རྒལ་ཞིང་སྲིད་པའི་རྒྱ་མཚོ་བརྒལ། །སྐམ་ལ་ཕྱིན་ཅིང་མྱ་ངན་འདས་པར་ཞུགས་ཏེ་ཕྱག་འཚལ་བགྱིད། །འདི་ལྟར་འཇིག་རྟེན་མུན་ལམ་རང་བྱུང་ཆེན་པོ་ཁྱེད་ཀྱིས་བསྟན། །བདག་ཀྱང་བྱང་ཆུབ་ཐོབ་ནས་ལམ་རབ་ཉམས་པ་ལམ་ལ་བཞག །མགོན་པོ་ཁྱོད་ལ་བསླབས་ན་བླ་མེད་བྱང་ཆུབ་ཞི་བར་མཆི། །བྱང་ཆུབ་ཞི་བ་རྟོགས་ནས་འགྲོ་ཡིད་མ་ཞི་རབ་ཏུ་ཞི་བར་བགྱིད། །འགྲོ་བ་ལམ་རབ་ཉམས་པ་འདི་དག་བཙལ་ནས་སྙིང་རྗེ་བསྐྱེད། །སྒྲོན་མ་གསལ་བར་བགྱིད་ཅིང་མིག་ལོང་གྱུར་པ་རྣམ་པར་སྦྱང་། །བདག་གིས་རྒྱལ་བ་བསྟོད་པས་བསོད་ནམས་མི་ཉུང་འདི་བསྐྱེད་པའི། །དགེ་རྩ་དེ་ཡིས་དགྲ་འདུལ་རྒྱལ་བར་བགྱི་ཞིང་གྲོལ་ལམ་བསྟན། དེ་སྐད་ཅེས་བསྟོད་ནས་སྨོན་ལམ་བཏབ་པའོ། །དེ་ལྟར་རྨད་དུ་བྱུང་བའི་མཆོད་པ་དང་བསྟོད་པ་དེ་ལ་བརྟེན་ནས་བྲམ་ཟེ་བྱེ་བ་ཕྲག་དགུ་ཅུ་རྩ་བརྒྱད་ལ་སོགས་པ་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་རྒྱ་ཆེན་པོ་གྲུབ་པར་གྱུར་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་འདོད་པས། དེ་བཞིན་གཤེགས་པ་ལ་ཡོན་ཏན་གྱི་འཕྲེང་བས་ལེགས་པར་བསྟོད་ཅིང་། སྨོན་ལམ་ཆེན་པོ་གདབ་པར་བྱའོ། །གཞན་ཡང་བཅོམ་ལྡན་འདས་འདི་ནི་དེ་ལྟ་བུའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་དམ་པའི་ཆོས་སྒྲུབ་པ་ཡིན་པས། དེའི་རྗེས་སུ་སློབ་པ་རྣམས་ཀྱང་རིམ་གྲོ་བསྐྱེད་དེ། དམ་པའི་ཆོས་མཉན་པ་ལ་བརྩོན་པར་བྱའོ། །བྲམ་ཟེ་སྒྲ་རྣམ་པར་གྲགས་པའི་སྐྱེས་པའི་རབས་ཏེ་བདུན་ཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་བསོད་ནམས་ཡོངས་སུ་བྱས་ཤིང་། སྨོན་ལམ་གྱིས་ཡོངས་སུ་སྤེལ་བ་བྱས་ནས་འབྲས་བུ་ཟད་མི་ཤེས་པ་ཉིད་ཀྱང་འཐོབ་པར་འགྱུར་རོ། །དེང་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱིས་སྟོན་པ། གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་ཞིག་གིས་དེ་སྐུ་གདུང་གི་མཆོད་པའི་བྱེ་བྲག་དུ་མ་དང་ལྡན་པ་བརྩིགས་ནས་དུས་སྟོན་ཆེན་པོ་འདི་བྱས་སོ། །དེ་ནས་དུས་རེ་ཞིག་གི་ཚེ་ན། མཆོད་རྟེན་གྱི་དུས་སྟོན་བྱེད་པའི་ཚེ་གྷཎྜྻཱིའང་བརྡུངས། དུང་ཡང་བུས་ཏེ། འཁོར་བཞི་པོ་ཡང་དག་པར་འདུས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པའི་དོན་དུ་དུས་སྟོན་བྱེད་དོ། །གང་ན་སྐྱེ་བོའི་ཚོགས་རྣམས་དེར་འདུས་པས། །རྒྱལ་བའི་མཆོད་རྟེན་མཆོད་པར་བྱ་བའི་ཕྱིར། །སྤོས་དང་མེ་ཏོག་འཕྲེང་དང་བྱུག་པ་དང་། །མར་མེའི་འཕྲེང་བ་གདུགས་དང་རྒྱལ་མཚན་དང་། །གོས་བཟང་ལེགས་པར་སྦྱངས་པ་རྣམས་ཀྱིས་མཆོད། །དུས་ཚིགས་དགའ་སྟོན་རབ་ཏུ་རྒྱས་གྱུར་ཅིང་། །དང་བའི་ཡིད་ལྡན་སྐྱེ་བོའི་ཚོགས་འདུལ་ཏེ། །རྒྱལ་བའི་སྐུ་གདུང་ལེགས་པར་མཆོད་པར་བྱེད། །དེ་ལྟར་སྐྱེ་བོ་ཕལ་ཆེར་འདུས་པ་དེའི་ཚེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པའི་དགེ་སློང་ཞིག་ཕྱི་དྲོའི་ཚེ་སྲོག་ཆགས་འབུམ་ཕྲག་དུ་མ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་དེ་ན་རྒྱན་པོ་པ་རྒྱལ་བ་ཞེས་བྱ་བ། བློན་པོ་ལ་ཤིན་ཏུ་ཞེན་པ་ཞིག་གནས་ཏེ། དེའི་ཆུང་མ་ནི་རྣམ་པར་རྒྱལ་མ་ཞེས་བྱ། བུ་ནི་རྒྱལ་བ་ཞེས་བྱ་སྟེ། དེ་ན་རེ་ཤིག་ན་རྒྱན་པོ་བ་དེ་བདག་ཉིད་གྱོན་པའི་རས་ཟུང་ཅིག་དང་། གདུགས་དང་འཆིལ་ལྷམ་ཟུང་ཅིག་དང་། པ་ན་ལྔའི་འགྲོན་བུ་རྣམས་མ་གཏོགས་པ། བདག་གི་ཁྱིམ་གྱི་ནང་དང་ཕྱི་རོལ་ན་ཡོད་པའི་དངོས་པོ་ཐམས་ཅད་རྒྱན་སྐུགས་སུ་གཞལ་ནས། དེ་སྡུག་བསྔལ་བ་དང་ཡིད་མི་བདེ་བས་གདུངས་ཏེ་ཀྱེ་ཧུད་བསོད་ནམས་མ་བྱས་པ། དབུལ་བ་ནི་སྡུག་བསྔལ་བའི་གནས་སུ་གྱུར་རོ་ཞེས་རྒྱུན་རིང་པོའི་ཤུགས་ཀྱང་ཕྱུང་སྟེ། མཆིལ་ལྷམ་ནི་བགོས། པ་ན་ལྔ་དང་གདུགས་ཀྱང་ཁྱེར་ནས་རྒྱལ་པོའི་ས་ནས་སོང་སྟེ། མཐར་གྱིས་ཆོས་སྨྲ་བ་གང་ན་འདུག་པའི་ས་ཕྱོགས་དེར་ཕྱིན་པ་དང་། དེ་ནས་ཕལ་མོ་ཆེ་འདུས་ཤིང་འབྱོར་པ་རྨད་བྱུང་དང་། ལྡན་པས་ཆོས་ནི་སྟོན་བྱེད་ཅིང་། ཞི་བའི་ཚུལ་དུ་སྤྱོད་པ་མཐོང་། དེའི་རང་ཞིན་རྨད་དུ་བྱུང་བ་དང་། འབྱོར་པའི་དཔལ་གྱིས་མཐོ་བ་དེ་མཐོང་ནས། རྒྱན་པོ་པ་དེའི་ཡིད་ལ་དང་བ་སྐྱེས། གུས་པའི་སེམས་གྱིས་ཆོས་ཀྱང་མཉན་པར་གྱུར་དེའི་སེམས་རབ་ཏུ་དང་ཞིང་དྲི་མ་མེད་པར་གྱུར་ནས་རེ་ཞིག་བདག་ཉིད་ཀྱང་ཆོས་ཉན་པའི་བསམ་པ་སྐྱེས་ཏེ། དེ་ཉིད་ཀྱི་ཕྱོགས་ཅིག་དུ་གདུགས་བཞག་སྟེ། མཆིལ་ལྷམ་གཉིས་ཕུད་ནས། རྣ་བླགས་ཤིང་ཐལ་མོ་སྦྱར་ཏེ་ཆོས་ཉན་པའི་ཕྱིར་འདུག་གོ །དེ་ནས་རེ་ཞིག་ན་ཆོས་སྨྲ་བས་ཚིགས་སུ་བཅད་པ་འདི་བརྗོད་པ། བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མི་ཡིས་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་མདུན་པར་བྱ། །ཞེས་སྨྲས་སོ། །དེ་ནས་དེས་ཚིགས་སུ་བཅད་པ་དེ་ཐོས་ནས་བསོད་ནམས་བསགས་ན་བདེ་བར་འགྱུར་བ་དེ་ནི་དེ་བཞིན་ཏེ། གང་གི་ཕྱིར་བདག་འདི་ཁོ་ན་ལྟར་མཆོག་ཏུ་མི་བཟད་པ་ཀོས་ཐག་ཅིང་འདུག་པ་ལགས་ན་བདག་གིས་ཚེ་སྔ་མ་ལ་གོར་མ་ཆག་པར་བསོད་ནམས་དག་མ་བྱས་ཀྱིས། བདག་གིས་བསོད་ནམས་ཅུང་ཟད་ཅིག་བྱའོ་སྙམ་དུ་བསམས་སོ། །དེས་དེ་ལྟར་བསམ་ནས་བདག་ལ་ཅི་བདོག་པ་རྟོག་པ་ལ་ཞུགས་སོ། །རེ་ཞིག་ན་རས་ཟུང་ཅིག་གྱོན་པ་དང་། གདུགས་དང་མཆིལ་ལྷམ་གཉིས་དང་། པ་ན་ལྔའི་འགྲོན་བུ་ལུས་པ་རྣམས་མཐོང་སྟེ། གཞན་ཐམས་ཅད་རྒྱན་སྐུགས་སུ་ཡལ་ནས། དེ་སེམས་པ་ལ་ཞུགས་ཏེ། ཅི་སྟེ་པ་ན་ལྔའི་འགྲོན་བུ་རྣམས་དང་། བླ་གོས་བྱིན་ན་ནི་ལྟོགས་ཏེ་འཆི་བར་ཡང་འགྱུར། འོན་ཏེ་མ་བྱིན་ན་ནི་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་ཏུ་བགྲོད་དགོས་ཏེ། དེ་ཡང་དང་ཡང་དུ་དབུལ་བའི་སྡུག་བསྔལ་ཅན་དུ་གྱུར་ན། གང་གིས་ལྟོགས་ཏེ་འཆི་བར་ཡང་མི་འགྱུར་ལ། བསོད་ནམས་ཀྱི་གོད་པར་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་སྟེ། ཡང་བསམས་པ་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བས་ནི་ལྟོགས་ཏེ་ཤི་ཡང་བླའི་པ་ན་ལྔ་དང་བླ་གོས་འདི་དག་ནི་ངེས་པར་སྦྱིན་པར་བྱའོ་སྙམས་སྟེ་དེ་ལྟར་སེམས་པའི་སྐབས་སུ་ཡང་ཆོས་སྨྲ་བས་ཚིགས་སུ་བཅད་པ་ཐ་དད་འདི་བརྗོད་དོ། །བསོད་ནམས་ངལ་ནས་བྱེད་ན་ནི། །སྡིག་ལ་མངོན་པར་དགའ་བར་འགྱུར། །དེ་ཕྱིར་དགེ་བ་མྱུར་དུ་བྱ། །སྡིག་པ་ལས་ནི་སེམས་ཀྱང་བཟློག །ཅེས་སྨྲས་སོ། །དེ་ནས་དེས་ཚིགས་སུ་བཅད་པ་འདི་ཐོས་ནས་བསམ་པ། བསོད་ནམས་མྱུར་དེ་བྱའོ་ཞེས་བཤད་པས་ན་ལ་འོར་དུ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །གང་ན་རྒྱ་མཚོའི་ཆུ་ཡང་བརླབས་ཀྱིས་བསྐྱོད་པའི་ཚེ། །མཁའ་ལ་བཀྲ་ཡང་གསལ་བ་བྱེད་པ་ནུས་མིན་པ། །དལ་ཅིང་དྭངས་པའི་རྐྱེན་གྱིས་གཟའ་སྐར་བཀོད་པ་བཞིན། །གསལ་བར་གང་གྱུར་འདི་ཡང་འཇིག་རྟེན་སྟོན་པ་ཡིན། །རང་བཞིན་དག་པ་རྣམས་ཀྱང་ཡུལ་གྱི་རྙོག་མ་ཡིས། །བསྒྲིབས་པས་དག་པའི་སྤྱོད་ལས་གཞན་དུ་སྣང་བར་གྱུར། །དེ་ཡང་རྐྱེན་གྱིས་རྩ་དང་མེ་ཤེལ་འཕྲད་པ་བཞིན། །ཤེས་རབ་གསལ་བས་སྒྲིབ་པའི་ཚང་ཚིང་བསྲེག་པར་བྱེད། དེ་ནས་རྒྱལ་པོ་བ་དེ་རྣམ་པར་དག་པའི་སེམས་ཀྱིས། ཆོས་སྨྲ་བ་ག་ལ་བ་དེར་སོང་སྟེ། བདག་ཉིད་ཀྱིས་དེའི་དབུ་ཐོག་ཏུ་གདུགས་བཟུང་ནས། མཆིལ་ལྷམ་གཉིས་རྐང་པའི་དྲུང་དུ་བཞག་སྟེ། པ་ན་ལྔའི་འགྲོན་བུ་དེ་དག་གིས་ཆོས་སྨྲ་བའི་རྐང་པ་ལ་གཏོར་ཏེ། རང་གི་ལུས་ལས་བླ་གོས་ཕུད་དེ། ཆོས་སྨྲ་བའི་རྐང་པ་བཀབ་ནས་བ་སྤུ་ཐམས་ཅད་ཟིང་ཞེས་གྱུར་ཞིང་དད་པར་གྱུར་ཏེ། རྐང་པ་གཉིས་ལ་གཏུགས་ནས་དད་པའི་ཤུགས་དྲག་པོས་སྨོན་ལམ་འདེབས་པ་ལ་ཞུགས་ཏེ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། ཆོས་ཀྱི་ཕྱིར་སྦྱིན་པ་ཡོངས་སུ་བཏང་བ་འདིས་ནི། བདག་ཚེ་འདི་ཕན་ཆད་དུ་དབུལ་པོར་མ་གྱུར་ཅིག །སྐྱེ་བ་ཐམས་ཅད་དུའང་བསོད་ནམས་ཀྱིས་ཆེ་བར་གྲགས་པར་གྱུར་ཅིག །ལྷ་དང་མི་རྣམས་ཀྱིས་ཀྱང་བདག་རྒྱལ་པོར་བཅུག་པར་གྱུར་ཅིག །ཅི་བསམ་པ་དང་། ཅི་འདོད་པ་དེ་དག་ཐམས་ཅད་ནམ་མཁའ་ལས་གྲུབ་པར་གྱུར་ཅིག །བདག་བཙས་པ་ན་ཡང་ངོ་མཚར་རྨད་དུ་བྱུང་བ་མང་པོ་དག་འབྱུང་བར་གྱུར་ཅིག །གཏེར་མི་ཟད་པའི་རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་ཡོངས་སུ་གང་པ་དག་ཀྱང་འབྱུང་བར་གྱུར་ཅིག །ཅེས་དེ་ལྟར་སྨོན་ལམ་བཏབ་པའི་སྐབས་སུ་ཆོས་སྨྲ་བས་ཀྱང་ཡོངས་སུ་བསྔོ་བར་བྱས་ཏེ། འཁོར་ཐམས་ཅད་དོང་ངོ་། །རྒྱན་པོ་པ་རྒྱལ་བ་ཡང་ཆོས་ཀྱི་ཕྱིར་སྦྱིན་པ་དེ་ཉིད་ཡིད་ལ་སེམས་ཤིང་། རས་གཅིག་པུ་གྱོན་བཞིན་དུ་རང་གི་ཁྱིམ་དུ་སོང་ནས་ཆུང་མ་དང་བུས་མཐོང་ངོ་། །དེ་ནས་ཆུང་མ་དང་བུས་བསམ་པ། འདིས་ག་ཤེད་དུ་བླ་གོས་ཀྱང་རྒྱན་སྐུགས་སུ་ཡལ་བར་བྱས་ཤིང་གུ་སྙམ་སྟེ། མི་དགའ་བར་གྱུར་ནས། ད་ནི་བདག་ཅག་གཉིས་ལུས་སུ་ཟད་དེ། བདག་ཅག་གཉིས་ཀྱང་ཡལ་བར་བྱེད་དུ་འོང་གིས་འདོང་ཞེས་སྨྲས་སོ། །དེ་ཡང་ངོ་ཚ་ནས་བདག་གི་དབུལ་བའི་ཉེས་པ་འདི་ལྟར་སྨ་ཕབ་པོ་བསམ་ནས། ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་དབུལ་བ་སྡུག་བསྔལ་ཡིན། །ཅི་ཞིག་ཤིན་ཏུ་སྡུག་བསྔལ་དབུལ་དེ་ཉིད། །དབུལ་བ་དེ་ཉིད་ཤི་བ་དང་ཡང་མཚུངས། །བདག་ནི་འཆི་བར་འདམ་གྱིས་དབུལ་བ་མིན། །ཞེས་སྨྲས་ནས། དབུགས་ཚ་བ་རྒྱུན་རིང་བའི་ཤུགས་ཕྱུང་སྟེ། ཅང་མི་ཟེར་བར་འདུག་གོ །དེ་ནས་དེའི་ཁྱིམ་གྱི་ར་བ་ན་ཁྲོན་པ་ཞིག་ཡོད་པ་དེ་དེའི་ཆུང་མས་ཆུ་གཅུ་བའི་ཕྱིར་བུམ་པ་ཐག་པས་བཅིངས་ནས་དེའི་ནང་དུ་བཏང་སྟེ། ཆུ་ཡར་དབྱུང་སྙམ་པ་དང་། རེ་ཞིག་ན་ཡར་དབྱུང་བར་མ་ནུས་ནས། དེས་རྒྱན་པོ་པ་ལ། ཇོ་བོ་བུམ་པ་འདི་ཡར་དབྱུང་པ་མི་ནུས་པ་ལ་ཚུར་སྤྱོན་ཏེ་གཟིགས་ཞེས་བོས་སོ། །དེ་ནས་ཀྱང་དབྱུང་བར་བརྩམས་སོ། །རེ་ཞིག་ན་དེས་ཀྱང་ཡར་དབྱུང་བར་མ་ནུས་ནས། དེ་གཉིས་ཀྱིས་བུ་ལ་བོས་སོ། །དེ་ནས་མི་གསུམ་ཅར་གྱིས་ཤ་ཐང་འབད་པ་ཆེན་པོས་དེའུ་མ་ཕྱིན་ཏོ། རེ་ཞིག་ལྟས་པ་ན་བུམ་པ་དེའི་འོག་ན་ཟངས་ཟུང་ལྔ་གསེར་དངུལ་གྱིས་ཡོངས་སུ་གང་བ་ཐོགས་ཤིང་འདུག་པ་མཐོང་སྟེ། དེ་ནས་རྒྱན་པོ་པ་རྒྱལ་བས་ཚེ་འདིའི་སྦྱིན་པའི་འབྲས་བུ་ཤིན་ཏུ་རྨད་དུ་བྱུང་པ་དེ་མཐོང་ནས་ཡ་མཚན་མིག་རྒྱས་ཏེ་སྙིང་རབ་ཏུ་དགའ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་ཉེས་པ་ཀུན་སྤངས་པ། །ཡོན་ཏན་ངོ་བོ་ཉིད་ཀྱི་ཞིང་། །དེ་ལྟར་བདག་གིས་ས་བོན་བཏབ། །ད་ལྟ་ཉིད་དུ་འབྲས་བུ་སྨིན། །ཞེས་སྨྲས་སོ། །དེ་ནས་དེའི་ཆུང་མས་དེ་ཡ་མཚན་གྱིས་མིག་རྒྱས་ཏེ་སྨྲས་པ། ཇོ་བོ་འདི་ཅི་ཞིག་ལ་དགོངས་ཏེ་གསུངས། དེས་སྐབས་འདི་རྒྱས་པ་སྙད་དོ། །དེ་ནས་དེས་ཚེ་འདི་ཉིད་ལ་བསོད་ནམས་དག་གི་འབྲས་བུ་མཆོག་ཏུ་ཡིད་དུ་འོང་པ་སྨིན་པའི་རྨད་དུ་བྱུང་དེ་ཐོས་ནས་ཡ་མཚན་དུ་གྱུར་ཏོ། །གཏམ་དེ་ཡང་ཅིག་ནས་ཅིག་ཏུ་ཐོས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཀུན་ཏུ་གྲགས་སོ། །དེ་ཐོས་པས་སྐྱེ་བོ་ཕལ་པོ་ཆེ་ངོ་མཚར་དུ་གྱུར་ཞིང་། རྨད་དུ་བྱུང་ནས་ཕན་ཚུན་ཀྱེ་མ་ངོ་མཚར་ཏོ། །ཀྱེ་མ་བསོད་ནམས་དག་གི་ཆེ་བ་ཉིད་ཅེས་འཛེར་ཏོ། །དེ་ནས་གློ་བུར་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བར་གྱུར་ཏེ། བསོད་ནམས་ཀྱིས་འབྲས་བུ་མངོན་སུམ་དུ་མཐོང་ནས། དེས་སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས་ལ་དད་པ་དྲག་པོས་ཤུགས་ཆེར་བཀུར་བསྟི་བྱས་སོ། །དེ་ནས་དེ་ཉིན་ཅིག་བཞིན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བྱེད་དོ། །ཆོས་ཉན་ཏོ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཀྱང་ཉིན་བཞིན་དུ་ཁ་ཟས་བཟང་པོས་ཡང་དག་པར་ཚིམ་པར་བྱེད་དོ། །དགེ་སློང་དང་བྲམ་ཟེ་དང་། བཀྲེན་པ་དང་། ནད་པ་དང་། སློང་བ་གཞན་དག་ཀྱང་ནོར་གྱིས་ཅི་འདོད་པར་ཡང་དག་པར་འཚོ་བར་བྱེད་དོ། །གཙུག་ལག་ཁང་ཆེན་པོ་ཡོ་བྱད་ཐམས་ཅད་ཀྱིས་གང་བ་ཡང་བྱེད་དུ་བཅུག་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་དེའི་གྲགས་པས་ཀྱང་རྒྱལ་པོའི་ཕོ་བྲང་འཁོར་དེར་ཀུན་ལ་རྒྱས་པར་གྱུར་ཏོ། །གང་ན་ལོངས་སྤྱོད་ཅུང་ཟད་ལའང་། །ཁེ་འདོད་ཕྱིར་ནི་ཀུན་ཏུ་རྒྱུགས། །རྨད་བྱུང་འབྲས་བུ་མངོན་མཐོང་ནས། །སྤེལ་བར་བྱེད་པ་ཡ་མཚན་མེད། གང་ན་ཆོས་སྨྲ་དག་པའི་ཡན་ལག་བརྒྱད་ལྡན་གྱིས། །གཏམས་པའི་རྫིང་དེར་དད་པས་སྦྱིན་པའི་ས་བོན་དག །བཏབ་པའི་རྐྱེན་གྱིས་ལོངས་སྤྱོད་པད་ཚལ་རྒྱས་གྱུར་ཏེ། །དགའ་བའི་འདབ་རྒྱས་ཡིད་ཀྱིས་གེ་སར་གཡོ་བ་དག །ཡོན་ཏན་བསྔགས་པའི་དྲི་བསུང་སྐྱེ་བོའི་ཚིག་རླུང་གིས། །དྲངས་ཏེ་འཇིག་རྟེན་མོག་པོར་རྒྱན་གྱུར་ཆོས་ཉིད་ཡིན། དེ་ནས་དུས་རེ་ཤིག་གི་ཚེ་ན་ཕོ་བྲང་འཁོར་དེའི་རྒྱལ་པོ་དེའི་བུ་མེད་པར་དུས་ལས་འདས་སོ། །དེའི་དབང་གིས་གྲོང་ཁྱེར་གྱི་མི་དང་། བློན་པོ་ཐམས་ཅད་ཀྱིས་གང་ན་རྒྱལ་པོ་འོས་པ་བགྲོས་ཤིང་བརྟགས་ན། རྒྱན་པོ་པ་བསོད་ནམས་ཀྱིས་ཆེ་བར་གྲགས་པར་ཤེས་ནས། རྒྱལ་པོར་བསྐོས་ཏེ། དེའི་མིང་ཡང་རྒྱལ་པོ་རྒྱལ་བ་ཞེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྒྱལ་བ་པོ། །ཚེ་འདི་ཉིད་ལ་བདེ་བ་ཡི། །དགེ་བའི་མྱུ་གུ་དེ་མཐོང་ནས། །ཕྱིར་ཞིང་གཞན་ལ་ཕན་བྱེད་པའི། །དགེ་བའི་རྩ་བ་སྡོང་པོར་དག །མ་ཆགས་འབྲས་བུར་བཅས་པ་ནི། །སྤེལ་བར་ཤིན་ཏུ་བརྩོན་པར་གྱུར། །འདི་ནི་རྨད་བྱུང་སྤྱོད་པ་ཡིན། །དེ་ནས་དེ་ནི་སྦྱིན་པའི་ཆར་རྒྱུན་དག །འབེབས་པར་བྱེད་པ་ཀླུའི་རྒྱལ་པོ་བཞིན། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དགེ་འདུན་བཅས། །མཆོད་པར་བྱེད་ལ་ཉིན་མཚན་གཡེལ་བ་མེད། སྐྱེ་བོ་བག་མེད་གྱུར་པ་རྣམས་ལ་ཡང་། །སྐུལ་བར་བྱེད་ཅིང་མངོན་པར་མཐོང་བ་ཡི། །ཆོས་ཀྱི་འབྲས་བུ་དག་ཀྱང་སྟོན་པར་བྱེད། །དེས་ནི་སྐྱེ་བོ་ཀུན་གྱི་དོན་འགྱུར་བར། །ཐུབ་པའི་དགོངས་པ་ཡོངས་སུ་མཐུན་པར་བྱས། འདིས་ནི་འཇིག་རྟེན་ཕན་པར་བྱེད་པ་ཡིན། །དེ་ནས་རྒྱལ་པོ་རྒྱལ་བ་པོ་བདག་ཉིད་ཀྱི་རྣམ་པར་དག་པའི་འབྲས་བུ་དེ་ལ་ཡིད་ཆེས་པའི་དབང་གིས་བཙུན་མོའི་འཁོར་དང་། བློན་པོ་དང་གྲོང་ཁྱེར་ཀྱི་མི་ཐམས་ཅད་དགེ་བའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་འཛིན་དུ་བཅུག་ནས། དེ་ཚེ་འཕོས་པ་ནའང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་། བསྐལ་པ་མཉམ་པར་སྐྱེས་ཏེ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་བུར་སྐྱེས་སོ་ཞེས་གྲགས་གོ །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པར་བཏང་ཞིང་། གཞན་གྱི་དོན་ལ་སྨོན་ལམ་གདབ་པར་བྱའོ་ཞེས་ཀྱང་སྦྱར་བར་བྱའོ། །དོན་དེའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱན་པོར་གྱུར་པ་དེ་གཞན་ཞིག་ཡིན་པར་སེམས་ན་དེ་ལྟར་མི་ལྟའི། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བར་གྱུར་ཏེ། དམ་པའི་ཆོས་ལ་དད་པའི་དབང་གིས་སྦྱིན་པ་བྱིན་ཅིང་། སྨོན་ལམ་རྣམ་པར་དག་པ་བཏབ་པའི་མཐུས། སྐྱེ་བ་དེ་ཉིད་ལ་མཐོང་པའི་ཆོས་ལ་འབྲས་བུ་ཐོབ་པར་གྱུར་ནས་ལན་བརྒྱ་སྟོང་དུ་མར་ལྷ་དང་མི་རྣམས་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་མཐར་གཏུགས་པར་གྱུར་ཏོ་ཞེས་གསུངས་སོ། །རྒྱན་པོ་པའི་སྐྱེས་པའི་རབས་ཏེ་བདུན་ཅུ་གསུམ་པའོ།། །།བདག་ཉིད་ཆེ་བའི་ཡོན་ཏན་དང་ལྡན་པ་རྣམས་ནི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་མིག་བཟང་ཞེས་བྱ་བར་གྱུར་ཏོ། །ཞེས་གྲགས་སོ། །སྙིང་རྗེའི་ཡོན་ཏན་གྱིས་ནི་ཆེ་བ་རྣམས། །འདོད་པའི་ཡོན་ཏན་སྤངས་ཀྱང་འདོད་ཁམས་འཇུག འདོད་དང་བསམ་གཏན་རོ་མྱང་མི་བྱེད་པར། །དེ་དག་རྣམས་ལ་བརྩེ་བ་དོན་ཡོད་སྤྱོད། །འདོད་ལ་ཞེན་པས་རང་དོན་དོར་གྱུར་པའི། །ཚུལ་དང་མི་མཐུན་གཞན་ཕྱིར་རང་དོན་འདོར། །དེ་བས་བརྒྱ་བྱིན་དཔལ་གྱི་ལོངས་སྤྱོད་ལའང་། །འདོད་པར་མི་བྱེད་བདག་ཉིད་བརྟན་པ་རྣམས། །སྙིང་རྗེའི་དབང་གིས་སྤྱོད་པ་དཔལ་དང་ལྡན། །ཨེ་མའོ་འདི་ནི་འཇིག་རྟེན་རྨད་དུ་བྱུང་། དེ་ལྟར་ལྷ་རྣམས་ཀྱི་དབང་པོ་དེ་ལྷའི་མིག་རྣམ་པར་དག་པས་ལྷ་དང་མིའི་འཇིག་རྟེན་ཀུན་དུ་རྟོག་པར་བྱེད་ཅིང་། སེམས་ཅན་རྣམས་བག་མེད་པ་ལས་ནི་བཟློག བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ནི་རྗེས་སུ་སྟོན། གང་ན་སྡུག་བསྔལ་བའི་རང་བཞིན་ལས་བསྐྱབ་པར་བྱ་དགོས་པ་དེ་དང་དེར་དུས་ལས་མི་འདའ་བར་ཡོངས་སུ་སྐྱོབ་པར་བྱེད་པ་ལས། དུས་གཞན་ཞིག་གི་ཚེ། འཛམ་བུའི་གླིང་དུ་གཏོགས་པ་འདི་ཉིད་དུ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཕྲག་བཞི་ཅུ་ཡོད་དེ། དེ་ན་གྲོང་ཁྱེར་དང་ཚོང་འདུས་དང་། རི་ཁྲོད་སྟོང་ཕྲག་མང་པོ། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་གནས་པ་དེ་རྣམས་ལ་ནད་ཆེན་པོའི་བསྐལ་པ་བྱུང་སྟེ། དེར་སེམས་ཅན་རྣམས་ཐམས་ཅད་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ཏེ། སེམས་ཅན་ཕལ་ཆེར་ལུས་ཤུ་བ་དང་། བརྣག་པ་དང་། འབྲས་དང་། ཕོལ་མིག་དང་། མེ་དབལ་དང་། ཐོར་བུ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱི་ནད་ཀྱིས་རྒྱས་པར་གྱུར་ཏོ། །དེའི་ཚེ་སྨན་པ་སྟོང་ཕྲག་དུ་མ་སེམས་ཅན་དེ་དག་གི་ནད་ཞི་བར་བྱ་བའི་ཕྱིར་བརྩོན་པ་སྐྱེད་པར་གྱུར་ཀྱང་། སུས་ཀྱང་ནད་ཞི་བར་བྱེད་མ་ནུས་སོ། །དེར་སེམས་ཅན་དེ་རྣམས་ཀྱིས་གསོ་བའི་སྤྱད་མ་རྙེད་དེ་སྐྱབས་མེད་པ། རྟེན་མེད་པ། སྡུག་བསྔལ་བར་གྱུར་པ། དེ་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་པ་འདོན་པར་གྱུར་ཏེ། འདི་སྐད་དུ་ནད་འདི་ལས་ནི་ཐར་བྱེད་པ། །ལྷའམ་ཀླུའམ་དྲི་ཟའམ། གནོད་སྦྱིན་དང་ནི་མི་ཡང་རུང་། །མི་མ་ཡིན་པའང་སུ་ཞིག་ཡོད། །སྡུག་བསྔལ་འདི་ལས་ཐར་བྱེད་པ། །དེ་ལ་ནོར་རྣམས་ཐམས་ཅད་བཏང་། །རྗེས་སུ་བསྟན་པ་བཞིན་དུ་བྱ། །བྱས་པ་དག་ཀྱང་གཟོ་བྱ་སྟེ། །ཀྱེ་ཧུད་བདག་ཅག་ནད་འདི་ལས། །ཀྱེ་མ་སུ་ཡིས་ཐར་པར་བྱེད། དེ་སྐད་དུ་སྡུག་བསྔལ་བའི་སྒྲ་ཆེན་པོ་སྒྲོགས་པར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་མིག་བཟང་དེས། ལྷའི་མིག་དང་ལྷའི་རྣ་བ་རྣམ་པར་དག་པས་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་དེ་ཡང་མཐོང་། སྡུག་བསྔལ་བའི་སྒྲ་ཆེན་པོ་འབོད་པ་དེ་ཡང་ཐོས་ནས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། འདི་སྙམ་དུ་བདག་གིས་ཅི་ནས་སེམས་ཅན་སྡུག་བསྔལ་བ་གནས་དང་རྟེན་དང་སྐྱབས་མེད་པར་གྱུར་པ་འདི་རྣམས་ཀྱི་གནས་དང་རྟེན་དང་། སྐྱབས་སུ་འགྱུར་བར་བྱའོ། །སྙམ་དུ་བསམས་པར་གྱུར་ཏོ། །བརྟན་པ་རྣམས་ནི་གཞན་གྱི་སྡུག་བསྔལ་བ་དེ་ནི་བདག་གི་སྡུག་བསྔལ་ཉིད་དུ་འགྱུར། གཞན་གྱི་གནས་སྐབས་བདེ་བ་སྐྱེད་པ་ལའང་། བདག་གིས་སྡུག་བསྔལ་བརྒྱ་ཕྲག་ཁུར་བར་བྱེད། །གཞན་བདེ་བ་ཡིས་སྙིང་རྗེའི་བདག་ཉིད་རྣམས། །བདག་གི་བདེ་བ་བླ་ན་མེད་པར་སེམས། །དེ་འདྲ་བ་དག་སྲིད་ན་གཞན་དོན་གྱི། །སྡུག་བསྔལ་རྣམས་ལ་དགྱེས་པའི་དབང་གིས་འཇུག དེ་ནས་བདག་ཉིད་ཆེན་པོ་དེས་འཛམ་བུའི་གླིང་གི་དབུས་ན་གྲོང་ཁྱེར་ཆེན་པོ་ཀུ་རུ་ཞེས་བྱ་བ་ཡོད་པ་དང་། ཧ་ཅང་ཡང་ཐག་མི་རིང་བ་ཞིག་ཏུ་སྲོག་ཆགས་དེས་པ་ཞེས་བྱ་བ་ཅིག་དུ་རྫུས་ཏེ་སྐྱེས་ནས། སྟེང་གི་བར་སྣང་ལ་ལྷའི་སྒྲ་འདི་ལྟ་བུ་སྒྲགས་ཏེ། འཛམ་བུའི་གླིང་ཐམས་ཅད་ཚིག་གིས་གོ་བར་བྱས་པ། ཀུ་རུའི་གྲོང་ཁྱེར་ཉེ་བ་ན། སྲོག་ཆགས་དེས་པ་བྱ་བ་ཡོད། དེའི་ཤ་ལ་སུ་ཟོས་པ། །དེ་ནི་ནད་རྣམས་ཐར་པར་འགྱུར། །འཇིགས་པར་མ་བྱེད་སྐྲག་པར་མ་བྱེད་པར། །ཅི་ལྟར་འདོད་པ་དེའི་ཤ་ལོང་ཅིག །དེ་ལ་ཁྲོ་མེད་གཤེ་མེད་གནོད་སེམས་མེད། །འཛམ་བུའི་གླིང་འདིར་དེ་ནི་སྨན་ཡིན་ནོ། །དེ་ལྟར་གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ཚོང་འདུས་དང་། རི་ཁྲོད་དེ་དག་ན་སེམས་ཅན་ནད་པ་ཇི་སྙེད་ཡོད་པ་དེ་དག་གིས་སྒྲ་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ག་ལ་བ་དང་། སྲོག་ཆགས་ཀྱི་རྣམ་པ་དེས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྲོག་ཆགས་དེའི་ལུས་ལས་ཤ་བཅད་ཅིང་ཁྱེར་ཡང་དེའི་ལུས་ལ་ཤ་ཟད་པར་མ་གྱུར་ནས། དེས་པས་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདེན་པ་གང་གིས་བྱང་ཆུབ་ཐོབ་འགྱུར་ཞིང་། །བདག་གི་ཡེ་ཤེས་ཟད་པར་མི་འགྱུར་བ། །བདེན་པ་དེས་ནི་བདག་གི་ལུས་ལས་ཤ། །འདི་ནི་ནམ་ཡང་ཟད་པར་མ་གྱུར་ཅིག །དེ་ལྟར་ཕྱོགས་བཞིའི་སེམས་ཅན་ནད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྲོག་ཆགས་ཀྱི་རྣམ་པ་དེས་པའི་ལུས་ལས་ཤ་བཅད་ཅིང་ཁྱེར་ཡང་། ལུས་ལ་བྲི་བའམ་གང་ཡང་མི་མངོན་ཏེ། ཡང་ཡང་བཅད་ཀྱང་ཕྱིར་སྐྱེ་བར་གྱུར་ཏོ། །སྨོན་ལམ་སྟོབས་ཀྱིས་གཞན་ལ་ཕན་པའི་ལུས། །ནད་རྣམས་སེལ་བྱེད་སྨན་གྱི་རྒྱལ་པོ་མཆོག །གང་གི་ལུས་ལ་ཟད་པ་མེད་གྱུར་པ། །ནམ་མཁའི་ངོས་ལ་སྤྱད་པར་བྱས་པ་བཞིན། །དེ་ལྟར་སེམས་ཅན་ཇི་སྙེད་པ་རྣམས་ཀྱིས་སྲོག་ཆགས་ཀྱི་རྣམ་པ་དེས་པའི་ཤ་ཟོས་པ་དེ་དག་ཟོས་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་གྱུར་ཏེ། ནད་མེད་པར་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ལྟར་མཐར་གྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ནད་ཞི་བར་གྱུར་ནས། འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། སྲོག་ཆགས་ཀྱི་རྣམ་པ་དེས་པ་དེས་བདག་ཅག་རྣམས་ནད་ལས་ཡོངས་སུ་ཐར་ཞིང་ནད་མེད་པར་བྱས་ཏེ། བདེ་ཞིང་འགྱུར་བ་མེད་པར་བྱས་ཀྱིས། བདག་ཅག་གིས་དེ་ལ་མཆོད་པའི་ལས་ཤིག་བྱའོ་སྙམ་ནས། དེ་དག་ཐམས་ཅད་ཅིག་ཏུ་འདུས་ཏེ། སྲོག་ཆགས་ཀྱི་རྣམ་པ་དེས་པ་ག་ལ་བ་དེར་སོང་ནས་ཐལ་མོ་སྦྱར་ཏེ། སྲོག་ཆགས་གི་རྣམ་པ་དེས་པ་ལ་ཚིགས་སུ་བཅད་པས་སྨྲས་པ། ཁྱོད་ནི་བདག་ཅག་གནས་དང་སྐྱབས། །ཁྱོད་ནི་བདག་ཅག་སྨན་དང་སྨན། །ཁྱོད་ལ་མཆོད་པ་གང་བགྱི་བ། །ཁྱོད་ཀྱིས་བདག་ཅག་བཀའ་སྩོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་རྣམས་ཀྱི་སེམས་རྣམ་པར་གྱུར་པར་རིག་ནས། དེས་པའི་ལུས་དེ་མི་སྣང་བར་བྱས་ཏེ། བདག་ཉིད་བརྒྱ་བྱིན་གྱི་ལུས་དྲི་མ་མེད་པ་གསལ་ཞིང་རྣམ་པར་མཛེས་པ། ལྷའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཟི་བརྗིད་ཆེ་ཞིང་འོད་འབར་བ། སྐྱེ་བོའི་ཚོགས་ཆེན་པོ་དེ་རྣམས་ལ་གཏན་ནས། ཚིགས་སུ་བཅད་པས་སྨྲས་པ། ང་ལས་ནོར་དང་ཟས་སྐོམ་དང་། །གསེར་དང་འབྲུ་རྣམས་དགོས་པ་མེད། །ལྷ་དབང་ང་ཡིན་ཤེས་པར་བྱོས། །དེ་བས་དང་པའི་སེམས་ལྡན་རྣམས། །ཐམས་ཅད་ལྷན་ཅིག་མཐུན་པར་ནི། །དགེ་བ་བཅུའི་ལས་ལམ་སྲུངས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་སྨོན་ལམ་བསྟན་པ་ཐོབ། ཕན་པའི་དངོས་པོ་ཉིད་ཀྱི་སེམས། །གཅིག་ལ་གཅིག་ཀྱང་བྱམས་པ་བསྐྱེད། །དེ་ལྟར་བྱས་ན་ཁྱེད་ཅག་རྣམས། །ཀུན་ཏུ་བདེ་བ་ཉིད་དུ་འགྱུར། །གང་ན་འཇིག་རྟེན་བདེ་བ་འབྱུང་བའི་རྒྱུ། །དམ་པ་རྣམས་ཀྱི་རྗེས་སུ་སློབ་པ་ཡིན། །དེ་བས་ཅི་ནས་བག་ཡོད་ལྡན་པ་ཡིས། །སྦྱིན་དང་ཚུལ་ཁྲིམས་སྤྱད་པ་དོན་ཡོད་པར། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རབ་སྐྱེད་ནས། །རིང་པོར་མི་ཐོགས་རྫོགས་པའི་འབྲས་བུ་འབྱུང་། །དེ་སྐད་ཅེས་རྗེས་སུ་བསྟན་ནས། གཞན་ཡང་ཆོས་ཀྱི་གཏམ་གོ་སླ་ཞིང་ཡུན་དུ་བདེ་བར་གནས་པའི་རྒྱུད་རྗེས་སུ་གདམས་ནས། ཡང་དག་པར་འཛིན་དུ་འཇུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ལ་ལ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་པར་གྱུར་ཏེ། སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་སྨིན་པར་གྱུར་ཏོ། །དེ་ལྟར་སེམས་ཅན་དེ་རྣམས་ཀུན། །བརྒྱ་བྱིན་ལས་ནི་ཚིག་ཐོས་ནས། །རབ་ཏུ་དགའ་ཞིང་གུས་པ་ཡིས། །ཡོངས་སུ་དག་པར་གྱུར་པའི་ལམ། །དགེ་བ་བཅུ་དང་མཐུན་པར་གྱུར། །ཁ་ཅིག་ཆོས་རྣམས་ལེགས་མཐོང་ལ། །གཞན་དག་བྱང་ཆུབ་སེམས་བསྐྱེད་པའི། །རྨད་བྱུང་གནས་ལ་བཀོད་པར་གྱུར། །དེ་ནས་འགྲོ་བ་ཆོས་ལམ་མཐུན་གྱུར་ཏེ། །ཇི་ལྟར་སེམས་ཅན་ནད་མེད་བདེ་ཐོབ་པ། །དེ་ལྟར་ལྷ་དབང་ཡོངས་སུ་ཚིམ་པར་གྱུར། །མི་སྣང་གྱུར་ཏེ་རང་གི་གནས་སུ་སོང་། །འཛམ་བུའི་གླིང་དེར་གནས་པའི་སྐྱེས་པ་དང་། །ཁྱེའུ་བུད་མེད་བུ་མོ་དེ་རྣམས་ཀུན། །དེ་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ། ཅིག་ཀྱང་ལོག་པར་ལྟུང་པར་མ་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་གཞན་ལ་ཕན་པར་བྱེད་པའི་སྨོན་ལམ་གྱི་མཐུ་ནི་དཔག་ཏུ་མེད་དོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་འདོད་པས་འདི་ལྟ་བུའི་རྨད་དུ་བྱུང་བའི་སྤྱོད་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལའང་བརྗོད་པར་བྱའོ། །དེས་པའི་སྐྱེས་པའི་རབས་ཏེ་བདུན་ཅུ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་དུད་འགྲོར་གྱུར་ཀྱང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་བདག་ཉིད་ཀྱི་སྡུག་བསྔལ་བ་ཐམས་ཅད་བཟོད་པར་བྱེད་ཅིང་། རྨད་དུ་བྱུང་བའི་སྤྱོད་པས་བདུག་པར་བྱེད་པའི་དགྲ་བོ་རྣམས་ཀྱང་སེམས་མགུ་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་འཛམ་བུའི་གླིང་འདི་ཉིད་དུ། གང་ན་ནགས་ཚང་ཚིང་དང་། གེལ་པ་དང་། ཤིང་སཱ་ལ་དང་པ་ལ་ཤས་མཛེས་པར་བྱས་པ། ཕྱོགས་ཐམས་ཅད་ན་དྲི་མ་མེད་པའི་འབབ་ཆུ་དུ་མས་འབབ་པ། པད་མ་དང་ཨུཏྤ་ལས་གང་པའི་མཚོ་དང་། གདེངས་ཀ་དངུལ་གྱི་མེ་ལོང་ལུང་མེད་པ་ལྟ་བུས་བརྒྱན་པ། རྩ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུས་གང་པའི་ས་ཕྱོགས་ཤིག་ན། བྱང་ཆུབ་སེམས་དཔའ་འདི་རེ་ཤིག་ཞིག་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་གངས་རིའི་དུམ་བུ་འགྲོ་ཤེས་པ་ལྟ་བུ་ཅིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་ལུས་བཟང་སྙིང་སྟོབས་ཆེ་བ་དང་། །རྣམ་པར་དག་ཅིང་སྦྱངས་པའི་ངང་ཚུལ་སྤྱོད། །གངས་རི་ལྟར་མཛེས་ལུས་ནི་རབ་ཏུ་བརྟན། །དངུལ་གྱི་དྲི་ཞིམ་གྲགས་པའི་གདོང་བརྒྱན་པ། པད་མོའི་རྩ་བ་ལྟར་དཀར་མཆེ་བ་དྲུག །རབ་མཛེས་གདོང་ནི་པད་མོ་འབར་བ་བཞིན། །དེ་ཡིས་ནགས་ཁྲོད་ཕྱོགས་དེ་མཛེས་པར་བྱས། །རྫུ་འཕྲུལ་གྱིས་ནི་རྣམ་པར་བཀོད་པ་བཞིན། དེའི་ཚེ་བ་ལང་མོ་མཆོག་ཏུ་ཡིད་འཕྲོག་མ་ཞེས་བྱ་བ་དང་། གཞན་ཡང་གླང་པོ་ཆེའི་ཚོགས་ཀྱི་ཁྱུ་ཆེན་པོ་རྣམས་ཀྱང་དེའི་སྤྱོད་ཚུལ་རྣམ་པར་དག་པས་གང་ཟས་པ་བཞིན་དུ་རྗེས་སུ་འབྲངས་ཤིང་གནས་སོ། །དེའི་ཚེ་ལུས་འཕགས་ཀྱི་རྒྱལ་པོ་ཆེན་པོའི་བཙུན་མོ་དམ་པ་ལ་བུ་མོ་ཞིག་བཙས་ཏེ། དེ་ཆེན་མོར་གྱུར་པའི་ཚེ། ཡུལ་ཀ་ཤའི་རྒྱལ་པོ་ཚངས་བྱིན་ལ་བྱིན་ཏེ། དེ་ཚེ་རབས་སྔ་མའི་བག་ཆགས་ངན་པའི་རྣམ་པར་རྟོག་པ་ཡོད་པའི་དབང་གིས། བྱ་ར་བ་རྣམས་ཀྱིས་གླང་པོ་ཆེ་མཆེ་བ་དྲུག་པ་བྱ་རས་སོད་པར་བྱེད་དུ་བཅུག་སྟེ། དེ་ནས་དེས་རྒྱལ་པོ་ཚངས་པས་བྱིན་ལ་སྨྲས་པ། ལྷོ་ཕྱོགས་ཆེ་གེ་མོ་ཞིག་ན་གླང་པོ་ཆེ་མཆེ་བ་དྲུག་པ་ཞིག་མཆིས་ཞེས་མཆི་ན། དེའི་མཆེ་བ་བདག་ལ་འཚལ་བ་ཞིག་མཆིས་ཀྱིས། ལྷས་གྲོང་མི་རྣམས་ལ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོས་ཡུལ་ཐམས་ཅད་ན་གནས་པའི་རྔོན་པ་བ་རྣམས་བཀུག་སྟེ་བསྒོ་བ། ཤེས་ལྡན་དག་དེང་ལ་ཕྱོགས་ཆེ་གེ་མོ་ཞིག་ན་གླང་པོ་ཆེ་མཆེ་བ་དྲུག་པ་ཞེས་འདུག་པ་དེའི་མཆེ་བ་དགོས་ཀྱིས། མྱུར་དུ་ཁྱེར་ཏེ་ཤོག་ཅིག །ལྷ་བཀའ་བཞིན་འཚལ་ལོ་ཞེས་བརྗོད་པ་དེ་རྣམས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་མཉན་ཏོ། །དེ་ནས་རྔོན་པ་དེ་རྣམས་ཀྱི་དེད་དཔོན་གང་ཡིན་པ་དེས་རྔོན་པ་རྣམས་ལ་སྨྲས་པ། ཤེས་རབ་ལྡན་དག་རང་རང་གི་ལས་ལ་འབད་ཅིང་འདུག་ཅིག་དང་། ཁོ་བོ་ཁ་ན་འགྲོ་བོ་ཞེས་དེས་གཏོར་མའི་ཆོ་ག་བྱས། གོ་བསྒོ། མདའ་དུག་ཅན་ལག་ན་ཐོགས་གཞུ་བརྡུངས་ཤིང་གླང་པོ་ཆེ་འཚོལ་དུ་སོང་པ་ལས། ཕྱོགས་དེར་ཕྱིན་པ་དང་། དེས་ཁྱུ་ལས་བཀར་ཏེ། ཆུང་མ་དང་ལྷན་ཅིག་དགའ་མགུར་རྒྱུ་ཞིང་བག་རྐྱང་སྟེ་འདུག་པ་མཐོང་ངོ་། །སྨྲས་པ། ཨུཏྤལ་པད་མ་མོད་པའི་ཆུ་ལྡན་ཡུལ་ཕྱོགས་སུ། །གླང་ཆེན་དམ་པ་མེ་ཏོག་ཀུན་ད་ཟླ་བ་དང་། །བའི་འོ་མ་དང་ནི་བ་མོའི་མདོག་ཅན་དེ། །གངས་རི་བརྩེགས་པ་འགྲོ་བ་ལྟ་བུ་དེ་ཡིས་མཐོང་། །གླང་ཆེན་མཆོག་གི་དབང་པོ་ཟླ་བ་འདྲ་བ་དེ། །མཆེ་བ་དྲུག་པོ་ཟླ་བའི་འོད་ཟེར་ལྟར་སྤ་བ། །པད་མ་དཀར་པོའི་ཕུང་ཆེན་གྱེན་དུ་འཕགས་པ་ལ། པད་མའི་རྩ་ལག་དྲི་མེད་འདུག་ཅིང་བརྟེན་པ་ལྟ། །དེ་ནས་རྔོན་པ་དེ་ལུས་ལ་གོས་ངུར་སྨྲིག་བགོས། མདའ་གཞུ་མཆན་དུ་བཅུག་ནས་ཁྲི་ཤིང་ཚང་ཚིང་གི་ནང་ནས་འཇབ་ཅིང་གོམ་པ་བརྟེན་དེ་དལ་བུས་ཉེ་བར་སོང་བ་དང་། དེ་ནས་བ་གླང་མོ་དེས་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས། དེས་གླང་པོ་དེ་ལ་སྨྲས་པ། ལྷ་ཚུར་སྤྱོན་མི་ཞིག་མཆིས་ཀྱིས་གཞན་དུ་གཞུད་དོ། །དེས་སྨྲས་པ། མི་ཅི་འདྲ་བ་ཞིག །དེས་སྨྲས་པ། གོས་ངུར་སྨྲིག་ཅན་ཞིག་གོ །བྱང་ཆུབ་སེམས་དཔས་སྨྲས་པ་གལ་ཏེ་དེ་ལྟ་ན་ནི་བག་མ་ཚ་ཞིག །ངུར་སྨྲིག་ལས་ནི་མི་དགེ་བ་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་སྙིང་རྗེའི་བདག་ཉིད་བྱམས་པའི་ཡིད་ལྡན་པ། །གཞན་གསོད་དགའ་བ་སྤངས་པ་རྣམས་ཀྱི་རྒྱལ་མཚན་ཏེ། །ཟླ་བས་བསིལ་བ་འབའ་ཞིག་བྱེད་ཀྱིས་གདུང་མེད་ལྟར། འདི་ལས་འཇིགས་པ་མི་འབྱུང་འདི་ལས་ཞི་བ་འཐོབ། དེ་ནས་བ་གླང་མོ་དེ་དང་བྱང་ཆུབ་སེམས་དཔའ་དེ་ཡང་བག་ཚ་བ་མེད་པར་གནས་པ་ལས། དེ་ནས་རྔོན་པ་དེས་ཚང་ཚིང་གི་ནང་དུ་ཞུགས་ནས་མདའ་དུག་ཅན་གྱིས་གནད་དུ་བསྣུན་ཏོ། དེ་ནས་བ་གླང་མོ་དེས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ལྷ་ཅིག་ཆོས་གོས་ཅན་ལས་སྙེམས་པ་བྱུང་ངམ་མ་བྱུང་། །བྱང་ཆུབ་སེམས་དཔས་སྨྲས་པ་སྙིང་གི་གདུག་པ་མ་བྱེད་མ་བྱེད་ཅིག །ཉེས་འདི་ཐུབ་པའི་ན་བཟའ་འདི་མིན་གྱིས། །ཉེས་འདི་ཉོན་མོངས་དབང་དུ་སོང་པ་ཡི། །སེམས་ལྡན་སྙིང་རྗེ་རྣམ་པར་སྤངས་པ་ཡིན། །སྐྱེ་བོ་མ་རྨོངས་སེམས་ལྡན་རྟོག་པ་ཅན། །སུ་ཡིས་གསེར་གྱིས་གཡོགས་པའི་ལྕགས་ལས་ནི། །མི་རྣམས་བསླུ་བར་བྱེད་ཅེས་བསམ་ནས་སུ། །གསེར་དེ་ལྕགས་དང་འདྲ་བ་ཉིད་དུ་ལྟ། །འདི་ཡི་མདའ་དང་གཞུ་དང་ཡིད་བདུག་པ། །གང་ཡིན་དེ་ནི་གདུག་པ་ཉིད་དུ་ཤེས། །དུར་སྨྲིག་མཆོག་ཏུ་ཞི་བ་འདི་ཡང་ནི། །རྟག་ཏུ་ཞི་བ་ཉིད་དུ་བློ་ཡིས་རྟོགས། །དེ་ནས་བ་གླང་མོ་དེ་མི་བཟོད་པ་སྐྱེས་ཏེ་སྨྲས་པ། བདག་ནི་ཚིག་འདི་དག་གིས་བདེ་བར་བསྐྲུན་པ་ཁྱོད་གསོད་པ་བཏང་སྙོམས་སུ་བགྱིད་རྔོ་མི་ཐོག་པས། བདག་གིས་འདི་ཡན་ལག་དང་ཉིང་ལག་རྣམས་དཀྲུགས་གཡེང་དབུགས་གཤེགས་གཞོམ་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔས་འཛུམ་ཕྱུང་ནས་སྨྲས་པ། ཨེ་མའོ་ཉོན་མོངས་པའི་འབྱུང་པོ་གསོད་པའི་བྱང་ཆུབ་སེམས་དཔའི་ཆུང་མའི་མངོན་པར་ཞེན་པ་རུང་པ་མ་ཡིན་ནོ། །ཅི་འདི་ཡང་མི་ཤེས་སམ། འབྱུང་པོའི་གདོན་གྱིས་ཐེབས་པ་སེམས་རྨོངས་པ། །ནད་པ་དེས་ནི་སྨན་པ་མི་བཀུར་ཏེ། །དེ་ལ་སྨན་པས་གནོད་པར་མི་བྱེད་ཀྱིས། །འབྱུང་པོ་དེ་ཉིད་ཟིལ་གྱིས་མནན་ནས་འཇོམས། །དེ་བཞིན་ཉོན་མོངས་གདོན་གྱིས་ཐེབས་པ་ཡི། །སྐྱེ་བོ་སེམས་རྨོངས་འདི་ནི་སྡིག་པར་བྱེད། །དེ་ལ་བདག་ཤེས་ཉོན་མོངས་གདོན་བྱེད་ཀྱིས། །ཉོན་མོངས་པ་ཡིས་ཕམ་བྱས་རྣམས་ལ་མིན། །ལྷ་ཅིག་སྤྱོད་མ་བདག་གིས་བྱང་ཆུབ་ཐོབ་ནས་སྲིད་གསུམ་འདི། །གྲགས་པས་ཀུན་བཀང་ཉོན་མོངས་གཡོ་ཅན་དྲན་འདུལ་བརྟན་པ་དང་། །དྲག་པོ་འཇོམས་བྱེད་ཕྱེར་རླག་བཅད་ཅིང་འཐག་དང་སྐམ་པ་དང་། །རབ་དུ་སྐམས་པ་རིང་པོ་མི་ཐོགས་ཤིན་དུ་ཚར་གཅད་བྱ། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་རྣམས་ཀྱིས་བ་གླང་མོ་དེ་སྙིང་རྩ་བྲི་བར་བྱས་པས་ཅང་མི་སྨྲ་བར་འདུག་གོ །དེ་ནས་གླང་པོ་ཆེའི་ཚོགས་དེས་བྱང་ཆུབ་སེམས་དཔའི་དྲུང་དུ་དོང་པ་དང་། བྱང་ཆུབ་སེམས་དཔས་བསམ་པ། གླང་པོ་ཆེ་འདི་དག་གིས་འདི་ཉིད་དུ་རྔོན་པ་འདི་ལ་གནོད་པ་སྐྱེལ་ན་མི་རུང་ངོ་སྙམ་མོ། །འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་པར་གྱུར་གྱིས། སེམས་ཀྱིས་ནི་མ་ཡིན་པས། དེ་རྔོན་པ་དེའི་མདུན་དུ་སོང་ནས་མིའི་སྐད་ཀྱིས་མ་འཇིགས་ཤིག་ཅེས་སྨྲས་ཏེ། དབུགས་ཕྱུང་ནས་བྲང་འོག་ཏུ་སྦས་ཏེ་འདུག་གོ །གླང་པོ་ཆེ་དེ་རྣམས་ཀྱང་སྐད་ཅིག་བརྟགས་ནས་ཕྱོགས་དེ་ནས་གཞན་དུ་བཏང་ངོ་། །གླང་པོ་ཆེ་རྣམས་དོང་པ་དང་། དེས་རྔོན་པ་ལ་སྨྲས་པ། ཀྱེ་ནང་རྗེ་ཤེས་པར་གྱིས་ཤིག་གླང་པོ་ཆེ་རྣམས་དོང་གིས། ད་ནི་རང་གི་དགོས་པ་བྱོས་ཤིག །རྔོན་པས་བསམ་པ། བདག་འདྲ་བའི་མི་ནི་ཐ་ཤལ་ཡིན་ཏེ། དུད་འགྲོའི་སྐྱེ་གནས་སུ་སོང་པ་འདིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་གིས་དད་པ་སྐྱེས་སོ་སྙམ་ནས། དེས་སྐད་ཆུང་སྟེ་ངུས་པ་དང་། དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་དུ། རྔོན་པས་སྨྲས་པ། བསྣུན་ནོ། །བྱང་ཆུབ་སེམས་དཔའ་མི་དགའ་ནས་བསམ་པ། མ་ལ་འདི་བདག་གིས་སྐྱབས་བྱས་པའི་གནོད་པར་གྱུར་པའམ། བ་གླང་མོ་འདིས་བདག་གསོད་པ་ལས་མི་བཟོད་པ་སྐྱེས་པས། འདི་ལ་མི་དགའ་བ་ཅུང་ཟད་ཅིག་བྱས་པར་མ་གྱུར་ཏམ། སྙམ་ནས་རྔོན་པ་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ལ་སུ་ཞིག་གིས་བསྣུན། དེ་ནས་རྔོན་པ་དེས་མིག་མཆི་མའི་རྦ་རླབས་ཀྱིས་གང་བཞིན་དུ་སྨྲས་པ། གླང་ཆེན་དབང་པོ་ཁྱོད་ཀྱི་ནི། ལུས་ལ་བདག་གི་མདའ་ཡིས་བསྣུན། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་མདས། །བདག་གི་སེམས་ལ་བསྣུན་པར་གྱུར། །དུག་ཅན་མདའ་ཡིས་ཕོག་པ་ཡིས། །ལུས་རྣམས་སྐྱེ་བར་གྱུར་པ་སྟེ། །ཡོན་ཏན་གྱིས་ནི་མདས་ཕོག་པའི། །མི་མཁས་རྣམས་ནི་སྐྱེ་མི་འགྱུར། །གཤེད་མ་ལ་ཡང་སྙིང་རྗེ་བ། །འདི་འདྲ་གང་ལ་ཡོད་གྱུར་པ། །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་ནི། །ཡོན་ཏན་དེ་བརྗོད་སུ་ཡིས་ནུས། འདོར་ན་བདག་གི་མི་སྙམ་པའི། །བློ་ཡང་བདག་ལ་མི་འབྱུང་གིས། །བདག་ལུས་ཡོན་ཏན་གྱིས་སྟོང་པ། །འདི་ལ་ཚིག་པ་ཟ་བ་སྐྱེས། །མི་ཡི་ཤ་ཚུགས་ལྡན་ཡང་བདག །དུད་འགྲོའི་སྐྱེ་གནས་སོང་པ་ཡིན། །གླང་ཆེན་མཆོག་ཁྱོད་དུད་འགྲོའི། །སྐྱེ་གནས་ཤ་ཚུགས་འཆང་ཡང་མི། ཤ་ཚུགས་ཙམ་གྱི་དུད་འགྲོའམ། །མིར་ཡང་རྩི་བ་མ་ཡིན་གྱིས། །གང་ལ་ཡོན་ཏན་ཉེར་དམིགས་པ། །དེ་ནི་མི་ཞེས་བྱ་བར་དྲན། །བྱང་ཆུབ་སེམས་དཔས་སྨྲས་པ། ཡོན་ཏན་གྱིས་བསྟོད་པར་བྱེད་པའི་ཚིག་གིས་གཏམ་གྱི་བར་ཆད་བྱེད་པ་ཐོང་ལ། དོན་ཅི་ཞིག་གི་ཕྱིར་ཁྱོད་ཀྱིས་ང་ལ་མདའ་བསྣུན་པ་མྱུར་དུ་སྨྲོས་ཤིག །དེས་སྨྲས་པ། རྒྱལ་པོའི་ནན་ཏུར་གྱིས་བདག་གིས་བྱ་བ་མ་ཡིན་པ་འདི་བྱས་ཏེ། ཁྱོད་ལ་དགོས་པ་ཅི་ཞིག་ཡོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན། ལག་པ་གཉིས་ནི་མྱུར་སྐྱོང་ལ། །ཅི་འདོད་པ་ནི་བླངས་པར་གྱིས། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་བཏང་ཅུང་ཟད་མེད་པས་ལོང་། །བདག་གི་ཤ་འདི་བཅད་ནས་ཁྱེར་བའམ། །མཆེ་བ་རྣམས་ཀྱང་འདོད་པར་བྱེད་ལ་རག །འདི་ནི་གཞན་ལ་བརྩེ་བའི་ཕྱིར་སྐྱེད་པས། །ལུས་འདི་ལ་ནི་ཇི་ལྟར་དགའ་བར་གྱིས། །མྱ་ངན་འདས་པའི་གྲོང་ཁྱེར་འཇུག་ནུས་ཀྱང་། །འཁོར་བ་བགྲོད་དཀའ་དག་ནི་ཞུགས་པ་གང་། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞིར་གྱུར་པ། །གཞན་ལ་བརྩེ་བ་དེའི་རྒྱུ་ཡིན་ནོ། །དེ་ནས་རྔོན་པ་དེ་ངོ་ཚ་བ་སྐྱེས་ཀྱང་། རྒྱལ་པོའི་ནན་ཏུར་ལ་བསམ་ནས་སྨྲས་པ། ཁྱོད་ཀྱི་མཆེ་བ་རྣམས་དགོས་ལགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དལ་གྱིས་ཕྱུང་ལ་ཁྱེར་ཅིག །དེས་སྨྲས་པ། ཁྱོད་ཉིད་ཀྱིས་ཐུགས་དཔག་མཛོད་ཅིག །བདག་ནི་ཁྱོད་ཀྱི་མཆེ་བ་འབྱིན་མི་ཕོད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་སྙིང་རྗེའི་བདག་ཉིད་ཅན། །ཁྱོད་ཀྱི་མཆེ་བ་རྣམས་ཕྱུང་ན། །བྱམས་པའི་མེ་ཡིས་ངེས་བསྲེགས་ནས། །བདག་གི་ལག་གཉིས་མི་ལྟུང་ངམ། བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་ང་ཉིད་ཀྱིས་ཕྱུང་ལ་སྦྱིན་ནོ། །ཞེས་དེ་ནས་དེས་མཆེ་བ་རྩ་བ་ཤིན་ཏུ་རིང་དུ་ཟུག་པ་དག་ཕྱུང་པ་དང་། བདག་ཉིད་ཆེན་པོ་དེ་ལས་ཁྲག་ཕྱུང་ཏེ། དེ་མཐོང་ནས་གཞན་དག་གིས་དཔེར་བྱས་པ། མཆེ་བ་བཏོན་པ་ལས་བྱུང་ཁྲག་གིས་མཐོང་ཀ་ཀུན་ནས་བཤོས་པ་དེ། །མེ་ཏོག་ཀུ་མུད་བཀྲམ་མདོག་ལྟ་བུའི་ལུས་ཏེ་དཔལ་ལྡན་རྣམ་པར་མཛེས། །རི་སྟེང་ཁ་བས་ཁེབས་པའི་རི་བོ་འོད་ཟེར་མཛེས་དང་ལྡན་པར་གྱུར་པ་ཡི། །རྩེ་མོ་མཚོན་རྩི་རྩག་གིས་ཁ་བསྒྱུར་ཆུ་ཡིས་གསབ་གསེབ་གཏོར་བ་བཞིན། དེ་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་སྤྲོ་སྲིང་པའི་ཕྱིར་སྨྲས་པ་སྙིང་རྗེ་ཅན་ཁྱོད་ད་ནི་བརྟན་པར་སྨྲོས་ཤིག །རྨོངས་པ་སུ་ཞིག་ཡོད། ཕོངས་པར་གྱུར་དང་མགོན་མེད་འཇིག་རྟེན་ལ་ཡང་བལྟ་བར་གྱིས། །ཁྱོད་ནི་སྐྱེ་བོ་འཆིང་པའི་དབང་དུ་སོང་པ་རྣམས་ཀྱི་མགོན། །དེ་ལྟ་འདིར་ནི་དེར་རིང་ཞུམ་པར་བྱ་བའི་ཆ་མ་ཡིན། བར་སྐབས་དེར་ནམ་མཁའི་ངོས་ཀྱང་ཡ་མཚན་གྱིས་ཡིད་རངས་པའི་ལྷ་རྣམས་ཀྱིས་གང་ཞིང་ཡ་མཚན་རྣམ་པ་སྣ་ཚོགས་ཀྱང་བྱུང་ངོ་། །དེ་ནས་ལྷ་ཞིག་གིས་བྱང་ཆུབ་སེམས་དཔའི་ལས་ཤིན་ཏུ་དཀའ་བ། སྤྱོད་པ་དེ་མཐོང་ནས་སྨྲས་པ། གྲོགས་པོ་བདག་ཉིད་ཆེན་པོ་གནས་གང་ཡིན་པ་འདི་ནི་ཡ་མཚན་ཆེ་སྟེ། མཆེ་བ་རྣམས་ནི་ཆུང་པ་ཡིས། །ཚོར་བས་ཉམས་ཐག་གྱུར་ཀྱང་དེ། །ལྷག་པའི་སེམས་དང་ལྡན་པའི་སེམས། །བྱང་ཆུབ་ལས་ཀྱང་མི་ལྡོག་གོ །དེ་ནས་ལྷ་གཞན་ཞིག་གིས་དེ་ལ་སྨྲས་པ། མཆེ་བ་ཕྱུང་པ་ལས་བྱུང་བའི། །སྡུག་བསྔལ་རང་གིས་མྱོང་ཡང་དེའི། །སྙིང་རྗེ་དམྱལ་བ་ན་གནས་པའི། །སེམས་ཅན་རྣམས་ལ་མངོན་འཕེལ་བའི། །གང་ཡིན་པ་ནི་དེའི་སེམས། །བྱང་ཆུབ་ལས་བཟློག་ག་ལ་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་མཆེ་བ་དེ་དག་ཕྱུང་ནས་རང་ཉིད་ཐོགས་ཏེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་རྔོན་པ་མི་དགའ་བ་སྐྱེས་ཏེ། ཅི་འདིས་རང་གི་མཆེ་བ་དེ་དག་བཟུང་ནས་སྦྱིན་པར་གཏོང་མི་འདོད་དམ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་ཤེས་ནས། མེ་ཏོག་ཀུན་ད་ལྟ་བུའི་སྣ་མངོན་དུ་བརྐྱང་ནས། གྲོགས་པོ་བག་མ་ཚ་ཞིག་ཅེས་སྨྲས་ཏེ། ཀུ་མུ་ད་དང་ཟླ་བ་དང་། པད་མའི་རྩ་འདྲ་མཆེ་བའི་མདོག །དྲུག་པོ་འདི་དག་ཁྱོད་སྦྱིན་ཞེས། །བདག་གིས་བཟུང་གིས་བདེ་བར་འདུག །སྐད་ཅིག་ཙམ་ཅིག་སྡོད་ཅིག་དང་། །ལེན་པ་པོ་དང་ཉེ་བར་ནི། །དེའི་བར་དུ་སྡུག་བསྔལ་གྱིས། །གདུང་པའི་ཡིད་རབ་དང་པར་བྱ། །གལ་ཏེ་ཁྱོད་ནི་ཅི་སྟེ་བདག་བརྟགས་ནས། །ཁྱོད་ཀྱི་སེམས་ནི་རབ་ཏུ་དང་པར་བྱ། བདག་ནི་གསོད་འཁུ་གཡོན་ཅན་ངོ་ཚ་མེད། །དེ་ལ་གོ་བར་གྱིས་ཅིག་སྙམ་སེམས་ན། །ཁྱོད་ཀྱི་ཉེས་སྤྱད་གདུག་དང་གཞུ་གདུག་པ། དེ་དང་མདའ་རྣོན་ཁྱད་དུ་གསད་ནས་ནི། །ངུར་རྨིག་འཕགས་པའི་རྒྱལ་མཚན་གྱུར་པ་དེ། །མཐོང་ནས་ཡིད་ནི་རབ་ཏུ་དད་པར་བྱ། །སྦྱིན་པ་ཁ་ཅིག་ལེན་པ་ལ་དགའ་སྟེ། །དེ་བཞིན་གཞན་ནི་སྦྱིན་པ་པོ་ལས་དགའ། །དེའི་ཕྱིར་ན་འདི་ནི་རང་སེམས་ལས། །ཡོད་ཀྱིས་དགའ་བ་ཡང་དག་སྐྱེད་པར་འབད། དེ་ནས་བྱང་ཆུབ་སེམས་དཔའ་འདི་ནི་འདོད་ཆགས་དང་བྲལ་བའི་རྒྱལ་མཚན་ཡིན་ནོ་སྙམ་ནས། ངུར་སྨྲིག་དེ་ཉིད་ལ་རྟོག་ཅིང་སེམས་རབ་ཏུ་དང་པར་བྱས་ཏེ། མཆེ་བ་དེ་རྣམས་རང་གི་སྣ་ལྗགས་ཀྱི་ལག་པས་བརྐྱངས་ཏེ་བྱིན་པ། དུག་ཅན་མདའ་ཡིས་ཕོག་ནས་རང་གི་སྙིང་ལ་ནི། །མི་དགའ་ཅུང་ཟད་མ་གྱུར་བདེན་པ་གང་ཡིན་པ། །བདེན་པ་དེ་ཡིས་ཡང་དག་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་བ་ཉམས་ཐག་སྡུག་བསྔལ་རྣམས་ལས་ཡོངས་ཐར་གྱུར། །དེ་སྐད་ཅེས་བརྗོད་ནས་བདག་གི་ལྷག་པའི་བསམ་པ་དད་པ་རྣམ་པར་དག་པ་བསྟན་ཏེ། རྔོན་པ་དེ་འདུན་པར་བྱས་ནས། རང་གི་མཆེ་བ་རྣམས་བྱིན་ནོ། །རྔོན་པ་དེས་ཀྱང་མཆེ་བ་ཁྱེར་ནས་རྒྱལ་པོའི་དྲུང་དུ་སོང་ངོ་། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་འདོད་པས་དངོས་པོ་ཐམས་ཅད་ལ་ཞེན་པ་མེད་པར་སྦྱིན་ཅིང་། དེ་ལྟ་བུའི་སྨོན་ལམ་ཡང་གདབ་པར་བྱའོ། །གཞན་ཡང་བྱམས་པའི་བདག་ཉིད་ཅན་རྣམས་ནི་གནོད་པར་བྱེད་པ་རྣམས་ཀྱི་དོན་ཡང་བྱེད་པར་འགྱུར་རོ་ཞེས་སྙིང་རྗེའི་ཕན་ཡོན་བསྔགས་པ་དང་། བདག་ཅག་གི་བཅོམ་ལྡན་འདས་འདི་ནི་གནས་སྐབས་དེ་ལྟ་བུ་ལ་ཡོན་ཏན་དེ་ལྟ་བུ་དང་ལྡན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །གླང་པོ་ཆེ་མཆེ་བ་དྲུག་པར་སྐྱེས་པའི་རབས་ཏེ་བདུན་བཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བདག་ཉིད་ཀྱི་བརྩོན་པ་དང་སྙིང་རྗེའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟར་བར་རིག་ཅིང་སྨོན་ལམ་གྱི་དབང་གིས་གཞན་གྱི་དོན་ཆེན་པོའང་བྱེད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། རེ་ཞིག་ཅིག་ཡོངས་སུ་རྒྱུ་བ་འཆར་ཀ་ཞེས་བྱ་བ། དགེ་བའི་རྩ་བ་མངོན་པར་བསགས་པ། ཤེས་བྱའི་གནས་ལ་ཡོངས་སུ་སླབས་པ། མཁས་པའི་བདག་ཉིད་ཅན་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །རང་རྒྱུད་ཡོངས་སུ་སྦྱངས་ཤིང་ཞི་བ་ཡི། །མིའི་འཇིག་རྟེན་དམ་པའི་སྤྱོད་བྲལ་བ། །དེ་ལས་དེ་ནི་མངོན་པར་ལེགས་པ་བཞིན། །དམ་པའི་སྤྱོད་པ་ཡང་དག་རྗེས་སུ་འཇུག །མཁས་པའི་བདག་ཉིད་ཤེས་རབ་གསལ་གྱུར་པས། །འཇིག་རྟེན་སྙན་ངག་བསྟན་བཅོས་ཚུལ་བཞིན་རིག །བདག་ཉིད་ཆེན་པོ་གཞན་གྱི་དོན་བརྩོན་པའི། །གཡེངས་པ་མེད་པར་སེམས་ཅན་རྣམས་ལ་བརྩེ། །ཐོས་དང་དྲན་དང་སྦྱངས་པའི་ཡོན་ཏན་གྱིས། །འགྲོ་བ་རྣམས་ཀྱི་དོན་ལ་ཚུལ་བཞིན་སྤྱོད། དེ་ལྟར་བདག་ཉིད་ཆེན་པོ་དེ་གཞན་གྱི་དོན་ཡང་དག་པར་སྤྱོད་པ་ལ་གཞོལ་བར་གྱུར་ཏོ། །དེའི་ཚེ་རྟོག་པ་ངེས་པར་སྤྱོད་པ་ཞེས་བྱ་བ་རྩ་བ་འབྱིན་པ་འཇིག་རྟེན་ཐམས་ཅད་ཀྱི་རྒྱུ་མངོན་པར་ཤེས་པ་ཞིག་བྱུང་སྟེ། དེས་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ཞུགས་ནས། རྩ་བ་ཤེས་པ་ཡང་དག་པར་རབ་ཏུ་སྟོན། དེ་དེ་ལྟར་སྟོན་པ་ཡོངས་སུ་རྒྱུ་བ་འཆར་ཀ་དེས་ཐོས་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཤེས་པ་འདི་ལྟ་བུར་བསྟན་པར་མི་བྱ་སྟེ། འདི་བདག་ཉིད་འཇིག་རྟེན་གྱི་ཤེས་པ་རིག་པར་བྱའོ་སྙམ་མོ། །འདི་རྟོགས་པར་བྱེད་པ་ལ་ནི་རྣམ་པར་གཡེང་པས་ཐོབ་པ་མ་ཡིན་ཞིང་། དབེན་པར་བརྩོན་པ་ལས་ཤེས་པར་འགྱུར་རོ་ཞེས་རིག་ནས། གང་ལ་རྣལ་འབྱོར་དང་མཐུན་པའི་ས་ཕྱོགས་སྐྱེ་བོ་རྣམས་ཀྱི་རྒྱུན་ལམ་མེད་པ་ཞིག་ཏུ་བརྒྱན་པར་གྱུར་ཏོ། །གང་ན་བསམ་གཏན་རྗེས་མཐུན་པར། །བརྩོན་པར་བྱེད་ལ་མཐུན་གྱུར་པའི། །རི་ཁྲོད་སྨན་ལྗོངས་མཛེས་པ་དག །ཆུ་བཞིན་ཆུ་གཙང་སྔོན་པོར་བཅས། །སྣ་ཚོགས་མེ་ཏོག་ཚོགས་ཀྱིས་གང་། །རྩ་དང་ལྡུམ་བུ་རྩ་བའི་ཚོགས། །ཀུན་ནས་མཛེས་པར་ཀུན་ཏུ་བཀྲམ། །གནམ་ནི་དགོད་པ་ལྟར་བྱེད་པའི། །ཟླ་བ་སྐར་མ་དྲི་མེད་རྣམས། །བཀྲམ་པ་བཞིན་དུ་ཕྱོགས་ཀུན་ཏུ། །རང་བཞིན་ལོངས་སྤྱོད་ཀྱིས་བཀྲ་བ། །འཇིག་རྟེན་ཅ་ཅོ་མེད་པའི་གནས། །ཞི་བའི་གནས་དེར་བསམ་ཏན་དང་། །ཤེས་རབ་ལྷག་པར་འཕེལ་བྱེད་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དོན། །རྟོགས་པར་གྱུར་འདི་ཆོས་ཉིད་ཡིན། དེ་ནས་དེ་བསམ་གཏན་དང་མཐུན་པའི་གནས་སུ་དེ་ལྟར་གནས་བཅས་ནས་བདག་འཛིན་གྱི་ཤེས་པ་གང་ནས་བྱུང་བ་དེ་སོ་སོར་རྟོག་གོ །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཤེས་པ་ལུས་འདི་ཉིད་ནས་གཞན་དུ་བཙལ་བར་མི་བྱའོ་སྙམ་མོ། །ཡང་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་དག་གང་ཡིན་པ་ཞེས་དེས་དེ་ལྟར་སོ་སོར་རྟོག་པ་ན་འདི་ལྟར་སེམས་བསྐྱེད་དེ། འཇིག་རྟེན་འདི་ནི་འདི་ལྟ་སྟེ། །རྟེན་ཅིང་འབྲེལ་པར་འབྱུང་བ། ཕུང་པོ་ལྔར་འཛིན་པ་སྟེ། རྒྱུ་དེས་དེ་དག་ནི་སྐྱེ་བ་དང་རྒས་པ་དང་། ན་བ་དང་། འཆི་བས་འཇིག་རྟེན་འདི་མ་རུངས་པར་གྱུར་ཏོ། །ཡོངས་སུ་ཤེས་པ་གང་དག་གིས་འཇིག་རྟེན་འདི་ཉིད་དེ་ལྟར་ཤེས་ནས། རྒས་པའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་དག་འགག་པར་འགྱུར་རོ་སྙམ་མོ། །དེས་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཐམས་ཅད་ནི་འཇིག་པའི་ཆོས་དང་། རབ་ཏུ་འཇིགས་པའི་ཆོས་སུ་སེམས་ཏེ། བདག་གིས་རབ་ཏུ་མི་ཤེས་སོ། །དེ་སེམས་ཅན་དེ་དག་ཉིད་ལས་སྙིང་རྗེ་ཆེན་པོ་ཐོབ་སྟེ། བདག་གིས་སེམས་ཅན་འདི་དག་འཇིག་རྟེན་ལས་ཡོངས་སུ་ཐར་པར་བྱའོ་སྙམ་མོ། །དེ་འདི་ཉིད་ལ་བརྩོན་པས་མངོན་པར་ཤེས་པ་ལྔ་འཐོབ་སྟེ། འཇིག་རྟེན་ཇི་ལྟ་བ་བཞིན་དུ་ཡང་དག་པར་མངོན་པར་གྱུར་ཏོ། །དེ་མངོན་པར་ཤེས་པའི་མཐུས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་རྟོག་པར་བྱེད་པ་ན། འགྲོ་བ་རྣམ་པ་ལྔར་ཀུན་ཏུ་རྒྱུག་པར་མཐོང་ངོ་། །གང་དག་འདོད་དང་ཁྲོ་བ་གཏི་མུག་གིས་སྒྲིབས་པ། །དེ་དག་མ་རུངས་མངོན་པར་སྤྱོད་ལ་རབ་ཏུ་འཇུག །སྣ་ཚོགས་ཡུལ་ལ་སྲེད་པའི་ཞགས་པས་འཆིང་བྱེད་ཅིང་། །སོ་སོའི་རྒྱུད་ལས་འབྲས་བུ་མངོན་པར་སྣང་པར་འགྱུར། །སྲོག་གཅོད་ལྡན་པས་འབྲས་བུ་འཇིགས་རུང་པ། །མཚོན་རྣོན་བརྒྱ་ཕྲག་ཚོགས་ཀྱིས་གནོང་བྱས་ཤིང་། །ལས་ཀྱིས་སོས་ཏེ་སླར་ཡང་ཕྱེ་མར་རློག །གཞན་དག་སེར་སྣའི་རྒྱུ་ལས་རབ་འབར་བས། །སོག་ལེ་མེ་འབར་བརྒྱ་ཡིས་བཏུབ་ཅིང་བསྲེག །གཞན་དག་འདོད་པས་འབར་བའི་བུད་མེད་དག །འཁྱུད་པས་ཀུན་ཏུ་ཕྱེ་མར་བྱེད་པ་དང་། །ཁྭ་དང་ཕར་སྐམ་རབ་ཏུ་འབར་བ་ཡིས། །དབང་པོ་དྲངས་ཤིང་ངུ་བ་ཙམ་ལ་བརྟེན། །ལ་ལ་བཏུང་པ་འདོད་པ་ཕྱོགས་ཀུན་རྒྱུགས། །རོ་ཉེ་འབར་བ་འཐུང་ཞིང་འཁུན་སྒྲ་འབྱིན། །ཁ་ཅིག་མེ་འབར་ཕུར་པས་ལྕེ་བརྒྱངས་ཏེ། །ལྕགས་ཀྱི་ཐོང་བཤོལ་འབར་བ་ལྔ་བརྒྱས་རྨོད། །ལ་ལ་ལྕགས་ལེབ་འབར་བས་ལུས་དཀྲིས་ཤིང་། །རུས་པའི་གཏིང་ནས་ཚིར་ཚིར་སྒྲ་ཡང་འབྱུང་། །ཁ་ཅིག་ལྕགས་ཀྱི་རྫ་ཆེན་རོ་ཉེ་ཡིས། །གང་པར་བཅུག་སྟེ་མར་གསར་གོང་བུ་བཞིན། །ཁ་ཅིག་མནར་མེད་འབར་བར་རབ་ཏུ་ཞུགས། གྲང་བའི་རེག་པའི་དེ་བཞིན་སོ་འཐམ་དང་། །ཆུ་བུར་རྡོལ་ཅིང་ཀུན་ཏུ་བརྣག་ཁྲག་འཛག །ལུས་གང་ཞིག་ཅིང་དུམ་བུར་རབ་ཏུ་ཞིག །ཡིད་སློང་སྒྲ་ཡང་འབྱིན་པར་མི་ནུས་པ། །དེ་འདྲར་ལས་ཀྱིས་ཀུན་ཏུ་ཞུགས་པར་གྱུར། དེ་བཞིན་དུ་ནི་འདོད་པས་ཟིལ་གནན་པའི། །སྐྱེ་བོ་སྨིག་རྒྱུའི་ཆུ་ལ་ཞེན་པ་བཞིན། །བཀྲེས་སྐོམ་དབང་གིས་སྡུག་བསྔལ་བརྒྱ་ཕྲག་མྱོང་། །དྲི་མ་མི་གཙང་ངར་སྣབས་ཟ་བྱེད་ཅིང་། །དེ་ཡང་མི་མྱོང་སྡུག་བསྔལ་གྱིས་གཙེས་པས། །དེ་འདྲའི་སྲིད་པར་འགྲོ་རྣམས་ཡུན་རིང་འཁྱམས། དེ་བཞིན་ཅིག་གིས་ཅིག་ལ་གནོད་བྱེད་ཅིང་། །གླེན་ལྐུགས་དབང་པོ་ཡོངས་སུ་མ་དག་པས། །དཔག་མེད་དུས་རིང་འགྲོ་འདིར་ཀུན་ཏུ་རྨོངས། །དེ་བཞིན་ང་རྒྱལ་དབང་གིས་འཐབ་ཅིང་རྩོད། །འདོད་དང་མཐོ་རིས་བདེ་བ་ཅུང་ཟད་ཀྱང་། །མི་འདོད་བཞིན་དུ་འབྲལ་ཅིང་ངན་སོང་ལྟུང་། །ལོང་ཡོད་ཙམ་ལ་ལེ་ལོ་དབང་གིས་རྨོངས། །ངལ་གསོའི་བདེ་ལ་འདོད་པས་ཀུན་ཏུ་དྲེགས། །དེ་འདྲའི་སྲིད་དུ་འགྲོ་རྣམས་མཚར་ཅིག་བྱས། །ཀྱེ་མ་འདི་ལྟར་ཉོན་མོངས་སྙིང་རེ་རྗེ། །དེ་ལྟར་འགྲོ་བ་རྣམས་ཀུན་ཏུ་ཟོ་ཆུའི་འཁྱུད་མོ་བཞིན་དུ་འཁོར་ཅིང་། སྡུག་བསྔལ་བ་སེམས་དཔའ་ཆེན་པོ་དེས་མཐོང་ནས། སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད། རྫུ་འཕྲུལ་དང་མངོན་པར་ཤེས་པ་ལྔས་ཇི་ལྟར་འདུལ་བར་གྱུར་བ་དེ་ལྟར་ཆོས་བསྟན་ཏེ། ཐམས་ཅད་ཀྱང་མངོན་པར་ཤེས་པ་ལ་བཀོད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱི་མངོན་པར་ཤེས་པ་ལྔ་ཐོབ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་མངོན་པར་བཀོད་དོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་འདི་ལྟ་བུའི་བརྩོན་འགྲུས་དང་སྨོན་ལམ་གྱིས་གཞན་གྱི་དོན་བྱ་བ་ལ་བརྩོན་པར་བྱའོ། །ཞེས་སྦྱར་བ་བྱའོ། །གཞན་ཡང་ཐབས་མཁས་པ་ནི་མངོན་པར་ཤེས་པ་དང་འབྲེལ་ཏོ་ཞེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདི་ནི་སྔོན་ཡང་སེམས་ཅན་ཀྱི་དོན་དཔག་ཏུ་མེད་པ་མཛད་དོ་ཅེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །ཀུན་རྒྱུ་འཆར་ཀའི་སྐྱེས་པའི་རབས་ཏེ་བདུན་ཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སྙིང་རྗེ་ཆེན་པོའི་དབང་གིས་གཞན་གྱི་དོན་དུ་ལུས་དང་ལོངས་སྤྱོད་ཐམས་ཅད་ཆགས་པ་མེད་པར་གཏོང་ཞིང་། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། སངས་རྒྱས་ཀྱི་ཞིང་རྡུལ་མེད་ལྷུན་པོ་སྦས་ཅེས་བྱ་བར་གྱུར་ཏེ། དེའི་ཚེ་བསྐལ་པ་ཆེན་པོ་བྱུང་བ་ན། མར་འགྲིབ་པའི་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་ཐུབ་པའི་དུས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་པདྨོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པ་ནུབ་པར་གྱུར་ཅིང་། དམ་པའི་ཆོས་ཀྱི་གཟུགས་རྙན་དུ་གྱུར་པ་དེའི་ཚེ་བདག་ཅག་གི་སྟོན་པ་འདི་འཛམ་བུའི་གླིང་ལས་རྣམ་པར་རྒྱལ་བ་སྟོབས་ཀྱི་འཁོར་ལོ་བསྒྱུར་བ་ནོར་ཅན་ཞེས་བྱ་བར་གྱུར་ཏོ་ཅེས་གྲག་གོ །རྒྱ་མཚོས་འཁྱུད་པའི་ས་འདི་དཔལ་འབར་བར། བྱེད་ལ་ས་བདག་རྒྱལ་པོ་ཞེས་སུ་གྲགས། དེ་བས་འདིར་ནི་ཆོས་དང་སྲིད་ལམ་དག །གསལ་བར་བྱེད་ལ་བརྟན་ཅིང་ངང་ཚུལ་བཟང་། །ཕན་བྱེད་འཇིག་རྟེན་བརྩོན་པས་དོན་གྲུབ་པ། །དྲེགས་དང་འཆར་དང་དགོད་པ་རྣམ་སྤངས་ཏེ། གཞན་ལ་ཕན་བྱེད་བསིལ་ཟེར་འཕྲོ་བ་འདི། །བསིལ་ཟེར་བྱེད་པའི་འོད་ཀྱིས་འགྲན་པ་མིན། །རྒྱལ་པོ་དེ་ནི་འབངས་ཀྱི་དོན་བྱེད་པས། །རང་གི་ལུས་དང་ལོངས་སྤྱོད་རྣམས་ལ་ཡང་། །དམན་པ་རྣམས་དང་ཐུན་མོང་བཞིན་དུ་སྤྱོད། །དེ་བས་འདིར་ནི་འཕགས་པའི་ནོར་དང་ལྡན། །ས་བདག་དེ་ཡིས་བསྲུངས་པའི་ས་ཕྱོགས་རྣམས། །མཚོན་གྱི་ཆད་པ་མེད་ཅིང་བདེར་གནས་པ། །ཚུལ་གྱིས་ཚུལ་མིན་སྤྱོད་པ་རིང་དུ་སྤངས། དེ་ལྟར་འཇིག་རྟེན་ཕན་པར་བྱེད་པར་གྱུར། །དེ་ལྟར་བདག་ཉིད་ཆེ་བའི་རྒྱལ་པོ་དེ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་གི་དཔལ་ཆེན་པོ་ཉེ་བར་སྤྱད་པའི་ཕོ་བྲང་དང་། །བཙུན་མོ་དང་ལོངས་སྤྱོད་དུ་མ་དང་། འདུན་ན་འདོན་དང་། །བློན་པོ་རྒྱ་ཆེ་བ་དུ་མ་དང་ནི་ལྡན་ཞིང་བུ་ཡང་སྟོང་ཡོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་སངས་རྒྱས་ཀྱི་བསྟན་པ་དེ་ཡང་ནུབ་ཏུ་ཉེ་བར་མཐོང་ནས། ལྷག་པའི་བསམ་པ་རྒྱ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་གནས་པར་བྱ་བའི་ཕྱིར་བདག་གི་བུ་རྣམས་དང་ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པའི་སྐྱེ་བོ་རྣམས་ལ་འདི་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྐུལ་བ་བྱས་སོ། །གང་ན་རྒྱལ་བའི་བསྟན་པ་རིན་ཆེན་མཆོག །མངོན་སུམ་འདི་དང་ཕྱི་མའི་འབྲས་སྩོལ་བ། །ཕན་བྱེད་འདི་དང་འཕྲད་པར་མཆོག་ཏུ་དཀའ། །མིའི་སྐྱེ་བའང་རྙེད་པར་དཀའ་བས་ན། །དེས་ན་ངའི་བཀའ་ཁྲིམས་གནས་པ་རྣམས། །མཐུན་པར་བག་ཡོད་དགེ་བའི་གནས་ལ་ཞུགས། །དུལ་དང་སྡོམ་པའི་གནས་ལ་མངོན་པར་བརྟེན། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །དེ་ལྟར་སྤྱད་ན་བསྟན་དུ་ཕན་བདེའི་ལམ། །བློ་མཆོག་རྣམས་ཀྱིས་བགྲོད་པའི་གོ་འཕང་འཐོབ། །སུ་དག་རབ་ཏུ་བྱུང་ཞིང་ཆོས་སྤྱོད་པ། །གང་ཡིན་དེ་ཡིས་ཡོངས་སུ་སྤྱད་པ་རྣམས། །ཡོངས་སུ་སྦྱར་ཞིང་དོགས་པ་མེད་པར་བྱས། །དེ་སྐད་ཅེས་ཡོངས་སུ་སྒྲགས་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་འཛིན་དུ་བཅུག་གོ །དེའི་དབང་གིས་བུ་སྟོང་པོ་དེ་དག་ལ་ཡང་། དྲུག་མ་གཏོགས་པ་ཐམས་ཅད་བདེ་བར་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བུ་དྲུག་པོ་དེ་དག་ལ་ཡང་དང་ཡང་དུ་བསྒོ་བ། ཁྱེད་རྣམས་བསམ་པ་ཇི་ལྟ་བུ་ཞིག་གིས་རབ་ཏུ་མི་འབྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད་དེ་དག་གིས་སྨྲས་པ། བདག་ཅག་རྣམས་རབ་ཏུ་མི་འབྱུང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ཟད་པའི་དུས་ཀྱི་མཐར་དམ་པའི་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པ་ན། རབ་ཏུ་བྱུང་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་དག་ཀུན་ཏུ་འཛིན་པར་ཡང་རྔོ་མི་ཐོག་ལ། དེར་ནོར་བདུན་དང་བྲལ་བར་འགྱུར་ཞིང་འཁོར་བའི་འདམ་དུ་བྱིང་ནས། དེས་སླར་རེས་འགའ་ཞིག་ལྷ་དང་མིའི་ནང་དུ་དཔལ་ཐོབ་པར་བྱས་ཀྱི། རྟག་ཏུ་ངན་སོང་གསུམ་པོ་དག་ཏུ་ཡོངས་སུ་འཁྱམ་པར་འགྱུར་ཞིང་། སངས་རྒྱས་ཀྱི་བསླབ་པ་ཡང་དག་པར་འཛིན་པར་མི་འགྱུར་ཏེ། དེའི་སླད་དུ་བདག་ཅག་རབ་ཏུ་མི་འབྱུང་ལགས་སོ། །ཡང་སྨྲས་པ། ཟད་པའི་དུས་ལ་ཉེར་གནས་ཚེ། །བསྟན་པའི་དོན་ནི་མི་འཐོབ་པར། །ཀུན་ཏུ་རྨོངས་པའི་དགེ་སྦྱོང་དག །ལོག་པར་སྤྱོད་པ་འབྱུང་འགྱུར་ཏེ། །ཐོས་པའི་དོན་ལ་མི་བརྩོན་ཞིང་། །མངོན་པའི་ང་རྒྱལ་ལྡན་པ་དག །རྟོག་གེའི་དྲེགས་པས་མུ་ཅོར་སྨྲ། །ཞི་བའི་དགོན་དབེན་སྤྱོད་པ་ལས། །ཉམས་ཏེ་ཆགས་པས་གྲོང་དུ་རྒྱུ། །འདོད་ལ་བག་མེད་སྤྱད་པ་ཡིས། །འཕགས་པའི་ནོར་ལས་རིང་འགྱུར་ཞིང་། །ངན་འགྲོ་རྣམས་སུ་གཞོལ་བའི་ཕྱིར། །དེའི་སླད་དུ་བདག་ཅག་རྣམས། །རབ་ཏུ་འབྱུང་བར་མི་འཚལ་ལོ། །ཡང་དེ་དག་ལ་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། གལ་ཏེ་བདག་ཅག་ལ་འཛམ་བུའི་གླིང་ཐམས་ཅད་སྩོལ་ན། དེ་ལྟ་ན་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིའོ། །དེ་སྐད་ཅེས་སྨྲས་པ་རྒྱལ་པོས་ཐོས་ནས་མཆོག་ཏུ་དགའ་བ་དང་ཡིད་བདེ་བ་ཐོབ་ནས་འདི་སྙམ་དུ་བསམ་པ། ངས་འཛམ་བུའི་གླིང་གྱི་མི་ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བཀོད་ཅིང་། འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད་ལ་གནས་པ་ལའང་ཡང་དག་པར་འཛིན་དུ་བཅུག་སྟེ། ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཟིན་གྱིས། བདག་གིས་འཛམ་བུའི་གླིང་འདི་ཆ་དྲུག་དུ་བགོས་ཏེ། བུ་དྲུག་པོ་དག་ལ་བྱིན་ལ། བྱིན་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་འཛིན་དུ་གཞུག་ཅིང་། བདག་ཀྱང་མངོན་པར་བྱུང་སྟེ་རབ་ཏུ་བྱུང་བར་བྱ་གོར་མ་ཆག་གོ་སྙམ་ནས། འཛམ་བུའི་གླིང་ཐམས་ཅད་ཆ་དྲུག་དུ་བགོས་ཏེ། བུ་དྲུག་པོ་དེ་དག་ལ་བྱིན་ནས། རྗེས་སུ་གདམས་པ་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་བདག་ཉིད་རབ་ཏུ་བྱུང་བར་གྱུར་ཏོ། །ལོངས་སྤྱོད་སྙིང་པོ་མེད་པར་དེས་རིག་ནས། །མཆིལ་མའི་ཐལ་བ་བཞིན་དུ་ཡོངས་སུ་སྤངས། །འཛམ་གླིང་ལོངས་སྤྱོད་དཔལ་གྱིས་བཀྲ་བ་ཡང་། །གནོད་བྱེད་བཞིན་དུ་དེས་ནི་ལྟོས་མེད་བཏང་། །རྒྱལ་བའི་བསྟན་པ་ཡོན་ཏན་རྨད་བྱུང་བ། །ལྷ་དབང་རྣམས་ཀྱིས་བཙུགས་གིས་ལེགས་བསྟེན་པའི། ཚུལ་ཁྲིམས་ཐོས་དང་ཏིང་འཛིན་གྱིས་བརྒྱན་པའི། །དེ་འདིར་མངོན་དུ་བླངས་ཏེ་བརྩོན་པར་གྱུར། དེ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དང་། འཛམ་བུའི་གླིང་གི་རྒྱལ་པོ་དེ་དག་ཀྱང་ཕན་ཚུན་མི་མཐུན་ཞིང་འཐབ་པ་དང་། ཚང་འབྲུ་བ་དང་། འགྱེད་པ་དང་། རྩོད་པར་གྱུར་ཏོ། །དེའི་དབང་གིས་མི་མ་ཡིན་རྣམས་འཁྲུགས་པར་གྱུར་ཏེ། ནད་དང་མུ་གེའི་བསྐལ་པ་དག་གིས་སེམས་ཅན་རྣམས་ལ་ཤིན་ཏུ་གནོད་པར་གྱུར་ཏོ། །གང་དག་མི་རྣམས་ཆོས་ཚུལ་མི་སྤྱོད་པ། །དེ་ཚེ་ལྷ་དང་ལྷ་མིན་འཁྲུགས་གྱུར་ཏེ། །ནད་དང་མུ་གེས་རབ་ཏུ་གཙེས་པར་གྱུར། །འབྲུ་རྣམས་འཕེལ་བའི་གོ་སྐབས་ཞན་གྱུར་ཏེ། །དུས་ཚིགས་ལྡན་པའི་ལྟས་ཀྱང་གཞན་དུ་གྱུར། །ཆར་རྒྱུན་རབ་ཏུ་ལྡན་པའི་འབྲུག་གི་སྒྲ། །རྒྱུན་ཆགས་དལ་བུས་སྒྲོགས་པ་མེད་གྱུར་ཏེ། །ཉི་མའི་ཟེར་གྱིས་ས་ཡང་སྐེམས་བྱེད་ཅིང་། །ཚ་བའི་དབུགས་ཀྱིས་ཆུ་རྣམས་དྲངས་པ་བཞིན། །ཉིན་རེ་བཞིན་དུ་ཞུམ་ཞིང་བྲོས་པ་འདྲ། །དེའི་དབང་གིས་ས་ཡང་བཀྲེས་པ་བཞིན། །རྒྱ་མཚོའི་ཆུ་རྡུལ་འཁྲུགས་པའི་སྤྲིན་དག་ཀྱང་། །ལྷ་མིན་གཏུམ་པོ་འཁྲུགས་པའི་སྒྲ་སྐད་བཞིན། །ཐོག་ཐོག་སྒྲོགས་ཤིང་གནམ་ལྕགས་མདའ་འཕེན་པའི། །སྙིང་དང་མགོ་བོར་ཟུག་པ་བྱས་པ་འདྲ། །པད་མ་ཨུཏྤལ་གང་པའི་མཚོ་རྣམས་དང་། ངང་མོའི་དཔུང་འགོས་བསྐྱོད་པའི་རླབས་འཕྲེང་ཅན། །དེ་དག་རྣམས་ཀྱང་སྐམས་ཤིང་མེད་གྱུར་ཏེ། །ནགས་ཚལ་སྔོན་པོ་སྤྲིན་སྟུག་འདྲ་བ་དག །ཚ་བའི་རླུང་གིས་སྐྱོད་པའི་ཡལ་ག་ལས། །འབར་ཞིང་ཚིག་པས་རང་རོད་ཅན་གྱུར་ཏེ། །མྱ་ངན་ཅན་གྱི་གདོང་བཞིན་ནག་པོར་གྱུར། །རྩ་དང་འབྲས་འབྲུས་མེ་ཏོག་ཚོགས་རྣམས་ཀྱང་། །མཐུ་དང་བྲལ་ནས་གང་ངན་འགྲན་པ་འདྲ། །དེའི་དབང་གིས་བྱ་དང་རི་དྭགས་ཚོགས། །བཀྲེས་ཤིང་ཡིད་འགྱུ་སྒྲ་ཡང་ཆུང་ངུར་སྒྲོགས། །ས་རྡུལ་འཁྲུགས་པའི་བུད་ཀྱིས་བར་སྣང་ཁྱབ། །ཉི་ཟླ་གཟའ་སྐར་མདངས་དང་མི་ལྡན་གྱུར། །སྐྱེ་བོ་བཀྲེས་ཤིང་ནད་ཀྱིས་ཉམས་ཐག་པ། །ཕྱི་ཕྱིར་ཞུམ་ཞིང་མྱ་ངན་ཀྱེ་ཧུད་འདོན། །དེ་ལྟར་འཇིག་རྟེན་དགའ་བ་མེད་པར་གྱུར། དེ་ལྟར་སྐྱེ་འགྲོ་རྣམས་ཤིན་ཏུ་ཉམས་ཐག་པར་གྱུར་པ། བྱང་ཆུབ་སེམས་དཔས་མཐོང་ནས་འདི་སྙམ་དུ་བསམ་པ། ཀྱེ་མའོ་མཚར་བྱས་རང་གི་ཉེས་པས་སེམས་ཅན་རྣམས་འཁྲུགས་པར་གྱུར་ཏེ། སྡུག་བསྔལ་བར་བྱས་སོ། །ད་ནི་ཅི་ནས་འདི་རྣམས་བསྐྱབ་པའི་མཐུ་ཡོད་པས་བདག་གིས་སྨོན་ལམ་གྱིས་སྤེལ་བར་བྱས་ལ། རང་གི་ལུས་ཀྱི་ཤ་ཁྲག་གིས་སེམས་ཅན་རྣམས་འཚོ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་གྱི་དབུས་སུ་སོང་ནས། རི་ཆུ་སྐྱོང་ཞེས་བྱ་བ་ཤིན་ཏུ་མཐོ་ཁྱད་དང་ལྡན་པ་ཅིག་ཡོད་པ་ལ་འཛེགས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཉེ་བར་གནས་པས་སྨོན་ལམ་བཏབ་པ། འདི་ལྟར་བདག་ལུས་ཡོངས་སུ་གཏོང་པ་ནི། །སྙིང་བརྩེ་ཕྱིར་ཏེ་ལུས་ཀྱི་ཤ་ཁྲག་རྣམས། །རི་འདིའི་འཕང་ཙམ་དག་ཏུ་གྱུར་ནས་ནི། །ལྷ་བཅས་འཇིག་རྟེན་དོན་དུ་འགྱུར་བར་ཤོག །འདི་ལྟར་གཟུགས་མཛེས་ཕུན་སུམ་ཚོགས་གཏོང་བ། །གདུང་ཕྱིར་མ་ཡིན་བརྒྱ་བྱིན་ཚངས་ཕྱིར་མིན། །བདག་གི་ཤ་ཁྲག་མང་པོར་གྱུར་ནས་ནི། །ལྷ་བཅས་འཇིག་རྟེན་དོན་ནི་བྱེད་གྱུར་ཅིག །གང་དག་རི་དང་བྲག་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་མི་རྣམས་ང་ལ་ཉོན། །སེམས་ཅན་དོན་ཕྱིར་བདག་གིས་བརྩོན་བསྐྱེད་དེ། །རང་གི་ཤ་ཁྲག་བདག་གིས་ཚིམ་པར་བྱ། གང་གི་ཚེ་དེ་སྐད་དུ་སྨོན་ལམ་བཏབ་ནས་བྱང་ཆུབ་སེམས་དཔའ་རང་གི་ལུས་རི་ཆུ་སྐྱོང་གི་ཁ་ནས་བོར་རོ། །དེ་ནས་ས་ཆེན་རྒྱ་མཚོར་བཅས་པ་ཆགས་པའི་རླབས་ཀྱིས་བསྐྱོད་པ་བཞིན། །ཤིག་ཤིག་གཡོས་ཤིང་རི་རབ་ལྷུན་པོ་རབ་ཏུ་དགའ་བས་བསྐྱོད་པ་བཞིན། ལྷ་དང་དྲི་ཟ་དགའ་བའི་ཕྱོགས་རྣམས་སྤྱོད་པ་དེའི་ཡིད་གཡོས་བཞིན། །མཆི་མའི་རླན་བཅས་ཡན་ལག་མེ་ཏོག་བཅས་པ་བསྐྱོད་ཅིང་བཏོད་པ་བཞིན། །དེ་ཚེ་བྱང་ཆུབ་སེམས་དཔའ་ཡིས། །རང་གི་ལུས་ནི་དོར་གྱུར་པ། །དེ་ཚེ་གནས་གྲུམ་སྒྲ་གྲགས་ཅིང་། །ས་ཡང་སྐྲག་ཅིང་འདར་བ་འདྲ། །རྨད་དུ་བྱུང་བའི་སྨོན་ལམ་གྱིས། །སྒྲ་ཡང་ཀུན་གྱིས་ཐོས་པར་གྱུར། །འདི་ཅི་ཞེས་ནི་ཕྱོགས་ཀུན་ལྟ། །ལུས་ཀྱང་འདར་ཞིང་བ་སྤུ་གཡོས། །དེ་ཚེ་ལྷ་རྣམས་ཐམས་ཅད་ཀྱིས །རྗེས་སུ་བསྟན་ཏེ་ཐོབ་གྱུར་ཏེ། །བཀྲེས་ཤིང་སྐོམ་པའི་ལུས་ཅན་རྣམས། །རྨད་དུ་བྱུང་བའི་སྦྱིན་པ་དེ། ཐོབ་པར་གྱུར་ནས་འདུ་བར་གྱུར། དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་ལུས་བོར་ཅིང་སྨོན་ལམ་བཏབ་པའི་དབང་གིས་བྲག་རི་ཆེན་པོ་ལ་ལྷུང་པ་ན་རྡོའི་ཚོགས་ཆེན་པོ་སྤུངས་པར་གྱུར་པ་བཞིན་དུ་ལུས་ཀྱིས་རྣམ་པ་འཐོར་ནས་ཤའི་ཕུང་པོ་ཆེན་པོའི་རི། མགོ་དང་དབང་པོ་དང་དོན་སྣོད་འབུམ་ཕྲག་མང་པོ་དང་ལྡན་པ་ཁྱོད་ནི་དཔག་ཚད་བརྒྱ། འཕང་དུ་ཡང་དཔག་ཚད་བརྒྱ་པར་གནས་པར་གྱུར་ཏོ། །དེ་ནས་མི་དང་གཅན་གཟན་དང་། བྱ་དག་གིས་བྱང་ཆུབ་སེམས་དཔའ་དེའི་ཤ་ཟ་བའི་ཕྱིར་འདུས་ཤིང་། གང་དང་གང་འདོད་པ་ཐམས་ཅད་བླངས་སོ། །དེ་ཇི་ལྟར་བླངས་པ་བཞིན་དུ་སྨོན་ལམ་གྱི་མཐུས་མཛད་པ་མེད་དེ། ཤ་དང་ཁྲག་དང་ལྤགས་པ་དང་། དབང་པོ་ལ་སོགས་པ་གང་འདོད་པ་དེ་དག་དཔག་ཏུ་མེད་པར་གྱུར་ནས་འཛམ་བུའི་གླིང་ཇི་སྙེད་པར་བཀྲེས་པ་དང་སྐོམ་པ་དག་གི་ལོངས་སྤྱོད་དུ་གྱུར་ཏེ། དེ་ལྟ་བུའི་ཚུལ་གྱིས་ལོ་ཁྲིའི་བར་དུ་སྦྱིན་པ་བྱས་ཏེ་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། །རྨད་དུ་བྱུང་པའི་སྨོན་ལམ་དཔག་ཏུ་མེད་པའི་མཐུ། །རྒྱ་མཚོའི་ཆུ་ཐིགས་འཕྲེང་པའི་ཚད་ཀྱིས་དཔེར་མི་ནུས། །ཟད་མི་ཤེས་པའི་མཐུ་ལྡན་ནམ་མཁའི་མཛོད་ཀྱི་གཏེར། །མངའ་མཛད་ཐུགས་རྗེའི་བདག་ཉིད་དེ་ལ་སྐྱབས་སུ་མཆི། །དེ་ལྟ་བུའི་དོན་དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་ངས་འཛམ་བུའི་གླིང་ཐམས་ཅད་བྱིན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་པའི་རྒྱལ་བུ་དྲུག་པོ་ནི། སྐྱེས་བུ་དམ་པ་ལེགས་དགའ་དང་། རབ་ཏུ་ལག་བརྐྱང་དང་། ས་སྦྱིན་དང་། བརྩོན་འགྲུས་སྐུལ་དང་། སྙིང་པོ་མེ་ཏོག་རྒྱས་པ་དང་། ཤེས་རབ་འོད་ཟེར་ཀུན་ནས་འཁྲུགས་འཛིན་ཅེས་བྱ་བ་འདི་རྣམས་ཡིན་ནོ། །ངས་སེམས་ཅན་གྱི་དོན་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མིག་ཀྱང་རབ་ཏུ་བཏང་ངོ་། །རྒྱ་མཚོ་བཞིའི་ཆུ་སྙེད་ཀྱི་ཁྲག་ཡོངས་སུ་བཏང་ངོ་། །རི་རབ་སྟོང་གསུམ་ཙམ་གྱི་ཤ་དག་ཡོངས་སུ་བཏང་ངོ་། །རི་རབ་ཁོར་ཡུག་ཙམ་གྱི་ལྕེ་དག་ཡོངས་སུ་བཏང་ངོ་། །ལྷུན་པོ་གཉའ་ཤིང་འཛིན་ཙམ་གྱི་རྣ་བ་དག་ཡོངས་སུ་བཏང་ངོ་། །རི་རབ་ཙམ་གྱི་སྣ་རྒྱ་ཆེན་པོ་ཡོངས་སུ་བཏང་ངོ་། །བྱ་རྒོད་ཕུང་པོའི་རི་འདི་ཙམ་གྱི་སོ་དག་ཡོངས་སུ་བཏང་ངོ་། །དེ་ལྟར་སངས་རྒྱས་ཞིང་མི་མཇེད་མཐའ་དག་གི་བཞི་ཙམ་གྱི་རང་གི་ལྤགས་པའང་ཡོངས་སུ་བཏང་ངོ་། །རིགས་ཀྱི་བུ་དེ་ལྟར་ལོ་ཁྲིའི་བར་ཏུ་སྲོག་ཅིག་གིས་རང་གི་ལུས་ཡོངས་སུ་བཏང་པ། ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་ཞིང་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཚིམ་པར་བྱས་ཀྱང་ངའི་སེམས་སྐད་ཅིག་ཙམ་ཡང་འགྱོད་པར་མ་གྱུར་ཏོ་ཞེས་གསུང་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱིས་རྗེས་སུ་སློབ་པར་འདོད་པས་གཏོང་པ་དང་ཡོངས་སུ་གཏོང་པ་དང་། གཏོང་པ་ཆེན་པོ་དག་གིས་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་ཞིང་། རྨད་དུ་བྱུང་བའི་སྤྱོད་པའི་རྗེས་སུ་འཇུག་པར་བྱའོ། །གཞན་ཡང་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་གཞན་པས་རྨད་དུ་བྱུང་བའི་སྨོན་ལམ་དང་སྤྱོད་པ་བསམ་གྱིས་མི་ཁྱབ་པོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ནོར་ཅན་གྱི་སྐྱེས་པའི་རབས་ཏེ་བདུན་ཅུ་བདུན་པའོ།། །།སྐྱེས་བུ་དམ་པ་སྨོན་ལམ་གྱི་སྟོབས་རབ་ཏུ་སྒྲུབ་པ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། བདག་ཉིད་ཀྱི་སེམས་ཡོངས་སུ་སྐྱོ་བ་དང་ཞུམ་པར་མི་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། རེ་ཞིག་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རང་བཞིན་མཁས་པའི་བདག་ཉིད་དང་ཕ་མ་རྣམ་པར་དག་པའི་སྤྱོད་ཚུལ་དང་ལྡན་པ། ཟླ་བ་ཡར་གྱི་ངོ་ལྟར་ཡོན་ཏན་གྱི་ཚོགས་ཀྱིས་ཆེ་བས་ཇེ་ཆེར་འགྱུར་བའི་བྲམ་ཟེའི་ཁྱེའུ་ཞིག་ཏུ་སྐྱེ་བ་ཡོངས་སུ་བཟུང་པར་གྱུར་ཏེ། དེ་བཙས་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྤྱོད་ཚུལ་དང་ལྡན་པ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞིག་ཏུ་བྱུང་བས་དེའི་མིང་ཟླ་དགའ་ཞེས་བཏགས་སོ། །དེ་ཇེ་ཆེར་གྱུར་ནས་རང་བཞིན་གྱིས་ཤེས་རབ་ཀྱི་མཐུས་རིག་བྱེད་རྣམ་པ་གསུམ་དང་། སྒྲ་ངེས་པར་སྦྱོར་བ་དང་། བསལ་བ་དང་། ཡི་གེ་རབ་དུ་དབྱེ་བ་དང་། འཇིག་རྟེན་རྒྱང་ཕན་པའི་གཞུང་དང་། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་བརྟག་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །དེ་ནི་རིག་བྱེད་གནས་ཀྱི་ཕ་རོལ་ཕྱིན། །མཁས་པའི་བདག་ཉིད་གཞན་ལ་ཅི་ནུས་སྟོན། །སྒྲ་དང་ཡི་གེའི་སྦྱོར་བ་རྨད་བྱུང་བའི། །འཇིག་རྟེན་གཙུག་ལག་གསལ་བར་མངོན་སུམ་གྱུར། །གྲགས་པའི་ལམ་གྱིས་ཇེ་ཆེར་གསལ་གྱུར་པ། །གངས་ཀྱི་རི་ལ་ཉི་མ་ཤར་བ་བཞིན། །དེའི་ཡོན་ཏན་གསལ་བས་སྐྱེ་བོ་རྣམས། །མངོན་པར་འདུད་ཅིང་དེ་ཡང་སྐྱེ་བོ་ལ། །བུ་ལྟར་བརྩེ་བས་ཅི་ནུས་ཕན་འདོགས་བྱེད། །ཡོན་ཏན་རྣམས་ཀྱིས་ཆེ་བའི་བླ་མར་གྱུར། དེ་ལྟར་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ། རང་གི་ཡོན་ཏན་གྱིས་སྐྱེ་བོ་རྣམས་ལ་ཕན་འདོགས་པར་བྱེད་ཅིང་། ལོངས་སྤྱོད་ཀྱི་དཔལ་ཆེན་པོ་ཐོབ་པ་རྣམས་ལ་སྙིང་པོ་མེད་པར་ཤེས་ནས། དགེ་སྦྱོང་དང་བྲམ་ཟེ་དང་སློང་མོས་འཚོ་བ་དང་། མུ་སྟེགས་བྱེད་རྣམས་ལ་སོ་སོའི་ཡིད་བཞིན་དུ་བཟའ་བ་དང་། བསྒོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱིས། ཉི་མ་ཅིག་བཞིན་དུ་ཚིམ་པར་བྱེད་པའི་ཟླ་བའི་མཆོད་སྦྱིན་ཆེན་པོ་རབ་ཏུ་བསྒྲུབས་ཤིང་ལོ་འབུམ་ཕྲག་བརྒྱད་དུ་སེམས་གཞན་དུ་གཡེང་པ་མེད་པར་བྱས་སོ། །དེ་ནི་ཟླ་བའི་མཆོད་སྦྱིན་ཆེན་པོ་ལ། །རབ་ཏུ་སྒྲུབས་བས་སྐྱེ་བོ་ཀུན་འདུས་ཏེ། །ནགས་ཚལ་གླང་པོ་མཚོ་ཆེན་ངོགས་ལྷགས་བཞིན། །དགོས་པའི་དབང་གིས་མཆོད་སྦྱིན་རྒྱ་ཆེར་གྱུར། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ཏེ། དེའི་འཁོར་འདུས་པ་ཉན་ཐོས་དགྲ་བཅོམ་པ་སྐར་མ་དང་སྙམ་པར་གྱུར། བྱང་ཆུབ་སེམས་དཔའ་འདུས་པ་ཡང་སྐར་མ་དང་མཉམ་པར་གྱུར་ཏོ། །དེའི་ཉན་ཐོས་རྣམས་ལས་ཅིག་ཙམ་ཡང་མཆོད་སྦྱིན་གྱི་སྐད་སར་མི་འཇུག་གོ །རྒྱུ་དེས་བྲམ་ཟེ་ཟླ་དགའ་འདི་སྙམ་དུ་སེམས་ཏེ། བདག་གི་མཆོད་སྦྱིན་གྱི་སྐད་ས་འདིར་ཡ་མཚན་ཅན་ཀུན་ཕལ་ཆེར་འཇུག་ན། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནི་འདིར་མི་འབྱོན་པའི་རྒྱུ་ཅི་ལྟ་བུ་ཞིག་ཡོད་སྙམ་དུ་བྲམ་ཟེ་དེ་ཡིས་ལེགས་པར་བརྟགས་པ་ལས་འདི་སྙམ་དུ་གྱུར་ཏེ། གང་གིས་རྒྱལ་བའི་ཉན་ཐོས་དག །མཆོད་སྦྱིན་སྐད་སར་འཇུག་མིན་པ། །བདག་གི་མཆོད་པ་དེའི་སྐྱོན། །དེ་འདིར་ངེས་པར་རྙེད་པར་གྱུར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནི་གཞན་དག་ལ་ཕན་པར་བཞེད་པ། དུས་སུ་བཟའ་བ་དང་ལྡན་པ་ཡིན་ལ། བདག་གི་སྦྱིན་པ་ཆེན་པོ་འདི་ནི་དུས་དང་མི་ལྡན་པ་ཀུན་ཏུ་བྲིམས་པའི་དབང་གིས་སྐྱོན་དེས་དེ་བཞིན་གཤེགས་པ་དེ་དག་བདག་གི་མཆོད་སྦྱིན་གྱི་སྐད་སར་མི་འཇུག་པ་ལྟ་ཞིག་སྙམ་མོ། །དེ་ནས་བྲམ་ཟེ་ཟླ་དགའ་དེ་བཞིན་གཤེགས་པ་བལྟ་བར་འདོད་པའི་དབང་གིས། ནང་པར་སྔ་བར་ལངས་ནས་རང་གི་བཟང་མོ་དང་། བྲམ་ཟེའི་ཚོགས་རྣམས་ལ་བསྒོ་བ། ཤེས་ལྡན་དག ཤེས་པར་གྱིས་ཤིག །གང་ན་དེ་བཞིན་གཤེགས་པ་ཞེས། །འཇིག་རྟེན་ཕ་རོལ་བྱོན་གྱུར་པ། །དེ་འདིར་མཐོང་བར་དཀའ་བས་ཏེ། འཇིག་རྟེན་མངོན་སུམ་གྱུར་བཞིན་དུ། །སུ་ཞིག་བག་མེད་རྗེས་སུ་འཇུག །མཆོད་པའི་ཡོ་བྱད་རྣམས་ཁྱེར་ལ། །རྒྱལ་བ་དེའི་དྲུང་དུ་འདོང་། །དེ་སྐད་ཅེས་སྨྲས་ནས། བྲམ་ཟེ་དང་བྲམ་ཟེ་མོའི་ཚོགས་རྣམས་ཀྱིས། ཡོངས་སུ་བསྐོར་ཞིང་བདག་ཉིད་ཀྱིས་བཀོད་པའི་ལོངས་སྤྱོད་དུ་མས་བརྒྱན་ཏེ། ཐམས་ཅད་ཀྱང་རྟ་དཀར་པོས་དྲངས་པའི་ཤིང་རྟ་ལ་བཞོན་ནས། བཞོན་པས་བགྲོད་པའི་ས་ཇི་ཙམ་པ་དེ་ཙམ་དུ་བཞོན་པས་སོང་ཏེ། བཞོན་པ་ལས་བབས་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་དེ་ཤིང་ལྗོན་པ་ཞིག་གི་དྲུང་ན། དགེ་སློང་གི་དགེ་འདུན་དང་བཅས་པ་བཞུགས་པ་མཐོང་ཞིང་འདི་ལྟར་མངོན་དུ་གྱུར་བར་ངེས་སོ། །དཔལ་ལྡན་བཟང་ཞིང་མཛེས་པ་དབང་པོ་དུལ། །མཉམ་པར་བཞག་ཅིང་ཞི་བ་དམ་པ་བརྙེས། །གླང་པོའི་རྒྱལ་པོ་བྱ་བ་མཐར་སོན་པ། །རྒྱ་མཚོའི་དབྱངས་ལྟར་དྭངས་ཞིང་རྙོག་པ་མེད། །ལྷ་ཀླུ་དགེ་སྦྱོང་ཚོགས་རྣམས་ཐམས་ཅད་ཀྱི། །དབུས་ན་རབ་ཏུ་གསལ་བ་མཆོད་སྡོང་བཞིན། །མཐོང་ན་དགའ་བའི་དཔལ་གྱིས་འབར་བར་མཐོང་། །ཨེ་མའོ་རྨད་དུ་བྱུང་ཞེས་ངོ་མཚར་སྐྱེས། །དེ་ལྟར་མངོན་དུ་གྱུར་ནས་ཀྱང་། འདི་སྙམ་དུ་སེམས་ཏེ། ཨེ་མའོ་དེ་བཞིན་གཤེགས་པ་འདི་ལྟར་རྨད་དུ་འབྱུང་བ་ལ་དགེ་སློང་གི་ཚོགས་སུ་འདུ་ཤེས་པར་གྱུར་པ་ནི་བདག་གིས་ལོག་པར་རྟོག་པར་གྱུར་ཏོ། །བཅོམ་ལྡན་འདས་ནི་ལྷ་དང་བཅས་ཤིང་བདུད་དང་བཅས་པ་ཐམས་ཅད་ཀྱི་གནས་ལ་ཕུལ་དུ་ཕྱིན་པ་སྟེ་འཁོར་བའི་ཕ་རོལ་དུ་ཡང་དག་པར་གཤེགས་པ་ཡིན་ཏེ། ད་ཅི་ནས་བདག་གིས་དེ་བཞིན་གཤེགས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་ཇི་སྲིད་འཚོའི་བར་བསྙེན་བཀུར་བྱའོ་སྙམ་དུ་ངེས་པར་བྱས་ནས་དེ་བཞིན་གཤེགས་པའི་དྲུང་དུ་སོང་ཏེ། ཕྱག་འཚལ་ནས་བླ་གོས་ཕྲག་པ་ཅིག་ཏུ་གཟར་ཅིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་དེ་བཞིན་གཤེགས་པ་ལ་ཀུན་ཏུ་རྟོག་པའི་ནོངས་པ་གང་མཆིས་པ་ནི་འཆགས་ལགས་སོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཇི་སྲིད་ཀྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིད་པར་འཚལ་ན། བདེ་བར་གཤེགས་པས་བདག་ལ་གནང་པར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བས་བྲམ་ཟེ་ཟླ་དགའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཟླ་དགའ་བདེ་བར་གྱུར་ཅིག །ལྷ་དང་མི་དང་ལྷ་མ་ཡིན་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་ལ་སོགས་པ་གཞན་གང་རྣམས་བསོད་ནམས་ཀྱི་ཚོགས་བྱ་བར་འདོད་པ་མང་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གང་ཟག་ཅིག་གི་ཕྱིར་ཇི་སྲིད་འཚོའི་བར་དུ་མི་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལ་ཕན་པར་བྱུང་ཏེ། །སེམས་ཅན་གང་དག་ཟས་དང་། མལ་དང་། གོས་དང་གནས་རབ་ཏུ་ཉམས་པ་དེ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་འཇིག་རྟེན་དུ་བྱུང་ངོ་། །གསོལ་པ་དང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་དགུང་བདུན་དུ་བདེ་བའི་རིམ་གྲོ་ཐམས་ཅད་ཀྱིས་མཆོད་པར་བགྱིད་པ་དེ་གནང་པར་མཛད་དུ་གསོལ། དེ་ལ་དེ་བཞིན་གཤེགས་པ་དེས་ཅང་མི་གསུང་པར་གནང་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྲམ་ཟེ་ལྷག་པའི་བསམ་པ་ཡིས། །དེ་བཞིན་གཤེགས་ལ་འདི་སྐད་གསོལ། །རྒྱལ་བ་ཐུགས་དག་རང་བྱུང་དྲི་མེད་མཆོག །ཉེས་པའི་ཚོགས་ཀུན་སྤངས་ལ་སྐྱབས་སུ་མཆི། །བདག་ནི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །བདེ་བར་གཤེགས་ལ་བླ་མེད་མཆོད་པར་བགྱི། །ཐུགས་རྗེའི་མངའ་བདག་འདིར་ནི་དགོངས་པར་མཛོད། །ལྷག་བསམ་ལྡན་ལ་རྒྱལ་བས་འདི་སྐད་གསུངས། །རྒྱལ་བ་རྣམས་ནི་མཐའ་ཡས་དོན་སྒྲུབ་ཅིང་། །སེམས་ཅན་གཅིག་ཕྱིར་འཁོར་བར་འབྱོན་པ་མིན། །དེ་ཐོས་ནས་ནི་སླར་ཡང་རྒྱལ་ལ་གསོལ། །དགུང་བདུན་དུ་ནི་འབྱོར་པའི་ཡོ་བྱད་ཀྱིས། །གཞན་དོན་སླད་དུ་བདག་གིས་མཆོད་པར་བགྱིད། །རྒྱལ་བ་ཐུགས་རྗེའི་མངའ་བདག་གིས་གཟིགས་ཏེ། །བདག་ལ་དགོངས་ཤིང་གནང་བར་མཛད་དུ་གསོལ། དེ་ལྟར་གསོལ་ནས་དེ་བཞིན་གཤེགས་པ་སྣང་པར་རིག་སྟེ། བདག་གི་གནས་ག་ལ་བ་དེར་སོང་ནས་ཕྱིན་ནས་གཉེན་བཤེས་སུ་གྱུར་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གང་བདག་གིས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞག་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་གདུགས་ཚོད་ལ་སྤྱན་དྲངས་པ་ཁྱེད་རྣམས་ཀྱིས་ཤེས་པར་གྱིས་ཤིག །ཁྱེད་ལ་ནུས་པ་དང་མཐུ་ཅི་ཡོད་པས་མཆོད་པའི་ལས་ལ་བརྩོན་པར་གྱིས་ཤིག །དེ་དག་གིས་ལེགས་སོ་ཞེས་སྨྲས་སོ། །དེ་བཞིན་དུ་བྲན་དང་ལས་བྱེད་པ་ཞོ་ཤས་འཚོ་བ་རྣམས་དང་བཅས་པ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། བསྐུལ་ནས་ཀྱང་དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་ཆེན་པོར་ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་པ་ལྷ་དང་མི་རྣམས་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཤམས་སོ། །དེའི་ལྷག་པའི་བསམ་པའི་དབང་གིས་འདུས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །གང་ན་སེམས་ཅན་ཀུན་དོན་མཛད་ལ་གཡེལ་བ་མི་མངའ་བ། །ལྷ་དང་ཀླུ་དང་བདུད་དང་ཚངས་རིས་ཀུན་ལ་བླ་མ་མཆོག །དེ་འདིར་དེ་རིང་སེམས་ཅན་དོན་ཕྱིར་གནས་འདིར་གཤེགས་པར་འགྱུར། །མཆོད་པའི་ལས་ཀུན་ཏུ་བརྩོན་པས་བདག་གི་གྲོགས་བྱོས་ཤིག །དེ་སྐད་ཅེས་སྨྲས་པ་དང་། དེའི་ལྷག་པའི་བསམ་པ་དང་མཐུན་པར་སོ་སོ་ནས་སྨྲས་པ། དེའི་ཡིད་བཞིན་ཀླུ་རྣམས་ཀྱིས། །བྲམ་ཟེའི་མཆོག་ལ་འདི་སྐད་སྨྲས། །དེ་རིང་འདིར་ནི་སྤོས་ཆུ་དང་། །ཀླུའི་རིན་ཆེན་ཚོགས་རྣམས་ཀྱིས། །བདག་ཅག་མཐུ་ནི་ཅི་ཡོད་པར། དེ་བཞིན་གཤེགས་ལ་མཆོད་པར་བྱ། །དེ་ལ་གནོད་སྦྱིན་རྣམས་ཀྱིས་སྨྲས་པ། །འདིར་ནི་ཁྱོད་ཀྱིས་སྒོ་བ་བཞིན། །རིན་ཆེན་ཁྲི་མཆོག་མཛེས་པ་ཡི། །རྒྱལ་བ་ཉན་ཐོས་བཅས་པ་ལ། །ཀུན་ནས་མངོན་པར་བརྒྱན་པར་བགྱི། དེ་ལ་གྲུལ་བུམ་རྣམས་ཀྱིས་སྨྲས་པ། །གྲོགས་པོ་བདག་ཅག་རྣམས་ཀྱིས་ནི། །བླ་རེ་ལེགས་པར་བཤམས་པར་བགྱི། གང་ན་བཀོད་པའི་རྒྱན་རུང་པར། །དེ་ལྟ་བུར་ནི་སྣང་བར་བྱ། །ལྷ་རྣམས་ཀྱིས་སྨྲས་པ། གྲོགས་པོ་འདིར་ནི་བདེ་གཤེགས་ལ། །མེ་ཏོག་ཚོགས་ཀྱིས་མཆོད་བྱ་ཞིང་། །ཀུན་ནས་ཆུན་འཕྱང་རྒྱན་རྣམས་དང་། །སིལ་མས་ཀུན་ཏུ་བཀྲམ་པར་བགྱི། དེ་ལྟར་དེའི་འཁོར་གྱི་འཁྱམས་ཆེན་པོ་བཤམས་ཤིང་འབྱོར་པའི་ཡོ་བྱད་ཐམས་ཅད་ཀྱིས་ཉེ་བར་སྤྲས་ནས། ལྷག་པའི་བསམ་པས་བསྐུལ་བ་དུས་ལ་བབ་པར་མཁྱེན་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྲམ་ཟེ་ཟླ་དགའི་ཁྱིམ་ག་ན་བ་དེར་གཤེགས་ཏེ་གདན་བཤམས་པ་ལ་བཞུགས་སོ། །དེར་ཞུགས་མ་ཐག་ཏུ་སངས་རྒྱས་ཀྱིས་མཐུས་འདི་ལྟ་བུ་སྣང་པར་བྱས་སོ། །རྒྱལ་བ་གདན་ལ་བཞུགས་མ་ཐག་ཏུ་ཡང་། །ལྷ་རྣམས་ཀྱིས་ནི་མཆོད་པ་དུ་མ་བྱེད། །ཀླུ་དབང་རྣམས་ནི་སྤོས་ཀྱི་ཆར་པ་འབེབས། །འཁོར་གྱི་ཁྱམས་ནི་དཔག་ཚད་བརྒྱ་པར་སྣང་། །བཻ་ཌཱུརྻའི་ར་བས་ལེགས་བསྐོར་ཞིང་། །ཤེལ་གྱི་བ་གམ་མཛེས་པས་ཡོངས་སུ་བསྐོར། །རྟ་བབས་རིན་ཆེན་ཀ་བ་དུ་མས་མཛེས། །ཉིན་མོར་བྱེད་པའི་འོད་ཟེར་སྟོང་འབར་བ། །མོག་མོག་པོར་བྱེད་འོད་ཀྱིས་ཀུན་ཏུ་ལྟམ། །རྒྱན་འཕྲེང་ཆུན་འཕྱང་ཚོགས་ཀྱིས་ཀུན་ཏུ་སྤྲས། །མཐོང་ན་དགའ་བར་ཀུན་ཏུ་གནས་པར་གྱུར། །དེར་འདུས་ལྷ་དང་མིར་བཅས་རྣམས། །རྒྱལ་བའི་ཞལ་གྱི་ཟླ་འོད་ཀྱིས། །ཕོག་པས་སྙིང་གི་ཀུ་མུ་ད། །རབ་ཏུ་རྒྱས་ཤིང་ཡན་ལག་གི །ཐལ་མོའི་ཆུ་སྐྱེས་ཟུམ་པ་བཞིན། ཡིད་ནི་རྣམ་པར་གཡོ་མེད་པའི། །བསམ་གཏན་རོ་ནི་ཐོབ་པ་བཞིན། །ཀུན་ནས་བདེ་བར་གནས་པར་གྱུར། དེ་ལྟར་གྱུར་པར་རིག་ནས་བདག་ཉིད་ཀྱིས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཟའ་བ་དང་བཅའ་བ་དག་དཔག་ཏུ་མེད་པ་བཏབ་ཏེ། ལྷའི་རོལ་མོ་དང་། མེ་ཏོག་དང་། བདུག་སྤོས་རྣམས་ཀྱིས་ཡང་དག་པར་མཆོད་ནས་དཔག་བསམ་གྱི་རས་ཟུང་གིས་ཀྱང་ལེགས་པར་གཡོགས་ཏེ། ཞག་བདུན་གྱི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་དེའི་ལྷག་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་བཏུད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བདེ་བར་གཤེགས་པ་ཐམས་ཅད་མཁྱེན་གྱུར་ལ། བདག་གིས་འདིར་ནི་མཆོད་ཅིང་སྦྱིན་པ་ཡིས། །བསོད་ནམས་མཐུ་ལྡན་དེ་དག་ཐམས་ཅད་ཀུན། །མཐའ་ཡས་སེམས་ཅན་ཀུན་ལ་བསྩལ་བར་བགྱི། །དགེ་བ་འདི་ཡིས་འགྲོ་རྣམས་ཐམས་ཅད་ཀུན། །བླ་མེད་ཡང་དག་རྫོགས་པའི་སངས་རྒྱས་ཤོག །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་འོད་ཆེན་པོ་གསེར་གྱི་ཁ་དོག་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་དེ། འོད་དེས་གང་ལ་རེག་པའི་སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་དང་དད་པ་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཟླ་དགས་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས་སླར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདེ་བར་གཤེགས་པ་རྒྱུ་རྐྱེན་མ་མཆིས་པར། །འཛུམ་པའི་འོད་ཟེར་འགྱེད་པ་མཛད་མ་ལགས། །རྒྱུ་རྐྱེན་གང་གིས་བསིལ་བའི་འོད་འགྱེད་པ། །བདེ་བར་གཤེགས་པ་བདག་ལ་ལུང་བསྟན་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ཆེན་པོ་ཅི་ཙམ་དུ་འོད་འདིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་བྱས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །རྒྱལ་བ་ཐམས་ཅད་མཁྱེན་པ་ཡིས། །སེམས་ཅན་རྣམས་ནི་ལུང་བསྟན་ཏེ། །དེ་ནས་གདན་ལས་བཞེངས་ཏེ་གཤེགས། །བྲམ་ཟེ་ལྷག་པའི་བསམ་པ་ཡིས། །བསྐུལ་བའི་འགྲོ་རྣམས་ལུང་བསྟན་པ། །ཐོས་ནས་བདག་ཉིད་ཡིད་རང་གྱུར། །རྒྱལ་བས་བདག་ལ་མངོན་སུམ་དུ། །ལུང་ནི་བསྟན་པར་མ་གྱུར་ཀྱང་། །ཀུན་ཏུ་རྟོག་པར་མ་གྱུར་ཏོ། །དེ་ལྟ་བུའི་སྐྱེས་པའི་རབས་འདི་ཡང་། ཅི་ཕྱིར་བཤད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཕྱིར་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་ཅིང་། །རྨད་དུ་བྱུང་བའི་སྤྱོད་པ་རྣམས་མཐར་ཕྱིན་པར་བྱེད་དོ། །ཞེས་བརྗོད་པར་བྱའོ། །གཞན་ཡང་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྲམ་ཟེ་ཟླ་དགའ་ཡི་སྐྱེས་པའི་རབས་ཏེ་བདུན་ཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སྤྱད་པ་སྤྱོད་པ་ན། བདག་གི་བདེ་བ་ཐམས་ཅད་ཁྱད་དུ་གསད་དེ། གཞན་གྱི་དོན་སྤྱོད་པའི་སྨོན་ལམ་དང་། སྦྱིན་པའི་སྟོབས་དཔག་ཏུ་མེད་དོ་དེ་ཡང་འདི་སྐད་ཐོས་ཏེ། མངོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ཏུ། བསྐལ་པ་ཆེན་པོ་ལེགས་བཅས་ཞེས་བྱ་བ་ལ་འཛམ་བུའི་གླིང་དགའ་བ་ཞེས་བྱ་བར་བདག་ཅག་གི་སྟོན་པ་འདི་གླིང་བཞི་ལ་དབང་བའི་འཁོར་ལོ་བསྒྱུར་བར་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་སྐྱེ་བ་ཡོངས་སུ་བཟུང་པར་གྱུར་ཏོ་ཞེས་གྲག་གོ །དབང་པོའི་དགྲ་རྣམས་ཉེར་ཞི་ས་ཡི་བདག །དཔག་མེད་སྦྱངས་པའི་མཐུ་ལྡན་གཟི་ཆེ་ལ། །རང་གི་ཡོན་ཏན་དཀྱིལ་འཁོར་རབ་རྒྱས་པས། །རྒྱལ་ཕྲན་རྣམས་དང་བློན་པོ་དྲེགས་པ་རྣམས། །དྲེགས་པ་ཀུན་སྤངས་རྟ་མཆོག་ཚུལ་བཞིན་དུལ། །དེའི་བཀའ་ལུང་སྙན་པོ་སྤྱི་བོས་ནོད། །དགེ་བཅུའི་ལམ་གྱི་སྣང་བ་ཆེ་རྒྱས་པས། །དེའི་འབངས་རྣམས་སྐལ་པ་བཟང་པོར་གྱུར། འོན་ཀྱང་གླིང་དེར་སྐྱེས་པའི་སེམས་ཅན་རྣམས་ཕལ་ཆེར་འདོད་པ་ཅན་དུ་གྱུར་ཏེ། དེ་དག་ཐམས་ཅད་ལ་སའི་བདག་པོ་དེས་རིན་པོ་ཆེ་སྣ་ཚོགས་ཀྱི་མཛོད་ཐམས་ཅད་སྐྱེ་བོ་འཕོངས་པ་རྣམས་ལ་ཅི་དང་ཅི་དགོས་པ་ཐམས་ཅད་སྦྱིན་པར་བཏང་ནས། སློང་མོ་པ་རྣམས་ཀྱིས་ཀྱང་། གསེར་དང་། དབྱིག་དང་། ཨཎྜྻ་རྙིལ་དང་། མཐོན་ཀ་ཆེན་པོ་དང་སྐར་མདོག་དང་། ཆུ་གདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་པ་དག་ཡོངས་སུ་ཐོབ་ཅིང་མཛད་པ་མེད་པར་གྱུར་ཏོ། །དེའི་ཚེ་བློན་པོ་རྣམས་ལ་དྲིས་པ། རིན་ཆེན་འདི་རྣམས་གང་ལས་བྱུང་། བློན་པོ་རྣམས་ཀྱིས་གསོལ་པ། ཀླུ་དབང་རྣམས་ཀྱིས་རིན་ཆེན་གཏེར་བསྟན་ཏེ། ལྷ་ཡི་ཞལ་སྔར་སློང་མོ་མཆིས་པ་བཞིན། དེ་ཙམ་གྱིས་ནི་རིན་ཆེན་གཏེར་བྱུང་ཞིང་། དེ་ལས་གཞན་དུ་སྦས་པ་བཞིན་དུ་གྱུར། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དེ་སེམས་ཅན་ལ་བརྩེ་བའི་སེམས་ཀྱིས་སྨོན་ལམ་འདེབས་པར་བརྩོམ་པ། བདག་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ཉོན་མོངས་པ་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ལྟ་ན་བདག་གི་རེ་བ་འདི་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོད་པ་ཐམས་ཅད་དུ་ཀླུའི་རྒྱལ་པོ་གཏེར་སྟོན་པར་སྐྱེས་པར་གྱུར་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཁྲག་དུ་མ་དག་བཏོན་ཅིང་གཏོང་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཇི་སྙེད་པའི་ཞིང་རེ་རེར་ཡང་སྐྱེ་བ་ལན་བདུན་བདུན་དུ་ཡོངས་སུ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་འདོད་པའི་སྦྱིན་པ་དག་ཡོངས་སུ་གཏོང་པར་གྱུར་ཅེས་སྨོན་ལན་བཏབ་པ་དེའི་ཚེ། ནམ་མཁའི་དཀྱིལ་ནས་ལྷ་བྱེ་བ་ཁྲག་ཁྲིག་འབུམ་གྱིས་མེ་ཏོག་གི་ཆར་རབ་ཏུ་བབ་ཅིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། །ཨེ་མའོ་ཐམས་ཅད་སྦྱིན་པ་ལེགས་སོ་ལེགས། །མི་དབང་ཁྱོད་ནི་ཐམས་ཅད་སྦྱིན་པ་སྟེ། །ཅི་ལྟར་ཁྱོད་ཀྱིས་སྨོན་ལམ་བཏབ་པ་བཞིན། །ཁྱོད་ཀྱིས་རེ་བ་ཡོངས་སུ་རྫོགས་འགྱུར་རོ། །དེ་ལྟར་ལྷ་རྣམས་ཀྱིས་ཡོངས་སུ་སྒྲགས་པ། །སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཐོས་ནས། དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ཅག་གི་རྒྱལ་པོ་འདི་ལ་གང་བཏང་པར་དཀའ་བའི་སྦྱིན་པ་དག་བླང་པར་བྱ་སྟེ། གལ་ཏེ་ཡོངས་སུ་གཏོང་པར་བྱེད་ན་ནི་དེའི་ཚེ་འདིའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་འགྱུར་གྱི། ཅི་སྟེ་ཡོངས་སུ་གཏོང་པར་མི་བྱེད་ན་ནི། དེ་ལྟར་མི་འགྱུར་རོ་སྙམ་ནས། སེམས་ཅན་འདོད་ཆེན་པ་དག་གིས་དེའི་བུ་བླང་པར་འདོད་ནས། མིའི་བདག་པོ་སེང་གེའི་ཁྲི་ལ་འདུག་པའི་དྲུང་དུ་སོང་ཏེ་སྨྲས་པ། ཁྱོད་ནི་ཐམས་ཅད་སྦྱིན་པ་ཞེས། །ལྷ་རྣམས་ཀྱིས་ནི་བསྒྲགས་པར་གྱུར། །དེ་བས་སྲས་ཀྱི་མཐུ་བོ་རྣམས། །བདག་ཅག་གི་ནི་གཡོག་དུ་སྩོལ། དེ་སྐད་ཅེས་སྨྲས་པ་ཐོས་ནས། སའི་བདག་པོ་དེ་བུ་ལ་སྡུག་པ་སེམས་ཡོངས་སུ་སྤངས་ཏེ། སློང་མོ་པ་རྣམས་ལ་དགའ་བའི་ཡིད་ཀྱིས་ལྟ་ན། སྡུག་པའི་བུ་རྣམས་ཀྱང་ཚམ་ཚོམ་མེད་པར་ཡོངས་སུ་སྦྱིན་ནོ། །དེ་ནས་ཡང་གཞན་དག་གིས་རྒྱལ་པོ་དེའི་བཙུན་མོ་བླང་པའི་ཕྱིར་སྨྲས་པ། ཁྱོད་ནི་ཐམས་ཅད་ཆགས་མེད་གཏོང་པ་ཞེས། སྒྲགས་པས་བཙུན་མོ་དམ་པ་མཛེས་མ་རྣམས། །རྒྱན་བཅས་བདག་ཅག་རྣམས་ལ་ཡོངས་སུ་སྩོལ། །ལྷ་ཡིས་བསྟན་པའི་མིང་ནི་དོན་མཐུན་མཛོད། དེ་སྐད་ཅེས་སྨྲས་པ་ཐོས་ནས། བདག་གི་བཙུན་མོ་བུད་མེད་རིན་པོ་ཆེ་མཛེས་ཤིང་ལྟ་ན་སྡུག་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མངོན་པར་བརྒྱན་པ་རྣམས་ཆགས་པ་མེད་པའི་ཚུལ་གྱིས་སྦྱིན་ཏོ། །གང་ན་བུ་དང་མཛེས་པའི་ཆུང་མ་རྣམས། །གཏོང་པར་བྱེད་པ་འཇིག་རྟེན་རྨད་བྱུང་ཏེ། །དམ་པ་དེ་ལ་གུས་པ་མི་བྱེད་པར། །འདོད་ཆེན་པ་དག་སླར་ལ་སློང་བྱེད་པ། །རྒྱ་མཚོ་འཇིངས་རྣམས་ཆུ་ཡིས་མི་ངོམས་བཞིན། །ཆོག་ཤེས་མེད་པར་འདོད་པའི་རྦ་རླབས་འཕྱོ། དེ་ནས་བྲམ་ཟེ་སྐར་མ་ལ་དགའ་བ་ཞེས་བྱས་བས། འདི་ལ་བདག་གིས་རྒྱལ་སྲིད་བླང་པར་བྱའོ་སྙམ་ནས། རྒྱལ་པོའི་མདུན་དུ་འདུག་ནས་ཤིས་པ་བརྗོད་དེ་སྨྲས་པ། ཐམས་ཅད་སྦྱིན་པ་ས་ཡི་བདག །ཁྱོད་ནི་ཐམས་ཅད་སྩོལ་བར་མཛད། །བདག་ནི་སློང་ལ་དགའ་བར་གྱུར། །དེ་བས་རྒྱལ་སྲིད་བདག་ལ་སྩོལ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་རྒྱལ་པོ་མཆོག་ཏུ་དགའ་བ་སྐྱེས་ཏེ། བདག་ཉིད་ཀྱིས་བྲམ་ཟེ་དེ་ཁྲུས་བྱས་ཏེ། ཐོད་བཅིངས་ནས་རྒྱལ་པོར་དབང་བསྐུར་ཞིང་རྒྱལ་སྲིད་ལ་རབ་ཏུ་བཞག་ཏེ་འཛམ་བུའི་གླིང་ཐམས་ཅད་བྱིན་ནས་སྨོན་ལམ་བཏབ་པ། བདག་གིས་ཁྱོད་འདིར་འཛམ་བུའི་གླིང་གིས་རྒྱལ་སྲིད་ལ་རབ་ཏུ་བཞག་པའི་བསོད་ནམས་འདི་ཡིས་དུས་རིང་པར་ཁྱོད་ཀྱི་རྒྱལ་སྲིད་རབ་ཏུ་བསྟན་པར་གནས་གྱུར་ཅིག །བསོད་ནམས་འདི་ཡིས་བདག་ཀྱང་རྫོགས་པའི་སངས་རྒྱས་གྱུར། དེའི་ཚེ་ན་ཁྱེད་ཀྱང་བླ་ན་མེད་པ་ཡི་བྱང་ཆུབ་ཉིད་དུ་རྒྱལ་ཚབ་ལུང་ཡང་སྟོན་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་བྲམ་ཟེ་དེ་ལ་རྒྱལ་སྲིད་ཡོངས་སུ་བྱིན་ནོ། །དེའི་འོག་ཏུ་བྲམ་ཟེ་འདོད་པ་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་རྐང་པ་ཡོངས་སུ་བླངས་པ་དང་། དེ་མཆོག་དུ་དགའ་བ་སྐྱེས་ནས། །དེའི་སེམས་ནི་རབ་དང་བས། །ཨུཏྤལ་འདབ་མ་ལྟ་བུའི། །རལ་གྲི་རྣོན་པོས་རྐང་པ་དག །དུམ་བུར་བཅད་དེ་དེ་ལ་བྱིན། །དེ་ནས་སྙིང་རྗེའི་ཤུགས་ཀྱིས་སྨོན་ལམ་བཏབ། །བདག་གི་ཤ་ཡི་རྐང་པ་འདིར་བྱིན་ནས། །བླ་ན་མེད་པའི་ཚུལ་ཁྲིམས་རྐང་པ་དག །ཐོབ་ཅིང་གོ་འཕང་མཆོག་ཏུ་འགྲོ་གྱུར་ཅིག །དེ་སྐད་ཅེས་སྨོན་ལམ་བཏབ་ནས། བདག་ཉིད་ཀྱི་ཚོར་བའི་སྡུག་བསྔལ་ཐམས་ཅད་ཁྱད་དུ་གསད་ནས་རྐང་པ་བྱིན་ནོ། །དེའི་འོག་ཏུ་བྲམ་ཟེ་ལྟ་ན་སྲུང་ཞེས་བྱ་བ་དེས་དགོས་པ་ཞིག་གི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་མིག་བླང་པར་འདོད་ནས་དེའི་དྲུང་དུ་སོང་ཏེ་སྨྲས་པ། ས་བདག་ཐམས་ཅད་སྦྱིན་པ་ཞེས། །ས་ཡི་སྟེང་དུ་སྦྱིན་བདག་གྲགས། ས་བཞིན་ཁྱོད་ནི་སྦྱིན་པའི་གཞི། །ས་ཡང་ལྟོས་མེད་སྦྱིན་མཛད་ཞེས། །ཐོས་པས་ཁྱོད་ཀྱི་དྲུང་མཆིས་སོ། །དེ་བས་མིག་གཉིས་བདག་ལ་སྩོལ། དེ་སྐད་ཅེས་སྨྲས་པ་ཐོས་ནས་བདག་གི་ཡིད་རབ་ཏུ་དགའ་བའི་སེམས་ཀྱིས་མེ་ཏོག་ཨུཏྤ་ལ་མཐིང་ཀ་ལྟ་བུའི་མིག་གཉིས་ཀྱང་ལེགས་པར་ཕྱུང་སྟེ། དེ་ལ་བྱིན་ནས་སྨོན་ལམ་བཏབ་པ། བདག་གི་ཤ་ཡི་མིག་ནི་འདིར་བྱིན་པས། །མི་ལས་འདས་པའི་མིག་ནི་རྣམ་དག་པ། །དྲི་མ་མེད་པའི་སྤྱན་ལྔ་ཐོབ་གྱུར་ཅིང་། །འགྲོ་རྣམས་ཤེས་རབ་ཅན་གྱིས་སྒྲལ་བར་ཤོག །ཡང་རིང་པོ་མ་ལོན་པར་བྲམ་ཟེ་སྐྲ་བཟང་ཞེས་བྱ་བ་ཞིག་གིས། བྱང་ཆུབ་སེམས་དཔའ་རྣ་བ་གཉིས་བླངས་པས། ཁྱོད་ནི་འཕངས་པའི་དངོས་པོ་དང་། །བདག་གི་ལུས་ཀྱང་སྦྱིན་ཞེས་གྲགས། །དེ་བས་དགོས་པ་ཞིག་གི་ཕྱིར། །མི་དབང་སྙན་གཉིས་བདག་ལ་སྩོལ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་ལ་དགའ་བའི་ཡིད་ཀྱིས་བཻ་ཌཱུརྻའི་ཁ་དོག་ལྟར་འབར་བའི་མཚོན་རྣོན་པོས་རང་ཉིད་ཀྱི་རྣ་བ་གཉིས་གཅད་དེ་བྱིན་ནས་སྨྲས་པ། མི་གཙང་དུ་མས་ཡོངས་སུ་གང་གྱུར་པའི། །ལུས་ནི་གཞན་དོན་གྱུར་པ་ཤིན་ཏུ་ལེགས། །དེ་བས་ཤ་ཡི་རྣ་བ་འདིར་བྱིན་ནས། །བླ་ན་མེད་པའི་སྙན་ནི་ཐོབ་པར་ཤོག །དེ་སྐད་ཅེས་སྨྲས་ནས་བྱིན་ཏེ། དེ་ལྟར་ཡོངས་སུ་གཏོང་པ་ཆེན་པོའི་སྒྲ་ཕྱོགས་སུ་ཀུན་ཏུ་གྲགས་པ་ལས་འཚོ་བ་པོ་ཡང་དག་འཚོ་ཞེས་བྱ་བས། རིག་སྔགས་སྒྲུབ་པའི་དོན་དུ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ཏེ་སྐྱེས་བུ་ཕོའི་དབང་པོ་བླངས་ཏེ། གང་ན་སྦྱིན་པར་དཀའ་བ་ནི། །ལུས་ནི་སྦྱིན་པར་བགྱིད་པ་ལགས། །ཁྱོད་ནི་ཐམས་ཅད་སྦྱིན་ནོ་ཞེས། །ཐོས་པའི་སླད་དུ་འདིར་མཆིས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ལྟོས་པ་མེད་པར་སྦྱིན་པ་དེས་བྱིན་ནས་སྨྲས་པ། གང་དག་སྐྱེས་བུ་ཆེན་པོའི་དབང་པོ་མཆོག །དྲི་མ་མེད་པ་ཐོས་པར་བྱ་བའི་ཕྱིར། །འདིར་ནི་མི་གཙང་ལུས་ལ་བྱུང་བ་འདི། །བྱིན་པས་ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །དེ་ནས་ཀུན་ཏུ་རྒྱུ་མེ་འཛག་ཅེས་བྱ་བ་བྱང་ཆུབ་སེམས་དཔའི་ལག་པ་བླང་པར་འདོད་ནས་དེའི་དྲུང་དུ་སོང་ནས་འདི་སྐད་སྨྲས་སོ། །ཁྱོད་ཀྱི་ལུས་ཀྱི་མཆོད་སྦྱིན་གྱིས། །ས་འདིར་ཀུན་ཏུ་གྲགས་པར་བཞེད། །དེ་བས་བདག་ཀྱང་དགོས་པའི་ཕྱིར། །ཡན་ལག་བླངས་པའི་ཕྱིར་མཆིས་སོ། །དེ་སྐད་ཅེས་སྨྲས་པ་བྱང་ཆུབ་སེམས་དཔས་ཐོས་ནས། ཨེ་མའོ་ལུས་གཅིག་གིས་སྦྱིན་པ་དཔག་ཏུ་མེད་པ་འགྲུབ་པ་འདི་ནི་རྨད་དུ་བྱུང་པའོ་ཞེས་ཁོང་དུ་ཆུད་ནས་དེས་རང་ཉིད་ཀྱི་ལག་པ་གཡོན་པ་པད་མའི་རྩ་བ་ལྟར་མཆོག་ཏུ་དཀར་ཞིང་འཇམ་པ་སོར་གདུབ་ཀྱི་རྒྱན་བཟང་པོས་བརྒྱན་པ། མཚོན་རྣོན་པོས་གཅད་དེ་འཇིག་རྟེན་ན་ནི་མཁས་པ་དག །སློང་ལ་སུ་ཞིག་སྦྱིན་མི་བྱེད། །དེ་ནི་རྨོངས་པ་ཆེན་པོས་ཏེ། །འདིར་ནི་འདོད་པ་བཞིན་དུ་བྱ། །གང་ཞིག་ཉེས་པའི་སྒོ་མང་བརྒྱ་ཕྲག་གི གནས་གྱུར་ལུས་ལ་ལེགས་པའི་རིན་ཆེན་ནོར། །བླ་ན་མེད་པ་དད་པའི་ཕྱག་བརྒྱད་པ། །ཐོབ་པར་བྱ་ཕྱིར་ཡན་ལག་འདིར་སྦྱིན་ནོ། །དེ་སྐད་ཅེས་སྨྲས་ནས། རང་གི་ལག་པ་གཡོན་པ་བཅད་ནས་བྱིན་ཅིང་། དེའི་འོག་ཏུ་ལག་པ་གཡས་པའང་ཅི་ལྟར་དགོས་པ་བཞིན་དུ་ཁྱེར་ཅིག་ཅེས་བྱིན་པར་གྱུར་ཏོ། །འདིར་གཞན་དག་གིས་སྨྲས་པ། ས་བདག་ལུས་ཀྱི་པད་མའི་རྒྱ་མཚོ་ལས། །བྱུང་པའི་ཡན་ལག་ལོ་འདབ་མཛེས་པ་དང་། དབང་པོའི་གེ་སར་བཅད་ཅིང་བཏུབས་གྱུར་པ། །སྙིང་རྗེའི་ཆུ་རྒྱུན་རླབས་ཀྱིས་འཐོར་བ་བཞིན། །ཙན་དན་དམར་པོ་ལྟ་བུའི་ཁྲག་གིས་བརྒྱན། །རླབས་ཀྱི་འཕྲེང་བ་འཕྲོ་བ་བཞིན་དུ་འབབ། །མཚོན་གྱིས་རེག་པའི་ཚོར་བ་འབར་བ་ཡང་། དེའི་ཤེས་རབ་སྟོབས་ཀྱིས་བརྣག་པ་ཡིས། །བྱམས་པའི་ཆུ་རྒྱུན་སྙིང་སྟོབས་གྱིས་ཕབ་པས། །ཚོར་བའི་སྡུག་བསྔལ་ཞུམ་ཞིང་འབྲོས་པ་འདྲ། །སྙིང་རྗེའི་གཞུ་དང་སྦྱིན་པའི་སྟོབས་ཀྱི་མདའ། །བརྩོན་འགྲུས་འཁྲུལ་འཁོར་གྱིས་ནི་ཡོངས་བསྐུལ་ནས། །དགྲ་སྟེ་བདུད་ཀྱི་སྙིང་ལ་ཕོག་གྱུར་ཏེ། །མྱ་ངན་ཉམས་ཐག་ཤུགས་ཀྱང་ནར་ཞེས་འབྱིན། །དེ་ལྟར་བྱང་ཆུབ་སེམས་དཔའ་རྨད་དུ་བྱུང་པའི་སྤྱོད་པས་གཏོང་པ་ལ་ཡོངས་སུ་གཏོང་བ་ཆེན་པོ་རང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་དང་ལུས་ཆགས་པ་མེད་པ་ཡོངས་སུ་བཏང་ཞིང་། རིན་པོ་ཆེ་ཆེན་པོ་དང་མཚུངས་པ། ལུས་དང་སྲོག་ནི་ལྷག་མ་ཙམ་ལུས་པར་གྱུར་པ་དེ་ལ། དེའི་ཉེ་འཁོར་དུ་གནས་པར་གྱུར་པའི་ཁམས་ཀྱི་རྒྱལ་ཕྲན་དང་བློན་པོ་རྣམས་དང་མི་དེ་དག སྙིང་རྗེ་མེད་ཅིང་འཕགས་པ་མ་ཡིན་ལ་བྱས་པ་མི་གཟོ་བར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པོ་འདི་ནི་བློ་དམན་ཞིང་ཤེས་པ་ཆུང་ཏེ། ཡན་ལག་ཐམས་ཅད་བཏུབ་ཅིང་དབང་པོ་ཉམས་པས་རྒྱལ་སྲིད་ལས་ཡོངས་སུ་ཉམས་པ་ཡིན་ན། ད་ཤ་སྣག་འདི་ཅི་ཞིག་བྱེད་ཟེར་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་གྱི་དུར་ཁྲོད་ཀྱི་གནས་སུ་བོར་ཏེ་དོང་ངོ་། །འདིར་སྨྲས་པ། གཉེན་ལ་ཕན་ཕྱིར་གཡུལ་ངོར་ཞུགས་པ་ཡི། །རྨ་ཡང་མེ་ཏོག་འཕྲེང་བ་བཞིན་དུ་སེམས། །ཀུན་གྱིས་དགའ་བས་སྲིད་ཞུ་ཆེར་བྱེད་ན། །རྒྱལ་སྲས་སེམས་ཅན་ཀུན་ལ་ཕན་དོན་དུ། །སྦྱིན་མཛད་ལུས་ལ་གུས་པ་མ་སྐྱེད་པར། །མི་གཙང་བཞིན་དུ་དུར་ཁྲོད་འདོར་བྱེད་པ། །ཀྱེ་ཧུད་འདི་ན་གཏམ་ངན་གཞིར་གྱུར་ཞིང་། །ཡོན་ཏན་མིག་ནི་རིང་དུ་གྱུར་པ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཁྲག་གི་དྲི་ཚོར་བའི་སྦྲང་བུ་དང་། ཤ་སྦྲང་མཆུ་རིང་དང་། ཁྱི་དང་ཝ་དང་། ཁྭ་དང་བྱ་རྒོད་ལ་སོགས་པ་དུ་མ་ལྷགས་ཏེ། ཤ་ཟ་ཞིང་ཁྲག་འཐུང་པར་བརྩོམ་པར་བྱེད་པ་ན། འདི་སྙམ་དུ་གྱུར་ཏེ། ཀྱེ་མ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་སྡུག་བསྔལ་བ་ཤ་དང་ཁྲག་ཙམ་གྱིས་འཚོ་བར་བྱེད་པ་འདི་རྣམས་ཀྱི་དོན་དུ་བདག་གིས་སྨོན་ལམ་ཡོངས་སུ་བཏབ་པར་བྱའོ་སྙམ་ནས་སེམས་རབ་ཏུ་དང་པས་འདི་སྐད་ཅེས་སྨྲས་སོ། །བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ལུས་ཀྱི་ཡན་ལག་དང་ཉིང་ལག་ཡོངས་སུ་བཏང་ན་སྐད་ཅིག་ཙམ་ཡང་སེམས་འགྱོད་པར་མ་གྱུར་ཅིང་། བདག་གི་རེ་བ་ཡོངས་སུ་རྫོགས་པ་ལྟ་ན། བདག་གི་ལུས་འདི་ཤའི་རིར་ཀུན་ཏུ་གནས་པར་གྱུར་ཅིང་། སེམས་ཅན་གང་དག་ཤ་ཟ་ཞིང་ཁྲག་འཐུང་པའི་རིགས་དེ་དག་ཐམས་ཅད་བདག་གི་ལུས་ལ་ཤ་ཟ་བར་གྱུར་ཅིག །ཇི་ལྟར་ཟོས་པ་བཞིན་དུ་ཕྱི་ཕྱིར་སྐྱེ་ཞིང་བདག་གི་ལུས་ལ་ཤ་ཀྱི་ཤ་འཛད་པ་མེད་པར་གྱུར་ཏེ། གང་གིས་ཟོས་པའི་སེམས་ཅན་དེ་དག་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེའི་སྨོན་ལམ་མཐུ་ཡིས་དེར། ལུས་ཀྱང་ཤའི་རི་ལྟར་གནས་གྱུར་ཞིང་། །གང་གཱའི་རྒྱུན་བཞིན་ཁྲག་ཀྱང་ཟད་མ་གྱུར། །ཤ་ཟའི་ཚོགས་རྣམས་ཀུན་ཏུ་ཚིམ་བྱས་པས། །ལོ་སྟོང་བར་དུ་གཏོང་པ་ཆེན་པོ་བྱས། །བསྟན་པའི་ལྷ་རྣམས་ངོ་མཚར་སྐྱེས་གྱུར་ཏེ། །རྣམ་པ་དུ་མས་མཆོད་ཅིང་ཡིད་རང་བྱེད། །དེ་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་སྨོན་ལམ་གྱི་སྟོབས་ཀྱིས་ལོ་སྟོང་གི་བར་དུ་ལུས་ཀྱི་མཆོད་སྦྱིན་བྱས་ཏེ། སྐྱེ་བ་གཞན་དུ་བཟུང་པར་གྱུར་ཏོ་ཞེས་གྲག་གོ །རྨད་དུ་བྱུང་པའི་སྤྱོད་པ་འདི་ཡིས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཐེག་པ་གསུམ་ལ་ཡང་དག་པར་བཀོད་དོ། །དེ་ལྟ་བུའི་སྐྱེས་པའི་རབས་འདི་ཡང་ཅིའི་ཕྱིར་བཤད་ཅེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྨོན་ལམ་དང་། སྦྱིན་པའི་སྟོབས་ནི་དཔག་ཏུ་མེད་པའོ། །ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། དད་པའི་སྟོབས་བསྐྱེད་པ་ལའང་བརྗོད་པར་བྱའོ། །རྒྱལ་པོ་ནམ་མཁའི་སྐྱེས་པའི་རབས་ཏེ་བདུན་ཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་གཞན་ལ་ཕན་པར་བྱེད་པ་དང་། སྦྱིན་པ་སྨོན་ལམ་གྱི་སྟོབས་ནི་དཔག་ཏུ་མེད་དོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་ཨ་རིས་ཐ་ཞེས་བྱ་བ་འབྱོར་པ་རྒྱས་པ་བདེ་བ། ལོ་ལེགས་པ་སྐྱེ་བོ་མང་པོ་དང་མི་མང་པོས་གང་པ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བདུན་པ་གྲུ་བཞི་པ་རྣམ་པར་མཛེས་པ། གདུགས་དང་རྒྱལ་མཚན་དང་བ་དན་དང་རྟ་བབས་བསྒྲེང་བ་ཞིག་བྱུང་བར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་དེར་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་སྟོབས་ཀྱི་འཁོར་ལོ་བསྒྱུར་བ་གཟུགས་བཟང་པ་མཛེས་པ་ལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རང་བཞིན་གྱི་སྐྱེ་བ་དྲན་པ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོར་བྱེད་པ་ཞིག་བྱུང་བར་གྱུར་ཏོ། །རྒྱལ་པོ་དེའི་བཙུན་མོ་ནི་རྒྱལ་བའི་འོད་ཅེས་བྱ་བ། གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ། ཡིད་བཞིན་དུ་སྤྱོད་པ་བྱུང་ངོ་། །རྒྱལ་པོ་དེའི་བློན་པོ་ནི་སྟོང་ཕྲག་བཅུ་གཉིས་ཡོད་དེ། དེ་རྣམས་ཀྱི་མཆོག་ནི་བློ་གྲོས་ཆེན་པོ་ཞེས་བྱའོ། །ས་བདག་ས་ཆེན་རྒྱ་མཚོའི་གོས་གྱོན་པ། །སྐྱེ་བྱེད་བསོད་ནམས་མཐུ་ཡི་དཔལ་གྱིས་མཛེས། །དེ་ནི་སེམས་ཅན་ཀུན་ལ་མཉམ་པར་ལྟ། །སྙིང་རྗེའི་དབང་གིས་དབང་པོ་ཐམས་ཅད་སྟོང་། །ཆགས་མེད་ཡོངས་སུ་སྦྱངས་ཤིང་ཞི་བ་ཡི། བདག་གི་ཡན་ལག་མཆོག་ཀྱང་སྦྱིན་པར་སྩོལ། དེ་བས་འཛམ་གླིང་གནས་པ་སྐྱེ་བོ་ལ། །དཔྱ་དང་ཤོ་གམ་ཙམ་ཡང་བསྡུ་མི་བྱེད། དགེ་བཅུ་བཀའ་ཁྲིམས་མཐོ་རིས་ཐེམ་སྐས་མཆོག །རྣམ་དག་སྐྱེ་བོའི་བྲག་བཅས་བསྒྲགས་པ་རྣམས། །ས་འདིར་ཀུན་ཏུ་གསལ་བར་བྱས་པར་གྱུར། །དེ་ཡིས་རང་གི་ཕོ་བྲང་ཨ་རིས་ཐཱའི་སྒོ་བཞིར་སྦྱིན་པའི་བཀད་ས་རྒྱ་ཆེན་དག །སྣ་ཚོགས་ལོངས་སྤྱོད་ཀུན་གྱིས་གང་བྱས་ཏེ། །རྫོགས་ལྡན་འཕྲིན་ལས་འབྱུང་བའི་ཆར་རྒྱུན་བཞིན། །བཟའ་བཏུང་གོས་དང་རྒྱན་གྱི་ཚོགས་རྣམས་དང་། །རྟ་དང་ཤིང་རྟ་གླང་པོ་འགྲེང་པ་དང་། །ན་ཆུང་གཞོན་ནུ་པད་མ་རྒྱས་པའི་གདོང་། །ཨུཏྤལ་མིག་ཅན་རིན་ཆེན་བརྒྱན་པ་དག །སྐྱེ་བོ་རྣམས་ཀྱིས་ཡིད་བཞིན་ཐོབ་པར་གྱུར། དེ་ལྟར་རྒྱལ་པོ་དཔལ་གྱི་བདེའི་འཛམ་བུའི་གླིང་ཐམས་ཅད་དུ་སྐྱེ་བོ་རྣམས་ཆོས་ཀྱི་བདག་ཉིད་ལ་བཀོད་པས། མིའི་སྲིད་པ་ནས་ཚེ་འཕོས་པ་དེ་ཐམས་ཅད་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །ཡང་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་ལྷའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ལྷའི་ཚོགས་ཀྱིས་ཀུན་ཏུ་གང་ཞིང་དེར་གོ་སྐབས་མེད་པར་གྱུར་པ་དང་། ལྟ་ན་སྡུག་གི་ཕྱི་རོལ་ཡོངས་འདུ་དང་། ཤིང་རྟ་སྣ་ཚོགས་ཅན་དང་། དགའ་བའི་ཚལ་ལ་སོགས་པའི་སྐྱེད་མོས་ཚལ་རྣམས་སུ་གནས་པར་གྱུར་ཏོ། །དེ་ནས་སྔོན་སྐྱེས་པའི་སུམ་ཅུ་རྩ་གསུམ་གྱི་ལྷའི་ཚོགས་ཀྱིས་ཡང་དག་པའི་འབྱོར་པ་དེ་མཐོང་ཏེ། རབ་ཏུ་དགའ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽའུ་ཤི་ཀ་གང་དུ་རིའི་རྒྱལ་པོ་རི་རབ་དེ་ཉིད་ལྷའི་བུ་བདག་གིས་གང་སྟེ་ལྷའི་ཚོགས་རྣམས་ནི་འཕེལ་བར་གྱུར་ལྷ་མ་ཡིན་གྱི་ཚོགས་ནི་འགྲིབ་པར་གྱུར་པའི་ངོ་མཚར་འདི་ལ་གཟིགས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་རྣམས་ལས་ཐོས་ནས་རིའི་རྒྱལ་པོ་རི་རབ་ཐམས་ཅད་ལ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་རིའི་རྒྱལ་པོ་རི་རབ་ལྷའི་ཚོགས་རྣམས་ཀྱིས་ཀུན་ནས་གང་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ་རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་ཇི་སྙེད་ཅིག་འདིར་སྐྱེས་པར་གྱུར་སྙམ་ནས་འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་རྒྱལ་པོ་དཔལ་གྱི་སྡེའི་མཐུ་ཡིན་པར་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སེམས་རབ་ཏུ་དགའ་བས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁྱེད་རྣམས་ཉོན་ཅིག །འཛམ་གླིང་དབང་ཕྱུག་རྒྱལ་པོ་ནི། །དཔལ་གྱི་སྡེ་ཞེས་རྣམ་གྲགས་པ། །རྟག་ཏུ་ཆོས་ལ་གཞོལ་པ་དང་། །རྒྱལ་པོ་ཆེན་པོ་ཆོས་ལ་གནས། །ཐོག་མ་བར་དང་མཐར་དགེ་ཞིང་། །སེམས་ཅན་ཀུན་ལ་ཕན་པར་དགའ། །གཙོ་བོའི་མི་རྣམས་དགེ་བ་ལ། རྟག་པར་ཡང་དག་སྦྱོར་བར་བྱེད། །རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན། །ཕྱི་རོལ་དངོས་པོ་རེས་གཏོང་ཞིང་། །དེ་ནི་ཤ་ཡང་སློང་པ་ལ། །རྗེས་སུ་བརྩེ་བ་ཉིད་ཀྱི་སྟེར། །ནང་ངམ་ཡང་ན་ཕྱི་རོལ་ལ། །དེ་ནི་ཡོངས་སུ་འཛིན་མེད་པར། །རྗེས་བརྩེ་ཉིད་ཀྱིས་གཏོང་བྱེད་ཅིང་། །བྱང་ཆུབ་མཐར་འབྱུང་བ་ལ་བརྩོན། །དེས་ནི་རྣམ་དག་གསེར་བཞིན་དུ། །འགྲོ་བ་ཐམས་ཅད་རབ་སྒྲུབས་པས། །རྒྱལ་པོ་དེའི་མཐུ་ཡིས་ནི། །ཐམས་ཅད་མཐོ་རིས་ལ་གཞོལ་གྱུར། རྒྱལ་པོ་བློ་གྲོས་ཆེ་དེ་ཡིས། མཐུ་ཡིས་སུ་ཡང་དམྱལ་བ་དང་། ཡི་དྭགས་དང་ནི་དུད་འགྲོ་ཡི། །སྐྱེ་གནས་རྣམས་སུ་སྐྱེ་མི་འགྱུར། །དེ་ཡི་གཟི་བརྗིད་མཐུ་ཡིས་ནི། །ཐམས་ཅད་སྣང་པར་འགྲོ་བ་དང་། །སྦྱིན་དང་ཚུལ་ཁྲིམས་དགའ་འགྱུར་བས། །དགའ་བའི་ཚལ་ན་དགའ་བས་བརྩེ། དཔལ་གྱི་སྡེ་ལ་རྗེས་བརྟེན་པ། །གུས་དང་བཅས་པར་གྱུར་པ་ཡི། །ལྷ་ཡི་འཇིག་རྟེན་ཉམས་དགའ་བར། །དེ་ཡང་དགའ་བས་རྣམ་པར་སྣང་། །དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་དེ་རྣམས་ཀྱིས་ཚིག་དེ་ཐོས་ནས་ཡིད་དགའ་བ་དང་སེམས་རངས་པར་གྱུར་ཏེ། དགའ་བའི་སེམས་སུ་གྱུར་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །གང་རྒྱལ་པོ་འདི་ཡན་ལག་དང་ཉིན་ལག་ཀྱང་སྦྱིན་པར་གཏོང་འདོད་པར་རྩོལ་བ་ནི་ངོ་མཚར་ཆེའོ། །འོན་ཀྱང་འདི་ལྟར་ཡན་ལག་ཉིང་ལག་སྟེར་བ་འདི་ནི་དཀའ་བ་སྟེ། བདག་དང་མཉམ་པ་ཕངས་པ་གཞན་མེད་པས། དེ་ཇི་ལྟར་ན་བདག་ཉིད་ཆེན་པོ་འདི་རང་གི་ལུས་སྡུག་བསྔལ་བ་ལ་མ་སེམས་པར་ཡན་ལག་དང་ཉིང་ལག་སྦྱིན་པར་གཏོང་པར་འགྱུར་ཏེ། འདི་ནི་རྗེས་སུ་དཔག་ནུས་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། སྙིང་རྗེའི་བདག་ཉིད་བློ་ལྡན་རྣམས། །དཔག་མེད་མཐུ་དང་ལྡན་པ་ཡིན། །དེ་བས་འདི་ནི་མི་གཏོང་པ། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཞེས་བསྟན་ཏོ། དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོའི་བཙུན་མོ་དམ་པའི་རྨི་ལམ་ན། དཔལ་གྱི་སྟན་ལ་བདག་ཉིད་ཕབ་ནས་སླར་ཡང་བཏེགས་པར་མཐོང་བ་དང་། རང་གི་མིག་ཕྱུང་ནས་སླར་ཡང་སྐྱེས་པར་མཐོང་བ་དང་། བདག་ཉིད་ཀྱི་དཔུང་པ་གཡས་པ་འདི་བཅད་དེ་ས་ལ་ལྷུང་པ་ཡང་སྐྱེས་པར་མཐོང་བ་དང་། མི་མ་ཡིན་པ་དངུལ་གྱི་རྡོ་བཅག་པ་ཞིག་གིས་རྒྱལ་པོ་དཔལ་གྱི་སྡེའི་དཔུང་པ་གཡོན་པ་མོད་ལ་ཕྱུང་ཏེ་འཕྲོག་ནས། སླར་ཡང་སྐྱེས་པ་རྨིས་སོ། །གཉིད་སད་པ་དང་འཇིགས་ཤིང་བསྔངས་ལ་སྤུ་ཟིང་ཞེས་བྱེད་དེ། ངའམ་ལྷ་ལ་སྡུག་བསྔལ་འགའ་ཞིག་བྱུང་བར་མི་འགྱུར་དྲང་། ཞེས་བསམས་ནས། དེས་རྒྱལ་པོ་དཔལ་གྱི་སྡེ་ལ་སྨྲས་སོ། །དེ་རྨིས་ལྟས་ལ་བྱས་པ་ཡིན་པས་འདི་སྙམ་དུ་སེམས་ཏེ། འདིས་རྨི་ལམ་འདི་ལྟ་བུ་མཐོང་བ་ལགས་ན། རིང་པོར་མི་ཐོགས་པར་ཆུང་མ་འདི་ཉིད་སློང་པ་འབྱུང་བར་འགྱུར་རོ་སྙམ་ནས་སྨྲས་པ། མ་འཇིགས་ཤིག །སྒྱུ་མ་ལྟ་བུའི་རྨི་ལམ་ལ་སེམས་པ་ཅི་ཞིག་བྱ་དཔལ་གྱི་སྡེ་ལ་བདག་ཉིད་གནས་པར་ཁྱོད་ཀྱིས་མ་མཐོང་ངམ། མིག་མ་ཉམས་པར་དེ་བཞིན་དུ་འདུག་པ་དང་། བདག་ཉིད་ཀྱི་དཔུང་པ་གཡས་པ་དེ་བཞིན་དུ་ཡོད་པ་དང་། ངའི་འང་དཔུང་པ་གཡོན་པ་གནས་བཞིན་པ་ཉིད་ཞེས་དབུགས་ཕྱུང་པ་དང་ཅང་མི་སྨྲ་བར་འདུག་གོ །ཅི་ཙམ་ན་མཚན་མོ་གཉིས་པ་ལ་བློན་པོའི་མཆོག་བློ་གྲོས་ཆེན་པོ་ཞེས་བྱ་བས་རྨི་ལམ་དུ། རྒྱལ་པོ་དཔལ་གྱི་སྡེའི་རིན་པོ་ཆེ་ཐམས་ཅད་ལས་བྱས་བའི་ཁང་བཟང་མོད་ལ་ཞིག་པ་དང་། རིན་པོ་ཆེ་དེ་རྣམས་ཤ་ཟ་མཐོང་ནས་འཇིགས་སུ་རུང་པ་རྣམས་ཀྱིས་ཕན་ཚུན་ཁྱེར་བ་དང་། སླར་ཡང་ཁང་བཟང་སོ་སོར་སྦྱར་བ་རྨིས་སོ། །སད་པ་དང་། །འཇིགས་ཤིང་སྐྲག་པ་དང་ཡིད་མུག་ཏེ་སྤུ་ཟིང་ཞེས་བྱེད་པ་དང་། བསམ་པ། སེམས་ཅན་ཐམས་ཅད་ལ་མཉེས་བཞིན་པ། ལྷ་དཔལ་གྱི་སྡེའི་སྐུ་ལུས་སློང་པ་འོང་པར་མི་འགྱུར་དྲང་། ལྷ་འང་ཐམས་ཅད་སྩོལ་བ། ཐམས་ཅད་ཡོངས་སུ་གཏོང་པ། ཆགས་པ་མེད་པར་གཏོང་པ་སྟེ། འདི་ལྟ་ཏེ། དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་འཕོངས་རྣམས་ལ་འདི་ཡོངས་སུ་མི་གཏོང་པ་ཅི་ཡང་མེད་དོ། །རྒྱལ་པོ་དཔལ་གྱི་སྡེ་ལ་ནི་ཞུ་བར་བྱ་སྟེ། ཤིན་ཏུ་སྤྲོ་བ་སྐྱེ་བར་མ་འགྱུར་དྲང་། དེ་ནས་དེས་གསང་སྟེ། མཚན་མཁན་བོས་ནས་དམ་བསྒོས་ཏེ་སྨྲས་པ། ཤེས་ལྡན་ངས་འདི་ལྟ་བུའི་རྨི་ལམ་རྨིས་པའི་འབྲས་བུ་ཇི་ལྟ་བུར་གྱུར་པ་ཁྱོད་ཀྱིས་ལུང་སྟོན་ཅིག །མཚན་མཁན་གྱིས་སྨྲས་པ། རྨི་ལམ་འདི་ལྟ་བུ་ལས་ནི་རིང་པོ་མི་ཐོགས་པར་ལྷའི་སྐུ་ལུས་སློང་པ་འོང་པར་འགྱུར་རོ། །རྨི་ལམ་བསྟན་པ་འདི་ལྟ་བུ་འདི་ཐོས་པ་དང་། བློན་པོ་བློ་གྲོས་ཆེན་པོ་སྡུག་བསྔལ་དྲག་པོས་གདུངས་ཤིང་མིག་མཆི་མས་གང་པ་དང་། ལག་པ་འགྲམ་པ་ལ་གཏད་དེ། སེམས་ཁོང་དུ་ཆུད་པས་གནས་ནས་རྒྱལ་པོ་དཔལ་གྱི་སྡེ་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། ཡོན་ཏན་དུ་མ་དང་ལྡན་པ་ལ་མི་རྟག་པའི་སྟོབས་ཉེ་བར་གནས་པ་ནི་ཧ་ཅང་མྱུར་ཆེས་སོ། །དེ་ནས་ནུབ་གསུམ་པ་ལ་བློན་པོ་སྟོང་ཕྲག་བཅུ་གཉིས་ཀྱིས་རྨི་ལམ་ལྔ་རྨིས་ཏེ། ཁྲ་ཡིས་རྒྱལ་པོ་དཔལ་གྱི་སྡེའི་གདུགས་དང་ཅོད་པན་འཕྲོག་ཏེ་སླར་ཡང་བྱིན་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་མགོ་བཅད་ནས་སླར་ཡང་བྱུང་བ་དང་འཛམ་བུའི་གླིང་གིས་མི་ཐམས་ཅད་ཀྱི་མིག་ཕྱུང་ནས་སླར་ཡང་སྐྱེས་པ་དང་། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་རྐང་པ་དང་ལག་པ་རྣམས་བཅད་ནས། སླར་ཡང་སྐྱེས་པ་དང་། རྒྱལ་པོ་དཔལ་གྱི་སྡེ་སེང་གེའི་ཁྲི་ལས་བབས་ནས་སླར་ཡང་འཛེགས་པར་བརྩོམ་པར་རྨིས་པ་དང་འཇིགས་ཤིང་སྐྲག་ལ་ཡིད་མུག་ནས། རྒྱལ་པོ་དཔལ་གྱི་སྡེ་ས་ཆེན་པོ་སྐྱོང་པར་མཛད་པ་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་བ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་མི་རྟག་པའི་སྟོབས་ཉེ་བར་གནས་པར་མི་འགྱུར་དྲང་། བདག་ཅག་རྣམས་ལྷ་དང་ལྷན་ཅིག་གནས་པ་ལས་ཐ་དད་པར་འགྱུར་ཅིང་བྱེ་བར་མི་འགྱུར་དྲང་། འཛམ་བུའི་གླིང་པའི་སྐྱབས་དང་དཔུང་གཉེན་མེད་པར་མི་འགྱུར། གྲང་མཉམ་ནས་དེ་རྣམས་ཀྱིས་མཚན་མཁན་རྣམས་བོས་ནས་སྨྲས་པ་དང་། དེ་རྣམས་ཀྱིས་ཀྱང་འདི་བཞིན་དུ་འགྱུར་ཞེས་ལུང་བསྟན་ཏོ། འདི་ལྟ་བུའི་རྨི་ལམ་བསྟན་པ་ཐོས་པ་དང་། གྲོང་ཁྱེར་ཨ་རིཥྚ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཉམས་ཐག་པའི་ང་རོས་ངུ་བར་བརྩམས་སོ། །ཐོས་པ་ཅིག་ནས་ཅིག་ཏུ་རྒྱུད་པས་འཛམ་བུའི་གླིང་པའི་མི་ཐམས་ཅད་མྱ་ངན་དྲག་པོའི་སྡུག་བསྔལ་གྱིས་བཅོམ་ནས། ཤིན་ཏུ་སྨྲེ་བསྔགས་འདོན་པར་གྱུར་ཏོ། །དེ་ལྟར་གྱུར་པ་དེ་རྒྱལ་པོ་དཔལ་གྱི་སྡེས་ཐོས་ནས་བསམ་པ། ངའི་ལུས་སློང་པར་འོས་པར་འགྱུར་རོ་སྙམ་ནས་སེམས་དག འ་བ་དང་མགུ་པར་གྱུར་ཏོ། །དེ་ལ་རྒྱལ་པོ་དབུགས་དབྱུང་པའི་ཕྱིར་བསྟན་པ། འཛམ་བུའི་གླིང་གི་སྐྱེ་བོ་རྣམས། །དངོས་ཀུན་བདེན་པར་གྲུབ་མིན་པ། །སྒྱུ་མ་ལྟ་བུའི་རྨི་ལམ་ལ། །སུ་ཞིག་བདེན་པ་རྟོགས་པར་བྱེད། །དེ་བས་མྱ་ངན་མ་བྱེད་པར། །བདེ་བར་བག་ཡོད་གནས་པར་བྱོས། །རང་གི་དཔལ་ལ་རྗེས་སྤྱད་ཅིང་། །ཡིད་ནི་དགའ་བས་གནས་པར་གྱིས། ཞེས་དྲིལ་བསྒྲགས་པ་དེ་ཐོས་ནས་འཛམ་བུའི་གླིང་པའི་མི་ཐམས་ཅད་དབུགས་ཕྱིན་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་ཨ་རིཥྚའི་བྱང་ཕྱོགས་ན་རི་བོ་ཞིག་ཡོད་དེ། །དེ་ནས་དྲང་སྲོང་ལྔ་བརྒྱ་ཙམ་གནས་སོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་དེ་རྣམས་ཀྱིས་དོན་དུ་འཇུག་པའི་མཁན་པོ་དྲང་སྲོང་ཞིག་དོན་གྱི་བྱ་བ་འགའ་ཞིག་གིས་ཕྱིར་རྒྱལ་པོའི་ཕོ་བྲང་དུ་འོངས་སོ། །དེའི་ཚེ་རྒྱལ་པོ་དཔལ་གྱི་སྡེ་བཙུན་མོ་རྒྱལ་བའི་འོད་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་སོང་ངོ་། །བྲམ་ཟེས་བཙུན་མོ་དམ་པ་དེ་མཐོང་པས། འདི་ལྟར་དེའི་སྐྱེ་བ་སྔ་མའི་ཆུང་མར་གྱུར་པའང་ཡིན་པས་སྔོན་གྱི་ཆགས་པ་དང་འབྲེལ་བའི་དབང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། སྨྲས་པ་སྔོན་གྱི་བག་ཆགས་སྲེད་པའི་རྗེས་འབྲེང་དང་། །བདེ་བའི་རྒྱུ་ལས་ཞེན་པ་རྗེས་འབྲངས་ཕྱིར། །གཟུགས་དང་ལང་ཚོའི་ཡོན་ཏན་རྗེས་འབྲེང་པའི། །བཙུན་མོའི་དཔལ་ལ་བྲམ་ཟེའི་ཡིད་འབྲངས་ཏེ། །རྩེ་ཅིག་འདོད་པས་འཇིག་རྟེན་གཡོས་པ་བཞིན། །མངོན་སུམ་བཞིན་དུ་སེམས་ཞིང་དེ་ནས་དོང་། དེའི་ཡིད་ལ་དེ་སེམས་ཤིང་ལམ་དེ་ནས་སོང་ཏེ། རྒྱལ་པོའི་ཕོ་བྲང་དུ་བྱ་བ་ཡོངས་སུ་རྫོགས་པ་དང་། བསྟི་གནས་སུ་སོང་ངོ་། །དེ་ནས་དུས་གཞན་ཞིག་གི་ཚེ་དྲང་སྲོང་དེས་བྲམ་ཟེའི་ཁྱེའུ་ཞིག་རིགས་བྱེད་འདོད་པ་ཡོངས་སུ་རྫོགས་པ་དང་། དེས་མཁན་པོའི་རྐང་པ་ལ་གཏུགས་ནས་སྨྲས་པ། མཁན་པོ་ལ་ནོར་ཅི་ལྟ་བུ་འབུལ་བར་བགྱི། བཀའ་སྩོལ་ཅིག །དྲང་སྲོང་གིས་སྨྲས་པ་དེ་བས་ན་བུ་རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོའི་མཆོག་རྒྱལ་བའི་འོད་སློང་ལ་ངའི་བསྙེན་བཀུར་བྱ་བ་དང་། མཁན་པོ་ལ་མཁན་པོའི་ནོར་དང་། །བླ་མ་ལ་མཆོད་པའི་ཕྱིར་བྱིན་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེའི་ཁྱེའུ་དེ་གནད་དུ་བསྣུན་པའི་རི་དྭགས་བཞིན་དུ་སྡུག་བསྔལ་དྲག་པོས་གདུངས་ཏེ། མཆོག་ཏུ་ཡིད་མུག་པ་དང་བསམ་པ། གནས་འདི་ནི་འབྱུང་བར་དཀའ་བ་དང་། རྙེད་པར་དཀའ་ན་ཇི་ལྟར་ཡང་བྲམ་ཟེ་ཉོན་མོངས་པ་བདག་ལྟ་བུས་རྒྱལ་པོའི་བཙུན་མོ་རྒྱལ་བའི་འོད་བྱིན་ཅིག་ཅེས་ཇི་ལྟར་སྨྲ་བར་ནུས། འདི་ལྟར་བླང་བར་བྱ་བ་མ་ཡིན་པའི་དངོས་པོ་འདི་ལ་ཀུན་ཏུ་སྦྱོར་བ་གང་ཡིན་པ་དེས་ན་མཁན་པོས་ངེས་པར་བདག་ལ་དམོད་པར་བྱེད་པ་འདོད་པ་ཡིན་ནོ། །དེ་ནས་དྲང་སྲོང་དེས་དེ་བཞིན་རྣམ་པར་གྱུར་པས་ནང་གི་བསམ་པ་རྟོགས་ནས་སྨྲས་པ། མ་འཇིགས་ཅིག །ས་བདག་འདི་ནི་བདག་ཉིད་ཆེ་བས་ན། །ཐམས་ཅད་ཡོངས་སུ་གཏོང་པར་བྱེད་པ་ཡིན། །ཆགས་ཤིང་ཞེན་པས་དེ་རྒྱུད་དཀྲིས་པ་མེད། །དེ་བས་ཅི་ནས་དོན་ནི་འགྲུབ་པར་འགྱུར། དེ་བས་ན་བག་ཚ་བ་མེད་པར་སོང་ཤིག །བྲམ་ཟེའི་ཁྱེའུ་དེ་དམོད་པ་དེ་ལ་འཇིགས་ནས། དེ་ལྟར་བགྱིའོ་ཞེས་རྐང་པ་ལ་གཏུགས་ཏེ་སོང་ངོ་། །དེ་ནས་རྒྱལ་པོའི་ཕོ་བྲང་ཨ་རིཥྚར་ཕྱིན་ནས་ཤིང་ཤུན་ནི་གྱོན་དབྱུག་པ་དང་རིལ་བ་ནི་ཐོགས། ལུས་ལ་རྡུལ་གྱིས་གོས་པའི་ཚུལ་གྱིས་རྒྱལ་པོའི་དྲུང་དུ་སོང་ནས་ཚེ་སྤེལ་བར་བྱས་ཏེ། བསམ་པ་ཇི་ལྟར་སླང་ངམ་འོན་ཏེ་མི་སླང་། སྟེར་བར་འགྱུར་རམ་མི་སྟེར་བར་འགྱུར་ངའི་ཡིད་ལ་བྱེད་པ་འབྲས་བུ་དང་བཅས་པར་འགྱུར་རམ་འབྲས་བུ་མེད་པར་འགྱུར་རམ་སྙམ་ནས་བདག་ཉིད་སྨོད་བཞིན་དུ་དམན་པའི་བཞིན་གྱིས་ཅང་མི་སྨྲ་བར་འདུག་གོ །དེ་ནས་རྒྱལ་པོ་དཔལ་གྱི་སྡེས་བསམ་པ། འདི་ནི་ང་ལ་སློང་དུ་འོངས་སོ་སྙམ་ནས། བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་ཀྱི་དགོས་པ་གང་ཡིན་པ་དེ་སྨོས་ཤིག་དང་དེ་རིང་ཁྱོད་ལ་ཡིད་ལ་བྱེད་པའི་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེའི་ཁྱེའུ་དེ་མི་འཇིགས་པ་སྐྱེས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ས་བདག་ཆེན་པོ་དཔལ་ལྡན་རྒྱལ་གྱུར་ཅིག །ཁྱོད་ནི་འཇིག་རྟེན་ཆགས་མེད་ལྷུག་པར་གཏོང་། །འཇིག་རྟེན་འདི་དག་འདོད་པས་ཟིལ་གནན་གྱུར། །དེ་བས་ལྷ་མཆོག་ཁྱོད་ལ་འཕགས་མ་སློང་། །བདག་གིས་ཐོས་པའི་དྲིན་ལན་བསབ་པའི་ཕྱིར། །བཙུན་མོ་བསྩལ་བས་འཇིག་རྟེན་གྲགས་པ་མཛོད། །ལྷ་བྱང་ཕྱོགས་ཀྱི་རི་བོ་ན་བདག་གི་མཁན་པོ་དྲང་སྲོང་འདོན་དུ་འཇུག་པ་འཁོར་ལྔ་བརྒྱ་དང་བཅས་ནས་གནས་ཏེ། དེ་ལ་བདག་གི་རིགས་བྱེད་འདོན་པ་ཡོངས་སུ་རྫོགས་པས་རྒྱལ་པོ་ཆེན་པོ་ཐུགས་བརྩེ་བས་བཙུན་མོ་རྒྱལ་བའི་འོད་བདག་ལ་སྩོལ་ཅིག་མཁན་པོ་ལ་མཁན་པོའི་ནོར་དང་། བླ་མ་ལ་མཆོད་པའི་ཕྱིར་ཏེ། བདག་གིས་མཁན་པོ་ལ་དབུལ་བར་བགྱིའོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དཔལ་གྱི་སྡེ་བརྩེ་བའི་དབང་གིས་ཡིད་གཡོས་པར་གྱུར་ཏེ། བཙུན་མོ་རྒྱལ་བའི་འོད་འདི་ང་དང་བྲལ་ན་ཇི་ལྟར་སྲོག་འཛིན་པར་ནུས། འཁོར་དེ་དག་ཐམས་ཅད་ཀྱང་རྒྱ་མཚོ་ཟབ་མོའི་སྒྲ་མི་གཡོ་བ་དང་གནད་དུ་བསྣུན་པ་བཞིན་དུ་སྡུག་བསྔལ་དྲག་པོ་གདུངས་ཏེ་ང་འདི་ཇི་ཞེས་སྐྱོ་བར་རབ་ཏུ་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྐད་ཅིག་ཅང་མི་སྨྲ་བར་གནས་ཏེ་བསམས་པ། བུ་དང་ཆུང་མ་ལ་སོགས་པ་སྦྱིན་པ་མེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བར་མི་འགྱུར་རོ། །དེའི་ཕྱིར་བྲམ་ཟེ་འདི་ལ་དགའ་བས་ཆུང་མ་འདི་སྦྱིན་པར་བྱའོ་སྙམ་དུ་བསམ་ནས་གཉེན་སྡུག་པ་དང་བྲལ་བའི་ཞུམ་པའི་སེམས་ཡང་དག་པར་བསལ་ཏེ། འཕྲལ་དུ་སེང་གེའི་ཁྲི་ལས་བབས་ནས་བྱང་ཆུབ་ཏུ་སྨོན་པའི་སེམས་ཀྱིས་བཙུན་མོ་རྒྱལ་བའི་འོད་ལྷའི་བུ་མོ་བཞིན་དུ་རྣམ་པར་མཛེས་པ་ཁྱོད་དང་བྲལ་བའི་གདུང་པས་ཤིན་དུ་དབུགས་རིང་པོར་བྱུང་ཏེ། མཆི་མས་གང་པའི་མིག་དང་། མུན་པར་གཡང་ས་ཆེན་པོ་ནས་ལྷུང་པ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བས་གདོང་ཕབ་པ། ལག་པ་གཡོན་པས་བཟུང་ཏེ། ལག་པ་གཡས་པས་གསེར་གྱི་བུམ་པ་ཐོགས་ནས་བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་ཚུར་ཤོག་ཅིག །གཟུགས་བཟང་སྡུག་པ་འདི་ལོང་ཤིག །སྦྱིན་པ་འདི་ཡིས་མྱུར་དུ་ནི། །བྱང་ཆུབ་དམ་པ་ཐོབ་པར་ཤོག །ཅེས་སྨྲས་ནས། བྱང་ཆུབ་སེམས་དཔའ་བྲམ་ཟེའི་ལག་པར་ཆུ་རྒྱུན་བླུགས་སོ། །དེའི་ཚེ་དེའི་སྦྱིན་པའི་མཐུས། ས་འདི་རྣམ་དྲུག་གཡོས་གྱུར་ཏེ། །ཨེ་མའོ་རྨད་དུ་བྱུང་བ་ཞེས། བྲམ་ཟེའི་ཁྱེའུ་ཡིད་རང་གྱུར། །འདི་འདྲའི་མཛེས་ཤིང་ཡིད་དུ་འོང་པ་དག །བདེ་ལ་མ་ཆགས་སྦྱིན་པར་བྱེད་པ་ནི། །ས་འདིར་མགོན་བྱས་མྱ་ངན་བྱ་མི་དགོས། །དེ་བས་དཔལ་ལྡན་སྤྱོད་པ་རྨད་དུ་བྱུང་། །དེ་ནས་བྲམ་ཟེས་བདེ་ལེགས་སུ་གྱུར་ཅིག་ཅེས་སྨྲས་ནས། བཙུན་མོ་རྒྱལ་བའི་འོད་ཁྱེར་ཏེ། རིངས་པ་རིངས་པར་བསྟི་གནས་སུ་སོང་ནས་མཁན་པོ་ལ་བྱིན་པ་དང་བཙུན་མོ་རྒྱལ་བའི་འོད་ཉ་ཆུ་ལས་བཏོན་པ་བཞིན་དུ་སྡུག་པ་དང་བྲལ་བའི་སྡུག་བསྔལ་དྲག་པོས་གདུངས་ཤིང་ཉམས་ཐག་པ་དང་བྱང་ཆུབ་སེམས་དཔའ་ཉིད་ལ་མངོན་པར་སེམས་ཤིང་། འགྲོ་བ་ཐམས་ཅད་མུན་པ་མུན་ནག་དུ་གྱུར་པ་བཞིན་དུ་ཤེས་ཤིང་། ཀྱེ་ཧུད་རྒྱལ་པོ་ཆེན་པོ་ཞེས་མཆོག་དུ་གདུང་པའི་སེམས་དང་ཟས་གཅད་པ་ལ་ཞུགས་སོ། །ས་གཡོས་པ་དེས་བརྒྱ་བྱིན་གྱི་གནས། གཡོས་པར་གྱུར་ཏོ། །ཆོས་ཉིད་ཀྱིས་ལྷ་རྣམས་ཀྱི་ཤེས་པ་འོག་དུ་མཐོང་པ་འཇུག་གི །གོང་དུ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་བསམ་པ། ཤིན་ཏུ་དྲག་པོས་ས་གཡོས་པ། །མཚན་མ་འདི་ནི་སུ་ཡི་མཐུ། །གང་གི་མཐུ་ནི་ཇི་འདྲ་བ། །ཤིན་ཏུ་གསལ་བ་འདི་ཤེས་བྱ། །འཛམ་བུའི་གླིང་ཐམས་ཅད་ལ་ལྟས་པ་དང་། བྱང་ཆུབ་སེམས་དཔའ་འདི་ལྟ་བུ་མཆོག་ཏུ་དཀའ་བའི་ལས་བྱེད་པ་མཐོང་ངོ་མཐོང་ནས་ཀྱང་མཆོག་ཏུ་ངོ་མཚར་སྐྱེས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་རྣམས་རྒྱལ་པོ་དཔལ་གྱི་སྡེ་ངོ་མཚར་དང་རྨད་དུ་བྱུང་པའི་ལས་ལ་ལྟོས་གང་ཞིག་འདི་ལྟར་སྡུག་པ་དང་། འདི་ལྟར་ཡིད་དུ་འོང་པ་ཙམ་བཞིན་དུ་བཏང་ངོ་ཞེས་སྨྲས་ནས། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་སེམས་ཅན་ལ་བསྒྲགས་པའི་ཕྱིར། དེའི་ཕྱིས་ཉིན་ནམ་ལངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷའི་བུ་བཞི་དང་ཐབས་ཅིག་དུ་སུམ་ཅུ་གསུམ་གྱི་གནས་ནས་བབས་ཏེ། ཨ་རིཥྚ་དང་ཧ་ཅང་ཡང་མི་རིང་པའི་ནགས་ཚང་ཚིང་ནས་ལུས་ཀྱི་ཕྱེད་མན་ཆད་མེད་པའི་བྲམ་ཟེའི་གཟུགས་སུ་སྤྲུལ་ཏེ། ལྷའི་བུ་དེ་དག་ཀྱང་བྲམ་ཟེའི་ཆ་བྱད་འཛིན་པ། བྲམ་ཟེ་རྒན་པོ་ལུས་ཀྱི་ཕྱེད་སྟག་གིས་བཅད་ཅིང་ཟོས་ཤིང་ཁྲག་འཛག་པ་དེ་ཁྲི་ལ་བཞག་ནས་བཏེགས་ཅིང་འགྲོ་སྟེ་དེའི་ཁྲག་གི་དྲི་དེ་ལས་ཀྱང་སྟེང་ནས་ཁྭ་དང་། ཆུ་སྐྱར་དང་། བྱ་རྒོད་རྣམས་རྗེས་སུ་འབྲངས་སོ། །འོག་ནས་ཀྱང་ཁྱི་དང་ཝ་རྣམས་རྗེས་སུ་འབྲངས་བཞིན་དུ་རིངས་པ་རིངས་པར་གྲོང་ཁྱེར་གྱི་སྒོར་སོང་ངོ་། །དེ་ཡང་འདི་ལྟར་སྙིང་རྗེའི་གནས་སུ་གྱུར་པ། སྐྱེས་པ་དང་བུད་མེད་རྣམས་ཀྱིས་མཐོང་ནས། སྙིང་རྗེས་གདུངས་པའི་ཡིད་ཀྱིས། ཅིག་ལ་ཅིག་སྨྲ་བ་གྲོགས་པོ་དག བྲམ་ཟེ་འདི་རྐེད་པ་ཆད་ཅིང་འདིའི་དབང་པོ་ཡང་མ་འཁྲུགས་པ་ཇི་ལྟར་འཚོ་བར་འགྱུར། གཞན་ཞིག་གིས་སྨྲས་པ། འདི་མི་མ་ཡིན་ཤ་ཟ་མིའི་ཆ་བྱད་ཀྱིས་བདག་ཅག་རྣམས་བཟའ་བའི་ཕྱིར་འདིར་འོངས་ཀྱིས་མི་རྐེད་པ་ཆད་པ་ནི་འཚོ་བ་མེད་དོ། །དེ་སྐད་ཅེས་ཐོས་པ་དང་། སྐྱེས་བུ་སྔ་མ་རྣམས་ནི་འཇིགས་པས་བྲོས་པར་བརྩམས་སོ། །སྐྱེས་བུ་དཔའ་བོ་གཞན་ཞིག་འདི་སྙམ་དུ་འདི་ནི་ཤ་ཟ་ཞིག་སྟེ། དེ་ལྟ་ནའང་ཚོར་བས་ཉེན་བཞིན་དུ་འདི་ལྟར་དབང་པོ་རྣམས་བདེ་བར་སྣང་ན། དེ་ཅི་ལྟ་བུ་ཡིན། བདག་གིས་འདི་ལ་འདྲི་བར་བྱས་ན་འདིས་ཚིག་ཐོན་པར་དཀའ་མོད་ཀྱིས་གལ་ཏེ་ཚིག་ཐོན་ན་ནི་ངོ་མཚར་དུ་འགྱུར་རོ། །སྙམ་ནས་སྨྲས་པ། བྲམ་ཟེ་ཁྱོད་ཅི་མི་ཡིན་ནམ་འོན་ཏེ་ཤ་ཟ་ཡིན། དེ་ནས་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་འདུག་པ་དེས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཉེན་པར་སྟོན་ཅིང་སྨྲས་པ། སྐྱེས་བུ་ཁྱོད་ནི་མ་འཇིགས་ཤིག །བྲམ་ཟེ་ང་ཡིན་སྲིན་པོ་མིན། །སྔོན་གྱི་ལས་ཀྱི་ཉེས་པ་ཡིན། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །འདི་ཉིད་དུ་ནི་ཀུན་བཤད་ན། །དུས་ནི་ཀུན་ཏུ་འདའ་བར་འགྱུར། །འཆི་བདག་མྱུར་དུ་འོངས་ནས་ནི། །སྲོག་ནི་འཕྲོག་པར་འགྱུར་དུ་འོང་། །ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ནི། །འདི་དག་ཀུན་ཀྱང་བཤད་པར་བྱ། །སྔོན་གྱི་ལས་ཀྱི་མཚན་ཉིད་ནི། ད་རུང་ང་ལ་འབྲས་བཅས་འགྱུར། ཡོན་ཏན་ཀུན་གྱི་རྣམ་མཛེས་ལ། །ཟླ་བ་ལྟ་བུར་ཞི་བ་དང་། །སྦྱིན་དང་ཚུལ་ཁྲིམས་ལ་དགའ་བ། གཙོ་བོ་གང་དུ་མཐོང་པར་འགྱུར། རྒྱ་མཚོ་བཞིན་དུ་ཟབ་གྱུར་ཅིང་། རི་རབ་ལྟ་བུར་མི་གཡོ་བ། །འཇིག་རྟེན་ཀུན་གྱི་གཙོ་གྱུར་པ། །ཆོས་ཀྱི་རྒྱལ་པོ་གང་ན་བཞུགས། །འཇིགས་ཤིང་སྐྲག་པ་རྣམས་ཀྱིས་སྐྱབས། །སློང་པ་རྣམས་ཀྱི་སྒྲོན་བྱའི་མཆོག །སྙན་སྨྲ་སྦྱིན་དང་ཚུལ་ཁྲིམས་ལྡན། །བདག་ཉིད་ཆེ་དེ་གང་ན་བཞུགས། །བདག་མདུན་འཆི་བདག་ཉེར་འོངས་ཀྱིས། །ཤི་བའི་ཕ་རྣམས་མྱུར་དུ་སྨྲོས། །ཐུགས་རྗེ་ཅན་དེ་མ་གཏོགས་པར། །ང་ལ་ལུས་ཕྱེད་སུ་ཞིག་གཏེར། །དེ་ལྟར་རྒྱལ་པོའི་ཀརྣ་ལམ་ནས་སྙིང་རྗེ་བ་དང་། དམན་པ་དང་ཞུམ་པའི་ཚིག་སྨྲས་ཞིང་། རིམ་གྱིས་རྒྱལ་པོ་དཔལ་གྱི་བདེའི་ཕོ་བྲང་སྒོར་སོང་པ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱང་ངོ་མཚར་སྐྱེས་ནས་རྗེས་བཞིན་འབྲངས་སོ། །དེའི་ཚེ་འཛམ་བུའི་གླིང་ཀུན་ཏུ་ལྟས་ཀྱི། ཁྱད་པར་འདི་ལྟ་བུ་ཡང་བྱུང་བར་གྱུར་ཏེ། དེ་མཐོང་ནས་དེར་གནས་པའི་རིའི་དྲང་སྲོང་གིས་ཚིགས་སུ་བཅད་པ། །མིའམ་ཅིའི་ཚོགས་དང་ནགས་ཀྱི་ལྷ་རྣམས་སུ། །ནམ་མཁར་གནས་པའི་ལྷ་རྣམས་ཀྱང་ནི་སྨྲ་བར་བྱེད། །ཟླ་བ་འོད་མེད་ཉི་མ་མུན་པ་སེལ་མི་བྱེད། དེ་རིང་རོལ་མོ་བརྡུངས་ན་སྒྲ་མི་གྲགས་པར་འགྱུར། །ཤིང་ཚོགས་མེ་ཏོག་འབྲས་བུར་ལྡན་པ་འདི་དག་ཀྱང་། །རླུང་གིས་བསྐྱོད་པ་བཞིན་དུ་ས་ལ་ལྷུང་གྱུར་ལ། །ཇི་ལྟར་འཇིགས་ཤིང་རྩུབ་པའི་སྒྲ་ཀུན་གྲགས་པས་ན། །གྲོང་ཁྱེར་དག་དུ་སྡུག་བསྔལ་མི་ཟད་འབྱུང་བར་གསལ། །ཨ་རིཥྚ་ནས་སྐྱེ་བོ་འདི་ཀུན་སྡུག་བསྔལ་ཞིང་། །མྱ་ངན་ཟུག་རྔུས་བཅོམ་ནས་སྒྲ་རྣམས་སོ་སོར་སྒྲོགས། །ཟླ་བའི་བཞིན་ལྡན་བུད་མེད་འདི་རྣམས་སྨྲེ་སྔགས་འབྱིན། །ནམ་མཁར་གནས་པའི་སྤྲིན་འདིའང་ཆུ་མེད་པར་སྒྲ་སྒྲོགས། །ས་ལ་གནས་པའི་ཆུ་རྣམས་ཀྱང་ནི་སྐམས་པར་གྱུར། །རྨ་བྱ་རྣམས་ནི་ནགས་མེས་བཅོམ་ཞིང་སྒྲ་སྒྲོགས་ཏེ། །དེ་བས་འདིར་ནི་རྒྱལ་པོའི་ཕོ་བྲང་ཉེས་པ་འབྱུང་། དེ་ནས་བྱང་ཆུབ་སེམས་དཔའ་སྟེང་གི་ཁང་བཟང་གི་གཞི་ལ་གནས་པས། སྐྱེ་བོའི་ཚོགས་ཆེན་པོའི་ཆོ་ངེའི་སྒྲ་ཐོས་པ་དང་། རིངས་པ་རིངས་པར་རིན་པོ་ཆེ་ལས་བྱས་པའི་ཁང་བཟང་ལས་བབས་ནས་སེང་གེའི་ཁྲི་ཆེན་པོ་ལ་འདུག་ཏེ། ཤིན་ཏུ་བཏབ་པས་ཤེས་ལྡན་དག འདི་ཅི་ཡིན་འདི་ཅི་ཡིན་ཞེས་དྲིས་སོ། །སྐབས་དེར་བརྒྱ་བྱིན་ནད་པའི་གཟུགས་སུ་བསྒྱུར་བ་དེ་བྲམ་ཟེའི་ཁྱེའུ་བཞི་པོ་དེས་བཏེག་ཅིང་རྒྱལ་པོའི་མདུན་དུ་བཞག་པ་དང་དེ་ཁྲི་ལ་བསྐྱོན་པ་ལུས་ཀྱི་ཕྱེད་བཅད་པ་དེ་ལས་ཁྲག་ཀུན་ནས་འཛག་ཅིང་རབ་དུ་འཛག་པ་དང་། དེས་ལག་པ་གཡས་པ་བརྐྱང་སྟེ། སྙིང་རྗེ་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ལ་རྒྱལ་བ་དང་། །ཚེ་སྤེལ་བར་བྱས་ནས་མཆི་མས་ཁེངས་པའི་མིག་དང་། རང་གི་ལུས་ཀྱི་ཕྱེད་ཉེ་བར་སྟོན་ཅིང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འཇིག་རྟེན་ན་ཁྱེད་སྙིང་རྗེ་ཅན། །གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ། ཉིད་ཀྱི་སྐུའི་ཕྱེད་ཙམ་བས། །གཙོ་བོ་བདག་ནི་བསྐྱབ་དུ་གསོལ། །དེ་ནས་དེ་སྐད་ཅེས་ཐོས་པ་དང་། །བློན་པོ་ཆེན་པོའི་མཆོག་བློ་གྲོས་ཆེན་པོས་སྨྲས་པ། ལྷ་འདི་མི་མ་ལགས་ཀྱི་ཤ་ཟའམ་ཤ་ཟས་བྱིན་གྱིས་རླབས་པར་གྱུར་པ་ཞིག་སྟེ། མི་ནི་རྐེད་པ་བཅད་པ་འཚོ་ཞིང་སྔོན་གྱི་ལྟར་གནས་པ་བཞིན་དུ་ཚིག་དུ་སྨྲ་བ་ནི་མི་སྲིད་དོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། ཁྱེད་ཅག་རྣམས་མ་འཇིགས་ཤིག །ང་ནི་ཤ་ཟ་མ་ཡིན་གྱི། གཞན་དུ་ན་ང་ནི་བྲམ་ཟེ་ཡིན་གྱི། དབུལ་བས་བདག་གི་བུ་དང་ཆུང་མ་བཞག་ཏེ། ནོར་གྱི་བསམ་པས་རྒྱལ་པོ་དཔལ་གྱི་སྡེའི་ཐད་དུ་ཆས་ནས་རིམ་གྱིས་འོངས་པ་ན། རྒྱལ་པོའི་ཕོ་བྲང་འདིར་ཉི་མ་ནུབ་ནས་ཕྱིན་པ་དང་། གྲོང་ཁྱེར་གྱི་སྒོ་རྣམས་བཅད་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་དང་ཧ་ཅང་མི་རིང་པ་ན་བསོད་ནམས་ཁང་པ་ཡོད་པར་བདག་ཉེ་བར་ཏེ་ནུབ་མོ་གནས་པ་ན། ལམ་གྱིས་དུབ་པས་གཉིད་མཐུག་པོས་ནོན་པ་དང་། སྔོན་གྱི་ལས་ཀྱི་ཉེས་པས་ནུབ་མོ་གཅན་གཟན་སྟག་འོངས་ནས་བདག་གི་ལུས་ཀྱི་ཕྱེད་སོག་ལེ་ལྟ་བུའི་མཆེ་བ་ཤིན་ཏུ་རྣོན་པོས་བཅད་ནས་ཁྱེར་ཏེ་སོང་ངོ་། །དེར་བདག་ཚོར་བ་དྲག་པོས་ཀུན་ཏུ་བཅོམ་ནས་གཉིད་སད་པ་དང་། །ཇི་ཙམ་ན་བདག་གི་ལུས་ཀྱི་རོ་སྨད་ཕྱེད་པོ་སྟག་གིས་སོག་ལེས་དྲས་པ་ལྟར་བཅད་པས་བདག་ཚོར་བ་དྲག་པོས་ཀུན་ཏུ་བཅོམ་ཀྱང་སྔོན་བྱས་པའི་མི་དགེ་བའི་ལས་རྣམས་ཀྱིས་ཀུན་ཏུ་བཟུང་པས་ཤི་བར་ནི་མ་གྱུར་གྱིས། གཅིག་ཏུ་སྡུག་བསྔལ་བ་དྲག་པོ་རྩུབ་པ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ཞིང་ཉམས་ཐག་པའི་ང་རོས་སྨྲེ་སྔགས་འདོན་པར་གྱུར་ཏེ། བདག་དེ་ལྟར་ཉམས་ཐག་པའི་སྨྲེ་སྔགས་ཐོས་པ་དང་ནམ་མཁའི་དཀྱིལ་ན་གནས་པའི་ལྷ་གཞན་གྱིས་བདག་དབུགས་དབྱུང་པའི་ཕྱིར་སྨྲས་པ། མ་འཇིགས་མ་འཇིགས་བྲམ་ཟེ་མཆོག །ཁྱོད་ཀྱི་ཚེ་ནི་རིང་བར་མཐོང་། །གྲོང་ཁྱེར་ཨ་རིཥྚར་མྱུར་སོང་། །ཁྱོད་ནི་ལེགས་གསལ་དག་དུ་འགྱུར། །དེ་ནས་ཀུན་སྡེར་རྒྱལ་པོ་ནི། །དཔལ་གྱི་སྡེ་ཞེས་རྣམས་གྲགས་པ། །དེའི་ལུས་ཀྱི་ཕྱེད་བླངས་ན། །དེ་ནི་ངེས་པར་ཁྱེད་ལ་སྟེར། ཞེས་སྨྲས་ནས་ལྷ་མོ་དེ་ཉིད་མི་སྣང་པར་གྱུར་ཏོ། །དེ་ནས་བདག་གིས་ལྷ་མོའི་ཚིག་ཐོས་པ་དང་། འཚོ་བར་རེ་བ་ཀུན་ཏུ་སྐྱེས་ཏེ། ཚོར་བའང་ཆུང་བར་གྱུར་ཏོ། །དེ་ནས་བདག་གི་ལུས་ཀྱི་ཕྱེད་རོ་སྨད་མེད་པ་ལངས་ཀྱང་མ་ནུས་ན། འགྲོ་བར་ལྟ་ག་ལ་ནུས་སྙམ་ནས་ཡང་ཡིད་མུག་པར་གྱུར་པ་དང་། སྟེས་དབང་གིས་ཉི་མ་ཤར་བའི་ཚེ་གཉེན་འདི་བཞི་འོངས་པར་གྱུར་ཏོ། །འདི་དག་ཀྱང་བདག་ཉམས་ང་བར་ཞུགས་པ་མཐོང་པ་དང་། འདི་འཆི་བ་ཉིད་དོ་སྙམ་ནས་ངུ་བར་གྱུར་ཏོ། །དེ་ནས་བདག་གིས་དེ་རྣམས་ལ་དབུགས་དབྱུང་པའི་ཕྱིར་ལྷ་མོའི་ཚིག་གི་རྒྱས་པར་སྨྲས་སོ། །དེ་ནས་བདག་འདི་རྣམས་ཀྱིས་ཁྲི་ལ་བསྐྱོན་ཅིང་འདིར་ཁྱེར་ཏེ་འོངས་སོ་ཞེས་སྨྲས་ནས་གདོང་མཆི་མའི་རླབས་ཀྱིས་གང་བ་ལྟ་བུར་བདག་ཉིད་ཉེ་བར་སྟོན་ཅིང་སྨྲས་པ། བྱང་ཆུབ་སེམས་དཔའ་དགེ་མཆོག་ཆོས་ལ་གནས། ཐམས་ཅད་མཁྱེན་ཉིད་མཉམ་པ་མེད་བཞེད་ན། །བདག་ལ་སྐུ་ཕྱེད་འདི་སྩོལ་དེ་རིང་ནི། །ཤིན་ཏུ་རྙེད་དཀའི་སྲོག་ནི་ཐོབ་པར་མཛོད། །རྒྱལ་པོ་ཆེན་པོའི་སྐུའི་ཕྱེད། །ཤིན་ཏུ་བཏང་དཀའ་བདག་སྩོལ་ལ། །ཆོས་དང་དེ་བཞིན་གྲགས་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པར་མཛོད། །དེ་ནས་ཚིག་འདི་ཐོས་པ་དང་། བྱང་ཆུབ་སེམས་དཔའ་སྔོན་གོམས་པས་དགེ་བའི་བག་ཆགས་བློ་ལ་བསྒོས་པས་སྙིང་རྗེས་སེམས་འདར་ཞིང་སློང་པ་དེ་དབུགས་དབྱུང་པའི་ཕྱིར་སྨྲས་པ་བྲམ་ཟེ་ཆེན་པོ་མ་འཇིགས་ཤིག་དང་རིང་པོ་མི་ཐོགས་པར་ལུས་འདི་རྫོགས་པར་འགྱུར་བ་དང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་གྱིས། གཡོ་མེད་པའི་སེམས་ཀྱིས་ཁྱོད་ལ་ལུས་ཀྱི་ཕྱེད་སྦྱིན་པར་བྱའོ་ཞེས་སྨྲས་ནས། བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་དང་། ཚིགས་སུ་བཅད་པ་དེ་སྨྲས་པ། ཀྱེ་མ་རང་གི་ལུས་སློང་པ་ཡུན་མི་རིང་པར་ལྟ་བར་བྱ། ང་ཡི་ཡན་ལག་བཏང་པ་ནི། །དཀའ་བར་གྱུར་པ་མ་ཡིན་ནོ། །ཇི་ལྟར་ཡབ་ཀྱི་བུ་གཅིག་ང་ཡིན་ཀྱང་། །དེ་ལྟ་ན་ཡང་ངའི་ལུས་འདི་ཁྱེར། །ལུས་འདི་བྱིན་པས་བྱང་ཆུབ་རྙེད་གྱུར་ཅིང་། །འགྲོ་འདི་ཤིན་ཏུ་སྡུག་བསྔལ་ལས་གྲོལ་ཤོག །དེ་སྐད་ཅེས་སྨྲས་ནས། བྱང་ཆུབ་སེམས་དཔས་སྐྱེས་བུ་གཞན་ཞིག་ལ་སྨྲས་པ། ཀྱེ་རིངས་པར་སོང་ལ་སོག་ལེ་ཤིན་དུ་རྣོ་བ་ཁྱེར་ལ་ཤོག་ཅིག །དེ་བརྒྱ་བྱིན་གྱིས་རྨོངས་པར་བྱས་པས་རིངས་པར་སོག་ལེ་ཁྱེར་ཏེ་འོངས་ནས་སྨྲས་པ། ལྷ་སོག་ལེ་འཚལ་ཏེ་མཆིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློན་པོ་རྣམས་ལ་སྨྲས་པ། ཁྱེད་ཅག་གིས་ཇི་སྲིད་དུ་བྲམ་ཟེ་འདི་ཤི་བར་མ་གྱུར་བར་ངའི་ལུས་འདི་སོག་ལེས་ཆོད་ཅིག་དང་བྲམ་ཟེ་འདི་ལ་སྦྱིན་པར་བྱའོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་སྐྱེ་བོའི་ཚོགས་ཐམས་ཅད་སྡུག་བསྔལ་བར་གྱུར་ཏེ། མྱ་ངན་གྱི་ཅ་ཅོ་འབྱིན་ཏོ། བློན་པོ་བློ་གྲོས་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྐུ་ལ་ཆགས་པ་མེད་པར་གཏོང་པར་རིག་ནས་མཆོག་དུ་ཡིད་གདུངས་པའི་མཆི་མ་ཅན་གྱིས་དེའི་རྐང་པ་ལ་གཏུགས་ཏེ་བཟློག་པའི་ཕྱིར་སྨྲས་པ། ལྷ་འདི་ནི་མི་སྲིད་དེ། འདི་ལྟ་སྟེ། ལུས་སོག་ལེས་བཅད་པའི་ལུས་ནི་ངེས་པར་འཆི་བར་འགྱུར་ཏེ། འཆི་ན་ལས་སུ་མི་རུང་པ་ནི་བྲམ་ཟེ་ལ་ཡང་བྱས་པ་དོན་མ་མཆིས་པར་འགྱུར་རོ། །གང་གཞན་གྱི་ཡན་ལག་བཅད་པ་གཞན་གྱི་ཡན་ལག་ལ་སྦྱོར་བར་གྱུར་པ་འདི་ཡང་གནས་མ་མཆིས་སོ། །དེ་ལྟ་ན་ལྷའི་ངལ་བའང་དོན་མ་མཆིས་པར་གྱུར་རོ། །དེ་ལྟ་བས་ན་ལྷ་བཟོད་པར་མཛོད་ལ། བདག་ཉིད་དོན་མ་མཆིས་པར་གསོད་པར་མི་མཛད་ཅིང་ཉིད་ཀྱི་སྲོག་ཡོངས་སུ་མི་གཏོང་བར་གསོལ། དེ་ནས་བྱང་ཆུབ་སེམས་དཔས་བློན་པོ་དབུགས་དབྱུང་པའི་ཕྱིར་སྨྲས་པ། བློ་གྲོས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་གེགས་མ་བྱེད་ཅིག །འཇིག་རྟེན་ན་ནི་ཆོས་ཉིད་འདི་ཡིན་ཏེ། འདུ་བ་གང་ཡོད་མཐའ་ནི་འབྲལ་བར་འགྱུར། །ཚེ་ཡང་གློག་བཞིན་འགྱུར་ཞིང་མི་བརྟན་ན། །དུས་རིང་འགྲོ་ལ་ཕན་པར་བྱེད་པ་ཡི། སྦྱིན་ལ་མཁས་པས་སུ་ཞིག་གེགས་བྱེད་འགྱུར། །དེ་བས་བློ་གྲོས་ཆེན་པོ་ཡིད་རང་བྱོས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་སྦྱིན་པ་ལ་མི་ལྡོག་པར་ཤེས་ནས་བློ་གྲོས་ཆེན་པོ་མཆོག་ཏུ་གདུངས་པའི་སེམས་ཀྱིས་མཆི་མ་ཆར་བཞིན་དུ་ཕབ་ཅིང་བྱང་ཆུབ་སེམས་དཔའི་ཞབས་ལ་འཇུས་ཏེ། སྨྲེ་བསྔགས་འདོན་པར་གྱུར་པ། ཀྱི་ཧུད་འཛམ་གླིང་སྐྱོང་བྱེད་པ། །སྙིང་རྗེའི་བདག་ཉིད་ས་བདག་ཆེ། འདི་ནི་འཇིག་རྟེན་བསྐལ་ཉམས་པས། སླན་ཆད་མངོན་དུ་མཐོང་མི་འགྱུར། །བྲམ་ཟེ་འདི་ཉིད་གཅིག་པུའི་ཕྱིར། །འཇིག་རྟེན་ཐམས་ཅད་འདོར་བར་བྱེད། །དེ་སྐད་ཅེས་སྨྲས་ནས་སའི་སྟེང་དུ་འགྱེལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེས་བུ་ཤིང་མཁན་གཉིས་ལ་སྨྲས་པ། བཞིན་བཟང་དག་འདིར་ངའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སོག་ལེས་ངའི་ལུས་འདི་མྱུར་དུ་ཆོད་ཅིག །བྲམ་ཟེ་འདིའི་རེ་བ་རྫོགས་པར་བྱའོ། །ཤིང་མཁན་དེ་གཉིས་མཆོག་དུ་སྡུག་བསྔལ་བས་བྱང་ཆུབ་སེམས་དཔའི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ལྷ་འདི་སྐད་གསུངས་པ་མི་རིགས་ཏེ། ས་བདག་ཁྱེད་ལ་གནོད་པ་དག །གལ་ཏེ་གཞན་གྱིས་བྱས་ན་ཡང་། །བདག་ཅག་མཐུ་ཡིས་བཟློག་རིགས་ན། །གནོད་པའི་ཚུལ་འདི་ཇི་ལྟར་བགྱི། །ཡང་བྱང་ཆུབ་སེམས་དཔས་སྨྲས་པ། བུ་དག་འདི་ནི་ང་ལ་གནོད་པ་བྱེད་པ་མ་ཡིན་ནོ། །སྙིང་རྗེའི་བདག་ཉིད་བརྟན་པ་རྣམས། །གཞན་ལ་ཕན་པར་བྱེད་པ་ན། །དེའི་སྤྱོད་ལ་གྲོགས་བྱེད་པ། འདི་ནི་དམ་པའི་སྤྱོད་པའོ། །དེ་བས་ན་ཅི་ནས་ངའི་ངག་བཞིན་དུ་བྱོས་ཤིག་ཞེས་སྨྲས་ཏེ། ཡང་བདག་ཉིད་ཁྲི་ལས་བབས་ནས་སྐྱེ་བོའི་ཚོགས་དང་ལྷ་དང་ཀླུ་གེགས་བྱེད་པ་དེ་དག་ཐབས་དང་ཚིག་སྙན་པོ་དེ་དག་གིས་སོ་སོར་བཟློག་ནས་སྨོན་ལམ་བཏབ་པའོ། །ལྷ་དང་མི་དང་གནོད་སྦྱིན་ཚོགས་རྣམས་ཉོན། །གང་གིས་བདག་ནི་འདི་ལྟར་འབད་བྱེད་པ། །ལྷ་དང་མི་དང་བརྒྱ་བྱིན་ཐོབ་ཕྱིར་མིན། །ཚངས་པ འམ་རང་ཉིད་ཞི་བ་འདོད་མིན་ཏེ། འགྲོ་བ་སྡུག་བསྔལ་བཅས་པ་བསྐྱབ་ཕྱིར་དང་། །བླ་མེད་བྱང་ཆུབ་ཡོངས་སུ་རྫོགས་ཕྱིར་རོ། །དེ་བས་ཅི་ནས་འགྲོ་བའི་སྡུག་བསྔལ་དག །སྐྱབས་ནས་སངས་རྒྱས་མཆོག་ཉིད་ཐོབ་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་ས་ལ་བབ་ཏེ། ཤིང་མཁན་ལ་སྨྲས་པ། ཚུར་ཤོག་བྲམ་ཟེ་འདི་དུས་ལ་མ་བྱས་པ་ལ་ངའི་ལུས་འདི་སོག་ལེས་ལེགས་པར་ཆོད་ལ་བྱིན་ཅིག་ཅེས་སྨྲས་སོ། །དེ་ནས་བཙུན་མོའི་འཁོར་རྣམས་ཀྱིས་དེ་ལྟ་བུའི་རྣམ་པ་དེ་མཐོང་ནས་བརྟབས་ཅིག་ཏུ་བྱང་ཆུབ་སེམས་དཔའི་རྐང་པ་ལ་གཏུགས་ནས། སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་བརྩམས་པ། ཀྱེ་ཧུད་འཛམ་བུའི་གླིང་ཡོངས་སུ་སྐྱོང་པར་མཛད་པ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་སྙིང་རྗེ་ཆེན་པོ་ཡོན་ཏན་དུ་མ་དང་ལྡན་པའི་ལྷ་ལ་དེང་ཉིད་དུ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ནི་སྡུག་བསྔལ་ལོ། །དེང་འདིར་བདག་ཅག་ལྷ་དང་ལྷན་ཅིག་པ་ལས་ཐ་དད་པར་གྱུར་ཏེ། སོ་སོ་བ་དང་བྱེ་བ་དང་བྲལ་བར་གྱུར་ཏོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། ལྷ་བཟོད་པར་མཛོད་ཅིག་ཉིད་ཀྱི་སྲོག་མེད་པར་མཛད་པ་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་མགོན་མེད་པར་མི་མཛད་དུ་གསོལ། ལྷ་བཙུན་མོའི་འཁོར་རྣམས་དང་། མཛོད་དང་བང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཞིང་གང་པ་ལ་གཟིགས་སུ་གསོལ། འཛམ་བུའི་གླིང་གི་སྐྱེ་བོ འི་ཚོགས་རྟག་ཏུ་རབ་ཏུ་དགའ་བ་རྣམ་པ་སྣ་ཚོགས་པ་ལའང་གཟིགས་སུ་གསོལ། ལྷ་རྣམས་ཀྱིས་དགའ་བའི་ཚལ་གྱི་སྐྱེད་མོས་ཚལ་ལྟ་བུའི་གྲོང་ཁྱེར་ཨ་རིཥྚ་བཟའ་བ་མང་པོ་ཕུན་སུམ་ཚོགས་པར་སྐྱེ་བོ་རབ་ཏུ་དགའ་བ་རྣམས་བསྟན་པ་ལའང་གཟིགས་སུ་གསོལ། མགོན་པོ་ཁྱོད་ཀྱི་རྣམ་ཀུན་ཏུ། །སྲས་ལྟར་ཡོངས་སུ་བསྐྱབ་པ་རྣམས། །ཁྱོད་བྲལ་མེ་ཡིས་ངེས་གདུངས་ནས། །ལུས་ཅན་ཇི་ལྟར་གནས་པར་འགྱུར། །ཁྱོད་དང་བྲལ་ན་བདག་ཅག་ཀུན། །ཤིན་ཏུ་འཆི་བདག་དབང་ཏུ་འགྲོ། མགོན་པོ་ཁྱོད་དང་རྣམས་བྲལ་ན། །བདག་ཅག་འཚོ་བ་མི་ནུས་སོ། །བཙུན་མོ་མྱ་ངན་གྱིས་གདུངས་དང་། །སེམས་ཅན་ཅིག་ཏུ་སྡུག་བསྔལ་ན། །ཐུགས་རྗེ་ལྡན་པ་ཐུགས་རྗེ་ཡིས། མི་དབང་དེ་ནི་གཟིགས་སུ་གསོལ། །སེམས་ཅན་རྣམས་ལ་གཉེས་ཤིང་ལྷ། །བཟོད་མཛོད་སྲོག་ནི་མི་བཏང་གསོལ། །མགོན་པོ་དཔའ་བོ་ཁྱོད་གཤེགས་ན། །སུ་ཞིག་འཇིག་རྟེན་སྐྱོང་པར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་སྙིང་རྗེ་རྗེ་སྐད་དུ་དེ་ལྟར་སྨྲེ་སྔགས་འདོན་པ་ཐོས་པ་དང་། སྙིང་རྗེས་གདུངས་པའི་ཡིད་ཀྱིས། དེ་རྣམས་དབུགས་དབྱུང་པའི་ཕྱིར་སྨྲས་པ། ཁྱེད་ཅག་རྣམས་ཀྱིས་མྱ་ངན་གྱིས་ཆོག་གིས། ཤིན་ཏུ་ཡུན་རིང་པོར་སྡུག་པ་དང་འཕྲད་པར་འགྱུར་བའང་། ངེས་པར་ཐ་མར་བྲལ་བའི་མཐའ་ཉིད་དུ་གྱུར་པ་འདི་ནི་འཇིག་རྟེན་གྱི་རང་བཞིན་ཡིན་ཏེ། ཁྱེད་ཅག་རྣམས་ཀྱིས་རྟག་ཏུ་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག་ཅེས་སྨྲས་ནས། ཤིང་མཁན་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་དག་རིངས་པར་ཤོག་ལ་ལུས་ཡུན་རིང་པོ་མི་ཐོགས་པར་ཆོད་ཅིག །ཅེས་སྨྲས་པ་ཙམ་གྱིས་དེ་གཉིས་ཀྱང་བརྒྱ་བྱིན་གྱིས་ཀུན་ཏུ་རྨོངས་པར་བྱས་ནས། བྱང་ཆུབ་སེམས་དཔའི་ལུས་ལྟེ་བ་མན་ཆད་ལ་ཕྲལ་དུ་སོག་ལེ་བཏབ་ཏེ། དེ་ནས་རིང་པོ་མི་ཐོགས་པར་མཆོད་པར་འགྱུར་རོ། །དེ་ནས་བློན་པོ་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་དཀའ་ཞིང་བཟོད་པར་དཀའ་བའི་སྡུག་བསྔལ་མི་བཟད་པའི་སྡུག་བསྔལ་མྱ་ངན་དྲག་པོས་ཀུན་ཏུ་སྐྲག་པའི་ཡིད་ཀྱིས་བརྟབས་བག་ཏུ་ཤིང་མཁན་གཉིས་བཟློག་ཅིང་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཧུད་ཀྱེ་ཧུད། ཁྱེད་གཉིས་ཀྱི་རྩོལ་བ་འདི་ནི་ཅི་ཞིག་ཅི་ཞིག །འདི་ལྟར་ཁྱོད་ཅག་གཉིས་ཀྱིས་བྱམས་པའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་ཤིང་ཡོན་ཏན་དུ་མ་དང་ལྡན་པ་འཛམ་བུའི་གླིང་ཡོངས་སུ་སྐྱོང་པ་སྐྱོན་མེད་པ་གནོད་པ་མི་བྱེད་པ་འདི་ཇི་ལྟར་གསོད། མི་གཏི་མུག་ཅན་ཁྱོད་ཅག་འདི་ལྟ་བུའི་ཆོས་ཀྱི་རྒྱལ་པོ་ཇི་ལྟར་གསོད་པར་སྤྲོ། ཁྱོད་ཅག་གཉིས་ས་ཆེན་པོའི་ལྷ་མོ་འདིས་ཇི་ལྟར་མི་འཇིགས་ཁྱོད་ཅག་ལྷ་དང་ཀླུ་དང་གནོད་སྦྱིན་དང་། ལྷ་མ་ཡིན་དང་དྲི་ཟ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་རྡོ་རྗེ་རྩེ་ཅིག་པ་དང་། འཁོར་ལོ་དང་མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་རྣམས་ཀྱིས་ཅི་ལྟར་མ་བསྣུན། ཁྱོད་ཅག་འདི་ལྟ་བུའི་འཕགས་པ་ལ་ཚུལ་མ་ཡིན་པའི་ལས་བྱེད་ན་ལུས་རྣམས་པ་སྟོང་དུ་ཇི་ལྟར་མ་གླགས། ཁྱེད་ཅག་གཉིས་རང་གི་ལུས་ཀྱི་ཕྲལ་དུ་དམྱལ་བར་ཇི་ལྟ་བུ་མ་ལྷུང་མི་གཏི་མུག་ཅན་ཁྱེད་གཉིས་བདག་ཉིད་ཆེན་པོ་འདིས་བུ་བཞིན་དུ་མ་བསྐྱངས་སམ་ཞེས་འདི་དང་གཞན་ཡང་རྣམ་པ་མང་པོ་སྨྲས་ནས། ཀྱེ་ཧུད་ལྷ་ཞེས་བློན་པོ་ཆེན་པོ་བློ་གྲོས་ཆེན་པོ་རིངས་པར་སྟན་ལས་ལངས་ཏེ། ལག་པ་གཉིས་ཀྱིས་སོག་ལེས་བཟུང་ནས་བྱང་ཆུབ་སེམས་དཔའི་ལུས་ལ་མཆི་མ་འཛགས་པས་རླན་པར་བྱས་ཏེ་བཟློག་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞུམ་པའི་ཡིད་དེ་ལ་དབུགས་དབྱུང་པའི་ཕྱིར་སྨྲས་པ། བུ་ཞོག་ཞོག་མྱ་ངན་མ་བྱེད་ཅིག །སྡུག་པ་དང་། ཕངས་པ་དང་། ཡིད་དུ་འོང་པ་དང་མངོན་པར་དགའ་བ་ཐམས་ཅད་ངེས་པ་ཐ་དད་པར་འགྱུར་ཏེ། སོ་སོ་བ་དང་བྱེ་བ་དང་འབྲལ་བར་འགྱུར་རོ། །གཞན་ཡང་བུ་བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །བསླང་པའི་མཐའ་ནི་འགྱེལ་བར་འགྱུར། འཕྲད་པའི་མཐའ་ནི་བྲལ་བ་ཏེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །དེའི་ཕྱིར་ལུས་སློང་པ་ལ་བར་ཆད་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་སྔོན་བྱུང་བ་ན་ངའི་ལུས་སློང་པ་ལ་ལྷ་མོ་ཞིག་གིས་བར་ཆད་བྱས་ཏེ། དེས་ངའི་བླ་ན་མེད་པ་བྱང་ཆུབ་ཀྱི་བར་ཆད་བྱས་ལ་བདག་ཉིད་ཀྱང་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་སོ། །གལ་ཏེ་ངའི་ལུས་སློང་པ་ལ་ལྷ་མོ་རྣམས་ཀྱིས་བར་ཆད་མ་བྱས་པར་གྱུར་ན་ནི་ཡུན་རིང་པོ་མི་ཐོགས་པར་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བུ་གཞན་ཡང་ངས་ཕྱོགས་འདི་ཉིད་དུ་སྟག་མོ་ཞིག་བཀྲེས་པའི་སྡུག་བསྔལ་གྱི་ཚོར་བ་མང་པོས་ལུས་གདུངས་པས། བུ་ཟ་འདོད་པར་མཐོང་པ་དང་། མཆོག་ཏུ་སྙིང་རྗེའི་དབང་དུ་སོང་པའི་ཡིད་ཀྱིས་ཡོངས་སུ། སྐྱབས་པའི་ཕྱིར་དེ་མ་ཐག་བདག་ཉིད་ཡོངས་སུ་བཏང་པས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི་ཅུ་རུ་ཞུགས་པ་ཕྱིར་ལུས་པར་བྱས་སོ། །གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འདོད་པར་བྱ་བའི་ཕྱིར་སའི་ཕྱོགས་འདི་ཉིད་དུ་རྐང་པ་དང་ལག་པ་དང་བུ་དང་ཆུང་མ་སྟོང་ཕྲག་ཡོངས་སུ་བཏང་པ་བྱས་ནའང་སུས་ཀྱང་བར་ཆད་མ་བྱས་སོ། །དེའི་ཕྱིར་འདི་ལྟར་རིག་པར་བྱ་ཏེ། ངའི་ལུས་སློང་པ་ལ་ཁྱེད་བར་ཆད་མ་བྱེད་ཅིག །དེ་ནས་བློན་པོ་ཆེན་པོས་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་ཤེས་ནས་བྱང་ཆུབ་སེམས་དཔའ་ལ་དད་པ་ཆེན་པོ་སྐྱེས་ཏེ། ཅང་མི་སྨྲ་བར་གྱུར་ཅིང་མཆི་མའི་རྦ་རླབས་ཀྱི་ཡང་དང་ཡང་དུ་གདོང་ཁེབས་བཞིན་དུ་བསམས་པ། ཀྱེ་ཧུད་འཇིག་རྟེན་འདི་དག་ནི། །བསྐལ་པ་ངན་ཏེ་མྱུར་བ་རུ། །ཆོས་ཀྱི་རྒྱལ་པོ་བོར་བར་འགྱུར། །ཆོས་ཀྱི་སྒྲོན་མེ་ཤི་བར་གྱུར། །ཆོས་ཀྱི་རྔ་ཡང་ཆག་པར་གྱུར། །ཆོས་ཀྱི་རྒྱ་མཚོ་སྐམ་པར་གྱུར། །ཆོས་ཀྱི་རི་བོ་སྙིལ་བར་གྱུར། །ཆོས་ཀྱི་གྲོང་ཁྱེར་ཆོམས་པར་གྱུར། །ཆོས་ཀྱི་གྲུ་ཡང་ཞིག་པར་གྱུར། ཀྱེ་ཧུད་ཤིན་ཏུ་སྡུག་བསྔལ་ལོ། །འདི་ནི་འཇིག་རྟེན་ཀུན་གྱི་ཕ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །དུས་ཀྱི་འཁོར་ལོས་བཅོམ་ནས་ནི། རྒྱལ་པོ་ཆེན་པོ་མེད་པར་གྱུར། །གང་ཕྱིར་མི་ཟད་དུས་འདིར་ནི། བདག་གི་ལུས་ཀྱི་སྙིང་འདི་ནི། །རྣམ་པ་སྟོང་དུ་མ་གས་པ། །སྙིང་རྗེ་ཆེན་པོ་བཞིན་གྱུར་ཏམ། །ཤིས་པའི་དུས་ནི་ཤིན་དུ་འདས། །མི་ཟད་དུས་ནི་ཉེ་བར་གནས། །ཤེས་རབ་ལྡན་མིན་མང་པོ་དང་། །འཇིག་རྟེན་དག་ཀྱང་རླག་པར་འགྱུར། ཇི་ལྟར་ཇི་ལྟར་མཐོང་གྱུར་པའི། །ས་ཡི་མཚན་མ་དུ་མ་ཡིས། །མ་ངེས་ཡུན་ནི་མ་རིང་པར། །རྒྱལ་པོར་སེང་གེ་མེད་པ་འགྱུར། དྲི་མེད་མེ་ཡི་ཉི་མ་ནི། །ཤིན་དུ་བསྟེན་དཀའ་དེ་ནུབ་འགྱུར། ཡུན་མི་རིང་པར་འཇིག་རྟེན་འདིར། །མི་སྣང་བ་ནི་འབྱུང་པར་གྱུར། །སེམས་ཅན་ཀུན་ལ་ཕན་པ་ཡི། །རྒྱལ་པོ་ཆེན་པོ་འདི་མེད་དེ། །ཕྱི་ནས་འཇིག་རྟེན་མི་སྣང་པ། །སུ་ཞིག་འཇིག་རྟེན་སྐྱོང་པར་གྱུར། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཇི་ལྟ་ཇི་ལྟར་རྨོངས་པར་བྱས་པ་དེ་ལྟ་དེ་ལྟར་མྱ་ངན་ཆུང་པར་གྱུར་ནས་སོག་ལེ་བཏབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་མཁན་དེ་གཉིས་ལ། །བཞིན་བཟང་དག་ཁྱེད་ཅག་གཉིས་ཀྱི་སོག་ལེས་མྱུར་དུ་དྲོས་ལ་ངའི་ལུས་ཀྱི་ཕྱེད་རོ་སྨད་ཆོད་ཅིག་བྲམ་ཟེ་འདི་ཤི་བར་གྱུར་ན་ངའི་ངལ་བ་འབྲས་བུ་མེད་པར་འགྱུར་དྲང་། དེ་ནས་ཤིང་མཁན་དེ་གཉིས་བརྒྱ་བྱིན་གྱི་མཐུས་ཀུན་ཏུ་རྨོངས་པས་ཉམས་ཐག་པའི་ང་རོས་ཆོ་ངེས་འདེབས་ཤིང་། སྐྱེ་བོའི་ཚོགས་ཆེན་པོས་བཀག་བཞིན་དུ་བྱང་ཆུབ་སེམས་དཔའ་རང་གི་ལུས་ལ་སོག་ལེས་འབྲེག་པར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཡིད་ལ་སྨོན་ཞིང་། དགའ་བའི་ཡིད་ཀྱིས་སློང་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ་ཞེས་བསམ་ནས་ཅང་མི་སྨྲ་བར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལྟེ་བར་སོག་ལེས་བཅད་པ་ལས་ཁྲག་གི་ཚོགས་ཆེན་པོ་བབ་པར་གྱུར་ཏོ། །དེ་ནས་བློན་པོ་བློ་གྲོས་ཆེན་པོ་འདི་ལྟར་སོག་ལེས་བཅད་པའི་ཚོར་བ་དྲག་པོས་ཉེན་པའི་ཁྲག་འབབ་པར་མཐོང་པ་དང་། ལྷ་གྲོངས་པ་ནི་སྡུག་བསྔལ་ལོ་ཞེས་བསམ་ནས་རེ་ཐག་ཆད་པར་གྱུར་ཏེ། འཕྲལ་དུ་བརྒྱལ་ནས་སའི་སྟེང་དུ་འགྱེལ་བར་གྱུར་ཏོ། །ནམ་མཁའི་དཀྱིལ་ན་འདུག་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའི་ཚོགས་རྣམས་ཀྱང་། མྱ་ངན་དྲག་པོས་གདུངས་ཏེ་ངུ་བར་འགྱུར་བ་དང་། དེ་རྣམས་ཀྱིས་ངུས་པའི་མཆི་མ་ཆར་ལྟར་བབ་བོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོས་འདི་ཅི་ཞིག་ཡིན་སྙམ་ནས། སྟེང་དུ་ལྟ་བར་བརྩམས་པ་དང་། ཅི་ཙམ་ན་ལྷ་བརྒྱ་སྟོང་དུ་མ་རྣམས་ངུ་བ་མཐོང་ངོ་། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་ཤས་ཆེར་མྱ་ངན་དྲག་པོས་གདུངས་ཏེ་བྱང་ཆུབ་སེམས་དཔའ་གནས་སྐབས་འདི་ལྟ་བུར་སྡུག་བསྔལ་བར་མཐོང་ནས་ཀྱེ་ཧུད་ལྷ་གྲོངས་པ་ནི་སྡུག་བསྔལ་ལོ། །ཞེས་བསམ་ནས་ཀུན་ཏུ་རྨོངས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྲོག་ཆགས་བརྒྱ་སྟོང་དུ་མ་འདི་རྣམས་བྱང་ཆུབ་སེམས་དཔའི་མྱ་ངན་གྱིས་གདུངས་པས། ཤིན་དུ་སྙིང་རྗེ་ཞིང་ཞུམ་པ་མཐོང་པ་དང་། མྱུར་བར་སྙིང་རྗེ་བའི་ཡིད་ཀྱིས་བསམ་པ། བདག་ཉིད་ཆེ་བས་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་སྙིང་རྗེ་ཅན་ཐམས་ཅད་སྟེར་བ་འདིའི་ལུས་ལ་འདི་ལྟར་ཚོར་བ་དྲག་པོའི་ལས་ཀུན་ཏུ་སྦྱོར་བ་ནི་བཟང་པོ་མ་ཡིན་ནོ། །གཞན་དུ་ན་ད་ནི་ཇི་ལྟར་སྲོག་མི་འཇིག་པར་གྱུར་པ་དེ་ལྟར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་ཤིང་མཁན་དེ་གཉིས་སོག་ལེ་དྲུད་ཅིང་སོག་ལེ་རྣོན་པོས་ལུས་བཅད་པའི་ཚོར་བ་དྲག་པོས་གདུངས་པ་དང་། བརྟན་པའི་སྟོབས་དང་ལྡན་པས་སོང་པ་ལ་བྱམས་པའི་སེམས་བསྐྱེད་ནས་བསམ་པ། ངས་འཁོར་བའི་སྐྱོན་གྱི་རང་བཞིན་ཤེས་ནས་བརྩོན་འགྲུས་དྲག་ཅིང་། བརྟན་པ་དང་ལྡན་པས་ལུས་ཕྱོགས་ཅིག་བཅད་པ་འདི་ལས་འདི་ལྟ་བུའི་སྡུག་བསྔལ་སྐྱེ་ན། སེམས་ཅན་སྡར་མ་རྣམས་ཕལ་ཆེར་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱིས་གདུངས་པ་ན་ཤིན་ཏུ་སྡུག་བསྔལ་ལོ་ཞེས་དེ་ལྷག་པར་ཡང་སྙིང་རྗེ་ཆེན་པོའི་སེམས་སུ་གྱུར་ཏེ། ཀྱེ་མའོ་འཁོར་བ་ན་གནས་པའི་སེམས་ཅན་གྱི་སྡུག་བསྔལ་ནི། ཀྱེ་མ་མི་ཟད་པ་ཡིན་ལ། འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་བདག་གིས་སྤྲོ་བར་བྱས་ཀྱིས། སེམས་ཅན་འགའ་ཡང་སྡུག་བསྔལ་བའི་སྐལ་པ་ཅན་དུ་མ་གྱུར་ཅིག །ཅེས་སེམས་བསྐྱེད་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཚོར་བ་ཕྲལ་དུ་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བསམ་པ། ཅིའི་ཕྱིར་ངའི་ལུས་བཅད་པའི་ཚོར་བ་འགགས་པར་གྱུར། སོག་ལེས་འགའ་ཞིག་གིས་སྟོན་པར་མ་གྱུར་དྲང་། སྙམ་ནས་སོག་ལེ་དེ་ལ་བལྟས་སོ། །བལྟས་ནས་ཀྱང་མཆོག་ཏུ་ཡིད་བདེ་བར་གྱུར་ནས་འདར་བར་གྱུར་ཏོ། །འདི་ན་འཇིག་རྟེན་ཅུང་ཟད་ཙམ་གྱིས་ཀྱང་། །ཀུན་ཏུ་ཉམས་ང་སྤ་བཀོང་སྐྲག་པར་གྱུར། །སྙིང་རྗེའི་བདག་ཉིད་གཞན་གྱི་དོན་སྤྱོད་པ། །སྲིད་ན་རྨད་བྱུང་གང་དེ་མཚུངས་མེད་དོ། །དེ་ནས་བརྒྱ་བྱིན་གྱིས་ཀུན་ཏུ་རྨོངས་པར་བྱས་པའི་མི་དེ་གཉིས་ཀྱིས་སོག་ལེ་རྣོན་པོས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་རོ་སྨད་བཅད་མ་ཐག་དུ་སའི་སྟེང་དུ་བཞག་པ་དང་མགུལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རང་གི་ལུས་བཅད་པའི་སྡུག་བསྔལ་མི་སེམས་པར་རིངས་པ་ཉིད་དོ། །སྐྱེས་བུ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་དག །ཁྱེད་ཅག་གཉིས་ཀྱིས་མྱུར་དུ་ངའི་ལུས་འདི་རིངས་པར་རིངས་པར་བྲམ་ཟེའི་ལུས་ལ་སྦྱོར་ཅིག །དེ་གཉིས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །སྦྱར་བ་ཙམ་གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟར་སྐད་ཅིག་མ་དེ་ཉིད་ལ་རྨ་ཀུན་ཏུ་འབྱོར་ཅིང་མཉམ་པར་གནས་པ་དང་། མདོག་འདྲ་བར་སྣང་པར་དེ་ལྟར་བྱིན་གྱིས་བརླབས་ཏེ། སྐད་ཅིག་མ་དེ་ལ་སྟོན་ཅིང་ཡང་བྱང་ཆུབ་སེམས་དཔའ་དགའ་བར་བྱ་བའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་ནི་ཁྲི་ལས་ལངས་ཏེ། འཆག་པ་དང་ལངས་པ་དང་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟར་སློང་པ་པོའི་ལུས་ཡོངས་སུ་རྫོགས་ཤིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་པ་དང་། མཆོག་ཏུ་དགའ་བས་ཀུན་ཏུ་རྒྱས་པའི་ཡིད་ཀྱིས་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཅིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །བདག་གིས་འདི་ལྟར་འབད་པ་དོན་ཡོད་ཅིང་། །གཞན་དོན་སྤྱོད་ཕྱིར་སྦྱིན་པ་འདི་བྱས་པས། །བྲམ་ཟེ་འདི་ཡི་རེ་བ་རྫོགས་པ་ལྟར། །ཕྱི་དུས་རྫོགས་པའི་བྱང་ཆུབ་ཐོབ་པ་ན། །འཁོར་བའི་རྒྱ་མཚོ་ཆེ་ལས་བསྒྲལ་གྱུར་ཏེ། །བླ་མེད་གོ་འཕང་ལམ་ལ་འཇོག་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་ཚོར་བའི་སྡུག་བསྔལ་གྱིས་གདུངས་པས་མིག་བཙུམས་ཏེ་འདུག་གོ །དེ་ནས་བརྒྱ་བྱིན་གྱིས་རིངས་པར་བྱང་ཆུབ་སེམས་དཔའི་ལུས་ལ་སྟོབས་བསྐྱེད་པ་དང་། འཚོ་བའི་སྨན་གྱིས་གསོས་སོ། །ཨེ་མའོ་གང་ཚེ་རྒྱལ་པོས་ལུས་བཏང་པ། དེ་ཚེ་ས་ཆེན་རི་དང་རྒྱ་མཚོ་རྣམས། །རླབས་ཀྱིས་འཕྲེང་པས་བསྐྱོད་པའི་གྲུ་ཆེན་བཞིན། །ཀུན་ཏུ་བསྐྱོད་ཅིང་འུར་འུར་སྒྲོགས་པར་གྱུར། །ཕྱོགས་རྣམས་དུས་ཚིགས་སྣང་བ་མེད་པར་གྱུར། །ལྷ་དང་ཀླུ་རྣམས་དགའ་ཞིང་མྱ་ངན་བྱས། །སྣ་ཚོགས་མེ་ཏོག་གོས་དང་རྒྱན་འཕྲེང་འཐོར། །སྐྱེ་བོའི་ཚོགས་རྣམས་མྱ་ངན་གདུངས་པ་ཡི། །སྣ་ཚོགས་མྱ་ངན་ཅ་ཅོ་སྒྲོགས་པར་གྱུར། དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རི་རབ་ལྟར་ཤིན་དུ་མི་གཡོ་བར་ཤེས་ཤིང་བྱང་ཆུབ་སེམས་དཔའ་རྨད་དུ་བྱུང་བ་ཡོངས་སུ་གཏོང་བ་དེ་ཡང་བ་སྤུ་ལྡང་པ་ནི་ཤིན་ཏུ་དཀའ་ཞིང་ཕུལ་དུ་བྱུང་བ་མཐོང་བ་དང་། ངོ་མཚར་གྱིས་མིག་གདངས་ཏེ། ལྷའི་བུ་དེ་བཞིན་དང་ལྷན་ཅིག་དུ་བྲམ་ཟེའི་ཆ་བྱད་མི་སྣང་པར་བྱས་ནས་རང་གི་གཟུགས་ཀྱིས་བལྟས་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ལགས་ཀྱིས་བྲམ་ཟེ་མ་ལགས་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཨེ་མའོ་ཁྱོད་ཀྱི་བརྩོན་འགྲུས་དཔག་ཏུ་མེད། །ཨེ་མའོ་མ་བཅོས་ཉིད་ཀྱིས་སྤྱོད་པ་བསྟན། །ཨེ་མའོ་རང་གི་ལུས་ལ་ཆགས་མེད་གཏོང་། །ཨེ་མའོ་སེམས་ཅན་རྣམས་ལ་སྙིང་བརྩེ་བ། །ལས་འདི་མངོན་སུམ་བརྟན་གྱུར་ཀྱང་། །ཐེ་ཚོམ་ཟ་བར་གྱུར་པ་འདྲ། ཞེས་ཆེད་དུ་བརྗོད་ནས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་བྱ་དཀའ་བའི་སྤྱོད་པ་འདི་ལྟ་བུ་ལ་ཅི་ཞིག་དོན་དུ་གཉེར། བྱང་ཆུབ་སེམས་དཔས་སྨྲས་པ། ཀོའུ་ཤི་ཀ་ངའི་ལུས་ཀྱི་སྦྱིན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་རྣམས་འཁོར་བ་ནས་བསྒྲལ་བར་བྱའོ། །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་རང་གི་ལུས་ཡོངས་སུ་ཟད་པའམ། བཏང་པས་སེམས་རྣམ་པ་གཞན་དུ་འགྱུར་བའམ་འགྱོད་པར་མ་གྱུར་དྲང་བྱང་ཆུབ་སེམས་དཔས་སྨྲས་པ། ཀོའུ ཤི་ཀ་ང་ནི་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། ཇི་ལྟར་ཤེས་པར་བྱ་བྱང་ཆུབ་སེམས་དཔས་སྨྲས་པ། ཀོའུ་ཤི་ཀ་དེའི་ཕྱིར་ངའི་ལུས་ཀྱི་ཕྱེད་བཅད་པ་འདི་ན་ཇི་ལྟ་བ་བཞིན་དུ་ཞོག་ཅིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་བཅད་པ་དེ་ན་ཇི་ལྟ་བ་བཞིན་དུ་བཞག་གོ །དེ་ནས་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་ནས་བདེན་པ་གསོལ་བར་བྱེད་ཅིང་། དེའི་ཚེ་ཚིགས་སུ་བཅད་པས་སྨྲས་པ། ཇི་ལྟར་བྱང་ཆུབ་འདོད་གྱུར་ནས། །སྙིང་རྗེ་ལུས་ནི་བཏང་པ་ལ། །སེར་སྣ་མེད་ཅིང་ཞུམ་མེད་པ། །དེང་ནི་འགྱོད་པར་གྱུར་པ་མེད། །འགྱོད་པའི་སེམས་ཀྱང་མེད་གྱུར་ན། །བདེན་ཚིག་འདི་དང་ལེགས་བྱས་པས། །བརྒྱ་བྱིན་དེང་ནི་ང་ཡི་ལུས། །འདི་ནི་སྔོན་གྱི་ཇི་བཞིན་དུ། །དབང་པོ་མ་ལུས་རྫོགས་གྱུར་ཅིག །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་ཕྲལ་དུ་སྔོན་གྱི་ཇི་ལྟ་བཞིན་དུ་གྱུར་ཏོ། །ནམ་མཁའི་དཀྱིལ་ན་གནས་པའི་ལྷ་དང་ཀླུ་དང་། གནོད་སྦྱིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ངོ་མཚར་དེ་མཐོང་བ་དང་། ངོ་མཚར་གྱི་མིག་གདངས་ཏེ། ཅ་ཅོ་དང་ག་ཞའི་སྒྲ་སྒྲོགས་སོ། །སྐྱེ་བོའི་ཚོགས་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་ངོ་མཚར་རྨད་དུ་བྱུང་བ་དང་། ལྷ་དང་མི་རྣམས་ཡིད་སྡུག་བསྔལ་བར་བྱེད་པའི་ཆོ་འཕྲུལ་དང་། བྱང་ཆུབ་སེམས་དཔའི་ལུས་ཡོངས་སུ་རྫོགས་པ་མཐོང་བ་དང་། །སྲོག་གཏོར་བ་ལས་སླར་རྙེད་པ་བཞིན་དུ་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེ་སྐད་ཅེས་ཀྱང་སྨྲས་ཏེ། ཀྱེ་མའོ་ཁྱོད་ནི་སླར་འཚོ་བའི་ངོ་མཚར་དག་ནི་ལྟ་བར་བགྱི། ས་དང་ནགས་སུ་བཅས་པ་ཡིས། །འཇིག་རྟེན་འདི་ནི་སྐལ་པར་ལྡན། དེའི་ཚེ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་ཁྱོད་ནི་བརྩོན་པ་དྲག །བརྟན་པ་ཉིད་ཀྱང་བླ་ན་མེད། །ཀྱེ་མའོ་སེམས་ཅན་ལས་སྙིང་བརྩེ། །ཀྱེ་མའོ་སེམས་ཅན་ལས་ཡིད་བརྟན། །ཀྱེ་མའོ་མིའི་འཇིག་རྟེན་འདི། །མགོན་པོ་ཁྱོད་ཀྱིས་སྐྱོང་གྱུར་ཏེ །སྡུག་བསྔལ་ཆེན་པོ་དྲག་འཇིགས་ལས། །ཡང་དག་མྱ་ངན་འདའ་བར་མཛོད། །དེ་སྐད་ཅེས་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་མཆི་མ་ཆར་བཞིན་དུ་འབབ་ཅིང་། སྐད་འཛེར་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཟོད་པར་གསོལ་ཏེ། རྒྱལ་པོ་ཆེན་པོ་གང་བདག་གིས་ཉམས་སད་པའི་བསམ་པས་ཚོར་བ་དྲག་པོ་ལ་ཀུན་ཏུ་སྦྱར་བ་བཟོད་པར་མཛོད་ཅིག །གཞན་ཡང་གང་གི་ཚེ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ནའང་བདག་ལ་དགོངས་ཤིག་བྱང་ཆུབ་སེམས་དཔས་སྨྲས་པ། ཀོའུ་ཤི་ཀ་བཟོད་ཀྱིས་དེ་བཞིན་དུ་བྱས་ཏེ། ངས་ཀྱང་དྲན་པར་བྱའོ། །དེ་མ་ཐག་ཏུ་ལྷ་ཡི་རྔ་སྒྲ་ཡང་། ནམ་མཁའི་ངོས་ཀུན་གསལ་བར་ཁྱབ་པར་གྲགས། ལྷ་མིའི་དགའ་བས་མཆོད་པ་བརྒྱ་སྟོང་དག། མི་དབང་མཐུ་ཡིས་བསྐུལ་བ་བཞིན་དུ་བྱུང་། དེ་ལྟ་བུའི་རྨད་དུ་བྱུང་བའི་ལྟས་དེ་དག་མཐོང་ཞིང་། ལྷས་བསྟན་པ་དྲང་སྲོང་དེས་ཐོས་ཏེ། འཁོར་ལྔ་བརྒྱ་དང་བཅས་པ་བཙུན་མོ་རྒྱལ་བའི་འོད་ཁྲིད་དེ། རིང་པར་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་ནས། རྒྱལ་བ་དང་ཚེ་འཕེལ་བར་བྱས་ཏེ་སྨྲས་པ། ལྷའི་བུ་མོ་བཟང་འདྲ་བ། །ལྷ་མོ་སྡུག་པ་འདི་རྣམས་ལ། །མགོན་པོ་ཁྱོད་ཀྱིས་སྐྱང་པ་དང་། །དགེ་ལྡན་འདི་ལ་དགྱེས་པར་མཛོད། །ཁྱིམ་ཐབ་མི་བྱེད་བཙུན་མོ་འདི། །འདི་ནི་ཁྱེད་ལ་འབུལ་ལགས་ཀྱིས། ཁྱེད་ཀྱིས་ད་ནི་སློང་པ་ལ། ནམ་དུ་ཡང་ནི་མ་སྩོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་དྲང་སྲོང་དེ་དང་ལྷ་རྣམས་ཀྱི་དབང་པོས་གསོལ་བ་བཏབ་པ་བཞིན་དུ་བཞེས་སོ། །འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་ཡིད་རང་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་བདག་ཉིད་ཀྱི་བདེ་བ་ལ་མ་ཆགས་པར་གཞན་གྱི་དོན་ལ་བརྩོན་པར་བྱའོ། །དེ་བཞིན་དུ་སྨོན་ལམ་གྱི་མཐུ་བསྟན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །དཔལ་གྱི་སྡེའི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་པའོ།། །།སྡོམ་ལ། འོད་ལྡན་བྲམ་ཟེ་རྒྱན་པོ་པ། །དེས་པ་དང་ནི་གླང་པོ་ཆེ། །ཆར་ཀ་ནོར་ཅན་ཟླ་དགའ་དང་། །ནམ་མཁའ་དཔལ་གྱི་སྡེ་དང་བཅུ།། །།བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་གཞན་གྱི་དོན་བྱ་བ་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། འཛམ་བུའི་གླིང་འདི་ཉིད་དུ་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བྱུང་ངོ་། །རྒྱ་མཚོས་བསྐོར་བའི་ས་ཕྱོགས་འདི་ཉིད་དུ། །ས་བདག་དཔལ་ལྡན་ལུས་ནི་རྒྱས་གྱུར་ཅིང་། །བློ་གྲོས་ཆུ་གཏེར་རླབས་ཀྱི་འཕྲེང་བས་བསྐོར། །ཡོན་ཏན་མུ་ཁྱུད་བཞི་ཡིས་ལེགས་བཟུང་པས། །དཔག་ཡས་འབྱུང་པོ་རྣམས་ཀྱིས་བརྟེན་གྱུར་པ། །ཡོན་ཏན་ལྡན་རྣམས་ས་འདི་སྐྱོང་ཞེས་གྲགས། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་ཐོགས་པ་མེད་པའི་སྟོབས་དང་། ཕ་རོལ་གནོན་པ་དང་ལྡན་པ་རང་གི་བསོད་ནམས་མ་སྨད་པའི་མཐུས། རྒྱ་མཚོའི་མཐས་གཏུགས་པའི་ས་ཆེན་པོ་རབ་ཏུ་སྐྱོང་པ་སྙིང་ཉེ་བའི་བཙུན་མོའི་ཚོགས་དང་བློན་པོ་རྒྱ་ཆེ་ཞིང་སྟོབས་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་དེ་ལ་བུ་གཞོན་ནུ་མཛེས་ཤིང་ལྟ་ན་སྡུག་པ་སྐྱེ་བོ་ཚོགས་རྣམས་ཀྱི་ཡིད་འདྲེན་པ་གསུམ་ཞིག་ཡོད་པར་གྱུར་ཏེ། སྒྲ་ཆེན་པོ་དང་། ལྷ་ཆེན་པོ་དང་། སྙིང་སྟོབས་ཆེན་པོ་ཞེས་བྱའོ། །དེ་དག་གི་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུར་གྱུར་ཏེ། ཤེས་རབ་ཡོངས་སུ་སྦྱངས་ཤིང་མཐུ་ཆེ་ལ་གཞོན་ཡང་རྒན་པའི་ཉེ་བར་སྤྱོད་ལ་གནས། མཛེས་ཤིང་ཡིད་འོང་དམ་པའི་སྤྱོད་པ་ཅན། །འཇིགས་མེད་རབ་ཏུ་བསྟན་ཅིང་འགྲོ་བ་ལ། །བྱམས་པའི་རང་བཞིན་བུ་སྡུག་བཞིན་དུ་ལྟ། །འགྲོ་བའི་ཡིད་བཞིན་རབ་ཏུ་སྤྱོད་གྱུར་པ། །དགྲ་བོ་རྣམས་ཀྱང་གཉེན་དང་མཚུངས་གྱུར་ན། །རྗེས་སུ་མཐུན་རྣམས་ཡིད་འོང་སྨོས་ཅི་སྒོས། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་རྣམས་ཕན་ཚུན་རྗེས་སུ་བརྩེ་བའི་བདག་ཉིད་དང་ལྡན་པར་གནས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་ཤིང་རྟ་ཆེན་པོ་བདག་ཉིད་ཀྱི་སྐྱེད་མོས་ཚལ་གྱི་མཆོག་རྣམས་ལ་ལྟ་ཞིང་འཇིག་རྟེན་གྱི་བདེ་བ་ཡོངས་སུ་སྤྱད་པའི་ཕྱིར་གཞོན་ནུ་རྣམས་དང་བཅས་ཏེ་ནགས་ཁྲོད་ཆེན་པོ་བཅུ་གཉིས་ཀྱི་སྐྱེད་མོས་ཚལ་རྣམས་ཀྱི་བཞིར་ཕྱིན་ཏོ། ནགས་ཚལ་ལྗོན་ཤིང་སྡུག་གུ་ཡི། །ལོ་མ་མེ་ཏོག་མཛེས་པ་རྣམས། །སོས་ཀའི་རྐྱེན་གྱིས་ཁ་འབུས་ཚེ། །རྨ་བྱ་ཁུ་བྱུག་སྙན་པ་རྣམས། །དེ་ལ་དགའ་བས་འབོད་པ་བཞིན། །དེ་ཡིས་སྐྱེ་བོའི་ཡིད་དྲངས་ནས། །ལྗོན་ཤིང་མེ་ཏོག་ཚོགས་བརྒྱན་པ། །བསིལ་བའི་རྫིང་བུར་བཅས་པ་རྣམས། །ཆེད་དུ་ལྟ་བར་འདོད་པར་འགྱུར། དེས་ལྟར་བསྐྱེད་མོས་ཚལ་དམ་པ་དེ་དག་དུ་རྒྱལ་པོ་ཤིང་རྟ་ཆེན་པོ་བུ་གཞོན་ནུ་རྣམས་དང་བསྲུང་པར་བྱེད་པའི་སྐྱེ་བོ་ཉུག་རུམ་པ་དང་བཅས་པ་རྣམས་ཕྱིན་པ་ལས་རྒྱལ་པོ་དང་སྐྱེ་བོའི་ཚོགས་དེ་དག་ཀྱང་སྐྱེད་མོས་ཚལ་དེ་དག་གི་ནང་དུ་སེམས་ཀུན་ཏུ་གཡེངས་པར་གྱུར་ཅིང་། རྒྱལ་པོའི་བུ་གཞོན་ནུའི་རིམ་གྲོ་བ་རྣམས་ཀྱང་བསྐྲད་ནས། གཞོན་ནུ་དེ་དག་ལྗོན་ཤིང་དང་། མེ་ཏོག་མཛེས་པ་དེ་དང་དེ་དག་ལ་བལྟ་ཞིང་ཕྱོགས་རྣམས་ནས་བསྲུངས་མ་དང་བཅས་པའི་ནགས་ཁྲོད་ཆེན་པོ་བཅུ་གཉིས་སུ་བརྩེ་བའི་ཕྱིར་རྒྱུ་ཞིང་དོང་ངོ་། །དེའི་ཚེ་གཞོན་ནུ་སྒྲ་ཆེན་པོས་ནུ་བོ་གཉིས་ལ་སྨྲས་པ། ཁོ་བོའི་སྙིང་ནི་འཇིགས་པས་ནོན། །མྱ་ངན་ཤུགས་ཀྱིས་འདར་བ་བཞིན། །འདིར་ནི་བདག་ཅག་རྣམས་ལ་ནི། །གཅན་གཟན་ཁྲོ་བོས་གནོད་འགྱུར་སྙམ། །དེ་བས་ན་ཚུར་ཤོག་བདག་ཅག་འདི་ནས་ལྡོག་པའི་རིགས་སོ། །ལྷ་ཆེན་པོས་སྨྲས་པ། བདག་ལ་འཇིགས་པ་མ་མཆིས་ཏེ། །ཡིད་ནི་ཅུང་ཟད་མི་དགར་གྱུར། །སྡུག་པ་རྣམས་དང་བྲལ་སྙམ་བགྱིད། །དེས་ན་ཅི་ལྟར་རིགས་པར་བགྱི། སྙིང་སྟོབས་ཆེན་པོས་སྨྲས་པ། ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པ་འདིར། །བདག་ནི་མི་འཇིགས་མྱ་ངན་མ་མཆིས་ཀྱི། །ཤིན་ཏུ་རྒྱལ་མཆོག་དོན་ཆེན་རྙེད་སྙམ་ཏེ། །བདག་གི་སྙིང་འདི་རབ་ཏུ་དགའ་བར་གྱུར། །དེ་ལྟར་རྒྱལ་བུ་གཞོན་ནུ་དེ་དག་གྲོགས་མེད་པར་ནགས་ཁྲོད་རྒྱུ་བ་ལས་ནགས་ཁྲོད་དབེན་པ་ཞིག་ན་སྟག་མོ་བུ་སྐྱེས་ནས་ཞག་བདུན་ལོན་པ་ཞིག་ཕྲུ་གུ་ལྔས་བསྐོར་བ་བཀྲེས་ཤིང་སྐོམ་པས་ཉམས་དམས་ནས་ལུས་མཆོག་ཏུ་ཉམས་ཆུང་པར་གྱུར་པ་དེ་འདྲ་བ་ཞིག་མཐོང་ངོ་། །ཚུལ་དེ་མཐོང་ནས་གཞོན་ནུ་རྣམས། །སྙིང་རྗེའི་བདག་ཉིད་བརྟན་པ་ཡིས། །ཕན་ཚུན་གསལ་བར་འདི་སྐད་སྨྲས། །ཀྱེ་མའོ་ཉོན་མོངས་མ་འདི་ནི། །ཕྲུ་གུ་བྱུང་ནས་རིང་ཞིག་ལོན། །བཀྲེས་པས་ལུས་ནི་ཉམས་གྱུར་ཞིང་། །བདག་གི་བུ་ཡང་ཟ་བར་རྩོལ། །འདི་ནི་སྤྱོད་པ་ཉམས་པས་ན། །བུ་དང་བཅས་པ་མ་རུངས་གྱུར། །སྙིང་སྟོབས་ཆེན་པོས་སྨྲས་པ། ཉོན་མོངས་མ་འདིའི་ཟས་ཅི། སྒྲ་ཆེན་པོས་སྨྲས་པ། གང་ཤ་གསར་པ་དང་། ཁྲག་དྲོན་མོ་ཡོད་ན་དེ་ནི་སྟག་དང་། དོམ་དང་དྲེད་སེང་གེ་དང་རྣམས་ཀྱི་ཟས་ཡིན་ནོ། །ལྷ་ཆེན་པོས་སྨྲས་པ། འདིར་ཉོན་མོངས་མ་ནི། བཀྲེས་པ་དང་སྐོམ་པའི་ལུས་སུ་གྱུར་པས་སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་ཏེ་རབ་ཏུ་ཉམས་ཆུང་པས། འདི་ནས་འདིར་ཟས་སྐོམ་འཚོལ་མི་ནུས་ན། འདིའི་སྲོག་སྲུང་པའི་ཕྱིར། སུ་དག་རང་གི་ལུས་ཡོངས་སུ་གཏོང་པར་བྱེད་ཞིག་གུ །སྒྲ་ཆེན་པོས་སྨྲས་པ། ཀྱེ་རང་གི་ལུས་ཡོངས་སུ་གཏོང་པ་ནི་བྱ་དཀའ་བའོ། །སྙིང་སྟོབས་ཆེན་པོས་སྨྲས་པ། བདག་ཅག་ལྟ་བུ་སྲོག་དང་ལུས་ལ་མངོན་པར་ཆགས་པ་བློ་ཆུང་བ་རྣམས་ལ་ནི་ཚུལ་འདི་བྱ་དཀའ་བ་ལགས་ཀྱིས། གཞན་ཡང་ལུས་ཡོངས་སུ་གཏོང་པ་ལ་ཞུགས་པའི་གཞན་ལ་ཕན་པར་བརྩོན་པའི་སྐྱེས་བུ་དམ་པ་རྣམས་ལ་ནི་བྱ་དཀའ་བ་མ་ལགས་སོ། །ཡང་སྲིད་སྙིང་རྗེ་ལས་བྱུང་འཕགས་པའི་སེམས་ཅན་དག ལྷ་ཡུལ་དང་ནི་ས་འདིར་རང་ལུས་རྙེད་སྙམ་ཏེ། །གཞན་གྱི་སྲོག་ཕྱིར་མཐུན་པར་དཀའ་བའི་ཡིད་ཀྱིས་ནི། །འགྱུར་བ་མེད་པར་འདིར་ནི་རྣམ་པ་བརྒྱ་ཡིས་གཙེས། །དེ་ནས་རྒྱལ་པོ་གཞོན་ནུ་དེ་དག་ཤིན་ཏུ་མི་དགའ་ཏེ། སྟག་མོ་དེ་ལ་མིག་མི་འཛུམ་པར་རིང་ཞིག་ཏུ་ལྟས་ནས་སོང་ངོ་། །དེ་ནས་སྙིང་སྟོབས་ཆེན་པོ་འདི་སྙམ་དུ་སེམས་ཏེ། དེ་ནས་བདག་གི་ལུས་འདི་ཡོངས་སུ་བཏང་པའི་དུས་ལ་བབ་བོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཅིང་གྱེས་པའི་ཆོས་ཅན་མཐར་འབྱེ་མཐའ་ངན་པ། །རྣག་ཅན་ལུས་འདི་ཟས་དང་སྐོམ་དང་མལ་ཆ་དང་། །གཞོན་པ་འོས་པ་ཆེན་པོ་དག་གི་རིང་བསྲུངས་ཀྱང་། །མྱུར་བར་འཇིག་ཅིང་མི་གཙང་དུར་ཁྲོད་འདོར་བར་བྱེད། །གང་ཡང་འཇིག་རྟེན་ཕན་ཕྱིར་ལུས་བཟུང་པ། །ལུས་ཙམ་གྱིས་ཀྱང་འགྲོ་ལ་ཕན་གྱུར་ཞེས། །བདག་གིས་བསམས་པ་འདིར་ནི་གྲུབ་གྱུར་ཏེ། །ཅི་ནས་གཞན་དོན་ཡོངས་སུ་སྤྱད་པར་བྱ། །སྙིང་པོ་མེད་ཅིང་ལྦུ་བ་འདྲ་བའི་ལུས། སྲིན་བུ་རྒྱས་གང་བྱས་པ་ཆུད་གསོན་པ། །ལུས་འདི་བཏང་པས་མྱ་ངན་མེད་པ་ཡི། །འགྱུར་མེད་ཕུང་པོ་དྲི་མ་དང་བྲལ་བ། །ཡོན་ཏན་ཚོགས་ཀྱིས་ཀུན་ཏུ་གང་པ་ཡི། །རྔུལ་བྲལ་ཆོས་ཀྱི་སྐུ་མཆོག་ཐོབ་པར་བྱ། །བདག་ཉིད་ཆེན་པོ་སྙིང་རྗེའི་མཆོག་དང་ལྡན་པ་དེས། དེ་ལྟར་བློ་ལ་ངེས་པར་བྱས་ནས་ཐབས་ཀྱིས་ཕུ་བོ་གཉིས་ལ་ཁྱེད་གཉིས་གཤེགས་སུ་གསོལ། བདག་ནི་བགྱི་བ་ཞིག་གི་སླད་དུ་ནགས་ཁྲོད་ཆེན་པོ་བཅུ་གཉིས་སུ་འཇུག་གོ་ཞེས་དེ་གཉིས་བསྐྲད་ཅིང་། དེ་ནས་རྒྱལ་བུ་གཞོན་ནུ་སྙིང་སྟོབས་ཆེན་པོ་ནགས་འདབ་དེ་ནས་སླར་ལོག་ཏེ། སྟག་མོ་ག་ན་བ་དེར་སོང་ནས་ཤིང་ལྗོན་པའི་ཡལ་ག་ཞིག་ལ། བདག་གི་གོས་རྣམས་གཟར་ནས་རང་གི་ལུས་ཡོངས་སུ་གཏོང་བ་ལ་བརྩོན་པར་གྱུར་ཏེ། དེ་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་ནི་འགྲོ་ལ་ཕན་ཕྱིར་བྱང་ཆུབ་མཚུངས་པ་མེད་པ་ཞི་བ་ཐོབ་འདོད་ཏེ། །གཞན་གྱིས་བཏང་པར་དཀའ་བའི་ལུས་ནི་བློ་གྲོས་འགྱུར་བ་མེད་པའི་སྙིང་རྗེས་སྦྱིན། །བདག་གིས་སྐྱོན་མེད་བྱང་ཆུབ་རིང་མེད་རྒྱལ་སྲས་རྣམས་ཀྱིས་གཉེར་པ་ཐོབ་པར་ཤོག །བདག་གི་སྲིད་པའི་རྒྱ་མཚོ་རབ་ཏུ་འཇིགས་ལ་འཇིག་རྟེན་གསུམ་པོ་སྒྲལ་བར་བྱ། དེ་སྐད་སྨྲས་ནས་གཞོན་ནུའི་མཆོག །སྙིང་སྟོབས་ཆེན་པོ་སྙིང་རྗེའི་བདག །སྟག་མོ་དེའི་མདུན་དུ་ཉལ། །བྱམས་པའི་བདག་ཉིད་དེའི་མཐུས། །བཀྲེས་པར་གྱུར་པའི་སྟག་མོས་ཀྱང་། །དེ་ལ་གནོད་པ་ཡོངས་མ་བྱས། དེ་ནས་བྱང་ཆུབ་སེམས་དཔས། ཀྱེ་མའོ་འདི་ནི་ཉམས་ཆུང་པས་མི་ནུས་སོ་སྙམ་ནས་ལངས་ཏེ། སྙིང་རྗེའི་བློས་མཚོན་ཆ་བཙལ་ན་གང་ནས་ཀྱང་མཚོན་ཆ་མ་རྙེད་ནས། དེ་ནས་འོད་མའི་ཡལ་ག་ལོ་བརྒྱ་ལོན་པ་སྲ་བ་ཞིག་བླངས་ཏེ། བདག་གི་མགུལ་པ་བཅད་ནས་སྟག་མོའི་མདུན་དུ་འགྱེལ་ཏོ། །དེ་ནས་སྟག་མོ་དེས་བྱང་ཆུབ་སེམས་དཔའི་ལུས་ཁྲག་གིས་སྦགས་པ་ལ་བལྟས་ནས་ཡུད་ཙམ་ཅིག་གིས་ཤ་དང་ཁྲག་རྣམས་ཟད་པར་ཟོས་ཏེ། རུས་པ་ཙམ་ཞིག་ལུས་པར་བྱས་སོ། །དེ་མ་ཐག་ཏུ་ས་ཆེན་རི་དང་བཅས། །ཆུ་བོའི་དབུས་སོན་གྲུ་ནི་རླུང་སྐྱོད་བཞིན། །རྣམ་པ་དྲུག་དུ་གཡོས་ཤིང་འགུལ་བར་གྱུར། །གནམ་གྲུམ་སྒྲ་སྐད་དྲག་པོ་རབ་ཏུ་འབྱིན། །ཉི་ཟླའི་འོད་ཀྱང་མོག་མོག་པོར་བྱེད་པའི། །དུས་ཚིགས་བལྟས་ཀྱིས་ཁྱད་པར་བྱུང་བར་གྱུར། །དེ་ཡིས་ལྷ་རྣམས་ཡིད་ཀྱང་སྐུལ་གྱུར་ནས། །རིངས་པར་རིངས་པར་ནགས་ཁྲོད་དེར་ལྷགས་ཏེ། །སྣ་ཚོགས་མེ་ཏོག་འཕྲེང་པའི་ཚོགས་རྣམས་དང་། །སྤོས་ཆུ་རྣམས་ཀྱི་ཆར་པ་རབ་ཏུ་ཕབ། །རིན་ཆེན་རྒྱན་འཕྲེང་སྣ་ཆ་གཡོ་བཞིན་དུ། །རྣམ་པ་དུ་མས་ཆེད་དུ་བསྟོད་པར་གྱུར། །བློ་གྲོས་བཟང་པོ་ཁྱོད་འདིར་ཅི་ལྟར་ཐུགས་རྗེས་སེམས་ཅན་རྣམས་ཁྱབ་ཏེ། མིའི་དཔའ་བོས་རབ་ཏུ་དགྱེས་པས་ཅི་ལྟར་ལུས་འདི་བཏང་བས་ན། །སྐྱེ་བ་དང་ནི་འཆི་བའི་དོན་དང་བྲལ་བ་ཞི་བ་གནས་ཀྱི་མཆོག །ཞི་བ་གཙང་མ་ཁྱོད་ཀྱིས་འདིར་ནི་ཚེགས་མེད་རིང་པོ་མི་ཐོགས་རྙེད། དེ་ནས་སྒྲ་ཆེན་པོས་ས་གཡོས་པ་དེ་ལ་བསམ་ནས་ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཕྱོགས་བཅུའི་རྒྱ་མཚོ་མཐར་ཐུག་རྒྱ་མཚོར་བཅས་པ་ཡི། །ས་འདི་རབ་ཏུ་གཡོས་ཤིང་ཉི་མའང་འོད་ནི་མེད་གྱུར་ལ། །མེ་ཏོག་ཆར་པ་འབབ་ཅིང་ཁོ་བོའི་ཡིད་ཀྱང་འཁྲུགས་པས་ན། །ད་གཟོད་བདག་གི་ནུ་བོས་རང་གི་ལུས་འདི་བཏང་ཡང་ཐག །ལྷ་ཆེན་པོས་སྨྲས་པ། དེ་ནི་ཇི་ལྟར་སྙིང་རྗེའི་ཚིག་སྨྲས་ལ། བཀྲེས་དང་ལྡན་ཞིང་སྡུག་བསྔལ་བརྒྱས་གཙེས་པའི། །ཤིན་ཏུ་ཉམས་ཆུང་རང་གི་བུ་ལ་ཡང་། །ཟ་བར་ཆས་ལ་བལྟ་བས་བདག་ཀྱང་དོགས། དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་རབ་ཏུ་མྱ་ངན་གྱིས་ནོན་ནས་མིག་མཆི་མས་གང་ཏེ་ལམ་དེ་ཉིད་ལ་སླར་ལོག་ནས་སྟག་མོའི་དྲུང་དུ་ཕྱིན་པ་དང་། གོས་ཐམས་ཅད་འོད་མའི་ཡལ་ག་ལ་གཟར། རུས་པ་རྣམས་ནི་བྱེ་ཞིང་བྲལ། ཁྲག་ནི་རྫབ་དུ་གྱུར། སྐྲ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འཐོར་བ་མཐོང་ངོ་། །མཐོང་ནས་བརྒྱལ་ཏེ་རུས་པའི་སྟེང་དུ་འགྱེལ་ནས་རིང་ཞིག་ལོན་པ་དང་། འདུ་ཤེས་རྙེད་དེ་ལངས་ནས་ལག་པ་སྒྲེང་ཏེ། ཉམས་ཐག་པའི་སྒྲ་ཕྱུང་ངོ་། །ཀྱེ་མ་ནུ་བོ་སྡུག་པ་དང་ནི་རྒྱལ་པོ་དང་། །དེ་བཞིན་དུ་ནི་བུ་ལ་རབ་ཏུ་གདུངས་པའི་མ། པད་མ་འདྲ་བའི་མིག་རིང་ཁྱོད་ཀྱིས་གར་བཞག་ཅེས། །ཡུམ་ནི་བདག་ཅག་ལ་ཡང་ཐ་ཆུང་འདྲི་བར་འགྱུར། །ཀྱེ་མ་བདག་ཅག་གཉིས་པོ་ནི་ས་འདིར་ཤི་བར་གྱུར་བར་རུང་། །རྣམ་པར་དག་པའི་སྤྱོད་ཚུལ་ཅན། །སྙིང་སྟོབས་ཆེན་པོ་མེད་པས་ན། །བདག་ཅག་གསོན་ཡང་ཅི་ཞིག་རུང་། །ཡབ་ཡུམ་ཐུགས་ཁྲལ་ཆེར་གྱུར་ཅིང་། །བདག་ཅག་ལ་ཡང་ཅི་ལྟར་དགོངས། །ཀྱེ་མའོ་སྙིང་སྟོབས་སྙིང་རྗེ་ཆེ། །བདག་ལུས་བདེ་ཞིང་འཚོ་བ་ཡང་། །བརྩེ་བ་མེད་ཅིང་ཤེས་མེད་པའི། །སྟག་མོ་བུ་བཅས་དོན་གྱི་ཕྱིར། །ལྟོས་པ་མེད་པར་ཡོངས་སུ་བཏང་། །ཨེ་མའོ་སྙིང་སྟོབས་སྙིང་རྗེ་ཅན། །བདག་ཅག་སྐྱོན་ནི་བསྒྲགས་པར་གྱུར། །རྨི་ལམ་ཡིན་ནམ་ཅི་ཞིག་བགྱི། །བདག་ཅག་ཇི་ལྟར་འགྱུར་ཞིག་གུ །ཞེས་བྱ་བ་ལ་སོགས་པའི་སྨྲེ་སྔགས་དུ་མ་སྙིང་རྗེ་རྗེ་སྐད་དུ་གཞོན་ནུ་གཉིས་པོ་དེས་འདོན་ཞིང་། གདོང་མཆི་མས་ཁེབས་བཞིན་དུ་ནགས་ཁྲོད་དེ་ནས་དོང་ངོ་། །དེའི་ཚེ་རྒྱལ་པོའི་བཙུན་མོ་དམ་པ་ཉལ་བའི་རྨི་ལམ་ན། སྡུག་པ་དང་བྲལ་བའི་རྨི་ལམ་འདི་ལྟ་བུ་རྨིས་ཏེ། ནུ་མ་གཉིས་བཅད་པ་དང་། སོ་ཕྱུང་པ་དང་ཐི་བའི་ཕྲུ་གུ་སྐྲག་པ་གསུམ་ཞིག་རྙེད་པ་ལས་ཅིག་ཁྲས་ཁྱེར་བ་མཐོང་ངོ་། །དེ་ནས་བཙུན་མོས་ས་གཡོས་པས་སྙིང་དངངས་ཏེ། མོད་ལ་སད་ནས་སེམས་པ་ལ་ཞུགས་ཏེ། འབྱུང་པོའི་བརྟེན་ལ་རྒྱ་མཚོའི་གོས་ཅན་འདི་ནི་རབ་གཡོས་ཅི་ཞིག་གུ། །ཉི་མའི་འོད་ཟེར་མེད་པར་གྱུར་པས་ང་ཡི་སྙིང་ལ་མྱ་ངན་འགྱུར་བ་སྟོན། །ང་ཡི་ལུས་ནི་ཞུམ་ཞིང་མིག་ཀྱང་གཡོ་ལ་རང་གི་ནུ་མ་བཅད་པ་རྨིས། །ང་ཡི་བུ་རྣམས་ནགས་ཁྲོད་དེར་ནི་རྩེར་དོང་པ་ལས་དགེ་བར་གྱུར་རམ་གེ །དེ་སྙམ་དུ་བསམ་ནས་མྱ་ངན་གྱི་ཤུགས་ཀྱིས་རིངས་པར་རིངས་པར་རྒྱལ་པོའི་གན་དུ་སོང་ནས་ལྟས་ཀྱི་ཁྱད་པར་དེ་དག་གསོལ་པ་དང་། རྒྱལ་པོའང་བུ་ལ་བྱམས་པའི་ཡིད་ཀྱིས་མྱ་ངན་སྐྱེས་ཏེ་རིངས་པ་རིངས་པར་གཞོན་ནུ་རྣམས་ག་རེ་ཞེས་ཀུན་ཏུ་འཚོལ་བ་ལ་བརྩོན་བར་གྱུར་ཏོ། །རྒྱུ་དེས་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་རོད་རོད་པོར་འགྱུར་ཏེ་ཀུན་དུ་འཚོལ་བ་ལ་ཞུགས་སོ། །དེ་ནས་རིང་པོ་མ་ལོན་པར་རྒྱལ་པོའི་བུ་གཞོན་ནུ་གཉིས་རྒྱང་རིང་པོ་ནས་འོང་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། །ཀྱེ་ཧུད་བུ་དང་བྲལ་བ་ཡི། །སྡུག་བསྔལ་མེས་ནི་བདག་སེམས་སྲེག །གཞོན་ནུ་གཉིས་ནི་ལེགས་འོངས་ནས། །སྙིང་སྟོབས་ཆེན་པོ་ཅི་ལྟར་གྱུར། བཙུན་མོས་ཀྱང་མྱ་ངན་གྱི་སྒྲ་ཕྱུང་པ། བདག་གི་གཞོན་ནུ་གསུམ་པོ་ནི། །ལྗོན་པའི་ནགས་ཁྲོད་ཞུགས་པ་ལས། །སྙིང་སྟོབས་ཆེན་པོ་མ་མཐོང་ན། །ཀྱི་ཧུད་བདག་སེམས་བསྲེགས་པ་བཞིན། །དེ་ནས་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་གཞོན་ནུ་གཉིས་མྱ་ངན་གྱིས་ཀུན་ཏུ་ནོན་པ་དེ་གཉིས་ལ་དྲིས་པ་དང་། དེ་གཉིས་ཀྱིས་ཀྱང་ཇི་ལྟར་གྱུར་པ་ཞིབ་དུ་སྨྲས་སོ། །དེ་ཐོས་ནས་ཐམས་ཅད་དུ་མྱ་ངན་དུ་གྱུར་ཏེ། སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་བྱང་ཆུབ་སེམས་དཔས་སྦྱིན་པ་བྱས་པའི་གནས་ག་ལ་བ་དེར་སོང་ངོ་། །དེར་ཕྱིན་པ་དང་། སྐྲ་ནི་ཕྱོགས་མཚམས་ཀུན་ཏུ་འཐོར། ཁྲག་གིས་ནི་ཆག་ཆག་བཏབ། རུས་པ་ཙམ་ཞིག་ལུས་པ་མཐོང་ནས། རྒྱལ་པོ་དང་བཙུན་མོ་ཤིང་རླུང་གིས་བཏབ་པ་བཞིན་དུ་ས་ལ་འགྱེལ་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་ཙན་དན་གྱི་ཆུས་ལུས་ལ་གཏོར་ཏེ། རིང་ཞིག་ལོན་ནས་འདུ་ཤེས་སླར་རྙེད་ནས་སྨྲས་པ། ཀྱི་ཧུད་བུ་སྡུག་ཡིད་དུ་འོང་། མཐོང་ནས་རབ་ཏུ་དགའ་གྱུར་པ། །ཅི་ཕྱིར་འཆི་བདག་དབང་དུ་སོང་། །འཆི་བདག་ང་ལ་སླར་མ་འོངས། །ཀྱི་ཧུད་སྡུག་ཅིང་གཅེས་པའི་བུ་ནི་པད་མ་ནི། །སུ་ཡིས་ས་ཡི་སྟེང་དུ་བཤིགས་ནས་རབ་ཏུ་གཏོར། །ཡིད་འོང་མིག་ཅན་ཟླ་བའི་གདོང་ཅན་བདག་གི་བུ། དགྲ་བོ་གང་གིས་དེ་རིང་ས་འདིར་བཅོམ་ཞིང་གཏོར། །ཀྱི་ཧུད་ས་འདིར་བུ་སྡུག་གསད་མཐོང་ན། །ལུས་འདི་ཅི་ཕྱིར་དེ་རིང་ཞིག་མ་གྱུར། །སྡུག་བསྔལ་འདི་འདྲ་མཐོང་ཡང་མ་གས་པའི། །བདག་གི་སྙིང་ནི་ལྕགས་ཡིན་ཡང་དག་གོ །ཞེས་བྱ་བ་ལ་སོགས་པའི་སྨྲེ་སྔགས་དུ་མ་འདོན་ཞིང་སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་དུ་བྱང་ཆུབ་སེམས་དཔའི་གདུང་ལ་མཆོད་པ་བྱས་ཏེ། རིན་པོ་ཆེའི་སྣོད་དུ་བཅུག་ནས་མཆོད་རྟེན་དུ་བྱས་སོ། །འདི་ལྟ་བུའི་དོན་ཕྱིས་བྱུང་བའང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏེ། དེའི་ཚེ་དེའི་དུས་ན། ཤིང་རྟ་ཆེན་པོར་གྱུར་པ་ནི་ཟས་གཙང་མ་ཡིན་ནོ། །བཙུན་མོ་ནི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡིན་ནོ། །བྱམས་པ་ནི་སྒྲ་ཆེན་པོར་གྱུར་ཏོ། །འཇམ་དཔལ་ནི་ལྷ་ཆེན་པོར་གྱུར་ཏོ། །ང་ནི་དེའི་ཚེ་སྙིང་སྟོབས་ཆེན་པོར་གྱུར་ཏོ། །སྟག་མོར་གྱུར་པ་ནི་སྐྱེ་དགུའི་བདག་མོ་ཏེ། སྟག་ཕྲུག་ལྔ་པོ་ནི་དགེ་སློང་ལྔ་པོ་འདི་ནི་ཡིན་ནོ། །ངས་དེ་ལྟ་བུའི་འབད་པས་སེམས་ཅན་ཅིག་གིས་ཕྱིར་ཡང་བྱ་དཀའ་བརྒྱ་ཕྲག་དུ་མ་ལ་སྤྲོ་བར་བྱས་ཏེ། དེས་བྱང་ཆུབ་སེམས་དཔའི་སྟོབས་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་གསུངས་སོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་སློབ་པར་འདོད་པས། ལུས་དང་སྲོག་ལ་མི་ལྟ་བར་སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་པར་བྱའོ་ཞེས་སྙིང་སྟོབས་ཆེན་པོའི་ཕན་ཡོན་བསྔགས་པ་དང་། སྦྱིན་པའི་བསྔགས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །སྙིང་སྟོབས་ཆེན་པོར་སྐྱེས་པའི་རབས་ཏེ་བརྒྱད་ཅུ་གཅིག་པའོ།། །།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ནི། དེའི་རྨད་དུ་བྱུང་པའི་སྤྱོད་པ་ལ་ཡིད་འདུན་པར་བྱེད་པ་ཙམ་ཡང་དོན་ཆེན་པོ་བྱས་པར་འགྱུར་ཏོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟང་ཞེས་བྱ་བ་འབྱོར་ཅིང་རྒྱས་པར་བྱུང་ངོ་། །དེར་རྒྱལ་པོ་ཟླ་འོད་ཅེས་བྱ་བ་འཛམ་བུ་གླིང་ཐམས་ཅད་དུ་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ལ་དབང་བྱེད་པ་ཞིག་བྱུང་ངོ་། །བྱང་ཕྱོགས་རྒྱལ་པོའི་ཕོ་བྲང་རྡོ་བཟང་ནི། ཆུ་ཞེང་ཀུན་དུ་དཔག་ཚད་བཅུ་གཉིས་པ། ཤིན་ཏུ་བཀྲ་ཞིང་རབ་ཏུ་ལྟ་ན་སྡུག །སྐྱེད་མོས་ཚལ་མཆོག་རྫིང་དང་ཀུན་དགའ་ཡི། །ར་བ་ལྗོན་ཤིང་མེ་ཏོག་སྣ་ཚོགས་དང་། །རིན་ཆེན་རྒྱན་འཕྲེང་རྟ་བབས་ཚོགས་ཀྱིས་བརྒྱན། །སྣ་ཚོགས་སྤོས་མཆོག་ཀུན་ཏུ་དྲི་རབ་འཕྲོ། །ལྷ་ཡི་གནས་ལ་འགྲན་དུ་རུང་པར་གྱུར། །ས་བདག་དཔལ་ལྡན་རྒྱལ་པོ་ཟླ་འོད་ནི། །ཞི་ཞིང་དུལ་བ་དཔལ་གྱིས་བརྒྱན་གྱུར་ཅིང་། །རྒྱུ་སྐར་ཚོགས་ཀྱི་དབུས་ན་གསལ་བྱེད་བཞིན། །དྲི་མེད་གསལ་བར་ཀུན་ཏུ་ལྷམ་མེ་མཛེས། འཇིག་རྟེན་བསྟན་བཅོས་ཚུལ་ལ་མཁས་གྱུར་པས། །སྐྱེ་དགུ་ཀུན་གྱི་དོན་སྤྱོད་ཕ་དང་འདྲ། །འཇིག་རྟེན་ཕ་རོལ་སྟོན་བྱེད་བླ་མ་བཞིན། །དེ་ཡི་ལུས་ཀྱི་འོད་ཀྱིས་འཁོར་ཡུག་ཏུ། །གསལ་བར་བྱེད་པས་ཟླ་འོད་ཞེས་སུ་གྲགས། དེ་ལྟ་བུའི་རྒྱལ་པོ་ཆེན་པོ་དེས་འཛམ་བུའི་གླིང་ཀུན་ཏུ་བདེ་བ་ལ་བཀོད་ཅིང་། ཐམས་ཅད་ཀྱང་རྒྱལ་པོའི་དཔལ་དང་མཚུངས་པས་ལོངས་སྤྱོད་དང་དཔལ་ལ་བཀོད་ནས་མི་འགའ་ཡང་བཀྲེས་པ་དང་ངལ་བ་དང་དབུལ་བར་གྱུར་པ་མེད་པ་དེ་ཙམ་དུ་ཀུན་ཏུ་བསྐྱངས་ཤིང་སྐྱེ་བོའི་ཚོགས་ཐམས་ཅད་རྩེད་འཇོ་དང་རོལ་མོ་དང་། རྒྱལ་པོའི་ཤིས་པ་བརྗོད་པས་དུས་འདའ་བར་བྱེད་དེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཞིན་ནོ། །རྒྱལ་པོ་ཟླ་འོད་ཀྱི་བློན་པོ་ནི་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་དེ། ཐམས་ཅད་ཀྱི་མཆོག་ནི་བློན་པོ་ཟླ་བ་ཆེན་པོ་ཅེས་བྱའོ། །དམ་པ་རྣམས་ཀྱི་བསོད་ནམས་མཐུས། །སྐྱོང་པའི་ས་ནི་དཔལ་ལྡན་ཏེ། །ཇི་ལྟར་མ་གྲོས་བདག་པོའི་མཐུས། བརླན་པའི་ས་གཞི་ཇི་བཞིན་ནོ། །དེ་ལྟར་ས་ཆེན་པོ་ཀུན་ཏུ་སྐྱོང་པ་ལས་དུས་གཞན་ཞིག་གི་ཚེ་བློན་པོའི་མཆོག་ཟླ་བ་ཆེན་པོའི་རྨི་ལམ་དུ་དུ་བའི་མདོག་ཅན་གྱི་ཤ་ཟ་རྣམས་ཀྱིས་རྒྱལ་པོ་ཟླ་འོད་ཀྱི་ཅོད་པན་འཕྲོག་པར་རྨིས་ཏེ། སད་ནས་དེ་འཇིགས་སྐྲག་པར་གྱུར་ཅིང་སྤུ་ཟིང་ཞེས་བྱེད་པར་དེ་ངེས་པར་རྒྱལ་པོའི་དབུ་སློང་པ་ཞིག་འོང་པར་མི་འགྱུར་རམ། ལྷ་འདི་ནི་ཐམས་ཅད་རྩོལ་བ་ཐམས་ཅད་ཡོངས་སུ་གཏོང་པ་ཡིན་གྱིས་འདི་ལ་ནི་དམན་པ་དང་མགོན་མེད་པ་དང་ཕོངས་པ་དང་སྡུག་བསྔལ་བ་དང་སློང་པ་རྣམས་ལ་མི་རྩོལ་བ་དང་ཡོངས་སུ་མི་གཏོང་པ་ནི་གཞན་ཅི་ཡང་མི་མངའ་བས་ན་རྒྱལ་པོ་ལ་རྨི་ལམ་འདི་ནི་མི་ཞུ། གཞན་དུ་ན་རིན་པོ་ཆེའི་མགོ་རྣམས་བྱས་ལ་མཛོད་དང་བང་བར་བཅུག་ལ་བཞག་ཏེ་གལ་ཏེ་འགའ་ཞིག་ལྷའི་དབུ་སློང་པར་འོང་པར་གྱུར་ན། དེ་ལ་རིན་པོ་ཆེའི་མགོ་འདི་རྣམས་ཀྱིས་བྲིད་པར་བྱའོ་སྙམ་ནས་རིན་པོ་ཆེའི་རྒྱུ་ལས་བྱས་པའི་མགོ་རྣམས་བྱས་ཏེ། མཛོད་དང་བང་བ་རྣམས་སུ་བཞག་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ། བློན་པོའི་མཆོག་ས་འཛིན་གྱི་རྨི་ལམ་དུ་རྒྱལ་པོ་ཟླ་འོད་ཀྱི་རིན་པོ་ཆེའི་མགོ་རྣམས་རྣམ་པ་བརྒྱར་ལྷགས་པ་རྨིས་པ་དང་། ཡང་འཇིགས་ཤིང་སྐྲག་ལ་ཀུན་ཏུ་སྐྱོ་ནས། རྒྱལ་པོ་ཟླ་འོད་རྒྱལ་སྲིད་ལས་ཉམས་པ འམ། སྲོག་གི་བར་ཆད་དུ་མེ་འགྱུར་གྲངས་སྙམ་ནས། ཡང་བྲམ་ཟེ་ལྟས་མཁས་པ་རྣམས་བོས་ནས། བདག་གི་འདི་ལྟ་བའི་རྨི་ལམ་རྨིས་ནས། རྨི་ལམ་དེའི་འབྲས་བུ་ཇི་ལྟ་བུ་ཡིན་པར་ལུང་སྟོན་ཅིག །ལྟས་མཁན་རྣམས་ཀྱིས་སྨྲས་པ། རྨི་ལམ་མཐོང་པ་འདིའི་ལྟས་ནི་རིང་པོ་མི་ཐོགས་པར་ལྷའི་དབུ་སློང་པ་འགའ་ཞིག་འོང་པར་འགྱུར་བར་སྟོན་པ་ཡིན་ནོ། །དེ་སྐད་ཅེས་ཐོས་པ་དང་། ཡང་བློན་པོའི་མཆོག་ས་འཛིན་ལག་པ་འགྲམ་པ་ལ་གཏད་དེ། ཤིན་ཏུ་སེམས་དཔའ་ལ་ཞུགས་པར་གྱུར་ཏེ། རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ནི་ཧ་ཅང་མྱུར་ཆེས་སོ། །དེ་ནས་གཞན་ཡང་བློན་པོ་རྣམས་ཀྱི་རྨི་ལམ་དུ། གནོད་སྦྱིན་ལག་ན་མིའི་ཐོད་པ་ཐོགས་པ་རྣམས་ཀྱིས་ཕོ་བྲང་གཏོར་ཞིང་གསེར་གྱི་རྔ་ཆག་པར་རྨིས་ནས་འཇིགས་ཤིང་སྐྲག་པར་གྱུར་ཏེ། ལྷ་བྱམས་པའི་བདག་ཉིད་ཅན་འདི་མི་རྟག་པར་འགྱུར་པ་མ་ཡིན་ནམ། ཞེས་ཀུན་ཏུ་བསྒྲགས་པར་འགྱུར་ཏོ། །དེ་རྒྱལ་པོ་ཟླ་འོད་ཀྱིས་ཐོས་པ་དང་། ཡང་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་དྲིལ་བསྒྲགས་སྟེ། འཛམ་བུའི་གླིང་པའི་མི་ཁྱེད་རྣམས་ཇི་སྲིད་འཚོའི་བར་དུ་རྒྱལ་པོའི་ལོངས་སྤྱོད་ཀྱིས་དགའ་བར་གྱིས་ཅིག །ཁྱེད་རྣམས་སྒྱུ་མ་ལྟ་བུའི་རྨི་ལམ་སེམས་པས་ཅི་ཞིག་བྱ། དེ་སྐད་ཅེས་བརྟན་པ་དང་། དེ་ཚེ་འཛམ་གླིང་སྐྱེ་བོ་རྣམས་ཤིན་ཏུ་དགའ་བར་རྒྱས་གྱུར་ཏེ། །སྣ་ཚོགས་རོལ་མོ་བརྡུང་བྱེད་ཅིང་། །སྣ་ཚོགས་གོས་ཀྱིས་རབ་བརྒྱན་ནས། །རིན་ཆེན་མེ་ཏོག་རྒྱན་འཕྲེང་གིས། །ཀུན་ཏུ་བརྒྱན་བྱས་དགའ་བར་གྱུར། །སྐྱེད་མོས་ཚལ་གྱི་ས་གཞི་ཉམས་དགའ་བར། །བཞིན་མཛེས་ལང་ཚོ་ལྡན་པའི་བུད་མེད་དག །རིན་ཆེན་རྣ་ཆ་གདུབ་སྐོར་གཡོ་བ་ཡིས། །རབ་རྒྱན་གླུ་གར་གླིང་བུ་རྩེད་འཇོ་ཡིས། །ཤིན་ཏུ་དགའ་ཞིང་བརྩེ་བས་ཁྱབ་པར་གྱུར། །སྦྱིན་པའི་སྐད་གསར་གསེར་གྱི་རྔ་བོ་ཆེའི། སྒྲ་སྙན་ཟབ་ཅིང་སྙན་པ་གྲགས་གྱུར་པ། །ལྷའི་རྔ་བོ་ཆེ་ལྟར་ཀུན་ཏུ་བྱུང་། །དེ་ཡིས་འགྲོ་བ་དགའ་བ་རྒྱས་པར་གྱུར། ཡང་དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བས་མིག་འཕྲུལ་གྱི་བྱ་བ་ཤེས་པ་ཞིག་གནས་པས་རྒྱལ་པོའི་ཕོ་བྲང་རྡོ་བཟང་ན་རྒྱལ་པོའི་ཟླ་འོད་ཅེས་བྱ་བ་ཐམས་ཅད་སྟེར་བ་ཞིག་ཐོས་སོ། །ཐོས་ནས་ཀྱང་བདག་ཉིད་ཀྱིས་བསམས་པ། བདག་སོང་ལ་མགོ་བླང་པར་བྱའོ། །གལ་ཏེ་ཐམས་ཅད་སྟེར་བར་གྱུར་པ་ཡིན་ན་ནི་བདག་ལའང་མགོ་སྟེར་བར་འགྱུར་རོ། །གཞན་དུ་ན་གང་སྡུག་པ་དང་འཕོངས་པ་དང་ཡིད་དུ་འོང་པ་དང་མངོན་པར་འདོད་པར་བྱས་པ་ཡན་ལག་གི་མཆོག་ཡོངས་སུ་གཏོང་པ་ནི་དཀའ་བ་དང་། འདི་ནི་གནས་མེད་པ་དང་གོ་སྐབས་མེད་དོ་སྙམ་བསམ་ནས་རི་སྤོས་ཀྱི་ངད་ལྡན་ལས་བབས་སོ། །དེ་ནས་སྤོས་ཀྱི་ངད་ལྡན་ལ་གནས་པའི་ལྷ་མོ་ཞིག་ངུ་བར་རྩོལ་བ་སྟེ། ཀྱི་ཧུད་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ལ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་སྡུག་བསྔལ་ལོ། །ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་ཀུན་ཏུ་ལྟས་ཀྱིས་འཁྲུགས་པར་གྱུར་ཏེ། བར་སྣང་ལས་ལྷ་རྣམས་མྱ་ངན་བྱེད་པར་གྱུར་ཏོ། །དེ་ལྟ་བུའི་ལྟས་དེ་རྒྱལ་པོའི་ཕོ་བྲང་དང་ཐག་མི་རིང་པ་ཞིག་ན། དྲང་སྲོང་སྣ་ཚོགས་བཤེས་གཉེན་ཞེས་བྱ་བ། མངོན་པར་ཤེས་པ་ལྔ་དང་ལྡན་པ། བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་པས་ལྟས་ཀྱིས་ཁྱད་པར་དེ་རྣམས་མཐོང་ནས་འཁོར་རྣམས་ལ་སྨྲས་པ། འདི་ལྟར་མིའམ་ཅིའི་ཚོགས་དང་ནགས་ཀྱི་ལྷ་རྣམས་དུ། །ནམ་མཁར་གནས་པའི་ལྷ་རྣམས་ཀྱིས་ནི་སྨོད་པར་བྱེད། །ཉི་མ་ཟླ་བ་དག་ཀྱང་འོད་ཀྱིས་ལྷམ་མེར་མིན། །དེ་ནི་རོལ་མོ་བརྡུངས་ཀྱང་སྒྲ་ནི་གྲགས་མ་གྱུར། །མེ་ཏོག་འབྲས་བུར་ལྡན་པའི་ཤིང་ཚོགས་འདི་དག་ཀྱང་། །རླུང་གིས་མ་བསྐྱོད་བཞིན་དུ་ས་ལ་ལྷུང་པར་གྱུར། ཅི་ལྟར་འཇིགས་པའི་སྒྲ་ནི་ཀུན་ཏུ་ཐོས་པ་ནི། གྲོང་ཁྱེར་དུ་ནི་སྡུག་བསྔལ་མི་བཟད་འབྱུང་པར་གསལ། །རྒྱུ་དེས་གྲོང་ཁྱེར་གནས་པའི་སྐྱེ་བོ་མ་ལུས་པ། །སེམས་ལ་སྡུག་བསྔལ་ཀུན་ཏུ་འདུས་ནས་འཇོག་པ་དང་། །ཆོ་ངེས་འདེབས་ཤིང་ལག་པ་ས་ལ་བརྡེབས་པར་བྱེད། །སྐྲ་རྣམས་རབ་ཏུ་གྲོལ་ཞིང་ཚིག་ནི་རྣམ་པར་འགག །ཟླ་བའི་གདོང་ཅན་བུད་མེད་རྣམས་ནི་རབ་ཏུ་ངུ། །གྲོང་ཁྱེར་གནས་པ་ཀུན་ཀྱང་སྙིང་བརྩེར་ངུ་བར་བྱེད། །སྤྲིན་འདི་རྣམས་ཀྱང་ཆར་མི་འབབ་ཅིང་སྒྲ་སྒྲོགས་ལ། །ཆུའི་གནས་རྣམས་ཉེ་བར་སྐམ་པ་ཉིད་དུ་གྱུར། །རི་དང་ནགས་རྣམས་ཀྱང་ནི་མི་བཟད་མེ་ཡིས་སྲེག །མི་རྣམས་སོ་སོའི་ཁྱིམ་ནས་ཤིན་ཏུ་འཁྲུག་པར་ངུ། །ཆུ་ལ་རླུང་གིས་བསྐྱོད་པའི་གྲུ་བཞིན་ས་རྣམས་གཡོས། །ཤིན་ཏུ་རྩུབ་པའི་རྡུལ་དང་འདྲེ་བའི་རླུང་ལྡང་གྱུར། བཀྲ་མི་ཤིས་པའི་མཚན་མ་ནི། །ད་ལྟ་འདི་ན་རྣམ་མང་ཏེ། །དེ་བས་བདག་ཅག་ཤིས་པ་ཡི། ཕྱོགས་སུ་འགྲོ་བ་ཤིན་དུ་རིགས། གཞན་ཡང་རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་བཞིར་གསེར་གྱི་རྔ་བོ་ཆེ་གདུངས་ནའང་ཡིད་དུ་འོང་པའི་སྒྲ་བྱུང་བར་མ་གྱུར་པས། ངེས་པར་རྒྱལ་པོའི་ཕོ་བྲང་རྡོ་བཟང་དེར་ཉེ་བར་འཚེ་བ་ཆེན་པོ་འབྱུང་བར་གྱུར་རོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོའི་ཕོ་བྲང་རྡོ་བཟང་དུ་ཕྱིན་ཏོ། །དེ་ནས་གྲོང་ཁྱེར་ན་གནས་པའི་ལྷ་མོ་བྲམ་ཟེ་དྲག་པོའི་མིག་རྒྱང་རིང་པོ་ནས་མཐོང་པ་དང་། རྒྱལ་པོ་ཟླ་འོད་ག་ལ་བ་དེར་སོང་ཏེ། ཕྱིན་ནས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གང་འདི་ལྟར་མཁྱེན་པར་མཛོད་ཅིག །དེ་རིང་ལྷའི་དབུ་སློང་པ་འཚེ་བ་རྣམས་པར་ཐོ་འཚམས་པ་གླགས་ལྟ་བ་ཞིག་འོང་པར་འགྱུར་ཏེ། དེ་ལྷའི་དབུ་སློང་པར་འགྱུར་གྱིས། དེ་ལ་ལྷས་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་བདག་ཉིད་ཡོངས་སུ་བསྲུངས་པར་མཛོད་ཅིག །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་མགོ་སློང་པ་ཐོས་པས་ཡིད་རབ་ཏུ་དགའ་ཞིང་། ངོ་མཚར་གྱི་མིག་དངས་པ་དང་། ལྷ་མོ་ལ་སྨྲས་པ། ལྷ་མོ་མ་འཇིགས་པར་སོང་ཞིག །གལ་ཏེ་འོང་པར་གྱུར་ན་ངས་འདིའི་ཡུན་རིང་མོ་ནས་མངོན་པར་འདོད་པ་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ལྷ་མོ་འདིས་རྒྱལ་པོ་ཟླ་འོད་རྩོལ་བའི་ཚུལ་དེ་ལྟ་བུ་ཤེས་པས་སྡུག་བསྔལ་ཞིང་ཡིད་མ་བདེ་བར་དེ་ཉིད་དུ་མི་སྣང་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་འདི་སྙམ་དུ་སེམས་ཏེ། གང་བདག་གི་དབྱིག་དང་གསེར་དང་། ཟས་འདོད་པ་ལ་ཟས་སྦྱིན་པ་ནི་ངོ་མཚར་མི་ཆེ། གང་ཡང་བདག་གིས་སློང་པ་རྣམས་ལ་རང་ཉིད་ཀྱི་ལུས་ཀྱང་ཡོངས་སུ་བཏང་པར་བྱའོ་སྙམ་མོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཞུགས་པ་དང་། གྲོང་ཁྱེར་གྱི་ལྷ་མོས་བཟློག་ཏེ། བྲམ་ཟེ་སྡིག་ཅན་མ་ཞུགས་པར་སླར་ཡང་ཞིག །སྐྱེས་བུ་གཏི་མུག་ཅན་ཁྱོད་ད་ལྟར་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ་ཡོན་ཏན་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པས། འཛམ་བུའི་གླིང་ཡོངས་སུ་སྐྱོང་པར་བྱེད་པ་ཉེས་པ་མེད་པ། གནོད་པ་མི་བྱེད་པའི་མགོ་དྲག་པོའི་སེམས་ཀྱིས་ཅིས་ལྟར་གཅོད་པར་བྱེད། བྲམ་ཟེ་སྡིག་ཅན་མ་ཞུགས་པར་ཕྱིར་སོང་ཤིག་ཅེས་སྨྲས་སོ། །རྣམ་པ་འདི་དག་རྒྱལ་པོ་ཟླ་འོད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་ངའི་སློང་མོ་པ་ལྷ་མོས་གྲོང་ཁྱེར་གྱི་སྒོ་ནས་བཀག་གོ་སྙམ་ནས། ཡང་བློན་པོ་མཆོག་ཟླ་བ་ཆེན་པོ་ལ་སྨྲས་པ། གང་ཟླ་བ་ཆེན་པོས་ཤེས་པར་གྱིས་ཤིག །ངའི་སློང་མོ་ལྷ་མོས་གྲོང་ཁྱེར་གྱི་སྒོ་ནས་བཀག་གིས། སོང་ལ་ངའི་ཐད་དུ་རིངས་པར་ཁྲིད་ལ་ཤོག་ཅིག །ལྷ་དེ་ལྟར་འཚལ་ལོ་ཞེས་བློན་པོ་ཟླ་བ་ཆེན་པོས་རྒྱལ་པོའི་ཚིག་མཉན་ནས་གྲོང་ཁྱེར་གྱི་སྒོར་སོང་པ་དང་། གྲོང་ཁྱེར་གྱི་ལྷ་མོ་དེ་བཟློག་སྟེ། གང་འདི་ལྷ་མོས་ཤེས་པར་གྱིས་ཤིག །བྲམ་ཟེ་འདི་འགུགས་ཀྱིས་ཐོང་ཞིག །དེ་ནས་ལྷ་མོས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་ཡང་ཟླ་བ་ཆེན་པོ་ཤེས་པར་གྱིས་ཤིག །ལྷ་བྲམ་ཟེ་འདི་ནི་གཏུམ་པ་དང་། སྙིང་རྗེ་མེད་པ་དང་མི་བཟད་པའི་སེམས་ཀྱིས་རྒྱལ་པོ་ཟླ་འོད་བརླག་པའི་ཕྱིར་རྒྱལ་པོའི་ཕོ་བྲང་དུ་འོངས་ནས། རང་བཞིན་ངན་པ་འདི་ཅི་ཞིག་བྱ། རྒྱལ་པོའི་ཐད་དུ་སོང་ནས་མགོ་སློང་པར་འགྱུར་རོ། །དེ་ནས་བློན་པོ་ཆེན་པོས་ལྷ་མོ་ལ་སྨྲས་པ། ལྷ་མོ་བདག་གི་བྲམ་ཟེ་འདིས་ལྷའི་དབུ་ལེན་པར་མི་འགྱུར་བའི་ཐབས་ཤིག་བསམ་པ། ང་ལ་ཡོད་དོ་དེ་ནས་བློན་པོས་བྲམ་ཟེ་དྲག་པོའི་མིག་ཁྲིད་དེ། དེ་གྲོང་ཁྱེར་དུ་ཞུགས་ནས། རིན་པོ་ཆེའི་མཛོད་པ་ལ་སྨྲས་པ། ཁྱོད་ཀྱི་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཁྱེར་ལ་ཤོག་ཅིག །བྲམ་ཟེ་འདི་ལ་སྦྱིན་པར་བྱའོ། །མཛེས་པས་ཀྱང་རྒྱལ་པོའི་སྒོར་རིན་པོ་ཆེའི་མགོ་རྣམས་ཀྱི་ཕུང་པོ་ཆེན་པོ་བྱས་པ་དང་། བློན་པོ་དེས་བྲམ་ཟེ་དྲག་པོའི་མིག་ལ་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཉེ་བར་བསྟན་ཏེ། བྲམ་ཟེ་ཆེན་པོ་རིན་པོ་ཆེའི་མགོ་མང་པོ་ལོང་ཞིག །དབྱིག་དང་གསེར་རྣམས་ཀྱང་ཇི་ཙམ་དགོས་པ་ཁྱོད་ལ་སྦྱིན་གྱིས་ཁྱེར་ཅིག །འདི་ནི་ཁྱོད་ཀྱི་བུ་དང་ཚ་བོའི་བར་གྱི་འཚོ་བར་འགྱུར་གྱིས། ལྷའི་དབུ་གླགས་པ་དང་། རུས་པ་ངར་རྣབས་དང་། ཞག་གིས་ཡོངས་སུ་གང་པས་ཅི་ཞིག་བྱ། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་དྲག་པོའི་མིག་གིས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་གིས་ཟླ་བ་ཆེན་པོ་ཤེས་པར་གྱིས་ཤིག །ང་ལ་ནི་རིན་པོ་ཆེའི་མགོ་བོ་རྣམས་དགོས་པ་མེད་དོ། །གསེར་དང་དབྱིག་ཀྱང་དགོས་པ་མེད་ཀྱིས། གཞན་དུ་ན་ས་ཆེན་པོ་སྐྱོང་པ་ཐམས་ཅད་གཏོང་པ་འདིའི་མགོ་སློང་པའི་ཕྱིར་འདིའི་ཐད་དུ་འོངས་སོ། །དེ་སྐད་ཅེས་སྨྲས་པ་དང་། བློན་པོའི་མཆོག་ཟླ་བ་ཆེན་པོ་དང་ས་འཛིན་གཉིས་ལག་པ་འགྲམ་པ་ལ་གཏད་དེ། ད་ནི་དུས་ཀྱིས་ཕྱིན་ཏོ་སྙམ་ནས། ཤིན་ཏུ་སེམས་དཔའ་ལ་ཞུགས་པས་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་རྣམ་པ་དེ་དག་ཉེ་བར་ཐོས་ནས་བློན་པོའི་མཆོག་ཟླ་བ་ཆེན་པོ་དང་། ས་འཛིན་གཉིས་བོས་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་དེ་ངའི་གནས་སུ་ཁྱེར་ལ་ཤོག་ཅིག །ངས་འདི་ལ་ཡུན་རིང་པོ་ནས་མངོན་པར་འདོད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ་དེ་སྐད་ཅེས་སྨྲས་པ་དང་། བློན་པོ་དེ་གཉིས་ཡུལ་རྨུགས་པ་ལྟ་བུའི་མཆི་མའི་གདོང་གིས། སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཅིང་སྨྲས་པ། ལྷ་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ཡོན་ཏན་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཡེ་ཤེས་ལ་མཁས་པ། ལྷའི་མིག་དང་ལྡན་པ་འདི་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པར་གྱུར་ཏོ། །བདག་ཅག་རྣམས་དེང་ལྷ་དང་ལྷན་ཅིག་པ་ལས་ཐ་དད་པ་གྱུར་པ་དང་། སོ་སོར་གྱུར་པ་དང་བྲལ་བར་བྱེད་པར་འགྱུར་རོ། །སྙམ་ནས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་རྒྱལ་པོ་ཟླ་འོད་ཐམས་ཅད་ཡོངས་སུ་གཏོང་པ་ཤིན་ཏུ་ཁྱད་པར་ཅན་གཏོང་ཞིང་ཡོངས་སུ་གཏོང་པར་འདོད་ནས་རིང་པོ་ནས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཚུར་ཤོག་ཁྱོད་གང་སློང་པ་དེ་ཁྱེར་ཅིག །དེ་ནས་བྲམ་ཟེ་དྲག་པོའི་མིག་རྒྱལ་པོ་ཟླ་འོད་ག་ན་བ་དེར་སོང་ཏེ། ཕྱིན་ནས་རྒྱལ་པོ་ཟླ་འོད་ལ་རྒྱལ་བར་གྱུར་ཅེས་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །དངོས་པོ་ཐམས་ཅད་གཏོང་ལ་ངེས་པར་དགའ་བར་འགྱུར། བྱང་ཆུབ་སེམས་དཔའ་དགེ་ཁྱོད་དྲི་མེད་ཆོས་ལ་གནས། །དམ་པ་ཀུན་མཁྱེན་མངོན་པར་ཞེན་པའི་ཐུགས་ཀྱིས་ནི། །ཐུགས་རྗེའི་བདག་ཉིད་ཐུགས་ལྡན་དག་ལ་དབུ་སྩོལ་ཅིག །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས། བྲམ་ཟེ་ལས་དེ་ལྟ་བུའི་ཚིག་བརྗོད་པ་ཐོས་ནས་ཡིད་རབ་ཏུ་དགའ་བར་མིག་གདངས་ཏེ་བྲམ་ཟེ་དྲག་པོའི་མིག་ལ་སྨྲས་པ། ཇི་ལྟར་ཡབ་ཀྱི་བུ་ཅིག་ང་ཡིན་ཡང་། །དེ་ལྟ་ན་ཡང་ང་ཡི་མགོ་འདི་ཁྱེར། །ཁྱོད་ཀྱིས་བསམ་པས་འབྲས་བུར་བཅས་གྱུར་ཅིག །མགོ་བོ་བྱིན་པས་བྱང་ཆུབ་ཐོབ་པར་ཤོག །ངའི་མགོ་བོ་ཀླད་པ་ཁྲག་དང་ཞག་འདི་ཡིས། །ཁྱེད་ཀྱིས་འདོད་པའི་བྱ་བ་ཅི་ཡང་མི་བྱེད་ཀྱང་། ཁྱེར་ཏེ་ཁྱོད་ལ་ངའི་མགོ་ཡང་དགོས་གྱུར་པའི། །ཡིད་ལ་རེ་བ་འབྲས་བཅས་ཁྱོད་ནི་དགའ་བར་ཤོག །བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག་མགོ་འདི་བར་ཆད་མེད་པར་ལེགས་པར་ཁྱེར་ཅིག་ཅེས་སྨྲས་ནས་རང་ཉིད་ཀྱི་ཅོད་པན་ཕུད་དོ། །རྒྱལ་པོ་ཟླ་འོད་ཀྱི་མགོ་ལ་ཡོད་པའི་ཅོད་པན་ཕུད་མ་ཐག་ཏུ་འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱི། མགོ་ལ་ཡོད་པའི་ཅོད་པན་རྣམས་ཀྱང་ལྷུང་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་ཕྱོགས་བཞིར་སྐར་མདའ་རྣམས་ལྷུང་པར་གྱུར་ཏེ། གྲོང་ཁྱེར་གྱི་ལྷ་མོས་རྒྱལ་པོ་ཟླ་འོད་ཀྱི་དབུ་བྲམ་ཟེ་སྡིག་ཅན་གྱིས་གཅོད་པར་འགྱུར་རོ། །ཞེས་བསྒྲགས་སོ། །དེ་ནས་བློན་པོ་ཟླ་བ་ཆེན་པོ་དང་། ས་འཛིན་གཉིས་རྒྱལ་པོ་འདི་ལྟར་ཡོངས་སུ་གཏོང་བར་བྱེད་པ་ཤེས་ནས། དེ་ཡུལ་རྨུགས་པ་ལྟ་བུའི་མཆི་མའི་གདོང་ཅན་གྱི་རྒྱལ་པོའི་རྐང་པ་ལ་གཏུགས་སྟེ། གང་ལྷ་ཡང་ཡང་མཐོང་པ་ནི་འཇིག་རྟེན་ན་སྐྱེས་བུ་སྐལ་པ་ཅན་ཡིན་ནོ་ཞེས་སྨྲས་ཤིང་དེ་གཉིས་དེ་ལ་སེམས་མངོན་པར་དད་པས་བཏང་ཞིང་། ཡུ་བུས་བྲམ་ཟེ་དྲག་པོའི་མིག་ལ་བྱམས་པའི་སེམས་བསྐྱེད་པ་ལ་ལྷའི་མི་རྟག་པ་ཉིད་ལྟ་བ་མི་ནུས་སོ་སྙམ་དུ་བསམ་ནས་སྐད་ཅིག་མ་དེ་ཉིད་ལ་དུས་བྱས་ཏེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་རྒྱལ་པོས་སྦྱིན་པའི་བསམ་པ་དག །གསལ་བས་དྲངས་པའི་ལྷ་དང་གནོད་སྦྱིན་རྣམས། མྱ་ངན་ཤུགས་ཀྱིས་ཀྱི་ཧུད་སྒྲ་ཡང་སྒྲོགས། །ཕོ་བྲང་ཁམས་ཀྱི་སྐྱེ་བོ་ཐམས་ཅད་ཀྱང་། །མྱ་ངན་ཤུགས་ཀྱིས་ཅིག་ཅར་འདུས་པར་འགྱུར། དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེས་མཐོང་ནས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ལྷས་གནང་བར་མཛད་ན་སྐྱེ་བོའི་ཚོགས་ཆེན་པོའི་མདུན་དུ་ལྷའི་དབུ་ལེན་པ་རྔོ་མི་ཐོག་གོ །གལ་ཏེ་ཁྱོད་དབུ་ཡོངས་སུ་གཏོང་པར་མཛད་ན་ཁྱོད་དང་བདག་ཅག་དབེན་པ་ཞིག་དུ་གཤེགས་འཚལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། །རྒྱལ་པོས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཆེན་པོ་དེ་བཞིན་དུ་བྱ་ཡིས། ཁྱེད་ཀྱིས་ཤིན་ཏུ་རྟོགས་པ་འབྱོར་ཅིང་རང་གི་ཡིད་ལ་རེ་བ་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་ནང་ན་ནོར་བུ་དང་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ་ཉམས་དགའ་བ་ནེ་ཙོ་དང་ཤ་རི་ཀ་དང་ཁུ་བྱུག་དང་རྨ་བྱ་དང་ཤང་ཤང་རྟེའུ་དང་ཀ་ལ་པིང་ཀ་རྣམས་ཡིད་དུ་འོང་པའི་སྒྲ་སྒྲོགས་པས་ནགས་ཚལ་གྱི་ཚོགས་ཉམས་དགའ་བ་སྐྱེད་མོས་ཚལ་དེའི་དབུས་ཀྱིས་སྟེགས་བུ་དེའི་དབུས་སུ་ཙམ་པ་ཀའི་ཤིང་ཞིག་སྐྱེས་པ་ཡོད་དེ། དེ་ནས་རྒྱལ་པོ་སྟན་ལས་ལངས་ཏེ། རལ་གྲི་རྣོན་པོ་ཐོགས་ནས་ཚུལ་འདི་ལྟ་བུ་ལ་ཞུགས་པ་མཐོང་པ་དང་། རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་གྲོང་ཁྱེར་གྱི་སྲོག་ཆགས་བརྒྱ་སྟོང་དུ་མ་ཆོ་ངེས་འདེབས་ཤིང་རྗེས་བཞིན་འབྲེང་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་རྣམས་ཆོ་ངེས་འདེབས་པ་མཐོང་ནས། ཡང་དབུགས་དབྱུང་པའི་ཕྱིར་སྨྲས་པ། ཁྱེད་རྣམས་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་བྱོས་ཤིག །འཇིག་རྟེན་བདེ་ལ་སྙིང་པོ་མེད། །ཐམས་ཅད་མི་རྟག་འགྱུར་བ་ཡིན། །དེ་བས་ཆོས་ཀུན་སྒྱུ་མ་ཞེས། །རྣམ་པ་ཀུན་དུ་ལྟ་བར་གྱིས། ཞེས་པ་མདོར་བསྡུས་ནས་ཆོས་བསྟན་ཏེ། བྲམ་ཟེ་དྲག་པོའི་མིག་ཁྲིད་ནས་ནོར་བུ་དང་རིན་པོ་ཆེའི་སྐྱེད་མོས་ཚལ་དུ་ཞུགས་སོ། །དེར་ཞུགས་མ་ཐག་དུ་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་དབང་པོའི་རྒྱལ་མཚན་དང་། བ་དན་དང་ནོར་བུའི་རྣམས། རིན་པོ་ཆེའི་སྐྱེད་མོས་ཚལ་ག་ལ་བ་དེར་འདུད་པར་འགྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་གྱི་སྒོ་གཅད་ནས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཆེན་པོའི་ཡན་ལག་གིས་མཆོག་འདི་ཁྱེར་ཤིག །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབུ་བདག་གིས་གཅོད་པ་རྔོ་མི་ཐོག་གོ །དེ་ནས་རྒྱལ་པོ་ཟླ་འོད་རལ་གྲི་རྣོན་པོ་ཐོགས་ནས་སྐྱེད་མོས་ཚལ་དེ་ན་དུས་ཐམས་ཅད་པའི་ཙམ་པ་ཀའི་ཤིང་ཡོད་པ་དེར་སོང་ངོ་། །དེའི་ཚེ་སྐྱེད་མོས་ཚལ་གྱི་ལྷ་མོ་དེས་བྲམ་ཟེ་དེ་བཟློག་པའི་ཕྱིར་སྨྲས་པས། ཀྱེ་མའོ་བྲམ་ཟེ་སྡིག་ལྡན་ཁྱོད། །ཡོན་ཏན་དཔག་ཏུ་མེད་ལྡན་པ། །རྒྱལ་པོ་ཟླ་འོད་ཉེས་མེད་པ། །མགོ་བོ་ཅི་ལྟར་གཅོད་པར་བྱེད། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས། སྐྱེད་མོས་ཚལ་གྱི་ལྷ་མོ་ལ་སྨྲས་པ། ལྷ་མོ་འདིའི་བར་ཆད་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ལྷ་མོ་སྔོན་འབྱུང་བ་ན་ངའི་ཡན་ལག་གི་མཆོག་མགོ་བོ་སློང་པ་ལ་ལྷ་མོ་ཅིག་གིས་བར་ཆད་བྱས་པས་ལྷ་མོ་དེས་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་ལ་ངས་ཀྱང་བླ་ན་མེད་པའི་ཡེ་ཤེས་ཡུན་རིང་པོ་ཞིག་གིས་ཐོབ་པར་མ་གྱུར་ཏོ། །ལྷ་མོ་ངས་རིན་པོ་ཆེའི་སྐྱེད་མོས་ཚལ་འདི་ཉིད་དུ་མགོ་སྟོང་སྙེད་ཡོངས་སུ་སྟོང་པ་བྱས་ན་ང་ལ་སུས་ཀྱང་བར་ཆད་མ་བྱས་སོ། །དེས་ན་ལྷ་མོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག་སློང་པ་ལ་བར་ཆད་མ་བྱེད་ཅིག །ལྷ་མོ་གང་དུ་ངས་སྟག་མོ་ལ་བདག་ཉིད་ཡོངས་སུ་བཏང་ཏེ། ལུས་ཡོངས་སུ་བཏང་པ་གཅིག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི་ཅུར་ཞུགས་པ་ཕྱིར་ལུས་པར་བྱས་པའི་ས་ཕྱོགས་འདི་ཡིན་ནོ། །དེ་ནས་ལྷ་མོ་དེ་རྒྱལ་པོ་ཟླ་འོད་ཀྱི་རྫུ་འཕྲུལ་ཆེན་པོ་དེ་མཐོང་ནས་རྒྱལ་པོ་དེ་ལ་སེམས་མགུ་བ་ཆེན་པོ་སྐྱེས་ཏེ། ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་ཡང་དག་པའི་སྨོན་ལམ་བཏབ་པ། ལྷ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་མིའམ་ཅི། །འབྱུང་པོ་མཐུ་ཆེན་ལྡན་པ་དེ་དག་འདིར་གསོན་ཅིག །བདག་འབད་འདི་ནི་མཐོ་རིས་བདེ་དང་རང་རྒྱལ་དང་། །འཇིག་རྟེན་ཕྱིར་མིན་འགྲོ་བ་སྡུག་བསྔལ་གདུངས་པ་ལ། །མ་སྒྲལ་སྒྲལ་ཞིང་མ་གྲོལ་གྲོལ་བར་བྱ་བའི་ཕྱིར། །ཡོངས་སུ་མྱ་ངན་མ་འདས་པ་རྣམས་འདས་བྱའི་ཕྱིར། །བདག་འབད་འབད་པ་ཀུན་ཏུ་གཞན་དོན་མཆོག་འགྱུར་ཕྱིར། །དེ་བཞིན་གཤེགས་པ་འཇིག་རྟེན་འདྲེན་པར་འགྱུར་བར་ཤོག །དེའི་སྐུ་གདུང་ཕྱོགས་སུ་རྒྱས་ཤིང་འཕེལ་གྱུར་ཏེ། །མཆོད་རྟེན་གྱུར་པས་འགྲོ་རྣམས་མཐོ་རིས་འགོད་པར་ཤོག །དེ་སྐད་ཅེས་སྨྲས་ནས། ཙམ་པ་ཀའི་ཤིང་ལ་གཙུག་ཕུད་བཅིངས་ནས་བྲམ་ཟེ་ལ་བོས་ཏེ་སྨྲས་པ། བྲམ་ཟེ་ཆེན་པོ་ཚུར་ཤོག །བགེགས་མ་བྱེད་པར་ངའི་མགོ་ཁྱེར་ཤིག །དེ་ནས་རྒྱལ་པོ་ཟླ་འོད་ཉིད་ཀྱི་ལུས་ཀྱི་མཐུ་དང་སྟོབས་ཡང་དག་པར་བསྐྱེད་ནས་བྲམ་ཟེ་ལ་སྙིང་རྗེ་ཆེན་པོ་ལྷན་ཅིག་ཏུ་འགྲོ་བ་དང་དབྱུང་པའི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ནས་མགོ་གཅད་དེ། བྲམ་ཟེ་དྲག་པོའི་མིག་ལ་བྱིན་ནོ་དུས་བྱས་པ་དང་ཚངས་པའི་འཇིག་རྟེན་ལས་ཤིན་ཏུ་འདས་ནས་ཕུལ་དུ་བྱུང་བ་དགེ་རྒྱས་ཀྱི་ལྷའི་ནང་དུ་སྐྱེས་སོ། །དེ་ནས་སྟོང་གསུམ་ས་ཆེན་རི་དང་བཅས། །ཀུན་ཏུ་བསྐྱོད་ཅིང་རྒྱ་མཚོ་འཁྲུགས་པར་འགྱུར། །ལྗོན་པ་མང་པོ་མེ་ཏོག་འབྲས་བུ་དང་བཅས་པ། །རླུང་གིས་བསྐྱོད་པ་བཞིན་དུ་དུས་ཅིག་འགུལ། རྫིས་བསྐྱོད་མེ་ཏོག་ཚོགས་རྣམས་སྤྲིན་བཞིན་ཆགས། །ལ་ལ་དག་ཏུ་འཕྲེང་བ་རྒྱུས་པ་བཞིན། །ལྷ་རྣམས་གུས་པའི་རྣ་ཆ་གཡོ་བཞིན་དུ། །དེའི་སྐུ་གདུང་འཛིན་པའི་ས་ཕྱོགས་དེར། །སྣ་ཚོགས་དྲི་དང་མེ་ཏོག་ཆར་པ་བབ། །གང་ན་རྒྱལ་པོ་ཟླ་འོད་དེའི་དབུ། །བྲམ་ཟེས་ཁྱེར་ཏེ་ཕྱི་རོལ་སོང་མ་ཐག །ཐམས་ཅད་མི་རྟག་འཇིག་རྟེན་སྟོང་སོ་ཞེས། །མྱ་ངན་ཤུགས་ཀྱིས་སྒྲ་རྣམས་འབྱིན་པར་གྱུར། །རྒྱུ་དེས་མི་རྟག་བདག་མེད་མངོན་གྱུར་ཏེ། །འཇིག་རྟེན་བདེ་ལ་སེམས་དཔའ་མེད་གྱུར་ནས། །བསམ་ཏན་མཐུ་རྣམས་རབ་དུ་བསྐྱེད་གྱུར་ཏོ། །ལྷ་རྣམས་ནང་དུ་སྐྱེས་པར་གྱུར་ཞེས་གྲགས། །འདི་ལྟ་བུའི་ཕྱིས་བྱུང་བའང་། རྒྱལ་པོ་ཟླ་འོད་དེ་བཞིན་གཤེགས་པ་སྟེ། །བྲམ་ཟེ་དྲག་པོའི་མིག་ནི་ལྷ་སྦྱིན་ཡིན། །བློན་པོ་ཟླ་བ་ཆེན་པོ་ས་འཛིན་གཉིས། ཤ་རིའི་བུ་དང་མོའུ་འགལ་གྱི་བུ་ཡིན་ནོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་སྦྱིན་པ་དང་སྨོན་ལམ་དང་གཞན་ལ་ཕན་པར་བྱེད་པའི་མཐུ་ནི་དཔག་ཏུ་མེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་ཆོས་ཀྱང་བྱ་དཀའ་བ་དུ་མས་བསྒྲུབས་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །རྒྱལ་པོ་ཟླ་འོད་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་བདག་ཉིད་ཀྱི་སྡུག་བསྔལ་ཁྱད་དུ་གསད་དེ་གཞན་གྱི་དོན་སྤྱོད་པ་ལ་ཞུམ་པ་མེད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་འབྱུང་བ་འདས་པའི་དུས་ན་ཡུལ་ཤི་པི་པ་ཞེས་བྱ་བའི་ལྗོངས་ཀྱི་གྲོང་ཁྱེར་ཆེན་པོ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་པ་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་ཀྱིས་འཕགས་པ་བྱུང་ཏེ། དེར་རེ་ཞིག་བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ཤི་པི་པའི་རྒྱལ་པོར་སྐྱེ་བ་ཡོངས་སུ་བཟུང་ངོ་ཞེས་གྲགས་སོ། །དེ་ནི་མིའི་འཇིག་རྟེན་ཡོངས་བཟུང་པ། གཞན་གྱི་མུན་པ་རབ་ཏུ་སེལ་བྱེད་པས། །མཚན་མོའི་མཚན་མ་ཟླ་འོད་དྲི་མེད་བཞིན། །རྣམ་པར་དཀར་བའི་དཔལ་གྱིས་ལྷམ་མེ་མཛེས། །དེའི་དད་པའི་ལྷུན་པོར་རབ་བརྟན་པས། །དགེ་བའི་ལམ་ལ་གཞན་པས་འཕགས་པར་གནང་། །རང་གཞན་དོན་ལ་ཉེས་སྤྱོད་རླུང་གིས་ནི། །རྣམ་པར་མ་གཡོས་དེ་ནི་རབ་དུ་བརྟན། །དེ་ནི་འཕགས་པའི་རིན་ཆེན་ཁོར་ཡུག་གིས། །རབ་དུ་བསྐོར་ཞིང་ཤིན་ཏུ་གསལ་བར་བཀྲམ། །སྐྱེ་དགུ་ལྷའི་ཚོགས་རྣམས་ཀྱིས་བརྟེན་པ། །དེའི་སྙིང་རྗེའི་སྤྲིན་ཕུང་གཡོ་བ་ལས། །སྦྱིན་པའི་ཆར་རྒྱུན་མངོན་པར་མཐོན་བྱས་ཏེ། །སྨན་པའི་ཞིང་ལ་ལེགས་པར་ཕབ་པ་ཡིས། །ཡོན་ཏན་མྱུ་གུ་སྣང་པར་བྱེད་འགྱུར་ཞིང་། །མངོན་མཐོའི་པད་ཚལ་རྒྱས་པས་འབྱོར་བ་ཡིས། །ཟེའུ་འབྲུ་རྣམས་ནི་དགའ་བས་དགོད་པ་བཞིན། །གསལ་བར་གྱུར་ཅེས་ལྷའི་རྔ་སྒྲ་བཞིན། །ས་ཡི་སྟེང་དུ་དེང་སང་དུས་ནའང་གྲགས། དེ་ལྟར་བདག་ཉིད་ཆེན་པོ་དེ་ཆགས་པ་མེད་པར་གཏོང་བ་ཆེན་པོ་ལ་ཡོངས་སུ་གནས་པས། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེས་པ་རྣམས་ལ་ཡོངས་སུ་མི་གཏོང་བ་མེད་ཅིང་། ཁྱད་པར་དུའང་ནད་ཀྱིས་གདུངས་པའི་སྐྱེ་བོ་རྣམས་ལ་ལྷག་པར་བརྩེ་བར་བྱེད་པ་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་ཡོན་ཏན་གྱི་དྲི་བསུང་སྐྱེ་བོའི་དག་གིས་རླུང་གིས་ཡོངས་སུ་ལྟས་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་པ་ལས། ཅི་ཙམ་ན་རྒྱལ་པོའི་ཕོ་བྲང་འཁོར་དེ་ནས་ཧ་ཅང་ཡང་ཐག་མི་རིང་པ་ཞིག་ན་མི་ཞིག་ནད་ཆེན་པོས་ཡོངས་སུ་ཟིན་ཅིང་། སྨན་པ་རྣམས་ཀྱིས་ཡོངས་སུ་བོར་བ་སྨན་གཞན་གྱིས་འཚོ་བའི་གོ་སྐབས་མེད་པ་ཞིག་རྒྱལ་པོའི་ཕོ་བྲང་འཁོར་དེར་འཁྱམ་ཞིང་དོང་པ་ལས། སའི་ཕྱོགས་དེར་ཕྱིན་པར་གྱུར་ཏོ། །དེའི་ཚེ་ཤི་པི་པའི་རྒྱལ་པོའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ། རྒྱང་རིང་མོ་ནས་འཕགས་པའི་སྐྱེ་བོ་འཕོངས་པ་དང་ནད་པ་རྣམས་ལ་ཕན་གདགས་པར་འདོད་པ་དེ། རྒྱལ་པོའི་ལོངས་སྤྱོད་ཀྱི་འབྱོར་པ་ཆེན་པོས་ཀྱང་བག་མེད་པར་མ་གྱུར་ཅིང་། བརྩོན་འགྲུས་དང་ལྡན་པས་ནང་པར་སྔ་བར་ལངས་ཏེ། བདག་ཉིད་ཀྱི་ཕ་མ་ལ་སྲིད་ཞུ་བྱེད་ཅིང་། ཀུན་ཏུ་ལྟ་བར་བྱེད་པ་དང་། སོས་ཀའི་དུས་ལ་བབ་པའི་སྐྱེད་མོས་ཚལ་གྱི་མེ་ཏོག་གི་འཕྲེང་པ་ཁ་འབུས་པ་ཀུན་ཏུ་འཛུམ་པ་ལྟ་བུའི་ཚོགས་ཀྱིས་གང་ཞིང་། ལྗོན་པའི་འཕྲེང་པ་ལོ་འདབ་གསར་པའི་རྒྱན་གྱིས་བརྒྱན་པས་ཡན་ལག་རླུང་གིས་བསྐྱོད་པའི་གར་མཛེས་པ་བྱེད་ཅིང་བྱའི་ཚོགས་རྣམས་སྒྲ་སྙན་པ་དུ་མ་དག་གིས་གླུ་དབྱངས་ཀྱི་བསྟོད་པ་ལྟ་བུ་དག་ཀྱང་ལྟ་འདོད་པའི་ཕྱིར་རང་གི་ཕོ་བྲང་ནས་བྱུང་ངོ་། །དེ་ནི་འཇིག་རྟེན་ལོངས་སྤྱོད་རྣམས། སྙིང་པོ་མེད་པར་གསལ་རིག་ཀྱང་། །གཞན་ལ་ཕན་པར་སྤྱོད་པ་ཡི། དམ་པས་འཇིག་རྟེན་ཚུལ་རིག་སྟོན། །ཀུ་མུ་དའི་འཕྲེང་པ་དག །རྟོག་པ་མེད་ཀྱང་ཟླ་འོད་དང་། །འཕྲད་པས་དགོད་པ་བཞིན་དུ་སྣང་། །དེ་ཡང་འཇིག་རྟེན་ཚུལ་རིགས་ཡིན། །དེ་བཞིན་དམ་པ་གཞན་གྱི་དོན་བརྩོན་པ། །འཇིག་རྟེན་ཕན་བྱེད་ཀུན་ཏུ་རྒྱུ་བ་ཡང་། །སྐྱེ་བོ་རྣམས་ཀྱི་བློ་བཞིན་རྗེས་འཇུག་པས། །སོ་ཀའི་སྐྱེད་མོས་ཚལ་གྱི་དགའ་སྟོན་དག །ལྟ་བ་བཞིན་དུ་ཕྱི་རོལ་ཀུན་ཏུ་རྒྱུ། །དེ་ལྟར་རྒྱལ་པོ་ཆེན་པོ་དེ་བདག་ཉིད་ཀྱི་བཙུན་མོའི་ཚོགས་དང་བློན་པོའི་འཁོར་ཉུང་ཟད་ཅིག་དང་བཅས་པ་སྙིང་རྗེའི་མིག་གིས་སྐྱེ་བོ་ཕོངས་པ་རྣམས་ལ་ལྟ་ཞིང་སྐྱེད་མོས་ཚལ་གྱི་གཞིར་སོང་བ་ན། མི་ཞིག་ནད་ཀྱིས་ཚོར་བ་དྲག་པོས་ཡོངས་སུ་གདུངས་པས་རང་ཉིད་ཀྱི་དབུགས་ངར་ངར་པོར་ནི་གྱུར། མིག་ནི་མཆི་མས་གང་། ལག་པ་ནི་འཁར་བ་ལ་བརྟེན་བཞིན་དུ་དལ་བུས་རྒྱལ་པོའི་དྲུང་དུ་འོངས་ནས། སྐད་ཆུང་ངུས་ལྷ་བདག་བྲོ་ནད་འདི་ལས་ཡོངས་སུ་བསྐྱབ་དུ་གསོལ། སྲོག་བསྩལ་དུ་གསོལ། ཞེས་སྙིང་རྗེ་རྗེ་སྐད་དུ་གསོལ་བ་འདེབས་སོ། །དེ་ནས་ས་བདག་སྙིང་རྗེའི་རང་བཞིན་ཅན། །སྐྱེ་བོ་ནད་ཀྱིས་གདུངས་པ་དེ་མཐོང་ནས། །གཞན་གྱི་སྡུག་བསྔལ་རང་གིས་འཁུར་གྱུར་པས། །མཆི་མ་གཡོ་བཞིན་བློན་པོ་རྣམས་ལ་སྨྲས། ཤེས་ལྡན་དག་དེང་ལ་ངའི་ཡུལ་ན་གནས་པའི་སྨན་པ་རྣམས་ཁུག་ཅིག་དང་། འདི་ལྟ་བུའི་མི་ནད་ཐམས་ཅད་ཀྱིས་གཟིར་བ་མགོན་སྐྱབས་མེད་པ་འདི་ནད་འདི་ལས་ཡོངས་སུ་ཐར་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་གྲོང་ཁྱེར་གྱི་སྨན་པ་རྣམས་ཡོངས་སུ་བསྡུས་ཏེ་རྒྱལ་པོའི་སྤྱན་སྔར་དོང་པ་ལས། བཀའ་སྩལ་པ་ཤེས་ལྡན་དག་མི་འདི་ནད་འདི་ལས་ཡོངས་སུ་ཐར་བའི་ཕྱིར། སྨན་པའི་གཙོ་བོ་ཁྱེད་རྣམས་ཀྱིས་སྨན་དང་དཔྱད་ཅི་ལྟ་བུས་འཚོ་བར་འགྱུར་བ་བརྟག་པར་གྱིས་ཤིག །སྨན་པ་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་འཚལ་ཞེས་རྒྱལ་པོའི་ལྟར་མཉན་ཏེ་ནད་པ་དེ་ལ་ཡོངས་སུ་བརྟགས་ཤིང་། བློ་གྲོས་ཅིག་དུ་མཐུན་པར་གྱུར་ནས། རྒྱལ་པོ་ལ་གསོལ་པ། ལྷ་འདིའི་སྨན་ནི་ཤིན་ཏུ་དཀོན་ལགས་སོ། །རྒྱལ་པོས་སྨྲས་པ། སྨན་དེ་ཅི་ལྟ་བུ་ཞིག །སྨན་པ་རྣམས་ཀྱིས་གསོལ་པ། ལྷ་འདིའི་སྨན་ནི་སྐྱེས་བུ་ཐོག་མར་བཙས་པ་ནས་ནམ་དུའང་གཞན་ལ་ཁོང་ཁྲོ་བ་མ་མྱོང་བ་ཞིག་གི་ཁྲག་ནས་ཐུག་དང་སྦྱར་ཏེ་སྩལ་དུ་ཡོད་ན་ནི་ནད་འདི་ཡོངས་སུ་གསོས་པར་འགྱུར་ལགས་ཀྱིས། གཞན་གྱིས་ནི་འཚོ་བར་མི་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་རྒྱལ་པོས་ཐོས་ནས་འདི་སྙམ་དུ་སེམས་སོ། །ནད་ཀྱི་སྡུག་བསྔལ་འགྱུར་པའི་སེམས་ཅན་ལ། །ཕན་པར་འདོད་ཀྱང་དེ་ལྟ་བུ་ཡི་སྨན། །སྙིང་རྗེའི་བདག་ཉིད་ཅན་ལ་ཤིན་ཏུ་དཀོན། །མི་རྣམས་རྒྱུད་ཀྱང་ཁྲོ་དང་བཅས་པ་ཡིན། །ཁྲོ་མེད་རྣམས་ཀྱང་ལུས་ལ་ཆགས་དང་བཅས། །དེ་བས་འདིར་ནི་རབ་བརྟགས་པས། །བདག་ནི་ཤེད་བྱེ་ཚུན་ཆད་དུ། །གཞན་ལ་ཁྲོས་པའང་ཡོང་མི་དྲན། །འདིར་ནི་གཞན་དུའང་བརྟག་བྱ་ཏེ། །སྦྱིན་པའི་ཚུལ་ནི་མ་ཉམས་བྱ། །དེ་ལྟར་བློ་ལ་ངེས་པར་གྱུར་ཏེ། །བདག་ཉིད་ཀྱི་ཕ་མའི་དྲུང་དུ་སོང་ཏེ་སྨྲས་པ། ཡབ་ཡུམ་བདག་སྔོན་སུ་ལའང་ལན་འགའ་ཁྲོས་པ་མ་མཆིས་སམ། སྨྲས་པ་བུ་ཁྱོད་ནི་གང་གི་ཚེ་བདག་ཅག་གི་སྤང་དུ་བླངས་པ་དེའི་ཚེ་ནི། བདག་ཅག་ཀྱང་ཁྲོ་བ་ཞི་བར་གྱུར་ན། ཁྱོད་ཀྱིས་སུ་ལའང་ཁྲོ་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སྨྲས་པ་ཐོས་ནས་བདག་ཉིད་ཆེན་པོ་དེ། ད་ནི་སྨན་རྙེད་པར་གྱུར་ཏོ་སྙམ་ནས། གཞན་ལ་ཕན་པའི་དགའ་བ་ཡིས། །རང་གི་སྡུག་བསྔལ་ཁྱད་གསད་དེ། །དགའ་བའི་གཏམ་སྙན་ཐོས་པ་བཞིན། །བཞིན་མདངས་ལྷག་པར་གསལ་བར་གྱུར། །དེ་ནས་སྨན་པ་རྣམས་ལ་སྨྲས་པ། ཁོ་བོའི་ལུས་ཀྱི་རྩ་རྣམས་གྲོལ་ལ་སྨན་དུ་བྱ་བ་དེ་གྱིས་ཤིག །སྨན་པ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་ནི་མི་ཕལ་པའི་ཆེད་དུ་ལྷའི་སྐུ་ལ་མཚོན་གྱིས་འདེབས་པར་མི་བགྱིད་དོ། །དེ་ལ་རྒྱལ་པོས་སྨྲས་པ། སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་ཞི་བྱེད་ཅིང་། །མགོན་མེད་མགོན་དུ་གྱུར་པས་རྒྱལ་པོར་ཞེས། །གྲགས་པའི་མིང་ནི་དོན་ཡོད་མི་འགྱུར་བའི། །རྒྱལ་སྲིད་འཛིན་ལ་མཁས་པ་སུ་ཞིག་སེམས། །ཁྱུ་མཆོག་བཞིན་དུ་འབངས་ལ་ཕན་བྱེད་པ། །ས་བདག་དེ་ནི་ལྷ་ཞེས་བརྗོད་པ་ཡིན། །ཁྲག་ཙམ་གྱིས་ནི་གཞན་ལ་ཕན་གྱུར་པ། །དམ་པ་སུ་ཞིག་དེ་ལ་དགའ་མི་བྱེད། །དོན་མེད་རྨོངས་པས་འཇིག་རྟེན་འཁོར་བ་ན། །གཞན་ལ་ཕན་པ་ཏིལ་ཙམ་མེད་པར་ཡང་། །ཁྲག་ཟགས་པ་དག་རྒྱ་མཚོའི་ཀླུང་དང་མཉམ། །དེ་བས་འདིར་ནི་རང་གཞན་དོན་ཅན་ཕྱིར། །གྲོགས་མི་བྱེད་པ་བདུད་ཀྱི་དབང་དུ་འགྱུར། །དེ་ལྟར་རྗེས་སུ་བསྟན་ནས་བདག་ཉིད་ཆེན་པོ་དེས་རང་ཉིད་ཀྱིས་མཚོན་རྣོན་པོ་བླངས་ཏེ། ཡན་ལག་གི་རྩ་བོ་ཆེ་དག་གཏུབས་ཏེ། ཁྲག་དང་ནས་ཐུག་ཡོངས་སུ་སྦྱར་བས་ནད་པ་དེ་ལ་བླུད་དོ། །དེ་ལྟ་བུའི་སྤྱོད་པ་དེ་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་གྲོང་གི་མི་རྣམས་ཀྱིས་མཐོང་ཞིང་ཐོས་པར་གྱུར་ནས་རྒྱལ་པོ་ཉམ་ཉེས་པར་གྱུར་དུ་དོགས་ནས་མྱ་ངན་བྱེད་པ་ལ་ཞུགས་པར་གྱུར་ཏོ། །ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀྱང་འདི་སྐད་དུ་བརྗོད་པར་གྱུར་ཏེ། མི་ངན་ཕལ་པ་ཅིག་ཕྱིར་སའི་བདག །ཤི་པིའི་རྒྱལ་པོའི་ལུས་ཉམས་གྱུར་བྱེད་པ། །འདི་ནི་རྒྱལ་སྲིད་མཆོག་གི་ཚུལ་ཉམས་པས། །ཚུལ་མིན་ལམ་ལ་བཟོད་པའི་སྐྱེ་བོ་ཉམས། །ས་བདག་སྙིང་རྗེའི་རང་བཞིན་མཐུ་ཆེ་ཡང་། །ཅི་ཕྱིར་རྒྱལ་སྲིད་ཉམས་པར་མི་འགྱུར་དྲང་། །དེ་ལྟར་སྨྲ་བར་གྱུར་པ་ལས། རྒྱལ་པོ་དེས་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་དབུགས་ཕྱུང་ཞིང་། ཐབས་དེས་ཟླ་བ་དྲུག་དུ་རང་གི་ལུས་ཀྱི་ཁྲག་གིས་ནད་ཀྱིས་ཡོངས་སུ་བཏབ་པའི་སྐྱེ་བོ་དེ་འཚོ་བར་བྱས་ཤིང་དེའི་ནད་ཞི་བར་གྱུར་ཏོ། །གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་ཀྱང་སྐྱེས་བུ་དམ་པ་དེའི་ལུས་ཀྱི་སྟོབས་དང་གཟི་བརྗིད་ལྷག་པར་བསྒྲུབ་པ་ལ་བརྩོན་པར་གྱུར་ཏེ། ས་བདག་དེ་ནི་སྙིང་རྗེའི་མཐུ་ཆེ་བས། བདག་གི་སྡུག་བསྔལ་རིང་དུ་སྤངས་པར་འགྱུར། །ཙན་དན་དམར་པོ་ལྟ་བུའི་ཁྲག་གི་རྒྱུན། །དེ་ཡང་ཡོངས་སུ་ཟད་པར་གྱུར་མེད་ཅིང་། །སྟོབས་ཀྱང་མ་ཉམས་གཟི་བརྗིད་མ་ཉམས་པས། །སྐྱེ་དགུ་རྣམས་ནི་ལྷག་པར་ངོ་མཚར་གྱུར། །དེའི་མཐུ་ཡིས་ལྷ་རྣམས་ཡིད་གཡོས་ནས། །གྲགས་པ་སྙན་པའི་དྲི་བསུང་བཟང་པོ་དག །སྲིད་གསུམ་འཕྲོ་བས་གསལ་བར་བྱེད་པ་བཞིན། །སྟོབས་དང་གཟི་བརྗིད་རབ་ཏུ་བསྒྲུབ་པར་གྱུར། །གང་གི་ཚེ་མི་དེའི་ནད་ཞི་བར་གྱུར་པ་དེའི་ཚེ། ཤི་པིའི་རྒྱལ་པོས་མི་དེ་ལ་གྲོང་བརྡལ་གྱི་མཆོག་ལྔ་བྱིན་ནས་བཱ་ར་ཎཱ་སེ་ན་གཙོ་བོར་བཀུར་གྱུར་ཏོ། །དེ་ལྟ་བུའི་རྨད་དུ་བྱུང་པའི་སྤྱོད་པ་ཆེན་པོས་ཕན་གདགས་པའི་སྒྲ་སྤྲིན་གྱི་རྔ་སྒྲ་ལྟ་བུར་ཕྱོགས་ཀུན་ཏུ་རྒྱལ་བར་གྱུར་པ་ལས། སྐྱེ་བོའི་ཚོགས་རྣམས་ཀྱི་ཆེད་དུ་བརྗོད་པ། ཨེ་མའོ་ས་བདག་རྒྱལ་པོ་ཆེ། འབངས་ལ་ཕན་པའི་དོན་སྤྱོད་པ། །བདག་གི་ལུས་ལ་ལྟོས་མེད་པས། །ཁྲག་ཀྱང་ཡོངས་སུ་སྦྱིན་བྱེད་པ། །དེ་ལྟར་སྐྱེས་བུ་གཞན་དག་གིས། །བཏུང་བའང་སྦྱིན་པར་བྱེད་མི་འགྱུར། །གསེར་གྱི་རི་བོ་ལྟ་བུའི་ལུས། །པད་མོའི་འདབ་མ་ལྟར་འཇམ་པ། །ཨུཏྤལ་མཛེས་འདྲའི་སྤྱན་གྱིས་ནི། །གཟི་བྱིན་ཚོན་ཆ་རྣོན་པོ་ཡིས། །མངོན་དུ་ཕུག་ཏེ་ཁྲག་གི་རྒྱུན། །གཞན་ལ་ཕྱུང་པ་ལྟ་བུར་དགོངས། །གང་གི་ནད་ཀྱི་སྡུག་བསྔལ་དག གསོ་བྱེད་སྨན་པ་ཅིག་པུ་སྟེ། །སླར་ལ་འབྱོར་པའི་ཡུལ་གྲུ་རྣམས། །སྐྱེས་བཞིན་སྦྱིན་པར་མཛོད་དོ་ཞེས། །མཐོང་ཞིང་ཐོས་ཀྱང་རྨི་ལམ་བཞིན། །ཐེ་ཚོམ་ཟ་བར་བྱས་པ་འདྲ། འདི་འདྲའི་ས་བདག་གིས་བཟུང་བའི། །སྐྱེ་བོ་རྣམས་ནི་སྐལ་བར་བཟང་། །ས་བདག་ཕལ་ཆེར་རང་གི་སྲིད་ལས་རང་དབང་གྱུར་པ་བདག་ཉིད་ཀྱི། །ལུས་སྲུངས་ཕྱིར་དང་གནས་སྐབས་བདེ་བ་འཚོལ་བའི་ཕྱིར་དུ་རྒྱལ་སྲིད་སྤྱོད། །སྙིང་རྗེའི་བདག་ཉིད་འགྲོ་ལ་བརྩེ་བས་རང་གི་ལུས་ལ་ལྟོས་མེད་པར། །རྒྱལ་པོའི་གཙུག་ལག་འགལ་བར་བྱས་བཞིན་ཉིད་ཀྱི་ལུས་ཀྱང་ལྟོས་མེད་བཏང་། །ཞེས་བྱ་བ་ལ་སོགས་པའི་བསྟོད་ཅིང་། རྨད་དུ་བྱུང་བའི་སྤྱོད་པ་ལ་དགའ་བའི་མིག་བསྒྲད་པའི་སྐྱེ་བོ་ལྷགས་པ་རྣམས་ཀྱིས་མི་དེ་ལ་དྲིས་པ། ཀྱེ་ནང་རྗེ་ཁྱོད་ལ་རྒྱལ་པོས་རང་གི་ཁྲག་གིས་འདི་སྲིད་ཅིག་རིམ་གྲོ་བྱས་སོ་ཞེས་གྲགས་པ་རྨད་དུ་བྱུང་བའི་སྤྱོད་པ་དེ་བདེན་ནམ། དེ་སྐད་ཅེས་དྲིས་པ་ན་ངན་པའི་བདག་ཉིད་ཅན་དེས་སྨྲས་པ། བདག་ལ་དེ་ཡིས་ཅི་ཞིག་བྱས། ངན་ཁྲག་ལྟ་ཞིག་ས་ལ་ཕོའམ་གཞན་ལ་བྱིན་ཡང་རུང་ཏེ། དེ་ལ་ངོ་མཚར་ཅི་ཞིག་ཆེ། དེ་སྐད་ཅེས་སྨྲས་མ་ཐག་ཏུ། བྱས་པ་མི་བཟོ་རྨད་བྱུང་དེ་རྨད་པས། །དེ་མ་ཐག་ཏུ་དེའི་ཁང་ཁྱིམ་ནོར། །ཉེ་འཁོར་བཅས་པ་མེ་རུ་འབར་གྱུར་ཏེ། །ནགས་ཀྱི་མེ་ལྕེ་བཏུམས་པས་རྩ་བཞིན་བསྲེགས། །ཕན་འདོགས་བྱེད་ལ་བྱས་པ་མི་གཟོ་བ། །དེའི་ཉེས་པ་འདིར་ནི་མངོན་སུམ་གྱུར། །འདི་ལྟ་བུའི་ཕྱིས་བྱུང་བའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཤི་པི་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མི་གཏི་མུག་པ་ཤེས་པ་དྲིན་དུ་མི་གཟོ་བའི་བདག་ཉིད་དེ་ནི། ལྷ་སྦྱིན་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་གཞན་གྱི་དོན་ལ་བརྩོན་པའི་སྟོབས་ལྷོད་པར་མི་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ཕན་པར་བྱེད་པ་ལ་བྱས་པ་དྲིན་དུ་མི་གཟོ་བ་ནི་མྱུར་དུ་སྡུག་བསྔལ་བར་འགྱུར་རོ་ཞེས་དྲིན་དུ་མི་གཟོ་བའི་ཉེས་དམིགས་བསྟན་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཤི་པི་པའི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་གསུམ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སྲིད་པ་གཞན་དུ་ཡིད་སྐྱོ་བ་ལ་གོམས་པར་གྱུར་ཅིང་། ཡང་དག་པས་སྤྱོད་པས་འཇིག་རྟེན་གསལ་བར་སྟོན་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་མི་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་གྱུར་པ་ན། འཛམ་བུའི་གླིང་འདི་ཉིད་དུ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཞེས་བྱ་བ་བྱུང་ངོ་ཞེས་གྲག་གོ །དེ་ནི་བྲམ་ཟེའི་རིགས་ཆེན་པོར་སྐྱེས་ཤིང་སྐྱེ་བའི་ལས་ཐམས་ཅད་རྫོགས་པར་བྱས་པ། རིགས་བྱེད་དང་གསང་ཚིག་ལ་སོགས་པའི་ཡོན་ཏན་གྱི་གནས་ལེགས་པར་ཁོང་དུ་ཆུད་ཅིང་། སྦྱངས་པའི་སྟོབས་ཀྱིས་སེམས་ཅན་ལ་ཕན་པར་བྱེད་པའི་བསམ་པ་ཅན་དུ་གྱུར་ཏོ། །དེ་ནི་རྨད་དུ་བྱུང་བའི་རིགས་སྐྱེས་པ། སྤྱོད་ཚུལ་མ་ཉམས་རང་བཞིན་བཟང་པོས་བརྒྱན། །དེའི་རྒྱུད་ནི་མཁའ་བཞིན་དྲི་མ་མེད། ཆུ་གཙང་བཞིན་དུ་སྐྱེ་འགྲོའི་ཉེར་སྤྱད་ཆེ། །འཇིག་རྟེན་རྒྱན་བྱེད་འཕྲེང་བ་རྒྱུས་པ་བཞིན། །ཚངས་པ་བཞིན་དུ་བྱམས་པའི་དཔལ་གྱིས་མཛེས། །རིགས་བྱེད་ཚུལ་གྱིས་བསྟན་ཆོས་ཉེར་སྟོན་པ། །དེ་ནི་ཆོས་དང་དགའ་བ་ཡོང་མི་བྱེད། དེའི་ཚེ་འཛམ་བུའི་གླིང་འདི་ཉིད་ཀྱང་འབྱོར་ཞིང་རྒྱས་ལ་བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོས་གང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་བྱེད་ལྡན་ཞེས་བྱ་བ་རྣམ་པར་དག་པའི་སྤྱོད་ཚུལ་གྱིས་ས་ཆེན་པོ་སྐྱོང་པར་བྱེད་པ་བྱུང་ངོ་། །དེའི་ཚེ་མི་རྣམས་ཐམས་ཅད་ཀུན། །འདོད་པའི་བདེ་བ་ལྡན་པ་སྟེ། །ཚ་དང་གྲང་པ་བཀྲེས་བསྐོམ་དང་། འདོད་དང་ཟ་དང་དགའ་བ་ཡིས། །ནད་ཀྱི་ཉེས་པ་མ་གཏོགས་པ། །གཞན་གྱི་འཁྲུག་པ་མེད་པར་གྱུར། །ལྗོན་པ་མེ་ཏོག་འབྲས་བུ་རྣམས། །དུས་སུ་སྨིན་ཅིང་ལེགས་སྐྱེས་པས། །སྐྱེ་བོ་དགའ་བར་བྱེད་པ་ཡི། །ཅ་ཅོ་འཕེལ་བར་བྱེད་པ་བཞིན། །རྣམ་པར་གཡེང་པའི་རྐྱེན་གྱུར་པ། །དེ་ལྟར་ཀུན་ཏུ་གནས་པར་གྱུར། དེའི་ཚེ་རྒྱལ་པོ་བྱེད་ལྡན་གྱི་སྐྱེད་མོས་ཚལ་དམ་པ་ན། ཤིང་ནྱ་གྲོ་ཏའི་རྒྱལ་པོ་ཤིན་ཏུ་རབ་ཏུ་གནས་ཞེས་བྱ་བ་ཞིག་ཡོད་དེ། དེའི་དྲུང་ན་བྲམ་ཟེ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་གསང་ཚིག་སློབ་དུ་འཇུག་གོ །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་གཅིག་པུ་དབེན་པར་སོང་ནས་སེམས་པ་ལས། སེམས་ཀྱི་རྟོག་པས་འདི་ལྟ་བུ་སྐྱེས་ཏེ། མི་རྣམས་ནི་ཚེ་ཐུང་ལ་ཚེ་ཕྱི་མར་འགྲོ་དགོས་ཏེ། སྐྱེས་པ་ལ་མི་འཆི་བ་མེད་པས་དགེ་བ་བྱ་ཞིང་ཚངས་པར་སྤྱོད་པ་སྤྱད་དགོས་ན་འོན་ཀྱང་ད་ལྟར་གྱི་མི་འདི་དག་ནི་འདི་ལྟ་སྟེ། དོན་སྤྱད་པ་དང་། བསོད་ནམས་སྤྱད་པ་དང་དགེ་བ་སྤྱད་པ་ལས། སེམས་ལས་ཆུང་ངུར་གནས་པར་བྱེད་ཀྱིས་མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ལ་གོས་ངུར་སྨྲིག་བགོས་ཏེ། དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་མོ། །ཀྱེ་མ་འཇིག་རྟེན་སྐྱེ་བོ་རྣམས། །སྟོན་གྱི་དུས་ཚིགས་གསལ་བྱེད་པ། །ཟླ་འོད་གསལ་བར་གྱུར་པ་དང་། །འབྲས་བུ་སྨིན་ཅིང་ལྷུང་པ་དང་། །སོས་ཀའི་དུས་ན་མྱུ་གུ་དང་། །ལོ་འདབ་སྐད་སྙན་གསལ་སྒྲོགས་པ། །ཁུ་བྱུག་ཅ་ཅོ་འབྱིན་པ་དག །མཐོང་བའི་རྐྱེན་གྱིས་ལང་འཚོ་འདི། །འགྱུར་ཞེས་མྱ་ངན་མི་བྱེད་པར། །དགའ་བ་འདི་ནི་གནས་མ་ཡིན། །སོས་ཀ་མེ་ཏོག་རྒྱས་པའི་དཔལ་བསྟན་པ། །ཡུད་ཙམ་གྱིས་ནི་སྨིན་ཅིང་རྙིངས་པ་དང་། །ལང་ཚོའི་རྨ་བྱ་དགའ་བས་གར་བྱེད་པ། །ལོངས་སྤྱོད་འདབ་གཤོག་ཉམས་ནས་གཞན་གྱུར་ཚེ། །འཇིག་རྟེན་པ་རྣམས་མྱ་ངན་གནས་སུ་འགྱུར། །ཀྱེ་ཧུད་འཇིག་རྟེན་བློན་པོ་རབ་ཏུ་ཉམས། བྲམ་ཟེ་ཆེན་པོ་དེས་དེ་ལྟར་བློ་ལ་ངེས་པར་བྱས་ནས། བདག་ཉིད་ཀྱི་རྗེས་སུ་འཇུག་པའི་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ་བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །འཇིག་རྟེན་གནས་པ་འདི་ནི་འདི་ལྟ་ཏེ། བག་མེད་པ། འདོད་པ་ལ་མངོན་པར་ཞེན་པ། སྡུག་བསྔལ་བརྒྱ་ཕྲག་དུ་མས་རྣམ་པར་གཙེས་པ། ཉམ་ང་བ་དང་གནོད་པ་དུ་མས་ཟིལ་གྱིས་ནོན་པ། སྲིད་པ་ཀུན་ཏུ་འཁོར་བའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཉེས་པའི་མུན་པ་སེལ་བས་ཉི་མ་ལྟ་བུ། ཉོན་མོངས་པའི་གདུང་པ་སེལ་བས་ཟླ་བ་ལྟ་བུ་འཁོར་བའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་གྲུ་བོ་ཆེ་ལྟ་བུ་དྲང་སྲོང་ཆེན་པོ་རྣམས་ཀྱིས་རྒྱན་དུ་བྱེད་པས་མེ་ཏོག་གི་འཕྲེང་བ་ལྟ་བུ་ཡིན་ཏེ། དེ་བས་ན་ཁོ་བོ་ནི་རབ་ཏུ་བྱུང་བར་བྱེད་ན་ཤེས་ལྡན་རྣམས་ཅི་བྱེད། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་གསོལ་པ། ཀྱེ་མཁན་པོ་བདག་ཅག་གི་གང་ཅུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་ལ་བརྟེན་ནས་ལགས་པས་གལ་ཏེ་མཁན་པོ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་གྱོན་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བདག་ཅག་ཀྱང་མཁན་པོའི་རྗེས་སུ་རབ་ཏུ་འབྱུང་ངོ་། །སྨྲས་པ་བྲམ་ཟེའི་ཁྱེའུ་དག་ཁྱེད་ཀྱི་ཚངས་པར་སྤྱོད་པས་ནུས་ན་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་བྲམ་ཟེ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་འཁོར་གྱི་ཚོགས་དང་བཅས། །ཐུབ་པས་བསྔགས་པའི་ཡོན་ཏན་རྨད་བྱུང་བ། །ཚངས་སྤྱོད་བརཏལ་ཞུགས་མཆོག་དེ་ལེགས་བཟུང་ནས། །འདོད་པའི་རྣམ་གཡེང་རིང་དུ་སྤངས་བྱས་ཏེ། །བསམ་གཏན་གནས་ལ་རབ་ཏུ་བརྟེན་བྱེད་ཅིང་། །ཤེས་རབ་མཐུ་ཡིས་འཇིག་རྟེན་རྗེས་སུ་སྟོན། །དེ་ལྟར་བྲམ་ཟེ་ཆེན་པོ་དེ་འཁོར་དང་བཅས་པ་རབ་ཏུ་བྱུང་ནས་ཀྱང་བག་ཡོད་པར་དབེན་པ་དང་བསམ་གཏན་ལ་མངོན་པར་བརྩོན་པར་བྱས་ཏེ། མྱ་ངན་ལས་འདས་པར་མི་འགྱུར་བའི་སྒྲིབ་པ་ལྔ་སྤངས་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེ་བ་གྱུར་པ་ཚད་མེད་པ་ཤིན་ཏུ་སྒོམས་པས་མོས་ཏེ་ཁྱབ་པར་བྱས་ན་རྫོགས་པར་བྱས་ཏེ། དེའི་མཐུས་བདག་ཉིད་ཆེན་པོ་དེས་མངོན་པར་ཤེས་པ་དང་བསམ་གཏན་དང་ཚད་མེད་པ་རྣམས་ཐོབ་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བའི་མིང་གང་ཡིན་པ་ནུབ་པར་གྱུར་ཅིང་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བར་གྲགས་སོ། །དེས་བྲམ་ཟེའི་ཁྱེའུ་རྣམས་ལ་འདི་ལྟ་བུའི་གདམས་པ་དག་རྗེས་སུ་སྟོན་པར་བྱེད་དེ། བྲམ་ཟེའི་ཁྱེའུ་དག་མི་རྣམས་ནི་ཚེ་ཐུང་པ། ཉོན་མོངས་པ་རིང་པོར་མི་ཐོགས་པ་ཡིན་ལ་དེ་ཡང་སྡུག་བསྔལ་བ་དང་ལྡན་ནོ། །དཔེར་ན་རྩྭའི་རྩེ་མོ་ཆགས་པའི་ཟིལ་པ་ནི། ཉི་མ་ཤར་བའི་ཚེ་མྱུར་དུ་ལྷུང་ཞིང་རིང་པོར་མི་གནས་སོ། །བྲམ་ཟེའི་ཁྱེའུ་དག་དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཟིལ་པ་དང་འདྲ་བར་རིང་པོ་མི་ཐོགས་པར་ཉོན་མོངས་པ་ཡིན་ལ་དེ་ཡང་སྡུག་བསྔལ་བ་དང་ལྡན་ནོ། །དཔེར་ན་ཆུ་ལ་རི་མོ་མཁན་གྱི་རི་མོ་བྲིས་པ་ནི་མྱུར་དུ་འཇིག་ཅིང་རིང་པོར་མི་གནས་སོ། །བྲམ་ཟེའི་ཁྱེའུ་དག་དེ་བཞིན་དུ་མི་རྣམས་ཀྱི་ཚེའང་ཆུའི་རི་མོ་བཞིན་དུ་རིང་པོར་མི་གནས་པར་ཉོན་མོངས་པ་ཡིན་ལ་དེ་ཡང་སྡུག་བསྔལ་བ་དང་ལྡན་ནོ། །གཞན་ཡང་ཚེ་འདི་མི་རྟག་སྐད་ཅིག་གཡོ་བ་ཏེ། །ཇི་ལྟར་ཆུ་ཀླུང་དབུས་སུ་རྡོ་རྗེ་དག །ལྷུང་ན་རིང་པོར་མི་ཐོགས་འོག་ཏུ་བྱིང་། །དེ་བཞིན་ཚེ་ཡང་སྐད་ཅིག་མི་གནས་ཏེ། །སྡུག་བསྔལ་ཆུ་བོའི་གཏིང་དུ་འབྱིན་པའོ། །ཇི་ལྟར་དབྱུག་པ་གནམ་དུ་འཕངས་པ་ནི། སྐད་ཅིག་མི་གནས་ས་ལ་ལྷུང་པ་བཞིན། །དེ་བཞིན་ཚེ་ཡང་སྐད་ཅིག་མི་བརྟན་ནོ། །དཔེར་ན་གསོད་པའི་གཤེད་མས་ཁྲིད་པ་ཡི། །གོམ་པ་ཅི་ཙམ་དོར་བ་འཆི་དང་ཉེ། །དེ་བཞིན་སྐད་ཅིག་དུས་ཀྱང་དེ་དང་མཚུངས། །དཔེར་ན་རི་གཟར་རི་ལ་ཆུ་འབབ་པ། །སྐད་ཅིག་མི་གནས་གཡོ་བཞིན་མྱུར་བར་འགྲོ། །དེ་བཞིན་མི་རྟག་ཚེ་ཡང་ཆུ་བོ་བཞིན། །སྐད་ཅིག་མི་གནས་རྣམ་པར་གཡོ་བར་འགྱུར། །ཇི་ལྟར་གློ་བུར་ཤུགས་དྲག་འབབ་པའི་ཆུ། གཙང་ཞིང་གེལ་པ་མང་པོ་དེད་ནས་ཀྱང་། །འུར་འུར་སྒྲ་འབྱིན་འཇིགས་པ་ལྟར་བྱེད་ཅིང་། །སླར་ཡང་གཡོ་ཞིང་མྱུར་དུ་ཞི་བ་ལྟར། །ལང་ཚོའི་དུས་ཀྱི་སྲེད་པའི་ཆུ་བོ་དག །ཡུལ་གྱི་རྩ་ཤིང་གེལ་པ་མང་པོ་རྣམས། །བསྡུས་ཤིང་དོན་མེད་རྣམ་པར་བཅོམ་གྱུར་ཏེ། །མི་རྟག་མྱ་ངན་ཤུགས་ཀྱིས་ཉམས་པར་གྱུར། །དེ་བས་ཅི་ནས་བྲམ་ཟེའི་ཁྱེའུ་དག །འདུ་བྱེད་མི་རྟག་ཆོས་ནི་སྟོང་པ་དང་། །བདག་མེད་རབ་ཏུ་ཞི་བའི་ཚུལ་གྱིས་ནི། །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་དང་། །རྣམ་ཐར་བསམ་གཏན་ཟིལ་གྱིས་མནན་བྱས་ན། །རིང་པོ་མི་ཐོགས་མྱ་ངན་འདའ་བར་འགྱུར། ཞེས་བྱ་བ་ལ་སོགས་པའི་གདམས་པ་རྗེས་སུ་བསྟན་ཞིང་། བསམ་གཏན་དང་ཚད་མེད་པ་དག་ལ་སེམས་ཅན་དཔག་ཏུ་མེད་པ་བཀོད་དོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པ་ནི་འཇིག་རྟེན་གྱི་བདེ་བ་ལ་མ་ཆགས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་གཟུངས་ཤིང་གཞན་གྱི་དོན་ཡོངས་སུ་སྤྱད་པར་བྱའོ། །སྟོན་པ་རྩིབས་ཀྱི་མུ་ཁྱུད་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་བཞི་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་དུ། བཟོད་པའི་གོ་ཆ་བགོས་ཏེ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་གཞན་གྱི་དོན་ཡོངས་སུ་སྤྱོད་པ་ལ་སྐྱོ་བ་མེད་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། ཐ་དད་དུ་གནས་པའི་སྐལ་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་རྒྱ་ཆེར་བྱུང་བ་ཞེས་བྱ་བ་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །དེ་ལྟ་བུའི་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་དམ་པའི་ཆོས་ཀྱང་ཡོངས་སུ་ནུབ་ཏུ་ཉེ་བར་གྱུར་ཅིང་། བསྟན་པའི་གཟུགས་བརྙན་ལ་ཉེ་བར་སྤྱོད་པར་གྱུར་པའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ནི་གསུམ་རིག་དབང་པོ་ཐུལ་བ་དང་། །སྙིང་རྗེའི་བདག་ཉིད་གཞན་དོན་ཁོ་ན་སེམས། །བདག་གི་དོན་ནི་དེ་ལ་སེམས་པ་མེད། །ཆོས་རྣམས་གཏོང་ཞིང་ཞི་བ་དེས་རྟོགས་ནས། །བདག་གི་རྒྱུད་ནི་བཟོད་ཅིང་དེས་པའི་ངང་། སྨད་པའི་ཚིག་ཀྱང་གཏམ་སྙན་ཐོས་པ་བཞིན། །འཛུམ་པའི་མདངས་ཀྱི་ཞལ་གྱི་པད་མོ་ནས། །སྙན་ངག་གེ་སར་ཀུན་ཏུ་འཐོར་བར་བྱེད། ཐབས་ལ་མཁས་ཤིང་བདག་ཉིད་སྦྱངས་པ་ཡིས། །རྒྱལ་བའི་བསྟན་དེ་ཐ་མར་གྱུར་རིག་ནས། ཀུན་དུ་ཆོས་ལམ་གསལ་བར་སྟོན་ལ་ཞུགས། །དེ་ཡང་དེར་ནི་བསམ་གྱིས་མི་ཁྱབ་སྟོན། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། ཡོན་ཏན་གྱི་མཐུ་ཆེ་བའི་བདག་ཉིད་ཅན་དུ་གྱུར་དུ་ཟིན་ཀྱང་། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྙས་པ་ཞེས་ཅིའི་ཕྱིར་གྲགས་ཤེས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བསྟན་པ་སྙིགས་མ་ལ་བབ་ཅིང་ང་རྒྱལ་དང་ཉོན་མོངས་པས་ཟིལ་གྱིས་མནན་པའི་དགེ་སྦྱོང་དང་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་མཐོང་ཞིང་དེ་རྣམས་ལ་སྙིང་རྗེ་ཆེན་པོའི་དབང་གིས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་བཞག་པའི་ས་བོན་སྐྲུན་པའི་སླད་དུ། དེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་ལ་སོགས་པ་མིག་ལམ་དུ་གང་མཐོང་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་དུ། ཚེ་དང་ལྡན་པ་དག་ཁོ་བོ་ནི་ཁྱེད་རྣམས་ལ་བརྙས་པར་མི་བྱེད་དེ། རྟག་ཏུ་མི་བརྙས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིག་དང་། ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བརྩེ་བའི་ཤུགས་ཀྱིས་དེ་སྐད་དུ་སྨྲ་བ། དགེ་སློང་ལ་སོགས་པ་དེ་དག་གིས་ཐོས་ནས། འཁོར་བཞི་པོ་དེ་དག་ཕལ་ཆེར་ང་རྒྱལ་དང་གཏི་མུག་གི་དབང་དུ་གྱུར་པས་རྒྱུད་ཁྲོ་བས་ཟིལ་གྱིས་གནན་ཅིང་སྐྱེས་བུ་དམ་པ་དེ་ལ་གནོད་པར་སེམས་ལ། མ་དད་པ་སྐྱེས་ནས་གཤེ་ཞིང་སྤྱོད་ཏེ། འདི་སྐད་ཅེས་ཀྱང་སྨྲའོ། །ཀྱེ་དགེ་སྦྱོང་འདི་ཅིའི་ཕྱིར་མ་དྲིས་པར་བདག་ཅག་ལ་བརྙས་པའི་སེམས་མེད་དོ། །ཞེས་བདག་ཉིད་བརྙས་པར་བྱེད་ཅིང་མ་བསམ་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་ཅག་ལུང་སྟོན་ཅེས་སྐྱེས་བུ་དམ་པ་དེའི་ཚིག་མེ་ཏོག་གི་འཕྲེང་བ་ལྟར་ཀུན་ཏུ་མཛེས་པ་དེ་ཡང་ཁྱད་དུ་བསད་དེ་བཞད་བགད་གྱི་གནས་སུ་བལྟ་བར་གྱུར་པས་དེའི་མིང་རྟག་ཏུ་བརྙས་པ་ཞེས་བྱ་བར་གྱུར་ཏོ། །སྙིང་རྗེའི་བདག་ཉིད་གཞན་ལ་ཕན་བརྩོན་པ། དེ་ཡིས་ཡིད་དུ་འོང་ཞིང་སྙན་པའི་ངག །སྨྲས་པར་གྱུར་ཀྱང་བསྟན་པའི་སྙིགས་མ་ལ། །བབ་པའི་དབང་གིས་བདུད་ཀྱི་གཉེན་གྱུར་པའི། །སྐྱེ་བོ་དེ་དག་ཚིག་ངན་སེར་བ་ཡིས། །རང་གི་དགེ་བའི་ལོ་ཐོག་བརླག་བྱེད་ཅིང་། །ང་རྒྱལ་འབྲུག་སྒྲ་དྲག་པོ་སྒྲོགས་པར་བྱེད། །དགེ་བའི་ཟླ་བ་དྲི་མ་མེད་པ་ཡང་། །གཏི་མུག་སྤྲིན་གྱིས་ཀུན་ཏུ་གཡོགས་པར་བྱེད། །བདག་གཞན་ཕན་པར་བྱེད་ལམ་མི་གནས་པར། །དེ་ལས་བཟློག་པའི་ཚུལ་ལ་རབ་ཏུ་མཁས། །འཇིག་རྟེན་སྨད་པའི་སྤྱོད་འདི་ཅི་ཞིག་རུང་། །དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་དེ་ལ་སྙིགས་མའི་སྐྱེ་བོ་དེ་དག་གིས་ཀུན་ཏུ་གཤེ་ཞིང་སྤྱོ་ལ་ཀུན་ཏུ་བསྒྲགས་པར་བྱེད། བོང་བ་དང་དབྱིག་པ་དག་གིས་ཀྱང་འཕེན་ཅིང་བསྐྲོད་པར་བྱེད་པ་དེ་ལས་ལོ་མང་པོ་འདས་ཀྱང་བདག་ཉིད་ཆེན་པོ་དེས་སུ་ལའང་མི་ཁྲོ་ཞིང་གནོད་པའི་སེམས་མི་བསྐྱེད་བར་སྙིང་རྗེ་ཆེན་པོ་དང་བཟོད་པའི་གོ་ཆ་ལ་ཉེ་བར་གནས་ནས་བྱང་ཆུབ་ཀྱི་སེམས་དང་རྗེས་སུ་ཉེ་བར་འབྲེལ་པས་ཁོ་བོ་ནི་ཁྱེད་རྣམས་ལ་བརྙས་པར་མི་བྱེད་དོ་ཞེས་སྨྲ་ཞིང་འདི་སྙམ་དུ་སེམས་པར་ངེས་སོ། །ཀྱེ་མ་མ་རུངས་སྙིགས་མའི་དུས་འདི་རུ། །ཐུགས་རྗེའི་བདག་ཉིད་རྒྱལ་བས་ལེགས་བསྒྲུབས་ཤིང་། །ཅི་བཞིན་བསྟན་པས་མངོན་པར་མཐོ་བ་དང་། ལེགས་པའི་འབྲས་བུ་མངོན་པར་གསལ་བྱེད་ཆོས། །ཕན་པར་བྱེད་འདི་དུས་ལས་ཡོལ་བ་འདྲ། །ཐོག་མ་མེད་ནས་ལོག་པའི་ལམ་ཞུགས་ཤིང་། སྒྲིབ་པའི་མུན་ནག་ཚང་ཚིང་ཁྲོད་དུ་ཁྱམས། །དགེ་སློང་དགེ་སློང་མ་དང་ཁྱིམ་པ་རྣམས། །རང་གིས་རང་ལའང་བརྩེ་བ་མེད་གྱུར་ཏེ། །ཉོན་མོངས་དབང་གིས་ཀུན་ཏུ་རྨོངས་བྱས་ནས། །ངན་འགྲོའི་གཞི་ལ་ཆར་རྒྱུན་བཞིན་དུ་འབབ། །ཞེ་སྡང་མེ་ནི་རབ་ཏུ་འབར་བྱས་པས། །དགེ་བའི་བུད་ཤིང་བསྲེགས་ཤིང་མེད་པར་བྱེད། །བདེ་འདོད་བདེ་བའི་རྒྱུ་ལ་མི་མཁས་ཤིང་། །བསོད་ནམས་མཐུ་ཡིས་མངོན་མཐོ་ཐོབ་པའི་ལུས། །འདི་ལ་བརྟེན་ནས་སྲིད་གཞན་ལྷུང་བྱེད་པ། བྱིས་པའི་ནང་ནས་སྨད་པའི་གནས་སུ་གྱུར། །ཀྱེ་མའོ་འདི་འདྲའི་འགྲོ་བ་དག །མཐོང་ནས་དམ་པས་ཕན་གདགས་པར། །ཁྱད་པར་དུ་ཡང་བྱ་བའི་རིགས། །དེ་བས་བདག་གིས་ཅི་ནས་ཀྱང་། །ཆུ་བོའི་རྒྱུན་ནི་ཟློག་ཀྱང་རུང་། ཕན་པའི་སེམས་ནི་ཟློག་མི་བྱ། །འོན་ཀྱམ་སྲིད་ལམ་འཁྱམས་པ་དག །ཐར་པའི་ལམ་ལ་བསྙེན་གྱུར་དྲང་། །དེ་ལྟར་དུ་རང་གི་བདག་ཉིད་ཆེ་བའི་ཡོན་ཏན་གྱིས་ཁྲོ་བ་དང་། ལེ་ལོ་ནི་ཕྱིར་རིང་དུ་བྱས། གཞན་གྱིས་སྨད་པའི་ཚིག་རྩུབ་པོ་དག་ཀྱང་བསྟོད་ཅིང་སྙན་པར་བརྗོད་པ་བཞིན་དང་དུ་ལེན། བོང་པ་དང་དབྱིག་པ་དེ་དག་ཀྱང་མེ་ཏོག་གི་ཆུན་པོ་འཐོར་བ་བཞིན་དུ་སེམས་ཤིང་། ཀུན་ནས་ཡིད་སྐྱོ་བར་མ་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྙས་པ་དེ་ཚེའི་དུས་བྱེད་པར་ཉེ་བར་གནས་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་དང་། བདག་ཉིད་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་སྒྲ་དབྱངས་ཀྱི་རྒྱལ་པོ་དེས་བསྟན་པའི་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཚིགས་སུ་བཅད་པ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བཤད་པ་དེ་ཡང་ནམ་མཁའ་ལས་ཐོས་སོ། །དེ་གཞན་སུས་ཀྱང་མངོན་དུ་མ་གྱུར་བ་དེ་ལྟར་ཁོང་དུ་ཆུད་ནས། དེའི་རྣམ་པ་དང་རྟགས་དེ་ལྟ་བུ་དག་ཕྱི་རོལ་དུའང་ཉེ་བར་སྣང་ཞིང་། དགའ་བའི་ཁྱད་པར་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཏོ། །དེ་ཡི་ལུས་ནི་ཤིན་ཏུ་གསལ་གྱུར་ཞིང་། །དབང་པོ་རྣམས་ཀྱང་དག་ཅིང་དྲི་མ་བྲལ། །པད་མོ་མཚོ་ལ་རླུང་གི་སོར་མོ་ཡིས། །ཀུན་དུ་ཕྱེ་བའི་གེ་སར་འབར་བ་བཞིན། །དེའི་བློ་གྲོས་ཡངས་པ་མ་སྨད་པ། །རྣམ་པར་དག་པའི་ཆོས་ཀྱིས་གང་པར་གྱུར། །གང་ཞིག་ཀུ་མུ་ད་ཡི་གཉེན། །དག་པའི་འོད་ཀྱི་དྲ་བ་ཡིས། །འབྲེལ་ཡང་དེ་ཉིད་བགོད་པ་བཞིན། །སྙིང་རྗེའི་བདག་ཉིད་འགྲོ་བའི་གཉེན། །སྙིང་རྗེའི་གནས་དང་ཉེར་འབྲེལ་པས། །དེའི་དབང་གིས་འཁྱུད་པ་བཞིན། །དམན་པ་དམན་པར་སྤྱོད་པ་ལ། །དེ་བས་དེ་ནི་ཤིན་དུ་བརྩེ། །མ་ཆགས་བཞིན་དུ་ཆགས་པ་མཛད། །མཛད་པའང་ཆགས་པ་བཞིན་དུ་ཆགས། །ཆགས་བྲལ་དེའི་དགའ་བ་དང་། །དད་པ་དེ་ཡི་དགའ་བྲལ་ཆགས། །ཕན་ཚུན་འདྲེས་པ་བཞིན་དུ་སྣང་། །འདི་ནི་སེམས་དཔའ་མཆོག་གི་མཐུ། །དེ་ལྟར་བདག་ཉིད་ཆེན་པོ་དེས་རྣམ་པར་དག་པའི་ཆོས་ཀྱི་དོན་ཐོབ་ཅིང་། །སྙིང་རྗེའི་དབང་གིས་ཕྱིར་ཡང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུར་བདག་གི་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་རྣམ་གྲངས་དེ་ཡང་དག་པར་བསྒྲགས་སོ། །དེ་ལྟ་བུའི་རྫུ་འཕྲུལ་གྱི་སྟོབས་ཀྱི་མཐུ་རྨད་དུ་བྱུང་བ་དང་། སྤོབས་པ་དང་ཤེས་རབ་ཀྱི་མཐུ་རྒྱ་ཆེན་པོས་དགེ་སློང་དང་དགེ་སློང་མ་ལ་སོགས་པ་རྣམས་དང་། སྐྱེ་བོའི་ཚོགས་སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྙས་པ་ཤེས་པ་དེ་རྣམས་ཐམས་ཅད་ཀྱང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །བདག་ཉིད་ཆེན་པོ་དེས་ཀྱང་སོ་སོའི་དབང་པོ་དང་ཁམས་རྒྱུད་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་རྒྱ་ཆེར་ཡང་དག་པར་ཇི་ལྟ་བ་བཞིན་དུ་བསྟན་ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །དེ་ལྟར་བདག་ཉིད་ཆེན་པོ་སྙིང་རྗེ་ཆེན་པོའི་སྟོབས་ལྡན་པས། །བྱ་དཀའི་སྤྱོད་པ་རྨད་བྱུང་སྤྱད་པའི་མཐུ་ཡིས་འགྲོ་བ་རྣམས། འཁོར་བའི་རྒྱ་མཚོར་ངན་སོང་ཆུ་སྲིན་བདུག་པ་ལྟར་འཇིགས་པ། །སྐྱེ་དང་རྒ་དང་ན་དང་འཆི་བའི་མཆེ་བ་རབ་བརྩིགས་ཤིང་། །རྟོག་པའི་རྦ་རླབས་རབ་འཕྲོ་ཉོན་མོངས་འབྱུང་པོའི་གནས་གྱུར་པ། །ཀུན་ཏུ་འཁོར་བའི་རྦ་ཀློང་འཁྲུག་ལས་ཐར་པའི་གླིང་ཉིད་དུ། རྣམ་པར་དྲངས་ཏེ་འཇོག་པར་མཛད་འདི་ཁྱད་པར་འཕགས་པ་མཉམ། །དེ་ལྟར་བདག་ཉིད་ཆེ་བའི་མཐུ་ཡིས་ནི། །ལོག་པའི་ལམ་དུ་ཞུགས་པའི་འགྲོ་རྣམས་ཀྱང་། །བཟློག་ལས་བདག་ཉིད་སྤྱོད་པའི་ཆེ་བ་བསྟན། །བསྟན་པ་ཆེ་བའི་སྤྱོད་ཉིད་བདག་ལས་བཟློག །དག་པའི་བདག་ཉིད་བྱང་ཆུབ་བསྟན་པར་གྱུར། །དེས་ནི་འགྲོ་རྣམས་ཞི་བའི་ལམ་ལ་བཀོད། །ཨེ་མའོ་མཐུ་ཆེན་པོ་བདག་ཉིད་ཆེ་བ་ཆེ། །ཆེ་བས་ཆེ་ཉིད་བདག་ཉིད་རྨད་དུ་བྱུང་། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་ཇི་ལྟར་ཞིང་ཁམས་དེར་སེམས་ཅན་གྱི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སྤྱོད་པ་བསྟན་པ་དེ་བཞིན་དུ་ཞིང་གཞན་དང་དུས་གཞན་དང་འགྲོ་བ་གཞན་དུ་ཡང་བྱ་དཀའ་བའི་སྤྱད་པ་རྨད་དུ་བྱུང་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཤིན་ཏུ་གསལ་བ་ལ་འགྲོ་བ་རྣམས་རབ་ཏུ་བཞག་གོ་ཞེས་གྲག་གོ །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པས་རྟག་ཏུ་སྐྱོ་བ་མེད་པར་བྱ་ཞིང་འགྲོ་བའི་དོན་རྗེས་སུ་སྤྱད་པར་བྱའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། རིམ་འགྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལའང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བརྙས་པ་ལ་བཟོད་པ་དང་ལྡན་པའི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ཤེས་རབ་དང་སྙིང་རྗེའི་དབང་གིས་མཐུ་ཐོགས་པ་མེད་པ་རྣམས་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་ཀྱང་གཞན་གྱི་དོན་ཡོངས་སུ་སྤྱོད་པ་ལ་ཤེས་རབ་དང་སྙིང་བརྩེ་བ་ལྷོད་པོར་མི་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། དགོན་པའི་གནས་ཤིན་ཏུ་དབེན་པའི་ས་ཕྱོགས་རི་ཤང་ཤོང་དང་ནགས་ཚལ་དང་། གདེངས་ཁ་ལ་སོགས་པས་བརྒྱན་པ་རི་དྭགས་དང་། གཅན་གཟན་དང་། སྦྲུལ་གདུག་པ་རྣམས་གནས་པའི་ས་ཕྱོགས་རིའི་ཞོལ་རྣམས་སུ་མགྲོན་པོ་རྣམས་རྒྱུ་བའི་ལམ་དང་ལྡན་པ་དེ་ལྟ་བུ་ཞིག་ཏུ་བྱང་ཆུབ་སེམས་དཔའ་འདི་སེང་གེ་རལ་པ་ཅན་ཞིག་དུ་གྱུར་ཏོ་ཞེས་གྲག་གོ །སེང་གེའི་གཟུགས་ཅན་སྐྱེས་བུ་དམ་པ་དེ། ལུས་ནི་གངས་རིའི་དུམ་བུ་ལྟར་དཀར་ཞིང་། །ཆར་སྤྲིན་སྔོན་པོ་ལྟ་བུའི་རལ་པ་ཅན། །གདོང་ལྔའི་སྟོབས་ལྡན་རི་དྭགས་སྐྲག་བྱེད་པ། །དེའི་རྒྱུད་ནི་ཡོངས་སུ་ཞི་བ་ཡིས། །སྙིང་རྗེའི་མཐུ་ལ་ཤེས་རབ་སྟོབས་འབར་བས། །དུད་འགྲོའི་རང་བཞིན་རབ་ཏུ་སྤངས་གྱུར་ཏེ། །དྲང་སྲོང་ཐུབ་པ་བཞིན་དུ་ལེགས་པར་སྤྱོད། །དེ་ཡིས་བསྲུངས་པ་སའི་ཕྱོགས་རྣམས་ཀུན། །མི་དབང་གིས་ནི་ས་ཆེན་བསྐྱངས་པ་བཞིན། །རི་དྭགས་ཚོགས་རྣམས་ཤིན་ཏུ་བདེ་བར་གནས། །དུལ་བས་དེའི་རྗེས་སུ་མཐུན་བྱེད་འདྲ། དེ་ལྟར་སེང་གེའི་རྒྱལ་པོ་དེ་ནགས་ཁྲོད་ཐམས་ཅད་དུ་རྒྱུ་ཞིང་གཅན་གཟན་གྱི་རང་བཞིན་སྤངས་ཏེ། ཅི་ནུས་ཀྱིས་གཞན་གྱི་དོན་སྤྱོད་ཅིང་། ཡོངས་སུ་རྒྱུ་བར་བྱེད་པར་གྱུར་ཏོ། །དེ་གནས་པའི་ས་ཕྱོགས་དང་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན། སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བ་ཞིག་ཀྱང་གནས་སོ། །དེ་ནས་དུས་རེ་ཞིག་གི་ཚེ། ནགས་ཁྲོད་ཆེན་པོ་དེ་དང་ཧ་ཅང་ཐག་མི་རིང་པའི་ལམ་ཞིག་ཡོད་པ་དེར་ལོངས་སྤྱོད་ཀྱིས་ཡིད་དྲངས་ནས་ཀུན་ཏུ་རྒྱུ་བར་བྱེད་པའི། ཚོང་པ་ལྔ་བརྒྱ་ཙམ་ཞིག་དོང་པར་གྱུར་ཏོ། །འཇིག་རྟེན་སྐྱེ་བོ་མ་རབས་རྣམས། །ཟང་ཟིང་དབང་གིས་ཕུང་འགྱུར་ཡང་། །སྲེད་པའི་དབང་གིས་དེ་རྗེས་འབྲེང་། །བདེ་བ་བསྒྲུབ་འདོད་བློ་ཡོད་ཀྱང་། །ཕལ་ཆེར་སྡུག་བསྔལ་རྒྱུར་འགྱུར་ཞིང་། །བདེ་བའི་འབྲས་བུ་འཇོམས་པར་བྱེད། །དེ་ནས་ཚོང་པ་དེ་དག་ཅ་ཅོའི་སྒྲ་ཆེན་པོ་འདོན་ཅིང་། བག་མེད་པར་སོང་པས་སྦྲུལ་ཆེན་པོ་དེ་བསྐུལ་བ་བཞིན་དུ་གྱུར་ཏེ། ལྟས་པ་ན་ཚོང་པ་དེ་དག་མཐོང་ནས། ཐོག་མ་མེད་པ་ནས་བག་ཆགས་ངན་པ་ལ་གོམས་པའི་དབང་གིས། ཞེ་སྡང་གི་མེ་རབ་ཏུ་འབར་བར་གྱུར་ཅིང་། སྐྱེ་བོ་བཀྲེས་པས་ཁ་ཟས་རོ་བརྒྱ་པ་མཐོང་པ་བཞིན་དུ་བཟའ་བར་འདོད་པའི་ཆགས་པའི་རླུང་གིས་བུས་ཏེ། མྱུར་བར་ཚོང་པ་ལྔ་བརྒྱ་གང་ན་བ་དེར་རྒྱུགས་ཏེ་སོང་ངོ་། །དྲག་ཏུ་ལངས་པའི་འཚུབ་མ་ནག་པོ་བཞིན། འཁྱིལ་ཞིང་རབ་ཏུ་འཁྲུགས་པའི་ལུས་ལྡན་པ། །དུག་གི་ཁ་རླངས་འཇིགས་པ་འཕྲོ་བ་ལྟར། །རྔམ་པ་བཞིན་དུ་འོངས་པར་གྱུར་པ་ལས། །ཚོང་པ་དེ་དག་འཇིགས་པ་སྐྱེས་གྱུར་ཏེ། །ཕྱོགས་བཅུ་ཁྱེར་ཞིང་འཕྲོས་པའང་མ་ནུས་ན། གཅིག་ཏུ་འདུས་ཤིང་ཅ་ཅོ་འབྱིན་གྱུར་པར། །དེ་དག་སེམས་ཀྱང་རབ་ཏུ་འཁྲུགས་པར་གྱུར། །དེ་ནས་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་དེས། །ཚོང་པ་དེ་དག་གིས་མཐའ་ནས་ཡོངས་སུ་བསྐོར་ཏེ། །རིམ་གྱིས་བཟའ་བར་བརྩམས་སོ། །དེ་ལྟར་འཇིགས་པ་ཆེན་པོ་ཉེ་བར་ལྷགས་ཤིང་འཇིག་རྟེན་ཐ་མར་བྱེད་པ་ལྟ་བུ་དེའི་དུག་གིས་ཕོག་ཅིང་རོད་རོད་པོར་གྱུར་ཏེ། སྨྲེ་སྔགས་རྣམ་པ་འདི་དང་འདི་དག་འདོན་ཏོ། ཀྱེ་ཧུད་འཕོངས་པའི་སྡུག་བསྔལ་གྱིས། །བསྐུལ་བས་མྱ་ངན་དགོན་པར་འཁྱམས། །སྦྲུལ་ཆེན་འབར་བའི་འཆི་རྟགས་ཀྱིས། །གཡོ་བཞིན་ཅིག་ཅར་ཟ་བྱེད་པ། །འབར་བའི་ནགས་ཁྲོད་ཆུད་པ་བཞིན། །གཅིག་ཅར་རིམ་གྱིས་བསྲེག་བྱེད་པ། །དམྱལ་བའི་མ་དང་ལྷན་ཅིག་བཞིན། །ཀྱེ་ཧུད་འདི་ལས་སྐྱོབ་པའམ་མེད། །ཕ་མ་སྡུག་པའི་བུ་དག་དང་། །གཉེན་གྱི་ཚོགས་དང་ཡོངས་སུ་བྲལ། །སྦྲུལ་ཆེན་གཏུམ་པོའི་ལུས་ཀྱིས་ནི། །ཀུན་ནས་ཡོངས་སུ་བསྐོར་གྱུར་པས། །ལྕགས་ཁང་ནང་དུ་ཚུད་པ་བཞིན། །བྲོས་ཏེ་དོང་པའི་ལམ་ཡང་མེད། །སྙིང་རྗེ་ཆེན་པོའི་ལྷ་དག་གམ། །མཐུ་དང་ལྡན་པའི་དྲང་སྲོང་དག །གཟིགས་པར་མཛད་པའང་ཡོད་མེད་དམ། །ཀྱེ་ཧུད་བདག་ཅག་ཕ་རོལ་སོང་། །ཞེས་བྱ་བ་ལ་སོགས་པའི་མྱ་ངན་གྱི་ཆོ་ངེ་འབྱིན་པ་རྩམ་ལ་ཞུགས་ཤིང་བློ་བརྟན་པ་དག་ནི་འདི་སྐད་དུ། བདག་ཅག་ཕ་རོལ་ཏུ་འགྲོ་བ་ལ་མྱ་ངན་གྱི་ཆོ་ངེས་ཅི་ཞིག་ཕན། ལྷ་དང་འཇིག་རྟེན་ཕ་རོལ་ཡིད་ལ་གྱིས་ཤིག །ཅེས་སྒྲོག་པར་བྱེད་དོ། །དེ་ལྟར་ཅ་ཅོའི་སྒྲ་ཆེན་པོ་སྒྲོགས་པར་བྱེད་པ་སེང་གེའི་རྒྱལ་པོ་དེས་ཐོས་ཏེ། རིངས་པར་ཕྱོགས་དེ་ལོགས་སུ་སོང་ནས་བལྟས་པ་ན་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བས་ཚོང་པ་ལྔ་བརྒྱ་ཙམ་ཡོངས་སུ་བསྐོར་ཏེ། ཟ་བར་འདོད་པ་མཐོང་ངོ་། །སྙིང་རྗེའི་བདག་ཉིད་སྐྱེས་བུ་དམ་པ་རྣམས། །བདག་གི་སྡུག་བསྔལ་རིང་དུ་སྐྲད་གྱུར་ཀྱང་། །ཉམས་ཐག་གཞན་གྱི་སྡུག་བསྔལ་ཉེས་མཐོང་ན། བྱམས་པའི་དབང་གིས་ལྷག་པར་སྡུག་བསྔལ་འགྱུར། དེ་ནས་སེང་གེའི་རྒྱལ་པོ་དེ་སྙིང་རྗེའི་དབང་གིས་ཀྱེ་མའོ་སྐྱེ་བོ་ཉམ་ཉེས་པ་འདི་རྣམས་ཇི་ལྟར་ཐར་བར་བྱ། བདག་གིས་སྟོབས་ཀྱིས་སྦྲུལ་ཆེན་པོ་འདི་གསད་པར་ནུས་ན། འོན་ཀྱང་འདིའི་མགོ་བོའི་གདེངས་ཀ་ཤིན་ཏུ་མཐོ་བས། གཅིག་ཅར་མགོ་བོའི་གནད་དུ་མ་ཕོག་ན་འཆི་བར་མི་ནུས་སོ་སྙམ་ནས་དེ་སེམས་ཤིང་འདུག་པ་ན། ཧ་ཅང་ཡང་ཐག་མི་རིང་པ་ཞིག་ན། གླང་པོ་ཆེ་ཞིག་འདུག་པ་མཐོང་ནས་ཀྱེ་མའོ་སེམས་ཅན་འདི་ལྟ་བུས་བདག་གིས་གྲོགས་བྱས་ནས་ཚོང་པ་འདི་རྣམས་འཇིགས་པ་ལས་ཐར་པའི་ཐབས་ཤིག་ཡོད་དོ་སྙམ་སྟེ། དེའི་དྲུང་དུ་སོང་ནས། སྨྲས་པ། གྲོགས་པོ་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བས་ཚོང་པ་ལྔ་བརྒྱས་བསྐོར་ཞིང་ཟ་བར་འདོད་ན། དེ་རྣམས་ཐར་བར་བྱ་བའི་དོན་དུ་གྲོགས་པོ་ཁྱོད་ཀྱིས་སྲོག་ཡོངས་སུ་བཏང་པར་སྤྲོའམ། གླང་པོས་སྨྲས་པ། དེ་དག་ཇི་ལྟར་ཐར་བར་བྱ། སེང་གེས་སྨྲས་པ། གང་གིས་ཁྱོད་ཀྱི་མགོ་བོར་བདག་གིས་ནི། །བདག་གི་རྐང་པ་བཞག་ཏེ་སྦྲུལ་ཆེན་ལ། །དྲག་པོའི་ཤུགས་ཀྱིས་ཐལ་མོ་སྣུན་གྱུར་ནས། །སྦྲུལ་ཆེན་དེ་ཡང་འཆི་བར་འགྱུར་མོད་ཀྱི། །དེའི་དུག་གིས་བདག་ཀྱང་འཆི་འགྱུར་ཞིང་། །རྐང་པའི་ཤུགས་ཀྱིས་ཁྱོད་ཀྱང་འཆི་བར་འགྱུར། །དེ་སྐད་ཅེས་སྨྲས་པ་དང་། གླང་པོ་ཆེས་སྨྲས་པ། གྲོགས་པོ་ལེགས་སོ་བདག་ཅག་ཤི་བར་གྱུར་པ་ནི་སླ་ཡི། མིའི་འགྲོ་བ་འདི་དག་ཐར་བར་བྱས་པའི་མཐུས་བདག་ཅག་ཀྱང་དུད་འགྲོའི་སྐྱེ་གནས་འདི་ལས་ཐར་བར་འགྱུར་དྲང་། ད་ནི་མྱུར་བར་བྱ་བའི་རིགས་སོ། །གང་ན་ལྷག་བསམ་ལྡན་པ་དག །ཕན་ཚུན་འགྲན་པ་བཞིན་དུ་འགྱུར། བདག་ཉིད་ཉམས་ཉེས་གྱུར་པ་ལའང་། །རྙེད་པ་ཐོབ་པ་བཞིན་དུ་དགའ། དེ་ནས་རི་དྭགས་ཀྱི་རྒྱལ་པོ་དེ་གླང་པོ་ཆེའི་མགོ་བོའི་སྟེང་དུ་འདུག་ཏེ། བདག་གི་རྩལ་ཤུགས་དྲག་པོས་མཆོངས་ནས་སྦྲུལ་ཆེན་པོ་དེའི་མགོ་བོ་ལ་ཐལ་མོས་སྣུན་ཏོ། །གངས་རིའི་ཚལ་པ་ལྟ་བུའི་ལུས་ལྡན་ཞིང་། །གནམ་ལྕགས་འབར་བ་ལྟ་བུའི་བསྡེར་མོ་ཡིས། །སྦྲུལ་ཆེན་མགོ་ལ་སྣུན་པར་གྱུར་པ་སྟེ། །ལྗོན་པའི་རྩེ་ལ་གནམ་ལྕགས་ལྷུང་པ་བཞིན། །དེ་ཡི་མགོ་བོ་ཕྱེ་མར་བྱས་པར་གྱུར། །རྐང་པའི་ཤུགས་ཀྱིས་གླང་པོ་དེ་ཡང་ཤི། །སྦྲུལ་ཆེན་དེའི་དུག་ཀྱང་མི་ཟད་པས། །རི་དྭགས་རྒྱལ་པོ་དེ་ཡང་ཤི་བར་གྱུར། དེ་ནས་ཚོང་པ་དེ་དག་འདི་སྙམ་དུ་གྱུར་ཏོ། །ཨེ་མའོ་བདག་ཅག་སྲོག་ལ་རྒོལ་བྱེད་པའི། །སྦྲུལ་ཆེན་གཟུགས་ཀྱི་གཤེད་པོ་དེ། །གཅིག་ཆར་བསོད་པར་བྱེད་ནུས་པ། །སྟོབས་ལྡན་འདི་ནི་སུ་ཞིག་ཡིན། དེ་སྙམ་དུ་སེམས་པར་གྱུར་པ་དང་། དེ་ལྟ་བུའི་སྤྱོད་པ་སྨད་དུ་བྱུང་བ་དེ། ལྷ་རྣམས་ཀྱིས་མཐོང་ཞིང་། ཚོང་པ་དེ་དག་གིས་ཡང་བསམས་པ་རིག་ནས། ཚོང་པ་དེ་དག་ལ་ལྷ་རྣམས་ཀྱིས་སྨྲས་པ། ཀྱེ་ཚོང་པ་ཁྱེད་རྣམས་ཤེས་པར་གྱིས་ཤིག །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔས། བདག་ཉིད་ཀྱི་སྲོག་ཡོངས་སུ་བཏང་ཞིང་། བསྐྱབས་བྱས་པས་ཁྱེད་རྣམས་དེ་ལ་གུས་པར་བྱོས་ལ་འཆད་པ་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་ཐོས་ནས། ཚོང་པ་དེ་རྣམས་མཆོག་དུ་ངོ་མཚར་དུ་གྱུར་ནས། བྱང་ཆུབ་སེམས་དཔའ་སེང་གེའི་གཟུགས་ཅན་དེའི་གདུང་ལ་མཆོད་པར་བྱེད་ཅིང་། བསྲེག་པར་བྱ་བ་ལ་བརྩོན་པར་གྱུར་ཏེ། དེ་ལྟ་བུའི་ཚེ་རྣམ་པ་འདི་ལྟ་བུ་བརྗོད་པར་ངེས་སོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེ། །ཐུགས་རྗེ་ཆེན་པོའི་སྟོབས་ལྡན་པ། བདག་ཅག་རྣམས་ལ་སྲོག་བྱིན་ཕྱིར། །སེང་གེའི་གཟུགས་སུ་བསྟན་པ་སྙམ། །གང་གིས་རི་བོ་ལྟ་བུའི་སྦྲུལ། །ལྗོན་པའི་ཚོགས་རྣམས་འདུད་འདྲ་བ། །ཆར་སྤྲིན་གནག་འདྲའི་མགོ་བོ་ལ། །གློག་ཟེར་འཁྲུག་འདྲའི་ལྕེ་གཡོ་བ། རབ་ཏུ་འཇིགས་པའི་གཟུགས་ཅན་ཡང་། །གང་གི་སྡེར་མོ་རྡོ་རྗེ་ཡིས། །ལྗོན་པའི་རྩེར་ནི་ཐོག་ལྷུང་བཞིན། །དུམ་བུར་བྱེད་པའི་མཐུ་ལྡན་པ། །ཨེ་མའོ་རི་དྭགས་རྨད་བྱུང་ཁྱོད། །བདག་ཅག་རྣམས་ཀྱི་སྲོག་སྦྱིན་ཞིང་། དུག་གིས་ཕོག་ཅིང་ཤི་གྱུར་ཀྱང་། །དགྱེས་ཤིང་འཛུམ་པ་ལྟ་བུའི་ལུས། །ཚངས་པའི་གདོང་གི་འོད་ཟེར་གྱིས། །ཕོག་པའི་ལྷ་མོ་བཞིན་དུ་འཛུམ། །ཨེ་མའོ་རྨད་དུ་བྱུང་བ་ཁྱོད། །བདག་ཅག་རྣམས་ཀྱི་ལྷ་གཅིག་པུ། །འཆི་བདག་ཁ་ནས་འདོན་མཛད་པ། །འདི་འདྲའི་དཀའ་བ་སྤྱོད་པ་དེ། །གཉེན་དང་མཛའ་བཤེས་རྣམས་ལ་མེད། །མ་འོངས་དུས་ནའང་བདག་ཅག་རྣམས། །འཁོར་བའི་དགོན་པ་སྐྱབས་མེད་ལས། །གཏི་མུག་སྦྲུལ་གྱིས་བསྐོར་བ་འདི། དཔའ་བ་འདི་ཡིས་འདོན་པར་ངེས། ཞེས་བྱ་བ་ལ་སོགས་པ་རྗེས་སུ་ཡི་རང་པ་དེ་དང་དེ་བྱས་པར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་དུ་མ་ཕབ་ཅིང་། རི་དྭགས་ཀྱི་རྒྱལ་པོ་དེའི་གདུང་ལ་མཆོད་པ་བྱས་སོ། །དེ་ལྟ་བས་ན་ཤེས་རབ་དང་སྙིང་རྗེའི་མཐུ་ཐོབ་པ་རྣམས། བདག་ཉིད་ཉམས་ཉེས་པ་གྱུར་དུ་ཟིན་ཀྱང་། འགྲོ་བ་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལ་ཤིན་ཏུ་བརྩོན་པར་འགྱུར་རོ། །ཞེས་སྙིང་རྗེ་ཕན་ཡོན་བསྔགས་པ་ལ་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདི་གནས་སྐབས་དེ་ལྟ་བུ་ན་ཡང་། འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བར་མཛད་དོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་འང་བརྗོད་པར་བྱའོ། །སེང་གེའི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་བྱེད་པ་ལ་མངོན་པར་ཞུགས་པའི་བརྩོན་འགྲུས་ཀྱི་མཐུ་དཔག་ཏུ་མེད་དེ། གནས་སྐབས་ཀྱི་དོན་བྱ་བ་ཅུང་ཟད་ཙམ་ལ་ལྟོས་ནས། བསྒྲུབ་པར་བྱེད་པའི་བརྩོན་འགྲུས་ཀྱི་སྟོབས་ཀྱང་རྨད་དུ་བྱུང་ན། དོན་ཆེན་པོ་བསྒྲུབ་པ་ནི་ལྟས་སྨོས་ཀྱང་ཅི་དགོས་དེ་ཡང་འདི་སྐད་ཅེས་ཐོས་ཏེ། བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། སྔོན་འབྱུང་བ་འདས་པའི་དུས་ན། དེད་དཔོན་ཆེན་པོ་བློ་ལྡན་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ཐོག་མར་བཙས་པ་ནས་རང་བཞིན་གྱིས་ཡིད་གཞུངས་པ། བརྩོན་འགྲུས་དང་ལྡན་པ། འགྲོ་བ་རྣམས་ཀྱིས་མཐོང་ན་དགའ་བར་བྱེད་པ་རིན་པོ་ཆེ་ཆེན་པོའི་རིགས་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་རྒྱན་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ངང་ཚུལ་ཡོངས་སུ་སྦྱངས་པར་གྱུར་ཏོ། །དེ་ནི་བཙས་པའི་བྱ་བ་རྫོགས་པ་ནས། །བསོད་ནམས་མཐུ་ཡིས་རབ་ཏུ་དཔལ་འབར་ཞིང་། །སྐྱེ་བོ་རྣམས་ཀྱིས་མཐོང་ན་དགའ་གྱུར་པ། །འཛམ་བུའི་གསེར་སྦྱངས་བྱི་དོར་བྱས་པ་བཞིན། །དེ་བློ་ཡོངས་སུ་དག་ཅིང་ཞི་བ་ཡིས། །སྐྱེ་བོའི་ཡིད་ཀྱི་གླང་ཆེན་གཏུམ་པོ་ཡང་། །བསོད་ནམས་ལྕགས་ཀྱུ་མངོན་པར་དྲངས་པ་བཞིན། །དགའ་ཞིང་དུལ་བའི་དཔལ་ལ་བརྟེན་པར་གྱུར། །གཞན་དུ་སྤྱད་པའི་བསོད་ནམས་མཐུ་ཆེན་དེ། །དུས་འདིར་གསལ་བས་འཇིག་རྟེན་ཟིལ་གྱིས་གནོན། །དེ་ལ་འཁོར་གསུམ་ཡོན་ཏན་ཁྱད་པར་རྣམས། །ཕན་ཚུན་འགྲན་པ་བཞིན་དུ་གནས་གྱུར་ཏེ། །འོན་ཀྱང་མ་རབས་ལྟས་ངན་ཀུན་གྱི་གཞི། །འཇིག་རྟེན་སྨད་པ་རྣམས་ལ་བརྩེར་ལྡན་པས། །འཇིག་རྟེན་སྡུག་བསྔལ་དེ་ཡིས་ཁུར་དུ་ཁྱེར། །འཕོངས་པ་རྣམས་དང་དེར་ནི་ཐུན་མོང་བཞིན། །འདི་འདྲ་གང་དུ་བྱུང་བ་དཔལ་དང་ལྡན། དེ་ལྟར་གཞོན་ནུ་དེ་བཙས་མ་ཐག་ནས་རང་བཞིན་གྱི་བསོད་ནམས་ཀྱི་སྟོབས་གོང་ནས་གོང་དུ་འཕེལ་བར་གྱུར་ཏེ། ཕ་མའང་མཆོག་ཏུ་བྱམས་པའི་དབང་གིས་གཞོན་ནུ་དེ་བསྐྱང་བར་བྱེད་པ་ལས། དེའི་ཤེས་རབ་དང་བརྩོན་འགྲུས་ཀྱིས་བཟོའི་གནས་ཐམས་ཅད་དང་། ཡི་གེ་དང་རྩིས་དང་ཟོང་གི་ཐ་སྙད་དང་། ཞིང་གི་བྱ་བ་ལ་སོགས་པ་འཇིག་རྟེན་ན་ཉེ་བར་མཁོ་བ་རྣམས་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཐམས་ཅད་ཀྱང་མྱུར་བར་ཁོང་དུ་ཆུད་པར་གྱུར་ཏོ། །དེ་བྱིས་པའི་ཚོགས་ཆེན་པོ་ཐམས་ཅད་ལའང་ཐབས་དག་རྗེས་སུ་སྟོན་ནོ། །དེ་ནས་དུས་གཞན་ཞིག་གི་ཚེ་སྐྱེ་བོའི་ཚོགས་ཕལ་མོ་ཆེ་དག ཕན་ཚུན་ལོངས་སྤྱོད་ཀྱིས་ཡིད་ཀུན་ཏུ་གཡེངས་པར་གྱུར་པ། སྡུག་བསྔལ་བ་རྣམས་དུ་མ་དག་གྱིས་གཏམ་གྱི་གོ་སྐབས་གླེང་པ་ཐོས་ཏེ། སྐྱེ་བོ་རྣམས་འཇིག་རྟེན་ན་ལོངས་སྤྱོད་ཀྱིས་ཆོག་མི་ཤེས་པ་དང་། བཟའ་བ་དང་། བཏུང་པ་དང་། བགོ་བ་དང་། གཞོན་པ་ལ་སོགས་པ་བསྒྲུབ་པར་བྱེད་པའི་ཐབས། རྐུན་པོ་ལ་སོགས་པ་ངན་པའི་སྤྱོད་པ་སྣ་ཚོགས་ཀྱིས་འཚོ་བར་བྱེད་པའི་གཏམ་སྨྲ་བར་བྱང་ཆུབ་སེམས་དཔས་ཐོས་ནས། ཐོག་མ་མེད་པ་ནས་གོམས་པའི་དབང་གིས་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་འདི་སྙམ་དུ་སེམས་པར་ངེས་སོ། །ཀྱེ་མའོ་འཇིག་རྟེན་འདི་དག་ནི། །སྙིང་པོ་མེད་པའི་ལོངས་སྤྱོད་ཀྱིས། །ཐོག་མ་མེད་ནས་ཆགས་པའི་རྒྱུན། །དཔག་ཏུ་མེད་པས་ཉེར་བཅིངས་ཏེ། །བསམ་དུ་མེད་པའི་སྡུག་བསྔལ་མྱོང་། །བདེ་བའི་གནས་ལས་རིང་དུ་གྱུར། བདག་ནི་དེད་དཔོན་བློ་ལྡན་ཞེས། །གྲགས་པའི་མིང་འདི་དོན་མཐུན་པར། སྤྱད་པར་གྱུར་ན་རིགས་པ་སྙམ། །སྙིང་རྗེའི་དཔལ་གྱིས་མངོན་པར་འཁྱུད་གྱུར་ཅིང་། །སྦྱིན་པའི་གནས་གྱུར་སེམས་ཅན་འཁོད་བཞིན་དུ། ཞུམ་པ་བཞིན་དུ་གནས་པ་མཐུ་ཆུང་ངམ། །ནུས་པ་ཡོད་བཞིན་ཇི་སྟེ་ཡལ་བར་འདོར། །བདག་ནི་གཞན་དོན་སྤྱད་པར་འདོད་བཞིན་དུ། །སྐྱེ་བོ་ཕོངས་པའི་ཚིག་གིས་སེར་བ་ཡིས། །དགེ་བའི་ལོ་ཐོག་འཇོམས་པར་བྱེད་པ་ལ། བཟློག་པའི་མཐུ་ནི་བདག་ལ་ཡོད་བཞིན་དུ། །ཡལ་བར་དོར་བ་འདི་ནི་མཁས་མ་ཡིན། །དེ་བས་ཅི་ནས་འཕོངས་པའི་དོན་སྒྲུབ་པར། །ཅུང་ཟད་ཙམ་གྱིས་ནུས་པ་མ་ཡིན་པས། །རྒྱ་མཚོའི་གླིང་ལས་ཡིད་བཞིན་རིན་ཆེན་དེ། །བླངས་ཏེ་སྐྱེ་བོའི་དབུལ་བ་བསལ་བར་བྱ། དེ་ལྟར་བློ་ལ་ངེས་པར་བྱས་ནས་ཕོངས་པ་རྣམས་ཀྱིས་ཉམས་ཐག་པའི་སྡུག་བསྔལ་གྱིས་ཡིད་ལ་བརྩོན་པ་དང་ལྡན་པས་བསྐུལ་བར་བྱས་ཏེ། བདག་ཉིད་ཀྱི་ཕ་མ་ལ་གསོལ་བ་བཏབ་པ། ཡབ་ཡུམ་བདག་ནི་སེམས་ཅན་རྣམས་ཀྱི་དབུལ་བའི་སྡུག་བསྔལ་སེལ་བར་འདོད་པས་སྦྱིན་གཏོང་བགྱིད་པར་འཚལ་ན། སྡུག་བསྔལ་བ་ཅུང་ཟད་ཙམ་གྱིས་སྒྲུབས་པའི་ལོངས་སྤྱོད་ཀྱིས་སྐྱེ་བོ་རྣམས་མགུ་བར་མི་འགྱུར་བས། རྒྱ་མཚོ་ལས་ཡིད་བཞིན་གྱི་ནོར་བུ་བླངས་ཏེ་དོན་དེ་སྒྲུབ་པར་བགྱི་བར་འཚལ་ལོ། །ཕ་མ་གཉིས་ཀྱི་སྨྲས་པ། གཞོན་ནུ་ཁྱོད་གཞན་དུ་འགྲོ་བར་མ་བྱེད་ཅིག །རྒྱ་མཚོ་ནི་ཤིན་ཏུ་བགྲོད་པར་དཀའོ། །བདག་ཅག་གི་ཁྱིམ་དུ་བདུན་རྒྱུད་ཚུན་ཆད་ཀྱི་ནོར་རྫས་རབ་ཏུ་མང་པོ་འདུག་གིས། དེ་དག་ལ་ཡོངས་སུ་སྤྱོད་ལ། སྦྱིན་པའང་གྱིས་ཤིག །གཞན་དུ་འགྲོ་བ་ནི་སྡུག་བསྔལ་མང་པོ་དང་ལྡན་ཏེ་ཤིན་ཏུ་འང་ཉོན་མོངས་པ་ཡིན་ནོ། །དེ་ལ་སླར་གསོལ་པ། ཡབ་ཡུམ་ནི་བདག་ལ་བརྩེ་བ་ལགས་མོད་ཀྱི། གང་བདུན་རྒྱུད་ཀྱི་བར་དུ་བསགས་པའི་ནོར་དེ་ཙམ་གྱིས་སྐྱེ་བོ་རྣམས་ཆོག་པར་འགྱུར་བ་འང་མ་ལགས། གང་གཞན་གྱིས་ཡོངས་སུ་བསགས་པ་དེ་དག་དེས་ཟད་པར་བགྱིས་སོ། །ཞེས་མ་རབས་ཀྱི་སྐྱེ་བོ་དག་ཀྱང་བསྔགས་པ་མ་ལགས་པ་བརྗོད་ནའང་མི་སྤྲོའོ་ཞེས་བྱ་བ་ལ་སོགས་པ་ཕ་མ་ལ་གསོལ་བ་བཏབ་ཏེ། ཕ་མས་ཀྱང་གནང་ནས། ཚོང་པའི་ཚོགས་དུ་མ་དང་བཅས་པ་དོན་བསྒྲུབ་པར་འདོད་པའི་སྐྱེ་བོ་རྣམས་དེད་དཔོན་ཆེན་པོ་དེ་དང་ལྷན་ཅིག་ཏུ་གྲུ་བོ་ཆེ་བཤམས་ནས་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་ཏོ། །དེ་དག་ཚད་མེད་ཆུ་ཡིས་རབ་གང་ཞིང་། །དཔག་མེད་རླབས་ཀྱི་འཕྲེང་བ་རབ་འཁྲིགས་པ། །དཔག་ཡས་འབྱུང་པོ་རྣམས་ཀྱིས་བརྟེན་པའི་གནས། །དཔག་མེད་ནོར་བུའི་གླིང་རྣམས་རབ་བསྐོར་བའི། །རྒྱ་མཚོ་དེ་ལ་ཞུགས་མ་ཐག་ཏུ་ཡང་། །མཐུན་པའི་རླུང་གིས་རབ་ཏུ་དྲངས་བྱས་ཏེ། །སྐྱེ་བོ་རྣམས་ནི་དགའ་བའི་སྒྲ་འབྱིན་ཞིང་། །བ་དན་འཕྱར་བའི་འདབ་མས་རབ་བསྐྱོད་ནས། །མཁའ་ལྡིང་རང་གི་གནས་སུ་འགྲོ་བ་བཞིན། །ནོར་བུའི་གླིང་ལ་མྱུར་བར་བབས་པར་གྱུར། དེ་ལྟར་དེད་དཔོན་ཆེན་པོ་དེའི་བསོད་ནམས་ཀྱི་མཐུས་གྲུ་བོ་ཆེ་ནོར་བུའི་གླིང་དུ་ཕྱིན་པར་གྱུར་ནས། ཚོང་པ་རྣམས་ཀྱིས་རིན་པོ་ཆེའི་རིན་ཐང་མེད་པ་རྣམས་ཀྱིས་གྲུ་བོ་ཆེ་བཀང་ངོ་། །དེད་དཔོན་བློ་ལྡན་གྱིས་ཀྱང་ཡིད་བཞིན་གྱི་ནོར་བུ་རྙེད་པར་གྱུར་ཏེ། སླར་རྒྱ་མཚོ་ལས་འཛམ་བུའི་གླིང་གི་ཕྱོགས་སུ་བརྒལ་ཏེ་འོངས་སོ། །རྒྱ་མཚོའི་ཚུ་རོལ་གྱི་འགྲམ་དུ་སླེབ་དུ་ཉེ་བ་ན། ཡིད་བཞིན་གྱི་ནོར་བུ་ལག་དུ་གཟུང་བཞིན་དུ། རྒྱ་མཚོའི་མཚན་མ་ལ་ལྟས་པ་ན། །བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་ལ་བར་དུ་གཅོད་པར་འདོད་པའི་བདུད་ཀྱི་མཐུའམ། སེམས་ཅན་གྱི་ཉེས་པས་ནོར་བུ་རིན་པོ་ཆེ་དེ་རྒྱ་མཚོར་ལྷུང་པར་གྱུར་ཏོ། །སྐྱེ་བོ་རྣམས་ཀྱང་བསོད་ནམས་མཐུ་ཆུང་ཞིང་། གཞན་དུ་བྱེད་པའི་བདུད་ཀྱང་སྟོབས་ཆེ་ལ། །ཉེས་པའི་ཚོགས་རྣམས་དུ་མ་འབྱུང་འགྱུར་གྱི། །འོན་ཀྱང་དམ་པ་རྣམས་ཀྱི་སྤྱོད་པའི་སྟོབས། །དེ་དག་རྣམས་ཀྱིས་འགྲན་པར་ནུས་མིན་ཏེ། །འདི་ནི་འཇིག་རྟེན་འདི་ན་རྨད་དུ་བྱུང་། དེ་ནས་བྱང་ཆུབ་སེམས་དཔའ་དེད་དཔོན་བློ་ལྡན་དེ་འདི་སྙམ་དུ་གྱུར་ཏེ། ཨེ་མའོ་མཚར་བྱས། བདག་གིས་བག་མེད་ཉེས་པ་བཞིན་དུ་གྱུར་ཏེ། ད་ནི་བདག་གིས་བརྩོན་འགྲུས་ཆེན་པོ་བསྐྱེད་པའི་རིགས་སོ། །གང་རྒྱ་མཚོ་ཆེན་པོ་འདིའི་མཐའ་ཡང་དཔག་པར་ནུས་ཀྱིས། གཅིག་ཅར་བདག་གིས་ནོར་བུའི་ཕྱིར་རྒྱ་མཚོ་ཆེན་པོ་འདི་སྐམ་པར་བྱའོ་སྙམ་དུ་བསམ་ནས། དེས་ཆུ་ཕྱག་ཐོགས་ཏེ་རྒྱ་མཚོ་ཆེན་པོ་སྐམ་པར་བརྩམས་པ་དང་། དེས་ཆུ་ཕྱག་ཐོགས་མ་ཐག་ཏུ། ལྷ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དག་གྲོགས་བྱེད་པར་གྱུར། རླུང་དང་མེའང་གྲོགས་བྱེད་པར་གྱུར་ཏེ། སྐེམ་ཞིང་སྲེག་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བསྟན་པ་ལ་ཞུགས་དེ་རྒྱ་མཚོའི་ལྷ་དེ་དག་གིས་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། རྒྱ་མཚོ་འདི་ནི་མཐའ་ཡས་མི་ཟད་དེ། །ཆུ་གཞན་ཟད་ཀྱང་རྒྱ་མཚོ་དེ་ལྟར་མིན། །གྲོགས་པོ་མཁའ་ལ་ལམ་གྱི་ཚད་འདོད་ལྟར། །རྒྱ་མཚོ་བསྐམ་པ་དག་དུ་ཇི་ལྟར་ནུས། དེ་སྐད་ཅེས་སྨྲས་པ་དང་། སླར་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷ་དག་རྒྱ་མཚོ་མཐའ་ཡས་མ་ཡིན་ཏེ། །རྒྱ་མཚོ་མཐའ་ཡས་མཐའ་ཡིས་དཔག་པར་ནུས། །བདག་གིས་བརྩོན་འགྲུས་མཐའ་ཡས་དཔག་མེད་དེ། །རྒྱ་མཚོ་ཆེན་པོ་བདག་གིས་སྐམ་པར་ནུས། །དཔག་མེད་ལྷ་དག་བདག་གི་གྲོགས་ཡིན་ཏེ། བར་སྣང་ཆུ་ནི་བསྲེག་ཅིང་སྐེམ་པར་བྱེད། །རྒྱ་མཚོ་སྐམ་པ་དག་ལ་ཞུམ་པ་མེད། །རྒྱ་མཚོས་བདག་གི་ནོར་བུ་མ་བཏང་བར། །དཔག་མེད་མཐུ་ལྡན་སངས་རྒྱས་དཀོན་མཆོག་དང་། །དེ་བཞིན་སྤྲོས་མེད་ངེས་པར་འབྱུང་བའི་ཆོས། །འདྲེན་པའི་སྲས་དེ་དགེ་འདུན་རིན་ཆེན་ཡོད། །དེ་དག་བདག་གིར་གྱུར་ཏེ་རྒྱ་མཚོར་མིན། དེ་སྐད་ཅེས་བརྗོད་པ་དང་། རྒྱ་མཚོའི་ལྷ་དེ་དག་གིས་ཨེ་མའོ་འདི་ལྟ་བུའི་བརྩོན་འགྲུས་ཀྱི་མཐུ་དང་ལྡན་པ་བསམ་གྱིས་མི་ཁྱབ་པོ། འདི་ལྟ་བུའི་སེམས་ཅན་ཆེན་པོ་ཉོན་མོངས་པར་གྱུར་ན་མི་རུང་པས། འདི་ལ་ནོར་བུ་མྱུར་དུ་འབུལ་བར་བྱའོ་སྙམ་དུ་བསམ་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱ་མཚོའི་ལྷ་དེ་དག་གིས་བླངས་ནས། དེད་དཔོན་ཆེན་པོ་དེ་ལ་ཕུལ་ཏེ། སྨྲས་པ། སྐྱེས་བུ་ཁྱེད་ཀྱི་ཚིག་ནི་ངེས་པ་སྟེ། །དེ་བཞིན་ཁྱོད་ནི་བརྩོན་པ་སྟོབས་དང་ལྡན། །ལེགས་སོ་ནོར་བུ་འདི་ནི་འབུལ་བར་བགྱི། །དཀོན་མཆོག་མཆོད་ཅིང་བསམ་པ་རྫོགས་པར་མཛོད། །དེ་སྐད་ཅེས་བརྗོད་ནས་རང་གི་གནས་སུ་སོང་ངོ་། །བརྩོན་འགྲུས་ཀྱི་དོན་འདི་དང་ལྡན་པ་ནི་སྐྱེས་བུ་དམ་པ་རྣམས་ལ་རིགས་པ་ཡིན་ཏེ། རི་དང་ས་ཆེན་རྒྱ་མཚོའི་ཆུ་གཏེར་མཐའ་དག་གིས །རྡུལ་ཕྲན་ཁམས་ཀྱི་ཤིང་རྟའི་ཕང་ལོའི་རྒྱ་ཁྱོན་ལ། །གནས་པའི་སེམས་ཅན་ཁམས་ལ་རྡུལ་གྱིས་འགྲན་བྱ་མིན། །ནམ་མཁའི་མཐས་གཏུགས་སེམས་ཅན་དོན་ལ་རབ་ཞུགས་པའི། །བློའི་སྟོབས་ནི་སྐྱེ་བོའི་ཚོགས་ཀྱིས་བསམ་བྱ་མིན། །དཔག་མེད་སྟོབས་ཀྱི་རྗེས་སུ་ཞུགས་པ་རྒྱལ་བའི་སྲས། །ཕྱོགས་གྱུར་རྣམས་ཀྱི་མཚན་གྱི་སྟོབས་ཀྱང་དཔག་ཏུ་མེད། །དེ་ནས་དེད་དཔོན་བློ་ལྡན་ཡིད་བཞིན་དུ་འཛམ་བུའི་གླིང་དུ་འོངས་ཏེ། སྐྱེ་བོ་ཚོགས་ཐམས་ཅད་ཀྱི་ཡིད་བཞིན་དུ་སྦྱིན་པའི་ཆར་ཆེན་པོ་ཀུན་ཏུ་ཕབ་ཅིང་། སྙན་པར་སྨྲ་བས་སྐྱེ་བོ་རྣམས་འདུན་པར་བྱས་ཏེ། ཆོས་དང་མཐུན་པའི་དགའ་སྟོན་གྱིས་སྐྱེ་བོ་རྣམས་བག་མེད་པ་ལས་བཟློག་ཅིང་། བྱང་ཆུབ་ཀྱི་ལམ་དང་མཐུན་པའི་བརྩོན་འགྲུས་ལ་བཀོད་དོ། །དེའི་ཚེ་སྐྱེ་བོའི་ཚོགས་རྣམས་ཀྱིས་དེད་དཔོན་བློ་ལྡན་ལ་ཆེད་དུ་བརྗོད་པ་འདི་ལྟ་བུས་བསྟོད་པར་ངེས་སོ། །དེད་དཔོན་ཆེན་པོ་དེད་དཔོན་མཆོག །སློང་པའི་ཡིད་བཞིན་མཆོག་དང་ལྡན། །དཔག་མེད་བརྩོན་འགྲུས་ཆེན་པོའི་སྟོབས། །རབ་ཏུ་གསལ་ཞིང་མ་སྨད་པ། ཨེ་མའོ་ཉི་མའི་དཀྱིལ་འཁོར་བཞིན། བློའི་མུན་པ་སེལ་བར་བྱེད། །ཟླ་བའི་དཀྱིལ་འཁོར་རྫོགས་པ་བཞིན། །དབུལ་པའི་ཚ་གདུང་ཞི་བར་བྱེད། བུམ་པ་བཟང་པོ་མངོན་གྲུབ་ལྟར། །ཅི་འདོད་ཡིད་བཞིན་རེ་བ་སྐོང་། །འདི་འདྲས་ཟིན་པ་སྐལ་པ་བཟང་། །ནམ་ཞིག་དེད་དཔོན་འདིའི་མཐུས། འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད། །ཨེ་མའོ་རྨད་དུ་བྱུང་ཨ་ལ་ལ། ཞེས་བྱ་བ་ལ་སོགས་པའི་ཆེད་དུ་བརྗོད་པས། ལྷ་ཐམས་ཅད་ཀྱང་མགུ་བར་གྱུར་ཏོ། །དེ་ལྟ་བུའི་དོན་འདི་ཡང་བརྩོན་འགྲུས་ཀྱི་སྟོབས་དཔག་ཏུ་མེད་པའི་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མོའུ་འགལ་གྱི་བུ་ང་དེའི་ཚེ་དེའི་དུས་ན། དེད་དཔོན་གྱི་བུ་བློ་ལྡན་ཞེས་བྱ་བར་གྱུར་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ། །བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པས་ན་བདུད་ཐམས་ཅད་ལས་རྒྱལ་བར་གྱུར་ཏོ། །ཞེས་གསུངས་སོ། །དེད་དཔོན་བློ་ལྡན་གྱི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་བདུན་པའོ།། །།སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པའི་སྟོབས་ཐོབ་པ་རྣམས་ནི་འཇིག་རྟེན་པ་རྣམས་དང་རྗེས་སུ་མཐུན་པར་སྤྱོད་པ་ནའང་བདག་ཉིད་ཀྱི་སྙིང་སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ཆེ་བ་བསྟན་ནས་ཐབས་ཀྱིས་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་དྲངས་ཏེ། འཇིག་རྟེན་པ་རྣམས་ངོ་མཚར་སྐྱེ་བར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་འབྱུང་བ་འདས་པའི་དུས་ན། ཡུལ་ལྔ་ལེན་ཅེས་བྱ་བ་འབྱོར་ཅིང་རྒྱས་པ། གྲོང་ཁྱེར་གླང་པོ་ཁྱིམ་ཅེས་བྱ་བ་ན། །རྒྱལ་པོ་ནོར་ཅན་ཞེས་བྱ་བ། ཆོས་བཞིན་དུ་རྒྱལ་སྲིད་བྱེད་པ་ལས། བུ་མེད་ནས་འཇིག་རྟེན་གྱི་ལྷ་རྣམས་ལ་གསོལ་བ་འདེབས་པར་བརྩོམ་ཏེ། དུས་གཞན་ཞིག་ན་ཁྱེའུ་ཞིག་བཙས་པར་གྱུར་ནས། བཙའ་བའི་ཆོ་ག་རྣམས་ལེགས་པར་བྱས་ཅིང་། རྫིང་གི་པད་མོ་བཞིན་དུ་ལེགས་པར་བསྐྱེད་ཅིང་དེའི་མིང་ཡང་ནོར་བཟང་ཞེས་བྱ་བར་བཏགས་སོ། །གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་དང་བརྟག་པ་བརྒྱད་དང་། དབྱེ་བ་དང་། བཀླག་པ་ལ་མཁས་པ་དང་། སྤྱོད་པ་གསལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ལྗོངས་ཀྱི་དབང་ཕྱུག་དང་། མཐུ་དང་བརྩོན་འགྲུས་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་འདི་མངོན་པར་རྒྱས་པར་བྱས་ཏེ། གནས་པ་རྣམས་ཀྱི་བཟོ་ལ་སོགས་པའི་གནས་རྣམས་ལ་བྱང་བར་གྱུར་ཏོ། །ལྷག་བསམ་དག་པའི་དཔལ་ནི་རྒྱ་ཆེ་ལ། །ཡོངས་སུ་སྦྱངས་པའི་དཔལ་ནི་གསལ་བར་སྣང་། ཟླ་བའི་འོད་ཟེར་དཔལ་ནི་རབ་དཀར་བས། །ཀུ་མུ་ད་ཡི་དཔལ་ནི་འཕེལ་བ་འདྲ། །དེ་བས་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཡོན་ཏན་དཔལ་རྣམས་དཔལ་ལྡན་དེ་ལ་མཛེས། །དེ་བས་ས་བདག་ས་རྣམས་སྐྱོང་བྱེད་པ། །འབྱུང་པོའི་དཔལ་རྣམས་དཔལ་ལྡན་འཕེལ་བར་བྱེད། དེའི་ཕས་ཀྱང་གཞོན་ནུ་དེ་ལ་ཆུང་མ་གསུམ་པོ་ཆེན་མ་དང་། འབྲིང་མ་དང་། ཆུན་མ་དག་བཞག་ཅིང་། གནས་པའི་ཁང་པ་རྣམ་པ་གསུམ་པོ། དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་ཀྱི་རྣམས་བརྩིགས་ནས། སྐྱེད་མོས་ཚལ་རྣམ་པ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་དབྱར་གྱི་དག་བཙུགས་སོ། །དེ་ནས་གཞོན་ནུ་ནོར་བཟང་སྟེང་གི་ཁང་བཟང་ཀྱི་གཞི་ལ་སྐྱེས་པ་མེད་པར་སོང་ནས། སིལ་སྙན་རྣམས་ཀྱི་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ་དུ་དུས་གཞན་ཞིག་ན་རྔོན་པ་སྤང་ལེབ་ཅན། རི་དྭགས་འཚོལ་ཞིང་དེ་དང་དེ་དག་ཏུ་རྒྱུ་བ་ན། རི་བོ་གཞན་ཞིག་ལ་ཕྱིན་པ་དང་དེས་རི་བོ་དེའི་ཤོད་ན། དྲང་སྲོང་གི་བསྟི་གནས་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ། བྱ་སྣ་ཚོགས་རྒྱུ་བ་དེ་ན། མཚོ་ཆེན་པོ་ཨུཏྤ་ལ་དང་ཀུ་མུ་ད་དང་། པད་མ་དཀར་པོས་གཡོགས་པ། ངང་པ་དང་བྱ་ཀ་རན་དྷ་ཀ་དང་། ངུར་པས་མཛེས་པ་དེ་ལྟ་བུ་ཞིག་མཐོང་ནས། དེ་བསྟི་གནས་སུ་འཁྱམས་པར་བརྩམས་པ་ལ་ཇི་ཙམ་ན། དྲང་སྲོང་སྐྲ་དང་། ཁ་སྤུ་དང་། སེན་མོ་དང་བ་སྤུ་རྣམས་རིང་བ། ལུས་རླུང་དང་ཚ་བས་གདུངས་པ་ཤིང་ལོའི་གོས་གྱོན་པ་ཞིག་ཤིང་གི་དྲུང་དུ་གནས་བཅས་ཏེ། རྩའི་སྤྱིལ་བུ་ན་འདུག་པ་མཐོང་ངོ་མཐོང་ནས་ཀྱང་རྐང་པ་བཅུ་ལ་མགོ་བོས་ཕྱག་བྱས་ཏེ། ཐལ་མོ་སྦྱར་ནས་དྲིས་པ། ལེགས་ལྡན་ས་ཕྱོགས་འདིར་ཁྱོད་བཞུགས་ནས་ཡུན་ཇི་སྲིད་ཅིག་ལགས། ལོ་བཞི་ཅུ་ལོན་ནོ། །ཁྱོད་ཀྱིས་ཡུན་དེ་སྲིད་ཅིག་ཏུ་ཕྱོགས་འདིར་ལོན་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འགའ་ཡར་གཟིགས་པའམ་གསན་པ་ལྟ་མཆིས་སམ། དྲང་སྲོང་ཞི་བའི་བདག་ཉིད་དེས་དལ་བུས་དལ་བུས་སྨྲས་པ། བཞིན་བཟང་ཁྱོད་ཀྱིས་མཚོ་འདི་མཐོང་ངམ། ལེགས་ལྡན་མཐོང་ལགས་སོ། །འདི་ནི་ཚངས་པ་འདུ་བའི་རྫིང་ཞེས་བྱ་བ་སྟེ། ཨུཏྤ་ལ་དང་། ཀུ་མུ་ད་དང་པད་མ་དཀར་པོས་གང་པ་བྱ་སྣ་ཚོགས་ཀྱི་ཚོགས་ཀྱིས་བརྟེན་པ། ཁ་བ་དང་དངུལ་དང་བ་མོའི་མདོག་ལྟ་བུའི་ཆུས་ཤིན་ཏུ་གང་པ། ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གིས་བསྐོར་བའི་ཆུའི་རྫིང་འདིར་ཚེས་བཅྭོ་ལྔ་ལ་མིའམ་ཅིའི་རྒྱལ་པོ་ལྗོན་པའི་བུ་མོ་ཡིད་འཕྲོག་མ་ཞེས་བྱ་བ་མིའམ་ཅིའི་བུ་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ནས། མགོ་ཁྲུས་དང་། སྐུ་མཉེ་སྣ་ཚོགས་དང་འོངས་ནས་ཁྲུས་བྱེད་དོ། །དེ་ཁྲུས་བྱེད་པའི་ཚེ་བྲོ་གར་དང་གླུ་དང་། རོལ་མོའི་སྒྲ་སྙན་པས་བྱ་དང་རི་དྭགས་རྣམས་ཀྱང་ཡིད་འཕྲོག་པར་བྱེད་དོ། །ཁོ་བོའང་དེའི་སྒྲ་ཐོས་ནས་དགའ་བ་དང་། ཡིད་བདེ་བ་ཆེན་པོས་ཞག་བདུན་འདའ་བར་བྱེད་དེ། བཞིན་བཟང་ཁོ་བོས་ངོ་མཚར་རྨད་དུ་བྱུང་བ་དེ་མཐོང་ངོ་། །དེ་ནས་རྔོན་པ་སྤང་ལེབ་ཅན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀླུ་ལས་དོན་ཡོད་པའི་ཞགས་པ་ཐོབ་པ་དེས་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་ལ་གདབ་བོ་སྙམ་ནས། དེས་དུས་གཞན་ཞིག་ན་ཚེས་བཅོ་ལྔ་ལ་དོན་ཡོད་ཞགས་པ་ཁྱེར་ཏེ། མཚོ་འགྲམ་དང་ཉེ་བར་མེ་ཏོག་དང་། འབྲས་བུ་དང་ལོ་མ་ཚང་ཚིང་ཞིག་དུ་འཕྲད་ནས་ཅིག་དུ་སྒྲིམ་པར་བྱ་ར་བྱེད་ཅིང་འདུག་གོ །ཇི་ཙམ་ན་ཡིད་འཕྲོག་མ་མིའམ་ཅིའི་བུ་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། དེ་འདྲ་བའི་འབྱོར་པ་ཉིད་ཀྱིས་ཚངས་པ་འདུ་བའི་རྫིང་དུ་ཁྲུས་ཀྱི་ཕྱིར་ཞུགས་པ་དང་། རྔོན་པ་སྤང་ལེབ་ཅན་གྱི་དེ་མ་ཐག་ཏུ་དོན་ཡོད་ཞགས་པ་བཏབ་པ་ལས། དེས་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་ཟིན་ཏོ། །དོན་ཡོད་ཞགས་པས་ཟིན་ནས་མཚོའི་ནང་ན་མཆོང་རྒལ་ཞིང་འཇིགས་པའི་སྒྲའང་བྱུང་བ་དང་། མིའམ་ཅིའི་བུ་མོའི་ཚོགས་ལྷག་མས་དེ་ཐོས་ནས་ཕན་ཚུན་རྒྱུགས་ཏེ། མིའམ་ཅི་མོ་ཡིད་འཕྲོག་མ་ལ་བརྟག་པར་བརྩམས་པ་ལས་བཟུང་པ་མཐོང་ནས་ཀྱང་སྐྲག་ནས་བྲོས་སོ། །རྔོན་པས་དེ་མཆོག་དུ་གཟུགས་བཟང་མོ་ལྟ་ན་སྡུག་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་བཟུང་པའི་ཕྱིར་དྲུང་དུ་གཏུགས་པ་དང་། དེས་སྨྲས་པ། མ་རབས་ཁྱོད་ནི་ང་ལ་མ་རེག་ཅིག །ཁྱོད་ཀྱི་འདི་ནི་ཐོག་ཏུ་བབ་མ་ཡིན། ང་ནི་གཟུགས་མཆོག་རྒྱལ་པོའི་འོས་ཡིན་པས། །འཛིན་པ་ལེགས་པར་གྱུར་པ་མ་ཡིན་ནོ། །རྔོན་པས་སྨྲས་པ། གལ་ཏེ་ཁྱོད་མ་བཟུང་ན་འབྲོས་པར་འགྱུར་རོ། །དེས་སྨྲས་པ། ཁོ་མོ་མི་འབྲོས་ཀྱིས། གལ་ཏེ་ཡིད་མ་ཆེས་ན། །འདིའི་མཐུ་ཁོ་མོ་སྟེང་གི་ནམ་མཁའ་ལ་འགྲོ་སྟེ་གཙུག་གི་ནོར་བུ་འདི་ཟུང་ཞིག །རྔོན་པས་སྨྲས་པ། སུས་ཤེས་དེས་དེ་ལ་གཙུག་གི་ནོར་བུ་བྱིན་ནས་སྨྲས་པ། གཙུག་གི་ནོར་བུ་འདི་སུའི་ལག་ན་གནས་པ་དེའི་དབང་དུ་ཁོ་མོ་འགྱུར་རོ། །དེ་ནས་རྔོན་པས་ནོར་བུ་དེ་བླངས་ཏེ། ཞགས་པས་བཅིངས་བཞིན་དུ་ཁྲིད་དེ་སོང་ངོ་། །དེའི་ཚེ་གཞོན་ནུ་ནོར་བཟང་རི་དྭགས་ཤར་དུ་ཆས་པ་དང་། རྔོན་པ་དེས་གཞོན་ནུ་ནོར་བཟང་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། འདི་ནི་རྒྱལ་བུ་གཞོན་ནུ་ཡིན་ལ། འདི་ཡང་མཆོག་ཏུ་གཟུགས་བཟང་པོ་ལྟ་ན་སྡུག་པ་ཡིན་ཏེ། གལ་ཏེ་འདི་མཐོང་ན་བཙན་ཐབས་སུ་ཁྱེར་བར་འགྱུར་གྱིས། མ་ལ་བདག་གིས་འདི་སྐྱེས་ཀྱི་ཚུལ་དུ་བདག་ཉིད་ཀྱིས་དབུལ་ལོ་སྙམ་ནས། དེ་ནས་དེ་ཞགས་པས་བཅིངས་བཞིན་རྒྱལ་བུ་གཞོན་ནུ་ནོར་བཟང་ག་ན་བ་དེར་ཁྲིད་དེ་སོང་ནས་ཕྱིན་པ་དང་། རྐང་པ་གཉིས་ལ་བཟུང་ནས་སྨྲས་པ། ལྷ་བདག་གིས་བུད་མེད་རིན་པོ་ཆེ་འདི་སྐྱེས་སུ་འཚལ་ཏེ་མཆིས་ན། བཞེས་སུ་གསོལ། གཞོན་ནུ་ནོར་བཟང་ཀྱིས་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་གཟུགས་བཟང་མོ་ལྟ་ན་སྡུག་པ་མཛེས་ཤིང་ཁ་དོག་རྒྱས་པ་མཆོག་དང་ལྡན་པ། ཡོན་ཏན་ཐམས་ཅད་འདུས་པ། བུད་མེད་ཀྱི་མཚན་བཅོ་བརྒྱད་ཀྱིས་བརྒྱན་པས་ཡུལ་གྱི་མི་བས་བཟང་བ། ནུ་མ་གསེར་གྱི་བུམ་པ་དང་རུས་སྦལ་ལྟར་རྒྱས་པ། བརླ་མཁྲང་ཞིང་མཁྲེགས་པ་ཤིན་ཏུ་ལེགས་པར་ཟླུམ་ལ་སྡེམ་པ། མིག་ཐོན་མཐིང་ལ་རྩ་དམར་ཞིང་ཀྱུས་རིང་ལ་པད་མ་གཞོན་ནུ་འདྲ་བ། སྣའི་གཟེངས་རིང་ཞིང་མཐོ་བ། མ་མཆུ་བྱི་རུ་དང་ནོར་བུ་རིན་པོ་ཆེ་དང་། བིམ་པའི་འབྲས་བུའི་དབྱིབས་འདྲ་བ། འགྲམ་པ་མ་རྙོངས་ཤིང་ཡོངས་སུ་རྒྱས་པ། མཁུར་ཚོས་ལྷག་པར་དགའ་བར་བྱེད་པའི་རི་མོའི་ཐིག་ལེ་ཅན། སྨིན་མ་རིམ་གྱིས་མཛེས་ཤིང་འཇར་ལ་བུང་པའི་ཚོགས་ལྟར་གནག་པ། དཔུང་པ་ཟླ་བ་ཉ་བ་དྲི་མ་མེད་པ་ལྟར་རྒྱས་ལ་རིང་པ། ལྟོ་བ་གཉེར་མ་ཟབ་མོ་གསུམ་དང་ལྡན་ཞིང་ཡིད་ཙམ་སྙོངས་པ། ནུ་མའི་གཡུར་གྱིས་རོ་སྟོད་བགས་ཀྱི་འདུད་པ་དགུ་ཞིང་ཤིང་རྟའི་ཡན་ལག་ལྟར་དབྱིབས་ཤིན་ཏུ་མཛེས་པ། ལག་པ་ཆུ་ཤིང་གི་སྙིང་པོ་འདྲ་བ། བརླ་བྱིན་གྱི་ཕྲ་བ། ཟླུམ་པས་མཛེས་པ་རྩ་ཤིན་དུ་མི་མངོན་ཞིང་གྱ་གྱུ་མེད་པས། ཡན་ལག་ཐམས་ཅད་མཛེས་པ། ནོར་བུ་མང་པོའི་མགོ་རྒྱན་དང་། མགུལ་རྒྱན་དང་། རྐང་གདུབ་དང་། གདུ་བུ་དང་། དོ་ཤལ་དང་། སེ་མོ་དོའི་སྒྲས་འགྱིང་ཞིང་འགྲོ་བ་དང་། སྐྲ་ནག་ལ་འཇམ་པ་བདེ་སོགས་ལྟར་རྐང་པ་རྐང་གདུག་ཀྱིས་རྒྱན་ཞིང་གསེར་གྱི་འོག་པགས་ཅན་ལྟོ་ཕྱང་ངེ་བ། དོ་ཤལ་མང་པོ་དཔྱངས་པ། ཁ་དོག་གསེར་བཙོ་མ་ལྟར་བཟང་པོ་མཐོང་ངོ་། །མཐོང་མ་ཐག་ཏུ་གཞོན་ནུ་འདོད་ཆགས་ཀྱི་ཞགས་པས་ཆུ་ཟླ་དྲི་མ་མེད་ཅིང་གསལ་བ་གཡོ་བའི་རང་བཞིན་ལྟ་བུར་གཟུང་དཀའ་བ། རླུང་ཆུ་རླབས་དང་བཅས་པའི་ཆུ་སྲིན་ལྟ་བུར་བརྟགས་པར་དཀའ་བ། ནམ་མཁའ་ལྡིང་གི་ཤུགས་འདྲ་བར་འགྲོ་བ་ཤིང་བལ་གྱི་འདབ་མ་ལྟ་བུར་མྱུར་དུ་འགྱུ་བ། སྤྲེའུ་ལྟར་ས་ཅིག་ན་མི་འདུག་པས་གཡོ་ཞིང་ཚབས་ཅན་གྱིས་ནི་དམ་དུ་ཟིན། འདོད་ཆགས་ཀྱི་མདའ་རྟག་ཏུ་ཉོན་མོངས་པ་ལ་རྟེན་པ་ལ་གོམས་པའི་འདོད་ཆགས་ཀྱི་བདེ་བ་རོ་མྱོང་པ་ལ་བརྐམ་པ། ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ངན་འགྲོའི་གཡང་ས་ལས་མི་ལྡོག་པ། བཟང་མོ་ལ་རྗེས་སུ་ཆགས་པའི་སེམས་ཀྱིས་ཤིན་ཏུ་དྲི་མ་ཅན་དུ་བྱས་པ། འཕྲད་པར་འདོད་པས་ཤིན་ཏུ་དབུགས་མི་བཟོད་པའི་སྒྲ་འབྱིན་པ་ཚུལ་བཞིན་མ་ཡིན་པ་གཞུས་འཕངས་པས་ནི་སྙིང་ལ་ཕོག་ཏེ། མེའི་ནང་དུ་ཕྱེ་མ་ལེབ་བཞིན་དུ་དེ་ཉིད་དུ་འགྱེལ་ཏེ་སྨྲས་པ། དབྱར་གྱི་ཆར་སྤྲིན་ནང་ནས་གློག་ནི་འགྱུ་བ་ལྟར། །བཞིན་རས་ཟླ་བ་འདྲ་སྟེ་ནོར་བཟང་གིས་མཐོང་སྟེ། །དེ་ལ་ཆགས་པའི་འདོད་པ་སྟེགས་ཚུལ་ལས་བྱུང་བའི། །འདོད་ཆགས་མདའ་ཡིས་དེའི་སྙིང་ལ་ཕོག་པར་གྱུར། དེ་ནས་རྒྱལ་བུ་ནོར་བཟང་གིས་ཡིད་འཕྲོག་མ་ཁྲིད་དེ། གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སོང་ནས། རྔོན་པ་དེ་ལའང་གྲོང་ཁྱེར་མཆོག་ཅིག་བྱིན་ནོ། །དེ་ནས་གཞོན་ནུ་ནོར་བཟང་ཡིད་འཕྲོག་མ་དང་ལྷན་ཅིག་སྟེང་གི་ཁང་བཟང་གི་གཞིར་དོང་ནས་ལྷན་ཅིག་དུ་བརྩེ་བར་བྱེད། དགའ་བར་བྱེད། དགའ་མགུ་སྤྱོད་པར་བྱེད་དོ། །ཡིད་འཕྲོག་མའི་གཟུགས་དང་། ན་ཚོད་དང་། བསྙེན་སྐུར་བརྒྱ་ཕྲག་དུ་མའི་ཡོན་ཏན་གྱིས་གཞོན་ནུ་ནོར་བཟང་གི་སེམས་ཇི་ལྟར་དེ་དང་སྐད་ཅིག་ཀྱང་འབྲལ་མི་ཕོད་པ་དེ་ལྟར་འཕྲོག་སོ། །དེ་ནས་དུས་གཞན་ཞིག་ན། བྲམ་ཟེ་གཉིས་ཤིག་ལྗོངས་རྒྱུ་ཞིང་འོངས་པ་ལས། དེ་ལས་ཅིག་ནི་རྒྱལ་པོ་ལ་བརྟེན་བཅས་སོ། །གཉིས་པ་ནི་གཞོན་ནུ་ནོར་བཟང་ལའོ། །རྒྱལ་པོ་ལ་བརྟེན་བཅས་པ་གང་ཡིན་པ་དེ་ནི། རྒྱལ་པོས་མདུན་ན་འདོན་དུ་བཅུག་ཏེ། ལོངས་སྤྱོད་ཀྱི་སྐལ་པ་ཡང་བྱིན་ནོ། །གཞོན་ནུ་ནོར་བཟང་གི་གང་ཡིན་པ་དེ་ལ་ནི་དེས་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་བྱིན་པ་དང་། སྨྲས་པ་གཞོན་ནུ་གང་གི་ཚེ་ཡབ་འདས་ནས་ཁྱོད་རྒྱལ་པོར་བཅུག་པ་དེའི་ཚེ། བདག་ལ་ཅི་ཞིག་བགྱི། ནོར་བཟང་གིས་སྨྲས་པ། ཇི་ལྟར་ཁྱོད་ཀྱིས་དྲག་པོ་བྲམ་ཟེ་ངའི་ཡབ་ཀྱིས་མདུན་ན་འདོན་དུ་བཅུག་པ་དེ་བཞིན་དུ་ཁྱོད་ཀྱང་ངའི་མདུན་ན་འདོན་དུ་གཞུག་གོ །ཞེས་བྱ་བའི་གཏམ་དེ་ཅིག་ནས་ཅིག་དུ་རྒྱུད་པ། བྲམ་ཟེ་འདུན་ན་འདོན་དེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། ངས་ཅི་ནས་གཞོན་ནུ་ཉིད་ཀྱིས་ཀྱང་རྒྱལ་སྲིད་མི་ཐོབ་པ་དེ་ལྟར་བྱ་ན། མདུན་ན་འདོན་དུ་གཞུག་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། ཅི་ཙམ་ན་དུས་གཞན་ཞིག་ན། རྒྱལ་པོ་དེའི་ཡུལ་དུ་རི་བོར་བ་ཞིག་རྡོ་བར་གྱུར་ནས། རྒྱལ་པོ་དེ་འབེབས་སུ་དམག་ཁ་ཆེན་པོ་ཅིག་བཏང་པ་ལས་དེ་རྣམས་བཅོམ་རྣམ་པར་བཅོམ་ཏེ། ཕམ་པར་བྱས་ནས་སླར་ལོག་གོ །དེ་བཞིན་དུ་ཁ་ཆེན་མདུན་གྱི་བར་བཏང་བ་ལས་དེ་རྣམས་ཀྱང་བཅོམ་རྣམ་པར་བཅོམ་ཏེ་ཕམ་པར་བྱས་ནས་སླར་ལྷགས་སོ། །རྒྱལ་པོ་ལ་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་ཅིའི་སླད་དུ་རང་གི་དཔུང་ཉམས་ཤིང་གཞན་གྱི་མཐུ་བསྐྱེད་པར་མཛད། གང་ཡང་ལྷའི་ཡུལ་ནས་མཚོན་གྱིས་འཚོ་བ་ཇི་སྙེད་མཆིས་པ་ཐམས་ཅད་དགུག་དུ་གསོལ། བྲམ་ཟེ་འདུན་ན་འདོན་གྱིས་བསམ་པ། གཞོན་ནུ་གསད་པ་ཐབས་བྱ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས། དེས་རྒྱལ་པོ་ལ་གསོལ་པ། ལྷ་དེ་ལྟ་བུས་ནི་དབབ་པར་རྔོ་མི་ཐོག་གོ །རྒྱལ་པོས་སྨྲས་པ། ཇི་ལྟར་བྱ། ང་ཉིད་ཁོ་ནས་འགྲོའམ། འདུན་ན་འདོན་གྱི་སྨྲས་པ། ཅིའི་སླད་དུ་ལྷ་ཉིད་གཤེགས་གཞོན་ནུ་ནོར་བཟང་འདི་ནི་དར་ལ་བབ་ཅིང་། མཐུ་རྩལ་བསྙེམས་པ་དང་ལྡན་པ་ལགས་པས། དམག་འདི་རྣམས་དང་ལྷན་ཅིག་དགྱེར་གསོལ། རྒྱལ་པོས་སྨྲས་པ། དེ་བཞིན་དུ་བྱའོ་ཞེས་དེ་ནས་རྒྱལ་པོས་གཞོན་ནུ་དམག་དང་ལྷན་ཅིག་ཏུ་དེང་ལ་རི་བོར་བ་རྣམས་ཕོབ་ཅིག །ལྷ་བཀའ་བཞིན་དུ་འཚལ་ཞེས་གཞོན་ནུ་ནོར་བཟང་གིས་རྒྱལ་པོ་ལས་མཉན་ནས། བཙུན་མོ་རྣམས་ཀྱི་ནང་དུ་སོང་ཏེ། ཡིད་འཕྲོག་མ་མཐོང་པ་དང་། དེས་ཐམས་ཅད་བརྗེད་པར་གྱུར་ཏོ། །སྨྲས་པ། རྣམ་རྟོག་བུང་པ་ལང་ཚོའི་འདབ་གཤོག་རྒྱས། །སྣ་ཚོགས་བདེ་བའི་པད་ཚལ་ཡིད་འོང་དུ། །འགྲོ་རྣམས་རང་དབང་མེད་པར་རབ་ཏུ་འཇུག །རྒྱལ་བའི་སྲས་རྣམས་སྲེད་པ་ཡོད་མིན་ཀྱང་། །ཡིད་འཕྲོག་ལུས་སེམས་ཚིམ་པར་བྱེད་རྒྱུ་དེ། །མཐོང་མ་ཐག་ཏུ་བརྗེད་པ་བཞིན་དུ་གྱུར། །དེ་ནས་འདུན་ནས་འདོན་གྱིས་རྒྱལ་པོ་ལ་སྨྲས་པ། ལྷ་གཞོན་ནུ་ནོར་བཟང་ནི་ཡིད་འཕྲོག་མ་ལ་ལྷག་པར་ཆགས་པས་མཆི་རྔོ་མི་ཐོག་གིས། དམག་རྡོག་ལ་གཞོན་ནུ་བཙུན་མོ་རྣམས་ཀྱི་ནང་ནས་དབྱུང་བ་དང་། ཅི་ནས་ཀྱང་ཡིད་འཕྲོག་མའི་དྲུང་དུ་མི་མཆི་བར་ཐལ་བྱུང་དུ་བཏང་བར་བགྱིའོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་སྟ་གོན་གྱིས་ཤིག །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་མཉན་ནས། དཔུང་གི་ཚོགས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་ཕུན་སུམ་ཚོགས་པ་འཚོ་ཆས་དང་གོ་མཚོན་རྣམ་པ་དུ་མ་དང་ལྡན་པ་དག་སྟ་གོན་བྱས་སོ། །དེ་ནས་གཞོན་ནུ་ཕྱིར་བྱུང་བ་དང་བསྒོ་བ་གཞོན་ནུ་དཔུང་གི་ཚོགས་སྟ་གོན་བྱས་ཀྱིས་སོང་ཞིག་སྨྲས་པ། ལྷ་ཡིད་འཕྲོག་མ་ལ་བལྟས་ཏེ་མཆི་བར་བགྱིའོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཐོགས་པར་འགྱུར་གྱིས་མ་ལྟ་ཞིག །ཡབ་གལ་ཏེ་དེ་ལྟ་ན་མ་ལ་བལྟས་ཏེ་མཆི་འོ། །གཞོན་ནུ་མ་ལ་ལྟོས་ཤིག །དེས་ཡིད་འཕྲོག་མའི་གཙུག་གི་ནོར་བུ་ཁྱེར་ནས་མའི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡུམ་བདག་གིས་རི་བོར་བ་རྣམས་འབེབས་སུ་མཆི་ལགས་ཀྱིས། གཙུག་གཏོར་གྱི་ནོར་བུ་འདི་ཁྱོད་ཀྱིས་ཤིན་ཏུ་དབེན་པར་སྦོས་ལ། ཡིད་འཕྲོག་མ་འགུམ་པ་ལ་ཐུག་པ་མ་ལགས་པ་ཅི་ལྟར་གྱུར་ཀྱང་མ་བསྩལ་ཅིག་ཅེས་དེ་སྐད་མ་ལ་བསྒོས་ནས། ཕྱག་བྱས་ཏེ། དམག་གི་དཔུང་གི་ཚོགས་དང་། རོལ་མོའི་སྒྲ་སྣ་ཚོགས་དང་། དེ་རིམ་གྱིས་ཡུལ་འདས་ནས་རི་བོར་དེ་དང་ཧ་ཅང་མི་རིང་པ་ཞིག་ན་ཤིང་ལྗོན་པ་ཞིག་གི་དྲུང་ན་བཏབ་ནས་འདུག་གོ །དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་འཁོར་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ། ལམ་དེ་ནས་གནོད་སྦྱིན་རྣམས་ཀྱི་འདུན་སར་ཆས་སོ། །དེ་དག་ལམ་དེ་ནས་ཆས་པ་ནས་ནམ་མཁའི་ལམ་ནས་ཐོགས་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ལམ་འདི་ནས་ལན་མང་པོ་ཞིག་དུ་སོང་ན་བདག་གིས་གཞོན་པ་ལན་འགའ་ཡང་ཐོགས་པར་མ་གྱུར་པས། གང་གིས་ན་ད་ལྟར་ཐོགས་པ་འདི་ལ་རྒྱུ་ཅི་ཡོད་སྙམ་པ་ལས། དེས་གཞོན་ནུ་ནོར་བཟང་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དམག་ལ་ཆས་པས་ཉོན་མོངས་པར་འགྱུར་གྱི། འདིའི་གྲོགས་བྱས་ཏེ། རི་བོར་བ་འདི་རྣམས་སྲོག་ཆགས་འགའ་ལའང་གནོད་པར་མི་གྱུར་བར་དབབ་པོ་སྙམ་དུ་བསམས་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་ལེན་ལ་སྨྲས་པ། ལྔ་ལེན་ཚུར་ཤོག །ཁྱོད་ཀྱིས་གཞོན་ནུ་ནོར་བཟང་རི་བོར་བ་རྣམས་དང་གཡུལ་མ་བཀྱེ་བར་སྲོག་ཆགས་འགའ་ལ་ཡང་གནོད་པ་མ་བྱས་པར་ཕོབ་ཅིག །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལྔ་ལེན་གྱིས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་མཉན་ནས་ལྷའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཤིང་ཏ་ལའི་ཚད་ཙམ་གྱི་སྐྱེས་པ་དང་། རིའི་ཚད་ཙམ་གྱི་གླང་པོ་ཆེ་དང་། གླང་པོ་ཆེའི་ཚད་ཙམ་གྱི་རྟ་དང་། གཞལ་མེད་ཁང་གི་ཚད་ཙམ་དུ་ཤིང་རྟ་རྣམས་སྤྲུལ་ཏོ། །དེ་ནས་རལ་གྲི་དང་། ཐོ་བ་དང་། མདའ་བོ་ཆེ་དང་། མདུང་དང་། འཁོར་ལོ་དང་། མདུང་ཐུང་དང་། མདའ་དང་། དགྲ་སྟ་ལ་སོགས་པ་མཚོན་ཆ་རྣམ་པ་སྣ་ཚོགས་དང་། སིལ་དཀྲོལ་གྱི་སྒྲ་རྣམ་པ་སྣ་ཚོགས་པ་འབྱིན་པས། འཇིགས་པ་ཆེན་པོ་སྟོན་ཅིང་ལྔ་ལེན་མཐུ་ཆེན་པོའི་ཚོགས་རྣམས་དང་། རི་བོར་དུ་ཕྱིན་པ་ལས་གླང་པོ་ཆེ་དང་། རྟ་དང་ཤིང་རྟའི་སྒྲ་དང་སིལ་དཀྲོལ་གྱི་སྒྲ་རྣམས་སྣ་ཚོགས་དང་། གནོད་སྦྱིན་རྣམས་ཀྱི་རང་གི་མཐུས། ར་བ་དག་རལ་བར་གྱུར་ཏོ། །དེ་ནས་རི་བོར་ན་གནས་པ་དེ་རྣམས་ཀྱིས་དཔུང་གི་ཚོགས་དེ་དག་དང་། ར་བ་དག་རལ་བ་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ་དྲིས་པ། དཔུང་གི་ཚོགས་འདི་དག་ག་ནས་འོངས། དེ་རྣམས་ཀྱིས་སྨྲས་པ། མྱུར་དུ་སྒོ་ཕྱེ་ཞིག །གཞོན་ནུ་ནོར་བཟང་འདིའི་མཇུག་ནས་འོང་ཏེ། དཔུང་གི་ཚོགས་འདི་ནི་དེའི་མཐུ་ཡིན་ནོ། །གལ་ཏེ་མྱུར་ཏུ་མ་ཕྱེ་ན། ཐམས་ཅད་རྨེག་མེད་པར་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་རྒྱལ་ལ་མི་བསྔོ་སྟེ། གཞོན་ནུ་བློ་དང་ལྡན་ལ་མིན། །རྒྱལ་པོའི་ཞོ་ཤས་འཚོ་རྣམས་ཀྱིས། །བདག་ཅག་འཇིག་ཅིང་སྐྲག་གྱུར་མོད། །ཅེས་སྨྲས་ནས་དེ་རྣམས་ཀྱི་སྒོ་ཕྱེ་ཏེ། རྒྱལ་མཚན་དང་བ་དན་སྒྲེངས་ནས། བུམ་པ་གང་བ་དང་རོལ་མོའི་སྒྲ་སྣ་ཚོགས་ཀྱིས་གཞོན་ནུ་ནོར་བཟང་བསུའོ། །དེས་ཀྱང་དབུགས་ཕྱུང་ནས་དེ་རྣམས་འགྲངས་པ་ལས་སྣ་བོ་བསྐོས་ཏེ། དཔྱ་ཐག་བཅད། གཏེའུའང་བཟུང་ངོ་། །དེ་ནས་རི་བོང་པ་རྣམས་ཆམ་དུ་ཕབ་ནས། གཞོན་ནུ་ནོར་བཟང་སླར་ལོག་གོ །རྒྱལ་པོ་ནོར་ཅན་གྱི་དེ་ཉིད་ཀྱི་ནུབ་མོའི་རྨི་ལམ་ན་བྱ་རྒོད་ཅིག་འོངས་ཏེ། རྒྱལ་པོའི་ལྟོ་དྲལ་ནས་སྒྱུ་མ་དྲངས་ཏེ། གྲོང་ཁྱེར་དེ་ཐམས་ཅད་ཀྱི་མཐའ་བསྐོར་བ་དང་། རིན་པོ་ཆེ་སྣ་བདུན་ཁྱིམ་དུ་འོངས་པར་མཐོང་ངོ་། །མཐོང་ནས་རྒྱལ་པོ་འཇིགས་སྐྲག་མི་དགའ་ཞིང་། སྤུ་ཟིང་ཞེས་བྱེད་ནས་མྱུར་བར་ལངས་ཏེ། མལ་ཆེན་པོ་ལ་འདུག་ནས། ལག་པ་འགྲམ་པ་ལ་གཏད་དེ། གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་དྲང་སྙམ་ནས། སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་ནམ་ལངས་ནས་རྨི་ལམ་དེ་བྲམ་ཟེ་འདུན་ན་འདོན་ལ་སྨྲས་པ་དང་། དེས་བསམ་པ། ལྷས་རྨི་ལམ་དེ་ལྟ་བུ་མཐོང་པ་དེ་ནི་གདོན་མི་ཟ་བར་གཞོན་ནུས་རི་བོར་བ་རྣམས་ཕམ་པར་བྱས་ཀྱིས། ལོག་པ་ཞིག་དུ་བསྟན་པར་བྱའོ་སྙམ་ནས་སྨྲས་པ། ཁྱེད་ཀྱིས་རྨི་ལམ་དུ་གཟིགས་པ་ནི་བཟང་པོ་མ་ལགས་ཏེ། གདོན་མི་འཚལ་བར་གཞི་འདི་ལས་ལྷའི་རྒྱལ་སྲིད་ལས་ཉམས་པའམ། སྐུ་ཚེའི་བར་ཆད་དུ་གྱུར་ལགས་སོ། །འོན་ཀྱང་འདི་ཟློག་པའི་ཐབས་མཆིས་ཏེ། དེ་ཡང་བྲམ་ཟེ་རྣམས་ཀྱི་གསང་ཚིག་ལས་མཐོང་ངོ་། །ཟློག་པའི་ཐབས་དེ་ཅི་ཡིན། ལྷས་སྐྱེད་མོས་ཚལ་དུ་རྫིང་དབྱིབས་ལེགས་པ་ཚད་ལ་བབ་པ་བགྱིས་ལ་དེ་རྡོ་ཐལ་གྱིས་བྱུགས་ཏེ། ལེགས་པར་བསྟར་ནས་རི་དྭགས་ཕྲ་མོ་རྣམས་ཀྱི་ཁྲག་གིས་བཀང་ལ། དེར་ལྷས་ཁྲུས་ལ་གཤེགས་པ་ན་རྫིང་དེའི་ཐེམ་སྐས་ཅིག་ལ་འཇུག་པར་བགྱིའོ། །ཅིག་ལ་ཞུགས་ནས་གཉིས་པ་ལ་འཛེག་པར་བགྱིའོ། །གཉིས་པ་ལ་ཞུགས་ནས་གསུམ་པ་ལ་འཛེག་པར་བགྱིའོ། །གསུམ་པ་ལ་ཞུགས་ནས་བཞི་པ་ལ་འཛེག་པར་བགྱིའོ། །དེ་ནས་བྲམ་ཟེའི་རིགས་བྱེད་དང་རིགས་བྱེད་ཀྱིས་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་བཞིན་ལྷའི་ཞབས་ལྕེས་བལྡགས་ལ་མི་མ་ཡིན་པའི་ཚིལ་གྱིས་བདུག་པས་བདུག་གོ །དེ་ལྟར་ན་ལྷའི་དངོས་སྡིག་བྱང་ཞིང་ཡུན་རིང་པོར་རྒྱལ་སྲིད་སྐྱོང་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་དག་ཐམས་ཅད་ནི་ནུས་ན། དེ་ལྟར་མི་མ་ཡིན་པའི་ཚིལ་འདི་ནི་ཤིན་ཏུ་དཀོན་ནོ། །འདུ་ན་འདོན་གྱིས་སྨྲས་པ། ལྷ་མོད་པ་གང་ལགས་པ་དེ་དཀོན་ལགས་སམ། རྒྱལ་པོས་སྨྲས་པ། དེ་ཇི་ལྟ་བུ་ཞིག་ཡིན། འདུན་ན་འདོན་གྱིས་སྨྲས་པ། ལྷ་ཡིད་འཕྲོག་མ་ནི་མི་མ་ལགས་པ་མ་ལགས་སམ། རྒྱལ་པོས་སྨྲས་པ། འདུན་ན་འདོན་འདི་ལ་གཞོན་ནུའི་སྲོག་འདུག་གིས་དེ་སྐད་མ་སྨྲ་ཤིག །དེས་སྨྲས་པ། ལྷ་ཁྱིམ་གྱི་ཕྱིར་ནི་འགའ་བཏང་ཏེ། གྲོང་བརྡལ་ཕྱིར་ནི་ཁྱིམ་བཏང་ངོ་། །ཡུལ་ལྗོངས་ཕྱིར་ནི་གྲོང་བརྡལ་ཏེ། བདག་གི་ཕྱིར་ནི་ས་བཏང་ངོ་ཞེས་བགྱི་བ་ཡང་མ་གསན་ཏམ། རྒྱལ་པོ་བདག་ཉིད་རྟེན་གྱུར་ན། །གཞོན་ནུ་བློ་ལྡན་དེ་ལ་ནི། །གཞན་ཞིག་བསྩལ་བར་སྤྱད་གང་གིས། །ཡིད་འཕྲོག་འདི་ནི་འགུམ་པར་མཛོད། བདག་ཉིད་ལ་མངོན་པར་ཆགས་པ་ནི་མི་བྱེད་པ་ཅིང་ཡང་མེད་པས་དེས་ཁས་བླངས་སོ། །དེ་ནས་འདུན་ན་འདོན་གྱིས་ཇི་སྐད་བསྟན་པ་བཞིན་དུ་བྱ་བར་བརྩམ་སྟེ། རྫིང་བསྐོས་ནས་རྡོལ་ཐལ་གྱིས་བྱུགས་ཤིང་ལེགས་པར་བསྟར་ནས། རི་དྭགས་ཕྲ་མོ་རྣམས་ཀྱི་ཁྲག་གསོག་པ་ལ་ཞུགས་སོ། །སྦྱོར་བ་དེ་ནོར་བཟང་གི་བཙུན་མོའི་སྐྱེ་བོས་ཤེས་ནས། དེ་རྣམས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བདག་ཅག་ལང་ཚོ་ལ་བབ་ཅིང་གཟུགས་ཕུན་སུམ་ཚོགས་པ་ཡིན་པས་ད་ནི་བདག་ཅག་དང་གཞོན་ནུ་ནོར་བཟང་ཡོངས་སུ་དགའ་མགུར་སྤྱོད་པར་འགྱུར་རོ། །ཞེས་དེ་རྣམས་རབ་ཏུ་དགའ་བར་བྱེད་པ་དེ་དག་ཡིད་འཕྲོག་མས་མཐོང་ནས་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་ལྷག་པར་དགའ། དེ་ལ་གཞན་ཞིག་གིས་ཡིད་འཕྲོག་མ་ལ་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། ཡིད་འཕྲོག་མ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྐྱེས་ནས། གཞོན་ནུ་ནོར་བཟང་གི་མ་ག་ན་བ་དེར་སོང་ནས། རྐང་པ་གཉིས་ལ་གཏུགས་ནས་སྙིང་རྗེ་རྗེ་སྐད་དུ། སྒྲ་གཅོམ་ཆུང་ངུས་དོན་དེ་དལ་བུས་སྨྲས་པ་དང་། དེས་སྨྲས་པ་གལ་ཏེ་དེ་ལྟ་ན་ལེགས་པར་ཁོགས་ཤིག །བདག་གིས་ཀྱང་བརྟག་གོ །ཡིད་འཕྲོག་མས་བརྟགས་ནས་ཡང་སྨྲས་པ་དང་། དེས་བརྟགས་ན་ཡང་བདེན་པར་མཐོང་ནས། དེ་ནས་དེས་གཙུག་གི་ནོར་བུ་དང་གོས་ཤིག་ཡིད་འཕྲོག་མ་ལ་བྱིན་ཏེ་སྨྲས་པ། བུ་མོ་ཁྱོད་དུས་ལ་མ་བབ་པར་མ་འགྲོ་ཞིག །དེ་ལྟར་ན་ཁོ་མོ་ལ་ཁ་མཆུ་འབྱུང་བར་མི་འགྱུར་རོ། །དེ་ནས་རྒྱལ་པོས་ཇི་སྐད་བསྟན་པའི་ཁྲུས་ཀྱི་རིམ་པ་བཞིན་དུ་ཁྲུས་ལ་ཆས་ཏེ་ཁྲག་གིས་གང་པའི་རྫིང་དུ་ཞུགས་ནས་བྱུང་བ་དང་། དེ་ནས་དེའི་རྐང་པ་གཉིས་ལ་བྲམ་ཟེ་རྣམས་ཀྱི་ལྕེས་ལྡགས་སོ། །ཅི་ཙམ་ན་མིའམ་ཅིའི་བུ་མོ་ཁྲིད་དེ་ཤོག་ཅེས་བསྒོ་བ་དང་། དེ་མ་ཐག་ཁོ་ནར་ཡིད་འཕྲོག་མ་ནམ་མཁའ་ལ་འཕགས་ཏེ། ཚིགས་སུ་བཅད་དེ་སྨྲས་པ། །བདག་ནི་རེག་དང་འཕྲད་པ་དང་། །བདག་ནི་རྒས་དང་གཙེས་པ་ལས། །བ་གླང་མོ་སྟག་ཐར་བ་བཞིན། །ད་ནི་བདག་མོ་འགྲོ་བར་བྱ། རྒྱལ་པོས་ནམ་མཁའི་ལམ་ལས་འགྲོ་བར་མཐོང་ནས། དེ་སྐྲག་ཏེ་འདུན་ན་འདོན་ལ་སྨྲས་པ། གང་གི་ཕྱིར་འབད་པར་བྱ་བ་དེ་མ་གྲུབ་པར། མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་བྲོས་སོ། །འདུན་ན་འདོན་གྱིས་སྨྲས་པ། ལྷ་ད་ནི་དོན་གྲུབ་ཏེ། དངོས་སྡིག་དང་བྲལ་ལགས་སོ། །དེ་ནས་ཡིད་འཕྲོག་མ་ནམ་མཁའི་ལམ་ནས་འགྲོ་བ་ན་འདི་སྙམ་དུ་སེམས་ཏེ། གང་ཡང་བདག་གནས་སྐབས་འདི་ཐོབ་པ་དེ་ནི་དྲང་སྲོང་དེས་བསྟན་པ་ལས་གྱུར་གྱིས་གལ་ཏེ་དེས་མ་བསྟན་ན་ནི་བདག་བཟུང་ཞིང་འགྲོ་བར་མི་འགྱུར་བ་ཞིག །དེ་ལྟ་བས་ན་རེ་ཞིག་དྲང་སྲོང་དེའི་དྲུང་དུ་འགྲོའོ་སྙམ་ནས། དེ་དེའི་བསྟི་གནས་སུ་སོང་ཏེ་རྐང་པ་གཉིས་ལ་ཕྱག་བྱས་ནས། དྲང་སྲོང་ལ་སྨྲས་པ་དྲང་སྲོང་ཆེན་པོ་ཁྱོད་ཀྱིས་བསྟན་པས་བདག་བཟུང་ཏེ་མཆིས་ནས་མི་ཡིས་རེག་པ་རྣམས་ཐོབ་ཅིང་སྲོག་གི་བར་ཆད་དུ་ཅུང་ཞིག་གིས་མ་གྱུར་ཏོ། །དེ་བས་གསོལ་བ་ནི་གལ་ཏེ་ན་གཞོན་ནུ་ནོར་བཟང་བདག་འཚོལ་ཞིང་མཆིས་ན། དེ་ལ་བདག་གི་སོར་གདུབ་འདི་སྩོལ་ལ་འདི་སྐད་ཀྱང་གསུང་བས་རིགས་སོ། །གཞོན་ནུ་ལམ་ཡ་ང་བ་བགྲོད་པར་དཀའ་ཏེ། ཉོན་མོངས་པར་འགྱུར་གྱིས་སླར་བཞུད་ཅིག །གལ་ཏེ་བཟློག་ཀྱང་མཆིས་སུ་མ་གཏུབས་ན། དེ་ལ་ལམ་བསྟན་པའི་རིགས་ཀྱིས་གཞོན་ནུ་ཡིད་འཕྲོག་མས་བསྟན་པ། བྱང་ཕྱོགས་ལོག་ན་རི་ནག་པོ་གསུམ་མཆིས་སོ། །དེ་དག་བརྒལ་བའི་ཕ་རོལ་ན་གསུམ། དེ་དག་བརྒལ་བའི་ཕ་རོལ་ན་གསུམ་མཆིས་སོ། །དེ་དག་བརྒལ་བ་ན་རིའི་རྒྱལ་པོ་གངས་ཅན་མཆིས་སོ། །དེའི་བྱང་ཕྱོགས་ན་རི་བོ་ཕུར་པའི་རྩེ་མཆིས་སོ། །དེ་ནས་ལམ་དུ་ཆུ་སྒྲ་ཅན་དང་། སེང་ལྡེང་ཅན་དང་། རྒྱུད་ཅིག་པ་དང་། རྡོ་རྗེ་ཅན་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་དང་། ཕུར་བའི་དབྱིབས་འདྲ་བ་དང་། མི་གཡོ་བ་དང་རབ་སྒྲོལ་ཏེ། རི་བོ་དེ་དག་ཁྱོད་ཀྱིས་བརྒོལ་ཅིག །དེ་ལ་རི་བོ་སེང་ལྡེང་ཅན་དང་རྒྱུད་ཅིག་པ་དང་། ཕུར་པའི་དབྱིབས་ལ་ཕུག་ནས་འཇུག རྡོ་རྗེ་ཅན་ལ་ནི་བྱའི་རྒྱལ་པོས་འཇུག་ཏེ། ཐབས་འདི་དག་གིས་རི་བོ་དེ་རྣམས་བརྒལ་བར་གྱིའོ། །འཁྲུལ་འཁོར་རྟ་གདོང་ཅན་དང་། ལུག་ལྟ་བུ་དང་སྐྱེས་བུ་སྲིན་བུ་སེར་སྐྱའི་གཟུགས་ཅན་དག་ཀྱང་གཞོམ་པར་བགྱིའོ། །ཕུག་ན་སྦྲུལ་ཁ་ཆུའི་རྒྱུན་ཆེན་པོའི་རྒྱུན་ཤུགས་ཀྱིས་རྒྱུག་པ་ཞིག་མཆིས་ཏེ། དེ་ནི་ཞོ་ཤས་གཞོམ་པར་བགྱིའོ། །གང་ན་སྦྲུལ་ནི་ནག་པོ་ཞིག །ཕུག་ན་ཕྱེད་འདུག་མཐོང་ན་ནི། བདག་གི་སླད་དུ་གཞུ་བརྡུངས་པས། །མདའ་ཡིས་བསྣུན་ཏེ་གསད་པར་གྱིས། །གང་ན་ལུག་གཉིས་ཕན་ཚུན་ནས། བརྡུང་པར་བྱེད་པ་མཐོང་ནས་ནི། །དེ་གཉིས་རྭ་དེ་བཅག་མཛོད་དང་། །ལམ་ནི་རྙེད་པར་འགྱུར་ལགས་སོ། །འཇིགས་པ་ཆེ་སྐྱེད་མཚོན་ཐོགས་པའི། །ལྕགས་ཀྱི་སྐྱེས་པ་གཉིས་མཐོང་ན། །དེ་གཉིས་ལམ་ནི་ཅིག་བཏེགས་དང་། །ལམ་ནི་རྙེད་པར་འགྱུར་ལགས་སོ། །སྲིན་མོ་ལྕགས་ཀྱི་མཆུ་ཅན་ཞིག །ཁ་བཙུམས་གདངས་པ་བགྱིད་གཟིགས་ནས། །དེ་ཚེ་དེའི་དཔྲལ་བ་ལ། །ཕུར་པ་དག་གིས་གདབ་པར་མཛོད། །དེ་བཞིན་ཁྲོན་པ་ཀློང་དྲག་འཁྱིལ། །དྲུག་ཅུའི་འཁྲུ་ཅན་ལ་ཁྱོད་མཆོངས། །སྐྲ་མིག་སེང་གེ་ལྟར་སེར་ཞིང་། །མི་བཟད་བསྙེན་པར་དཀའ་བ་ཡི། །གནོད་སྦྱིན་དང་ནི་སྲིན་པོ་དག །གཞུ་བཀང་དེ་ནི་བསད་མཛོད་ལ། །ཆུ་སྲིན་འཛིན་ཁྲིས་གང་པ་ཡི། །ཆུ་བོ་མང་པོ་རྒོལ་མཛོད་ཅིག །ན་ག་ཕྱེ་མ་ལེབ་གདུངས་དང་། སྣ་ཚོགས་ངུད་མོ་རྒོད་པ་དང་། །སྦྲུལ་ཅན་འོད་མ་ཅན་གྱི་ཀླུང་། །ན་ག་ན་ནི་སྲིན་མོ་ཁྲོ། །ཕྱེ་མ་ལེབ་ན་མི་མ་ཡིན། །གདུང་པ་ན་ནི་འཛིན་ཁྲི་མང་། །སྣ་ཚོགས་ཅན་ན་འདོད་བསྒྱུར་གཟུགས། །ངུད་མོར་མིའམ་ཅིའི་བྲན། དགོད་པ་ན་ནི་མིའམ་ཅིའི། །མནའ་མ་སྦྲུལ་མ་སྦྲུལ་ཅན་ན། །འོད་མ་ཅན་རླུང་ཤལ་མ་རི། །ན་ག་ལ་ནི་བརྟན་པར་ལི། །ཕྱེ་མ་ལེབ་ལ་བརཏལ་ཕོད་བྱ། །གདུང་པར་འཛིན་ཁྲ་ཁ་བཅིང་ངོ་། །སྣ་ཚོགས་ཅན་དུ་ཀླུ་སྣ་ཚོགས། ངུད་མོ་ཅན་དུ་ཡིད་བདེ་བས། །དགོད་བྱེད་དུ་ནི་མི་སྨྲ་བའི། །སྦྱོར་བས་ཀུན་ཏུ་བརྒལ་བར་མཛོད། །སྦྲུལ་ཅན་དུ་ནི་སྦྲུལ་དུག་གིས། སྔགས་ཀྱི་སྦྱོར་བ་འོད་མ་ཅན། རླུང་དུ་མཚོན་རྣོན་གདབ་པ་ཡིས། །སྦྱོར་བས་ཀུན་ཏུ་བརྒལ་བར་མཛོད། ཆུ་བོ་རྣམས་བརྒལ་ནས་གཅན་གཟན་སའི་གནས་ན་གནོད་སྦྱིན་ལྔ་བརྒྱ་ཡོད་པ་དེ་རྣམས་ལ་སྲན་ཚུགས་ཏེ། གཞོམ་པར་མཛོད་ཅིག །དེ་ནས་མིའམ་ཅིའི་རྒྱལ་པོའི་ཕོ་བྲང་མཆིས་སོ་ཞེས་གསུངས་ཤིག །དྲང་སྲོང་དེ་ལ་ཡིད་འཕྲོག་མས་དེ་སྐད་ཅེས་སྨྲས་ནས། རྐང་པ་གཉིས་ལ་མགོ་བོས་གཏུགས་ཏེ། དེ་ནས་སོང་ངོ་། །དེ་ནས་གཞོན་ནུ་ནོར་བཟང་ཀྱིས་རི་བོར་དེ་ཕབ་ནས། སྐྱེས་ཁྱེར་ཏེ་གླང་པོའི་གྲོང་ཁྱེར་དུ་འོངས་སོ། །ཞེས་རྒྱལ་པོས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །དེ་ནས་གཞོན་ནུ་ངལ་གསོས་ནས་ཕའི་དྲུང་དུ་སོང་ཏེ། ཕྱག་བྱས་ནས་མདུན་དུ་འདུག་པ་དང་། རྒྱལ་པོས་མཆོག་ཏུ་དགའ་བར་འགྱུར་བའི་གཏམ་བྱས་ནས་སྨྲས་པ། གཞོན་ནུ་ཁྱོད་བདེ་བར་འོངས་སམ། ལྷ་ཁྱོད་ཀྱི་བཀའ་དྲིན་གྱིས་རི་བོར་བ་ཕབ་ཏེ་གཏེའུ་གཟུང་། སྣ་བོ བསྐོས་ལགས་ཏེ། དཔྱ་དང་སྐྱེས་ཀྱང་འདི་དག་ལགས་ཀྱིས། ཕྱག་མཛོད་དུ་བཞུགས་དུ་གསོལ། རྒྱལ་པོས་སྨྲས་པ། བུ་ལེགས་པར་བྱས་ཀྱིས་བཞེས་སོ། །དེ་ནས་གཞོན་ནུས་ཕ་ལ་ཕྱག་བྱས་ནས་ཆས་པ་དང་། རྒྱལ་པོས་སྨྲས་པ། སྐྱེས་པ་ལྷན་ཅིག་ཁོ་ནར་ལོངས་སྤྱད་ཀྱིས་འདུག་ཅིག །ལྷ་བདག་གིས་ཡིད་འཕྲོག་མ་མ་མཐོང་ནས་ཡུན་རིང་ཞིག་ལགས་པས་མཆི་ལགས་སོ། །གཞོན་ནུ་དེང་འགྲོ་བ་བཤོལ་ལ་སང་སོང་ཞིག །དེ་གལ་གྱིས་འཆུར་ཞིང་འདི་སྐད་ཅེས་སྨྲས་སོ། །ཡབ་ངེས་པར་དེང་ཉིད་བདག་མཆིས་ལགས་སོ། །རྒྱལ་པོ་ཅང་མི་སྨྲ་བར་འདུག་གོ །དེ་ནས་གཞོན་ནུ་རང་གི་ཁྱིམ་དུ་སོང་པ་ལས་བཙུན་མོའི་ཕོ་བྲང་གི་སྒོ་དཔལ་གྱིས་སྟོང་པར་མཐོང་ནས། དེ་སེམས་ཁོང་དུ་ཆུད་བཞིན་དུ་བཞུགས་ན། ཡིད་འཕྲོག་མ་མ་མཐོང་ནས་ཕན་ཚུན་དུ་རྒྱུ་ཞིང་ཡིད་འཕྲོག་མ་ཞེས་སྒྲ་ཕྱུང་ངོ་། །ཇི་ཙམ་ན་བཙུན་མོ་རྣམས་ཚོགས་ནས། བཙུན་མོ་དེ་རྣམས་ཀྱིས་གཏམ་རླུང་ལ་བསྐུར་བ་དང་། དེའི་སྙིང་ལ་ཟུག་རྔུས་ཟུག་པས་ཡང་ནས་ཡང་དུ་དྲིས་པ་ལས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་པས། དེ་མྱ་ངན་གྱིས་ཡིད་བློང་པར་གྱུར་ཏོ། །བུད་མེད་དེ་རྣམས་ཀྱིས་སྨྲས་པ། ལྷ་བཙུན་མོའི་འཁོར་འདི་ནི་དེ་བས་བུད་མེད་ཁྱད་པར་དུ་འཕགས་པ་དག་མཆིས་ན། ཅིའི་སླད་དུ་ཐུགས་ངན་མཛད་དེས་ཕ་སྙིང་མེད་ཅིང་ཞིང་བྱས་པ་ཆུད་གསོན་པ་མཐོང་ནས། མའི་དྲུང་དུ་སོང་སྟེ། རྐང་པ་ལ་གཏུགས་ནས་སྨྲས་པ། ཡུམ། ཡིད་བཞིན་ཡོན་ཏན་ལྡན་གྱུར་ཅིང་། གཟུགས་མཛེས་ཕུན་སུམ་ཚོགས་པ་ཡི། །ཡིད་འཕྲོག་མ་ནི་མི་གདའ་ན། བདག་གི་ཡིད་འདི་གང་དུ་མཆིས། །ཡིད་ཀྱིས་རབ་ཏུ་རྒྱུག་སྙམ་ན། །བདག་གི་ཡིད་ནི་ཤིན་ཏུ་རྨོངས། །དེ་དང་བྲལ་བར་གྱུར་པ་ཡིས། །སྙིང་ནི་ཤིན་ཏུ་གདུངས་པ་ཉིད། །བདག་གི་ཡིད་དུ་མཆི་ཞིང་ཡིད་འཕྲོག་ལ། །ཡིད་དུ་འཐད་ཅིང་ཡིད་དུ་དགའ་བ་ཡི། །ཡིད་འཕྲོག་དང་བྲལ་བདག་ལུས་གདུངས་པ་ཡི། །བདག་གི་སྡུག་བསྔལ་འདི་ནི་གང་ནས་མཆིས། དེས་སྨྲས་པ། བུ་ཡིད་འཕྲོག་མ་སྡུག་བསྔལ་མི་བཟད་པ་ཉམས་ང་བར་གྱུར་ནས། ཁོ་མོས་བཏང་ངོ་། །ཡུམ་ཇི་ལྟར་གྱུར། དེས་ཇི་ལྟར་གྱུར་པ་ཐམས་ཅད་རྒྱས་པར་སྨྲས་པ་དང་། དེས་ཕ་སྙིང་རྗེ་མེད་ཅིང་བྱས་པ་མི་གཟོ་བ་ཡིན་ནོ། །ཞེས་སྨྲས་ནས། ཡང་སྨྲས་པ་ཡུམ་གང་དུ་མཆིས། བཤུལ་ནི་གང་ནས་དེས་སྨྲས་པ། གང་དུ་ཡིད་འཕྲོག་སོང་པ་ཡི། །ལམ་ཡང་དེ་རིང་དྲང་སྲོང་དང་། །སེང་གེ་དག་གིས་རྟག་བརྟེན་ཅིང་། །ཆོས་ཀྱི་རྒྱལ་པོ་གནས་པ་ཡིན། །བུ་བཙུན་མོའི་འཁོར་འདི་ནི་དེ་བས་ཆེས་ཁྱད་པར་དུ་འཕགས་པའི་བུད་མེད་དག་ཡོད་ན། ཅིའི་ཕྱིར་མྱ་ངན་བྱེད། གཞོན་ནུས་སྨྲས་པ། ཡུམ་དེ་མ་རྙེད་པར་བདག་དགའ་བར་ག་ལ་འགྱུར། དེས་དེ་དབུགས་ཕྱུང་ཡང་། འོན་ཀྱང་མྱ་ངན་གྱིས་གདུངས་ནས་དེའི་ཁུངས་འཚོལ་ཞིང་ཕན་ཚུན་དུ་བཙལ་བར་བརྩམས་སོ། །དེའི་བློ་སྐྱེས་པ། ཐོག་མར་གང་ཁོ་ན་ལས་ཐོབ་པ་ཉིད་ལ་རེ་ཞིག །དྲིའོ་སྙམ་ནས། དེས་རྔོན་པ་སྤང་ལེབ་ཅན་ལ་དྲིས་པ། ཁྱོད་ཀྱིས་ཡིད་འཕྲོག་མ་གང་ནས་རྙེད། དེས་སྨྲས་པ། རི་བོ་ཆེ་གེ་མོའི་ངོས་ལ། དྲང་སྲོང་ཞིག་གནས་ཏེ། དེའི་བསྟི་གནས་ན་ཚངས་པ་འདུ་བ་ཞེས་བགྱི་བའི་རྫིང་མཆིས་ཏེ། དེར་ཁྲུས་ལས་ཞུགས་པ་ལས། དྲང་སྲོང་གིས་བསྟན་ནས་རྙེད་དོ། །དེས་བསམ་པ། ད་ནི་དྲང་སྲོང་གི་དྲུང་དུ་སོང་བ་དང་། དེ་ལས་ཁུངས་རྙེད་པར་འགྱུར་རོ་སྙམ་མོ། །རྒྱལ་པོས་གཞོན་ནུ་ཡིད་འཕྲོག་མ་དང་། བྲལ་བས་ཤིན་ཏུ་ཡིད་བློང་པའི་གཏམ་དེ་ཐོས་སོ། །དེ་ནས་རྒྱལ་པོས་སྨྲས་པ། གཞོན་ནུ་ཁྱོད་ཡིད་བློང་དུ་ཅི་ཡོད། ད་ནི་དེ་བས་ཁྱད་པར་འཕགས་པ་ཆུང་མ་སྦྱིན་ནོ། །དེས་སྨྲས་པ། ཡབ་བདག་ནི་དེ་མ་ལགས་པའི་མཆིས་འབྲངས་ཀྱི་འཁོར་དང་། མཆིས་པས་རྔོ་མི་ཐོག་ལགས་སོ། །རྒྱལ་པོས་དེ་ལ་ལན་དུ་མ་སྨྲས་ཀྱང་མ་བཟློགས་སོ། །དེ་ནས་རྒྱལ་པོ་གྲོང་ཁྱེར་གྱི་སྒོ་དང་ར་བའི་ཁར་ཅི་ནས་ཀྱང་གཞོན་ནུ་ཕྱིར་མི་འཆོར་བའི་ཕྱིར་སྐྱེས་བུ་བསྲུང་མ་དག་བཀོད་དོ། །དེ་ནས་གཞོན་ནུ་ནི་མཚན་ཐོག་ཐག་མི་ཉལ་བར་གྱུར་ཏོ། །དེ་ནས་གཞོན་ནུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་སྒོ་ནས་སོང་ན་རྒྱལ་པོའི་སྒོའི་བསྲུང་མ་གཏུམ་པོ་དག་ཡོད་དེ། དེ་རྣམས་ཀྱིས་བདག་ཆད་པས་གཅོད་པའམ། སྲོག་དང་བྲལ་བར་བྱེད་པར་འགྱུར་གྱིས། ཅི་ནས་ཀྱང་བདག་བསྲུང་མ་མེད་པའི་ལམ་ནས་འགྲོའོ་སྙམ་ནས་དེ་མཚན་མོ་ལངས་ཏེ་ཨུཏྤ་ལ་སྔོན་པོའི་འཕྲེང་བས་མགོ་བོ་བཅིངས་པའི་འཕྲེང་བ་རྒྱལ་མཚན་ལ་བཏགས་ནས་གང་ན་སྲུང་མའི་མི་མེད་པ། དེ་ནས་བབས་པ་ན་ཟླ་བ་ཤར་རོ། །དེ་ནས་དེས་ཟླ་བ་ལ་བལྟས་ནས་ཡིད་འཕྲོག་མ་དང་བྲལ་བའི་སྨྲེ་སྔགས་འདི་ལྟ་བུ་དག་འདོན་པར་བྱེད་དེ། ཟླ་ཉི་རྒྱུ་སྐར་རྒྱལ་པོ་མཚན་མོ་གསལ་མཛད་ཀྱེ། །ཁྱོད་ནི་སྣར་མའི་མིག་དུ་སྡུག་པའི་སྡེ་དཔོན་བཟང་། །ཅི་གང་བདག་གི་སྡུག་པ་ཨུཏྤལ་ལྟ་བུའི་མིག །ཡིད་འཕྲོག་ཅེས་བགྱི་ཁྱོད་ཀྱིས་ས་སྟེང་གཟིགས་ལགས་སམ། །ཞེས་སྨྲས་ནས་སྔོན་གྱི་དགའ་བ་ཉམས་སུ་མྱོང་པ་དྲན་ཞིང་སོང་པ་ལས། །རི་དྭགས་མོ་ཞིག་མཐོང་ནས་དེ་ལ་ཡང་སྨྲས་པ། ཀྱེ་མ་རི་དྭགས་མོ་ཁྱོད་རྩྭ་ཆུ་ལོ་མ་ཟ། །ཁྱོད་ནི་ལེགས་འགྱུར་བདེར་སྤྱོད་བདག་ནི་རྔོན་པ་མིན། རི་དྭགས་མོ་ལྟར་མིག་དཀྱུས་རིང་པས་གཟུགས་བཟང་པ། །བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། དེ་དེ་ནས་སོང་ཏེ་ཕྱོགས་གཞན་ཞིག་ཏུ་སོང་པ་དང་ཚལ་མེ་ཏོག་དང་འབྲས་བུས་མཛེས་པར་བྱས་པའི་སྙིང་པོ་ལ་བུང་བ་དག་ལོངས་སྤྱོད་པ་མཐོང་ནས། དེས་བུང་བ་ཞིག་ལ་སྨྲས་པ། སྦྲང་རྩིའི་བུང་བ་རི་བོ་མཐོན་མཐིང་ལྟ་བུའི་མཆོག །སྨིག་མའི་སྦུབས་དང་པད་མ་དག་ལ་གནས་འཆའ་བ། །སྐྲའི་ཚོགས་རིང་ཁ་དོག་བུང་བ་ལྟར་གནག་པ། བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། ཕྱོགས་དེ་ནས་ཀྱང་སོང་བ་དང་། སྦྲུལ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། ཀྱེ་མའོ་སྦྲུལ་ནག་ཤིང་ལོ་ལྟ་བུར་ལྕེ་གཡོ་ཞིང་། །མིག་དང་ཁའི་ནང་ནས་དུད་པའི་ཚོགས་འབྱིན་པ། །ཁྱོད་ཀྱི་སྡུག་པའི་མེ་དང་འདོད་ཆགས་མེར་མི་མཚུངས། བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་འགྱུར་ཏམ། དེ་ནས་ཀྱང་ཕྱོགས་གཞན་ཞིག་དུ་སོང་པ་དང་ཚལ་གཞན་ཞིག་ཁུ་བྱུག་སྒྲ་འབྱིན་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཁུ་བྱུག་དེ་ལ་ཡང་སྨྲས། ཀྱེ་མ་ཁུ་བྱུག་ཚལ་མཆོག་ལྗོན་ཤིང་ལ་གནས་པའི། །འདབ་ཆགས་ཚོགས་ཀྱི་རྒྱལ་པོ་བུད་མེད་ཡིད་འཕྲོག་མ། །ཨུཏྤལ་སྔོན་པོ་ལྟ་བུ་དྲི་མེད་མཛེས་པའི་མིག །བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། ཕྱོགས་དེ་ནས་ཀྱང་སོང་པ་དང་། ཤིང་མྱ་ངན་ཚངས་ཞེས་བྱ་བ་མེ་ཏོག་ཐམས་ཅད་རྒྱས་པ་ཞིག་མཐོང་ནས། མིང་གི་རྣམ་གྲངས་བཀྲ་ཤིས་ཞེས་བརྗོད་པས། ལྗོན་པ་རྣམས་ཀྱི་རྒྱལ་པོར་གྱུར་པ་ལ། ཡིད་འཕྲོག་མྱ་ངན་གྱིས་ནི་སློང་བ་བདག །ཐལ་མོ་སྦྱར་ན་ཁྱོད་ཀྱིས་མྱ་ངན་སོལ། །བཀྲ་ཤིས་ཡིད་འཕྲོག་མྱུར་དུ་བླང་པར་མཛོད། དེ་དེ་ལྟར་ཡིད་བློང་བཞིན་རིམས་ཀྱིས་དྲང་སྲོང་དེའི་བསྟི་གནས་སུ་ཕྱིན་ཏེ། དེས་དྲང་སྲོང་དེ་ལ་ཕྱག་བྱས་ནས་དུལ་བ་དང་བཅས་པས་སྨྲས་པ། བཟོད་འཕགས་གོས་སུ་ཤིང་ཤུན་དང་ནི་གཡང་གཞི་བསྣམས། །རྩ་བ་མྱུ་གུ་ཀྱུ་རུ་བིམ་པ་ཀ་པུད་གསོལ། དྲང་སྲོང་མགོས་བཏུད་ཁྱོད་ལ་ཕྱག་འཚལ་ཡིད་འཕྲོག་མ། །ཁྱོད་ཀྱིས་གཟིགས་སམ་ཁྱོད་ཀྱིས་བདག་ལ་མྱུར་དུ་གསུངས། དེ་ནས་དྲང་སྲོང་དེས་གཞོན་ནུ་ནོར་བཟང་ལ་བྱོན་པ་ལེགས་ཞེས་བྱ་བ་དང་། སྟན་གདིང་པ་བྱ་བ་ལ་སོགས་པས་ཡང་དག་པར་དགའ་བ་བྱས་ནས་སྨྲས་པ། སྨིན་མ་འཇམ་པའི་སྨིན་ཚུགས་མཐོན་མཐིང་བཞིན་ལེགས་མཐོང་ན་དགའ་བའི་གཟུགས་འཆང་པ། བཞིན་རས་ཟླ་བ་ཉ་འདྲ་ཨུཏྤལ་སྔོན་པོ་ལྟ་བུའི་མིག་དེ་བདག་གིས་མཐོང་། །དཔོན་ཁྱོད་བག་སྐྱོང་བཞུགས་ཏེ་རྩ་བ་འབྲས་བུ་སྣ་ཚོགས་གསོལ་བར་མཛོད་ཅིག་དང་། །སླད་ཀྱིས་བདེ་བླག་འབྱོན་འགྱུར་འདི་ལ་བདག་གི་ཡིད་ལ་ཐེ་ཚོམ་ཡོད་མ་མཆིས། །སྨིན་མ་བཟང་མོས་འདི་སྐད་ཚིག་སྨྲས་ཏེ། །གཞོན་ནུ་ཁྱེད་ལ་སྲེད་པས་བདག་མི་བདེ། །ནགས་ཁྲོད་གནས་པའང་སྡུག་བསྔལ་ཆེན་པོ་ཏེ། །གཤེགས་པར་གྱུར་ན་ངེས་པར་བདག་མཐོང་ངོ་། །དེས་སོར་གདུབ་ཀྱི་རྒྱན་འདི་བྱིན་ནས་སྨྲས་པ། ལམ་ཡ་ང་བ་ལ་བགྲོད་དཀའ་བས། ཉོན་མོངས་པར་འགྱུར་གྱིས་སླར་ལོག་ཅིག །གལ་ཏེ་བཟློག་ཀྱང་འདུག་ཏུ་མ་བཏུབ་ན། དེ་ལ་ལམ་བསྟན་པའི་རིགས་སོ། །དེ་ཡང་འདི་སྐད་ཅེས་བསྟན་ཏེ། བྱང་ཕྱོགས་ལོགས་ན་རི་ནག་པོ་གསུམ་ཡོད་དོ། །དེ་དག་བརྒལ་བའི་ཕ་རོལ་ན་ཡང་གསུམ། དེ་དག་བརྒལ་བའི་ཕ་རོལ་ན་ཡང་གསུམ་ཡོད་དོ། །དེ་དག་བརྒལ་བ་དང་། རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་ཡོད་དེ་ཕྱོགས་འདི་ནས་སྨན་བླང་པར་བྱས་ཏེ། འདི་ལྟ་སྟེ་ཤིན་ཏུ་འོ་མ་འཛག་ཅེས་བྱ་བའི་སྨན་ཡོད་དེ་དེ་མར་ལ་བཙོས་ནས་བཏུང་བར་བྱའོ། །དེས་ནི་སྐོམ་པ་དང་བཀྲེས་པ་མེད་ཅིང་། དྲན་པ་དང་མཐུ་སྟོབས་འཕེལ་བར་འགྱུར་རོ། །སྤྲེའུ་ཞིག་ཀྱང་བཀྲི་བར་བྱ། གསང་བསྔགས་ཀྱང་བསླབ་པར་བྱའོ། །གཞུ་མདའ་དང་ཆས་པ་དང་། ནོར་བུ་འོད་དང་ལྡན་པ་དང་། དུག་གསོད་པའི་སྨན་དུག་སེལ་དང་། ལྕགས་ཀྱི་ཕུར་པ་གསུམ་དང་། པི་ཝང་ཡང་བཅང་པར་བྱའོ། །རིའི་རྒྱལ་པོ་གངས་ཅན་གྱི་བྱང་ཕྱོགས་ན་རི་ཕུར་པའི་རྩེ་ཡོད་དོ། །ཅེས་པ་ལ་སོགས་པ་ཡིད་འཕྲོག་མའི་འཕྲིན་རྣམས་ཇི་ལྟ་བ་བཞིན་བསྙད་དོ། །དེ་ནས་གཞོན་ནུ་ནོར་བཟང་གིས་ཇི་སྐད་བསྟན་པའི་སྨན་དང་། གསང་སྔགས་དང་། སྨན་དུག་སེལ་གྱི་སྦྱོར་བ་རྣམས་བཙལ་བའི་ཕྱིར་དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་སོང་ངོ་། །དེ་ནས་དེས་སྤྲེའུ་མ་གཏོགས་པ། ཇི་སྐད་བསྟན་པ་ཐམས་ཅད་སྟ་གོན་བྱས་ནས་དེ་རྣམས་ཁྱེར་ཏེ། དྲང་སྲོང་དེའི་དྲུང་དུ་སོང་པ་དང་། དེས་དེ་ལ་སྤྲེའུ་བྱིན་ནས་སྨྲས་པ། གཞོན་ནུ་འབད་པ་འདིས་ཅི་བྱ། ཡིད་འཕྲོག་མ་ཅི་དགོས་སོ། །ཁྱོད་ཅིག་པུ་གྲོགས་མེད་པ། ལུས་གདོན་ཟ་བར་འགྱུར་གྱིས་མཐོང་། གཞོན་ནུས་སྨྲས་པ། དྲང་སྲོང་ཆེན་པོ་བདག་ནི། གདོན་མི་ཟ་བར་མཆིའོ། །ཅིའི་སླད་དུ་ཞེ་ན། མཁས་པ་ཟླ་བ་རྒྱུ་བ་གྲོགས་ཤིག་ག་ལས་མཆིས། །ཆེ་བའི་མཐུ་སྟོབས་ལྡན་པའི་རི་དྭགས་གཙོ་བོ་དང་། །མེ་ཡིས་ནགས་བསྲེགས་པ་ན་གྲོགས་ཤིག་ག་ལས་མཆིས། །བདག་ལྟ་བུ་ལ་གྲོགས་པོ་མཐུ་ལྡན་ཅི་ཞིག་འཚལ། །ཀྱེ་ཅི་རྒྱ་མཚོ་ཆེ་ཆུར་འཇུག་པར་མི་བགྱིའམ། །ཅི་ལགས་སྦྲུལ་གྱིས་ཟིན་ཅེས་གསོ་བར་མི་བགྱིའམ། །སེམས་ཅན་སྦུངས་ཅན་གྱིས་བརྟེན་བརྩོན་འགྲུས་ཆེར་བརྩམ་སྟེ། །གལ་ཏེ་འབད་དེ་མ་རུངས་འདི་ལ་ཉེས་པ་མེད། དེ་ནས་གཞོན་ནུ་ནོར་བཟང་ཡིད་འཕྲོག་མས་བསྟན་པའི་རྣམ་པ་སྣ་ཚོགས་དང་ཆས་ཏེ། རིམས་ཀྱིས་རི་དང་ཆུ་བོ་དང་ཕུག་དང་གཡང་ས་ལ་སོགས་པར་སྨན་དང་གསང་སྔགས་དང་། སྨན་དུག་སེལ་གྱི་སྦྱོར་བས་རྒྱལ་བར་བྱས་ནས། མིའམ་ཅིའི་རྒྱལ་པོ་ལྗོན་པའི་གྲོང་ཁྱེར་དང་། ཉེ་བ་ཞིག་དུ་ཕྱིན་པ་དང་། གཞོན་ནུས་གྲོང་ཁྱེར་དཔལ་དང་ལྡན་པ། སྐྱེད་མོས་ཀྱི་ཚལ་མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པས་མཛེས་པར་བྱས་པ་བྱ་སྣ་ཚོགས་ཀྱིས་བརྟེན་པ། རྫིང་བུ་དང་། མཚེའུ་རིང་པོ་དང་གྲུ་བཞི་དང་། མིའམ་ཅིའི་བུ་མོ་རྣམས་ཀྱིས་བསྐོར་བ་དེ་ལ། མིའམ་ཅིའི་བུ་མོ་རྣམས་ཆུ་ལེན་དུ་འོངས་པའི་མཐོང་བ་དང་། དེ་ནས་གཞོན་ནུ་ནོར་བཟང་ཀྱིས་དེ་རྣམས་ལ་སྨྲས་པ། ཆུ་མང་པོ་འདིས་ཅི་ཞིག་བྱ། དེ་རྣམས་ཀྱིས་སྨྲས་པ་མིའམ་ཅིའི་རྒྱལ་པོ་ལྗོན་པའི་སྲས་མོ་ཡིད་འཕྲོག་མ་ཞེས་བགྱི་བ་ཞིག་མཆིས་པ་དེ་མིའི་ལག་དུ་སོན་པར་གྱུར་པས། དེའི་མིའི་དྲི་བཤལ་བ་ལགས་སོ། །གཞོན་ནུ་ནོར་བཟང་ཀྱིས་དྲིས་པ། ཅི་བུམ་པ་འདི་དག་ཐམས་ཅད་ཀྱིས་དུས་ཅིག་དུ་དེའི་སྟེང་ནས་བླུག་གམ། འོན་ཏེ་རིམ་གྱིས་དེ་རྣམས་ཀྱི་སྨྲས་པ། རིམ་གྱིས་སོ། །དེས་བསམ་པ། ཐབས་འདི་བཟང་ཏེ། སོར་གདུབ་ཀྱི་རྒྱན་འདི་བུམ་པ་ཅིག་གི་ནང་དུ་གཞུག་གོ་སྙམ་ནས། དེས་མིའམ་ཅིའི་བུ་མོ་ཅིག་གི་བུམ་པར་མི་ཚོར་པར་བཅུག་ནས་མིའམ་ཅིའི་བུ་མོ་དེ་ལ་སྨྲས་པ། ཁྱོད་ཀྱི་བུམ་པ་འདི་ཐོག་མར་ཡིད་འཕྲོག་མ་ལ་ཁྲུས་བྱོས་ཤིག །དེས་བསམ་པ། གདོན་མི་ཟ་བར་འདི་ལ་དགོས་པ་ཞིག་ཡོད་པར་འགྱུར་རོ་སྙམ་ནས། དེས་བུམ་པ་ཐོག་མར་ཡིད་འཕྲོག་མའི་སྤྱི་བོར་བླུག་པ་ལས། ཇི་ཙམ་ན་སོར་གདུབ་ཀྱི་རྒྱན་པང་དུ་ལྷུང་པ་དང་། ཡིད་འཕྲོག་མས་དེ་རིགས་སོ། །དེ་ནས་མིའམ་ཅིའི་བུ་མོ་དེ་ལ་དྲིས་པ། འདིར་མི་ཞིག་མ་འོངས་སམ། དེས་སྨྲས་པ་མཆིས་སོ། །སོང་ལ་དེ་དབེན་པ་ཞིག་དུ་ཞོག་ཅིག །དེས་དེ་ནང་དུ་ཁྲིད་ནས་དབེན་པ་ཞིག་དུ་བཞག་གོ །དེ་ནས་ཡིད་འཕྲོག་མས་ཕའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡབ་གལ་ཏེ་བདག་གི་ཁྱིམ་ཐབ་བགྱིད་པ། གཞོན་ནུ་ནོར་བཟང་དེ་མཆིས་ན་དེ་ལ་ཁྱོད་ཀྱིས་ཅི་ཞིག་བགྱི། དེས་སྨྲས་པ། དེ་མི་ཡིན་ཏེ་ཅིར་མི་རུང་ངས་དེ་དུམ་བུ་བརྒྱར་བྱས་ལ། ཕྱོགས་བཞིར་གཏོར་ཏེ་བཏང་ངོ་། །ཡིད་འཕྲོག་མས་སྨྲས་པ། ཡབ་མིར་གྱུར་པས་འདིར་ག་ལ་མཆིས། བདག་ཉིད་དེ་སྐད་མཆིར་བས་སོ། །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པ་ཀུན་ནས་དཀྲིས་པ་དང་བྲལ་ཏེ། དེས་ཀུན་ནས་དཀྲིས་པ་དང་བྲལ་ནས་སྨྲས་པ། གལ་ཏེ་གཞོན་ནུ་དེ་འོངས་ན་ངས་ཁྱོད་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ནོར་དང་། ཡོ་བྱད་མང་པོ་དང་། མིའམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ། དེ་ལ་ཆུང་མའི་དོན་དུ་བྱིན་ནོ། །དེ་ནས་ཡིད་འཕྲོག་མ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་གཞོན་ནུ་ནོར་བཟང་ལྷའི་རྒྱན་གྱིས་བརྒྱན་ནས། མིའམ་ཅིའི་རྒྱལ་པོ་ལྗོན་པ་ལ་བསྟན་ཏོ། །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པས་གཞོན་ནུ་ནོར་བཟང་གཟུགས་བཟང་པོ་མཛེས་པ། ལྟ་ན་སྡུག་པ། ཁ་དོག་རྒྱས་པ། མཆོག་དང་ལྡན་པ་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། དེ་ནས་བག་མ་འདོད་ནས། གསེར་གྱི་ལྡོང་པོ་བདུན་ཤིང་རྟ་ལ་བདུན་ཕྲག་བདུན་བཙུགས་སོ། །གཞོན་ནུ་ནོར་བཟང་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་། ལས་ཀྱི་གནས་དེ་དང་དེ་དག་ལ་མཁས་པ་ཡིན། དེ་རྣམས་ཀྱང་དེ་ལ་བགེགས་མེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གར་དང་། གླུ་དང་། པི་ཝང་། ཁར་རྔ་དང་། ཤིན་ཏུ་སྒྲ་སྙན་དང་། པི་ཝང་རྒྱུད་གསུམ་པ་དང་། རྫ་རྔ་ལ་སོགས་པ་ལྷ་རྣམས་ཀྱིས་བསྒྲུབས་པའི་སིལ་སྙན་རྣམ་པ་སྣ་ཚོགས་པ་རྣམས་ནི་ཀུན་ནས་འབུད་ཅིང་མིའམ་ཅི་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས། རལ་གྲི་ཨུཏྤ་ལ་སྔོན་པོའི་འདབ་མ་འདྲ་བ་ཐོགས་ཏེ། མིའམ་ཅིའི་རྒྱལ་པོ་ལྗོན་པས་མཐོང་པར་གསེར་གྱི་སྡོང་པོའི་དྲུང་དུ་སོང་ནས་ཆུ་ཤིང་ལ་གཅོད་པ་བཞིན་དུ་སྡོང་པོ་དེ་དུམ་བུ་དུམ་བུར་གཅད་པར་བརྩམ་སྟེ། དེ་ནས་ཡུང་འབྲུ་ཙམ་དུ་བླགས་སོ། །མདས་ཤིང་རྟ་ལ་བདུན་དང་། སླང་བདུན་དང་། ཕག་བདུན། གཙང་མར་ཕྱུང་ཏེ། རི་རབ་བཞིན་དུ་མི་གཡོ་བར་གནས་སོ། །དེ་ནས་ནམ་མཁའ་ལ་གནས་པའི་ལྷ་དང་། མིའམ་ཅི་བརྒྱ་སྟོང་ཕྲག་དུ་མ་དང་། ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་ཆེན་པོ་ཕྱུང་ངོ་། །མིའམ་ཅིའི་རྒྱལ་པོ་ལྗོན་པས་དེ་ལྟ་བུ་མཐོང་ཞིང་ཐོས་ནས། ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །དེ་ནས་མིའམ་ཅིའི་མོ་ཡིད་འཕྲོག་མ་འདྲ་བ་ཤ་སྟག་སྟོང་གི་དབུས་སུ་ཡིད་འཕྲོག་མ་བཞག་ནས། ནོར་བཟང་ལ་སྨྲས་པ། གཞོན་ནུ་ཚུར་ཡིད་འཕྲོག་མ་ངོ་ཤེས་པར་གྱིས་ཤིག །དེ་ནས་གཞོན་ནུ་ནོར་བཟང་གིས་དེ་ངོ་ཤེས་པར་བྱ་བའི་ཕྱིར། ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ། ཇི་ལྟར་ཁྱོད་ནི་ལྗོན་པའི་བུ་ཡིན་ལ། །ཁོ་བོའི་སྡུག་པ་ཡིད་འཕྲོག་ཡིན་ཞེ་ན། །བདེན་པ་འདི་ཡིས་མྱུར་བ་ཁོ་ནར་ནི། །ཡིད་འཕྲོག་གོམ་པས་མྱུར་དུ་འགྲོ་བར་ཤོག །ཅེས་སྨྲས་པ་དང་། དེ་ནས་དེ་མ་ཐག་ཏུ་གོམ་པས་སོང་པ་དང་། མིའམ་ཅི་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་ནོར་བཟང་འདི་ནི་སྟོབས་དང་། བརྩོན་འགྲུས་དང་ཕ་རོལ་ཤིན་ཏུ་གནོན་པ་ལགས་ཏེ། ཡིད་འཕྲོག་མ་དང་ཐབ་རིར་བབ་ལགས་ན། ཅིའི་སླད་དུ་འདི་ལ་མཐོ་འཚམས། འདི་ལ་ཡིད་འཕྲོག་མ་སྩོལ་ཅིག །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པ་མིའམ་ཅིའི་ཚོགས་རྣམས་ཀྱིས་རྗེས་སུ་བསྔགས་པ་དང་། མིའམ་ཅི་རྣམས་ཀྱི་རྗེས་སུ་འདུན་པས་གཞོན་ནུ་ནོར་བཟང་ལ་བཀུར་སྟི་ཆེན་པོ་བྱས་ནས། ཡིད་འཕྲོག་མ་ལྷའི་རྒྱན་རྣམས་ཀྱིས་མངོན་པར་བརྒྱན་ཏེ། ལག་པ་གཡོན་པས་བཟུང་། གསེར་གྱི་བྱ་མ་བུམ་ལག་པ་གཡས་པས་བཟུང་ནས། ནོར་བཟང་གི་དྲུང་དུ་སོང་ཏེ་སྨྲས་པ། གཞོན་ནུ་ཡིད་འཕྲོག་མ་འདི་མིའམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ་ཁོ་བོས་ཁྱོད་ལ་ཆུང་མའི་ཕྱིར་སྦྱིན་གྱིས། མི་རྣམས་ནི་ངོ་མི་རྟག་པ་ཡིན་གྱིས། ཇི་ལྟར་ཡང་འདི་མ་དོར་ཅིག །ཡབ་བཀའ་བཞིན་འཚལ་ཞེས་གཞོན་ནུ་ནོར་བཟང་གིས་མིའམ་ཅིའི་རྒྱལ་པོ་ལྗོན་པ་ལས་མཉན་ནས། མིའམ་ཅིའི་གནས་ཀྱི་ཁང་པ་ན་ཡིད་འཕྲོག་མ་དང་ལྷན་ཅིག་སིལ་སྙན་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་རང་གི་ཡུལ་དྲན་ནས་ཕ་མ་དང་། བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱི་མྱ་ངན་གྱིས་གདུངས་པར་གྱུར་ནས་ཡིད་འཕྲོག་མ་ལ་སྨྲས་པ། ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱིས་གནོད་པར་གྱུར་ཏོ། །དེ་ནས་ཡིད་འཕྲོག་མས་དེ་ལྟར་གྱུར་པ་དག་ཕ་ལ་རྒྱས་པར་སྨྲས་སོ། །དེས་སྨྲས་པ། གཞོན་ནུ་དང་ལྷན་ཅིག་སོང་ལ། མི་རྣམས་ནི་བསླུ་བར་བྱེད་པ་ཡིན་གྱིས་ཁྱོད་ཀྱིས་བག་ཡོད་པར་བྱོས་ཤིག །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ནོར་བུ་དང་། མུ་ཏིག་དང་། གསེར་ལ་སོགས་པ་མང་དུ་བརྫངས་ཏེ། བཏང་ནས་དེས་ཡིད་འཕྲོག་མ་དང་ལྷན་ཅིག་ཏུ་སྟེང་གི་ནམ་མཁའི་ལམ་ལ་མིའམ་ཅིའི་ཤུགས་ཀྱིས་ཆས་པ་ན། རིམ་གྱིས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ནོ། །དེ་ནས་གླང་པོའི་ཁྱིམ་དུ་གྲོང་ཁྱེར་རྡོ་བ་དང་། གསེག་མ་དང་། གྱོ་མོག་རྣམས་གསལ་ནས། ཙན་དན་གྱི་ཆུས་ཆག་ཆག་བཏབ། དར་གྱི་ཆུན་འཕྱང་དཔྱངས། རྒྱལ་མཚན་དང་བ་དན་བཙུགས་སོ། །ཤིན་ཏུ་དྲི་ཞིམ་པའི་སྤོས་ཕོར་དག་བཤམས། མེ་ཏོག་རྣམ་པ་སྣ་ཚོགས་བཀྲམ་ཏེ། དགའ་དགའ་ལྟར་བྱས་སོ། །དེ་ནས་གཞོན་ནུ་ནོར་བཟང་མིའི་གཙོ་བོ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། ཡིད་འཕྲོག་མ་དང་ལྷན་ཅིག་དུ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཞུགས་སོ། །དེ་ནས་ལམ་གྱིས་དུབ་པའི་ངལ་གསོས་ནས། རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་ཁྱེར་ཏེ། ཕའི་དྲུང་དུ་སོང་ནས། རྒྱལ་པོའི་སྟན་གྱི་གྲུ་ཞིག་དུ་འདུག་ཏེ། མིའམ་ཅིའི་གྲོང་ཁྱེར་དུ་སོང་པ་དང་། འོངས་པ་རྣམས་རྒྱས་པར་སྨྲས་སོ། །དེ་ནས་རྒྱལ་པོ་ནོར་ཅན་གྱིས་འདི་ཤིན་དུ་སྟོབས་དང་བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཅན་ཞེས་བྱ་བར་རིག་ནས། རྒྱལ་པོར་དབང་བསྐུར་ཏོ། །གཞོན་ནུས་བསམ་པ། གང་དག་ཡིད་འཕྲོག་མ་དང་ལྷན་ཅིག་ཚོགས་པ་དང་། རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པར་གྱུར་པ་འདི་ནི་སྔོན་བྱས་པའི་རྒྱུའི་ཁྱད་པར་གྱིས་ཡིན་གྱི། མ་ལ་ད་བདག་གིས་སྦྱིན་པ་དག་ནི་བཏང་། བསོད་ནམས་དག་ནི་བྱའོ་སྙམ་ནས། དེས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་བརྟེན་པ་མེད་པའི་མཆོད་སྦྱིན་བྱས་སོ། །གང་ན་མཐུ་ཆེན་བློ་གྲོས་ལྡན་པ་དག །འཇིག་རྟེན་མཚུངས་པར་སྤྱོད་པ་དཔལ་ལྡན་པ། །དེ་དང་དེའི་རྗེས་སུ་འཇུག་པར་བསྟན། །འདུལ་བའི་ཚུལ་འདི་བླ་ན་མེད་པ་ཡིན། །གང་ཚེ་སྟོབས་དང་ཕ་རོལ་གནོན་པའི་མཐུས། །འདུལ་བའི་ཚེ་ན་རྣམ་པ་འདི་འདྲ་སྟོན། །དེ་ཡང་འཇིག་རྟེན་སྤྱོད་ལས་གཞན་གྱུར་པ། །མཐུན་པར་འཇིག་རྟེན་གསལ་བར་སྟོན་པ་ཡིན། །རྒྱལ་བའི་སྲས་རྣམས་རྣམ་པ་སྣ་ཚོགས་མཛད་པ་ཡིས། འགྲོ་བའི་ཆུ་གཞིར་རྒྱུ་སྐར་ཟླ་འོད་དང་བཅས་པ། །གསལ་བ་བཞིན་དུ་རང་གི་མཐུ་རྣམས་འཇུག་བྱེད་པ། འདི་ཡང་འཇིག་རྟེན་སྣང་བའི་རྒྱུ་གྱུར་ལགས་པ་སྙམ། དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་འཇིག་རྟེན་པའི་སྤྱོད་པ་དང་རྗེས་སུ་མཐུན་པས་འཇིག་རྟེན་གྱི་དོན་བྱེད་པར་འགྱུར་རོ་ཞེས་ཐབས་མཁས་པ་བསྔགས་པ་དང་། འཇིག་རྟེན་པ་རྣམས་ཀྱི་ནང་དུ་བརྩོན་འགྲུས་ཀྱི་ཁྱད་པར་བསྟན་པའང་བརྗོད་པར་བྱའོ། །དེ་བཞིན་དུ་སྤྱོད་པའི་སྟོབས་བསྟན་པ་ལ་ཡང་ཡིན་ནོ། །ནོར་བཟང་གི་སྐྱེས་པའི་རབས་ཏེ་བརྒྱད་ཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་བྱ་དཀའ་བ་ཆེན་པོ། ཕ་མ་ལ་སྲིད་ཞུ་བྱེད་ཅིང་། བདག་ཉིད་ཀྱི་ལུས་དང་སྲོག་ལ་ཡང་མི་བལྟ་བར་བྱ་དཀའ་བའི་སྤྱོད་པ་དུ་མ་དག་གིས་རྣམ་པར་སྨིན་པའི་སྟོབས་བསམ་གྱིས་མི་ཁྱབ་པའང་མཐོང་བའི་ཆོས་ལ་རེག་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་སོ། །སྔོན་བྱུང་བ་བསྐལ་པ་ཚད་མེད་པ་འདས་པའི་སྔ་རོལ་ནས་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། དམ་པའི་ཆོས་ཐ་མ་གཟུགས་བརྙན་ལ་སྤྱོད་པར་གྱུར་པ་དེའི་ཚེ། མིའི་བདག་པོ་མ་ཧྭ་རཱ་ཛ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཕོ་བྲང་ནི་བཱ་ར་ན་སེ་ཞེས་བྱའོ། །སའི་བདག་པོ་དེ་ལ་རྒྱལ་ཕྲན་ནི་དྲུག་ཅུ་ཐམ་པ། བློན་པོ་ནི་བཞི་སྟོང་། བཙུན་མོ་དམ་པ་ནི་ཁྲི། གྲོང་ཁྱེར་ནི་བརྒྱད་ཁྲི་ལ་དབང་བྱེད་པར་གྱུར་ཏོ། །རྒྱལ་པོ་དེ་ལ་རྒྱལ་བུ་དམ་པ་གསུམ་ཞིག་ཀྱང་ཡོད་དེ། དེ་དག་ཀྱང་སོ་སོར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སྤྱོད་པར་གྱུར་ཏོ། །སའི་དབང་ཕྱུག་རྣམས་ཀྱི་བསོད་ནམས་མཐུ། །རབ་ཏུ་གསལ་ཞིང་དུས་ལ་བབ་པ་ཡིས། སྟོན་ཀའི་དཔལ་གྱི་རབ་ཏུ་བརྒྱན་གྱུར་པའི། །ཡར་ངོ་བཞིན་དུ་ལྷག་པར་རྣམ་པར་གསལ། །རབ་ཏུ་ལྷང་ངེ་གསལ་བའི་ཟླ་འོད་ཀྱང་། སྒྲ་ཅན་རྐྱེན་གྱིས་གཅིག་ཅར་མཛེས་མི་འགྱུར། །དེ་ལྟར་རྒྱལ་པོ་དེ་བྱམས་པའི་རང་བཞིན་གྱིས། རང་གིས་སྲིད་ལེགས་པར་བསྐྱངས་སུ་ཟིན་ཀྱང་། སྔོན་གྱི་ལས་ཀྱི་ཉེས་པས་བློན་པོ་ཐམས་ཅད་ཀྱི་ནང་ཆེན་སྒྲ་ཅན་ཞེས་བྱ་བ་སེམས་མ་རངས་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་དེའི་སྲོག་ལ་གནོད་པ་བྱས་སོ། །དེ་ལྟར་རྒྱལ་པོ་དེ་གསད་ནས་ཀྱང་། དམག་གི་ཚོགས་ཆེན་པོ་བཞི་བཀྱེ་ནས་རྒྱལ་བུ་གཅེན་གཉིས་ཀྱང་གསད་དེ། རྒྱལ་བུ་ཐ་ཆུང་གི་སྟེང་དུའང་དམག་དྲང་པར་བཤམས་སོ། །འཇིག་རྟེན་ན་ནི་མ་རབས་དག །ཚུལ་མིན་སྤྱོད་པས་རབ་ཏུ་ཕུང་། །བདག་གཞན་བརླག་པར་བྱེད་པ་ལ། །ཚུལ་བཞིན་སྤྱོད་པ་བཞིན་དུ་སེམས། དེ་ལྟར་ངན་པར་སྤྱོད་པ་ཆེན་པོ་བདག་གཞན་ཐམས་ཅད་ཕུང་པར་བྱེད་པ་ངན་པའི་བདག་ཉིད་ཅན་གྱི་བློན་པོ་དེས། རྒྱལ་བུ་དེ་ལ་དམག་དྲངས་ཏེ། གཞོམ་པར་བསམས་སོ། །རྒྱལ་བུ་དེ་ཡང་རང་བཞིན་གྱིས། དགེ་ཞིང་གཟུགས་བྱད་ཕུན་ཚོགས་པ། ཅིག་ཏུ་དམ་པའི་ཆོས་ལ་དགའ། རྣམ་པར་དག་པའི་ཚུལ་ཞུགས་པས། དེ་ལ་ལྷ་རྣམས་རབ་ཏུ་དགའ། བསོད་ནམས་དཔལ་གྱིས་ལྷག་པར་མཛེས། །དེ་ལ་བུ་ནི་ཅིག་ཡོད་པ། །དེ་མིང་སུ་ཤ་དེ་བ་ཞེས། །ལྷ་རྣམས་ཀུན་གྱིས་སྒྲགས་པར་གྱུར། །དེ་ནི་ཡིད་གཞུང་གསལ་ཞིང་ངེས་པ་དང་། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་གནས། །སྦྱིན་ལ་དགའ་ཞིང་སེར་སྣ་རྣམ་པར་སྤངས། །འགྲོ་བ་རྣམས་ཀྱི་ཡིད་བཞིན་སྤྱོད་པར་གྱུར། །དེ་ལྟར་རྒྱལ་པོ་ཡབ་སྲས་དེའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་ཕོ་བྲང་བསྲུང་པའི་ལྷ་ཞིག་གིས། རྒྱལ་པོ་མཧྭ་རཱ་ཛ་དང་གཅེན་གཉིས་ཀྱང་བློན་པོ་སྒྲ་ཅན་གྱིས་བཅོམ་པར་གྱུར་ནས། དམག་གི་ཚོགས་རྣམས་རིང་པོ་མི་ཐོགས་པར་འདིར་མྱུར་དུ་འོང་བར་འགྱུར་ཏེ། རྒྱལ་པོ་ཁྱོད་ཀྱང་སྲོག་འཚོ་བའི་ཕྱིར་ཡུལ་གཞན་དུ་འགྲོ་བར་རིགས་སོ། །དེ་སྐད་ཅེས་ཟེར་བ་ཐོས་ནས་སྤུ་ཟིང་ཞེས་བྱེད་ཅིང་། མྱ་ངན་གྱིས་ཡིད་གདུངས་ཏེ། ས་ལ་འགྱེལ་བར་གྱུར་ཏོ། །སླར་དྲན་པ་རྙེད་ནས་ལྷ་དེ་ལ་འདི་སྐད་དུ་ཅེས་སྨྲས་སོ། །འདི་སྐད་གཟུགས་མི་སྣང་བར་བརྗོད་པ་སུ་ཡིན། ཚིག་འདི་ཡང་དག་པར་བདེན་ནམ། ལྷས་སྨྲས་པ། བདག་ནི་ཕོ་བྲང་བསྲུང་བའི་ལྷ་ཡིན་ཏེ། དེས་ན་རྒྱལ་པོ་ཁྱོད་ལ་སྦྲན་པ་ཡིན་གྱིས་དེ་བས་ན་རེ་ཞིག །སྡུག་བསྔལ་ལས་ཐར་བའི་དོན་དུ་ཡུལ་གཞན་དུ་བྱོལ་ཞིང་འགྲོ་བའི་རིགས་སོ། །དེ་ནས་རྒྱལ་པོ་དེ་འདི་ལྟར་སེམས་པར་མངོན་ནོ། །ཀྱེ་མའོ་བློན་པོ་སྡིག་པ་ཅན། །སྒྲ་ཅན་གཏུམ་པོ་མ་རུངས་པས། ཕན་པའི་ལན་དུ་གནོད་བྱས་ཏེ། །རྒྱལ་པོ་ཡབ་ཀྱང་མ་རུངས་བྱས། །བདག་ལའང་དགྲ་བོ་བཞིན་དུ་སེམས། །འདིར་ནི་ལྷ་ཡིས་བསྟན་པ་བཞིན། །བདག་ཀྱང་གཞན་དུ་འགྲོ་ཟད་མོད། འདི་ལྟར་ཉམས་ཉེས་གྱུར་པ་ལས། །སུ་ཡང་གྲོགས་སུ་སེམས་པ་མེད། །ཅིག་པུར་འགྲོ་བར་རིགས་པ་སྙམ། དེ་ནས་རྒྱལ་པོ་བདག་ཉིད་ཀྱི་འཁོར་དུ་རྟོགས་པ་རྣམས་ཀྱིས་ཀྱང་གནོད་པར་བྱས་ཀྱིས་དོགས་པའི་འཇིགས་པ་སྐྱེས་ཏེ་བདག་ཉིད་ཅིག་པུ་ཡུལ་ཕ་རོལ་གྱི་རྒྱལ་པོ་གཞན་ཞིག་གི་དྲུང་དུ་འགྲོ་བར་བསམས་ནས། ཞག་བདུན་གྱི་བཟའ་བ་ཙམ་དང་བཅས་ཏེ། ཕོ་བྲང་གི་ཕྱིར་བྱུང་ནས་སླར་ཡང་རྒྱལ་བུ་སུ་ཤ་དྷེ་བ་ལ་ཆགས་པའི་དབང་གི་ཕོ་བྲང་དུ་ཞུགས་ཏེ། རྒྱལ་བུ་དེ་སྤང་དུ་བླངས་ནས་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ །དེ་དེ་ལྟར་སྐྲག་ཅིང་མདོག་ཉམས་པ་མྱ་ངན་གྱིས་ནོན་པ་བཙུན་མོ་དམ་པས་མཐོང་ནས་དོགས་པ་སྐྱེས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ཅིའི་ཕྱིར། ཤིན་ཏུ་སྐྲག་པ་བཞིན་དུ་མཛད། །གང་གིས་ཁྱེད་ཐུགས་འགལ་གྱུར་པའི། །གཏམ་ཞིག་གསན་པ་མ་ལགས་དྲང་། །རྒྱལ་པོས་སྨྲས་པ། ཁོ་བོ་ཅི་ཉེས་པ་ཁྱོད་ཀྱིས་ཤེས་པ་མ་ཡིན་གྱིས། མ་སྨྲ་ཞིག །བཙུན་མོས་གསོལ་བ། བདག་དང་རྒྱལ་པོ་ཡུལ་ཐ་དད་དུ་སྣང་ཡང་། སེམས་གཅིག་པ་ལྟ་བུ་ལགས་ན་ཅིའི་ཕྱིར་མི་གསུང་། དེ་ནས་རྒྱལ་པོས་བཙུན་མོས་ནན་ཏན་དུ་གསོལ་པ་རིག་ནས་སྨྲས་པ། བློན་པོ་སྒྲ་ཅན་ངན་སེམས་སྐྱེས་ནས་ཡབ་རྒྱལ་པོ་དང་གཅེན་གཉིས་ཀྱང་དཀྲོངས་ཏེ། ད་དམག་དང་བཅས་པས་ང་ལ་བརྒོལ་དུ་འོང་པས་ཁོ་བོ་ཡུལ་གཞན་དུ་འགྲོའོ་ཞེས་སྨྲས་ནས། རྒྱལ་བུ་དེ་སྤང་དུ་བླངས་ཏེ་ལམ་དུ་ཞུགས་སོ། །བཙུན་མོ་དེ་ཡང་རྒྱལ་པོའི་ཕྱི་བཞིན་དུ་སོང་ངོ་། །དེ་ནས་རྒྱལ་པོ་བཙུན་མོར་བཅས་པ་དེ་དག་ཀྱང་། །མྱ་ངན་མུན་པས་བློ་ནི་ཀུན་ཏུ་གཡོགས་གྱུར་པས། །ཕ་རོལ་བགྲོད་པའི་ལམ་ཡང་རིང་པར་ཞུགས་གྱུར་ཏེ། །འཚོ་བའི་ཡོ་བྱད་ཤིན་ཏུ་མྱུར་བར་གྱུར་པ་ཡིས། །རིང་ཞིག་ལོན་ནས་དེ་དག་རྒྱགས་ཀྱང་ཟད་པར་གྱུར། །དེ་ལྟར་མྱ་ངན་དགོན་པ་མིའི་རྒྱུན་འགྲུལ་བ་མེད་པ་དེར་འགྲོ་བའི་ལམ་ཡང་རིང་པར་ཞུགས། ཅིག་གི་འཚོ་བའི་ཡོ་བྱད་ལ་གསུམ་གྱིས་ཀྱང་ཟོས་པར་གྱུར་པ་དེའི་བཟའ་བའི་དངོས་པོ་ཅུང་ཟད་ཙམ་ཡང་མེད་པར་གྱུར་ཏེ། རྒྱལ་པོ་དང་བཙུན་མོ་ཉམས་ཐག་ནས། ས་ལ་འགྲེ་ལྡོག་ཅིང་སྐད་ཕྱུང་ཏེ། སྨྲེ་སྔགས་འདི་དང་འདི་དག་འདོན་ནོ། །ཀྱེ་མ་སྔོན་ཚེ་བདག་ཅག་གིས། །སྡིག་པའི་ལས་ནི་ཅི་ཞིག་བྱས། །དམ་པའི་ཆོས་ལ་བསྐུར་བ་མངོན་བྱས་སམ། །དགྲ་བཅོམ་གསད་དམ་དགེ་འདུན་མཐུན་པ་ཕྱེ། །འོན་ཏེ་ཕ་མ་གསད་པའི་ལས་བྱས་སམ། །ཅིའི་རྐྱེན་གྱིས་འདི་ལྟར་སྡུག་བསྔལ་གྱུར། །ལེགས་པའི་སྲིད་ལམ་བཞག་པ་མ་ཤེས་ཤིང་། །སའི་བདག་པོ་གཉིས་པར་གྱུར་བཞིན་དུ། །ཅི་ཞིག་འདོད་ནས་བཀའ་དྲིན་ཁྱད་དུ་གསོད། །སྡིག་ཅན་བློན་པོ་ཆོས་མིན་ལམ་དུ་ཞུགས། །ཀྱེ་མའོ་ལྷ་རྣམས་ཟད་དམ་མཐུ་ཆུང་ངམ། །གྲགས་པ་ཟད་དམ་འོན་ཏེ་གུད་དུ་དོང་། །ཀྱེ་མའོ་ཀྱི་ཧུད་བདག་ཅག་ཀྱང་། །ཉེས་པ་ཅུང་ཟད་མེད་པ་ལ། །མི་བཟད་སྲོག་ལ་བརྒོལ་བྱེད་པ། །འཆི་བདག་མངོན་དུ་འོངས་པ་བཞིན། དབུགས་འབྱིན་ཚིག་ཀྱང་ཡོང་མི་ཐོས། །བདག་ཅག་མ་རུངས་གྱུར་གྱིས་མེད། དེ་ལྟར་སྨྲེ་སྔགས་དུ་མ་འདོན་ཅིང་། ས་ལ་འགྱེལ་ནས་རིང་ཞིག་ལོན་པ་དང་། རྒྱལ་པོའི་བསམ་པ། གསུམ་ཆར་ཅིག་དུ་འདི་ཁོ་ནར་ཤི་བར་འགྱུར་གྱིས། བཙུན་མོ་གསད་ལ་བདག་དང་བུའི་སྲོག་ཐར་བར་བྱའོ། །སྙམ་དུ་བསམ་ནས་རལ་གྲི་ཕྱུང་ཏེ། བཙུན་མོ་གསད་པར་བཟས་པ་དང་། རྒྱལ་བུས་རྒྱལ་པོའི་ལག་པ་ནས་བཟུང་ཏེ། ད་ཅི་ཞིག་མཛད་ཅེས་གསོལ་པ་དང་། ཡབ་རྒྱལ་པོས་མིག་མཆི་མས་གང་བཞིན་དུ་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་མ་བཙུན་མོ་གསད་ལ་ཁྱོད་ཀྱི་སྲོག་གསོ་བར་བྱའོ་སྙམ་མོ། །གལ་ཏེ་མ་གསད་ན་རང་འཆི་བར་འགྱུར་ཏེ། ཁོ་བོ་ནི་འཆིའམ་གསོན་ཡང་རུང་ན། བུ་ཁྱོད་ཀྱི་སྲོག་གསོ་བའི་ཕྱིར་ཁྱོད་ཀྱི་མ་བཙུན་མོ་གསད་ན་སྙམ་མོ། །དེ་ནས་རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་གསོལ་ཏོ། །གལ་ཏེ་བཙུན་མོ་གསད་པར་གྱུར་ན། དེའི་ཤ་ལ་བདག་མི་འཚལ་ཏེ། གང་ན་ཡང་མའི་ཤ་བུས་ཟ་བ་མི་སྲིད་པས་བདག་ཀྱང་འཆི་བར་གྱུར་ན། ཡབ་རྒྱལ་པོ་ཅིའི་སླད་དུ་བདག་བཀུམ་ཏེ་ཕ་མའི་སྲོག་ཐར་བར་མི་མཛད། ཡབ་རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་མོད་ལ་ཁམས་ཏེ་འགྱེལ་ནས་ས་ལ་འགྲེ་ཞིང་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མའོ་གང་ཕྱིར་བདག་གི་མིག །ཕྱུང་ཏེ་ཟ་བ་ག་ལ་སྲིད། །དེ་བས་ལྷག་པར་གཞོན་ཤ་ཅན། །རབ་དུ་སྡུག་པའི་བུ་དག་ནི། །བསད་ནས་སུ་ཞིག་ཟ་བར་བྱེད། །ཀྱི་ཧུད་བདག་ནི་མ་རུངས་གྱུར། །དེ་སྐད་ཅེས་སྨྲས་ནས་མྱ་ངན་གྱི་ཤུགས་ཀྱིས་བློང་བློང་པོར་གྱུར་ཏེ་འདུག་གོ །ཡང་རྒྱལ་བུ་ཐབས་མཁས་པའི་རང་བཞིན་ཅན་གྱིས། ཡབ་ཡུམ་ལ་གསོལ་བ། ཡབ་ཡུམ་བདག་གིས་གསོལ་བ་གཅིག་གཅིག་མ་གནང་ན་བྱམས་པའི་ཡབ་ཡུམ་མ་ལགས་པས་བདག་གི་ཡིད་དང་མི་འགལ་བར་མཛད་དུ་གསོལ། ད་ནི་ཡབ་རྒྱལ་པོས་སྨྲས་པ། བུ་ཁྱོད་ཀྱི་ཡིད་དང་མི་འགལ་བར་བྱ་ཡིས་ཅི་གསོལ་བ་སྨྲོས་ཤིག །རྒྱལ་བུས་གསོལ་བ། ཡབ་ཡུམ་བྱམས་པའི་རང་བཞིན་ཅན། །བདག་ལ་བརྩེ་བར་མཛད་དགོངས་ན། །ཉིན་རེ་བཞིན་དུ་བདག་ལུས་ལ། །ཆ་ཤས་གསུམ་ཙམ་ཤ་གཅད་དེ། ཆ་རེ་ཡབ་ཡུམ་གཉིས་ལ་འབུལ། །ཆ་ཤས་བདག་ལ་སྩལ་པ་ཡིས། །བདག་ཀྱང་ཉམས་ཉེས་མི་འགྱུར་ཞིང་། །ཟས་ཀྱི་བྱ་བ་མཛད་ནས་སུ། །ཕ་རོལ་གཤེགས་པ་མཛད་དུ་གསོལ། །བདག་གིས་གསོལ་བ་མ་གནང་ན །མྱ་ངན་དགོན་པ་གཞན་མེད་ལས། །བགྲོད་པར་དཀའ་བས་མ་རུངས་འགྱུར། །བདག་དང་ཡབ་ཡུམ་བཅས་པ་འདིར། །དུས་ཅིག་འགུམ་པར་འགྱུར་པ་ན། །དགྲ་རྣམས་མངོན་དུ་དགའ་བར་འགྱུར། །དེ་བས་ཚུལ་འདི་རིགས་པ་ལགས། །ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པ་དེ་དང་དེ་དག་གིས་གསོལ་བ་བཏབ་པས། ཡབ་རྒྱལ་པོ་དང་བཙུན་མོས་ཀྱང་། དེ་ནི་བདེན་ནོ་སྙ་ནས་གསོལ་བ་གནང་ཏེ། ཉིན་རེ་བཞིན་དུ་རྒྱལ་བུ་སུ་ཤ་དྷེ་བའི་ལུས་ལས་ཤ་རྒྱ་མ་གསུམ་གསུམ་གཅད་དེ། མཚོ་བའི་ཡོ་བྱད་བྱས་ཏེ་ལམ་དུ་ཞུགས་སོ། །དེ་ལྟར་དོང་པ་ལས་ཡུལ་ཕ་རོལ་ཏུ་ཉི་མ་གཉིས་ཀྱིས་སླེབ་པའི་སར་རྒྱལ་བུའི་ལུས་ཀྱི་ཤ་ཐམས་ཅད་ཟད་ནས་སྲོག་གི་ལྷག་མ་ཙམ་ལུས་ཏེ། ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་བཙུན་མོས་སྐད་ཆེན་པོ་ཕྱུང་ཏེ་ཆོ་ངེས་བཏབ་ནས་བདག་ཅག་གཉིས་ནི་མ་རིག་དབང་གྱུར་ཏེ། །ཁྱོད་ནི་འདི་ལྟར་སྡུག་བསྔལ་ཉམས་ཉེས་སོང་། །ཕ་རོལ་བགྲོད་པའི་ལམ་ཡང་ད་རུང་རིང་། །ཀྱི་ཧུད་རབ་ཏུ་སྡུག་པའི་བུ་དང་བྲལ། །མྱ་ངན་ཤུགས་ཀྱིས་འདིར་ནི་བདག་སེམས་བསྲེགས། །སྒྲ་ཅན་གཏུམ་པོ་མངོན་དུ་མ་གསད་པ། །འདིར་ནི་བླུན་པོའི་དབང་གིས་མཚར་ཅིག་བྱས། །ཞེས་པ་ལ་སོགས་པའི་སྨྲེ་སྔགས་དེ་དང་དེ་དག་འདོན་ཏོ། དེ་ལྟ་བུའི་གནས་སྐབས་ནའང་རྒྱལ་བུ་དེ་བདག་ཉིད་ཀྱི་ལུས་ཀྱི་ཤས་ཕ་མ་ལ་སྲིད་ཞུ་བྱས་པས་དེས་ཡིད་མགུ་བར་གྱུར་ནས་བདག་གིས་སེམས་རབ་དུ་དང་ཞིང་བསྟན་པ་བརྟན་པའི་ཕྱིར་ཡབ་ཡུམ་ལ་གསོལ་པ། འདི་ནས་ཕ་རོལ་ཏུ་ཞག་ཅིག་གི་ལམ་ཙམ་ལས་མ་ལུས་ཏེ། བདག་ནི་གཡོ་ཞིང་སྐྱོད་པར་མི་ནུས་པས། སྲོག་འདིར་འདོར་རོ། །ཡབ་ཡུམ་ནི་མི་མ་རབས་ངན་པ་ལྟར་འདི་ལྷན་ཅིག་བདག་ལ་ཆགས་པར་མ་མཛད་ཅིག །ཤིན་ཏུ་བྱམས་པའི་བདག་ཉིད་ཅན། ཡབ་ཡུམ་བདག་ལ་དགོངས་སུ་གསོལ། འདིར་ནི་འགུམ་པར་འགྱུར་བ་ལ། །བདག་ནི་སྡུག་བསྔལ་མ་མཆིས་ཏེ། །ཡབ་ཡུམ་མཐུ་ཡིས་ཁྱད་པར་གྱིས། །དོན་ཆེན་གྲུབ་པ་གཟིགས་སུ་གསོལ། །མི་གཙང་ཁྱབ་པའི་ལུས་འདི་ཡང་། །དེ་རིང་རིན་ཆེན་མཆོག་ཏུ་གྱུར། །ཡབ་ཡུམ་ཕ་རོལ་བདེར་གཤེགས་པས། །བདག་གིས་རྙེད་པ་ཆེན་པོ་རྙེད། །དེ་བས་གསོལ་པ་གསན་ནས་ནི། །སླར་ཡང་བདག་གི་ལུས་འདི་ལ། །ཡོད་པའི་ཤ་རྣམས་བསྣམས་ནས་ནི། །ཕ་རོལ་ཕྱིན་ཏེ་དོན་ཡོད་མཛོད། །ཕ་རོལ་གྲགས་པའི་རྒྱལ་པོ་ཡིས། །གཉེན་བྱས་རྒྱལ་སྲིད་བདེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཆོས་དང་ལྡན་པའི་གཏམ་གྱིས་ཡོངས་སུ་བསྐུལ་བར་ངེས་སོ། །དེ་ནས་རྒྱལ་པོ་ཡབ་ཡུམ་གཉིས་མྱ་ངན་དང་བཅས་བཞིན་བདག་གི་བུ་གསོན་པར་འགྱུར་བའི་སྐབས་མེད་པར་རིག་ནས། དེ་ལྟར་གསོལ་བ་ལྟ་བུའི་དོན་ལའང་བསམས་ཏེ། ཤ་ཐམས་ཅད་ཟད་པར་བཏོགས་ནས། ཡབ་ཡུམ་ཡུལ་ཕ་རོལ་ཏུ་སོང་ངོ་། །དེ་ལྟར་རྒྱལ་བུ་ས་ལ་འགྱེལ་ནས་རིང་ཞིག་ལོན་པ་དང་། ཕྱོགས་ཅུ་ནས་ཤ་ཁྲག་གི་དྲིས་མངོན་པར་བསྐུལ་བ་བཞིན་དུ་སྦྲང་བུ་དང་། ཤ་སྦྲང་ལ་སོགས་པ་ཤ་ཟ་བའི་སྲོག་ཆགས་དུ་མ་འདུས་ཏེ་ཟོས་པར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔས་ལྷག་པའི་བསམ་པ་བརྟན་པའི་མཐུ། འདི་ལ་བརྟེན་ནས་ཐོག་མ་མེད་པ་ནས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀུན་ཏུ་བྱང་ཞིང་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་སངས་རྒྱས་སུ་གྱུར་ཅིག །བདག་གི་ལུས་ལ་ཟ་བར་བྱེད་པའི་སྲོག་ཆགས་ཐམས་ཅད་ཀྱང་འཁོར་བའི་རྒྱ་མཚོ་ལས་གྲོལ་ཐར་བར་གྱུར་ཅིག །ཅེས་སྨོན་པར་བྱས་པ་དང་དེ་ནས་དེ་ཡི་ལྷག་བསམ་མཐུ་ཡིས་དེར། །ས་ཆེན་པོ་དང་བཅས་པར་རབ་ཏུ་གཡོས། །རྒྱ་མཚོའི་རླབས་ཀྱང་དགའ་བའི་གོས་གྱོན་བཞིན། །ཀུན་དུ་འཁྲུག་ཅིང་དུས་ལས་འདས་པ་བྱུང་། །ཉི་ཟླའི་འོད་ཀྱང་མོག་མོག་པོར་བྱེད་པ། །དུས་ཚིགས་འོད་བཞིན་ཕྱོགས་ཀུན་གསལ་བར་ཁྱབ། །ལྷུན་པོ་གཡོས་པས་ལྗོན་ཤིང་ཡལ་ག་བཞིན། །ལྷའི་གཞལ་མེད་ཁང་རྣམས་ཀུན་ཏུ་གཡོ། །དེ་ལ་བརྟེན་ནས་འདིའི་རྒྱུ་གང་ཞེས། །ལྷའི་དབང་པོ་ཡིད་ལ་དོགས་པ་སྐྱེས། །དེ་ཚེ་བྱང་ཆུབ་སེམས་དཔའི་བརྟན་པ་ཡིས། །བྱ་དཀའི་སྤྱོད་པ་འཇིག་རྟེན་བསྟན་པར་རིགས། ཨེ་མ་ཧོ་འདི་ནི་བདེན་ནམ་བརྫུན། །བདག་ཉིད་མ་སྦྱངས་པ་རྣམས་ནི། །ལུས་དང་སྲོག་ལ་ལྟོས་མེད་པ། །འདི་ནི་འཇིག་རྟེན་ཡོད་མ་ཡིན། །དེ་ལྟར་དེ་ལ་སེམས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བགམ་པའི་ཕྱིར། སེང་གེ་དང་སྟག་ལ་སོགས་པ་གཅན་གཟན་ཁྲོ་བོ་དུ་མའི་གཟུགས་སུ་སྤྲུལ་ཏེ། རྒྱལ་བུ་ག་ལ་བ་དེར་སོང་ནས་དེ་ལ་འཇིགས་པར་བྱེད་པ་བཞིན་དུ་སྡིགས་སོ། །དེ་དག་ལ་བྱམས་པའི་ཤུགས་ཀྱིས་རྒྱལ་བུས་སྨྲས་པ། ཁྱེད་རྣམས་ཁོ་བོ་ཟ་འདོད་ན་ཅི་བདེ་བར་ཟོ་ཞིག །འདི་འདྲ་བའི་མཐུ་རྩལ་གྱིས་སྡིགས་ཅི་དགོས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ལ་ཡ་མཚན་ཆེ་བར་གྱུར་ཏེ། བདག་ཉིད་ཀྱི་ལྷའི་གཟུགས་བཟང་པོ་ནོར་བུའི་རྣ་ཆ་གཡོ་བ་བསྟན་ནས་དེའི་དྲུང་དུ་འདུག་ཏེ་སྨྲས་པ། ཀྱེ་འདི་ལྟ་བུའི་བྱ་དཀའ་བ་ལ་བརྟེན་ནས་ལྷའི་རྒྱལ་པོའམ། བདུད་དམ་ཚངས་པ་འདོད་དམ། འོན་ཏེ་འཁོར་ལོ་བསྒྱུར་བ་འདོད། རྒྱལ་བུས་སྨྲས་པ། ལྷའི་དབང་པོ་གཟིགས་སུ་གསོལ། བདག་འདི་ལྟར་བགྱིད་པའི་དོན་བརྗོད་པར་བགྱིའོ། །བདག་ནི་ཚངས་པ་བརྒྱ་བྱིན་དབང་ཕྱུག་དང་། །གླིང་བཞིའི་རྒྱལ་པོ་ཐོབ་པར་འདོད་པ་མིན། །སྲིད་པའི་རྒྱ་མཚོར་ལྷུང་བའི་འགྲོ་བ་རྣམས། །ཐར་བྱེད་རྫོགས་པའི་བྱང་ཆུབ་དེ་འདོད་དོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ནི་ཤིན་ཏུའང་གཏི་མུག་ཅན་ཞིག་ཡིན་པ་ལྟ། བླ་ན་མེད་པའི་བྱང་ཆུབ་ནི་ཡུན་རིང་པོར་བྱ་དཀའ་བ་དཔག་ཏུ་མེད་པའི་བསྒྲུབས་པ་ཡིན་ནོ་ཞེས་གྲགས་ན། །ཁྱོད་ཀྱིས་འཁོར་བ་ན་སྡུག་བསྔལ་ལ་བཟོད་དམ། རྒྱལ་བུས་སྨྲས་པ། གལ་ཏེ་ལྕགས་ཀྱི་འཁོར་ལོ་འབར་བ་བདག་གི་སྤྱི་བོའི་སྟེང་དུ་རྒྱུན་ཏུ་འཁོར་ཡང་སྡུག་བསྔལ་དེ་ཙམ་གྱིས་བདག་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཀྱི་ཚིག་འདི་ལ་སུ་ཞིག་ཡིད་ཆེས་པར་འགྱུར། རྒྱལ་བུས་སྨྲས་པ། དེ་ཙམ་ཡིད་མི་ཆེས་བཞིན་དུ་བདག་ལ་དྲི་བ་ཅི་ཆེད་ཆེ། འོན་ཀྱང་འདི་ལ་ཁྱེད་མགུ་བར་བྱ་ཡིས་ལྷའི་དབང་པོ་གསན་དུ་གསོལ། གལ་ཏེ་ཚིག་འདི་བརྫུན་པ་ན། །བདག་གི་ལུས་འདི་ནམ་དུ་ཡང་། །སྡུག་བསྔལ་བཞིན་དུ་གནས་པར་གྱུར། །རྨ་ཡང་འཚོར་བར་མ་གྱུར་ཅིག །གལ་ཏེ་བརྗོད་པ་དོན་མཐུན་ན། །གཞོན་ཤར་བཅས་པའི་ལུས་གྱུར་ཏེ། །དཔལ་དང་གཟི་བརྗིད་ཀྱིས་བརྒྱན་ཅིང་། །ཁྲག་ཀྱང་འོ་མར་འགྱུར་བར་ཤོག །དེ་སྐད་ཅེས་སྨྲས་མ་ཐག་དུ་རྒྱལ་བུའི་ལུས་སྔ་མ་བཞིན་དུ་གྱུར་ཏེ་དཔལ་དང་གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་ཡིད་མགུ་བར་གྱུར་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཤིན་ཏུ་དཔའ་བའི་བརྩོན་འགྲུས་ཅན། །ཁྱོད་ནི་བྱང་ཆུབ་རིང་མ་ཡིན། །ཇི་ལྟར་བསམས་པ་བཞིན་དུ་འགྱུར། །དེ་ཚེ་ཐོག་མར་བདག་ཉིད་ལ། །ཆོས་ཀྱི་བཀའ་དྲིན་བརྩལ་དུ་གསོལ། ཞེས་བརྗོད་དེ་མི་སྣང་བར་གྱུར་ནས། རང་གི་གནས་སུ་སོང་ངོ་། །ཕ་མ་གཉིས་ཀྱང་བྱང་ཆུབ་སེམས་དཔའི་མཐུས་ཕ་རོལ་གྱི་རྒྱལ་པོའི་དྲུང་དུ་ལེགས་པར་སླེབས་ནས་རྒྱལ་པོ་དེས་ཀྱང་རྒྱང་རིང་མོ་ནས་བསུས་ཏེ། ཡོ་བྱད་རྣམས་ཡིད་བཞིན་དུ་སྦྱར་ཞིང་རྒྱལ་བུའི་སྤྱོད་པ་རྨད་དུ་བྱུང་བ་དེ་ཐོས་ནས་སླར་དཔུང་གི་ཚོགས་ཆེན་པོ་བཤམས་ཏེ་ཡུལ་བཱ་ར་ན་སེར་དམག་དྲངས་སོ། །དེའི་ཚེ་རྒྱལ་བུ་གང་དུ་ལུས་པའི་ས་དེར་རུས་པ་དག་བསྡུའོ་སྙམ་དུ་བསམ་སྟེ་ས་ཕྱོགས་དེར་ཕྱིན་པ་ན་སྔ་མ་བས་ཀྱང་ཆེས་གཟུགས་བཟང་ཞིང་མཛེས་པར་གྱུར་ནས་དྲུང་དུ་འོངས་སོ། །དེ་ནས་སྐྱེ་བོ་དགའ་བའི་སྒྲ་འབྱིན་པ། གུས་པའི་ཡིད་ཅན་རྣམས་ཀྱིས་མདུན་བདར་ཏེ། སོས་ཀའི་སྤྲིན་ཆེན་གློ་བུར་ལངས་པ་བཞིན། རུ་མཚོན་བ་དན་བཅས་པའི་འོད་འཕྲོ་ཞིང་། །རྔ་སྒྲའི་བྲག་ཆས་རི་ལུང་ཀུན་དུ་གང་། །དགྲ་བོའི་ཚོགས་རྣམས་ཀུན་ཏུ་ཟིལ་གནན་བཞིན། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་བཅས་པས་རང་གི་ཡུལ་དུ་ཕྱིན་པ་དང་། དེའི་བསོད་ནམས་ཀྱི་མཐུས། དགྲ་ཐམས་ཅད་ཟིལ་གྱིས་གནན་ནས། རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པར་གྱུར་ཏེ། སྲིད་ཐམས་ཅད་ཀུན་ཏུ་བདེ་བར་གྱུར་ཏོ། །དེ་ལྟ་བུའི་ཕྱིས་བྱུང་བའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཚེ་རྒྱལ་པོ་དེ་ནི་ཟས་གཙང་ཡིན། །ལྷ་མོ་སྒྱུ་འཕྲུལ་དེ་ནི་བཙུན་མོར་གྱུར། །ལུས་ཀྱི་ཤ་ཡིས་སྲིད་ཞུ་བྱས་པ་ནི། །རྒྱལ་བུར་གྱུར་པ་དེ་ནི་ང་ཉིད་ཡིན། །དེ་ཚེ་བརྒྱ་བྱིན་ལྷའི་དབང་པོ་དེ། །འདི་ན་ཀུན་ཤེས་ཀོའུ་ཌི་ནྱའོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་བྱ་དཀའ་བའི་གོ་ཆའི་སྟོབས་ནི་བསམ་གྱིས་མི་ཁྱབ་པོ། ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པའི་མདོ་སྡེ་དག་ལའང་སྦྱར་བར་བྱའོ། །དེ་བཞིན་དུ་ཕ་མ་ལ་གུས་པའི་དབང་གིས་སྲིད་ཞུ་བྱ་བ་ལའང་བརྗོད་པར་བྱའོ། །སུ་ཤ་དྷེ་བར་སྐྱེས་པའི་རབས་ཏེ་བརྒྱད་ཅུ་དགུ་པའོ།། །།སྐྱེས་བུ་དམ་པ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ནི་དཔག་ཏུ་མེད་པ་ཡིན་ནོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་ནི་རྒྱལ་པོའི་ཕོ་བྲང་འཁོར་རབ་ཏུ་འབྱོར་ཞིང་རྒྱས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཞིག་དུ་རྒྱལ་པོ་གསལ་སྟོབས་ཞེས་བྱ་བ་དང་། དེའི་བཙུན་མོ་རྣམ་པར་དཔའ་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་བུ་ལྔ་ཞིག་ཡོད་པར་གྱུར་ཏེ། དེའི་བུ་ཆེ་བ་ནི་གཟུགས་ཤིན་ཏུ་མཛེས་པས་གཟུགས་སྟོབས་ཞེས་བྱའོ། །གཉིས་པ་ནི་བརྩོན་འགྲུས་ལྡན་ཞེས་བྱའོ། །གསུམ་པ་ནི་བཟོ་ལྡན་ཞེས་བྱའོ། །བཞི་པ་ནི་ཤེས་རབ་ལྡན་ཞེས་བྱའོ། །ལྔ་པ་ནི་བསོད་ནམས་ཀྱི་སྟོབས་ཞེས་བྱ་ཏེ། གང་གི་ཚེ་བཙུན་མོ་རྣམ་པར་དཔའ་བ་ལ་བུ་ལྔ་པོ་དེ་ཉིད་མངལ་དུ་ཆགས་པ་དེའི་ཚེ་འདི་ལྟ་བུའི་ཁྱད་པར་གྱི་ལྟས་དག་བྱུང་སྟེ། རྒྱལ་པོའི་ཕོ་བྲང་དེའི་འཁོར་ཡུག་ཏུ། །གསེར་གྱི་ཆར་པ་ཀུན་ཏུ་བབ་པར་གྱུར། །ལྷའི་བླ་རེ་རིན་ཆེན་གྱིས་སྤྲས་པ། །བཙུན་མོའི་སྟེང་དུ་བྲིས་པ་བཞིན་དུ་བྱུང་། གང་གི་ཚེ་རྒྱལ་པོ་གསལ་སྟོབས་ཀྱི་ལྟས་ཏེ་མཐོང་ནས་མཆོག་དུ་ངོ་མཚར་དུ་གྱུར་ཏོ། །ལྟས་མཁན་རྣམས་ལ་སྨྲས་པ། ཀྱེ་སྔོན་མ་བྱུང་བའི་མཚན་མ་དག་བྱུང་བ་དག་ཅི་ཞིག་ལས་གྱུར། ལྟས་མཁན་རྣམས་ཀྱིས་གསོལ་པ། ལྷ་འདི་ནི་བཙུན་མོའི་ལྷུམས་སུ་སྲས་གང་ཞུགས་པ་དེ་བསོད་ནམས་ཀྱི་ཆེ་བ་ཞིག་མཆི་སྟེ་དེའི་བསོད་ནམས་ལས་གྱུར་ཏོ། །དེ་སྐད་སྨྲས་པ་ཐོས་ནས་རྒྱལ་པོས་དེ། ངོ་མཚར་སྐྱེས་ཤིང་རངས་གྱུར་པས། །རྒྱལ་པོའི་ཕོ་བྲང་རབ་ཏུ་འབྱོར་པ་རྣམས། །ལེགས་པར་བརྒྱན་པས་མཆོག་ཏུ་མཛེས་པར་བྱས། བཙུན་མོ་དེའི་ལྷག་པའི་བསམ་པ་བཞིན། །གསེར་དངུལ་རིན་ཆེན་གོས་དབྱིག་ཐམས་ཅད་ཀྱིས། །དབུལ་པོ་རྣམས་ནི་ཡོངས་སུ་ཚིམ་པར་བྱས། །བཙོན་རར་གནས་པ་རྣམས་ཀྱང་ཐར་བྱས་ཤིང་། །ཀུན་དགའི་དགའ་སྟོན་བཟང་པོ་རྒྱས་པར་གྱུར། །དེ་ནི་སྐྱེས་བུ་དམ་པ་དེའི་མཐུ། །དེ་ནས་དུས་གཞན་ཞིག་ན། བཙུན་མོ་དམ་པ་དེའི་སེམས་ཀྱི་རྣམ་པར་རྟོག་པ་ལ་འདི་ལྟ་བུ་སྐྱེས་ཏེ། གང་ལྷ་རྣམས་ཀྱིས་སེང་གེའི་ཁྲི་ཉེ་བར་བཤམས་ཏེ། བདག་དེ་ལ་འདུག་ནས་སྐྱེ་བོའི་ཚོགས་ལ་ཆོས་དང་ལྡན་པའི་གཏམ་སྙན་ཀྱང་ཅི་མ་རུང་སྙམ་དུ་སེམས་པར་གྱུར་པ་ན། དེའི་ཚེ་རྒྱལ་པོའི་ཕོ་བྲང་ཀུན་ཏུ་ལེགས་པར་བརྒྱན་ཅིང་། བཙུན་མོ་དམ་པ་དེ་བུད་མེད་ཀྱི་འཁོར་གྱི་བསྐོར་ནས་ལྷའི་བུ་མོ་བཞིན་དུ་སྐྱེ་བོ་དག་གིས་མིག་དང་ཡིད་འཕྲོག་པར་བྱེད་ཅིང་སྐྱེ་བོ་མང་པོ་འདུས་པའི་ནང་དུ་སོང་ཏེ། སེམས་ཅན་གྱི་རྗེས་སུ་འགྲོ་བའི་བྱམས་པ་ཉེ་བར་གནས་པས་ནམ་མཁའ་ལ་བལྟ་ཞིང་། ཚིགས་སུ་བཅད་དེ་བདེན་པའི་བྱིན་རླབས་སྨྲས་པ། མི་དབང་ལྷའི་རྣམ་པར་གྲུབ་པའི། །བསོད་ནམས་སྟོབས་འཕགས་ཅི་སྟེ་བདག་ལ་ཡོད། །བདེན་པ་དེས་ནི་དི་རིང་ལྷ་རྣམས་ཀྱིས། །མྱུར་དུ་བདག་གི་སེང་གེའི་ཁྲི་ཤོམས་ཤིག །དེ་སྐད་སྨྲས་མ་ཐག་ཏུ་ལྷ་རྣམས་ཀྱིས་སེང་གེའི་ཁྲི་བཤམས་ཤིང་། ལྷའི་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་བཙུན་མོ་རྣམ་པར་དཔའ་བ་སེང་གེའི་ཁྲི་དེ་ལ་འདུག་ཏེ། ནམ་མཁའ་ལས་འཕགས་ནས། ལྷ་རྣམས་ཀྱིས་རིན་པོ་ཆེའི་བླ་རེ་བྲིས་ཤིང་། རྒྱལ་པོ་དང་བཅས་པའི་སྐྱེ་བོའི་ཚོགས་རྣམས་དགའ་བའི་མིག་བསྒྲད་དེ་ཐལ་མོ་སྦྱར་ནས་འཁོད་དོ། །དེ་ནས་བཙུན་མོ་དེས་སྔར་མ་བྱུང་བའི་ཆོས་ཀྱི་གཏམ་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་བསགས་པས་བདེ་བ་འབྱུང་། །དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུག་པར་བྱ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བར་སྣང་ལས་ལེགས་པར་སྨྲས་སོ། །ཞེས་ལྷ་རྣམས་ཀྱིས་སྒྲ་ཕྱུང་ཏེ་ལྷའི་རོལ་མོའི་སྒྲ་བསྒྲགས་ཤིང་གོས་དང་བརྒྱན་གྱིས་འཕྲེང་བ་དག་གིས་ཀྱང་གཏོར་ཏོ། །དེ་ནས་བཙུན་མོ་སེང་གེའི་ཁྲི་ལས་བབས་ཏེ། རང་གི་གནས་སུ་སོང་པ་ན། དེ་ལྟ་བུའི་ཆོ་འཕྲུལ་དེ་ཡང་མེད་པར་གྱུར་ཏོ། །དེ་ནས་གཞོན་ནུ་དེ་ཡོངས་སུ་བཙས་པར་གྱུར་པ་ན། དེའི་བསོད་ནམས་ཀྱི་ཁྱད་པར་འདི་ལྟ་བུར་གྱུར་ཏེ། ས་རྣམས་རབ་ཏུ་གཡོས་ཤིང་མེ་ཏོག་ཚོགས། །རབ་ཏུ་བཀྲམ་པས་ཕྱོགས་ཀུན་ཁྱབ་པར་སྣང་། །དེ་ཚེ་མིག་སྟོང་ལྡན་པའི་བརྒྱ་བྱིན་ཡང་། །ཟླ་བ་རྒྱས་འདྲའི་གདུགས་ནི་དཀར་པོ་དང་། །རྔ་གཡབ་མཛེས་པས་དེ་ལ་གཡོབ་པར་བྱེད། །ལྷ་རྣམས་སྟོང་གིས་མཆོད་པ་བྱེད་པར་གྱུར། །རིན་ཆེན་ལྔའི་གཏེར་ཡང་བརྡོལ་གྱུར་ཏེ། །དེའི་ཚེ་སྐྱེ་བོ་ཕོངས་པ་མེད་པར་གྱུར། རྟ་དང་གླང་ཆེན་ཁྱུ་མཆོག་དུ་མ་རྣམས། དེའི་བསོད་ནམས་མཐུ་ཡིས་དུས་གཅིག་བྱུང་བ་གཞོན་ནུ་དེ་ཡིས་སྔོན་གྱི་གནས་དྲན་ནས། བདག་ཉིད་ཀྱིས་ནི་སྔོན་བཞིན་ཚིགས་བཅད་སྨྲས། དེ་ནི་བསོད་ནམས་རྒྱ་ཆེན་མཐུ་ལྡན་པས། །མིང་ཡང་བསོད་ནམས་སྟོབས་ཞེས་གྲགས་པར་གྱུར། །དེ་ལྟར་གཞོན་ནུ་བསོད་ནམས་སྟོབས། །དགེ་ཞིང་དཔལ་ཡོན་བསམ་མི་ཁྱབ། །བདུད་དང་སྙིང་རྗེ་ཆེ་ལྡན་ཞིང་། །བདག་ཉིད་ཡོངས་སུ་སྦྱངས་པ་ཡིས། གཞོན་དོན་ཡོངས་སུ་སྤྱོད་པར་གྱུར། །དེ་ནི་འཇིག་རྟེན་སྤངས་པའི་དངོས་པོ་ལ། །སེར་སྣས་སྦྱིན་པར་མི་བྱེད་གང་ཡང་མེད། །རང་གི་རྒྱུད་ནི་ཚུལ་ཁྲིམས་གྱིས་འཕགས་ཤིང་། །བཟོད་ལྡན་གཡོ་རྒྱུ་སྤངས་ཤིང་རབ་ཞིར་གྱུར། །དེའི་གྲགས་པས་འཛམ་བུ་གླིང་དུ་ཁྱབ། །ཆོས་དོན་ལྡན་པས་ལྷའི་རྔ་སྒྲ་བཞིན། དེ་ནས་དུས་གཞན་ཞིག་གི་ཚེ། །གཞོན་ནུ་བསོད་ནམས་སྟོབས་ཕུ་བོ་བཞི་དང་ལྷན་ཅིག་དུ་འབྱོར་པ་མཆོག་གི་སྐྱེད་མོས་ཚལ་དུ་དོང་ངོ་། །དེའི་ཚེ་ཡི་དྭགས་ཁ་ཁབ་ལྟ་བུ་ལ་སོགས་པ་སྟོང་ཕྲག་དུ་མ་བདག་གཞོན་ནུ་བསོད་ནམས་ཀྱི་སྟོབས་ལ་ཟས་སློང་པར་གྱུར་ཏེ། གཞོན་ནུས་དེ་དག་མཐོང་ཏེ་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་སྟོབས་བརྗོད་པ། བདག་གི་ལྷག་པའི་བསམས་པའི་མཐུ་ཡིས་ནི། །ལྷའི་བཟའ་དང་བཏུང་བ་དུ་མ་རྣམས། འདིར་ནི་ཐོགས་པ་མེད་པར་མངོན་གྱུར་ཏེ། ཡི་དྭགས་རྣམས་ནི་ཡོངས་སུ་ཚིམ་པར་ཤོག །དེ་ལྟར་སྨོན་ལམ་གྱི་མཐུས་ཡི་དྭགས་རྣམས་ཀྱིས་ལྷའི་བཟའ་བ་དང་བཏུང་བ་དག་ཐོབ་ཅིང་ཡི་དྭགས་ཀྱི་སྐྱེ་བ་ནས་ལས་འཕོས་ཏེ་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་པར་གྱུར་ཏོ། །དེ་ནས་གཞོན་ནུ་དེ་དག་སྐྱེད་མོས་ཚལ་དུ་གཏམ་བྱ་བའི་སྐབས་སུ་བབ་པ་ནི། མི་རྣམས་ལ་གཏན་དུ་ཕན་པར་བྱེད་པ་གང་ཡིན་པ་གླེང་པར་བྱེད་དེ། གཞོན་ནུ་གཟུགས་དང་ལྡན་པ་ན་རེ། གཟུགས་བཟང་པ་འདི་ནི་སྐྱེ་བོ་རྣམས་ལ་ཕན་པ་ཡིན་ཏེ། ཡིད་དུ་འོང་པའི་གཟུགས་དང་ལྡན་པ་ནི། །མཐོང་པ་ཙམ་གྱིས་མི་རྣམས་དགའ་བར་འགྱུར། །གཞན་གྱིས་བཀུར་བའི་གནས་སུ་འགྱུར་རོ་ཞེས། །སྔོན་གྱི་དྲང་སྲོང་གིས་ཀྱང་སྨྲས་པ་ཡིན། ཞེས་སྨྲས་སོ། །གཞོན་ནུ་བརྩོན་འགྲུས་ཅན་གྱིས་སྨྲས་པ། གཟུགས་བྱད་དང་ལྡན་པ་བས་ནི་བརྩོན་འགྲུས་མཆོག་ཏུ་གྱུར་པ་ཡིན་ཏེ། བརྩོན་འགྲུས་ཀྱིས་ནི་རང་གཞན་དོན་གྲུབ་བྱེད། །འདི་དང་ཕྱི་མའི་འབྲས་བུ་མྱུར་དུ་སྣང་། །གནོད་པ་ཟློག་ཅིང་ཕན་པ་འབྱིན་པས་ན། །བརྩོན་འགྲུས་ཀྱིས་ནི་ཐོགས་པ་མེད་པར་འགྱུར། །ཞེས་བརྩོན་འགྲུས་དང་ལྡན་པའི་གཏམ་གླེངས་སོ། །དེ་ནས་གཞོན་ནུས་བཟོ་ལ་མཁས་པ་ན་རེ། བཟོའི་གནས་རྣམས་ལ་ཡོངས་སུ་མཁས་པ་ནི་མི་རྣམས་ལ་ཕན་པ་ཡིན་ཏེ། སྣ་ཚོགས་ལས་ལ་མཁས་རྣམས་ནི། །མི་རྣམས་ཀྱིས་ཀྱང་ལེགས་པར་བཀུར། །དེ་བཞིན་དམན་པའང་བཟོའི་ཕྱིར། །མི་དང་ལྷ་རྣམས་ཀྱིས་ཀྱང་བཀུར། །ཞེས་བཟོ་དང་ལྡན་པས་བསྔགས་སོ། །དེ་ནས་ཤེས་རབ་ཅན་གྱིས་སྨྲས་པ། དེ་དག་བས་ཀྱང་ཤེས་རབ་ནི་མི་རྣམས་ཀྱི་ཉམས་སུ་ཕན་ཅིང་དོན་ཐམས་ཅད་གྲུབ་པར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱིས་ནི་གཟུགས་དང་བཟོ། །བརྩོན་འགྲུས་ནོར་ཡང་ཐོབ་པར་འགྱུར། །མི་རྣམས་ལེགས་པར་བདེ་བ་ཆེ། །ཤེས་རབ་ཀྱིས་ནི་ཐམས་ཅད་འཐོབ། །ཅེས་ཤེས་རབ་ཅན་གྱིས་དེ་སྐད་ཅེས་སྨྲས་པ་ལ། གཞོན་ནུ་བསོད་ནམས་སྟོབས་ཀྱིས་འཛུམ་པ་དང་བཅས་པས་བལྟས་ཏེ་སྨྲས་པ། ཤེས་རབ་དང་བྲལ་བའི་གཟུགས་དང་། བཟོ་དང་བརྩོན་འགྲུས་ཐམས་ཅད་ནི་ཉམས་སུ་ཕན་པ་མ་ཡིན་ལ། ཤེས་རབ་ཀྱིས་ཟིན་པ་ནི་ཡོངས་སུ་ཕན་པ་ནི་བདེན་མོད་ཀྱིས། འོན་ཀྱང་ཤེས་རབ་དེ་ཡང་བསོད་ནམས་མེད་པར་ཐོབ་པ་མ་ཡིན་ཏེ། དེ་བས་ན་བསོད་ནམས་ཕན་པ་ཡིན་ནོ། །དེ་བས་ན་འདིར་བསོད་ནམས་ཀྱི་ཚོགས་ཕྱོགས་ཙམ་ཅིག་བཤད་པར་བྱ་ཡིས་ཉོན་ཅིག །བསོད་ནམས་དག་གིས་བྱད་གཟུགས་འཐོབ། །བསོད་ནམས་ཀྱིས་ནི་ཚུལ་ཁྲིམས་ལྡན། །བསོད་ནམས་དག་གིས་དཔལ་ཐོབ་ཅིང་། །དེ་བཞིན་ལོངས་སྤྱོད་ཅན་དུ་འགྱུར། །བསོད་ནམས་དག་གིས་ཤེས་རབ་འཐོབ། །སྙན་ངག་སྦྱོར་མཆོག་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཡིད་གཞུགས་འཐོབ། །བསོད་ནམས་དག་གིས་བཟང་འགྲོ་འཐོབ། །བསོད་ནམས་དག་གིས་རིགས་མཐོར་སྐྱེ། །བསོད་ནམས་ཀྱིས་ནི་སྐྱེ་བ་དྲན། །བསོད་ནམས་དག་གིས་གྲགས་པ་འཐོབ། །བསོད་ནམས་དག་གིས་ངང་ཚུལ་ཅན། །བསོད་ནམས་དག་གིས་སྟོང་ལྡན་འགྱུར། །བསོད་ནམས་དག་གིས་དབང་པོ་ཚང་། །བསོད་ནམས་དག་གིས་བདེ་བ་འཐོབ། །བསོད་ནམས་དག་གིས་མཁས་པས་མཆོད། །བསོད་ནམས་དག་གིས་སྟོབས་འཐོབ་ཅིང་། །དམ་པ་འཕྲད་པ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་དོན་ཀུན་འཐོབ། །འདིར་ནི་ཡོན་ཏན་གནས་སུའང་རུང་། །ཅི་སྟེ་ཞིང་ལས་ཚོང་ཡང་རུང་། །མི་ནི་སྐྱེ་འདོད་ཕྱིར་བྱེད་ན། །ཅུང་ཟད་བྱས་པས་བསོད་ནམས་ཀྱིས། །ལོངས་སྤྱོད་རྒྱ་ཆེན་ཚོགས་ཀྱང་འཐོབ། །བསོད་ནམས་བྱེད་རྣམས་བསོད་ནམས་ཀྱིས། །བསོད་ནམས་ཙམ་གྱི་ནམ་མཁའ་ལ། །གོས་དང་ཟས་སྐོམ་རིན་ཆེན་རྣམས། །ཐམས་ཅད་བདེ་བར་འཐོབ་པར་འགྱུར། །ཡིད་འོང་ཁྱིམ་རྣམས་བསོད་ནམས་ཀྱིས། །བསོད་ནམས་དག་གིས་བུད་མེད་མཆོག །བསོད་ནམས་ཆེན་པོས་ནོར་དང་འབྲུ། །དེའི་འདོད་དགུ་འབྱུང་བར་འགྱུར། །བསོད་ནམས་དག་གིས་འགྲོ་བ་ན། །ས་ནི་དོང་དུམ་ཚེར་མ་མེད། །བསོད་ནམས་ཅི་ལྟར་ལྡན་པ་བཞིན། །མཉམ་ནས་ཡང་ན་གོས་ཀྱང་བཏིང་། །ཅི་ལྟར་རེག་པ་ཙམ་གྱིས་ནི། །ནད་པ་དག་ནི་སོས་འགྱུར་བཞིན། །བསོད་ནམས་དག་གིས་རེག་གྱུར་ན། །ཟས་སྐོམ་དེ་བཞིན་གཉིས་ཀ་དང་། །གོས་དང་རིན་ཆེན་འབྲུ་དག་དང་། །རྟག་ཏུ་ཟད་པར་མི་འགྱུར་རོ། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དང་། །ཡི་དྭགས་ལྟོ་འཕྱེ་མི་རྣམས་དང་། །བསོད་ནམས་བདག་ཉིད་ཆེ་བའི་ཕྱིར། །དུག་དང་གནོད་པ་རྣམས་ལས་བསྲུང་། །བསོད་ནམས་དག་གིས་བསྙེན་བསྐུར་འཐོབ། །སྐྱེ་བོ་མང་དགའ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་གྲགས་ལྡན་འགྱུར། །བསོད་ནམས་དག་གིས་བསྐལ་བཟང་འཐོབ། བསོད་ནམས་དག་གིས་ཚིག་ཀྱང་བཙན། །བསོད་ནམས་དག་གིས་སྡུག་གུར་འགྱུར། །ཚངས་པའི་དབྱངས་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་ལུས་ལྡོག་སྡུག །བསོད་ནམས་དག་གིས་ཚིག་ཀྱང་བཟང་། །དྲན་ལྡན་མཛའ་ལྡན་གཙོ་བོར་འགྱུར། །དེ་དང་དེར་ནི་མཁས་པར་འོང་། །མི་ཕྱེད་པ་ཡི་འཁོར་དང་ལྡན། །བསོད་ནམས་ཅན་ནི་ནད་མེད་ཅིང་། །སྨོན་པའི་གནས་འགྱུར་བསོད་ནམས་ཀྱིས། །བསོད་ནམས་རྙེད་ལྡན་གཟི་འབྱིན་ཡོད། །བསོད་ནམས་དག་གིས་རྒྱལ་སྲིད་འཐོབ། །འགྲན་ཟླ་མེད་ཅིང་གནོད་པ་མེད། །ལོངས་སྤྱོད་མི་ཉམས་བསོད་ནམས་ཀྱིས། བསོད་ནམས་དག་གིས་གཏེར་ཡང་རྙེད། །འཁོར་ལོས་བསྒྱུར་འགྱུར་བསོད་ནམས་ཀྱིས། །རིན་ཆེན་བདུན་ནི་བདུན་དུ་འགྲོ། །ནམ་མཁའི་བར་ནི་ཀུན་ཏུ་རྒྱུ། །ཉི་ཟླ་དང་ཡང་གཟི་བྱིན་མཉམ། །ཟླ་བ་ཉི་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་ཉི་མ་ཉིད། །ཚངས་པ་ཉིད་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་བརྒྱ་བྱིན་ཉིད། །གཞལ་མེད་ཁང་ན་རྒྱུ་བ་ཡི། །བསོད་ནམས་ཀྱིས་ནི་ལྷར་ཡང་འགྱུར། །བསོད་ནམས་དེ་བཞིན་ལྷའི་བུ། །ལྷ་མིན་དབང་པོ་སྟོབས་པོ་ཆེ། །བསོད་ནམས་དག་གིས་ངན་འགྲོ་སྤངས། །བསོད་ནམས་ཀྱིས་ནི་བདེ་འགྲོར་འགྲོ། ཤིན་ཏུ་ཡིད་འོང་རབ་དཀོན་པའི། །མེ་ཏོག་བསོད་ནམས་དག་གིས་རྙེད། །བསོད་ནམས་དག་གིས་གྲུབ་པ་ཐོབ། །འགྲོ་བ་སྣང་བྱེད་བསོད་ནམས་ཀྱིས། །ལྷ་དང་ལྷ་མིན་མི་རྣམས་ཀྱིས། །ཡང་དག་མཆོད་འགྱུར་བསོད་ནམས་ཀྱིས། ཅེས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་དེ་སྐད་ཅེས་སྨྲས་ནས། འོན་ཀྱང་རང་རང་གི་ཕྱོགས་འཛིན་པས་ཁས་མི་ལེན་ཏོ། །དེ་ནས་བསོད་ནམས་སྟོབས་ཀྱིས་དེ་དག་ལ་ཡང་སྨྲས་པ། ཀྱེ་ཚུར་གཤེགས་བདག་ཅག་ཤིན་ཏུ་རིངས་པ་གཞན་གྱིས་ཡུལ་ཞིག་དུ་དོང་ཏེ། ཆ་ལུགས་མི་མངོན་པར་འཁོད་ན། འདི་ལྟར་ཅི་གཟུགས་མི་རྣམས་ཀྱིས་ཉམས་སུ་དབེན་པ་ཡིན་ནམ། འོན་ཏེ་བརྩོན་འགྲུས་སམ་བཟོའམ། ཤེས་རབ་བམ་བསོད་ནམས་སུ་དབེན་པ་ཤེས་པར་འགྱུར་རོ། །དེ་ནས་གཞོན་ནུ་དེ་དག་གིས་དེ་ལྟར་བྱའོ་ཞེས་བྱས་ནས། གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱས་ཏེ་ཡབ་ལ་མ་གསོལ་བར། ཚམ་ཚོམ་མེད་པ་ཤིན་ཏུ་རིང་པ་རྒྱལ་ཁམས་གཞན་དང་ཡུལ་གཞན་དུ་དོང་ནས་རྒྱལ་པོའི་ཕོ་བྲང་གཞན་ཞིག་དུ་ཞུགས་ནས་ཆ་ལུགས་མི་མངོན་པར་འཁོད་དོ། །དེ་ནས་གཞོན་ནུ་གཟུགས་དང་ལྡན་པ་ནི་མཐོང་ན། ཡིད་དུ་འོང་པས་བསྡུས་པའི་སྐྱེ་བོ་དག་གིས་ཤུགས་པའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བརྩོན་འགྲུས་ཅན་གྱིས་ནི་ཆུ་རླུང་ཤུགས་དྲག་ཅིང་། མགྱོགས་ལ་ཤིན་ཏུ་ཟབ་ཅིང་མཐོང་ནས་འཇིགས་པས། ཙན་དན་གྱི་ཤིང་ཆེན་པོ་ཁྱེར་བ་ན། གཞན་དག་གིས་བསླང་པར་མི་ནུས་པ་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་དྲངས་ནས་དེ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བཟོ་དང་ལྡན་ན་བཟོ་སྟོན་པ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །ཤེས་རབ་ཅན་གྱིས་ཀྱང་ཚོང་དཔོན་གཉིས་འཁོན་བྱུང་ནས་ཡུན་རིང་དུ་ལོན་པ་ཤེས་རབ་ཀྱི་མཁས་པས་མཛའ་བར་བྱས་ཏེ། དེ་ནས་དེ་གཉིས་ཡོངས་སུ་མགུ་བས་ནོར་བྱིན་པ་ཙམ་གྱིས་བདེ་བར་འཚོའོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་བདག་གིས་བསོད་ནམས་བྱས་པ་རྣམས་ཀྱི་ཆེ་བ་ཉིད་བསྒྲག་པའི་ཕྱིར་མི་ཤིན་ཏུ་དབུལ་པོ་ཞིག་གི་ཁྱིམ་དུ་བཞུགས་ནས། དེ་གང་གི་ཉིན་པར་ཁྱིམ་དེར་བཞུགས་པ་དེའི་ཉིན་པར་ཉིད་དུ་གཞོན་ནུ་བསོད་ནམས་སྟོབས་ཀྱི་བསོད་ནམས་ཀྱི་མཐུས་ཁྱིམ་དེ་ཉིད་ཀྱི་ནང་དུ་འབྱོར་པ་ཆེན་པོ་བྱུང་ཏེ། ཁྱིམ་དེར་ནོར་དང་འབྲུ་དང་། གསེར་དངུལ་མང་པོས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་མི་དབུལ་པོ་དེ་འདི་སྙམ་དུ་སེམས་ཏེ། སྔོན་མ་བྱུང་བའི་འབྱོར་པ་འདི་དག་ག་ལས་འོངས་སྙམ་མོ། །ཡང་དེའི་འདི་སྙམ་དུ་ཁྱིམ་གྱི་ལོངས་སྤྱོད་འདི་རྣམས་ནི་སྔོན་མ་མཐོང་པའི་སེམས་ཅན་འདི་བདག་གི་ཁྱིམ་དུ་འོངས་པ་དེའི་མཐུ་ཡིན་ནོ་སྙམ་དུ་ངེས་སོ། །དེ་ནས་གཞོན་ནུ་བསོད་ནམས་མཐུ་ཡིས་དེར་དབུལ་པོ་དེ་ཡིས་འབྱོར་པའི་མཆོག་ཐོབ་ནས། གཞོན་ནུ་དེ་ལ་གུས་པས་ལྟ་བཞིན་དུ། བདག་གི་མཐུ་ཡིས་བཀུར་སྟི་ཤིན་ཏུ་བྱས། །ས་ཕྱོགས་དེ་ཡང་དཔལ་གྱི་ཁྱད་པར་གྱིས། །འབྲས་བུའི་ཤིང་རྣམས་རྟག་ཏུ་རྒྱས་པར་གྱུར། །སྣ་ཚོགས་མེ་ཏོག་ཚོགས་རྣམས་ངད་ཀྱང་ལྡང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བཟུང་གྱུར་པས། །དུས་ཚིགས་རྣམས་ཀྱང་མ་འཁྲུགས་བདེ་བར་གྱུར། དེ་ལྟར་གྱུར་པའི་བསོད་ནམས་ཀྱི་མཐུ་ཆེན་པོ་རབ་ཏུ་གྲགས་པ་མི་དབུལ་པོ་ཆེ་གེ་མོ་ཞིག་ཁྱིམ་དུ་གཞོན་ནུ་སྔོན་མ་བྱུང་བ་ཞིག་འོངས་ཏེ། དེའི་མཐུས་ཁྱིམ་དུ་དཔལ་བྱུང་བར་གྱུར་ཏོ། །ཞེས་ཀུན་ཏུ་གྲགས་ནས་སྐྱེ་བོ་བསོད་ནམས་ལ་སེམས་འདུན་པ་དག་གཞོན་ནུ་དེ་ལྟར་འདོད་པའི་ཕྱིར་ཕྱོགས་དེར་ལྷགས་པར་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་སྐྱེ་བོ་རྣམས་བསྡུ་བར་འདོད་ནས། དེ་འདི་སྙམ་དུ་སེམས་སོ། །ཀྱེ་མ་བདག་ལ་ཁྱིམ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་ཞིང་འཚོ་ཆས་རྣམ་པ་སྣ་ཚོགས་དང་ལྡན་པ་ལས་བྱེད་པ་དུ་མས་གང་བ་ཞིག་ཡོད་ཀྱང་ཅི་མ་རུང་སྙམ་དུ་སེམས་པ་ན། དེ་ཇི་ལྟར་ཡིད་ལ་སེམས་བསྐྱེད་པ་བཞིན་དུ་བྱུང་བར་གྱུར་ཏེ། སྐྱེ་བོ་དེ་རྣམས་བསྡུ་བའི་དངོས་པོས་ཡང་དག་པར་བསྡུས་ནས་དེའི་གྲགས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་ཀུན་རྒྱས་པར་གྱུར་ཏོ། །དེ་ནས་ཡང་དུས་གཞན་ཞིག་ན། རྒྱལ་པོ་ལ་ཉེས་པ་བྱས་པའི་མི་ཞིག །གཤེད་མ་དག་གིས་ཡན་ལག་བཅད་དེ། གྲོང་ཁྱེར་གྱི་ཕྱི་རོལ་དུ་བཞག་པར་གྱུར་ཏོ། །གཞོན་ནུ་བསོད་ནམས་ཀྱི་སྟོབས་ཀྱང་ས་ཕྱོགས་དེར་ཕྱིན་པ་ན། མི་དེས་གཞོན་ནུ་བསོད་ནམས་ཀྱི་སྟོབས་མཐོང་ནས། ཉམས་ཐག་པའི་ང་རོས་ངུ་ཞིང་། ཇོ་བོ་གཞོན་ནུ་བདག་ལ་ཡོངས་སུ་བསྐྱབ་དུ་གསོལ། ཞེས་སྨྲས་སོ། །གཞོན་ནུས་དེ་མཐོང་ནས་སྙིང་རྗེའི་སེམས་བསྐྱེད་དེ། །ཀྱེ་མའོ་འཁོར་བའི་རྒྱ་མཚོ་ན། །ལས་ཀྱིས་དབང་མེད་ལྷུང་གྱུར་པ། །སྡུག་བསྔལ་འབྲས་བུ་མྱོང་པ་འདི། །བདག་གིས་ཇི་ལྟར་བསྐྱབ་པར་བྱ། འོན་ཀྱང་འདི་ལྟ་བུ་བདག་གི་བསོད་ནམས་ཀྱི་མཐུས། བསྐྱབ་པར་ནུས་པའི་བདག་ཉིད་ཀྱི་མཐུ་རྟོགས་ནས་མི་དེའི་དྲུང་དུ་སོང་སྟེ། ཚིག་སྙན་པ་དག་གིས་དབུགས་ཕྱུང་ཞིང་ཐོག་མ་ཉིད་དུ་རང་གི་ལུས་ལ་རྩ་ལྟར་ནས་ཁྲག་ཟགས་ཏེ་མི་དེ་ལ་བླུད་པས་དེའི་ལུས་ཅུང་ཟད་རྟས་པར་གྱུར་ཏོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས། །སྙིང་རྗེའི་དབང་དུ་གྱུར་པ་དེས། །དེའི་རྐང་ལག་གཅད་པ་ཡིས། །སྡུག་བསྔལ་དེ་ཡང་ཐུན་མོང་གྱུར། །གཞན་གྱི་སྡུག་བསྔལ་བདག་གི་ཁུར་ཁྱེར་ཞིང་། །གཞན་དག་བདེ་བས་བདག་ཉིད་བདེར་སེམས་པ། །སྙིང་རྗེའི་རང་བཞིན་སྐྱེས་ཆེན་བརྟན་པ་རྣམས། །བདག་གི་བདེ་བར་རིང་དུ་སྤངས་པ་ཡིན། དེ་ནས་གཞོན་ནུ་བསོད་ནམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱི་རྐང་པ་དང་ལག་པ་རྣམས་མཚོན་རྣོན་པོས་གཅད་དེ། མི་དེའི་ཡན་ལག་གི་གནས་རྣམས་ལ་སྦྱར་ནས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སེམས་བསྐྱེད་དེ་བདེན་པའི་ཚིག་བརྗོད་པ། གང་ཡང་བདག་གི་དགེ་བའི་ལས་རྣམས་གང་། །གཞན་གྱི་དོན་དུ་སྤྱད་པར་བྱས་པ་དང་། །བདག་ལ་བསོད་ནམས་མཐུ་ཡང་ཅི་ཡོད་པས། །འདིའི་རྐང་ལག་གནས་སུ་འབྱར་གྱུར་ཅིག །སྔོན་གྱི་ལུས་བཞིན་རྣམ་པར་དག་པར་ཤོག །དེ་སྐད་སྨྲས་མ་ཐག་ཏུ་སྐྱེས་བུ་དེའི། ཡན་ལག་དམ་པ་རབ་ཏུ་གསལ་གྱུར་ཅིང་། །རི་བོང་ཅན་དག་སྤྲིན་ལས་ཐོན་པ་བཞིན། །མི་དེ་ཇི་ལྟར་མངོན་པར་དགའ་གྱུར་པ། །དེ་བས་ལྷག་པར་སྙིང་རྗེའི་རང་བཞིན་དགའ། །རང་གི་ཡན་ལག་གཅད་པ་སྡུག་བསྔལ་དག །ཟིལ་གྱིས་གནན་ནས་སྨོན་ལམ་འདེབས་པར་རྩོལ། ཨེ་མ་ཧོ་བདག་གི་འབད་པ་དོན་དང་ལྡན་པར་གྱུར་ཅིང་། མི་འདི་སྲོག་དང་ཡན་ལག་དང་ལྡན་པར་གྱུར་པའི་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་མི་འདི་དམ་པའི་ཆོས་ཀྱི་གཅུད་ཀྱི་ཡང་དག་པར་ཚིམ་པར་བྱས་ཏེ། མྱ་ངན་ལས་འདས་པ་ལ་འགོད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་ས་ཆེན་རྒྱ་མཚོའི་གོས་གྱོན་པ། །དགའ་བས་གཡོ་བ་བཞིན་དུ་རབ་ཏུ་གཡོས། །དེའི་དབང་གིས་ལྷུན་པོ་འགུལ་བ་བཞིན། །ལྷའི་ཕོ་བྲང་ཀུན་ཀྱང་རབ་ཏུ་འདེགས། །ཕྱོགས་རྣམས་མ་འཁྲུགས་དུས་ཚིགས་ཤིན་ཏུ་གསལ། །འཇིག་རྟེན་སྐྱོང་རྣམས་ལྷའི་མིག་གིས་བལྟ། དེ་ལྟར་ཀུན་ཏུ་ས་གཡོས་པའི་རྒྱུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མངོན་པར་བརྟགས་པ་ན། གཞོན་ནུ་བསོད་ནམས་སྟོབས་ཀྱིས་བྱ་དཀའ་བའི་ལས་རྨད་དུ་བྱུང་བའི་སྤྱོད་པ་དེའི་མཐུ་ལས་གྱུར་པར་རིག་ནས་ཡིད་ལ་ངོ་མཚར་ཆེ་བ་སྐྱེས་པར་གྱུར་ཅིང་བྱ་དཀའ་བའི་སྤྱོད་པ་དེ་ལྟ་བུ་བྱེད་པ་དེ་རྟག་པའི་ཕྱིར། བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ནས་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་ཏེ། གཞོན་ནུ་བསོད་ནམས་སྟོབས་ཀྱི་ཐད་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཁྱོད་རྐང་པ་དང་ལག་པ་མེད་པར་བྱས་ཏེ་བཞག་པ་འདི་ཅིའི་ཕྱིར་མེད་པར་བྱས་ཏེ་བཞག །གཞོན་ནུས་སྨྲས་པ། གྲོགས་པོ་བདག་ནི་གཞན་དག་གི་སྡུག་བསྔལ་གྱིས་མཆོག་ཏུ་སྡུག་བསྔལ་ལོ། །བདག་ནི་གཞན་དག་གི་བདེ་བས་མཆོག་ཏུ་བདེ་སྟེ། དེ་བས་ན་བདག་གི་མི་འདིའི་སྡུག་བསྔལ་མི་ཟད་པ་ཉམས་ཐག་པ་དེ་མཐོང་ནས། སྡུག་བསྔལ་དེ་བདག་གི་ཉམས་ལ་བབ་པར་བསམས་ཏེ། རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་བཏང་ནས། མི་འདི་བདེ་བས་བསྐུལ་བ་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་བཞག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་མཆོག་དུ་ཡ་མཚན་དུ་གྱུར་ནས། བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་བཞིན་དུ་གནས་པར་གྱུར་ནས། གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་བཏང་པར་བྱས་པའམ། དེས་ཡོངས་སུ་གཏོང་བ་ན་སེམས་གཞན་དུ་གྱུར་པའམ། འགྱོད་པ་མ་གྱུར་དྲང་གཞོན་ནུས་སྨྲས་པ། ཀོའུ་ཤི་ཀ་བདག་ནི་རང་གི་ཡན་ལག་དང་ཉིང་ལག་རྣམས་ཡོང་སུ་བཏང་བར་བྱས་པའམ། ཡོངས་སུ་གཏོང་ན་སེམས་གཞན་དུ་གྱུར་པའམ། འགྱོད་པར་གྱུར་པ་ཡང་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ་དེ་ཅིས་མངོན། བསོད་ནམས་སྟོབས་ཀྱིས་སྨྲས་པ། ཀོའུ་ཤི་ཀ་འོ་ན་བདེན་པའི་ཚིག་བྱ་ཡིས་ཉོན་ཅིག །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་ཏེ། ཕྱོགས་བཞིར་ལྟས་ནས། བདེན་པས་བསྐུལ་བའི་ཚིགས་སུ་བཅད་པ་སྨྲས་པ། རང་གི་ཡན་ལག་ཁྲིག་མ་བཅད་པ་ན། །ཅི་སྟེ་དེ་རིང་འགྱོད་པར་མ་གྱུར་ན། །བདག་གི་བདེན་པའི་ཚིག་ནི་གང་ཡིན་པས། །བདག་གི་ལུས་འདི་སྔར་བཞིན་གནས་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་སྨྲས་མ་ཐག་པའི་རྗེས་ལ། བདག་ཉིད་ཆེན་པོ་དེའི་ལུས་འཕྲལ་དུ་སྔོན་བཞིན་དུ་གྱུར་ཏོ། །དེ་ནས་དེའི་མཐུ་ཡིས་རབ་བསྐུལ་བས། ནམ་མཁའ་ལས་ཀྱང་མེ་ཏོག་ཆར་པ་བབ། །ལྷ་རྣམས་སྙན་པའི་རོལ་མོ་སྒྲོགས་པར་བྱེད། །དལ་ཞིང་འཇམ་པའི་སེར་བུ་ངད་ཀྱང་ལྡང་། །བརྒྱ་བྱིན་དེ་ཡང་ཤིན་ཏུ་དགའ་བ་ཡིས། །བྱང་ཆུབ་སེམས་དཔའ་ཤིན་ཏུ་བརྟན་རིག་ནས། །ཤིན་ཏུ་དད་པས་ཆེད་དུ་བརྗོད་པ་བརྗོད། །ཨེ་མའོ་ཁྱོད་ནི་སྨོན་ལམ་རྒྱ་ཆེན་པོ། །ཁྱོད་ཀྱི་སྤྱོད་པ་བརླབས་ཆེན་ཤིན་ཏུ་བརྟན། །འགྲོ་བ་བདེ་འདོད་བདག་གི་བདེ་ལ་ཆགས། །ཁྱོད་འདིར་འབད་པ་བྱང་ཆུབ་མཆོག་ལེགས་སོ། །ཞེས་བྱ་བ་ལ་སོགས་པས་མངོན་པར་བསྟོད་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གཞོན་ནུས་བསོད་ནམས་སྟོབས་ཀྱང་རང་གི་གནས་སུ་སོང་། དེ་ནས་དུས་གཞན་ཞིག་གི་ཚེ། ཡུལ་དེའི་རྒྱལ་པོ་ལ་བུ་མེད་པར་དུས་ལས་འདས་པར་གྱུར་ཏེ། བཙུན་མོའི་འཁོར་དང་བློན་པོ་རྣམས་དང་། གྲོང་ཁྱེར་གྱི་གཙོ་བོ་རྣམས་འདུས་ནས། ཀྱེ་བདག་ཅག་གི་རྒྱལ་པོར་གང་ཞིག་དབང་བསྐུར་བར་བྱ་ཞེས་བགྲོས་པ་ལས། གང་བསོད་ནམས་ཀྱིས་ཆེ་བ་དེ་རྒྱལ་པོར་དབང་བསྐུར་བར་བྱའོ། །ཞེས་གླེངས་ནས། བསོད་ནམས་དང་ལྡན་པའི་མི་འཚོལ་བའི་ཕྱིར་ཀུན་ཏུ་སྐྱེའོ། །དེའི་ཚེ་གཞོན་ནུ་བསོད་ནམས་སྟོབས་ཀྱང་གྲོགས་དང་བཅས་པ་ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་སོང་ངོ་། །དེ་ཚེ་བཀྲ་ཤིས་མཚན་མ་དག །མངོན་དུ་གསལ་བར་སྣང་གྱུར་ཏེ། །སྤོས་ཆུའི་རྒྱུན་ཡང་མཁའ་ལ་བབ། །སྣ་ཚོགས་མཛེས་པའི་བྱ་རྣམས་ཀྱིས། །མཁའ་ལ་བསྐོར་ཞིང་སྒྲ་སྙན་བསྒྲོགས། །ཡིད་ཀྱང་དགའ་བས་རབ་དང་ཞིང་། །ལུས་ལ་བདེ་བ་རྒྱས་པར་གྱུར། དེ་མཐར་གྱིས་སྐྱེད་མོས་ཚལ་གྱི་ནང་དུ། ཤིང་མྱ་ངན་ཚང་མེ་ཏོག་རྒྱས་པ་ཅིག་གི་དྲུང་དུ་སོང་ཏེ་གཉིད་ཀྱིས་ལོག་གོ །དེའི་གྲོགས་དག་ཀྱང་སྐྱེད་མོས་ཚལ་དུ་ཀུན་ཏུ་འཁྱམས་པ་ལ་ཞུགས་སོ། །སྐབས་དེར་གཞོན་ནུའི་བསོད་ནམས་ཀྱིས་མཐུས་འདི་ལྟ་བུ་དག་སྣང་བར་གྱུར་ཏེ། ཀླུ་རྣམས་ཀྱིས་ནི་ཤིན་ཏུ་ཡིད་འོང་འདབ་སྟོང་ལྡན། །དགའ་བར་བྱེད་པ་དྲི་ཞིམ་ཁ་དོག་ལྡན་གྱུར་པ། །མཛེས་པའི་པད་མོ་འདབ་སྟོང་ལྡན་པ་བྱུང་བར་གྱུར། བསོད་ནམས་མཐུ་ཡིས་བསོད་ནམས་སྟོབས་ལ་དེ་ལྟར་གྱུར། །ཉི་མའི་དཀྱིལ་འཁོར་གུང་ལས་ཡོལ་གྱུར་ཅིང་། །ཤིང་གཞན་གྲིབ་མ་ཤར་ཕྱོགས་བབ་པ་ནའང་། །དེའི་གྲིབ་མས་དེའི་ལུས་མ་བཏང་། །དེ་བཞིན་ལྟས་ཀྱི་ཁྱད་པར་གཞན་ཡང་སྣང་། གཞོན་ནུ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། །རྒྱལ་པོ་འགྱུར་བའི་ལྟས་རྣམས་རྨིས་པར་གྱུར། །དེའི་ཚེ་བསོད་ནམས་དང་ལྡན་པ་འཚོལ་བར་བྱེད་པའི་གྲོང་ཁྱེར་གྱི་མི་དེ་རྣམས་དེར་ཕྱིན་པ་ན། རྨད་དུ་བྱུང་བའི་ལྟས་ཀྱི་ཁྱད་པར་དེ་དག་ཐམས་ཅད་མཐོང་ཞིང་ཡིད་ལ་ངོ་མཚར་སྐྱེས་པར་གྱུར་ནས། གཞོན་ནུ་བསོད་ནམས་སྟོབས་རྒྱལ་པོར་དབང་བསྐུར་བའི་དོན་དུ་གཏམ་ཉེ་བར་བགྱིད་པའི་དབང་གིས་བློན་པོ་དང་གྲོང་གི་གཙོ་བོ་ཐམས་ཅད་རྒྱལ་པོའི་ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་ཁྱེར་ཏེ་ལྷགས་སོ། །གཞོན་ནུ་ཡང་གཉིད་ལས་སད་པ་ནི་དེ་ལྟ་བུའི་སྐྱེ་བོ་དེ་དག་ལྷགས་པ་མཐོང་ནས། བདག་ཉིད་ལྟས་ཀྱི་ཁྱད་པར་ལ་མཁས་པས་དེ་རིང་བདག་ནི་ངེས་པར་རྒྱལ་པོར་དབང་བསྐུར་བར་འགྱུར་རོ་སྙམ་ཏེ། རང་གི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་པད་མོ་དེ་ལ་སྐྱིལ་ཀྲུང་བཅས་ཏེ་འདུག་གོ །དེ་ཚེ་ལྷ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་འབྱོར་པའི་ཁྱད་པར་དག་ཡོངས་སུ་བྱས་ཏེ། ལྷ་རྣམས་ཀྱི་དབང་པོས་ནི་གདུགས་དཀར་པོ་དྲི་མ་མེད་པ་འབུབས་པར་བྱེད། འཇིག་རྟེན་སྐྱོང་པ་བཞིས་ནི་སེང་གེའི་ཁྲི་བཤམས། ལྷའི་ཚོགས་རྣམས་ཀྱི་ནི་ནམ་མཁའ་ལས་རིན་པོ་ཆེ་དང་མེ་ཏོག་གི་ཆར་འབེབས་པར་འགྱུར་རོ། །དེ་བས་དེའི་བསོད་ནམས་མཐུ་ཡིས་དེར། །ས་གཞི་དག་བཅས་དག་པའི་གོས་ཀྱིས་བཀྲམ། །འདམ་རྫབ་མེད་པར་འདམ་ལས་སྐྱེས་པ་འབྱུང་། །ལྷ་དང་མི་རྣམས་རབ་ཏུ་མགུ་བྱེད་པའི། །རྨད་དུ་བྱུང་བའི་འབྱོར་པ་མཐའ་ཡས་སྣང་། དེ་ནི་རྒྱལ་སྲིད་དབང་བསྐུར་གྱུར་པའི་ཚེ། །རང་གི་ལུས་ལས་སྣང་བའི་འོད་ཟེར་གྱིས། །དཔག་ཚད་ཅིག་གི་ཁོར་ར་ཁོར་ཡུག་ཏུ། །ཉི་མ་འོད་ཀྱང་མོག་མོག་པོར་བྱས་ཏེ། །མི་ཡང་རྒྱལ་པོ་སྣང་བྱེད་ཞེས་བྱ་བར་གྱུར། དེ་ལྟར་རྒྱལ་པོར་དབང་བསྐུར་བ་ཐོབ་ནས་རྒྱལ་པོ་ཕོ་བྲང་འཁོར་ཀུན་ཏུ་སོང་ཏེ། སྐྱེ་བོ་ཐམས་ཅད་ཀྱང་འཁྲུག་པ་མེད་པར་ཆོས་དང་མཐུན་པར་བསྐྱངས་ཤིང་། དགེ་ལེགས་ཀྱི་ཁྱད་པར་ཐམས་ཅད་ཀྱིས་ནི་བརྒྱན། ཤིང་ལྗོན་པ་དང་། མེ་ཏོག་དང་འབྲས་བུའི་ཚོགས་རྣམས་ནི་རབ་ཏུ་རྒྱས་ཤིང་འཕེལ། དེའི་དབང་གིས་སྐྱེ་བོ་འཕོངས་པ་དང་ནི་བྲལ། རྒྱལ་པོའི་གྲགས་པ་ནི་ཕྱོགས་སུ་རྒྱས་པར་གྱུར་པ་ན། དེའི་ཕུ་བོ་རྣམས་ཀྱང་དེ་ལྟ་བུའི་བདག་ཉིད་ཆེ་བའི་བསོད་ནམས་ཀྱི་ཁྱད་པར་མངོན་དུ་གྱུར་པ་ཐོས་ནས། ཤིན་ཏུ་གུས་པ་དང་བཅས་པས་དེའི་དྲུང་དུ་ལྷགས་སོ། །གང་གི་རིགས་གཟུགས་འབྱོར་པའི་ཁྱད་པར་དང་། །བཟོ་དང་བརྩོན་འགྲུས་ཤེས་རབ་གྱིས་འཕགས་པ། །དེ་དག་བསོད་ནམས་མཐུ་ཡི་གཟི་བརྗིད་ཀྱིས། །ཟིལ་མནན་གྱུར་ཏེ་ཉིན་མོར་བྱེད་པ་ཡིས། །རྒྱུ་སྐར་དང་བཅས་ཟླ་འོད་ཟིལ་མནན་བཞིན། །མཚུངས་པའི་གནས་ཀྱང་གུས་པའི་སློབ་མ་ལྟར། །ཀུན་ནས་ཞུམ་ཞིང་འདུད་བྱེད་བསོད་ནམས་མཐུ། །བསྟན་པར་གྱུར་པས་གྲགས་པ་ཕམ་པར་བྱས། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ཕུ་བོ་དེ་རྣམས་ལ་འབྱོར་བའི་ཚོགས་ཆེན་པོས་བཀུར་སྟི་བྱས་ནས་ལོངས་སྤྱོད་ཀྱི་བགོ་སྐལ་ཆེན་པོའང་བྱིན་ཅིང་། དེ་དག་དང་སྐྱེ་བོའི་ཚོགས་ཆེན་པོ་དང་བཅས་པ་རྣམས་ལ་བསོད་ནམས་དང་ལྡན་པའི་ཆོས་ཀྱི་གཏམ་ཤིན་ཏུ་ཡིད་དུ་འོང་པ་དག་ཀྱང་བསྟན། བདག་ཉིད་ཀྱི་སྨོན་ལམ་གྱི་མཐུའི་ཁྱད་པར་གྱིས་དབྱིག་བརྒྱ་སྟོང་དུ་མ་དག་དང་། ལྷའི་བཟའ་བ་དང་གོས་དང་རྒྱན་གྱི་ཁྱད་པར་དུ་མ་དག་ཀྱང་ལྷ་རྣམས་ཀྱིས་ཆར་དུ་ཕབ་ཅིང་དེའི་དབང་གིས་སྐྱེ་བོའི་ཚོགས་རྣམས་ཀྱང་བསོད་ནམས་ལ་མངོན་པར་གཞོལ་བར་གྱུར་ཏོ། །ས་བདག་བདག་ཉིད་ཆེན་པོ་དེ། །དཔལ་དང་དང་བའི་བསམ་པ་ཡིས། །དཔལ་འབྱོར་འབྱོར་པ་རྨད་བྱུང་བ། །ལྷན་ཅིག་ཅིག་དུ་འགྱེད་པར་གྱུར། །དེའི་མཐུ་ཡིས་ས་སྐྱོང་རྣམས། །རྣམས་སྐྱོང་ས་ནི་མཐུ་དང་ལྡན། དགའ་བས་ས་འདི་འཇིག་རྟེན་པ། དགའ་བར་བྱེད་པའི་ས་གཞི་བཞིན། བསོད་ནམས་མཐུ་ལས་འཐོན་པའི་དྲི། སྐྱེ་བོ་དགའ་བའི་རླུང་བསྐྱོད་པ། རྒྱ་མཚོའི་མཐས་གཏུགས་ཀུན་ཏུ་ཁྱབ། ས་བདག་གཞན་གྱི་དཔལ་འབྱོར་དྲི། འཕྲོ་བའི་སྐབས་ནི་མེད་པ་བཞིན། དེ་ཡི་དབང་གིས་མི་དབང་ལ། མཆོག་ཏུ་འདུན་པ་བཞིན་དུ་གྱུར། སྙན་པའི་སྒྲ་དབྱངས་སྟོང་གིས་ཀྱང་། ས་བདག་རྒྱལ་བར་གྱུར་ཅིག་ཅེས། རྨད་དུ་བྱུང་བའི་བསོད་ནམས་སྟོབས། འཇིག་རྟེན་གསལ་བར་གྱུར་པ་མཚར། དེ་ལྟར་རྒྱལ་པོ་བསོད་ནམས་ཀྱི་སྟོབས། དེའི་མཐུ་ཤིན་ཏུ་ཆེ་བ་གཞན་ལ་ཕན་པར་བྱེད་ལྟ་བུ་བདག་གི་ཕ་རྒྱལ་པོ་གསལ་སྟོབས་ཀྱིས་ཐོས་ནས། བདག་གི་བུའི་དྲུང་དུ་ཕོ་ཉ་བཏང་སྟེ། གུས་པའི་ཚིག་གིས་གོ་བར་བྱས་ནས་བདག་ཉིད་ཀྱང་དཔུང་གི་ཚོགས་ཆེན་པོ་དང་བཅས་པས་གདུང་བའི་དབང་གིས་སོང་སྟེ། རྒྱལ་པོ་བསོད་ནམས་ཀྱི་སྟོབས་དང་ཕྲད་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ནི་རྒས་ཤིང་འཁོགས་པའི་དབང་གིས་རྒྱལ་སྲིད་ཀྱི་བྱ་བ་བྱེད་མི་ནུས་ཀྱི་བུ་ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཁུར་ལོང་ཞིག་ཅེས་སྨྲས་ནས་རང་གི་ཅོད་པན་བྱིན་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་གོ །དེ་ལྟར་རྒྱལ་པོ་བསོད་ནམས་སྟོབས་རིམ་གྱིས་འཛམ་བུའི་གླིང་ཐམས་ཅད་ལ་དབང་བྱེད་པར་གྱུར་ཏེ། ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བཞག་ནས། འཛམ་བུའི་གླིང་ཐམས་ཅད་དུའང་འཇིག་རྟེན་ལས་འདས་པའི་ཡོད་ཏན་མ་ལུས་པ་ཐམས་ཅད་ལ་བཀོད་དེ། གང་དག་དེ་ནས་ཚེ་འཕོས་པའི་སེམས་ཅན་རྣམས་ཀྱང་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ་ཞེས་ཀྱང་གྲག་གོ །དེ་ལྟ་བས་ན། བདག་ཉིད་ཆེན་པོ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་དཔག་ཏུ་མེད་ཅིང་དེ་ལྟ་བུའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱང་བསོད་ནམས་ལ་མངོན་པར་བརྩོན་པར་བྱའོ། །ཞེས་བསྟན་པ་དང་བསོད་ནམས་དང་ལྡན་པ་ནི་བདག་གཞན་ཐམས་ལ་ཕན་པ་དང་བདེ་བར་འགྱུར་རོ་ཞེས་ཀྱང་སྦྱར་བར་བྱའོ། །སྐྱེས་པའི་རབས་འདི་ཕྱིས་བྱུང་བའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་དུས་ན་བྱུང་བ་ནི། །གཟུགས་ལྡན་དང་ནི་བརྩོན་འགྲུས་དང་། །བཟོ་ལྡན་ཤེས་རབ་ཅན་རྣམས་ནི། །དགའ་བོ་དང་ནི་གྲོ་ཞུན་སྐྱེས། །མ་འགགས་པ་དང་ཤཱ་རིའི་བུ། །དེ་ཡི་ཚེ་ན་སྤུན་དུ་གྱུར། །བསོད་ནམས་སྟོབས་ནི་ང་ཡིན་ནོ། །གསལ་སྟོབས་དེ་ནི་ཟས་གཙང་ཡིན། །ལྷ་མོ་སྒྱུ་འཕྲུལ་བཙུན་མོར་གྱུར། །དེའི་ཚེ་བརྒྱ་བྱིན་གྱུར་པ་ནི། མོའུ་གལ་གྱི་བུ་ཡིན་ནོ། །ཡན་ལས་བཅད་ལས་ཐར་བྱས་པ། །ཀོའུ་ཌིནྱ་ཡ་ཉིད་དོ། །བསོད་ནམས་སྟོབས་ཀྱི་སྐྱེས་པའི་རབས་ཏེ་དགུ་བཅུ་པའོ།། །།སྡོམ་ལ། སྙིང་སྟོབས་ཆེན་པོ་ཟླ་འོད་དང་། །ཤི་པི་བྲམ་ཟེ་རྟག་ཏུ་རྙས། །སེང་གེ་དེད་དཔོན་ནོར་བཟང་དང་། །སུ་ཤ་དེ་བ་བསོད་ནམས་སྟོབས།། །།སྐྱེས་བུ་དམ་པ་རྣམས་ནི་བླ་ན་མེད་པའི་ཡེ་ཤེས་འཚོལ་བ་ལ་སེམས་ཀུན་ཏུ་སྐྱོ་བ་མེད་པར་གྱུར་ཏོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། བཅོམ་ལྡན་འདས་འདི་བྱང་ཆུབ་ཏུ་སྤྱད་པ་སྤྱོད་པའི་ཚེ། རེ་ཞིག་ཅིག་དྲང་སྲོང་འོད་བཟང་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ནི་རང་བཞིན་གྱི་ཡོན་ཏན་དང་ཤེས་རབ་ཀྱི་ཁྱད་པར་དང་། བསམ་གཏན་དང་ཚུལ་ཁྲིམས་ལས་བྱུང་བའི་ཡོན་ཏན་རྨད་དུ་བྱུང་བ་དུ་མ་དང་ལྡན་པར་གྱུར་ཏོ། །སྣ་ཚོགས་མཚན་རྣམས་ཀུན་གྱིས་དེ་ལུས་བརྒྱན། །རལ་པའི་ཐོར་ཚུགས་ལྔ་དང་ལྡན་པ་ཏེ། ཀུན་ཏུ་རྒྱུ་ཡི་ཡོ་བྱད་གསུམ་དང་ལྡན། །འདོད་པ་ཆུང་ཞིང་ཆོག་ཤེས་དཀའ་ཐུབ་ལྡན། །དཀའ་ཐུབ་ནགས་ཚལ་ཞི་བར་གནས་པ་བརྩོན། །སྡུག་བསྔལ་རྣམས་ཀྱིས་དེ་ལུས་དུབ་པ་མེད། །རང་བཞིན་ཡོན་ཏན་བཟང་པོས་བརྒྱན་པར་གྱུར། །དེ་ནི་ཅིག་ཏུ་ཚུལ་ཁྲིམས་ལྡན་པ་ཏེ། །སྙིང་རྗེའི་དབང་གིས་སྲོག་ཆགས་རྣམས་ལ་བརྩེ། །སེར་སྣ་མེད་ཅིང་མ་བྱིན་ལེན་པ་སྡོམ། །འདོད་ལས་རིང་གྱུར་བུད་མེད་རྙེད་པ་མེད། །མྱོས་གྱུར་ལ་སོགས་བག་མེད་རྒྱུ་རྣམས་སྤངས། །དེའི་ངག་ནི་བདེན་ཞིང་ངེས་པ་ཡིས། །མི་རྩུབ་མི་བླང་ངག་རྩུབ་དྲི་མ་མེད། །ཡིད་ནི་ཅིག་ཏུ་རྒྱལ་བའི་ཡེ་ཤེས་འཚོལ། །ཇི་ལྟར་གསེར་མགར་མཁས་པས་བརྡུངས་པའི་བརྒྱན། །ནོར་བུའི་སྙིང་པོས་སྤྲས་པས་ལྷམ་མེ་བ། །དེ་ལྟར་དེ་ཡང་ཡོན་ཏན་ཚོགས་ཀྱིས་བསྟམས། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་རྣམས་སུ་བསམ་གཏན་ལ་མཉམ་པར་བཞག་པ་ལ་བརྟེན་ནས་ཤེས་པའི་ཁྱད་པར་འདི་ལྟ་བུ་རྣམས་མངོན་དུ་གྱུར་ཏེ། བཟོའི་གནས་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་ཕལ་རོལ་གྱི་སེམས་ཤེས་པ་དང་ཡོན་ཏན་གྱི་གནས་དང་སེམས་ཅན་རྣམས་འཆི་འཕོ་བ་དང་། སྐྱེ་བ་དང་གཞན་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ལ་སོགས་པའི་འཇིག་རྟེན་གྱི་ཤེས་པ་དཔག་ཏུ་མེད་པ་མངོན་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་སོ། །བདག་གིས་ཤེས་པའི་ཁྱད་པར་འདི་དག་ནི་རྟོགས་ན། ཤེས་པ་གང་གིས་ཤེས་པ་འདི་ཐམས་ཅད་གང་དུ་འགགས་པར་འགྱུར་བའི་གནས་ཀྱི་ཤེས་པ་འདི་མ་ཤེས་ཏེ། འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་དག་ཤེས་པའི་འདི་མངོན་དུ་གྱུར་པ་སུ་ཡོད་སྙམ་མོ། །གང་ན་ཤེས་པའི་ཚོགས་རྣམས་ཀྱང་། །རྟེན་མེད་སྐྱེ་ཞིང་འགག་པར་སྣང་། །བདག་གིས་ཤེས་པ་དེའི་གནས། །མངོན་དུ་གྱུར་ཏེ་མཚུངས་མེད་དོ། །དེ་ནི་དོན་འདི་སྩལ་བའི་ཕྱིར། །ཀུན་ཏུ་རྒྱུའི་ཚུལ་གྱིས་རྒྱུ། །གཞན་དུ་རྣམ་པར་གཡེང་མེད་དེ། བརྟན་པ་འཚོལ་བས་གཡེངས་པ་བཞིན། །དེ་ལྟར་དྲང་སྲོང་འོད་བཟང་ཆོས་ཀྱི་དོན་དུ་གྲོང་གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་། རིའི་ཁྲོད་ལ་སོགས་པ་ཐམས་ཅད་དུ་ཀུན་ཏུ་རྒྱུ་ཞིང་སོང་པ་ལས། དེ་སློང་མོས་འཚོ་བར་རིག་ནས་ཐམས་ཅད་ཀྱིས་དེ་ལ་མཆོད་སྦྱིན་བྱས་ཀྱང་དེ་ལ་ལོངས་སྤྱོད་ཀྱི་དངོས་པོ་ནི་ཅིའང་ལེན་པར་མ་གྱུར་ཏེ། དེའི་གྲགས་པས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེའི་ཚེ་ལྷོ་ཕྱོགས་གངས་རིའི་རྒྱལ་པོ་ལ། དྲང་སྲོང་ཀུན་རིག་ཅེས་བྱ་བ། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ཅིག་གནས་སོ། །དེ་ནི་ཉིན་མཚན་ཀུན་ཏུ་གཡེལ་མེད་པར། །འཇིག་རྟེན་ཀུན་གྱི་དོན་རྟོགས་པ་ལ་ཞུགས། །ཏིང་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས། །སེམས་ཅན་ཀུན་གྱི་སེམས་ཀྱི་སྤྱོད་པ་དང་། །ངག་དང་ལུས་དང་བྱ་དང་བྱ་མིན་པ། །རྣམ་ཀུན་མཁྱེན་པས་འཇིག་རྟེན་ཕན་འདོགས་བྱེད། །དྲང་སྲོང་མཆོག་དེ་གངས་རིའི་རྒྱལ་པོ་ལ། །དེ་ལྟར་བཞུགས་ཤིང་དགོངས་པ་མཛད་པར་གྱུར། དེ་ལྟར་དྲང་སྲོང་ཆེན་པོ་ཀུན་རིག་གི་ལྷའི་མིག་གིས། སློང་མོས་འཚོ་བ་འོད་བཟང་མཐོང་སྟེ། དེའི་སེམས་ཀྱང་རབ་ཏུ་ཤེས་སོ། །སློང་མོས་འཚོ་བ་འོད་བཟང་འདི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པའི་ངེས་པར་བྱུང་བ་རབ་ཏུ་མི་ཤེས་ཏེ། རབ་ཏུ་མི་ཤེས་པས་ཉམས་ཐག་གོ་སྙམ་ནས་དེ་དེ་ལྟར་སྙིང་རྗེ་སྐྱེས་སོ། །དེའི་སྙིང་རྗེས་ནོན་པའི་སེམས་ཀྱིས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལག་པ་སྐུམ་པ་ལས་བརྐྱང་པའམ། བརྐྱང་པ་ལས་སྐུམ་པ་དེ་བཞིན་དུ་དྲང་སྲོང་ཀུན་རིག་གངས་རིའི་རྒྱལ་པོ་ལས་བབས་ནས་སློང་མོས་འཚོ་བ་འོད་བཟང་ཀྱི་མདུན་དུ་འདུག་གོ །འོད་བཟང་ཀྱིས་དེ་མཐོང་ནས་ཡོན་ཏན་གྱི་ཚོགས་ཀྱིས་ཆེ་བ་གཟིགས་ནས། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་བཤམས་པ་ལ་བཞུགས་སུ་གསོལ་ནས། རེ་ཞིག་དྲང་སྲོང་ཀུན་རིག་ལ་ཚིགས་སུ་བཅད་པས་དྲིས་པ། མཁྱེན་པ་ཀུན་ལ་འཇིགས་མི་མངའ། ཀུན་ཏུ་རྟོགས་པར་ལྡན་ཁྱོད་ལ། །གང་ཏུ་བདག་ལ་ཐེ་ཚོམ་མཆིས། །དེ་འདིར་ཀུན་མཁྱེན་ཁྱེད་ལ་ཞུ། །དགེ་བའི་ལས་རྣམས་ཅི་བགྱིས་པས། །སེམས་ཅན་ཀུན་ལ་ཕན་པར་བགྱིད། །སེམས་ཅན་ཀུན་གྱི་སྤྱོད་པ་དང་། སྟོབས་དང་སྟོབས་མ་ཡིན་ཤེས་ཤིང་། །གང་གིས་ཤེས་རབ་མཆོག་གིས་ནི། །ཐོབ་ནས་དེ་ཡང་ཕྱིར་མི་འགག །ཤེས་པ་གང་གིས་རྣམ་ཤེས་པ། །ཡེ་ཤེས་ཆེན་པོ་ཁྱོད་ལ་ཞུ། །མཁས་པས་དེ་དག་བདག་ལ་གསུངས། དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་ཆེན་པོ་ཀུན་རིག་གིས། སེང་གེ་ལྟར་བག་ཚ་བར་མེད་པའི་དབྱངས་ཀྱིས་བདག་ཉིད་ཀྱི་ཡེ་ཤེས་མཐོང་བའི་ཁྱད་པར་དེ་ལ་གསལ་བར་བསྟན་པའི་ཕྱིར་སྨྲས་པ། གང་གིས་འཇིག་རྟེན་ཕན་པར་བྱེད་པའི་སེམས། །ལྡན་པས་ཡེ་ཤེས་ཁྱད་པར་གང་འཚོལ་བ། །འོད་བཟང་ཁྱོད་ཀྱིས་འདིར་ནི་གང་དྲིས་པ། །ཚུལ་བཞིན་བསྟན་པས་ཡིད་ནི་ཚིམ་པར་བྱས། །ཆོས་སྦྱིན་པ་ལ་སེར་སྣ་མེད་པ་དང་། །ཤེས་པས་ཡང་དག་དོན་རྣམས་ཡོངས་སུ་བསྡུད། །ཤེས་ལྡན་རྣམས་ལ་རྟག་ཏུ་དེ་དགའ་ཞིང་། །དག་པའི་སྦྱིན་པས་ཡང་དག་བསྡུད་པར་བྱེད། །ཇི་སྙེད་ཤེས་པ་མང་པོ་རྣམས་ཀྱང་འདོད། །ཇི་ལྟ་བའི་ཡེ་ཤེས་འཚོལ་བྱེད་པ། །དེས་ནི་ཡེ་ཤེས་དམ་པ་དེ་ཐོབ་བོ། །སེམས་ཡིད་རྣམ་པར་ཤེས་པའི་གསང་ཤེས་ཤིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་གྱིས་སྦགས་པའི། །སེམས་ཀྱི་རྩ་བ་རྣམ་པར་དག་རྟོགས་ཤིང་། །ང་དང་ང་ཡིས་ཀུན་ཏུ་རྟོག་པའི་ཡིད། །རྣམ་པར་དག་ཅིང་ཤེས་པའི་ཚོགས་རྣམས་ནི། །ལྟ་ལས་གྲོལ་ཞིང་ཇི་བཞིན་ཤེས་པ་ཡིས། །སྒྱུ་འདྲར་རྟོགས་པའི་ཡེ་ཤེས་དེ་རྟོགས་སོ། །ཞེས་བྱ་བ་ལ་སོགས་པ་རྗེས་སུ་བརྟན་ནས། །དེས་ཇི་ལྟ་བ་བཞིན་འཕགས་པའི་ཡེ་ཤེས་མཐོང་བའི་ཁྱད་པར་འགོག་པར་འགྱུར་བའི་ལམ་ཤེས་ཤིང་། ཏིང་ངེ་འཛིན་གྱི་མཐུ་ཐོབ་བོ་ཞེས་གྲགས་སོ། །བློ་གྲོས་སྣང་བ་རབ་རྒྱས་ཤིང་། །བརྩོན་འགྲུས་སྟོབས་ཀྱིས་འོད་འབར་བ། མངོན་པར་ཤེས་པ་གསོལ་བ་དག །ཡེ་ཤེས་དཀྱིལ་འཁོར་གསལ་བ་ཡིན། འདི་ལྟ་བུའི་དོན་ཕྱིས་བྱུང་བའང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མོའུ་འགལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་འོད་བཟང་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་ལྟ་སྟེ། དེའི་ཚེ་དེའི་དུས་ན་སློང་མོ་བ་འོད་བཟང་དུ་གྱུར་པ་དེ་ཉིད་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་རིག་ཅེས་བྱ་བར་གྱུར་པ་དེ་ནི། དེ་བཞིན་གཤེགས་པ་མར་མེ་མཛད་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་དང་སྟོབས་མ་ཡིན་པ་དང་། འགག་པར་འགྱུར་བའི་ལམ་དང་། ཡེ་ཤེས་ཀྱི་སྣང་བ་ཐོབ་པར་འདོད་པས་ཡང་དག་པར་སྡོམ་པ་ཅན་དུ་བྱ་འཇིག་རྟེན་གྱི་ཟང་ཟིང་ཐམས་ཅད་ཡོངས་སུ་སྤངས་བར་བྱ། ཡེ་ཤེས་ཀྱི་སྣང་བ་རྟོགས་པར་བྱའོ་ཞེས་གསུངས་སོ། །འོད་བཟང་ཀྱི་སྐྱེས་པའི་རབས་སྟེ་དགུ་བཅུ་གཅིག་པའོ།། །།སྐྱེས་བུ་དམ་པ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་རྣམས་ནི་བདག་ཉིད་ཀྱི་ཤེས་རབ་ཀྱི་མཐུས་རྨད་དུ་བྱུང་བས་ཡོན་ཏན་གྱི་གནས་ཐོབ་པར་འགྱུར་རོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན་བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། དྲང་སྲོང་ཕྱི་མའི་མཐའ་བསྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ཞེས་གྲག་གོ །དེའི་ནི་སྔོན་དུ་སྦྱངས་པ་རྒྱ་ཆེ་དང་། །ཡོན་ཏན་ཚོགས་ཀྱིས་རབ་ཏུ་དཔལ་འབར་ཞིང་། །སྐྱེས་དགུའི་ཚོགས་ཀྱིས་བཀུར་བས་རྒྱལ་པོ་བཞིན། །ལྷ་རྣམས་ཚོགས་ཀྱིས་བསྟོད་པས་ཚངས་པ་བཞིན། །དྲང་སྲོང་ཚོགས་ཀྱིས་བླ་མར་མཆོད་པར་བྱ། །འཇིག་རྟེན་བསྟན་བཅོས་སྙན་ངག་ཚུལ་རྣམས་ལ། །དེས་ནི་མངོན་སུམ་མངོན་གྱུར་བཞིན་དུ་སྟོན། །བྱམས་པའི་བདག་ཉིད་གཞན་ལ་ཕན་བརྩོན་པ། །ཐོས་དང་དྲན་དང་ཏིང་འཛིན་རྨད་བྱུང་བས། །དེས་ཡིས་མངོན་སུམ་རྗེས་སུ་དཔག་པ་ཡིས། །ཡང་དག་ཡང་དག་མིན་པ་རྗེས་སུ་རིག །ཤེས་བྱའི་ཡུལ་ལ་དེའི་ཤེས་རབ་མཐུ། །ཉིན་མོར་བྱེད་པས་ཀུན་ཏུ་གསལ་བྱེད་བཞིན། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་རྣམ་པར་གཡེང་པ་ནི་དོན་མཐོང་པ་ལ་སྒྲིབ་པར་བྱེད་པ་ཡིན་པར་རིགས་ནས་ཅིག་པུར་དབེན་པའི་གནས་ཤིག་དུ་གནས་སོ། །དཀའ་ཐུབ་ཅན་དང་རྗེས་སུ་མཐུན་གྱུར་པ། །ནགས་ཁྲོད་ཞི་བ་སྨན་ལྗོངས་འབབ་ཆུར་བཅས། །ཨུཏྤལ་འཛུམ་ཞིང་པད་མ་རྒོད་པ་འདྲ། །རླུང་གིས་བསྐྱོད་པས་རབ་ཏུ་འབར་བ་བཞིན། །ལྗོན་པའི་ཚོགས་རྣམས་འཕྲེང་བ་བཀོད་པ་འདྲ། །བྱ་རྣམས་རང་གི་ཡོན་ཏན་གསལ་སྒྲོགས་བྱེད། །གནས་དེར་ཏིང་འཛིན་མཐུ་ཡིས་བསམ་གཏན་བྱེད། །འོན་ཀྱང་ཞི་བ་རྗེས་སུ་སེམས་པ་མེད། །དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་གཏན་བྱེད་པ་ན་འདི་སྙམ་དུ་མངོན་པར་རྟོག་གོ །ལས་ཀྱི་རྣམ་པར་སྨིན་པར་གང་གིས་འགྲོ་བའི་བྱེ་བྲག་དག་སྣང་སྙམ་མོ། །དེ་འདི་སྙམ་དུ་སེམས་ནི་བག་ཆགས་སྣ་ཚོགས་ཀྱིས་བགོས་པ་ཡིན་ལ། སེམས་ཅན་རྣམས་ཀྱི་རྒྱུད་ཀྱང་སྣ་ཚོགས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་སྣ་ཚོགས་དག་བྱུང་བས། ལས་སྣ་ཚོགས་མངོན་པར་འདུ་བྱེད་པར་འདུ་བྱེད་པར་འགྱུར། ལས་མངོན་པར་འདུ་བྱས་པས་འགྲོ་བ་སྣ་ཚོགས་དག་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་བྱེ་བྲག་ཀུན་ཏུ་སྡུག་བསྔལ་བ་བརྒྱ་ཕྲག་གིས་ཉམ་ཐག་པ་རྣམས་དང་། དེ་བཞིན་དུ་དུད་འགྲོའི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་རྣམས་དང་། མིའི་འགྲོ་བ་རྣམས་དང་། ལྷའི་བྱེ་བྲག་དཔག་ཏུ་མེད་པ་དག་སྣང་ངོ་སྙམ་མོ། །སྨྲས་པ། སེམས་ཀྱིས་སྐྱེས་བུ་འདུ་བྱེད་ཀྱིས། །ཡུལ་གྱི་ཀུན་རྟོག་མཚོན་བླངས་ཏེ། །སྲེད་པས་ཀུན་ཏུ་དབང་བྱས་ནས། །སྣ་ཚོགས་འགྲོ་བའི་ལུས་སུ་སྣང་། །གང་དག་མེད་ལ་ཡོད་ཞེན་ཅིང་། །ཡོད་ལ་ཡོད་པ་མིན་རྟོག་པ། འགྲོ་འདི་ཀུན་ཏུ་རྨོངས་གྱུར་ཏེ། །ཀྱེ་མའོ་མ་རུངས་གྱུར་གྱིས་མེད། ད་སེམས་གང་གིས་འགྲོ་བ་དེ་དག་ཐམས་ཅད་བྱེ་བྲག་དུ་མི་འགྱུར་བའི་རྩི་སྨན་འགའ་ཡོད་དམ་སྙམ་མོ། །དེ་འདི་སྙམ་དུ། སེམས་ཅན་ཐམས་ཅད་ནི་བདག་ཏུ་ལྟ་བ་ལ་གནས་ཏེ། དེའི་རྐྱེན་གྱིས་གཞན་དུ་རྟོག་ཅིང་ཉོན་མོངས་པ་ཤིན་ཏུ་སྐྱེ། ཉོན་མོངས་པའི་སེམས་ཀྱིས་ལས་མངོན་པར་འདུ་བྱེད་དེ་རྣམ་པར་སྨིན་པ་འགྲུབ་བོ་དེ་བས་ན་བདག་གིས་ཆོས་དེ་རྣམས་ཀྱི་བདག་ཡོངས་སུ་བཙལ་བར་བྱའོ་སྙམ་ནས་ཀུན་ཏུ་བརྟགས་པ། འགྲོ་འདི་བདག་ལྟ་བ་དང་། གཅིག་པུར་རང་དབང་ཅན་ནོ་ཞེས། རྟག་ཅིང་བརྟན་པར་གང་རྟོག་པ། །འདི་ནི་རེ་ཞིག་བརྟག་པར་བྱ། འདི་ལྟར་དངོས་པོར་སྣང་བ་ཐམས་ཅད་ནི་གཟུགས་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་བསྡུས་པ་མཐོང་ཏེ། འདི་ཐམས་ཅད་ལ་ནི་བདག་དང་བདག་གི་བ་མེད་པས་ཏེ། །འདི་ལྟར་འབྱུང་དང་འབྱུང་བ་རྒྱུར་བཅས་པ། གཟུགས་འདི་རྣམས་ནི་བདག་དུ་མི་རུང་སྟེ། སྐད་ཅིག་ཙམ་ཡང་མི་རྟག་འགྱུར་ཕྱིར་རོ། །བདེ་སྡུག་ཚོར་བའང་བདག་ཏུ་མི་རིགས་ཏེ། །གཞན་དུ་རྐྱེན་ལ་སྐྱེས་པར་མཐོང་ཕྱིར་རོ། །འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའང་། །བདག་གི་མཚན་ཉིད་དུ་ཡང་རུང་མིན་ཏེ། །གང་ཞིག་འཕྲད་དང་རྐྱེན་ལས་སྐྱེ་བ་དང་། །རྣམ་པར་རིག་ཅིང་དེ་དང་དེའོ་ཞེས། །ཉེར་འཇལ་སྤྱོད་ལ་རྟག་པར་གྱུར་པའང་མེད། །རྒྱུ་རྣམས་ཐ་དད་ཀྱིས་བསྐྱེད་འབྲས་བུ་རུ། གསལ་བ་གང་དེ་ཅིག་གིས་བྱས་པ་མིན། །དེ་ལས་གཞན་དུ་བདག་གི་དངོས་པོ་ཞེས། བརྟགས་པའང་རི་བོང་རྭ་ཡི་ཁ་དོག་བཞིན། །ལོག་པར་རྟོག་པའི་མུན་པར་མི་འགྱུར་དྲང་། །བདག་དེ་བརྟག་དང་བྱེད་པོར་འགྱུར་རོ་ཞེས །གང་དུ་རྟོག་པ་དེ་དག་ཕྱུགས་དང་མཚུངས། །གཞན་ཡང་གཟུགས་ནི་སྐྱེ་དང་འགག་པ་ལས། །བདག་དེ་རྗེས་སུ་འགྲོའམ་མི་འགྲོ་བ། །འགྲོ་ན་རྟག་པའི་མཚན་ཉིད་ཉམས་པར་འགྱུར། །མི་འགྲོ་ན་ནི་ཐམས་ཅད་བྱེད་པོ་ཞེས། །དེ་ལ་གཞན་དུ་ཅི་ལྟར་བསྐྱེད་པར་ནུས། །གཟུགས་མེད་ཀུན་ཏུ་སོང་བའི་ནམ་མཁའ་བཞིན། །འདོད་ནའང་ལས་དང་ལས་ཀྱི་བྱེད་པ་པོར། །བདག་དུ་མི་འགྱུར་འདུས་མ་བྱས་པའི་ཕྱིར། །རྫས་སུ་མ་གྲུབ་དེ་ཡང་རྒྱུ་ཉིད་དུ། །འགྲུབ་པར་མི་འགྱུར་མཁའ་ལ་ས་ལུ་བཞིན། །གང་ཞིག་གཞན་གྱི་རྗེས་སུ་འཇུག་འགྱུར་བ། །དེ་ལ་བདག་གིས་མཚན་ཉིད་མི་འཇུག་སྟེ། །འཇིག་རྟེན་ནའང་བྲན་དང་ཁྱི་བཞིན་མཐོང་། །གང་ཞིག་ལས་དང་ལས་ཀྱི་རྣམ་སྨིན་དག །བདག་གིས་བྱས་ཞེས་འཇིག་རྟེན་གང་རྟོག་པ། འདི་ཅི་བདག་དེ་དགའ་དང་ཁྲོ་བ་ཡིས། །འཇིག་རྟེན་བདེ་སྡུག་བསྒྲུབ་པར་བྱེད་ན་ཀོ། །རྣམ་གཉིས་རྟོག་པར་བྱེད་དེ་བདག་ཅིག་མིན། །འགྱུར་བ་དང་བཅས་དེ་ལ་རྟག་པའང་མེད། །བདེ་སྡུག་ངོ་བོ་ཉིད་ཀྱིས་དེ་ལྟ་ན། བདག་དུ་རྟོག་པས་ཐར་པའང་མེད་འགྱུར་ཞིང་། །ངོ་བོས་གྲུབ་སྟེ་བྱས་པར་གྱུར་པའང་མེད། །དེ་བས་བདག་དུ་རྟོག་པ་མུན་པའི་གླིང་། །ཆོས་འདི་ཐམས་ཅད་སྟོང་ཞིང་བདག་མེད་པ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་གྱུར་ཏེ། །ཅི་ནས་འགྲོ་འདི་བག་མེད་ཀུན་རྟོག་གིས། །ཉེས་པས་ཚང་ཚིང་འཐུག་པོར་ཞུགས་པར་གྱུར། །ཀུན་རྫོབ་ཏུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་། །དེ་ཉིད་དབང་གིས་ལས་དང་རྣམ་སྨིན་དང་། །ཉོན་མོངས་ཀྱིས་ནི་འགྲོ་བ་རབ་ཏུ་གདུངས། །འདི་འདྲའི་རྨོངས་ཆེན་མ་རིག་འདི་གྲོལ་ན། །འདུ་བྱེད་རྐྱེན་ཀྱང་འབྱུང་བར་ཡོང་མི་འགྱུར །དེ་སྤངས་པས་ནི་བདག་མེད་ཐར་འགྱུར་ཞེས། །བློ་གྲོས་ལྡན་རྣམས་གནས་འདི་བརྟེན་པར་རིགས། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་དང་བདག་གི་བ་ཐམས་ཅད་སེལ་བར་བྱེད་པ་བརྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གསལ་བར་རྟོགས་པའི་ཏིང་ངེ་འཛིན་གསལ་བར་གྱུར་པ་དེ་ལས་ལངས་ནས་དེ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་ལ་སོགས་པ་ཐམས་ཅད་དུ་སོང་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དང་མོས་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ། །རྒྱལ་བའི་སྲས་རྣམས་འཇིག་རྟེན་དུ། །ཡེ་ཤེས་མཐུ་ཡིས་རབ་ཏུ་འབར། །རྣམ་པར་དག་པའི་ཤེས་རབ་ཀྱིས། །ལྟ་བའི་འཐིབས་པོ་སེལ་བྱེད་ཅིང་། །ཡང་དག་ལམ་ནི་སྣང་བྱེད་པས། །པད་མའི་གཉེན་མཆོག་མཚུངས་མེད་བཞིན། །བློ་ལྡན་རྣམས་ནི་གཞན་གྱི་དོན་དུ་སྤྱོད་པ་ན། །རྣམ་པ་སྣ་ཚོགས་ཚུལ་གྱིས་ཡེ་ཤེས་མཐུ་ཡིས་འདིར། །ཀུན་ཏུ་ཕན་བྱེད་རེ་བ་མེད་པའི་བསམ་པས་འཇུག །ལྷ་བཅས་སྒྲོན་མེ་འཇིག་རྟེན་ཉི་མ་བཞིན་དུ་ལྷམ། །དེ་བས་དེ་དག་རྗེས་སུ་ཞུགས་ཏེ་བསླབ་བྱ་ཞེས། །བསྟན་པ་དེ་ལ་བརྩོན་པས་རབ་ཏུ་སྦྱར་བར་བྱ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་མཐུས་ཐོགས་པ་མེད་པ་རྣམས་ཀྱི་བློ་གྲོས་བསམ་གྱིས་མི་ཁྱབ་བོ་ཞེས་ཡོན་ཏན་བསྔགས་པ་ཉིད་ལ་སྦྱར་བ་དང་། བདག་ཏུ་རྟོག་པ་ནི་ལྟ་བ་ངན་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་བདག་དུ་ལྟ་བ་སྤངས་ཤིང་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་རྟོགས་པར་བྱའོ་ཞེས་ཤེས་རབ་དང་མཐུན་པའི་མདོ་སྡེ་དག་ལའང་སྦྱར་བར་བྱའོ། །དོན་འདིའང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མོའུ་འགལ་གྱི་བུ་དེ་ཅི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་བསྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་དེ་ལྟར་མི་ལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་བསྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ངས་ཉོན་མོངས་པ་དང་ལས་ཀྱི་ཚོགས་འཇོམས་པའི་གཏམ་དེ་ལྟ་བུ་བསྟན་པས་བདག་ཏུ་ལྟ་བའི་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མོའུ་འགལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས། ལས་རྣམ་པར་གཞག་པ་གསུམ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དྲང་སྲོང་གི་སྐྱེས་པའི་རབས་སྟེ་དགུ་བཅུ་གཉིས་པའོ།། །།སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་དང་མཐུན་པར་ཆོས་ཐམས་ཅད་བདག་མེད་པར་སྟོན་ཅིང་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་དཔག་ཏུ་མེད་པའི་སྔ་རོལ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ས་འཛིན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ཏེ། དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱི་མའི་ཚེ་དམ་པའི་ཆོས་ནུབ་དུ་ཉེ་བ་ན། ཆོས་དང་ལྡན་པའི་རྒྱལ་པོ་རྫུ་འཕྲུལ་ཆེ་ལ་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ་ཡང་དག་པའི་ཡེ་ཤེས་ཀྱི་སྤོབས་པ་ཐོབ་པ་རྣམས་བྱུང་ངོ་། །རྒྱལ་སྲས་རྣམས་ཀྱིས་མཛད་པ་རྒྱ་ཆེན་པོ། །ཕན་བྱེད་མཐུ་ནི་དཔག་ཏུ་མེད་གྱུར་ཏེ། །ས་བདག་ཚུལ་གྱིས་ས་འདིར་འགྲོ་བ་ལ། །ཆོས་ཚུལ་ཟབ་མོ་སྟོན་པ་དཔལ་དང་ལྡན། །དེ་ཚེ་ལྷ་དང་མི་རྣམས་ཐམས་ཅད་ལ། །མཆོག་ཏུ་གྱུར་པའི་རྒྱལ་པོ་རྣམས་བྱུང་སྟེ། །ཕན་པར་བྱེད་པར་ལམ་དང་ལམ་མིན་གྱི། །ཁྱད་པར་མངོན་དུ་གསལ་བར་གྱུར་པ་སྟོན། དེའི་ཚེ་མི་རྣམས་ཀྱི་ཚེས་བཅོ་ལྔ་ལ་བབ་པའི་ཚེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མདུན་ཁང་དུ་མིའི་རྒྱལ་པོ་རྣམས་འགྲོ་ཞིང་ཆོས་བགྲོ་བར་བྱེད་པར་གྱུར་ཏེ། དེའི་ཚེ་རྒྱལ་པོ་གྲགས་པ་ཆེན་པོ་ཞེས་བྱ་བ་དང་། རྒྱལ་པོ་རྟོག་གི་བློ་གྲོས་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱལ་པོ་ཁྱབ་འཇུག་བློ་གྲོས་དང་། རྒྱལ་པོ་ཟླ་བའི་བློ་གྲོས་དང་། རྒྱལ་པོ་ཐོགས་པའི་བློ་གྲོས་དང་། རྒྱལ་པོ་མེ་ཏོག་གི་བློ་གྲོས་དང་། རྒྱལ་པོ་ཤུགས་ཀྱི་བློ་གྲོས་དང་། རྒྱལ་པོ་སྤྲིན་གྱི་བློ་གྲོས་དང་། རྒྱལ་པོ་དཀར་འོད་ཅེས་བྱ་བ་ལ་སོགས་པ་ཁྲི་ཕྲག་དགུ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདུན་ཁང་དུ་དོང་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་དུ་ཆོས་བགྲོ་བར་བྱེད་དེ་གྲོགས་པོ་དག་སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ། །རྒྱ་ལམ་ན་ནི་ཨུ་དུམ་འབར་བ་བཞིན། །དེ་བས་ཆོས་ཀྱི་རྗེས་སུ་བསླབ་བྱ་ཞིང་། །ཆོས་མ་ཡིན་པར་རིང་དུ་སྤང་བར་བྱ། །ཡང་དག་བདག་མེད་སྨྲ་བ་བརྟེན་བྱ་ཞིང་། ཡང་དག་མ་ཡིན་བདག་ལྟ་སྤང་བར་བྱ། །ཞི་བ་སྨྲ་བ་བདག་གི་ཕྱོགས་སུ་བྱ། །མ་ཞི་བ་ལ་སྟོན་པར་བྱ་བ་མིན། །ངག་ནི་བདེན་པ་ཡོངས་སུ་བསྟེན་བྱ་ཞིང་། །ནམ་དུའང་བརྫུན་དུ་སྨྲ་བར་མི་བྱའོ། །གཞན་ཡང་གྲོགས་པོ་དག སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདག་དང་གང་ཟག་ལ་སོགས་པ་བདེན་པར་མི་གསུང་ངོ་། །གྲོགས་པོ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གསུང་ངོ་ཞེས་བྱ་བ་ལ་སོགས་པའི་ཆོས་ཀྱི་གཏམ་རྣམས་ཕན་ཚུན་གསལ་བར་སྟོན་པ་ལས་དེའི་ཚེ་དེར་འདུས་ལ་ཡོངས་སུ་མ་སྨིན་པའི་ལྷའི་འཁོར་མང་པོས་སྒྲ་གསལ་བར་སྨྲས་པ། གྲོགས་པོ་དག སྟོང་པ་ཉིད་ལ་ལས་མངོན་པར་འདུ་བྱེད་པ་ཅི་ལྟར་ཡོད། གལ་ཏེ་བདག་དང་བདག་གི་མེད་ན། ལྷའི་འཁོར་འདིས་ལས་མངོན་པར་འདུ་བྱ་བ་གང་གིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས། དེ་སྐད་ཅེས་སྨྲས་པ་དང་། གཞན་ལྷའི་བུ་བསྟན་པ་ལ་རབ་ཏུ་གནས་པ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་བསྐུར་བ་མ་འདེབས་ཅིག །གནས་འདིར་ལྷའི་བུ་རྣམས་ཀུན། །ལས་ཀྱིས་སྐྱེ་ཞིང་འཆི་བ་ན། ལྟས་ལྔའི་དང་པོ་སྣང་པའི་ཚེ། །བདག་ལ་རང་དབང་མེད་མཐོང་ནས། །ཀུན་ཏུ་སྡུག་བསྔལ་ཡིད་མུག་འགྱུར། །དེ་བཞིན་དུ་ནི་སྲོག་འགག་ཤིག །ལྟས་ལྔ་མངོན་པར་ཚང་བའི་ཚེ། །འཆི་བར་འདོད་དང་འཆི་ཕོ་ཡི། །བདག་ནི་གང་དུའང་དམིགས་མི་འགྱུར། །དངོས་རྣམས་བདག་གི་བར་འགྱུར་མེད། མི་རྟག་སྟོང་ཞིང་བདག་མེད་པས། །ཆོས་རྣམས་ཐམས་ཅད་བདག་གིས་སྟོང་། །དེ་བས་སངས་རྒྱས་རྣམས་ཀྱིས་གསུང་། །མཐུ་ལྡན་བདེན་པར་གསུངས་པ་ཡིན། དེ་སྐད་ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས། རྒྱལ་པོ་ཁྲི་ཕྲག་དགུ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ལྷའི་འཁོར་འདི་དག་ནི་མི་མཐུན་པར་སྨྲ་བ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་མི་ཤེས་པའོ། །བདག་ཅག་རེ་ཞིག་འཛམ་བུའི་གླིང་ཉིད་དུ་ཆོས་ཡོངས་སུ་བགྲོ་བར་བྱ་སྟེ། ལྷའི་འཁོར་ཕལ་པོ་ཆེ་རྣམས་ནི་ཐེ་ཚོམ་དུ་གྱུར་ན་མི་རུང་ངོ་། །ཡང་སྨྲས་པ། འདི་ན་བདག་དང་བདག་གིར་རྟོག་པ་ཅན། །ཕྱིན་ཅི་ལོག་གི་མུན་པས་དཀྲིས་པ་གང་། །རྒྱལ་བའི་བསྟན་པ་ཟབ་མོ་མི་ཤེས་ཏེ། །བདུད་ཀྱི་འཆིང་པས་གཡང་སར་ལྷུང་བར་འགྱུར། །དེ་བས་ཅི་ནས་ཆོས་ཚུལ་བརྟེན་ནས་ནི། །བག་དང་ལྡན་པས་གཞན་གྱི་དོན་སྤྱོད་ཀྱི། །བག་མེད་པས་ནི་ཉེས་པའི་འབྱུང་ཁུངས་འགྱུར། དེ་སྐད་ཅེས་སྨྲས་པ་དང་། དེ་ནས་འཁོར་འདུས་པ་དག ཕྱོགས་ཅིག་ཏུ་འདུག་སྟེ་རྒྱལ་པོ་ཏོག་གི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཡུལ་དབུས་ལེགས་སྐྱེས་ཤིང་། ཤེས་རབ་ལྡན་ཞིང་དབང་པོ་དལ། །གསལ་བྱེད་ཉིན་མོར་བྱེད་པ་བཞིན། །ཕན་བྱེད་ཆོས་ཀྱི་དོན་ཀུན་རིག །དེ་བས་ཁྱོད་ཀྱིས་བསྟན་པ་བཞིན། ཚུལ་བཞིན་བགྱི་བའི་དུས་ལགས་སོ། །དེ་སྐད་ཅེས་གསོལ་ནས། ཡང་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་སྨྲས་པ། རེ་ཞིག་དམ་པའི་ཆོས་ཡོངས་སུ་བགྲོ་བའི་ཕྱིར། ཁྱེད་རྣམས་ལས་གང་མཁས་ཤིང་གསལ་ལ་མཛངས་པ་སྤྱོད་པ་དང་ལྡན་པ་སྒྲུབ་པར་བྱ་བ་དང་སྒྲུབ་པར་བྱ་བ་མ་ཡིན་པ་གསལ་བར་ཤེས་པ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྒྱལ་པོ་རྣམས་ལས། ཉི་ཤུ་རྩ་ལྔ་ལྔ་ཤོག་ཅིག །ཆོས་ཀྱི་ཚུལ་བགྲོ་བར་བྱའོ། །དེ་ནས་རྒྱལ་པོ་དེ་དག་གིས་ཚུལ་བཞིན་དུ་འཚལ་ཞེས། རྒྱལ་པོ་ཏོག་གི་བློ་གྲོས་ལྟར་མཉན་ནས། རྒྱལ་པོ་དེ་དག་དང་ལྷན་ཅིག་དུ་རང་གི་བསོད་ནམས་ཀྱི་མཐུའི་རྫུ་འཕྲུལ་གྱིས་བྱ་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་སོང་སྟེ། གངས་རིའི་རྒྱལ་པོ་ལ་ཡང་དག་པར་གནས་སོ། །དེ་དག་གི་ཕྱི་བཞིན་དུ་དམ་པའི་ཆོས་ལ་མངོན་པར་དགའ་བའི་ལྷ་དེ་དག་འབྲེང་བར་གྱུར་ཏོ། །གང་དུ་དེ་རྣམས་གནས་གྱུར་པ། །དེར་ནི་ལྷ་རྣམས་ཀྱིས་བྱས་པ། བཀོད་པའི་ཁྱད་པར་དེ་དང་དེ། །ཆེད་དུ་བྱས་པར་གྱུར་པ་བཞིན། །རིན་ཆེན་སྣ་ཚོགས་འོད་འབར་ལས་གྲུབ་པ། །གཞལ་མེད་ཁང་མཛེས་རབ་ཏུ་བཀྲ་བ་སྤྲུལ། །རྒྱན་རྣམས་ཀུན་ན་རབ་ཏུ་མཛེས་བྱས་པ། །རིན་ཆེན་རྒྱན་འཕྲེང་ལྷབ་ལྷུབ་ཀྱིས་སྤྲས་པའི། ཆོས་ཀྱི་སེང་གེའི་ཁྲི་སྟན་མངོན་པར་སྤྲུལ། །ལྷ་དང་ལྷ་མོ་དགའ་བས་སྐུལ་བའི་གདོང་། །མཛེས་པའི་རྣ་ཆ་གཡོ་བས་རབ་ཏུ་བཏུད། །སྐྱེད་མོས་ཚལ་དང་ཀུན་དགའི་རྫིང་བུ་དང་། རིན་ཆེན་ལྗོན་པ་པད་མོས་རབ་ཏུ་གང་། །ལུས་ཀྱི་ཡོན་ཏན་གསལ་བས་རབ་བརྒྱན་པ། །བྱ་དང་རི་དྭགས་བུང་བ་མྱོས་པས་གང་། །ལྷུང་ལྷུང་སྒྲ་འབྱིན་སིལ་སྙན་འདྲ་བར་སྒྲོགས། །དེ་ལྟར་མཆོད་པའི་ཁྱད་པར་དུ་མ་རྣམས། གངས་ཀྱི་རི་བོ་དེ་ལ་གྲུབ་པར་གྱུར། དེ་ལྟར་རྒྱལ་པོ་ཏོག་གི་བློ་གྲོས་ལ་སོགས་པ་དེ་རྣམས་ལྷ་རྣམས་ཀྱིས་སྤྲུལ་པའི་འཁོར་གྱི་ཁྱམས་དེར། སོ་སོའི་སྟན་བཤམས་པ་ལ་འཁོད་དོ། །དེའི་ཚེ་ལྷ་རྣམས་ཀྱིས་དེ་དག་ལ་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་བྱེད་པར་གྱུར་ཏེ། རྒྱལ་པོ་ཏོག་གི་བློ་གྲོས་གང་ལ་འཁོད་པའི་ཁྲི་དེ་རིན་པོ་ཆེ་སྣ་བདུན་ལས་མངོན་པར་གྲུབ་པར་སྤྲུལ་ཏོ། །ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པས་མཆོད་ཅིང་། རེ་ཞིག་འཛམ་བུའི་གླིང་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་རོ་སྙམ་དུ་སེམས་ཤིང་ཡིད་དགའ་བས་དམ་པའི་ཆོས་མཉན་པའི་ཕྱིར་འཁོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་སེང་གེའི་ཁྲིད་དེ་ལ་འདུག་སྟེ། སེང་གེ་ལྟར་བག་ཚ་བ་མེད་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་ནས། དམ་པའི་ཆོས་བགྲོ་བའི་དོན་དུ་རྒྱལ་པོའི་ཕོ་ཉ་ཞིག་ལ་སྨྲས་ཏེ། གྲོགས་པོ་གངས་རིའི་རྒྱལ་པོའི་རྩེ་མོ་ན་དྲང་སྲོང་དགེ་བའི་བློ་གྲོས་ཞེས་བྱ་བ་མཁས་ཤིང་གསལ་བ་དམ་པའི་ཆོས་མཐོང་བ་ཞིག་ཡོད་ཀྱིས། །དེར་སོང་ལ་རྒྱལ་པོའི་འདུས་པ་རྣམས་ཁྱོད་མཐོང་བར་འཚལ་ཞེས་སྨྲས་ཤིང་། དེ་ནས་རྒྱལ་པོའི་ཕོ་ཉ་དེས་མྱུར་བར་གངས་རིའི་རྩེ་མོ་ག་ལ་བ་དེར་སོང་སྟེ། དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་སྨྲས་པ། དྲང་སྲོང་ཆེན་པོ་གསན་དུ་གསོལ། །འཇིག་རྟེན་འདྲེན་པ་བཅོམ་ལྡན་འདས། དེས་ནི་མྱ་ངན་འདས་པ་ཡི། །བསྟན་པ་སེམས་ཅན་ཕན་བྱེད་པ། །དེ་ཡང་ཡོངས་སུ་གཏུགས་པར་གྱུར། །དེའི་དབང་གིས་ས་བདག་རྣམས། །ཆོས་ཀྱི་དོན་དུ་ལུས་གྱུར་ཏེ། །ཁྱོད་ནི་མཐོང་བར་འཚལ་ལོ་ཞེས། །ཡིད་ནི་རྩེ་ཅིག་ལྡན་པ་མཆིས། །དེ་བས་ཆོས་ཀྱི་དོན་བརྩོན་པ། །བརཏལ་ཞུགས་མ་ཉམས་པད་མོའི་སྤྱན། །བདག་གིས་གསོལ་བ་དོན་ཡོད་མཛོད། དེ་སྐད་ཅེས་གསོལ་པ་དང་། །དྲང་སྲོང་དེས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་སྙིགས་མའི་དུས་ཀྱི་མཚན་ཉིད་ཤེས་ནས། སྙིང་རྗེའི་དབང་གིས་མཆི་མ་བྱུང་ངོ་། །སྙིང་རྗེའི་སྤྲིན་གྱིས་མངོན་བསྐྱོད་པའི། མཆི་མའི་ཐིགས་པ་དེའི་རྒྱུན། །གངས་རིའི་རྩེ་མོར་ལྷུང་པ་ལས། ཉི་མའི་འོད་ཀྱིས་ཕོག་པ་བཞིན། །གངས་རིའི་རྩེ་མོ་རབ་ཉམས་པར། །མངོན་དུ་བཞུ་བར་གྱུར་ཅེས་གྲགས། དེ་ནས་དྲང་སྲོང་ཆེན་པོ་དེས་ཕོ་ཉ་བ་དེ་ལ་སྨྲས་པ། གྲོགས་པོ་གལ་ཏེ་དེ་བཞིན་གཤེགས་པ་མཐོང་པའམ་ཐོས་པའི་སེམས་ཅན་འགའ་ཡོད་ནའང་། །དམ་པའི་ཆོས་གནས་ཏེ་དེ་བས་ན་ཁྱོད་སོང་ཞིག །ཁོ་བོ་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཞི་བའི་གནས་བཏང་ནས་འདུ་འཛིར་འཇུག་པར་བྱེད་པ་ནི་ཚུལ་དང་གནས་མ་ཡིན་ནོ། །བསྟན་པའི་དོན་ནི་རབ་ཏུ་ཞི་བ་ཡིན། །འགྲོ་བ་རྣམས་ནི་ཅ་ཅོའི་རང་བཞིན་ཏེ། །འདོད་པ་རྣམས་ནི་དུས་ཀྱི་བ་མོ་བཞིན། །ཞི་བའི་འབྲས་བུ་ཉམས་པར་བྱེད་པར་འགྱུར། །དེ་བས་བསམ་གཏན་ཞི་བ་ཡོངས་སྤངས་ནས། །འདུ་འཛིའི་གནས་སུ་འཇུག་པར་མི་བྱེད་དོ། །དེ་ནས་ཡང་ཕོ་ཉ་བས་སྨྲས་པ། དྲང་སྲོང་ཆེན་པོས་ལྷ་རྣམས་བདག་ཡོད་དོ་བདག་མེད་དོ། །ཞེས་ཐ་དད་པར་སྨྲ་བར་གྱུར་ཏེ། དེའི་དབང་གིས་གནས་འདི་ཁྱོད་ལ་འདྲིའོ། །དེས་སྨྲས་པ། གལ་ཏེ་བདག་རྟག་པ་ཅིག་པུར་རང་དབང་ཅན་ཡོད་ན་སེམས་ཅན་འདི་དག་སྐྱེ་བ་དང་འཆི་བས་ཀུན་ཏུ་འབྱུང་བར་མི་རིགས་ཏེ། མི་རྟག་ཅིང་མི་བརྟན་པ། བདག་དང་བདག་གི་བ་མེད་པ་ལ་ཡོད་པར་འཁྲུལ་བས་ཁམས་གསུམ་ཀུན་ཏུ་འཆིང་བར་གྱུར་པ་སྟེ། དེ་བས་ན་འདི་ལ་དོན་དུ་བདག་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །མ་རྟོགས་བདག་དང་བདག་གིར་བཅིངས། །སྟོང་ཞིང་གཟོད་ནས་ཞི་བས་ན། འདི་ལ་ཆོས་རྣམས་གཟུགས་བརྙན་བཞིན། །དེ་བས་བློ་གྲོས་ལྡན་པ་རྣམས། །ཆོས་ཀུན་བདག་མེད་མངོན་དུ་བྱ། དེ་སྐད་ཅེས་སྨྲས་པ་དང་། ཕོ་ཉ་བ་དེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ། རྣམ་པར་དག་པ་ཐོབ་བོ། །དེ་ནས་དེ་དམ་པའི་ཆོས་ཀྱི་མཐུས་ཡིད་དགའ་བ་དང་བདེ་བ་ཁྱད་པར་ཅན་ཐོབ་ཏེ། སྐད་ཅིག་དེ་ལ་བྱ་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་འཕགས་ཏེ་རྒྱལ་པོའི་འདུས་པ་ག་ལ་བ་དེར་འོངས་སོ། །དེ་སངས་རྒྱས་ཀྱི་མཐུས་བར་སྣང་དེ་ཉིད་ལས། ཚིགས་སུ་བཅད་པའི་སྒྲ་དབྱངས་ཕྱུང་པ། ཨེ་མའོ་གྲོགས་དག་དམ་པའི་ཆོས་གནས་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་རྙེད་དཀའ་བ། །འགྲོ་བ་སིམ་བྱེད་བདུད་རྩི་དྲི་མེད་མཆོག །བསྟན་པ་དེ་ནི་བརྩོན་འགྲུས་ལྡན་ལ་འབར། །སྟོང་ཞིང་ཞི་བའི་བཟོད་ལ་གང་བརྩོན་པ། །དེ་དག་རྣམས་ཀྱིས་བསྟན་པའི་སྙིང་པོ་ལེན། །གང་ཞིག་ལེ་ལོའི་མུན་པས་ཟིལ་མནན་པ། །བདག་ཏུ་རྟོག་པ་དེ་དག་ཤིན་ཏུ་ཉམས། །འདི་ན་ཆོས་རྣམས་སྟོང་ཞིང་ཞི་བ་སྟེ། །བདག་དང་བདག་གིར་བདེན་པ་ཅུང་ཟད་མེད། །སུ་དག་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་བར། །མི་རྟག་སྡུག་བསྔལ་བདག་མེད་རང་བཞིན་དུ། །རྟོག་པ་དེ་ནི་འཆིང་བ་རབ་བཅད་ནས། །རྒྱལ་བའི་བསྟན་ལ་བྱ་བ་ཤིན་ཏུ་བྱས། དེ་སྐད་ཅེས་སྨྲས་པའི་སྒྲ་དེ་ཕྱོགས་ཐམས་ཅད་དུ་ཐོས་པར་གྱུར་ཏེ། གང་གིས་ཐོས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །སྲིད་པར་སོང་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཤེས་ཤིང་ཁོང་དུ་ཆུད་པར་གྱུར་ཏོ། །ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏེ་ཞེས་གྲགས་སོ། །རྒྱལ་བའི་སྲས་རྣམས་རྟག་ཏུ་ཆོས་ཀྱི་དོན་བརྩོན་པ། །དེ་དང་དེ་ཡིས་ཕན་བྱེད་མཐུ་རྣམས་རྒྱ་ཆེ་ཞིང་། །བདག་ལྟའི་ཉེས་ཚོགས་ཚང་ཚིང་ནགས་ཚལ་རབ་འབར་བར། །ཡེ་ཤེས་མཐུས་མཛད་ཐལ་བའང་ལུས་པར་མི་འགྱུར་ཞེས། །ལྷ་བཅས་འཇིག་རྟེན་ལྷའི་རྔ་སྒྲ་བཞིན་དུ་གྲགས། །དེ་བས་མཚུངས་མེད་རྒྱལ་སྲས་སྤྱད་པ་རྨད་དུ་བྱུང་། དེ་ལྟ་བུའི་དོན་དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཅི་སྙམ་དུ་སེམས་དེའི་ཚེ་ང་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། ངས་སྐྱེ་བོ་ཐམས་ཅད་ཆོས་ལ་རབ་ཏུ་བཀོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་སྒྲ་དེ་གོ་བར་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་སེང་གེའི་སྒྲ་བསྒྲགས་སོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་རྣམས་ནི་འཇིག་རྟེན་ཐམས་ཅད་ལ་སྟོན་པར་འགྱུར་ཞིང་མཚུངས་པ་མེད་པ་ཡིན་ནོ། །བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་ནི་སྔོན་རྒྱལ་པོ་ཏོག་གི་བློ་གྲོས་སུ་གྱུར་པ་ན་ཡང་དེ་ལྟ་བུའི་ཡེ་ཤེས་ཀྱི་མཐུས་ཐོགས་པ་མེད་པ་དང་ལྡན་ན། མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སངས་རྒྱས་ཀྱི་ཕན་ཡོན་བསྔགས་པ་ལའང་བརྗོད་པར་བྱའོ། །རྟོག་གི་བློ་གྲོས་སུ་སྐྱེས་པའི་རབས་ཏེ་དགུ་བཅུ་གསུམ་པའོ།། །།སྐྱེས་བུ་དམ་པ་ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་རྣམས་ནི་འཇིག་རྟེན་སྟོན་པར་འགྱུར་ཞེས་ཤེས་བྱའི་ཡུལ་ཐམས་ཅད་སྐད་ཅིག་གིས་རྟོགས་པའི་ཡེ་ཤེས་འཇུག་གོ །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། འཛམ་བུའི་གླིང་འདི་ཉིད་དུ་དྲང་སྲོང་སྣང་བ་ཅེས་བྱ་བ་དང་བྲམ་ཟེ་སྔོ་སངས་ཞེས་བྱ་བ་བྱུང་ངོ་ཞེས་གྲགས་སོ། །འཇིག་རྟེན་ཕན་པར་བརྩོན་བྱེད་དམ་པ་རྣམས། །ཤེས་རབ་མཐུ་ཡིས་བློ་གྲོས་རྒྱ་ཆེ་ཞིང་། །བརྩོན་འགྲུས་སྟོབས་ཀྱིས་འཇིག་རྟེན་བླ་མར་སྟོན། ལྷག་པའི་བསམ་གཏན་ཡོངས་སུ་སྤྱོད་ཅིང་ཞིང་། །ཇི་ལྟར་རྒྱ་མཚོའི་འཇིངས་རྣམས་རྒྱ་ཆེ་ཡང་། །ཐིགས་པའི་ཚད་ཀྱིས་བགྲང་པར་མི་སྤྱོད་པ། །དེ་བཞིན་འདིར་ཡང་རྒྱ་མཚོ་ཆེན་པོ་ཞེས། །ཡེ་ཤེས་མཐུ་འདི་དཔག་ཏུ་མེད་པ་ཡིན། །དེ་འདྲའི་རྒྱལ་སྲས་མཐུ་ཆེན་ལྡན་པ་རྣམས། །འཇིག་རྟེན་ཚུལ་དང་མཐུན་པའི་སྤྱོད་བཟུང་ཏེ། །འདུལ་བའི་ཐབས་ཀྱིས་རྣམ་པར་རྒྱ་ཆེན་སྟོན། །ཉོན་མོངས་སྲེད་པའི་རླན་དང་བྲལ་གྱུར་ཀྱང་། །འཁོར་བའི་རྒྱ་མཚོར་ཉིད་ཀྱིས་ཆུ་སྐྱེས་དག །གསལ་བར་སྟོན་ཅིང་བློའི་ཟེའུ་འབྲུ་རྣམས། །འཇིག་རྟེན་རྒྱན་ཕྱིར་དགོད་པ་བཞིན་དུ་འཛུམ། དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདི་ཉིད་དུ་ཤིང་ནྱ་གྲོ་ཏའི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ཡལ་ག་དང་འདབ་མ་མང་པོས་གཡོགས་པ་ལྗོན་པ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ། དེའི་ཡལ་ག་དང་ལོ་མའི་ཚོགས་རྣམས་ནི། སོས་ཀའི་ཆར་སྤྲིན་སྔོན་པོར་རབ་ཏུ་སྤུངས་པ་ལྟ་བུ། རྩ་བ་ཤིན་ཏུ་བརྟན་ཞིང་ཡལ་ག་ཤིན་ཏུ་འབྱེས་པ་ཁོ་ར་ཁོར་ཡུག་ཏུ་ནི་རྒྱང་གྲགས་ཅིག་ཁྱབ་པར་གནས་པར་གྱུར་ཏེ། དེའི་ལོ་མའི་ལྡིང་ཁང་ནི་དཀའ་ཐུབ་ཅན་རྣམས་ཀྱི་གནས་སུ་རུང་པར་གྱུར་ཏོ། །དེར་དྲང་སྲོང་སྣང་བ་ཞེས་བྱ་བ་དེ་བསམ་གཏན་བྱེད་ཅིང་གནས་པ་ལས་དེ་མངོན་པར་ཤེས་པ་ཐོབ་པར་གྱུར་ཏོ། །གང་ན་ཤིང་དྲུང་ཉམས་དགའ་བ། །འདུ་འཛིའི་སྐྱེ་བོས་རྣམ་དབེན་ཞིང་། །ནགས་ཚལ་སྡུག་གུའི་འཕྲེང་བ་དང་། མེ་ཏོག་ཚོགས་ཀྱིས་ལེགས་བརྒྱན་པ། །དག་པའི་ཆུ་གཙང་སྔོན་པོ་དག །བསིལ་ཞིང་ཡང་ལ་བདུད་རྩི་མཚུངས། །ཕྱོགས་རྣམས་རབ་ཏུ་གསལ་བྱེད་པའི། །པད་མོའི་གཉེན་མཆོག་དེ་དང་ནི། །མཚན་མོའི་གསལ་བྱེད་སྐར་མར་བཅས། །མཐུ་ཡིས་བསྐྱོད་པར་མི་ནུས་པའི། །གནས་སུ་རྣལ་འབྱོར་བརྩོན་པ་ལས། །ཉོན་མོངས་བརྙོག་པ་རབ་ཞི་ཞིང་། ཤེས་བྱའི་གཟུགས་རྣམས་གསལ་བྱེད་པ། །འདི་ཡང་བསམ་གཏན་ཚུལ་ཡིན་ཞེས། །བསྟན་བཅོས་གཉིས་ཀར་གྲགས་པ་ཡིན། དེ་ལྟར་དྲང་སྲོང་སྣང་བ་དེ་མངོན་པར་ཤེས་པའི་མཐུས་ཤིང་ནྱ་གྲོ་ཏའི་རྒྱལ་པོ་དེའི་ཡལ་ག་དང་འདབ་མ་གྲངས་སུ་བྱ་བར་འདོད་ནས་མངོན་པར་ཤེས་པ་རྟོག་པ་ལ་ཞུགས་སོ། །དེས་ལོ་བཅུ་གཉིས་དང་ཞག་བདུན་གྱིས་ཤིང་གི་རྒྱལ་པོ་དེའི་འདབ་མའི་གྲངས་ཤེས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན། བྲམ་ཟེའི་མཆོག་སྔོ་སངས་ཞེས་བྱ་བ་དེ་གྲོང་ཁྱེར་ནས་ཁ་ཟས་བླངས་ཏེ་ཉིན་མོ་གནས་པར་བྱ་བའི་ཕྱིར་ཤིང་ནྱ་གྲོ་ཏའི་རྒྱལ་པོ་བཟང་པོ་ག་ན་བ་དེར་སོང་ཏེ། ཕྱོགས་གཅིག་ཏུ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ། དེ་ནས་དྲང་སྲོང་སྣང་བ་ག་ན་བ་དེར་སོང་སྟེ་ཕྱིན་ནས། མངོན་སུམ་དུ་ཡང་དག་པར་དགའ་བ་དང་མགུ་བར་འགྱུར་ཞིང་ཡིད་དུ་འོང་པའི་གཏམ་མང་དུ་བྱས་ཏེ། །ཕྱོགས་ཅིག་ཏུ་འདུག་གོ །དེ་ནས་དྲང་སྲོང་སྣང་བ་ཞེས་བྱ་བ་དེས་བྲམ་ཟེ་སྔོ་སངས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་ཆེན་པོ་མིའི་འཇིག་རྟེན་གྱི་སེམས་ཅན་གྱི་རིགས་ན། ཤིང་ནྱ་གྲོ་ཏའི་རྒྱལ་པོ་འདིའི་འདབ་མའི་གྲངས་སུ་ཡོད་པ་བརྩི་བའམ། རྟོགས་པར་བྱེད་པའམ། ཤེས་པར་བྱེད་ནུས་པའི་སེམས་ཅན་དག་ཡོད་དམ། བྲམ་ཟེས་སྨྲས་པ། བཙུན་པ་མཆིས་སོ། །དྲང་སྲོང་གིས་སྨྲས་པ། བྲམ་ཟེ་གང་ཡིན། བྲམ་ཟེས་སྨྲས་པ། བཙུན་པ་བདག་གིས་བགྲང་བར་བགྱིའོ། །དྲང་སྲོང་གིས་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ། དེ་དེའི་ཕྱིར་དྲོངས་ཤིག །དེ་ནས་བྲམ་ཟེ་སྔོ་སངས་ཤིང་ལྗོན་པ་དེ་ལ་ཡང་མི་ལྟ་འདབ་མ་རྣམས་ལ་ཡང་མི་བགྲང་བར་སྐད་ཅིག་ཙམ་ལ་ཏིང་ངེ་འཛིན་གྱི་མཐུས་འདབ་མ་རྟོག་པ་ལ་ཞུགས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དྲང་སྲོང་ཆེན་པོ་ཁྱོད་ཉོན་ཅིག །ཤིང་གི་རྒྱལ་པོ་འདི་ལ་ཡང་། །མི་འཁྲུགས་དྲུག་ཅུ་ཡང་སྟེངས་ཕྲག །བཅུ་དྲུག་དང་ནི་ཁྱད་ཕྱིན་ཕྲག །བཅུ་གསུམ་དག་དང་དཀྲིས་པ་ཕྲག །དགུ་ཅུ་རྩ་དྲུག་ཁྲག་ཁྲིག་ཕྲག །སུམ་ཅུ་དང་ནི་ཐེར་འབུམ་ཕྲག །བརྒྱ་སྟོང་དང་ཡང་བྱེ་བ་ཕྲག དགུ་བཅུ་རྩ་གཉིས་འདབ་འདི་མཆིས། །བྲམ་ཟེ་དམ་པ་བདག་གིས་འཚལ། དེ་སྐད་ཅེས་སྨྲས་པ་དྲང་སྲོང་སྣང་བས་ཐོས་ནས་ཡིད་ལ་ཡ་མཚན་ཆེ་བར་གྱུར་ཏེ། བྲམ་ཟེ་སྔོ་སངས་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ནི་བདེན་པའི་ཚིག་སྨྲ་བ། ལེགས་སོ་ལེགས་སོ་འདི་བདེན་ནོ། །བློ་གྲོས་ཆེན་པོ་བྲམ་ཟེའི་མཆོག །བདག་ནི་མངོན་ཤེས་མཐུ་ཡིས་ནི། །ལོ་ནི་འཁྱུད་འཁོར་བཅུ་གཉིས་དང་། །ཉི་མ་བདུན་གྱི་བར་དུ་ནི། །འདབ་མ་རྣམས་ནི་བདག་གིས་བགྲངས། །གཙོ་བོ་ཁྱོད་ཀྱིས་སྐད་ཅིག་མཁྱེན། །ཁྱོད་ནི་གཟིགས་པ་མི་མཛད་ཅིང་། །བགྲང་པར་མི་མཛད་སྐད་ཅིག་ཏུ། །འདབ་མ་རྟོག་པའི་རྗེས་སུ་ཞུགས། མཁྱེན་འདི་ཉིད་ཀྱིའམ་ལྷ་ཡིས་བསྟན། །བྲམ་ཟེ་བདག་ལ་དོན་འདི་གསུངས། སྔོ་སངས་ཀྱིས་སྨྲས་པ། ཀྱེ་བཙུན་པ་ཆེན་པོ་གསན་ཅིག་འདི་ནི་ལྷ་ཡིས་སྨྲས་མིན་བདག་གིས་ཏེ། །བདག་ཚིག་བདེན་པའི་རྗེས་འབྲེང་དོན་བཞིན་འཇུག །ནམ་མཁའ་ཟད་ཅིང་གྲུམ་པར་གྱུར་སྲིད་ཀྱང་། །ཁོ་བོ་བརྫུན་དུ་སྨྲ་བར་མི་སྲིད་དོ། །དེ་སྐད་ཅེས་སྨྲས་པ་དང་། དྲང་སྲོང་སྣང་བ་མཆོག་ཏུ་ཡིད་དགའ་བ་དང་མགུ་བ་སྐྱེས་ནས་བདག་ཉིད་ཆེན་པོ་དེའི་རྨད་དུ་བྱུང་བའི་ཡོན་ཏན་གྱི་ཁྱད་པར་དེ་ལ་མངོན་པར་བསྟོད་པའི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་རིགས་སོ། །ཨེ་མའོ་རླབས་ཆེ་ཨེ་མའོ་ཁྱད་པར་ཆེ། ཁྱོད་ནི་ཡེ་ཤེས་ཚོགས་ཀྱིས་ཆེ་བ་སྟེ། །གང་གི་དྲང་སྲོང་མངོན་ཤེས་བསྟན་པའི་མཐུས། །ཉི་མ་བདུན་དང་ལོ་ནི་བཅུ་གཉིས་སུ། །རྟོག་ཅིང་སྤྱོད་པས་བགྲང་པར་བྱས་པ་ཡང་། །སྐད་ཅིག་གིས་ནི་བསྒྲིབ་པ་མེད་མཁྱེན་ནས། །ཇི་བཞིན་གསལ་བ་སྟོན་པའི་ཡེ་ཤེས་འདི། །ལྷ་ཀླུ་མི་ཡི་འཇིག་རྟེན་ཐམས་ཅད་དུ། །སྣང་བར་བྱེད་པ་གཞན་དུ་ཡོད་མ་ལགས། །ཉི་མའི་དཀྱིལ་འཁོར་འོད་ཟེར་མཐུ་ཡིས་ནི། །གླིང་རྣམས་ཀུན་ཏུ་གསལ་བར་བྱེད་མ་ལགས། ཁྱོད་ཀྱི་ཡེ་ཤེས་དཀྱིལ་འཁོར་རྒྱས་པ་ཡིས། ཤེས་བྱའི་གནས་རྣམས་སྐད་ཅིག་ཅིག་ལ་སྣང་། །དེ་བས་རྨད་དུ་བྱུང་བ་ཁྱོད་ལ་ནི། སྲིད་འདིར་གུས་པ་མི་སྐྱེད་སུ་ཞིག་ཡོད། །དེ་བས་བདག་ཀྱང་མཁས་པ་ཁྱོད་བཞིན་དུ། །ཡེ་ཤེས་མཆོག་གི་བློ་གྲོས་མ་སྨད་པ། །འཇིག་རྟེན་ཀུན་ཏུ་གསལ་བར་སྟོན་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་དྲང་སྲོང་དེ་བྲམ་ཟེ་ཆེན་པོ་དེ་ཡི་རྗེས་སུ་འཇུག་པར་གྱུར་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱིས་མཐུ་ཐོགས་པ་མེད་ཅིང་ཤེས་བྱའི་ཡུལ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་ཅིང་། སྐད་ཅིག་ཅིག་དང་ལྡན་པས་ཇི་སྙེད་པ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །ཇི་ལྟར་སྨྲས་པ་ཐམས་ཅད་ཀྱང་བདེན་པར་གསུངས་པ་ཡིན་ནོ། །ཞེས་སངས་རྒྱས་ཀྱིས་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེའི་དོན་བསྡུ་བའི་ཚིགས་སུ་བཅད་པ་ཡང་གསང་པའི་བདག་པོས་གསུངས་པ། སྣང་བར་གྱུར་པ་བདག་ཉིད་ཆེན་པོ་ཤ་རིའི་བུ། བྲམ་ཟེ་སྔོ་སངས་གྱུར་པ་ཤཱཀྱ་སེང་གེས་ཏེ། ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས་ཀྱི་ངག་འདི་འདྲ། །བདེན་ལ་གནས་ཤིང་དོན་དང་ཆོས་དང་ལྡན་པ་ཡིན་ཞེས་སོ། །སྔོ་སངས་ཀྱི་སྐྱེས་པའི་རབས་ཏེ་དགུ་བཅུ་བཞི་པའོ། །སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་ནི་རྨད་དུ་བྱུང་པའི་སྤྱོད་པས་སེམས་ཅན་ཀྱི་དོན་དཔག་ཏུ་མེད་པ་བྱེད་ཅིང་། བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་བསྐལ་པ་མགོ་བྱེད་ཅེས་བྱ་བ་བྱུང་ཏེ། དེའི་ཚེ་སངས་རྒྱས་ཀྱི་ཞིང་འདིར་རབ་རིབ་ཅན་ཞེས་བྱ་བར་གྱུར་ཏེ། སྙིགས་མ་ལྔ་དང་ལྡན་ཞིང་སྐྱེ་དགུ་ཚེ་ལོ་ལྔ་སྟོང་ཐུབ་པར་གྱུར་པ་ན་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་ཏེ། འཛམ་བུའི་གླིང་འདིར་རིག་བྱེད་འདོན་པའི་བྲམ་ཟེ་ཉི་འཕྲེང་སྤོང་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །དེ་ནི་སྨོན་ལམ་སྟོབས་ཀྱིས་ཞིང་ཁམས་འདིར། བྲམ་ཟེའི་རིག་མཆོག་བྱེ་བས་ཇེ་མཐོ་བར། །སྐྱེ་བའི་ལས་རྣམས་ཡོངས་སུ་རྫོགས་གྱུར་ཅིང་། །གཞན་པས་ཁྱད་དུ་གྱུར་པའི་སྤྱོད་པས་མཛེས། །རི་རྣམས་དབུས་ན་ལྷུན་པོ་ཇི་བཞིན་དུ། །ཡོན་ཏན་དཔལ་གྱི་ཚོགས་ཀྱིས་ལམ་མེ་མཛེས། །དེའི་ཡོངས་སུ་སྤྱོད་པ་མཐུ་ཆེ་བས། །རིགས་དང་གཟུགས་དང་འབྱོར་པ་རྒྱ་ཆེན་དང་། །སྟོབས་དང་བློ་གྲོས་ཡོན་ཏན་གསལ་བ་རྣམས། །དེ་ལས་འགྲན་པ་བཞིན་དུ་གནས་པར་གྱུར། །དེའི་ལྷག་བསམ་སྙིང་རྗེ་མཐུ་ཆེ་བས། །འགྲོ་བའི་ཉེས་ཚོགས་བག་མེད་ཚང་ཚིང་རྣམས། །དེའི་ཤེས་རབ་སྟོབས་ཀྱིས་བསྲེགས་པ་འདྲ། །འགྲོ་བློའི་མུན་པ་སེལ་བྱེད་ཉི་མ་བཞིན། །ཡང་དག་ཡུལ་ལ་གསལ་བྱེད་རྒྱས་པ་བཞིན། །ཡོན་ཏན་ཚོགས་ཀྱིས་འཕྲེང་བ་རྒྱུས་པ་བཞིན། །ཉོན་མོངས་གདུང་བ་བསིལ་བར་བྱེད་པ་བཞིན། །དེ་བས་འདིར་ནི་ཉི་འཕྲེང་སྤོང་ཞེས་གྲགས། དེའི་ཚེ་སེམས་ཅན་རྣམས་ཕལ་ཆེར་རྟག་པར་ལྟ་བའི་མུན་པས་ཀུན་ཏུ་ཁེབས་ཤིང་འཐབ་མོ་དང་། འཁོན་དང་། མྱ་ངན་གྱིས་གདུང་བར་གྱུར་ཏེ། རྒྱུ་དེས་ངན་འགྲོ་ལ་གཞོལ་བར་གྱུར་ཏོ། །ཀྱེ་མ་འཇིག་རྟེན་རྟོག་པ་ཡིས། །བདག་དང་བདག་གིར་ཤིན་ཏུ་རྨོངས། །དེ་ཡིས་འགལ་མེའི་འཁོར་ལོ་ལྟར། །ཡང་ཡང་འཁོར་ཞིང་སྡུག་བསྔལ་གྱུར། །དར་གྱི་སྲིན་བུ་བཞིན་དུ་རྨོངས། །རང་གིས་རང་ཉིད་འཆིང་བར་བྱེད། །འདི་ལས་གྲོལ་བར་བྱེད་པ་གང་། །དམ་པ་རྣམས་ཀྱི་བྱ་བ་ཡིན། དེ་ལྟར་ངེས་པར་བྱས་ནས། བདག་ཉིད་ཆེན་པོ་དེས། སྙིང་རྗེ་ཆེན་པོའི་སྟོབས་བསྐྱེད་དེ་ཏིང་ངེ་འཛིན་དང་མངོན་པར་ཤེས་པའི་མཐུས་འཛམ་བུའི་གླིང་གི་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་འཁོར་དང་། རི་བྲག་ལ་སོགས་པ་རྣམས་སུ་གང་དང་གང་གིས་འདུལ་བས་དེ་དང་དེ་ལྟ་བུའི་སྤྱོད་པས་ཆོས་ཡང་དག་པར་བསྟན་ཏེ། ཀྱེ་ཤེས་ལྡན་དག་ཤེས་པར་གྱིས་ཤིག །གཟུགས་ནི་བདག་མིན་གཟུགས་ལ་བདག་མེད་དོ། །ཕྲ་རགས་དངོས་ནི་རྨི་ལམ་གླང་པོར་མཚུངས། ཚོར་དང་འདུ་ཤེས་སེམས་དཔའ་འདི་དག་ནི། །བདག་མིན་འདི་དག་ལ་ཡང་བདག་མེད་དོ། །མེད་བཞིན་ཕུང་པོར་ཞན་པས་འདོད་བྱེད་པ། །དཔེར་ན་མི་འགའ་རྨི་ལམ་བཟང་པོ་ལ། །འདོད་ཅིང་ཞེན་པས་ཆགས་པར་བྱེད་པ་བཞིན། །འཁྲུལ་པའི་དབང་གིས་བློ་ནི་ཉམས་པར་བྱེད། དེ་བས་ཕུང་པོ་སྒྱུ་མ་ལྟ་བུར་ལྟོས། །ཤེས་པ་རྣམས་ནི་ཀུན་ཏུ་གཡོ་བ་ལས། །དབང་པོའི་སྐྱེ་མཆེད་དེ་དག་གྲོང་སྟོང་བཞིན། །རྐྱེན་གྱིས་སྐྱེ་དང་འགག་པར་སྣང་བ་རྣམས། །བརྟགས་ན་སྨིག་སྒྱུ་བཞིན་དུ་སྙིང་པོ་མེད། །དེ་བས་རྟག་པར་ལྟ་བ་ཡོངས་སྤོང་ལ། །ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན། །སྒྱུ་མ་ལྟ་བུར་ཡོངས་སུ་རྟོགས་པར་གྱིས། ཞེས་བྱ་བ་ལ་སོགས་པའི་ཆོས་ཡང་དག་པར་བསྟན་ཅིང་། །གཞན་ཡང་དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་དྲུག་ལ་སོགས་པ་ཡང་བསྟན་ཏེ། དེ་ལས་ཅི་ལྟར་དྲན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་བ་དང་། རྗེས་སུ་འགྲོ་བ་དང་། ཞི་གནས་དང་། ལྷག་མཐོང་དང་། འཇུག་པ་དང་ཡོངས་སུ་དག་པ་ལ་རྟོག་པའོ། །དེ་ལ་བགྲང་པས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པ་ཐུལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ། །རྗེས་སུ་བགྲང་བས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་རྟེན་ཅིང་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་དང་བྲལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་ལ་མཁས་པར་འགྱུར་བའོ། །ཞི་གནས་ཀྱིས་ནི་རབ་ཏུ་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་བྲི་བར་མངོན་དུ་སྟོན་པ་དང་། །ཏིང་ངེ་འཛིན་གྱི་མཆོག་ལ་གནས་པར་ནུས་པའོ། །ལྷག་མཐོང་གིས་ཀྱང་བྱ་བའི་ལས་ཀྱིས་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པར་མངོན་དུ་སྟོན་པ་དང་། སེམས་དང་སེམས་པ་ལས་བྱུང་བའི་ཆོས་སོ་སོ་བར་རྟོག་པ་ལ་གནས་པའོ། །འཇུག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ་ཉེ་བར་ལེན་པའི་ཕུང་པོ་སྤོང་པའི་སྦྱོར་བ་ལ་མཁས་པ་དང་། འཕགས་པའི་སར་འཇུག་པ་ལ་སྦྱོར་བའོ། །ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང་བ་དང་། ལྟ་བ་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལྟར་དབུགས་ཐུང་ངུ་བརྔུབས་སོ་སྙམ་དུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱ་བ་བཅུ་དྲུག་ཀྱང་ལེགས་པར་རྟོགས་པར་འགྱུར་རོ། །ཞེས་བསྟན་པས། སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། དབེན་པ་དང་ཚངས་པའི་གནས་པ་ལ་སྦྱར་བས། གྲངས་མེད་དཔག་ཏུ་མེད་པ་དག འཐབ་པ་དང་རྩོད་པ་དང་། འཁོན་དུ་འཛིན་པ་སྤངས་ཏེ། དབེན་པ་སྤྱོད་པར་གྱུར་ཏོ། །དེ་དག་རི་དང་ནགས་ཚལ་དབེན་པར་རྣལ་འབྱོར་ཅན་གྱི་སྤྱོད་པ་བཞིན། རྣམ་གཡེང་དགྲ་སྡེའི་ཚོགས་རྣམས་བཅོམ་སྟེ་བསམ་གཏན་ཞི་བའི་སེམས་ཀྱིས་ནི། བཟོད་པའི་གོ་ཆ་ཤེས་རབ་ཀྱིས་འབར་བརྩོན་འགྲུས་སྟོབས་ཀྱིས་བགོས་བྱས་ཤིང་། །ཞི་གནས་གཞུ་ཐོགས་སྟོང་པ་བདག་མེད་མདའ་རྣམས་འཕེན་པར་བྱེད་པ་ལས། བདག་ལྟའི་བདུད་ཚོགས་ཉོན་མོངས་དགྲ་སྡེ་ཤིན་ཏུ་ཕམ་པར་བྱེད་འགྱུར་བ། །རྒྱལ་སྲས་དཔའ་བོ་སྟོབས་ལྡན་རྗེས་ཞུགས་རྨད་བྱུང་སྤྱོད་པ་རྒྱ་ཆེན་པོ། དེ་ལྟར་སེམས་ཅན་རྣམས་དབེན་པར་བྱང་ཆུབ་སེམས་དཔས་རྗེས་སུ་བསྟན་པ་ལ་སྤྱད་པས་མངོན་པར་ཤེས་པ་ལྔ་ཐོབ་ཅིང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམ་པར་འཇུག་པ་དང་། འཕགས་པའི་ལམ་ཐོབ་པར་གྱུར་ཏོ། །དེ་ནས་གང་གི་ཚེ་བསྐལ་པ་དེ་ཟད་དུ་ཉེ་བ་ན་སྦྱིན་གནས་དེ་ལྟ་བུས་འཛམ་བུའི་གླིང་ཁྱབ་པར་གྱུར་ཏེ། འཛམ་བུའི་གླིང་པའི་སེམས་ཅན་རྣམས་འཐབ་པ་དང་། གཡུལ་འགྱེད་པ་དང་རྩོད་པ་དེ་དག་ཀྱང་རབ་ཏུ་ཞི་བར་གྱུར། དུས་མ་ཡིན་པའི་རླུང་དང་ཆར་པ་དག་ཀྱང་རབ་དུ་ཞི། ས་ལ་རྟེན་པའི་ལོ་ཐོག་རྣམས་ཀྱང་ལེགས་པར་སྨིན་ཅིང་མདངས་དང་ལྡན་པར་གྱུར་ན། དུས་ཀྱིས་ཉེས་པས་ནད་སྣ་ཚོགས་ཀྱིས་ཉེན་པ་འགའ་ཞིག་ཏུ་གྱུར་ནས་དེའི་ཚེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་སེམས་ཅན་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱེད་ནུས་སོ་སྙམ་མོ། །སྙིང་རྗེའི་བདག་ཉིད་མཐུ་ཆེན་ལྡན་པ་རྣམས། །འགྲོ་རྣམས་བདེ་བས་བདག་ཉིད་བདེར་འགྱུར་ཞིང་། །གཞན་དག་སྡུག་བསྔལ་གྱུར་པས་འོ་རྒྱལ་བ། །ཉེས་པས་རྣམས་དཀྲུགས་འཇིག་རྟེན་འདི་རུ་ཡང་། །ཡེ་ཤེས་ཐབས་མཁས་སྟོབས་ནི་རྒྱ་ཆེན་གྱིས། །དེ་དག་ཀུན་ཀྱང་བཟློག་པ་བཞིན་དུ་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འདི་སྙམ་དུ་དགོངས་ཏེ། གང་བདག་གིས་བརྒྱ་བྱིན་དང་། ཚངས་པ་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་དང་། གཞན་ཡང་ལྷའི་དྲང་སྲོང་རྣམས་དང་མིའི་དྲང་སྲོང་རྣམས་ཀྱང་བསྡུས་ལ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྨན་སྦྱར་བའི་བསྟན་ཆོས་དག་བསྟན་པར་བྱའོ། །སྙམ་ནས་དེའི་ཚེ་རྫུ་འཕྲུལ་གྱིས་གསུངས་ཏེ། རྒྱལ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་དྲང་སྲོང་རྣམས་དང་། བརྒྱ་བྱིན་གྱི་དྲང་སྲོང་རྣམས་དང་མིའི་དྲང་སྲོང་རྣམས་ལ་བསྒོ་ནས་རི་ལན་ཚའི་བདག་པོ་གཉིས་པ་ཞེས་བྱ་བ་ལན་ཚའི་སྤྱོད་པའི་རྩེ་མོ་ངེས་པའི་གནས་ཞེས་བྱ་བ་དེར་བསྡུས་ནས་འབྱུང་པོ་ཡང་དག་པར་བཟློག་པར་སོ་སོར་འབྲངས་ཤིང་བསྲུང་ལ་རླུང་དང་མཁྲིས་པ་དང་བད་ཀན་རབ་ཏུ་ཞི་བར་བྱེད་པའི་བསྟན་བཅོས་དག་རབ་ཏུ་བསྟན་ཏོ། གང་གི་རྫུ་འཕྲུལ་སྟོབས་ཀྱི་མཐུ་ཡིས་ནི། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་དང་། །ལྷ་དང་མིའི་དྲང་སྲོང་མཁས་པ་དག །བསྐུལ་ནས་ལན་ཚ་སྤྱོད་པའི་རྩེ་མོ་དེར། །ནད་ཀྱི་ཚ་གདུང་རབ་ཏུ་ཞི་བྱེད་པ། །གསོ་བའི་ཚུལ་གྱིས་བསྟན་བཅོས་རབ་ཏུ་བསྟན། །ཚངས་སོགས་བློ་གྲོས་མཐུ་ཡིས་དཔག་མིན་པའི། །གསོ་བའི་ཐབས་ཀྱིས་གཙུག་ལག་རྒྱ་ཆེན་དག གསལ་བར་མཛད་པས་སྡུག་བསྔལ་གྱིས་གདུངས་པའི། ནད་ཀྱི་འདམ་རྫབ་སྐེམས་པར་བྱེད་པ་དང་། །བདེ་དང་ལམ་དང་མཐོ་རིས་ཐེམ་སྐས་དག སྣང་མཛད་དོན་ཆེན་སྒྲོན་མེ་ཅིག་སྤུངས་གྱུར། །རྨད་བྱུང་གང་དེ་ཡེ་ཤེས་སྟོབས་ཀྱི་མཐུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་དཔག་ཏུ་མེད་པ་གྲངས་མེད་པ་དག་གི་ནད་རྣམས་རབ་ཏུ་ཞི་བར་བྱས་སོ། །སྨོན་ལམ་རྒྱ་ཆེན་པོ་རབ་ཏུ་བཏབ་པའི་མཐུས་ཉི་མ་ཅིག་ལ་ཡང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱི་ཤེས་རབ་ཀྱི་སྣང་བ་བྱས་ཤིང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ནས། ངན་སོང་གསུམ་གྱི་ལམ་ནི་བཅད་པ་བཞིན་དུ་བྱས། མཐོ་རིས་ཀྱི་ལམ་ནི་ལམ་པོ་ཆེ་ལྟར་དུ་བྱས་ཏེ་འགྲོ་བ་རྣམས་ཀྱིས་ལུས་དང་སེམས་ལས་བྱུང་བའི་ནད་རྣམས་ཐབས་དེ་དང་དེ་དག་གིས་ཡོངས་སུ་ཞི་བར་བྱས་པར་གྱུར་ཏོ། །འཁོར་བའི་ཆུ་བོ་རབ་མེད་ལ། །ཉོན་མོངས་ཉ་དང་ཆུ་སྲིན་དག །འཕྱོ་བའི་གནས་གྱུར་སྡུག་བསྔལ་གྱི། རླབས་ཀྱི་འཕྲེང་བ་འཕྲོ་བ་དག །མྱུར་དུ་སྒྲལ་ཏེ་ཐར་པ་ཡི། །རིན་ཆེན་གླིང་དུ་སོན་བྱེད་ཅིང་། །འགྲོ་བའི་ཡིད་ཀྱི་བདེ་བ་དག །སོ་སོར་རྩོལ་བའི་མཐུ་ལྡན་པ། །དེད་དཔོན་ཆེན་པོ་སེམས་དཔའ་མཆོག ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པ་བསྒྲགས་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པས་སེམས་ཅན་གྱི་བསམ་པ་དང་གནས་སྐབས་ཇི་ལྟ་བ་བཞིན་དུ་འཇུག་ཅིང་དོན་བྱེད་པའི་མཐུ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་དང་། རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་ལ་ཡང་བརྗོད་པར་བྱའོ། །ཉི་འཕྲེང་སྤོང་གི་སྐྱེས་པའི་རབས་ཏེ་དགུ་བཅུ་ལྔ་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་མངོན་པར་སྤྱོད་པ་ན། ཐབས་མཁས་པའི་བདག་ཉིད་དང་། ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པས་རྒྱུ་སྐར་ལ་སོགས་པ་འཇིག་རྟེན་རིག་པས་གཞན་ལ་ཕན་པར་བྱེད་ཅིང་། སྨོན་ལམ་གྱི་མཐུས་མི་རྟག་པའི་དངོས་པོ་ཐམས་ཅད་ཀྱང་བདེན་པའི་བྱིན་གྱིས་རླབས་པས། འཇིག་རྟེན་པ་རྣམས་ཀྱི་དོན་དུ་རེ་ཞིག་བྱིན་གྱིས་རློབ་པར་བྱེད་པའི་དབང་ཕྱུག་དུ་གྱུར་ཏོ། །དེ་ཡང་འདི་སྐད་ཐོས་ཏེ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་འདི་ཉིད་ཀྱི་དང་པོར་གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་གོ་རིམ་དང་ཟླ་བ་དང་ཡུད་ཙམ་ལ་སོགས་པ་གསལ་བར་འཇིག་རྟེན་དུ་སྔོན་བརྗོད་པ་མ་བྱུང་བ་དུས་དེར་བཅོམ་ལྡན་འདས་འདིར་རེ་ཞིག་དྲང་སྲོང་རྔ་བོ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །སྤྱི་མཐུན་ལས་ཀྱི་དངོས་གྲུབ་འཇིག་རྟེན་འདིར། །ཀུན་རྫོབ་བདེན་པས་རྟེན་ཅིང་འབྲེལ་པར་འབྱུང་། །དུས་དང་ཕན་གནོད་བྱེད་པ་རང་བཞིན་གནས། །དེ་མ་མཐོང་པས་སྙིང་རྗེ་ཆེ་ལྡན་པའི། །རྒྱལ་སྲས་རྣམས་ཀྱིས་དེ་དང་དེ་འདྲ་བར། །གཞན་ལ་ཕན་ཅིང་མངོན་སུམ་སྟོན་པར་བྱེད། །དེ་བས་རེ་ཞིག་འཛམ་བུ་གླིང་ཉིད་དུ། དཔལ་དང་ལྡན་པའི་གྲོང་ཁྱེར་ལྔ་ལེན་ཅེས་བྱ་བ་དེར་མིའི་བདག་པོ་ཆོས་དང་རྗེས་སུ་མཐུན་པ་འབྱོར་པ་ཆེན་པོ་བྱུང་ངོ་། །དེ་ནི་འདོད་པ་སྤངས་ཤིང་ཆོས་དང་ལྡན། །ལུས་ངག་ཡིད་གསུམ་རབ་ཏུ་གཙང་ཞིང་དག དཔལ་དང་ལྡན་ཞིང་མཁས་པའི་བདག་ཉིད་ཅན། །ས་བདག་འབྱོར་པ་ཆེན་པོ་བྱུང་བར་གྱུར། དེའི་བཙུན་མོ་དམ་པ་ནི། །འདོད་པ་རྣམས་ལ་འཆུམས་གྱུར་ནས། །དེ་ཚེ་ཡུལ་ནི་དབེན་པར་ནི། །གཟུ་ལུམས་ཅན་དང་ལྷན་ཅིག་སྤྱད། འདི་ལྟར་འདོད་པ་སྤྱད་པ་ལས་བྱུང་བ་ཆོས་ཉིད་ཀྱི་མངལ་སྦྲུམ་པར་གྱུར་ཏེ། དེ་བཙས་པ་ལས་ཁྱེའུ་གཟུགས་མི་སྡུག་པ་ཞིག་བྱུང་བར་གྱུར་ཏོ། །བོང་བུའི་མགོ་ལ་བོང་མགྲིན་པོ། །བོང་སྣ་བོང་ལ་བོང་གདོང་པོ། །ལུས་རྣམས་བཙུན་མོ་རལ་པ་ཅན། །མིའི་ལུས་ནི་ཕྱེད་ཡོད་པ། །དེ་མཐོང་འཇིགས་ནས་མྱུར་དུ་ནི། །སྣམ་ཕྱི་སར་ནི་དེ་བོར་རོ། །དེ་ལྟར་མི་སྡུག་པའི་ཁྱེའུ་དེ། རང་གི་བསོད་ནམས་ཀྱི་མཐུ་དང་སྟོབས་ཀྱིས་སྲིན་མོས་བོང་བུ་རིགས་ཀྱིས་བླངས་ཏེ་རང་གི་གནས་སུ་སོང་ནས་བུ་ལ་ཆགས་པ་སྐྱེས་པར་གྱུར་ཏེ། དེས་བཅུད་ཀྱིས་ལེན་འཐུངས་ནས་ལུས་ཀྱི་སྟོབས་དང་ཡོན་ཏན་རྫོགས་སྟེ། ལྷ་རྣམས་དང་ལྷན་ཅིག་སྤྱོད་པར་གྱུར་ཏོ། །ཤེས་རབ་ཆེན་པོ་བསྐལ་ལྡན་པོ། །རབ་ཏུ་བརྩོན་ལྡན་སྙིང་རྗེའི་སེམས། །གཟི་བརྗིད་ཆེན་པོ་བྱམས་པ་ཐོབ། །སེམས་ཅན་ཀུན་ལ་ཕན་བྱེད་པའོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་དབེན་པ་ལ་གཞོལ་བར་གྱུར་ནས། གངས་ཀྱི་རྒྱལ་པོ་ན་རྫུ་འཕྲུལ་ཐམས་ཅད་པས་བྱས་པ་ཤིང་ལྗོན་པ་དང་མེ་ཏོག་དང་འབྲས་བུ་རྣམ་པ་དུ་མ་དང་ལྡན་པ། དུས་སུ་འབྲངས་པའི་དྲི་ཞིམ་པོ་ལྡང་པ། སྣ་ཚོགས་པའི་མེ་ཏོག་དང་ལོ་མའི་ཚོགས་ཀྱིས་ས་ཕྱོགས་ཤིན་ཏུ་བཀྲ་བར་བྱས་པ། ལྷའི་དྲང་སྲོང་དཀའ་ཐུབ་ཅན་རྣམས་ཀྱི་བསྟི་གནས་སུ་རུང་པ་དེར་དྲང་སྲོང་རྔ་བོང་དཀའ་ཐུབ་སྤྱོད་པར་གྱུར་ཏོ། །དེ་ལྟར་རྣམ་པར་དབེན་པ་རྟེན་ནས་སུ། །ལོ་ནི་དྲུག་ཁྲི་ཐམ་པའི་བར་དུ་ཡང་། །རྐང་པ་ཅིག་གིས་དཀའ་ཐུབ་ལྟ་བུར་གནས །དེ་ལ་བརྒྱ་བྱིན་ཚངས་པས་ཕྱག་འཚལ་གྱུར། དེ་ལྟར་བདག་ཉིད་ཆེན་པོ་དེས་དཀའ་ཐུབ་མཐུ་ཆེན་པོ་ལ་སྤྱད་པས། ལྷ་ཐམས་ཅད་ཐུབ་པ་ཆེན་པོ་དྲང་སྲོང་རྔ་བོང་ཞེས་ཆེད་དུ་བརྗོད་པར་གྱུར་ཏེ། ཚངས་པ་གཟུགས་ཀྱི་ཁམས་ཀྱི་ལྷ་དང་བཅས་པ་དང་། བརྒྱ་བྱིན་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་དང་བཅས་པ་དང་། ཀླུ་དང་གནོད་སྦྱིན་དང་། གྲུལ་བུམ་དང་བཅས་པ་མཐུ་དང་དབང་ཆེ་བར་གྲགས་པ་ཐམས་ཅད་འདུས་པར་གྱུར་ཏེ། ཕྱག་བྱས་ནས་སྨྲས་པ། ཀྱེ་ཧོ་བསྐལ་ལྡན་ཆེན་པོ་ཁྱོད། །བདག་ཅག་རྣམས་ལ་མངོན་དགའ་མཛོད། །རེ་བ་འདི་འདྲ་ཅི་ལ་བསམས། །ཅི་འདོད་པ་ནི་སྨྲ་བར་གྱིས། །དྲང་སྲོང་རྔ་བོང་གིས་སྨྲས་པ། །སྔོན་གྱི་སྐལ་པ་བདག་གིས་དྲན། །འཇིག་རྟེན་ཕན་པར་སྟོན་བྱེད་པ། །ཉིན་ཞགས་དུ་ནི་རྒྱུ་སྐར་རྣམས། །རེ་རེ་ནས་ནི་རྒྱུ་པར་བྱེད། །མཁའ་ལ་གཟའ་དང་རྒྱུ་སྐར་རྣམས། །གོ་རིམ་ཡོན་ཏན་བདག་གིས་དྲན། །འདིར་ནི་བསྐལ་པ་བཟང་པོ་ལ། །དེ་ལྟ་བུ་རྣམས་ཡོང་མི་སྣང་། དེ་ནས་ཚངས་པ་དང་། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་ལྷ་རྣམས་ཀྱིས་སྨྲས་པ། ཡོན་ཏན་རྒྱ་མཚོ་དྲང་སྲོང་ཆེ། །སྙིང་བརྩེར་གྱིས་ཏེ་ཁྱོད་ཀྱིས་ནི། །རྒྱུ་སྐར་གོ་རིམས་ཀུན་ཞོག་ཅིག །ཇི་ལྟར་འཇིག་རྟེན་འདིར་གནས་བཞིན། །དེའི་ལས་དང་ཡོན་ཏན་གསུངས། །ཁྱོད་ལ་བདག་ཅག་ཉན་པར་འཚལ། དེ་ལ་དྲང་སྲོང་རྔ་བོང་གིས་བདག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པ་འཇིག་རྟེན་ཐམས་ཅད་ལ་མངོན་པར་རྟོག་པ་གསལ་བར་མངོན་དུ་གྱུར་པས་འདིར་རྒྱུ་སྐར་གྱི་གོ་རིམ་སྣང་བར་བྱ་བ་སྨྲས་པ། རྒྱུ་སྐར་དཀྱིལ་འཁོར་ཐམས་ཅད་ལ། །རེ་ཞིག་དང་པོ་སྨིན་དྲུག་ཅེས། ནངས་ཀྱི་དང་པོར་བཞག་པར་བྱ། །འདི་ལ་སུ་ཞིག་དད་པར་འབུལ། །ལྷའི་བུ་ནི་ཉི་མ་ཡང་། །སྐར་མ་དྲུག་པོ་སྟོན་པར་བྱེད། །སྨིན་དྲུག་རྒྱུ་སྐར་དེ་དག་ནི། མཁའ་ལ་རྟག་ཏུ་རྒྱུ་བར་ཤོག །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་དགའ་ནས། མེ་ལྷས་སྤྲུལ་པ་བྱས་པའི་ལྷ་དྲང་སྲོང་མེ་བཞི་འཇུག་པའི་བུས་སྨྲས་པ། །བདག་གི་སྲིང་མོའི་བུ་འདི་དག །གླིང་བཞི་བར་ནི་གནས་པར་ཤོག །དེ་ནི་སྨིན་དྲུག་གི་ལྷ་ཐོག་མ་ཉིད་དུ་བསྟན་ནས། །དེ་བཞིན་དུ་སླར་ཡང་རིམ་པ་ཉིད་དུ་བསྟན་པ། རྒྱུ་སྐར་ཆུའི་རུས་ཅན་ནི། གཉིས་པ་ཡང་ནི་ཡིན་པར་བྱ། །སྐྱེ་ཆུའི་བདག་གིས་འདི་སྐད་སྨྲས། བདག་གིས་བུ་ལྔ་འབུལ་ལགས་ཏེ། རུས་ནི་དྲང་སྲོང་ཆེན་པོ་ཆུ། །རབ་ཏུ་བརྩོན་ལྡན་སྣར་མ་ལགས། །ཟླ་བའི་བུ་ཕོ་གསུམ་པ་ནི། །མིང་ནི་མགོ་ཞེས་བྱ་བ་ལགས། བ་ར་དྷ་ཙའི་རུས་སུ་ནི། མགོ་ཞེས་བགྱི་བ་བཞག་པ་ལགས། །རབ་ཏུ་མི་བཟད་ལགས་ཞེས་པ། །ལྷ་དྲག་རྣམས་ཀྱིས་བསྟན་པ་ཏེ། ལྗང་སྔོན་པོའི་བུ་རུས་སུ། །དེ་ནི་ཞི་བར་བཞག་པའོ། །དྲང་སྲོང་བཅས་པའི་ལྷ་ཚོགས་ཀྱིས། །ཉི་མའི་བུ་ནི་བསྟན་པ་ཏེ། །ནམ་སོ་ལག་ཤིང་གནས་འཇོག་རུས། །ཕུར་བུའི་བུ་ནི་གསུམ་པོ་ཏེ། །ལག་གི་བུ་ཡི་རུས་ལག་ཤིང་། །རྒྱལ་ཞེས་བྱ་བར་དེ་དག་བཤད། །ས་བསྲུང་གི་ནི་བུ་ལྔ་པོ། །བརཏལ་ཞུགས་སྤྱོད་པ་མཁས་པ་རྣམས། མཛའ་བོ་བུ་ཡི་རུས་ལགས་ཏེ། །དེ་ལྟར་དེ་དག་རྒྱུ་སྐར་བདུན། །ཤར་ཕྱོགས་ཁ་འཛིན་རྣམས་སུ་བཞག །དེ་ཡི་ལས་དང་གོ་རིམ་ཡང་། །ཕྱིས་ནི་ཡང་དག་བསྟན་པར་བྱ། །ཕུར་བུ་ཡི་ནི་བུ་ལྔ་པོ། །བྱང་གྲོལ་བརཏལ་ཞུགས་འཆང་བ་དག །སེར་སྐྱའི་བུའི་རུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ངས་བཞག་གོ །དབྱངས་ཅན་གྱི་ནི་བུ་གཉིས་སོ། །མིང་ནི་གྲེ་ཞེས་བྱ་བས་ཏེ། །གོའུ་ཏ་མའི་རུས་སུ་ནི། །ལྷོའི་ཕྱོགས་སུ་ངས་བཞག་གོ །ལྷ་མོ་ཡི་ནི་བུ་གཉིས་པོ། །དེའི་མིང་ནི་སྦོ་ཡིན་ཏེ། །ལྷོ་ཕྱོགས་ཁ་འཛིན་གསུམ་པར་བཞག །སྡིག་པ་ཡིས་ནི་བུ་བསྟན་པ། །དྲང་སྲོང་ཀ་ཏྱའི་བུ་ཡི་རུས། །ལྷ་བཅས་དྲང་སྲོང་རྣམས་ཀྱི་དེར། །མེ་བཞི་ཞེས་ནི་བྱ་བར་བཤད། །དྲི་ཟའི་བུ་ནི་ནག་པ་སྟེ། །ཀ་ཏའི་བུ་ཡི་རུས་ཡིན་ནོ། །ས་རི་དེ་ནི་མེའི་བུ། ཀ་ཏའི་བུ་ཆེན་རུས་ཡིན་ནོ། །འདིར་ནི་ས་ག་དཔལ་གྱི་བུ། །ཀ་ཏྱའི་བུ་རྒན་རུས་ཡིན་ཏེ། །དྲང་སྲོང་རྣམས་ཀྱིས་རྒྱུ་སྐར་བདུན། །ལྷོ་ཕྱོགས་ཁ་འཛིན་རྣམས་སུ་བཞག །འཛའ་བོའི་བུ་ཡི་བུ་བཞི་པོ། །མིང་ནི་ལྷ་འཚམས་ཞེས་བྱ་སྟེ། །ནུབ་ཕྱོགས་སུ་ནི་བཞག་པ་ཡིན། །དབང་པོ་ཡི་ནི་བུ་གསུམ་ཏེ། ཟླ་བ་ཀ་ཏྱའི་བུ་ཡི་རུས། །འཇམ་པའི་ལས་ནི་ཐམས་ཅད་ལ། །གཉིས་པ་སྣྲོན་ནི་བཞག་པ་ཡིན། །ས་ཡི་ལྷ་མོའི་བུ་གསུམ་ཏེ། །སྣྲུབས་ནི་ལག་པའི་བུ་ཡི་རུས། །རྒྱལ་བའི་ལྷ་མོའི་བུ་བཞི་སྟེ། །ཀ་ཏའི་བུ་ཡི་རུས་ཡིན་ནོ། །ཐམས་ཅད་ལྷ་ཞེས་བྱ་བ་བཞི། །མོའུ་འགལ་བུ་ཡི་རུས་ཡིན་ནོ། །སྣུབས་དང་ཆུ་སྟོད་ཆུ་སྨད་གཉིས། །རྒྱུ་སྐར་གསུམ་པོ་བཞག་པ་ཡིན། །སྲེད་མེད་བུ་ཡི་བུ་གསུམ་པོ། །རྒྱུ་སྐར་རྣམས་ནི་གྲོ་ཞུན་འཁོད། །ཁྱབ་འཇུག་གི་ནི་བུ་གསུམ་ཏེ། །ཀ་ཏྱའི་བུ་ཕོ་དཔལ་གྱི་རུས། །བྱི་ཞུན་དེ་ལྟར་རྒྱུ་སྐར་བདུན། །ནུབ་ཕྱོགས་ཀྱི་ནི་ཁ་འཛིན་ཡིན། །ནོར་ལྷའི་བུ་ནི་མོན་གྲུ་ཏེ། དྲང་སྲོང་སྣ་བའི་རུས་ཡིན་ནོ། །ཆུ་ལྷའི་བུ་ནི་གཅིག་པུ་སྟེ། །དེབ་རྩིའི་བུ་ཡི་རུས་ཡིན་ཞིང་། །སྨན་མ་སྦྲུལ་གྱི་ལྷ་མོ་ཡི། །རྒྱུ་སྐར་མོན་གྲེ་གནས་པ་ཡིན། སྡིག་པ་ཡི་ནི་བུ་གཉིས་ཏེ། །ཁྲུམས་སྟོད་ཞེས་ནི་བྱ་བར་བཤད། །ཆུ་ཡི་རྣ་བའི་རུས་སུ་ནི། །གསུམ་པོ་འདི་ནི་བཞག་པ་ཡིན། །ལྷ་ཡི་དྲང་སྲོང་ཆུ་ལྷའི་བུ། །ཁྲུམས་སྨད་ཞེས་ནི་བྱ་བར་བཤད། །བྲ་ཉེ་དྲང་སྲོང་རུས་ཡིན་པར། །བཞི་པ་འདི་ནི་བཞག་པ་ཡིན། །ལྷ་ཡི་དྲང་སྲོང་རྒྱལ་གྱི་བུ། །ནམ་གྲུ་ཞེས་བྱ་དེ་བསྟན་ཏེ། །དྲང་སྲོང་དབང་པོའི་རུས་སུ་ནི། །ལྔ་པ་འདི་ནི་བཞག་པ་ཡིན། །དྲི་ཟའི་རྒྱལ་པོའི་བུ་གསུམ་ཏེ། །ཏ་ལེན་བུ་ཡི་རུས་ཡིན་ཞིང་། །རྒྱུ་སྐར་མཐའ་སྐར་ཞེས་བྱ་བ། །འཇིག་རྟེན་མཁས་པ་རྣམས་ཀྱིས་བཞག །དྲག་པོའི་བུ་ནི་གསུམ་ཡིན་ཏེ། །བྲ་ཉེ་ངན་སྤོང་བུ་ཡིན་ནོ། །རྒྱུ་སྐར་བདུན་པོ་དེ་དག་ནི། །བྱང་ཕྱོགས་ཁ་འཛིན་རྣམས་སུ་བཞག །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །དེ་ལྟར་ཕྱོགས་སུ་ཉེ་བར་བཀོད། དེ་ལྟར་དྲང་སྲོང་རྔ་བོང་གིས་ཅི་ལྟར་རྗེས་སུ་བསྟན་པ་ལྷ་ཐམས་ཅད་ཀྱིས་རྗེས་སུ་མཐུན་པར་བསྒྲུབ་ཏེ། ཡིད་རང་ནས་ལྷའི་དབང་པོས་ལྷ་དང་དྲང་སྲོང་ཐམས་ཅད་དང་། ཐབས་ཅིག་ཏུ་དྲང་སྲོང་ཆེན་པོ་རྔ་བོང་ག་ལ་བ་དེར་བཏུད་དེ་གསོལ་བ། ནམ་མཁའ་འདི་ལ་རྒྱུ་སྐར་ནི། གང་ཞིག་དང་པོར་རྒྱུ་བར་བྱེད། །ཁ་ཟས་སུ་ནི་ཅི་ཞིག་ཟ། མི་རྣམས་ཀྱིས་ནི་ལས་ཅི་སྒྲུབ། །ཡུན་ནི་ཇི་སྲིད་རྒྱུ་བར་བྱེད། །ཐུབ་པ་ཁྱོད་ཀྱིས་གསུང་དུ་གསོལ། དེ་ནས་དྲང་སྲོང་རྔ་བོང་གིས་སྨྲས་པ། ཇི་ལྟར་ངས་ནི་བརྗོད་པ་བཞིན། །འདིར་ནི་ཁྱེད་རྣམས་དད་པས་ཕུལ། །རྒྱུ་སྐར་འདི་ལས་ང་མཆོག་ཕྱིར། འདི་ནི་ཁྱེད་ལ་བསྟན་པར་བྱ། ཞེས་བྱ་བ་ལ་སོགས་པས། རྒྱུ་སྐར་ཐམས་ཅད་ཀྱི་རུས་དང་། སྦྱོར་བ་དང་ཡུད་ཙམ་དང་། ཕན་པ་དང་། གནོད་པའི་འབྲས་བུ་སོ་སོར་འབྱིན་པ་དང་མཆོད་པ་བྱེད་པ་ལ་སོགས་པ་ཐམས་ཅད་བསྟན་ནས། དེ་ནས་དྲང་སྲོང་རྔ་བོང་གིས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་སྨྲས་པ། འདི་ལྟར་བདག་གི་གོ་རིམ་གྱིས་དང་པོ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། རྒྱུ་སྐར་དང་། གཟའ་དང་། དུས་དང་། ཁྱིམ་དང་། གནས་དང་། འགྲོ་བར་བྱེད་པ་དང་། འཁོར་བ་དང་མཐོང་ཞིང་ཐོས་པ་རྣམས་ད་ལྟར་ཡང་བསྟན་ཅིང་མཉམ་པར་གཞག་ན། ཅི་ཁྱེད་རྣམས་འདི་ལྟར་རྣམ་པར་བཞག་པ་དང་། གདགས་པས་རྒྱུ་སྐར་དང་། གཟའ་ལ་ཡོངས་སུ་མགུ་བས་རྗེས་སུ་ཡིད་རང་པར་བྱེད་དམ། འོན་ཏེ་མ་ཡིན། དེ་ནས་དེ་ཉིད་ཀྱི་ཚེ་ལྷ་དང་ལྷ་མ་ཡིན་དང་། མིའི་དྲང་སྲོང་དང་། ལག་འགྲོ་དང་མིའམ་ཅིའི་ཚོགས་ཐམས་ཅད་ཀྱིས་ཐལ་མོ་རབ་ཏུ་སྦྱར་བ་བཏུད་ནས། འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱོད་ནི་ཐམས་ཅད་ཀྱི་བླ་མ་དང་། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ། མཚུངས་པ་མེད་པར་མཁས་ལ་མངོན་པར་རྟོགས་པའི་སྙིང་བརྩེ་བའི་སྐལ་པ་ཕ་རོལ་དྲན་པ་པོ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ། དཔལ་ཐམས་ཅད་ཕུན་སུམ་ཚོགས་པ། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ། དུས་གསུམ་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན་ཏེ། འདི་ལྟ་བུའི་མཚན་མོ་དང་ཉིན་མོ་དང་། སྐད་ཅིག་དང་རྒྱུ་སྐར་དང་། གཟའ་དང་། ཟླ་བ་དང་། ཟླ་བ་ཕྱེད་པར་འདོགས་པར་བྱེད་པའི་ཡེ་ཤེས་དེ་ལྟ་བུ་སུ་ལ་ཡོད་པའི་སེམས་ཅན་སུ་ཡང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འགྲོ་བའི་ནང་ན་མེད་པ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་ད་ལྟར་བཏགས་པ་བཞིན་དུ་བདག་ཅག་ཐམས་ཅད་ཀྱིས་དེར་དད་པས་བྱིན་པ་ཡིན་ནོ། །རྗེས་སུ་ཡིད་རང་ངོ་། །ལེགས་ལྡན་ལེགས་སོ་ཞེས་ཆེད་དུ་བརྗོད་ནས། སླར་ཡང་ཁྱིམ་གྱི་བྱེད་པ་ལ་སོགས་པ་ཡོངས་སུ་བསྟན་ནས། རྔ་བོང་གིས་སྨྲས་པ། །འདི་ལྟར་ཁྱིམ་ནི་བཅུ་གཉིས་དང་། །ལྡན་པའི་མཁའ་ལ་གཟའ་སྐར་རྣམས། །བཀོད་པས་སྐྱེ་དགུ་ཐམས་ཅད་ལ། །ཕན་བདེ་མངོན་པར་བསྐྱེད་ཕྱིར་རོ། །མི་སྟོང་ཡང་དང་ཡང་དུ་ནི། །འདུས་ཏེ་ཆོས་ཀྱི་ཕྱོགས་སུ་ལྟོས། །ཁྱོད་ནི་ཤེས་རབ་ལྡན་པས་ན། །ཆོས་མ་ཡིན་པ་བཟློག་པར་གྱིས། །ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །དེ་དག་ཁྱོད་ཀྱིས་ཆོས་གོས་དང་། །བཟའ་བཏུང་རྣམས་ཀྱིས་རྗེས་སུ་སྲུངས། །དེ་ལ་སླར་ཡང་བརྒྱ་བྱིན་གྱིས། །རྔ་བོང་ལ་ནི་ཐལ་སྦྱར་ཏེ། །རབ་ཏུ་སྨྲས་པ་བདག་ཅག་གིས། །བྱ་བ་ཡང་ནི་བསྒོ་བར་གྱིས། སྨྲས་པ། ལྷ་ཡི་བླ་མ་ཁྱོད་ཀྱིས་ནི། །རྟག་པར་ཚངས་པར་སྤྱོད་པ་སྲུངས། རིགས་སྔགས་སྨན་དང་གསང་སྔགས་རྣམས། །ཐམས་ཅད་ལ་ནི་བྱ་བ་སྒྲུབས། །གཞན་ཡང་འཇིག་རྟེན་བག་ཡོད་པ། །བསྲུང་ཕྱིར་འདི་ལྟར་བསྒོ་བ་བྱས། །ལས་ཀུན་དྲང་སྲོང་ཟླ་བ་དང་། །ཟླ་བ་ཆུང་དང་ཞགས་དང་བཞི། །གཙོ་བོ་ཡིན་པར་བཀོད་པ་ཡིན། །དྲག་པོ་དུང་གི་རྣ་ཅན་དང་། །དགོན་པ་དང་ནི་ལྕི་བ་སྟེ། །གནོད་སྦྱིན་བཞི་པོ་དེ་དག་ནི། །མཆོད་སྦྱིན་རིམ་པར་གཙོ་བོས་བཀོད། །རྒྱ་མཚོའི་ཆུ་ཟླ་འཇོག་པོ་དང་། །རིན་ཆེན་སྐྱོང་དང་རིང་དུ་འགྲོ། །ས་ཡིད་ཆེས་དང་ཟླ་སྲུངས་དང་། །གནས་ཐར་བྱེད་པ་རྒྱ་མཚོ་ནི། །གཙོ་བོར་བཞག་ཏེ་མ་གྲོས་དང་། །ཁབ་ཀྱིས་ལུས འབིགས་ཆུ་ལྷས་བྱིན། །རི་དྭགས་འཁྲུགས་པ་ཀླུ་དེ་བཞི། །ཀླུ་རྣམས་ཀྱིས་ནི་གཙོ་བོར་བཀོད། །ཁྱོད་ནི་དགེ་བར་རབ་བསྐྱེད་པ། །ནེ་ཙོ་ཡིས་ནི་ཁྱབ་བྱེད་པ། །མཁས་པ་ཞིང་གི་གཙོ་བོ་སྟེ། །དེ་འདྲ་བ་ནི་ཇི་ལྟ་བུ། །ཁྱོད་ནི་སྙིང་པོ་ཁོ་ནས་ཀྱང་། །མེ་ཡི་རྩེ་མོའི་གཙོ་བོས་ཏེ། །ཁྱོད་ནི་རླུང་དམར་འགུལ་གཡོ་བ། །རླུང་ཡངས་བ་ཡི་གཙོ་བོ་ཡིན། །རྡོ་རྗེའི་མིག་དང་སེང་གེའི་མིག །ལེགས་མཐོང་ལག་ན་མདུང་གསུམ་ཐོགས། །ལྷ་མོ་བཞི་པོ་དེ་དག་ནི། །གྲོང་ཁྱེར་གཙོ་བོར་བཀོད་པ་ཡིན། །གོང་མའི་མཚར་སྐྱེས་རྩིབས་མུ་ཁྱུད། །འཁོར་ལོ་སྤེན་པ་གནོད་སྦྱིན་བཞི། །དེ་དག་རིན་ཆེན་བརྟག་པ་ལ། ཉོ་ཚོང་བྱེད་པའི་གཙོ་བོར་བཀོད། །ཕྱོགས་འཚམས་སུ་ནི་བཞི་ཡིན་ཏེ། །བསྲུང་པའི་ཕྱིར་ནི་ཡང་དག་གནས། །ཡུལ་འཁོར་གྲོང་ཁྱེར་ཐམས་ཅད་དུ། །བསྲུང་པའི་ཕྱིར་ནི་འབྱུང་པོ་བཀོད། །དྲང་སྲོང་དག་ནི་ཐམས་ཅད་དང་། །ལྷ་ཡི་ཚོགས་དང་ཀླུ་རྣམས་དང་། །ལྷ་མ་ཡིན་དང་མི་རྣམས་ཀྱི། །བར་ཡང་རྗེས་སུ་ཡིད་རང་བྱེད། །ལུས་བསྟན་རབ་ཏུ་རྒྱལ་བ་མཆོག །མཐུག་པོ་ཡིན་ནི་གཙོ་བོས་ཏེ། །ཁྱེད་ནི་སྐྱེ་དང་འགག་པ་དང་། ཟས་དང་རོ་དང་མེ་ཏོག་མཆོག །ཁྱོད་ནི་དྲི་འཕེལ་བྱེད་པ་ཏེ། །ཤུ་དག་རྫོགས་བྱེད་འབྲས་བུའི་མཆོག །ཁྱོད་ནི་ལམ་བདེ་བསྐྱེད་པ་ཏེ། །རྣམ་པར་འཚེ་ལས་རྒྱལ་བའི་གཙོ། དགའ་བོ་དང་ནི་ཉེ་དགའ་གཉིས། །རི་བོ་རྣམས་ཀྱི་གཙོ་བོར་བཀོད། །ནོར་རྒྱས་བུ་དང་ཐང་ཤིང་ཞིང་། །ལྕེ་མཆོག་མིག་དམར་རྨུགས་བྱེད་སྐེམས། །ཁྱོད་ནི་དབྱངས་ཆེན་ཆུའི་གཙོ། །ཁྱོད་ནི་གྲུབ་དང་ཡིད་འཕྲོག་པ། །ཟླ་བ་འཕྲོག་པར་བྱེད་པ་སྟེ། །བཅུད་ཀྱི་ལེན་གྱི་གཙོ་བོ་ཡིན། །གཟའ་དང་རྒྱུ་སྐར་དུས་ཀྱང་ཡིན། ཁྱིམ་རྣམས་ཐམས་ཅད་མཉམ་པར་བཞག །རྒྱ་མཚོ་ཆེན་པོ་བཞི་ཡང་ནི། །བསྐལ་ལྡན་རྒྱུད་ནི་རྣམ་པར་གཞག ལུས་ངན་གནོད་སྦྱིན་རྣམས་ཀྱི་གཙོ། །གྲུལ་བུམ་རྣམས་ཀྱི་འཕགས་སྐྱེས་སོ། །ཀླུ་རྣམས་ཀྱི་ནི་མིག་མི་བཟང་། །དྲི་ཟ་རྣམས་ཀྱི་ཡུལ་འཁོར་སྲུང་། །ཁྱེད་རྣམས་འཇིག་རྟེན་སྲུང་པར་གྱིས། དེ་ལྟར་དྲང་སྲོང་རྔ་བོང་གིས་གླིང་ཆེན་པོ་འདིར་ཇི་ལྟར་བཀོད་པ་བཞིན་དུ་གླིང་གཞན་བརྒྱད་ཁྲི་ཐམས་ཅད་དུ་ཡོངས་སུ་སྐྱོང་བ་མ་བཀོད་པ་ནི་ཅིག་ཀྱང་མེད་དོ། །འདིར་སྨྲས་པ། བྱང་ཆུབ་སེམས་དཔའ་དྲང་སྲོང་རྔ་བོང་གིས། འཇིག་རྟེན་དོན་དུ་འཇིག་རྟེན་སྐྱོང་བ་རྣམས། །ཚངས་དང་དབང་པོར་བཅས་པ་མགུ་འགྱུར་བར། །ཡེ་ཤེས་མཐུ་ཡིས་འདིར་ནི་གསལ་བར་བྱས། །མཁའ་ལ་རབ་ཏུ་གསལ་བར་བཀྲམ་པ་ཡིས། །རྒྱུ་སྐར་བཟང་དང་བཅས་པའི་གོ་རིམ་རྣམས། །པད་མོ་རྒྱས་པའི་མཚོ་ལ་ངང་པ་བཞིན། །སྐྱེ་དགུ་རྣམས་ཀྱི་ལེགས་སྤྱོད་དོན་མཐོང་གྱུར། །ལྷའི་ཚོགས་ལ་ཐུབ་པས་ཉེར་བསྟན་ལ། །བྱེད་པོའི་ལས་ཀྱིས་བསྒྲུབ་པར་མངོན་ཞེན་པ། འདི་ན་ཀུན་ཏུ་ལམ་གོལ་ཞུགས་པ་སྟེ། །འདི་ནི་ཕན་བྱེད་ཡེ་ཤེས་མཐུ་ལས་ནི། །གཞན་གྱུར་རྣམས་ལ་རེ་ཞིག་བྱུང་བ་ཡིན། དེ་ལྟར་དྲང་སྲོང་རྔ་བོང་གིས་བསྟན་པ་ལ། ཚངས་པ་དང་བརྒྱ་བྱིན་དུ་བཅས་པ་འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་། ཕྱག་བྱས་ཏེ། རྗེས་སུ་ཡི་རང་པར་གྱུར་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་རྣམས་ནི་འཇིག་རྟེན་ཐམས་ཅད་ལ་སྟོན་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བདག་ཅག་གི་སྟོན་པ་འདི་ནི་སྔོན་ཡང་དེ་ལྟ་བུའི་མཁྱེན་པ་དང་ལྡན་ཅིང་ལྷ་དང་། དྲང་སྲོང་ཐམས་ཅད་ལ་མགུ་བར་བྱེད་པ་ཡིན་ན། མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་སྨོས་ཀྱང་ཅི་དགོས། ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །རྔ་བོང་གི་སྐྱེས་པའི་རབས་ཏེ་དགུ་བཅུ་དྲུག་པའོ།། །།སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་སྟོབས་ཐོབ་པ་རྣམས་ནི་བག་ཡོད་པ་དང་ཐབས་མཁས་པ་ཆེན་པོའི་གོ་ཆ་བགོས་ཏེ། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བའི་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་བག་ཡོད་པ་ལྷུར་ལེན་ཅིང་སེམས་ཅན་རྣམས་ཀྱི་དོན་ཡོངས་སུ་སྤྱོད་པ་ཞིག་བྱུང་བར་གྱུར་ཏོ། །ཞེས་གྲགས་སོ། །ས་བདག་དེ་ནི་ཡོན་ཏན་གྱིས་མཐོ་ཞིང་། རིགས་གཟུགས་ལོངས་སྤྱོད་ཚེ་དང་ནད་མེད་དང་། །ངག་དབང་ཤེས་རབ་རི་བདུན་རྣམས་ཀྱིས་བསྐོར། །རང་གི་ཡོན་ཏན་རིན་ཆེན་ཚོགས་ཀྱིས་ཕྱུག །སྙིང་རྗེའི་མུ་ཁྱུད་ཀྱིས་ནི་བརྒྱན་བྱས་པས། །ཡོན་ཏན་རྒྱ་མཚོས་དེའི་རྒྱུད་གང་ཞིང་། །དཔག་མེད་འབྱུང་པོ་རྣམས་ཀྱི་རྟེན་དུ་བྱུང་། །དེ་བས་འདིར་ནི་མིང་ནི་དོན་བཞིན་གྱུར། །དེ་ཡི་ལས་ཀྱི་བྱ་བ་ཇི་སྙེད་པ། །བག་ཡོད་བརྟན་པས་ཆོས་དང་འགལ་མི་བྱེད། དེ་ལྟར་སའི་བདག་པོ་རྒྱལ་པོ་མུ་ཁྱུད་དེ་གཞན་དུ་སྦྱངས་པའི་མཐུས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ། ཆོས་འདི་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ་འདས་པའི་དུས་ནའང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། །ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་ན་འང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་དུས་གསུམ་མཉམ་པ་ཉིད་ལ་བརྩོན་པར་གྱུར་ཏོ། །དེས་སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་རྣམ་པ་བཞིས་ཕྱིན་ཅི་ལོག་ཏུ་གྱུར་པ་མཐོང་ཏེ། ཀྱེ་མ་འཇིག་རྟེན་པ་འདི་རྣམས་ནི་ཕུང་བར་གྱུར་ཏོ། །མི་སྡུག་པ་ལ་སྡུག་པར་འདུ་ཤེས་ལ། །སྡུག་བསྔལ་བ་ལ་བདེ་བར་རབ་རྟོག་ཅིང་། །མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག །བདག་མེད་པ་ལ་བདག་ཏུ་ཞེན་གྱུར་པས། །འཆིང་བ་དམ་པོས་བཟུང་བའི་ཉ་བཞིན་དུ། འཇིག་རྟེན་གནས་པ་འདི་ནི་མ་རུངས་གྱུར། དེ་བས་ན་ཅི་ནས་བདག་གིས་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་དྲངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ལ་སྦྱར་བར་བྱའོ་སྙམ་སྟེ། དེས་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་ཐོག་མར་འཛམ་བུའི་གླིང་དུ་གནས་པའི་སེམས་ཅན་རྣམས་ལ་སྦྱིན་པའི་དངོས་པོ་ཅི་དང་ཅི་འདོད་པ་རྣམས་ཀྱིས་ཚིམ་པར་ནི་བྱས། ངག་སྙན་པ་རྣམས་ཀྱི་ནི་སྐྱེ་བོ་རྣམས་བག་ཚ་བ་མེད་པར་ནི་གྱུར། དོན་བྱ་བ་དེས་རབ་ཏུ་མགུ་བས་རྒྱུད་རྣམ་པར་དག་པར་ནི་བྱས། དེ་རྣམས་ཀྱང་རྒྱལ་པོ་ཆེན་པོ་མུ་ཁྱུད་ལ་བླ་མར་སེམས་པར་གྱུར་པས། སྐྱེ་བོའི་ཚོགས་རྣམས་ལ་རྗེས་སུ་བསྟན་པ། ཆོས་རྣམས་ཐམས་ཅད་རང་བཞིན་སྟོང་པས་ཏེ། །དུས་གསུམ་མཉམ་པ་ཉིད་སྟོང་པའི་ཕྱིར། །འདས་པ་གང་ཡིན་དེ་ནི་འགགས་ཤིང་ཞི། །མ་འོངས་པ་དག་སྐྱེས་པ་ཡོད་མ་ཡིན། །ད་ལྟར་བྱུང་བ་ངོ་བོས་དག་པ་སྟེ། །དེ་ལྟར་བློ་ཡིས་བཏགས་པ་རྣམས་སྟོང་པས། །ཆོས་རྣམས་ཐམས་ཅད་རང་བཞིན་མཉམ་པ་ཉིད། །འདི་ལ་རྐྱེན་གྱི་སྣང་བ་ཐམས་ཅད་དང་། །སྒྱུ་མའི་རང་བཞིན་ཇི་ལྟར་སྣང་བར་མཚུངས། །སྒྱུ་མ་དེ་ཡང་དངོས་པོར་གྲུབ་མིན་པས། ཆོས་འདི་རྣམས་ནི་དེ་ལྟར་ཤེས་པར་གྱིས། ཞེས་བྱ་བ་ལ་སོགས་པས་ཆོས་བསྟན་པས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ལྟ་བུའི་རྨད་དུ་བྱུང་པའི་སྤྱོད་པ་དེ་ལྷ་རྣམས་ལ་རིམ་པར་རྒྱུད་པ་ལས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡིད་ལ་ཡ་མཚན་ཆེ་བར་གྱུར་ནས། ཆོས་བཟང་ལྷའི་འདུན་སར་འདུས་པའི་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ། ཐབས་མཁས་པས་ཕྱིན་ཅི་ལོག་མེད་པར་ཡང་དག་པར་བརྟེན་པའི་ཆོས་ཀྱི་རྒྱལ་པོ་མུ་ཁྱུད་ཀྱིས་ཟིན་པའི་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ། །ཞེས་གླེང་བར་གྱུར་ཏོ། །བར་སྐབས་དེར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན། ཆོས་བཟང་ག་ན་བ་དེར་དོང་སྟེ། བདག་ཉིད་ཀྱི་སྟན་ལ་འདུག་ནས་ལྷ་རྣམས་ལ་སྨྲས་པ། ཁྱེད་རྣམས་ད་ལྟར་ཅི་ཞིག་གླེང་། དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱིས་ཞེ་ས་དང་བཅས་པས་གསོལ་བ། ལྷའི་དབང་པོ་བདག་ཅག་རྣམས། །ཆོས་བཟང་ལྷའི་འདུན་ས་འདིར། །འདི་ལྟ་བུ་ཡི་གླེང་མོ་དག །གཏམ་དུ་བརྗོད་པ་བཞིན་དུ་གྱུར། །གང་ན་ཕྱིན་ཅི་ལོག་དུ་གྱུར་པ་ཡི།་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པའི། །ལམ་ཡངས་དྲི་མ་མེད་པ་མངོན་སྟོན་པ། ས་བདག་མུ་ཁྱུད་འདི་ཡིས་རྗེས་བཟུང་བ། །མི་རྣམས་རྙེད་པ་ལེགས་པར་རྙེད་པའོ། །ཞེས་པའི་གཏམ་འདི་གླེང་པའི་སྐབས་སུ་མཆིས། བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་རྒྱལ་པོ་མུ་ཁྱུད་དེ་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ན། ཁྱེད་རྣམས་རྒྱལ་པོ་མུ་ཁྱུད་འདིར་འོངས་ཞིང་ལྟ་བར་འདོད་དམ་མི་འདོད། ལྷ་རྣམས་ཀྱིས་གསོལ་པ། ལྷའི་དབང་པོ་བདག་ཅག་རྣམས་རྒྱལ་པོ་མུ་ཁྱུད་འདིར་མཆིས་ཏེ། མཐོང་བར་འཚལ་ལགས་སོ། །དེ་ནས་ལྷའི་དབང་པོས་ཁ་ལོ་བསྒྱུར་བ་མ་ཏི་ལི་ལ་སྨྲས་པ། མ་ཏི་ལི་ཁྱོད་ཀྱིས་ལྷའི་ཤིང་རྟ་རྩིབས་སྟོང་དང་ལྡན་པ་ཁྲི་ལ་རྒྱལ་པོ་མུ་ཁྱུད་ག་ལ་བ་དེར་སོང་ལ་འདི་སྐད་ཅེས་གྱིས་ཤིག །རྒྱལ་པོ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་དཀྲིས་ཏེ་མཆིས་ལགས་ན་རྒྱལ་པོ་ཆེན་པོ་མྱུར་བ་འདི་ལ་ལེགས་པར་བཅིབས་སུ་གསོལ། ཁྱེད་ནི་སུམ་ཅུ་རྩ་གསུམ་པ་རྣམས་མཐོང་བར་འཚལ་ཞེས་མཆིའོ། །ཞེས་གྱིས་ལ་གཞན་ཡང་རྒྱལ་པོ་ཆེན་པོ་ལམ་གང་ལ་གཤེགས་པར་བགྱི། ཕྱིན་ཅི་ལོག་དུ་གྱུར་པ་མཆིས་པའི་ལམ་ནས་བཞུད་དམ། ཕྱིན་ཅི་མ་ལོག་པ་མཆིས་པ་རྣམས་ཀྱི་ལམ་ནས་བཞུད་ཅེས་བགྱིས་ཤིག །ལེགས་སོ་ཞེས་སྨྲས་ནས་ཁ་ལོ་བསྒྱུར་བ་མ་ཏི་ལི། ལྷའི་དབང་པོ་ལྟར་མཉན་ཏེ། འཛམ་བུའི་གླིང་དུ་སོང་ནས་སྔ་མ་བཞིན་དུ་གསོལ་པ་དང་། རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་བསྒྱུར་བ་མ་ཏི་ལི་ལ་སྨྲས་པ། གང་ན་ཕྱིན་ཅི་ལོག་གནས་དང་། །གང་ན་ཕྱིན་ཅི་མ་ལོག་པ། །གནས་པའི་ས་དེ་གཉིས་ཀ་ནས། དྲངས་ཏེ་སོང་ཞིག་མ་ཏི་ལི། །དེ་ནས་ཁ་ལོ་བསྒྱུར་བ་མ་ཏི་ལིས། །གང་ན་ཕྱིན་ཅི་ལོག་དུ་གྱུར་པ་རྣམས་ཀྱི་ཕྱིན་ཅི་ལོག་གི་ལམ་དང་། ཕྱིན་ཅི་ལོག་མེད་པ་རྣམས་ཀྱི་ཕྱིན་ཅི་ལོག་མེད་པའི་ལམ་དེ་གཉིས་ག་ནས་དོང་པ་ལས། རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་བསྒྱུར་བ་ལ་སྨྲས་པ། ཁ་ལོ་བསྒྱུར་བ་མ་ཏི་ལི། །ཤིང་རྟ་ཡུད་ཙམ་སྡོད་ཅིག་དང་། །གང་ན་ཕྱིན་ཅི་ལོག་གྱུར་པའི། ས་དེ་རེ་ཞིག་ལྟ་བར་བྱ། དེ་ནས་མ་ཏི་ལིས་ཤིང་རྟ་ཇི་སྲིད་ཐོགས་པར་བྱས་པ་དེའི་བར་ལ་རྒྱལ་པོ་མུ་ཁྱུད་ཀྱིས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལ་བཀོད་པར་གྱུར་ཏེ། འདི་ལྟར་བག་ཡོད་པ་དང་། མངོན་པར་ཤེས་པ་ཐོབ་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཁ་ལོ་བསྒྱུར་བ་མ་ཏི་ལིས་ནི། རྒྱལ་པོ་མུ་ཁྱུད་ཀྱིས་ལས་ཅི་བྱས་པ་ཡང་ཤེས་པར་མ་གྱུར་ཏེ། མཁས་པའི་བདག་ཉིད་མཐུ་སྟོབས་ཐོགས་པ་མེད་པ་རྣམས། །སྐད་ཅིག་ལ་ཡང་དཔག་མེད་འགྲོ་བའི་བསྒྲིབ་པ་དག །གསལ་ཞིང་བྱང་ཆུབ་ཐར་ལམ་དྲི་མ་མེད་སྟོན་པ། །ཉི་མའི་དཀྱིལ་འཁོར་མུན་པ་སེལ་ཞིང་ཤར་བ་བཞིན། །འདི་འདྲའི་མཐུ་ཆེན་སྲིད་ན་ནམ་ཡང་ཡོད་མིན་པས། །ལྷ་རྣམས་ཀུན་གྱིས་མཆོག་ལ་ཡ་མཚན་ཅི་ཞིག་ཡོད། དེ་ནས་རྒྱལ་པོ་མུ་ཁྱུད་རི་རབ་ཀྱི་ཁར་ཕྱིན་ནས། ནགས་ཚལ་མཐུག་པོ་རྣམ་པ་ཐམས་ཅད་དུ་སྔོ་བ་མཐོང་ཏེ། མ་ཏི་ལི་ལ་སྨྲས་པ། སྤྲིན་ཆེན་སྤུངས་པ་བཞིན་དུ་ལྷུན་སྟུག་ཅིང་། །རྒྱ་མཚོའི་དུམ་བུ་ལྟ་བུར་རབ་ཏུ་སྔོ། །ནོར་བུ་ལྟ་བུར་གསལ་ཞིང་སྣུམ་གྱུར་པ། །ནགས་ཚལ་མེ་ཏོག་ཚོགས་ཀྱིས་བཀྲམ་བྱས་པ། །འདི་ནི་ཕྱིན་ཅི་ལོག་དང་བྲལ་གྱུར་པའི། །སེམས་ཅན་རྣམས་ཀྱི་གནས་སུ་གྱུར་པར་ངེས། མ་ཏི་ལིས་སྨྲས་པ། འདི་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཆོས་བཟང་ལྷའི་འདུན་ས་ཞེས་བགྱི་བ་ལགས་པས་རྒྱལ་པོ་ཆེན་པོ། ཐགས་ཐོགས་མ་མཆིས་པར་བཞུད་ཅིག །ལྷ་ཐམས་ཅད་ཀྱང་འདིར་འདུས་ཏེ་མཆིའོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཆོས་བཟང་ག་ན་བ་དེར་ཕྱིན་པར་གྱུར་ཏོ། །འདི་ནི་ཆོས་ཉིད་ཡིན་ཏེ། ལྷ་རྣམས་ལོངས་སྤྱོད་དགའ་སྟོན་རྒྱས་གྱུར་པས། །མེ་ཏོག་འཕྲེང་ཐོགས་རོལ་མོའི་སྒྲ་སྒྲོགས་ཤིང་། །གླུ་གར་སྙན་པ་རབ་ཏུ་མཛེས་པ་ཡིས། །ས་བདག་དེ་ནི་གུས་པས་བསུ་བྱེད་པ། །རྒྱ་མཚོའི་དུས་ཚིགས་རླབས་ཀྱི་འཕྲེང་བ་བཞིན། །མ་འཁྲུགས་དལ་ཞིང་མངོན་དུ་ཕྱོགས་པར་གྱུར། དེ་ཚེ་ལྷའི་དབང་པོ་ཡིས། བདག་ཉིད་ཆེ་དེ་འོང་རིག་ནས། བག་ཡོད་བསྟན་པའི་རྒྱལ་དེ་ལ། །གུས་པས་རང་གི་རིན་ཆེན་ཁྲི། ནོར་བུའི་སྙིང་པོ་ལས་གྲུབ་པ། །ཀ་ཙ་ལིནྡ་ཀས་གཡོགས་པ། །དེ་ཡང་དགའ་བཞིན་བཏབ་པར་གྱུར། དེ་ནས་རྒྱལ་པོ་མུ་ཁྱུད་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ །འདུག་ནས་ཀྱང་ལྷའི་དབང་པོས་དགའ་བ་དང་ལྡན་པའི་གཏམ་བྱས་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་འཇིག་རྟེན་དུ་བཞག་པ་ནི། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་ནས་ལྷའི་དབང་པོས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག །མི་དབང་རྒྱལ་པོ་འདི་ནི་ཐབས་ལ་མཁས་ཤིང་། བསམ་གྱིས་མི་ཁྱབ་མཐུ་དང་ལྡན་པ་སྟེ་འདི་ལྟར་ལམ་འདི་སྐད་ཅིག་ཡུད་ཙམ་ལ། སྲོག་ཆགས་བྱེ་བ་ཕྲག་ནི་བརྒྱད་ཅུ་རྣམས། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱས། །ཨེ་མའོ་མཐུ་ཆེན་ཁྱད་པར་འདི་ལ་ལྟོས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་མུ་ཁྱུད་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ནས། སླར་ཡང་རྒྱལ་པོ་ཆེན་པོ་མུ་ཁྱུད་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བདག་ནི་ཕྱིར་འཛམ་བུའི་གླིང་དུ་འགྲོ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དེར་སོང་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་བཟུང་བར་བྱའོ། །གཞན་ཡང་འཇིག་རྟེན་མི་རྟག་སྙིང་པོ་མེད་པ་སྟེ། །བྱིས་པའི་བློ་ཅན་བདག་ཏུ་རྟོག་པ་རྣམས། །སྲིད་པ་ཀུན་ཏུ་སྡུག་བསྔལ་རྟག་ཏུ་རྨོངས། །ཟོ་ཆུན་རྒྱུན་ལྟར་ཡང་ནས་ཡང་དུ་འཁོར། །ལྷའི་བདེ་བ་དཔག་མེད་སྔོན་མྱོང་ཞིང་། །ཡང་སྲིད་འཁྱམས་པས་ལེགས་པར་ཚིམ་པར་གྱུར། །ད་ནི་བག་ཡོད་ཐབས་ལ་མཁས་པ་ཡིས། །བག་མེད་རྣམས་ཀྱི་དོན་ཕྱིར་འཇིག་རྟེན་དུ། །གནས་པ་ལྷ་དབང་ལེ་ལོ་བྱར་མི་རུང་། །བདག་ནི་འཛམ་བུའི་གླིང་དུ་འགྲོ་བར་འདོད། དབང་པོ་ཁྱེད་ཀྱིས་ལྷའི་སྲིད་པ་དག །བག་མེད་འདོད་པ་ཆོག་མི་ཤེས་པ་ཡི། །ལྷ་མོ་རྣམས་དང་མྱོས་པས་དུས་འདའ་བ། །བཟློག་ཏེ་ཐར་ལམ་མཆོག་ལ་འགོད་པར་མཛོད། དེ་ལྟར་སྨྲས་པར་མངོན་ཏེ། དེ་ལ་བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་གང་གི་དུས་ལ་བབ་པར་མཁྱེན་ན་བཞུད་ཅིག །དེ་ནས་རྒྱལ་པོ་མུ་ཁྱུད་ཕྱིར་འཛམ་བུའི་གླིང་དུ་ཕྱིན་ནས། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། ཐབས་མཁས་པ་ལ་ཤིན་ཏུ་བསླབས་པས། སེམས་ཅན་དཔག་ཏུ་མེད་པ་དག་སངས་རྒྱས་ཀྱི་བསྟན་པ་ལ་བཏུལ་བར་གྱུར་ཏོ། །འཇིག་རྟེན་ན་ནི་སེམས་ཅན་རྣམས། །ཡུལ་ལ་མྱོས་པའི་ཀུན་རྟོག་གིས། དྲངས་ཏེ་བཟང་པོའི་རེག་པ་ལའང་། །དབང་མེད་འཁྲུལ་པ་ལྟ་བུར་བྱེད། །རྒྱལ་སྲས་བག་ཡོད་ལྡན་སྤྱོད་པ། །བརྒྱ་བྱིན་བདེ་བ་དྲི་མེད་ལ། །མི་གཙང་དོང་བཞིན་རྟེན་མི་བྱེད། །གཏི་མུག་མུན་པ་འདིས་མཚར་བྱས། །གཞན་དོན་འཁུར་ཆེན་མགོ་ལ་འཁྱེར་བ་རྣམས། །འགྲོ་ལ་ཕན་ཕྱིར་དམྱལ་བའི་མེ་དོང་ལ། པད་མའི་མཚོ་ལ་ངང་པ་བཞིན་དུ་འཇུག །ཉིད་ཀྱི་དབུ་བཅད་དགྱེས་པའི་སྤྱན་གྱིས་བལྟ། །བག་མེད་བདེ་བ་འདོད་པའི་རྨོངས་པ་དག །ཚིག་རྩུབ་རེག་པ་ཅིག་ནི་སྤང་འདོད་པས། །དམྱལ་བའི་མེ་དོང་དབང་མེད་བདེ་བ་བཅོམ། །གཞན་གྱི་བདེ་ལ་ཡིད་སྨིན་བཞིན་དུ་ལྟ། །ཀྱེ་མ་སྲིད་འདི་བག་མེད་ཉིས་བརྒྱས་བཅོམ། །དམ་པ་རྣམས་ནི་དེ་ལས་བཟློག་པ་སྙམ། དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་ཅིང་རང་དང་གཞན་གྱི་དོན་བདེ་བླག་དུ་འགྲུབ་པར་འདོད་བས་བག་ཡོད་པ་ལ་གནས་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མངོན་དུ་བྱས་པ་རྣམས་ཀྱི་དོན་བྱ་བ་བསམ་གྱིས་མི་ཁྱབ་བོ་ཞེས་ཐབས་མཁས་པའི་ཕན་ཡོན་བསྔགས་པ་དང་། སངས་རྒྱས་ཀྱི་ཆེ་བ་བསྟན་པ་ལ་ཡང་བརྗོད་པར་བྱའོ། །མུ་ཁྱུད་ཀྱི་སྐྱེས་པའི་རབས་ཏེ་དགུ་བཅུ་བདུན་པའོ།། །།སྐྱེས་བུ་དམ་པ་རྣམས་ནི་ལོག་པར་ལྟ་བའི་སེམས་ཅན་རྣམས་ལ་སྙིང་རྗེའི་ཆེན་པོའི་ཤུགས་ཀྱིས་ཁྱད་པར་དུ་ཡང་བརྩོན་པ་དང་ལྡན་པས་ཡང་དག་པའི་ལྟ་བ་ལ་སྦྱོར་བར་མཛད་དོ། །དེ་ཡང་འདིས་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་ན། སྣང་བ་འཆང་བ་ཞེས་བྱ་བའི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་འདི་ཉིད་དུ་སྐྱེས་དགུ་ཚེ་ལོ་བརྒྱ་སྟོང་ཐུབ་པ་རྣམས་ཀྱི་དུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཞི་སྤོས་སྣང་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་རྣམས་ལ་ཐེག་པ་གསུམ་དང་ལྡན་པའི་ཆོས་སྟོན་ཏོ། དེའི་ཚེ་རྒྱལ་པོ་ཨུཏྤ་ལའི་གདོང་ཅེས་བྱ་བ་ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པ་སྐྱོང་པར་བྱེད་པ་བྱུང་ངོ་། །དེས་སྐྱེ་བའི་ལས་ཡོངས་སུ་རྫོགས་ནས་བདག་ཉིད་ཀྱིས་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་རྣམ་པ་བདུན་པོ་ཡང་ཐོབ་པར་གྱུར་ཅིང་། འཛམ་བུའི་གླིང་དུ་གནས་པའི་སྐྱེ་བོ་ཐམས་ཅད་སའི་བདག་པོ་དེའི་དཔལ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པར་གྱུར་ཏོ། །ས་བདག་དེ་ནི་སྔོན་དུ་སྦྱངས་པའི་མཐུས། སྦྱིན་དང་དུལ་དང་སྡོམ་པའི་རང་བཞིན་དང་། ཡོངས་སུ་སྦྱངས་ཤིང་བློ་ནི་དག་གྱུར་པས། །ཅིག་དུ་ཆོས་ཀྱིས་དོན་ལ་རབ་ཏུ་བརྩོན། །མཚན་རྣམས་ཀུན་གྱིས་ལུས་བརྒྱན་རྣམ་པར་མཛེས། །གཟའ་སྐར་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་བཞིན། །དག་ཅིང་ཡོན་ཏན་ཚོགས་ཀྱིས་རབ་ཏུ་བཀྲ། །དེ་ནི་སྙིང་རྗེའི་སྤྲིན་ཕུང་གཡོ་བ་ཅན། །རྗེས་སུ་བསྟན་པའི་ཚིག་གི་ཆར་རྒྱུན་གྱིས། །སྐྱེ་བོའི་སྙིང་གི་གཞི་ལ་ལེགས་ཕབ་པས། །དགེ་བའི་ཚོགས་རྣམས་བསྐྲུན་པར་བྱེད་པ་བཞིན། དེ་བས་འདིར་ནི་འཇིག་རྟེན་གཙོ་བོར་གྱུར། དེ་ལྟ་བུའི་རྒྱལ་པོ་ཆེན་པོ་དེ་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པར་གྱུར་དུ་ཟིན་ཀྱང་། འཇིག་རྟེན་ཐམས་ཅད་མི་རྟག་ཅིང་སྙིང་པོ་མེད་པ་ཚུལ་མངོན་དུ་གྱུར་པས་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཉེ་བར་གནས་པས་ཐམས་ཅད་མཁྱེན་པའི་གོ་འཕང་བརྩམ་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་ལ་བདག་ཉིད་ཀྱི་བཙུན་མོའི་འཁོར་དང་། བུ་དང་ཁམས་ཀྱི་རྒྱལ་བྲན་དང་། བློན་པོ་དང་སྐྱེ་བོའི་ཚོགས་ཆེན་པོ་དང་བཅས་པ་ཐམས་ཅད་ཆོས་མཉན་ཞིང་མཆོད་པའི་ལས་ལ་ཀུན་ཏུ་བརྩོན་པ་ཆེར་བྱེད་དོ། །དེ་ནས་དུས་གཞན་ཞིག་གི་ཚེ་དེ་བཞིན་གཤེགས་པའི་ཆོས་བསྟན་པའི་མཐུས། བཙུན་མོ་དམ་པ་ལྷ་མཛེས་ལ་སོགས་པའི་བུ་མེད་བརྒྱད་ཁྲི་བཞི་སྟོང་རྣམས་བུད་མེད་དུ་སྐྱེ་བའི་ལས་ཀྱི་བསྒྲིབ་པ་བྱང་བར་གྱུར་ཏེ། ཐམས་ཅད་ཀྱང་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཨུཏྤ་ལའི་གདོང་ཉིད་ཀྱི་བུ་ཐུ་བོ་རྒྱལ་སྲིད་ལ་བཞག་ནས་བདག་ཉིད་དང་བུ་སྟོང་དུ་ཅིག་གིས་མ་ཚང་བ་དང་། སྐྱེས་བུ་ལྷ་མཛེས་ལ་སོགས་པ་བརྒྱད་ཁྲི་བཞི་སྟོང་དང་གཞན་ཡང་སྲོག་ཆགས་དགུ་ཁྲི་ཉིས་སྟོང་དང་བཅས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཚངས་པ་སྤྱད་པ་སྤྱོད་པར་གྱུར་ཏོ། །འདིར་སྨྲས་པ། ཐུགས་རྗེ་ཆེ་ལྡན་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྟོབས་ཀྱང་དཔག་མེད་ལ། །རྒྱལ་བའི་སྲས་རྣམས་རྨད་དུ་བྱུང་པའི་ཡོན་ཏན་སྟོབས་ཀྱང་དཔག་མེད་དོ། །ལུས་འདི་ཉིད་ལ་ལས་ཀྱི་མཐུ་བཅོམ་སྦྲུལ་གྱི་ཤུན་པ་རྗེས་པ་ལྟར། །དམན་པའི་ལུས་ལས་དག་པའི་ལུས་སུ་གྲུབ་པར་གྱུར་འདིའང་རྨད་དུ་བྱུང་། །འདི་ན་བག་མེད་ཀུན་ཏུ་རྨོངས་པས་སྲིད་པའི་རྒྱ་མཚོར་ལྷུང་པ་རྣམས། །རྨི་ལམ་བདེ་བ་སྐད་ཅིག་ཙམ་ལའང་སད་ཀྱང་ཀུན་ཏུ་རྟོག་པར་བྱེད། །བློ་གྲོས་ལྡན་རྣམས་རྒྱལ་སྲིད་དཔལ་ཡང་ཆགས་མེད་མཆིལ་མ་ལྟར། །འདོར་བར་བྱེད་ཅིང་རྒྱལ་བའི་བསྟན་ལ་རྨད་བྱུང་སྤྱད་པ་སྤྱོད་པར་གྱུར། དེའི་ཚེ་ཡོངས་སུ་མ་སྨིན་པའི་སྲོག་ཆགས་བྱེ་བ་མང་པོ་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་དགེ་སྦྱོང་འདི་དག་ནི་བདུད་ཀྱི་ལས་ལ་བརྩོན་པ་སྟེ་གཡོ་སྒྱུ་ཅན་དུ་སྒྱུ་མས་གཞན་བསླུ་བར་བྱེད་པ་བུད་མེད་ཀྱི་དབང་པོ་དག་མི་སྣང་བར་བྱེད་ཅིང་འགྱུར་བ་ལྟར་འཆོས་པ། ལ་ལ་ནི་ལྷར་ལུང་སྟོན། ལ་ལ་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་ལུང་སྟོན། ལ་ལ་ནི་ཤི་འཕོས་ནས་སྐྱེ་བ་མེད་པར་ལུང་སྟོན་ཏེ། དགེ་སྦྱོང་འོད་ཞི་སྤོས་སྣང་དཔལ་དེ་དགེ་སྦྱོང་གི་གཟུགས་ཀྱིས་རབ་ཏུ་བསླུ་བར་བྱེད་པ་ཡིན་གྱིས། བདག་ཅག་འདི་ནས་དོང་སྟེ། དེའི་གཟུགས་དང་རྟགས་འཛིན་པ་ཡང་མི་མཐོང་བ་དང་། དེའི་ཚིག་ཀྱང་མི་ཐོས་པའི་སར་འདོང་ངོ་ཞེས་གླེང་བར་གྱུར་ཏེ། ཤོར་བ་གཞོན་ནུའི་ཚུལ་ཅེས་བྱ་བ་ཞིག་ཡོད་པ་དེས་ལོག་པར་ལྟ་བའི་སྲོག་ཆགས་དེ་དག་ཡོངས་སུ་བསྡུས་ནས། གང་ན་རི་ཁྲོད་ཉམས་ང་བ་མཐའ་འཁོབ་ཀྱི་གནས་ཡོད་པ་དེར་སོང་པར་གྱུར་ཏེ། ཤོར་བ་གཞོན་ནུའི་ཚུལ་དེས་སེམས་ཅན་དེ་དག་ལ་འདི་སྐད་དུ། དྲང་སྲོང་གི་ཆ་ལུགས་བཟུང་ནས་སྟོན་པར་བྱེད་དོ། །ཀྱེ་ཤེས་ལྡན་དག་འཁོར་བ་ལས་ཐར་བ་ཡང་མེད། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་ན། དགེ་སྦྱོང་འོད་ཞི་སྤོས་སྣང་དཔལ་འདི་ནི་འདི་ལྟ་བུའི་ཚུལ་དུ་སྟོན་ཏེ། དེས་ནི་བུད་མེད་དབང་པོ་བསྒྱུར་བྱེད་ཅིང་། །སྐྲ་བྲེགས་ཚོས་ཅན་གོས་ནི་སྐོན་བྱས་ནས། །སྣ་ཚོགས་འདོད་དང་དགའ་བ་རྒྱུན་གཅད་དེ། །གླུ་གར་གླིང་བུ་རྩེ་འཇོའི་ཚོགས་རྣམས་དང་། ཆང་གི་བཏུང་པ་དུས་ཀྱི་ཟས་བཅད་དེ། །སྣ་ཚོགས་སྒྱུ་ཡིས་འབྲིད་པར་བྱེད་འགྱུར་བ། །འདི་འདྲ་སྔོན་ཆད་བདག་གིས་མ་ཐོས་ཏེ། །འདི་ནི་དགྲ་བོ་མངོན་སུམ་གྱུར་པ་ཡིན། ཞེས་བྱ་བ་ལ་སོགས་པས་སེམས་ཅན་རྣམས་ལྟ་བ་ལོག་པ་འཛིན་པ་ལ་བཀོད་པར་གྱུར་ཏོ། །དེ་ལྟ་བུའི་ཚུལ་དེ་དག་དགེ་སློང་ཆེན་པོ་ཨུཏྤ་ལའི་གདོང་གིས་ཐོས་པ་མཐའ་འཁོབ་ཀྱི་རི་ཁྲོད་ན་ཁ་ཅིག་བདག་ཉིད་ཀྱང་ལམ་ངན་པ་ལ་ཞུགས་ཤིང་གཞན་ཡང་ལྟ་བ་མི་བཟང་པ་འཛིན་དུ་བཅུག་ཏེ། དཀོན་མཆོག་གསུམ་ལ་མི་སྙན་པ་སྒྲོགས་སོ། །ཞེས་ཐོས་ནས། དགེ་སྦྱོང་ཆེན་པོ་དེ་འདི་སྙམ་དུ་སེམས་སོ། །ཀྱེ་མའོ་འཇིག་རྟེན་སྐལ་ཉམས་རྣམས། །ལོག་པའི་ལམ་དུ་ཞུགས་པར་གྱུར། །ཐུགས་རྗེ་མཆོག་མངའ་རྒྱལ་བས་ཀྱང་། །ཀུན་ཏུ་གདུལ་བར་མི་ནུས་པའི། འགྲོ་བ་དག་ཀྱང་ཡོད་པ་ལྟ། །ཅི་ནས་བདག་གིས་ལྟ་ངན་འདི་དག་ཀུན། །གཏི་མུག་རྒྱ་མཚོར་ལོག་པའི་ཆུ་སྲིན་གྱིས། ཟིན་པ་ཡིད་ལ་བཟློག་པར་མ་ནུས་ན། །བདག་གིས་རྒྱལ་བའི་རྗེས་སུ་མ་བསྒྲུབས་ཤིང་། །དགེ་སྦྱོང་གྱུར་པ་དོན་མེད་ཉིད་དུ་ཟད། མ་འོངས་དུས་ན་ཡེ་ཤེས་མིག་ལོང་གྱུར་པ་རྣམས། །ཐར་བར་བྱ་ཕྱིར་རྒྱལ་བའི་ཡེ་ཤེས་མིག་སྦྱིན་ཅིང་། །བདུད་བཞི་ཞགས་པས་བཅིངས་པའི་འགྲོ་རྣམས་ཐར་བྱེད་པ། །མཐུ་ལྡན་རྫོགས་པའི་བྱང་ཆུབ་ཅི་ལྟར་རྫོགས་པར་བྱ། །གཞན་ཡང་ལམ་གོལ་ཞུགས་པའི་འགྲོ་བ་རྣམས། །སྙིང་རྗེ་ཅན་གྱིས་མ་བཟློག་ན། །ངན་འགྲོའི་ངམ་གྲོག་འཇིགས་རུང་བར། །ལས་ཀྱི་ཆོམས་རྐུན་མ་རུངས་པར། །སྲེད་པའི་ཞགས་པས་རབ་བཅིངས་ཏེ། །ཐར་པའི་སྲོག་དང་བྲལ་གྱུར་ན། །རྨད་བྱུང་སྤྱོད་པའང་ཇི་ལྟར་འགྱུར། །དེ་ནས་ཅི་ནས་བདག་གིས་ནི། །ལུས་སྐམ་ཞིག་པར་གྱུར་ཀྱང་རུང་། །ཉམ་ང་འདི་ལས་ཐར་བར་བྱ། །ད་ནི་བརྩོན་པར་བྱ་བའི་རིགས། འདི་སྙམ་དུ་གྱུར་ནས་དེ་ནས་དགེ་སྦྱོང་ཆེན་པོ་ཨུཏྤ་ལའི་གདོང་བརཏལ་པ་ཆེ་ཞིང་བསྟན་པ་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ལ་ཞུས་ཏེ། སྲོག་ཆགས་བརྒྱ་སྟོང་དུ་མས་བསྐོར་ཞིང་མདུན་དུ་བདར་ནས་མཐའ་འཁོབ་ཀྱི་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་བྲག་ཉམ་ང་བའི་གནས་དེ་དང་དེ་དག་དུ་ཕྱིན་པར་གྱུར་ཏོ། །གང་ན་ཕལ་གྱིས་བགྲོད་དཀའ་བར། །ཉམ་ང་གཅོང་རོང་དུ་མའི་གནས། །ལྗོན་ཤིང་གེལ་པ་རང་རོད་ཅན། །གདོང་དུམ་ཚེར་མས་གང་བའི་གནས། །ཆུ་རྣམས་འུར་འུར་སྒྲ་འབྱིན་ཅིང་། །གཅན་གཟན་ཁྲོ་བོ་མང་པོས་གང་། །མཐའ་འཁོབ་དགོན་པ་དེ་དང་དེར། སྐྱབས་མེད་གྱུར་པའི་འགྲོ་བ་ལ། །སྙིང་རྗེའི་ཤུགས་ཀྱིས་ཡོངས་བསྐུལ་ནས། །གཞན་དོན་སྤྱད་པ་སྤྱོད་པར་གྱུར། །རྒྱལ་བའི་འཇིག་རྟེན་སྒྲོལ་མ་ཀུན་གྱི་གཉེན། །ཐུགས་རྗེའི་ཉི་མ་འཇིག་རྟེན་ཤར་གྱུར་ཀྱང་། །ལས་ཀྱི་མུན་ཁྲོད་ནག་པོའི་གཏིང་རུམ་དུ། །ལོག་པའི་བཤེས་གཉེན་དག་གིས་བཅིངས་བྱས་ཏེ། །ཚུལ་དང་མི་ལྡན་སྡུག་བསྔལ་གནས་གྱུར་པ། །དེ་དག་རྣམས་ལ་སྙིང་རྗེའི་བདག་ཉིད་རྣམས། །ལྷག་པར་བརྩེ་བའི་ཤུགས་ཀྱིས་ཉེར་དགོངས་ཏེ། །བདག་ཉིད་སྡུག་བསྔལ་ཆེན་པོའི་ཁུར་ཁྱེར་ནས། །གཞན་ལ་བདེ་བས་མཆོག་དུ་བདེར་སེམས་པ། །རྒྱལ་བའི་སྲས་རྣམས་མ་གཏོགས་གཞན་ལ་མེད། །དེ་བས་འདིར་ནི་སྤྱོད་པ་དཔལ་དང་ལྡན། །བླ་ན་མེད་གྱུར་འདི་ནི་མཚུངས་མེད་དོ། །དེ་ནས་དགེ་སློང་ཆེན་པོ་ཨུཏྤ་ལའི་གདོང་གིས་གང་ན་མཐའ་འཁོབ་ཏུ་གནས་པའི་སེམས་ཅན་སྐྱབས་དང་སྐྱོབ་པ་མེད་ཅིང་ལོག་པར་ལྟ་བའི་དུག་གིས་སྙིང་ཁེངས་པར་གྱུར་པའི་རྒྱུན་ཕྱོགས་སུ་ལྟས་པ་དེ་དག་ཐམས་ཅད་ཐབས་མཁས་པ་དེ་དང་དེ་དག་ཐམས་ཅད་ཀྱིས་བཏུལ་ཏེ་སྡིག་པའི་ལྟ་བ་ལས་བཟློག་ནས་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་ཅིང་། བླ་ན་མེད་པའི་བྱང་ཆུབ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཐེག་པ་ལ་རབ་ཏུ་བཀོད་ནས། ལ་ལ་ནི་རབ་ཏུ་བྱུང་། ལ་ལ་ནི་དགེ་བསྙེན་དང་སྦྱངས་པའི་ཡོན་ཏན་ལ་བཀོད། ལ་ལ་ནི་སྐྱབས་སུ་འགྲོ་བ་ལ་བཀོད་ནས། སྲོག་ཆགས་མང་པོ་གང་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་ལྟ་བ་ངན་པ་ལས་བཟློག་ནས་ཉེས་པ་རྣམས་བཤགས་སུ་བཅུག་ཅིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བཀོད་དེ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་ཉིད་ལ་ཕུལ་ནས་རབ་ཏུ་བྱུང་ངོ་། །དེ་ལྟ་བུའི་རྨད་དུ་བྱུང་བའི་སྤྱོད་ཚུལ་ཅན་དེ་ལ། གཞན་དག་གིས་སྨྲས་པ། ཨེ་མའོ་སྤྱོད་ཚུལ་རྒྱ་ཆེར་ལྡན། །དགེ་སློང་ཆེན་པོ་ཨུཏྤལ་གདོང་། །བརྩོན་པའི་མཐུ་དང་ལྡན་པ་ཏེ། སྣ་ཚོགས་སྡུག་བསྔལ་བཟོད་བྱེད་ཅིང་། །གཞན་དོན་སྤྱོད་པའི་བསམ་པ་ཅན། །དེ་ཡི་ལུས་དང་སེམས་ལ་དུབ་མེད་ཅིང་། །བདུད་ཀྱི་དབང་གྱུར་སྐྱེ་བོ་མ་རབས་རྣམས། །ལོག་ལྟའི་གཞུ་ལ་ཚིག་རྩུབ་མདའ་རྣམས་ནི། །ཀུན་ཏུ་དྲངས་ཏེ་འཕེན་པར་ཟད་པ་ཡང་། །མེ་ཏོག་འཕྲེང་བ་བཞིན་དུ་དང་དུ་ལེན། །དེ་ནི་བཟོད་པའི་གོ་ཆ་བརྟན་པོ་དང་། །བཅས་ཏེ་སྙིང་རྗེའི་གཞུ་རྣམས་ལེགས་བརྡུངས་ནས། ཆོ་འཕྲུལ་གསུམ་གྱིས་མདའ་རྣམས་འཕངས་པ་ཡིས། །འགྲོ་བའི་སྙིང་ལ་ལེགས་པར་ཕོག་གྱུར་ཏེ། །བདུད་བཞིའི་དམག་རྣམས་ཕམ་པར་བྱེད་པར་གྱུར། དེ་ལྟར་རྣམ་པ་དུ་མས་སེམས་ཅན་གྱི་དོན་བསྒྲུབས་པ་ལས། གཞན་འགྲོ་བ་དུ་མ་རྣམས་རབ་ཏུ་དད་པར་གྱུར་ཀྱང་། ཤོར་བ་གཞོན་ནུའི་ཚུལ་ཞེས་བྱ་བ་དེ་འདི་ལྟར་བྱང་ཆུབ་སེམས་དཔའ་ལ་ལྷག་པར་ཡང་ཞེ་སྡང་ཞིང་འཁོན་དུ་འཛིན་པར་གྱུར་ནས། འདི་སྐད་དུ། དགེ་སློང་ཨུཏྤ་ལའི་གདོང་འདིས་བདག་གི་འཁོར་རྣམས་བསླུས་ཏེ། དྲངས་པ་ལས། བདག་གིས་ཀྱང་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་དེར་བདུད་བྱས་ཏེ། འདི་ལྟར་མངལ་ན་འདུག་པའི་དུས་ཐམས་ཅད་དུ་འདི་ལ་རྣམ་པར་གཙེའོ། །དེ་ནས་ཕྱིས་བཙས་ནས་ཀྱང་གཞོན་ནུས་རྩེ་མོ་བྱེད་པ་དང་། བཟོའི་ལས་ཀྱི་མཐའ་དང་། ཀློག་ཅིང་འདུག་པ་དང་། དགའ་བའི་རྩེ་མོའི་ཕྱིར་གྱི་ནང་དུ་སོང་པ་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྐྲག་པར་བྱའོ། །གེགས་བྱའོ། །བྱང་ཆུབ་ཐོབ་ནས་ཀྱང་། བསྟན་པ་བཤིག་པར་བྱའོ་ཞེས་སྨོན་ལམ་བཏབ་བོ། །ཡང་དག་ཤེས་རབ་མིག་མེད་གྱུར་པ་རྣམས། །ཕན་པར་བྱེད་ལ་ལོག་པར་བསྒྲུབ་གྱུར་ཏེ། །དམ་པ་རྣམས་ནི་དྲིན་དུ་གཟོ་བའི་ཕྱིར། །སླར་ཡང་འཇིག་རྟེན་ཕན་ལ་བརྩོན་པར་བྱེད། །དེ་བས་འདིར་ནི་ལོག་པར་སྒྲུབ་པ་ལ། སླར་ལ་ཕན་བྱེད་འདི་ནི་བླ་མེད་དོ། །དེ་ནས་དགེ་སྦྱོང་ཆེན་པོ་ཨུཏྤ་ལའི་གདོང་གིས་ཐབས་མཁས་པ་རྣམ་པ་དུ་མས་ཤོར་བ་གཞོན་ནུའི་ཚུལ་དེ་འབད་པ་དྲག་པོས་དད་པར་བྱས་ཏེ། སྡིག་པའི་ལྟ་བའི་འཐིབས་པོ་ལས་བཟློག་ཏེ་ཉེས་པ་བཤགས་སུ་བཅུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དུ་བཅུག་གོ །འགྲོ་བའི་རྣམ་གཡེང་ཤུགས་དྲག་གིས། །ལས་ཀྱི་རྒྱུན་ཕྱོགས་འབབ་པ་ཡང་། །ཐུགས་རྗེའི་ཤུགས་ཀྱིས་ཁོར་ཡུག་གིས། །བཟློག་ཅིང་འཁྱིལ་བ་བཞིན་དུ་གྱུར། དེ་ནས་ཤོར་བ་གཞོན་ནུའི་ཚུལ་དེ་རབ་དུ་དུལ་ཞིང་དད་པ་སྐྱེས་ནས་བྱང་ཆུབ་སེམས་དཔའ་དེའི་རྐང་པ་ལ། ཕྱག་འཚལ་ཞིང་འདི་སྐད་ཅེས་སྨྲས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད། གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ། དེའི་ཚེ་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ་ཞེས་སྨོན་ལམ་བཏབ་པོ། དེ་ལྟར་ཤོར་བ་གཞོན་ནུའི་ཚུལ་ལ་སོགས་པ་སྲོག་ཆགས་བྱེ་བ་བརྒྱ་སྟོང་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས། བྱང་ཆུབ་སེམས་དཔའ་དེ་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །ལོག་པའི་ལམ་ཞུགས་སྐྱེ་བོ་སྡིག་ཅན་ལ། །ཐབས་དང་བརྩོན་འགྲུས་བརཏལ་པ་ཆེན་པོ་ཡིས། །དྲངས་ཏེ་ཞི་བའི་ལམ་དུ་འགོད་མཛད་པ། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རྨད་དུ་བྱུང་། །དེ་བས་ཅི་ནས་དགེ་བའི་བཤེས་གཉེན་རྣམས། །འཇིག་རྟེན་དེད་དཔོན་བླ་ན་མེད་པ་ཡིན། དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་བརྩོན་འགྲུས་ཀྱི་མཐུ་ནི་དཔག་ཏུ་མེད་ཅིང་། བདག་ཉིད་ལ་ལོག་པར་བསྒྲུབ་པར་རྣམས་ཀྱང་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་དྲངས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྟན་པ་དང་། དགེ་བའི་གཤེས་གཉེན་གྱི་ཕན་ཡོན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །དོན་འདི་ལྟ་བུ་ཕྱིས་འབྱུང་བ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཚེ་དེའི་དུས་ཀྱི་དགེ་སློང་ཨུཏྤ་ལའི་གདོང་དེ་ནི་ང་ཡིན་ནོ། །བྱམས་པ་ནི་ལྷ་མཛེས་ཞེས་བྱ་བར་གྱུར་ཏོ། །འདོད་པའི་ཁམས་ཀྱི་བདུད་སྡིག་ཅན་འདི་ནི་ཤོར་བ་གཞོན་ནུའི་ཚུལ་ཅེས་བྱ་བར་གྱུར་ཏོ་ཞེས་གསུངས་སོ། །དོན་འདིས་ནི་སྨོན་ལམ་ཡང་མཐུ་ཆེ་བར་རིག་པར་བྱའོ། །དགེ་སློང་ཨུཏྤལའི་གདོང་གི་སྐྱེས་པའི་རབས་ཏེ་དགུ་བཅུ་བརྒྱད་པའོ།། །།སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་སྟོབས་ཐོབ་པ་རྣམས་ནི། རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སྤྱོད་པས་བདུད་ཀྱི་གནས་ཐམས་ཅད་འཇིག་པར་བྱེད་ཅིང་ཐབས་མཁས་པ་ཆེན་པོས་སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པའི་ཐེག་པ་ལ་འགོད་པར་བྱེད་དོ། །དེ་ཡང་སྔོན་བྱུང་བ་འདས་པའི་དུས་དཔག་ཏུ་མེད་པའི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་དེར་བཅོམ་ལྡན་འདས་འདི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །འཇིག་རྟེན་སྒྲོན་མ་དེའི་སངས་རྒྱས་ཞིང་། །ཡོན་ཏན་ཚོགས་ཀྱི་དཔལ་གྱིས་བརྒྱན་པ་དེར། ལྷ་དང་མིའི་འགྲོ་བ་འཁོད་པ་རྣམས། །བློ་གྲོས་རྒྱ་ཆེན་བསོད་ནམས་མཐུ་ལྡན་ཞིང་། །རྒྱལ་བས་རྒྱ་ཆེན་ཐེག་པ་མཆོག་རབ་ཀྱི། །ཚུལ་ཅིག་རྒྱ་ཆེན་དམ་ཆོས་སྟོན་བྱེད་ཅིང་། །ཡོན་ཏན་རྒྱ་ཆེན་བྱང་ཆུབ་སེམས་དཔའ་གང་། །དེ་ཚེ་དེ་རྣམས་ཀུན་གྱི་གཙོར་གྱུར་པ། །བྱང་ཆུབ་སེམས་དཔའ་དགའ་བའི་སྟོབས་དེ་ནི། །རྒྱུ་སྐར་དབུས་ནས་ཟླ་བ་ཉ་བ་བཞིན། །འཁོར་གྱི་དབུས་ན་གསལ་བར་འཕགས་པར་གྱུར། །དེ་ནི་དེ་ཚེ་རྒྱལ་བ་དེའི། །སྲས་ཀྱི་ཐུ་བོར་གྱུར་པས་ན། །ངལ་ཞིང་དུབ་པ་མེད་པ་ཡིས། །རྟག་ཏུ་འཇིག་རྟེན་འདྲེན་པ་བཞིན། །དེ་ཡི་མཐུ་དང་རྫུ་འཕྲུལ་གྱིས། །སྐྱེ་བོ་ལོག་པར་ལྟ་རྣམས་ཀྱང་། །ཡོན་ཏན་མཐུ་ཡིས་རབ་དྲངས་ཏེ། །ཡང་དག་ལམ་དུ་ཉེ་བར་འདྲེན། །དེས་ན་རྒྱལ་སྲས་དཔའ་སྟོབས་ཞེས། །རྒྱ་མཚོའི་དབུས་ན་ལྷུན་པོའི་བཞིན། དེ་ལྟར་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེ་དེ་བཞིན་གཤེགས་པ་དེའི་སྲས་ཀྱི་ཐུ་བོར་གྱུར་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རྗེས་སུ་སྟོན་པར་བྱེད། སྐྱེ་བོ་བག་མེད་པ་རྣམས་ཀྱང་། བག་མེད་པ་ལས་བཟློག་ཅིང་། བསྟན་པ་དེ་རབ་ཏུ་རྒྱས་པར་གྱུར་ཏོ། །གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡན་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། དེ་ལ་དགྲ་བྱེད་མང་འདི་ཆོས་ཉིད་ཡིན། དེ་ནས་དེ་བཞིན་གཤེགས་པའི་བསྟན་པ་དེ་ལ་བདུད་དུ་གྱུར་པ། བདུད་ཤུགས་འཆང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ལ་བར་ཆད་བྱེད་པ་ཞིག་བྱུང་སྟེ། དེ་འདི་སྙམ་དུ་ཀྱེ་མ། འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་འདིས་བདག་གིས་ཡུལ་འདིར་རིང་པོ་མི་ཐོགས་པར་སྟོང་བར་བྱེད་པ་འགྱུར་གྱིས། ཅི་ནས་བདག་གིས་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་བར་དུ་གཅོད་པར་བྱའོ་སྙམ་ནས། རྣམ་པ་འདི་ལྟ་བུས་བར་གཅོད་བྱེད་པར་གྱུར་ཏོ། །གང་ན་བྱང་ཆུབ་སེམས་དཔའ་འདུས་པ་ལ། །བདུད་དེས་སངས་རྒྱས་གཟུགས་སུ་སྤྲུལ་བྱེད་ཅིང་། །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ། ཁྱད་དུ་གསད་ནས་འདོད་ཡོན་བསྔགས་པར་བྱེད། །གང་དག་ལམ་ལ་ཞུགས་པ་དེ་རྣམས་ལ། །གུས་པའི་ཚུལ་གྱིས་བཟའ་བ་སྣ་ཚོགས་དང་། །དྲི་དང་འཕྲེང་བ་བྱུག་པ་མེ་ཏོག་ཚོགས། །རོལ་མོ་སིལ་སྙན་སྙན་པའི་སྒྲ་འབྱིན་པ། ཐོགས་ཤིང་གླུ་དབྱངས་དབྱངས་སྒྲ་གར་དང་བཅས། །རིན་ཆེན་རྒྱན་འཕྲེང་འཕྲེང་བས་བརྒྱན་བྱས་པ། །ལྷ་དང་མི་ཡི་ཡིད་བཞིན་མཛེས་པ་རྣམས། དུ་མས་འདོད་པའི་རོ་ལ་འབྲིད་ཕྱིར་མཆོད། །ལྷའི་བུ་དང་བུ་མོ་མཛེས་པ་རྣམས། །ཉིན་མཚན་དགོད་ཅིང་རྩེ་འཇོ་འཁྲིག་པ་དག །ཀུན་ཏུ་དགའ་བ་དུ་མ་སྟོན་པར་བྱེད། །ལ་ལར་ཡིད་འབྱུང་བྱང་ཆུབ་སྤྱད་པ་དག །རྣམ་པ་བརྒྱར་ཡང་སྡིགས་ཤིང་འཁྲུག་པར་བྱེད། །དེ་ལྟར་རྣམ་པ་དུ་མས་འབད་པ་ཡིས། །བྱང་ཆུབ་ལམ་ལ་བསྒྲིབ་པར་བྱེད་པར་གྱུར། དེ་ལྟར་བདུད་དེ་འབད་པ་བྱེད་པ་ལ་ཞུགས་པ། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཀྱིས་མངོན་དུ་གྱུར་ནས། ཀྱེ་མའོ་བདག་གིས་བདུད་འདི་མ་བཏུལ་ན། འདི་ཡང་སྤ་གོང་པར་མི་འགྱུར་ཞིང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དག་ཀྱང་། བྱང་ཆུབ་ལ་ནུར་བར་སྲིད་པས་ད་ནི་དུས་ལ་བབ་པོ་སྙམ་ཏེ། རྫུ་འཕྲུལ་ཀྱི་ཤུགས་ཀྱིས། བདུད་ཤུགས་འཆང་གི་འགུལ་དུ་ཁྱིས་རོ་རུལ་པ་ཞིག་བཏགས་ནས། བྱང་ཆུབ་སེམས་དཔའ་བདག་ཉིད་བདུད་ཀྱི་ཤུགས་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་གནས་སུ་སོང་ཏེ། ལྷའི་བུ་མོ་ཁྲི་ཕྲག་དགུ་ཅུ་རྩ་དགུ་དག་བྱང་ཆུབ་ལ་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། སླར་ཡང་བདུད་ཀྱི་གནས་དེ་ཉིད་ནས་འདོད་པའི་ལོངས་སྤྱོད་ལྔ་ལ་སྤྱོད་ཅིང་། དགའ་མགུ་བརྩེ་བར་སྤྲུལ་ཏོ། །དེ་ནས་བདུད་ཤུགས་འཆང་མགུལ་དུ་ཁྱི་རོ་བཏགས་པ་དེ་མཐོང་ཞིང་། མེད་པར་བྱ་བ་ཡང་མ་ནུས་པ་སྡུག་བསྔལ་ཏེ། མྱུར་བར་རང་གི་གནས་སུ་སོང་ངོ་། །དེ་ཚེ་ལྷའི་ལུས་མཛེས་ལ། ཁྱི་རོ་བཏགས་པ་དེ་མཐོང་ནས། དྲི་ང་རུལ་ཅིང་མྱགས་པ་དེས། །མི་གཙང་དོང་དུ་ལྷུང་བཞིན་གྱུར། །ཀྱི་ཧུད་བདག་ནི་བདུད་གནས་ལས། །ཉམས་པར་འགྱུར་བ་མ་ཡིན་དྲང་དེ་ནས་རང་གི་གནས་སུ་ཕྱིན་པ་ན། །དེ་ན་ལྷའི་བུ་དང་བུ་མོ་རྣམས་ལྷན་དུ་བརྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ནས། ཤིན་ཏུ་ཡང་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་བློང་བློང་པོར་གྱུར་ཅིང་། ཤུགས་ནར་ཅེས་ཕྱུང་ནས་འདི་སྐད་སྨྲས་པར་ངེས་སོ། །ཀྱེ་མ་བདག་ནི་བདུད་ཀྱི་དཔལ་ལས་ཉམས། །ཀྱི་ཧུད་ཡིད་དུ་འོང་བའི་ལོངས་སྤྱོད་རྣམས། །གཞལ་མེད་ཁང་མཛེས་རབ་ཏུ་བཀྲ་བ་ན། །ལྷའི་མལ་ཆ་བཏུང་པ་བཟང་པོ་དག །གར་བྱེད་ལྷ་མོ་མཛེས་པའི་སྟོབ་པ་རྣམས། །ད་ནི་སྤངས་ཏེ་འགྲོ་བ་མ་ཡིན་དྲང་། །དགའ་བཟང་དགའ་བའི་བུ་མོ་རྣམས། །བདག་ལ་སོགས་པར་གྱུར་པ་འདྲ། །སྤོས་མཆོག་དུས་སུ་འབྲངས་པའི་དྲི། །དེ་ཡང་འདིར་ནི་ཚོར་མ་གྱུར། །རིན་ཆེན་བརྒྱན་འཕྲེང་མཛེས་པ་ཡིས། །སྤངས་ཏེ་ཁྱི་རོ་བཏགས་པ་སྙམ། བཟང་མོ་དྲི་ཞིམ་འཕྲེང་ལྡན་པ། །དྲོ་ཞིང་འཇམ་པའི་རེག་བྱ་ལྡན། །འདི་རྣམས་དྲུང་དུ་བསྟན་མི་བྱེད། །བདག་ནི་ངན་སྐྱུགས་བཞིན་དུ་གྱུར། ཀྱེ་ཧུད་བདག་སེམས་རྩ་བཞིན་བསྲེགས། །སྐྱབས་པ་གཞན་ནི་མེད་པ་ལྟ། དེ་ནས་ལྷའི་བུ་མོ་ཁྲི་ཕྲག་དགུ་ཅུ་རྩ་དགུ་པོ་རྣམས་ཀྱིས་བདུད་ཤུགས་འཆང་བློང་བློང་པོར་གྱུར་པ་མཐོང་ནས། སྙིང་རྗེ་ཆེན་པོ་སྐྱེས་ཏེ། སྨྲས་པ། བདུད་ཤུགས་འཆང་ནི་སྲོག་ཆགས་རྣམས་ཀྱི་ཕྱིར་སྡིག་པའི་རོས་བློོང་བློང་པོར་གྱུར་ཅིང་ཡང་དག་པ་ཇི་ལྟ་བ་མི་ཤེས་པ་ལ་ལྟོས། གང་ན་སྡིག་པའི་རང་སེམས་སྲེག་པ་དག །དམྱལ་བའི་མེ་ལྕེ་འབར་བས་ཕོག་པ་བཞིན། །བསྟན་པ་ཉམས་ནས་སྨད་པའི་གནས་འགྱུར་ཏེ། །ཤུགས་འཆང་འདི་ན་སྡུག་བསྔལ་སྤྱོད་པ་བཞིན། དེ་ནས་ལྷའི་བུ་མོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཨེ་མ་སློབ་དཔོན་དཔའ་བའི་སྟོབས་བདུད་ཤུགས་འཆང་འདི་བདག་ཅག་གི་གནས་ལ་དབང་ཕྱུག་གི་དབང་བྱེད་ན། བདག་ཅག་གཙེས་པར་མི་འགྱུར་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས། །ཇི་ལྟ་བུའི་རྫུ་འཕྲུལ་འཕྲུལ་བྱས་ཏེ། ཤུགས་འཆང་གནས་ལས་རབ་མཆོག་མཆོག་གྱུར་པའི། །བདུད་ཀྱི་གཞལ་མེད་ཁང་ཆེན་ཆེན་པོ་དང་། །དབང་བསྒྱུར་བདུད་དང་བཅས་པ་སྤྲུལ་བྱས་ནས། དེ་མ་ཐག་ཏུ་ཞིང་དེ་ཐལ་བར་བརླགས། །ཞིག་ཅིང་རྡུལ་ཕྲན་ཙམ་ཡང་མེད་གྱུར་ཏེ། །མཐོང་པའི་སྐྱེ་བོ་རྣམས་ནི་སྐྲག་འགྱུར་ཞིང་། །མི་རྟག་འདུས་ཤེས་མངོན་དུ་རྙེད་པར་བྱས། །དེ་ལྟ་བུའི་བདུད་དེ་དང་བདུད་ཀྱི་གནས་དེ་ཞིག་ཅིང་འཐོར་བ་བདུད་ཤུགས་འཆང་གིས་མཐོང་ནས། ཀྱེ་མ་བདག་ཀྱང་ཡུན་མི་རིང་པར་ཁོ་ནར་འཆི་བར་འགྱུར་ཞིང་འདི་ཁོ་ན་བཞིན་དུ་འགྱུར་རོ། །སྙམ་དུ་ཡིད་སྐྱོ་བ་ཆེན་པོ་སྐྱེས་ནས་འཇིགས་སྐྲག་ཅིང་སྤུ་ལོང་ལོང་པོར་གྱུར་ནས་སྐྱབས་འཚོལ་བའི་འདུ་ཤེས་སུ་གྱུར་པ་ན། བྱང་ཆུབ་སེམས་དཔའ་དེས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །མཁས་པས་མགོན་མེད་མགོན་མཛོད་རྣམ་པར་ལྟུང་ལས་གྲོལ་བར་མཛད། །བྱིས་པའི་ངོ་བོ་བདག་གིས་མི་དགེ་གང་བགྱིས་མི་རྟག་པས། །སྲིད་པར་འགྲོ་བ་གང་གནོད་རྟག་ཏུ་མ་ལུས་མཐོལ་ཞིང་མཆིས། །རྣམ་འཇིག་ཆོས་ཀྱི་དངོས་པོ་ཅུང་ཟད་མགོན་སྐྱབས་བགྱིད་མ་མཆིས། །རྣམ་པར་འཇིག་ཆོས་ཀུན་རྟག་རྣམས་སྤངས་བདག་ཀྱང་མ་གྲོལ་བ། །འདི་ལྟར་བཟོད་པར་མཛོད་ཅིག་དཔལ་སྟོབས་བདེ་བར་གཤེགས་པའི་སྲས། །བརྟགས་པས་སྐྲག་ཅིང་ཉམས་པ་དེའི་ཡིད་ཀྱི་སྐྱོབ་པ་ཅན། །ང་རྒྱལ་རྣམས་སྤངས་རྒྱལ་བའི་སྲས་ལ་ཐམས་ཅད་སྐྱབས་སུ་ཞུགས། །གང་གི་བདུད་འཇིགས་ཡོངས་སྤངས་འདི་ལྟར་ཁྱོད་ལ་སྐྱབས་སུ་མཆི། རྒྱལ་སྲས་མཁས་པས་སྡུག་བསྔལ་ཉམས་པས་ག་ལས་བདག་ལ་སྐྱོབས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཤུགས་འཆང་དུལ་བར་རིག་ནས་རྗེས་སུ་བསྟན་པ། གྲོགས་པོ་རྒྱལ་བའི་སྲས་ལ་གེགས་མ་བྱེད་ང་རྒྱལ་སྤོངས་སྲིད་ཀུན་མི་རྟག་ཡོངས་སུ་འཛིན་ལ་མངོན་པའང་ཞེན་པ་མཐོང་། །སེམས་ནི་མངོན་པར་དད་པས་ངེས་པར་འབྱུང་བ་རབ་ཏུ་ཤེས། །སེམས་ཅན་གང་ཡང་འཁྲུག་པའི་ཡིད་ཀྱིས་ཆོས་ཤེས་ནམ་ཡང་མེད། ཡིད་ཀྱི་རྙོག་མ་སེལ་དང་རྒྱལ་བ་མཆོག་གི་བསྟན་པ་མཐོང་། དེ་ནས་ཡང་ཤུགས་འཆང་གིས་གསོལ་པ། བདག་སེམས་རྙོག་པ་དང་བྲལ་ཞིང་། །ཡིད་ཀྱི་རྣམ་པར་དག་ལ་འབད། །བདག་ཉིད་རྒྱལ་བའི་རིམ་གྲོ་བགྱིད། །རྒྱལ་བའི་གསུང་དག་བདག་ལ་གསུངས། ཡང་བྱང་ཆུབ་སེམས་དཔས་སྨྲས་པ། དེ་བཞིན་གཤེགས་པའི་ཡོན་ཏན་བྱང་ཆུབ་སེམས་ལ་བདུད་ཉོན་ཅིག །བདེ་གཤེགས་སྲས་ལ་གང་དག་ཐོས་པས་བདུད་ཀྱི་ཞགས་པ་གཅོད། །རྒྱལ་བས་རབ་གསུངས་ཆོས་ཉིད་མི་གཡོ་འགྱུར་མེད་ཆོས་ཀྱི་དབྱིངས། །རྒྱལ་བའི་སྲས་ཀྱིས་འདི་ཤེས་རྒྱལ་ལ་མཆོད་པ་བྱས་པར་འགྱུར། །གང་དག་བློ་ངེས་མེད་པ་སོ་སོའི་སྐྱེ་བོ་བྱིས་པ་ཞེས། །བྱས་ཏེ་དེ་ལྟར་སེམས་ངེས་མེད་པ་ཀུན་རྟོག་རླུང་དང་འདྲ། རྒྱལ་བའི་གསུང་ལས་གང་དག་རྣམས་ཤེས་དེ་དག་བདུད་ཀྱི་ཞགས། །རླུང་གི་སྟོབས་ཀྱིས་ཕུབ་མ་འཕྱར་ལྟར་མ་ལུས་ཤིན་ཏུ་བཅོམ། །འགྱུར་མེད་ཆོས་དབྱིངས་སྟོང་པ་གཉིས་མེད་སྨྲས་པ་ནི། །བདུད་སྟོབས་འཇོམས་པར་བྱེད་ཅིང་བདུད་དབང་ཤེས་རབ་རྣམ་པར་དག །སེམས་ཅན་རྣམས་ནི་སྐྱེ་དང་འཆི་དང་འབྱུང་བ་གང་ཡང་མེད། །ཀུན་ཏུ་འཕོ་བ་མེད་ཅིང་ལས་དང་ལྟུང་བའང་ཡོད་མིན་ཏེ། །སྟོང་ཉིད་རྟོགས་པར་བྱེད་ན་རྒྱལ་བའི་སྲས་རྣམས་ཡིད་མི་རྨོངས། །ཚུལ་བཞིན་མ་ཡིན་པ་ཡིས་ཆོས་འདི་ཀུན་ལ་བྱེད་པ་པོ། །ལས་དང་རྣམ་སྨིན་མི་མཁས་བདུད་ཀྱི་ཞགས་པས་འཆིང་། ཇི་ལྟར་སྐུད་མདུད་གཟིངས་པའི་སྐུད་པ་རྣམས་གྲོལ་ལྟར། །དེ་བཞིན་འདོད་ཆགས་མ་བྲལ་ཆོས་ལ་འདོད་ཆགས་བཅས་མཐོང་འཆིང་། །དེ་ཡིས་སྡུག་བསྔལ་མྱོང་ཏེ་འདིར་ནི་སྡུག་བསྔལ་གང་ཡང་མེད། །གང་དག་རྒྱལ་བའི་གསུང་ལ་ཐེ་ཚོམ་མེད་ཡིད་དེ་འཆིང་མེད། །དེ་ནི་མྱ་ངན་འདའ་ཞིང་འདའ་བ་དམིགས་པར་མི་འགྱུར་རོ། །དེ་ལྟར་བསྟན་པ་ལ་བདུད་ཤུགས་འཆང་རབ་ཏུ་དགའ་ཞིང་ཆོས་མཐོང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ལ་གུས་པའི་དབང་གིས་མཆོད་པ་དུ་མ་བྱས་ཤིང་། དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མའི་དྲུང་དུ་སྟོབས་དང་ལྡན་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཏོ། །རྒྱལ་སྲས་དཔའ་སྟོབས་སྙིང་རྗེ་ཆེན་པོ་ཡི། །ཤུགས་ཀྱིས་ཤུགས་འཆང་བདུད་ཀྱི་ཤུགས་བཟློག་ནས། །བླ་མེད་བླ་མ་ཐེག་ཆེན་བློ་གྲོས་ལ། །འཇིག་རྟེན་འཇིག་རྟེན་འདས་མཆོག་འཇིག་རྟེན་འདྲེན། །སྒྲོན་མས་སྒྲོན་མེ་བཞིན་དུ་སྒྲོན་གྱུར་པས། །གསལ་བར་འགྲོ་བ་རྣམས་ཀྱི་དོན་མཛད་ཅེས། །དེང་སང་ན་ཡང་ལྷའི་རྔ་སྒྲ་བཞིན། །ཕྱོགས་སུ་གསལ་བར་བྲག་ཆ་བཞིན་དུ་གྲགས། །གང་གིས་འདོད་ཁམས་གྲགས་པ་བདུད་ཀྱིས་དྲེགས། །བཅོམ་ནས་ཞུམ་ཞིང་ཞི་བར་ལྡན་པ་ཡི། ཚུལ་འདི་ཉིན་མོའི་དབང་ཕྱུག་སྐར་མ་ཡི། །དྲུང་དུ་འོངས་པ་ཞུམ་པར་གྱུར་པ་འདྲ། དེ་བས་འདིར་ནི་ཐབས་ལ་མཁས་པ་ཡིས། །བདུད་སྟོབས་བཅོམ་པས་བྱང་ཆུབ་རེག་པར་འགྱུར། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་མཐུ་ཐོབ་པས་ནི་བདུད་ཀྱི་གནས་ཐམས་ཅད་འཇིག་པར་བྱེད་ཅིང་། ལོག་པར་ལྟ་བ་རྣམས་ཀྱང་ཡང་དག་པའི་ལམ་དུ་འཇུག་པར་བྱེད་དོ་ཞེས་བརྗོད་པར་བྱའོ། །བདག་ཅག་གི་ཆོས་ཀྱི་རྗེ་འདི་ནི་ད་ལྟར་བདུད་སྡིག་ཅན་བཏུལ་བར་མ་ཟད་ཀྱི། སྔོན་ནས་བདུད་ཐམས་ཅད་བཏུལ་བ་ཡིན་ནོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་དགུ་ཅུ་དགུ་པའོ།། །།སྐྱེས་བུ་དམ་པ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་རྣམས་ནི་སེམས་ཅན་དཔག་ཏུ་མེད་པ་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྔགས་པ་མཛད་པར་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་འཇིག་རྟེན་ཀྱི་ཁམས་དེར་སྐྱེས་པའི་སེམས་ཅན་རྣམས་ཀྱང་རྣམ་པར་དག་པའི་སྤྱོད་ཚུལ་ཕུན་སུམ་ཚོགས་པར་གྱུར་ཏེ། སྔོན་གྱི་སྦྱོར་བ་ཡོངས་སུ་དག་ཅིང་ཞི། །ཕུན་སུམ་ཚོགས་པའི་དཔལ་རྣམས་ཀུན་གྱིས་བརྒྱན། །ཡིད་ཀྱི་ཉེས་པ་རྣམ་གསུམ་གཡོ་བ་མེད། །འཇམ་ཞིང་ངེས་པའི་ངག་གིས་རབ་ཏུ་བརྒྱན། །ལུས་ཀྱི་ལས་རྣམས་ཡོངས་སུ་དག་པས་ན། །འཕགས་པའི་ལྷ་བཞིན་ཡོན་ཏན་གྱིས་ཆེ་བའི། །སེམས་ཅན་རྣམས་ཀྱིས་ཞིང་དེར་གཏམ་པར་གྱུར། །དེ་བས་ཞིང་གི་མཆོག་ཏུ་གྱུར་པར་གྲགས། དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་ནི་བདག་ཅག་གི་སྟོན་པ་འདི་ཡིན་ནོ། །རྒྱལ་བའི་སྲས་པོ་མཐུ་ཆེན་མ་སྨད་པ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་བརྒྱད་རྣམས་ཀྱི། །དེ་ནི་མཐུ་ཆེན་གཙོ་བོ་ཡིན་པར་སྣང་། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཡོངས་སུ་རྫོགས་གྱུར་ཅིག །ཐབས་ལ་མཁས་པས་གཞན་དོན་ཡོངས་སུ་སྤྱོད། །སྙིང་རྗེའི་སྟོབས་ཀྱིས་སྨོན་ལམ་རྒྱ་ཆེ་ལ། །ཡེ་ཤེས་མཐུ་ཡིས་སེམས་ཅན་ཐམས་ཅད་ཀྱི། །དོན་བྱ་བ་ལ་དུབ་པར་གྱུར་པ་མེད། །ཆོས་ཚུལ་རྒྱ་མཚོའི་གཏིང་མཐའ་གཏུགས་གྱུར་པས། སེམས་ཅན་རྒྱ་མཚོའི་ཉེ་བར་སྤྱད་པ་ཆེ། །ཏིང་འཛིན་རྒྱ་མཚོའི་མཐུ་ཡིས་འགྲོ་བ་ལ། །རྣམ་ཐར་རྒྱ་མཚོ་སྟོན་པར་གྱུར་ཞེས་གྲགས། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་དང་ལྡན་པ། སེམས་ཅན་རྣམས་ཀྱི་བྱ་བ་ལ་མཁས་པ། སེམས་ཅན་ལ་ཆོས་སྟོན་པ་ལ་མཁས་པ། སེམས་ཅན་རྣམས་ཀྱི་ཉེ་བར་འགྲོ་བའི་དུས་ལ་མཁས་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་སོང་ངོ་། །བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཞིང་གང་དུ་རྐང་པ་བཞག་པ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཞིང་དེར་སངས་རྒྱས་བཅོམ་ལྡན་འདས་བྱུང་བར་ཤེས་སོ། །བདུད་ཀྱི་གནས་ཇི་སྙེད་ཡོད་པ་ཐམས་ཅད་སྤ་གོང་པར་གྱུར་ཅིང་། ལྷའི་གནས་ཐམས་ཅད་ནི་རབ་ཏུ་དགའ་བའི་ཡོན་ཏན་དུ་མས་ཁྱབ་པར་གྱུར་ཏེ། ཞིང་དེ་ཐམས་ཅད་དུ་ཡང་། འོད་གསེར་གྱི་ཁ་དོག་ཅན་གྱིས་ཁྱབ་པར་གྱུར་ཏོ། །དེ་ལྟར་རྫུ་འཕྲུལ་མཐུ་ཆེན་གྱིས། །གང་དུ་ཁྱབ་པར་གྱུར་པ་དེར། །དེ་ན་འཁོད་པའི་སེམས་ཅན་རྣམས། །དགའ་ཞིང་མགུ་ལ་ཐེ་ཚོམ་གྱུར། །གསེར་གྱི་ཁ་དོག་ལྟ་བུར་འབར་བའི་འོད། །ཉི་མའི་དཀྱིལ་འཁོར་མོག་མོག་པོར་བྱེད་པ། །རེག་པའི་ལུས་སེམས་རབ་ཏུ་ཚིམ་གྱུར་པའི། །འོད་འདི་ལྷའམ་ཀླུའམ་ནོར་བུའམ། །མཐུ་ཆེན་གང་ལས་གྱུར་ཞེས་ཡ་མཚན་སྐྱེས། །ཡིད་ཀྱང་རབ་གཡོས་ཕྱོགས་རྣམས་ཀུན་ཏུ་བལྟས། །དེའི་ཚེ་སེམས་ཅན་རྣམས་ཀྱི་བསམ་པ་བཞིན། །གསལ་བར་སྟོན་ཅིང་ཚིག་འདི་ཐོས་པར་གྱུར། སངས་རྒྱས་མཐུ་ཡིས་ཞིང་འདི་དག་ནི་དེ་བཞིན་གཤེགས་པའི་སྣང་པས་ཁྱབ། །སེམས་ཅན་སུ་དག་རྒྱལ་པོའི་དབང་པོ་མངོན་སུམ་མཐོང་བར་གང་འདོད་པ། །དེ་དག་ཐམས་ཅད་ཐལ་མོ་སྦྱར་བ་ཀུན་མཁྱེན་མཐའ་ཡས་སྤྱན་མངའ་བ། བདག་གིས་མངོན་སུམ་མཐོང་པར་ཤོག་ཅེས་འདིར་ནི་གུས་པའི་ཚིག་སྨྲོས་ཤིག །དེ་ནས་ཞིང་དེ་དག་ན་གནས་པའི་སེམས་ཅན་དེ་རྣམས་ཀྱི་སྒྲ་དེ་ཐོས་ནས་བར་སྣང་ལ་ཐ ལ་མོ་སྦྱར་ཏེ། ཁྱོད་ཀྱིས་བདག་ཅག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ངོ་སྤྲོད་ཅིག་ཅེས་པའི་སྒྲ་བྱུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོའི་སེམས་ཅན་དེ་བཞིན་གཤེགས་པ་མཐོང་བར་འདོད་པ་རྣམས་ཀྱི་དོན་དུ་བཅོམ་ལྡན་འདས་དེ་དང་མཐུན་པའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་སྟོང་དག་མངོན་པར་སྤྲུལ་ཏོ། །སེམས་ཅན་རེ་རེས་སྤྲུལ་པ་རེ་རེ་མཐོང་ཞིང་ཤེས་ཀྱི་སྤྲུལ་པ་གཞན་ནི་མཐོང་ངོ་། །དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོས་ཉི་མ་ཅིག་གིས་ཀྱང་འོད་ཟེར་གྱི་དཀྱིལ་འཁོར་གྱི་སྣང་བ་དེས་སངས་རྒྱས་ཀྱི་ཞིང་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་བཀོད་པར་གྱུར་ཏོ། །འཇིག་རྟེན་མཐུ་ཆེན་མཐུ་དང་སྟོབས། སྨན་དང་ནོར་བུ་གསང་སྔགས་དང་། །ཀུན་གྱི་མཐུ་ཡང་ཅི་ཡོད་པས། །རྒྱལ་སྲས་རྣམས་ཀྱི་ཡེ་ཤེས་མཐུ། །འགྲོ་ལ་ཕན་ཕྱིར་སྐད་ཅིག་གིས། །དཔེ་བཟླར་རུང་པ་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེས་བྱང་ཆུབ་སེམས་པ་གཟི་བརྗིད་དྲག་པོའི་མཐུ་དང་སྟོབས་དང་བརྩོན་འགྲུས་བསྐྱེད་པར་མཛད་ནས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སོང་ལ་ངའི་འོད་ཀྱི་རྗེས་སྙེགས་ཤིག །གང་དུ་ངའི་འོད་གནས་པར་མཐོང་བ་དེ་ཙམ་དུ་ངའི་སངས་རྒྱས་ཀྱི་ཞིང་དུ་ཤེས་པར་གྱིས་ཤིག །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་འོད་གསེར་གྱི་ཁ་དོག་ཅན་བཏང་ངོ་། །དེ་བས་བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ་གཟི་བརྗིད་དྲག་པོས་རྫུ་འཕྲུལ་མཐུ་ཡིས་ནི། །རྒྱལ་བའི་འོད་ཟེར་དེའི་རྗེས་སུ་སོང་། །དེ་ནི་བསྐལ་པ་གྲངས་མེད་བར་དག་ཏུ། རྫུ་འཕྲུལ་མཐུ་ཡིས་འོད་ཀྱི་རྗེས་སོང་ཡང་། །འོད་དེ་གང་ན་གནས་པའང་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་དེ་བསྐལ་པ་གྲངས་མེད་པ་དུ་མར་རྫུ་འཕྲུལ་གྱི་སྟོབས་མྱུར་བའི་ཤུགས་ཀྱིས་འོད་དེའི་རྗེས་སུ་སོང་ཡང་མཐས་གཏུགས་པར་མ་གྱུར་པས་ལུས་མྱ་ཞིང་སྒྱིད་ལུག་པར་གྱུར་ཏོ། །དེ་ནས་བར་སྣང་དེ་ལ་སངས་རྒྱས་ཀྱི་སྐུ་ཞིག་བྱུང་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངའི་ཕའི་རྒྱུ་ཡིད་ལ་མ་བྱེད་ཅིག །སྒྱིད་ལུག་པར་མ་བྱེད་པར་རེ་ཞིག་ཅུང་ཟད་རིང་དུ་སོང་ཞིག །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཀྱིས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དེ། རྫུ་འཕྲུལ་གང་གིས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོའི་ལུས་ཀྱི་ངལ་བ་གསལ་ནས་ལུས་དང་སེམས་ཀྱི་བརྩོན་འགྲུས་སངས་རྒྱས་ཀྱི་མཐུ་དང་ཡང་དག་པར་ལྡན་པར་མཛད་དོ། །དེ་ནས་སངས་རྒྱས་མཐུ་ཡིས་ནི། །སྐལ་པ་གྲངས་མེད་ཕ་རོལ་སོང་། །དེ་ན་རིན་ཆེན་སྣ་བདུན་ལས། །གྲུབ་པའི་ལྗོན་ཤིང་གསལ་བར་མཐོང་། །གང་ན་བྱང་ཆུབ་སྙིང་པོའི་རྒྱན་བཞིན་དུ། རབ་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པའི། རིན་ཆེན་ལྗོན་ཤིང་མཛེས་པ་དེ་མཐོང་ཏེ། །དེའི་ཕ་རོལ་རྒྱལ་བའི་འོད་ཟེར་མཐོང་། དེ་ནས་དེའི་ཚེ་བླ་གོས་ཕྲག་པ་ཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུག་ཏེ། དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། ཐུགས་ལ་དྲི་མ་བྲལ་ཞིང་སྦྱོར་བ་སྤངས། ཁྱོད་ཀྱིས་འཇིག་རྟེན་ཁམས་ཀུན་ཐུགས་སུ་ཆུད། །འདྲེན་པ་ཁྱོད་ཀྱི་འོད་ནི་ཅི་འདྲ་བ། །འདི་ལ་ཡུལ་གྱི་མཐའ་འདི་རྗེས་སུ་འཇུག དེ་སྐད་ཅེས་གསོལ་པ་དང་། །དེའི་ཚེ་བར་སྣང་ལས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཞིག་བྱུང་ཏེ་ཁང་པ་བརྩེགས་པ་དེར་སངས་རྒྱས་ཀྱི་གཟུགས་བྱུང་ལ་དེས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་དེ་ལ་ཚིག་སུ་བཅད་དེ་བཀའ་སྩལ་པ། །གང་དག་ང་ཡི་རྐང་པའི་དྲུང་འདུག་དང་། །གང་དག་ཡུལ་འདི་ཡི་ནི་མཐར་འདུག་པ། །ཐམས་ཅད་ང་ཡི་སྒྲ་དག་ཐོས་གྱུར་པ། །དེ་ཡི་གྲུབ་པ་ཐམས་ཅད་ཤེས་གྱུར་པ། །སྟོབས་བཅུའི་ཡོན་ཏན་ཆོས་ནི་མ་འདྲེས་པ། །བསྟན་པ་འདི་ལ་སྲོག་ཆགས་ཀུན་ལ་བདེན། །ཡུལ་གྱི་རང་བཞིན་ཡུལ་གྱི་དངོས་དང་བཟོ། །དེ་བཞིན་ཡུལ་གྱི་ཚིག་དག་ཀུན་ཐོས་སོ། །རྒྱལ་བ་ངའི་དྲུང་འདིར་སེམས་ཅན་དག །ཚིག་འདི་ཐོས་ནས་དང་བར་མི་འགྱུར་མེད། །ཐམས་ཅད་བླ་ན་མེད་པའི་ས་ལ་གནས། །དེ་དག་རྒྱལ་བའི་ཆོས་ལ་ལྡོག་མི་འགྱུར། །གང་དག་ཉན་ཐོས་ལྷན་ཅིག་ཐུན་མོང་པའི། །དེ་དག་མ་ཡིན་འདི་ནི་རྣམ་འདྲེན་ཆོས། །རྒྱལ་བ་གང་ལ་རབ་ཏུ་སེམས་དང་བ། བདུད་ཀྱི་སྐྱོན་བཅོམ་བྱང་ཆུབ་རེག་པར་འགྱུར། ཞེས་བསྟན་པ་ཐོས་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོས་དེ་ལྟ་བུའི་དེ་བཞིན་གཤེགས་པས་བསྟན་པའི་ཚིགས་སུ་བཅད་པའི་དོན་ཟབ་མོ་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་དེ་བཞིན་གཤེགས་པའི་འོད་ཀྱིས་རེག་པ་དེ་ཐམས་ཅད་དུ་ཁྱབ་ཅིང་གོ་བར་བྱས་སོ། །རྒྱུ་དེས་སེམས་ཅན་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་འཁོད་པར་གྱུར་ཏོ། །འདིར་གཞན་དག་གི་སྨྲས་པ། རྒྱལ་བའི་རྣམ་ཐར་འོད་ཟེར་རྒྱ་ཆེན་སྤྲིན། །ནམ་མཁའི་དབྱིངས་ལྟར་དཔག་ཏུ་མེད་པར་ཁྱབ། །རྒྱལ་བའི་སྲས་ཀྱི་བརྩོན་འགྲུས་རྒྱ་ཆེན་སྟོབས། །ནམ་མཁའི་རྗེས་ཞུགས་མ་ཉམས་བརྟན་པ་ཡིན། འདི་ནི་ཚེ་ཅིག་བརྩོན་འགྲུས་བརྩོན་མེད་པའང་། །བདག་ནི་མཐུ་ཆེན་རྒྱལ་བའི་རྗེས་ཞུགས་སྨྲ། །རྒྱལ་བའི་སྲས་འདི་རྫུ་ཕྲུལ་མཐུ་ཆེན་གྱིས། །གྲངས་མེད་བསྐལ་པ་དུ་མའི་བར་དུ་ཡང་། །རྒྱལ་བའི་གསུང་ཅིག་འོད་ཀྱི་དོན་དུ་འཇུག །རྣམ་ཐར་རྒྱ་ཆེན་སེམས་ཅན་ཡོངས་སྨིན་བྱེད། །དེ་བས་རྒྱལ་སྲས་སྤྱོད་པ་ཆ་ཤས་ཀྱང་། །སྟོང་གསུམ་ཕྲ་རབ་རྡུལ་གྲངས་ང་རྒྱལ་གྱི། །ཡེ་ཤེས་བསྡུས་པས་དཔེར་ཡང་མི་རུང་ཕྱིར། །མཐུ་ཆེན་རྒྱལ་སྲས་བརྩེ་བར་ལྡན་པ་ལ། །དུས་རྣམས་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །དེ་ལྟ་བུའི་དོན་དེ་ཡང་བསྡུས་ཏེ་གསུངས་པ། མོའུ་གལ་གྱི་བུ་དེ་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོར་གྱུར་པ་དེ། གཞན་ཞིག་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་ལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོར་གྱུར་ཏེ། ངས་དེ་བཞིན་གཤེགས་པའི་འོད་དེ་བསྐལ་པ་གྲངས་མེད་པ་གཉིས་ཀྱི་བར་དུ་རྗེས་སུ་འབྲང་སྟེ་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་ཚིགས་སུ་བཅད་པས་གོ་བར་བྱས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སྟོབས་ཀྱི་གོ་ཆ་བསྒོ་བར་བྱའོ། །དེ་བཞིན་གཤེགས་པའི་བཀའ་ལ་ཐེ་ཚོམ་མེད་ཅིང་སོམ་ཉིད་མེད་པར་བྱའོ། །ཞེས་གསུངས་སོ། །གཟི་བརྗིད་དྲག་པོའི་སྐྱེས་པའི་རབས་ཏེ་བརྒྱ་ཐམ་པའོ།། །།སྡོམ་ལ། འོད་བཟང་དྲང་སྲོང་ཏོག་གི་བློ། །སྔོ་སངས་དང་ནི་ཉི་འཕྲེང་སྤོང་། །རྔ་བོང་མུ་ཁྱུད་ཨུཏྤལ། །བྱང་ཆུབ་སེམས་དཔའ་གཉིས་དེ་བཅུ།། །།སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རྨད་དུ་བྱུང་བའི་སྤྱོད་ཚུལ་རྣམ་པར་དག་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་མཛད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གྱུར་པ་འདི་ནི་ཆོས་ཉིད་ཡིན་ལ། ཁྱད་པར་དུ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་ནི་བསྐལ་པ་གྲངས་མེད་པ་ནས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་སྔོན་རོལ་ཏུ་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སོགས་པ་ཆེས་རྨད་དུ་བྱུང་པའི་སྤྱོད་པ་དང་ལྡན་པ་ནས་ཉེ་བར་བཟུང་སྟེ། རྒྱལ་བའི་སྲས་རྒྱ་མཚོ་ལས་ཆེས་རྨད་དུ་བྱུང་བ་ལེགས་པར་འདུན་པ་དང་ལྡན་པའི་ས་གཞི་དང་གསེར་དང་ཟླ་བ་ཚེས་པ་ལྟ་བུའི་བྱང་ཆུབ་ཀྱིས་སེམས་རྣམ་པར་དག་པའི་རྒྱུ་རྐྱེན་གྱིས་ཉེ་བར་འཕངས་པས་ཕ་རོལ་དུ་ཕྱིན་པའི་ལྗོན་ཤིང་ཆེན་པོ་རབ་ཏུ་རྒྱས་པར་གྱུར་ཏེ། སྦྱིན་པའི་རྩ་བ་རབ་ཏུ་བརྟན་པ་ཚུལ་ཁྲིམས་རྣམ་པར་དག་པའི་སྡོང་པོ་བཟོད་པའི་ཡལ་གས་ཤིན་ཏུ་ཕྱེ་ཞིང་བརྩོན་འགྲུས་ཀྱི་ཤུན་པས་ཀུན་ཏུ་ཁྱབ་པ་བསམ་གཏན་གྱི་འདབ་མས་ཀུན་ནས་ཀླུབས་ཤིང་ཤེས་རབ་ཀྱི་མེ་ཏོག་རབ་ཏུ་གསལ་བ་ཐབས་མཁས་པའི་དྲི་བསུང་རབ་ཏུ་འཕྲོ་བ་ཅན་སྨོན་ལམ་གྱི་འབྲས་བུ་མངར་བས་ཀུན་ཏུ་གཡོགས་ཤིང་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པའི་མཐུ་དང་ལྡན་པ་ཅན་ཡེ་ཤེས་ཀྱི་ཡོན་ཏན་རྨད་དུ་བྱུང་བས་སེམས་ཅན་གྱི་ཉོན་མོངས་པའི་ནད་སེལ་བར་བྱེད་ཅིང་རང་གི་ཡོན་ཏན་གྱི་ཁྱད་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེས་སྐྱེས་པའི་རབས་རྒྱ་མཚོ་དཔག་ཏུ་མེད་པ་བསྟན་ནས། རང་གི་སྨོན་ལམ་དང་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་སྨིན་པ་མཛད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་བསྐལ་པ་བཟང་པོ་འདི་ལ་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་གཤེགས་པ་མཛད་པའི་ཚེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཡང་དགའ་ལྡན་གྱི་གནས་སུ་སྐྱེ་བ་ཡོངས་སུ་བཟུང་ནས། དགའ་ལྡན་གྱི་ལྷའི་བུ་རྣམས་ལས་གནས་གསུམ་གྱི་རྨད་དུ་བྱུང་བ་བསྟན་ཏེ་རྒྱལ་ཚབ་མཛད་པར་གྱུར་ཏོ་ཞེས་གྲགས་སོ། །བསྐལ་པ་རྒྱ་མཚོ་དཔག་ཏུ་མེད་པ་རུ། །ཐུགས་རྗེ་རྒྱ་མཚོའི་རླབས་ཀྱིས་རབ་བསྐུལ་ནས། །སྐྱེས་རབས་རྒྱ་མཚོའི་འཕྲེང་བ་སྟོན་བྱེད་པ། །གནས་འདི་ཀླུ་དབང་རྒྱ་མཚོ་ཁྱོད་ལ་མངའ། །སྙིང་རྗེའི་ཆུ་རླུང་དཔག་གཡས་ཉེར་འབབ་ཅིང་། །ཡོན་ཏན་གནས་དང་ནགས་ཀུན་བསྐྱེད་བྱེད་པ། །འཕེལ་འགྲིབ་མེད་པའི་ཐུགས་སུ་རོ་ཅིག་པ། །རྒྱལ་བའི་སྲས་མཆོག་ཀླུ་དབང་མཚུངས་མེད་མཐུ། །ཉིན་མོར་བྱེད་དང་མཚན་མོའི་གསལ་བྱེད་ནི། །མཁའ་ལ་གསལ་མཚུངས་མཚུངས་པ་མེད་གསལ་བ། །འགའ་ཞིག་བྱེད་པའི་པད་མ་འཛུམ་བྱེད་ལ། གཞན་ནི་ཀུ་མུ་ད་རྣམས་རབ་གསལ་བྱེད། །དེ་བས་ཁྱོད་ཐུགས་དཀྱིལ་འཁོར་འོད་ཟེར་གྱིས། །སྙིགས་དུས་མཆོག་གི་པད་མ་དགོད་པ་བཞིན། རྒྱལ་བའི་སྲས་གཞན་ཞིང་དང་གདུལ་བྱ་རྣམས། དག་པའི་ཀུ་མུད་ཚལ་རབ་རྒྱས་བྱེད་ཅེས། །ཁྱོད་ཀྱི་གསུང་རབས་རྔ་སྒྲའི་བྲག་ཆ་ལས། །གསལ་བར་གྲགས་པ་ཐོས་པ་བཞིན་དུ་གྱུར། །དེ་བས་ཁྱོད་ལ་བདག་གིས་རྣམ་ཀུན་ཏུ། །ལྷག་པའི་ཡོན་ཏན་མངའ་བར་གྱུར་པ་སྙམ། དེ་ནས་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གྱི་གནས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་དེ་ཐུགས་ལ་དགོངས་པ་འདི་ལྟ་བུ་མངོན་སུམ་དུ་གྱུར་ཏེ། གང་ངས་སྐྱེ་བ་མང་པོར་ཡོངས་སུ་འཁོར་བ་ན་རང་གི་ཤ་དང་ཁྲག་དང་མགོ་དང་མིག་དང་བུ་དང་ཆུང་མ་རྣམས་གཏོང་བ་དང་ཤིན་ཏུ་གཏོང་བས་ཡོངས་སུ་གཏོང་པ་དང་། དཀའ་བའི་ཚུལ་ཁྲིམས་ལ་གནས་པ་དང་། །གཞན་གྱིས་སྦྱར་བའི་བསྙེན་བཀུར་མ་ཡིན་པ་སྣ་ཚོགས་བཟོད་པར་བྱས་པ་དང་། རྟག་ཏུ་ལྡོག་པ་མེད་པའི་སྤྲོ་བ་དང་། འབྲས་བུ་དང་བཅས་པའི་ཏིང་ངེ་འཛིན་ལ་མ་ཆགས་པར་གཞན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས། ཨེ་མའོ་འདི་ལྟར་འཇིག་རྟེན་འདྲེན་པ་མེད་པ། སྐྱབས་དང་སྐྱོབ་པ་མེད་པར། སྙིགས་མ་རྣམས་ལྔ་དང་བཅས་པ་རྣམས་ལ་མ་བརྒལ་བ་རྣམས་སྒྲལ་བ་དང་མ་གྲོལ་བ་རྣམས་གྲོལ་བ་དང་དབུགས་མ་ཕྱུང་པ་རྣམས་དབུགས་དབྱུང་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཡུན་རིང་པོ་ནས་བསམས་པ་གང་ཡིན་པ་ནི་དུས་ལ་བབ་པོ་སྙམ་དུ་དགོངས་སོ། །དེའི་ཚེ་སྔོན་གྱི་སྨོན་ལམ་དང་། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་མཐུས། །ལྷ་རྣམས་ཀྱིས་ནི་རོལ་མོ་ལས། །སྒྲ་འདིས་གསལ་བར་ཡོངས་སུ་བསྐུལ། །བསོད་ནམས་རྒྱ་ཆེན་ཚོགས་ལྔ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་ཅིང་། །མཚུངས་མེད་སྟོབས་མངའ་མཐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བསྐུལ་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་རྗེས་སུ་བསྟན་ཅིང་བྱང་ཆུབ་སེམས་དཔའ་བྱམས་པ་རྒྱལ་ཚབ་དུ་དབང་བསྐུར་ཏེ། རིགས་དང་། དུས་དང་། ཡུལ་དང་། རྒྱུད་དང་། ཡུམ་ལ་གཟིགས་པ་མཛད་ནས། འཛམ་བུའི་གླིང་འདིར་སྙིགས་མ་ལྔ་དང་ལྡན་པའི་དུས་སུ་ཤཱཀྱའི་རྒྱུད་བུ་རམ་ཤིང་པའི་ཉི་མའི་རུས། ཡུལ་དབུས་ཀྱི་སེར་སྐྱའི་གྲོང་ཁྱེར་གྱི་དབུས་སུ་རྒྱལ་པོ་ཟས་གཙང་མ་དང་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་པ་མཛད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དཔྱིད་ཟླ་ཐ་ཆུང་གི་ཚེ་ཚེས་བཅོ་ལྔའི་སྐར་མ་རྒྱལ་ལ་བབ་པའི་དུས་སུ་ལྷ་རྣམས་ཀྱི་དབང་པོས་ཡུམ་གྱི་ལྷུམས་སྦྱངས་ཤིང་། ཡུམ་གསོ་སྦྱོང་བླངས་པའི་ལྷུམས་སུ་ཞུགས་པ་མཛད་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཛད་ཅིང་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་གྱུར་ཏོ། །གདེངས་ཀ་ཅན་གྱི་མཐུས་སྐྱོད་པའི། །ཆུ་ཡང་མཁའ་ལ་བསྐྱོད་པ་ལས། །མཐོང་ཞིང་ནུབ་མོའི་ཟླ་བ་བཞིན། །འདིར་ཡང་མཚུངས་པར་གྱུར་པ་འདྲ། །གང་ཚེ་དཔལ་ལྡན་མཉམ་མེད་ཉེར་གཤེགས་པ། །དེ་ཚེ་འཇིག་རྟེན་སོ་སོའི་གླིང་བར་ན། །མུན་གྱིས་ཁེབས་གྱུར་ཕྱོགས་རྣམས་ཐམས་ཅད་དུ། །གསལ་སྣང་འབྱུང་འགྱུར་འདི་ནི་ཆོས་ཉིད་དོ། །གང་གི་ཚེ་ལྷུམས་སུ་ཞུགས་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་རྨི་ལམ་བཟང་པོ་དག་མཐོང་སྟེ་རྒྱལ་པོ་ལ་གསོལ་བ་ལྷ་གསན་དུ་གསོལ། གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་པ། །འགྲོས་བཟང་ལུས་ཚིག་རྡོ་རྗེ་བཞིན་བརྟན་པ། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ནའང་། །མ་མཐོང་མ་ཐོས་མྱོང་པར་མ་གྱུར་ཏེ། །ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེ་གྱུར་ནས། །བསམ་གཏན་མཉམ་པ་བཞག་པ་བཞིན་དུ་གྱུར། །ཞེས་ཅི་ལྟར་རྨིས་པ་བཞིན་དུ་གསོལ་པ་དང་། རྒྱལ་པོས་བྲམ་ཟེ་རྣམས་ལ་དྲིས་པ། དེ་ནི་ཤིན་ཏུ་དགེ་ཏེ་འཁོར་ལོ་བསྒྱུར་བའམ་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་རིགས་བྱེད་ལས་བྱུང་བ་བཞིན་དུ་སྨྲས་ཤིང་སེམས་རངས་པར་གྱུར་ཏོ། །གང་ཚེ་ཐུབ་ཆེན་ཡུམ་གྱི་ལྷུམས་ཞུགས་པ། །དེ་ཚེ་ལྷ་རྣམས་སྙན་པའི་སྒྲ་དབྱངས་སྒྲོགས། །དབང་པོར་བཅས་པའི་ལྷ་རྣམས་ཀུན་གྱིས་བསྲུངས། །ཚངས་དབང་ལྷ་རྣམས་ཀུན་གྱིས་མཆོད་པར་བྱེད། །གཞལ་མེད་དབྱིབས་ལེགས་རིན་ཆེན་དུ་མས་སྤྲས། ཙན་དན་དྲི་ཞིམ་མཆོག་གིས་རབ་ཏུ་བསྒོས། དེར་ནི་དཔའ་བོ་རྣམ་པར་ཞུགས་པར་གྱུར། །ཇི་ལྟར་ལྷ་དབང་གཞལ་མེད་ཁ ང་གནས་བཞིན། །དཔེར་ན་ནོར་བུ་ཤེལ་ཚོན་འོད་གསལ་དང་། །རབ་གཙང་ཀཱ་ཤིའི་རས་ཀྱང་གོས་པ་མེད། །དེ་བཞིན་ཐུབ་ཆེན་ལྷུམས་ན་ཞུགས་པ་ན། །མངལ་གྱི་དྲི་མས་ཅིས་ཀྱང་གོས་པ་མེད། །གང་ཚེ་ལྷུམས་སུ་ཞུགས་པ་དེའི་ཚེ། །དེ་ཡུམ་ལུས་ངལ་དུབ་པར་གྱུར་པ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་གནོད་པ་བྲལ། །མགུ་བའི་སེམས་དང་དགའ་བའི་ཡིད་བདེར་གནས། །ལས་ཀྱི་རྣམ་སྨིན་ཟད་པས་མཐོ་རིས་ཐོབ། །དེ་ཚེས་འགྱུར་བ་འདི་ནི་ཆོས་ཉིད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྷུམས་དུ་ཞུགས་པའི་ཚེ་རྣམ་པར་འཕྲུལ་བ་དུ་མས་སྐྱེ་བོ་ཡོངས་སུ་སྨིན་པར་ནི་མཛད། རྒྱལ་པོ་ཟས་གཙང་མས་ཀྱང་སྡུག་འཕོངས་རྣམས་ལ་སྦྱིན་པ་ནི་གཏོང་། དགེ་ལེགས་ཐམས་ཅད་ནི་ཟླ་བ་ཡར་གྱི་ངོ་བཞིན་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པ་ན། ལྷ་རྣམས་ཀྱིས་མཆོད་པ་ལ་སོགས་པའི་སྔ་ལྟས་སུམ་ཅུ་སོ་གཉིས་བྱུང་ཏེ། ལྷ་མོ་སྒྱུ་འཕྲུལ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ནས། རྒྱལ་པོ་ལ་གསོལ་བ། བདག་གི་བསམ་པ་གང་ལགས་གསོལ་གྱིས་གསན་དུ་གསོལ། །ཡུན་རིང་ཐལ་ནས་སྐྱེད་མོས་ཚལ་གྱི་བློ་སྐྱེས་ཏེ། །གལ་ཏེ་ཁྱོད་ནི་བཀྱོན་ཞིང་ཕྲ་དོག་མི་མངའ་ན། །བདག་ནི་རྩེན་ས་སྐྱེད་མོས་ཚལ་དུ་མཆི་བར་གསོལ། །ས་ལའི་ཤིང་ལྗོན་མཆོག་རྣམས་ཀྱང་། །མྱུ་གུ་མེ་ཏོག་ཁ་འབུས་ཏེ། །རྨ་བྱ་ཁུ་བྱུག་སྣ་ཚོགས་རྣམས། །གཙང་ཞིང་མཛེས་པ་སྒྲ་སྙན་འབྱིན། །སྐྱེད་མོས་ཚལ་དུ་མཆི་བར་རིགས། །ལེགས་པར་བཀའ་ལུང་སྩལ་དུ་གསོལ། །རྒྱལ་པོས་ལྷ་མོའི་ཚིག་དེ་སྐད་ཐོས་ནས་མགུ་བའི་ཚིག་གིས་མྱུར་དུ་འཁོར་རྣམས་ལ་སྨྲས་པ། ཡོན་ཏན་ཕུན་སུམ་ཚོགས་ལྡན་ལུམ་པའི་ཚལ་རྒྱན་གྱིས། །རོ་སྔོའི་མདོག་ཅན་སྤྲིན་གྱི་ཁ་དོག་མཐུན་གྱུར་པའི། །གླང་པོ་སྟོང་ཕྲག་ཉི་ཤུ་མྱུར་དུ་བཏང་པར་གྱིས། །ནོར་བུས་རྣམ་པར་སྤྲས་ཤིང་གསེར་གྱི་དྲ་བས་སྤུད། །རྒྱལ་པོའི་བཅིབས་པ་རླུང་ལྟར་མགྱོགས་པའི་ཤུགས་ལྡན་པ། །དངུལ་དང་ཁ་བའི་གདོང་འདྲ་རྔ་རྡོག་ལྕང་ལོ་བཟང་། །རྟ་མཆོག་སྟོང་ཕྲག་ཉི་ཤུ་བགྲངས་པ་མྱུར་དུ་བསྟོད། །སྐྱེས་བུ་བརཏལ་ཕོད་གཡུལ་ལ་མོས་ཤིང་འཐབ་ན་དཔའ། །མདའ་གཞུ་རལ་གྲི་མདུང་ཐུང་ཞགས་པ་མཚོན་ཆ་ཐོགས། །སྟོང་ཕྲག་ཉི་ཤུ་བགྲངས་པ་མྱུར་དུ་བཤམས་གྱིས་ལ། །སྒྱུ་འཕྲུལ་འཁོར་དང་བཅས་པ་བག་ཡོད་བསྲུང་པར་གྱིས། །དེ་ལྟར་བཤམས་ནས་མྱུར་དུ་ང་ལ་སྦྲན་པར་གྱིས། །དེ་ནས་ཇི་ལྟར་བསྒོ་བ་བཞིན་དུ་འཁོར་རྣམས་ཀྱིས་ལེགས་པར་བཤམས་ནས། དཔྱིད་ཀྱི་དུས་ཀྱི་རྒྱལ་དང་འཛོམ་པའི་ཚེས་བརྒྱད་ཀྱི་སྔ་དྲོ་བཀོད་པའི་ཁྱད་པར་དུ་མས་རྒྱལ་པོ་ཟས་གཙང་མ་དང་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམ་བི་ནའི་ཚལ་དུ་འགྲོ་བར་བརྩམས་སོ། །དེ་ཚེ་ལྷ་མོ་སྒྱུ་འཕྲུལ་གྱིས། །སེར་སྐྱའི་སྒོ་དྲུང་ཕྱིན་པ་དང་། །ཚངས་པའི་བུ་དང་སྐྱེ་བོའི་ཚོགས། །ཆེད་དུ་བརྗོད་པའི་སྒྲ་སྙན་འབྱིན། །དེ་ཚེ་ཤིང་རྟ་རིན་ཆེན་མཆོག །ལྷའི་གོས་ཀྱིས་ལེགས་བཀབ་ཅིང་། །གཡེར་ཀའི་དྲ་བ་མཆོག་གིས་བཀབ། །གདུགས་དང་རྒྱལ་མཚན་བ་དན་གྱིས། བརྒྱན་པའི་ཤིང་རྟ་མཆོག་དེ་ལ། །ལྷ་མོ་སྒྱུ་འཕྲུལ་འདུག་གྱུར་པ། །དེ་ཚེ་ས་འདི་རྣམ་དྲུག་གཡོས། །དེ་ལྟར་མཐུ་ཆེན་གསལ་བར་གྱུར། །དེ་ནས་ལྷ་མོ་སྒྱུ་འཕྲུལ་དཔུང་གི་ཚོགས་ཡན་ལག་བཞིས་ནི་ཡོངས་སུ་བསྲུངས། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲིས་ནི་མདུན་དུ་བདར། ཤཱཀྱའི་རིགས་རྒན་པ་དང་གཞོན་པ་དང་བར་མ་བཞི་ཁྲིས་ནི་ཡོངས་སུ་སྐོར། ལྷ་དང་ཀླུ་དང་དྲི་ཟ་དང་མིའམ་ཅི་དང་ལྷ་མ་ཡིན་གྱི་བུ་མོ་བརྒྱད་ཁྲི་བཞི་སྟོང་བཀོད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཤ་སྟག་ཀླུ་དང་རོལ་མོའི་སྒྲ་དབྱངས་ཀྱིས་བསྔགས་པ་བརྗོད་པས་རྗེས་སུ་འབྲང་ཞིང་། གཞན་ཡང་ལྷ་མོ་སྒྱུ་འཕྲུལ་འདུག་པའི་ཤིང་རྟ་མཆོག་དེ་ནི། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས་ཀྱིས་འདྲེན་པར་བྱེད། །ཚངས་དང་བརྒྱ་བྱིན་ལམ་རྣམས་ཀུན་ཏུ་སེལ་བྱེད་ཅིང་། །ལྷ་རྣམས་བརྒྱད་སྟོང་དུ་མས་ཐལ་མོ་སྦྱར་ནས་འདུད། ཨེ་མའོ། །འདི་ནི་ལྷའི་ལྷ་ཅིག་མཆོག་གྱུར་ཞེས །རྒྱལ་པོ་རབ་ཏུ་དགའ་བའི་སེམས་ཀྱིས་དེ་ལ་ལྟ། །དེ་ཚེ་ལྷ་དང་མིའི་དཔལ་འབྱོར་འདྲེས་གྱུར་ཅིང་། །ལུམ་པའི་ཚལ་རབ་ལྷ་རྣམས་ཀུན་གྱིས་ལེགས་པར་བརྒྱན། །དེ་ཚེ་ནགས་ཚལ་དམ་པ་དེ། །མེ་ཏོག་མྱུ་གུ་རྒྱས་གྱུར་ཏེ། །ལྷ་རྣམས་མཐུ་ཡིས་ཕྱེ་བ་ཡིས། །ཡིད་དང་ལྷན་ཅིག་འབྲེལ་པ་བཞིན། །མེ་ཏོག་མྱུ་གུའི་ཐལ་མོ་རྣམས། །རབ་ཏུ་ཕྱེ་ཞིང་གསལ་བ་ཡིས། །རླུང་གིས་ཕོག་པའི་གེ་སར་དྲི། །ཕྱོགས་ཀུན་ཁྱབ་པར་བྱེད་པ་འདྲ། བྱང་ཆུབ་སེམས་དཔའ་དཔག་མེད་དང་། །ལྷ་དང་མིར་བཅས་ཐམས་ཅད་ཀུན། །དེ་ཚེ་ཆོས་ཀྱི་དགའ་སྟོན་གྱིས། །འཇིག་རྟེན་ཁྱབ་པར་བྱེད་དོ་ཞེས། །དབུལ་པོའི་ཚོགས་རྣམས་འདུས་པ་བཞིན། །ཡིད་ནི་དགའ་བས་དྲངས་པར་གྱུར། །སྒྱུ་འཕྲུལ་སྲས་དང་བཅས་རྣམས་ལ། །མཆོད་ཕྱིར་མཆོད་པའི་བྱེ་བྲག་རྣམས། མཆོད་སྤྲིན་རྒྱ་མཚོའི་རླབས་འཕྲེང་ཅན། །དེ་ཡི་མཐུ་ཡིས་བཟློག་པ་འདྲ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ཤིང་རྟ་མཆོག་ལ་བབས་ནས་འཆག་ན་དགའ་བའི་བདེ་བ་རྗེས་སུ་མྱོང་ཞིང་། དེ་རིམ་གྱིས་ཤིང་རིན་པོ་ཆེའི་མཆོག་བླ་ཀྵི་དྲུང་དུ་ཕྱིན་ཏེ། ནམ་མཁའི་ངོས་ལ་སྣང་བའི་གློག་གི་འཕྲེང་བ་ལྟ་བུའི་ཡན་ལག་རིན་པོ་ཆེའི་རྒྱན་གྱིས་མངོན་པར་མཛེས་པ། གཡས་པ་བརྐྱང་ནས་བླ་ཀྵའི་ཡལ་ག་ནས་བཟུང་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་མའི་བློ་གཡས་པ་ནས་དྲན་བཞིན་ཤེས་བཞིན་མངལ་གྱི་དྲི་མས་མ་གོས་པར་བྱུང་སྟེ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང་། །མི་མཇེད་བདག་པོ་ཚངས་པ་གཉིས་ཀྱིས་གོས་ཀཱ་ཤི་ཀའི་སླེབ་མོས་བྱང་ཆུབ་སེམས་དཔའ་བླངས་སོ། །དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ས་ལ་བབས་པ་ན་པདྨ་ཆེན་པོ་ཅིག་རང་བྱུང་བའི་སྟེང་དུ་ཞབས་བཞག་སྟེ་སེང་གེའི་ལྟ་སྟངས་ཀྱིས་ཕྱོགས་རྣམས་སུ་གཟིགས་ནས་ཤར་ཕྱོགས་སུ་གོམ་པ་བདུན་བོར་ཏེ་སེམས་ཅན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་གོམ་པ་བདུན་བོར་ནས་འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །ནུབ་ཕྱོགས་སུ་ངའི་སྐྱེ་བ་མཐའ་མ་ནི་འདི་ཡིན་ནོ་ཞེས་པ་དང་། བྱང་ཕྱོགས་སུ་སྲིད་པའི་རྒྱ་མཚོ་ལས་བརྒལ་བར་བྱའོ་ཞེས་གསུངས་པར་གྱུར་ཏོ། །གང་ཚེ་རྣམ་འདྲེན་བལྟམས་པར་གྱུར་པས་ས་ནི་རིར་བཅས་ཤིན་ཏུ་གཡོས། ཉིན་མོར་བྱེད་པས་སྣང་བར་ནུབ་མིན་གླིང་བར་རྣམ་ཀྱང་གསལ་བར་གྱུར། ཚང་སོགས་ལྷ་རྣམས་བླ་མ་དེ་ལ་བསྟོད་ཅིང་མཆོད་པས་ཕྱག་ཀྱང་འཚལ། །རྒྱ་མཚོའི་ཀླུ་དབང་ཚོགས་རྣམས་སྤོས་ཆུས་རྐང་གཉིས་གཙོ་ལ་སྐུ་ཁྲུས་གསོལ། །བྲམ་ཟེ་རྣམས་ཀྱིས་ས་བདག་མཆོག་དང་རྒྱལ་བའི་དབང་པོར་ལུང་སྟོན་བྱེད། །གྲོང་ཁྱེར་མཆོག་གི་དཔལ་རྣམས་རྒྱས་པས་བཀོད་མའི་ཆུ་བོ་བཞིན་དུ་འཕེལ། །དེ་ཚེ་དོན་རྣམས་གྲུབ་བོ་ཞེས། །དེའི་མཚན་གྱི་ཁྱད་པར་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་འགེངས་པའི། །ལྷ་ཡི་རྔ་སྒྲ་བཞིན་དུ་གྲགས། །དེ་ཚེ་དྲང་སྲོང་ནག་པོས་ཀྱང་། །རྫུ་འཕྲུལ་སྟོབས་ཀྱིས་ཉེར་སོང་ཏེ། །འདི་ནི་རྒྱལ་དབང་འགྱུར་རོ་ཞེས། །དེ་ལ་ཡ་མཚན་སྐྱེས་གྱུར་ཏེ། །གདུང་པའི་ཤུགས་ཀྱིས་བསྐྱོད་པ་ཡིས། །གཟུགས་འཛིན་དབང་པོ་རྒྱ་མཚོ་ལས། །ཆར་པའི་རྒྱུན་བཞིན་བབ་གྱུར་ཏེ། གདུང་པའི་སྙན་ངག་བརྗོད་ཞེས་གྲགས། དེའི་ཚེ་རྒྱལ་པོས་རྐྱང་ཕྱག་བྱས་ཏེ་སྨྲས་པ། ཁྱོད་ལ་ལྷ་ཀུན་ཕྱག་འཚལ་ཞིང་། །དྲང་སྲོང་རྣམས་ཀྱིས་མཆོད་གྱུར་ཏེ། འཇིག་རྟེན་ཀུན་གྱིས་མཆོད་རྟེན་པས། བདག་ཀྱང་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བསྟོད་དོ། །ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེས་སོ། །དེ་ནས་རིན་པོ་ཆེ་སྣ་ཚོགས་བཀོད་པ་ཞེས་བྱ་བའི་ཁང་བཟང་སུ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་མ་མ་བཅུ་དྲུག་དང་། མཆོད་པའི་ལས་བྱེད་པ་དུ་མ་དག་གིས་རིམ་འགྲོ་བྱེད་ཅིང་སེམས་ཅན་དུ་མ་དག་ཡོངས་སུ་སྨིན་པར་མཛད་དོ། །ཉིད་ཀྱི་མཐུ་ཆེན་ཁྱད་པར་འགྲོ་བ་ལ། བསྟན་ཕྱིར་ལུམ་བིའི་ཚལ་རབ་ཉམས་དགའ་ན། ཚེས་བརྒྱད་རྒྱལ་དང་འཛོམ་པའི་དུས་ཀྱི་ཚེ། ཉིད་ཀྱི་མཐུ་ཡིས་བལྟམས་པར་གྱུར་ཞེས་གྲགས། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པས་སེམས་ཅན་གྱི་དོན་དུ་བཟོའི་གནས་ལ་མཁས་པར་མཛད་དེ། ཐོག་མར་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་བྱིས་པ་སུམ་ཁྲི་ཉིས་སྟོང་དང་བཅས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་པར་མཛད་པའི་ཕྱིར་ཡི་གེའི་གྲྭར་འཇུག་པ་བསྟན་ཏེ། བདག་ཉིད་ཀྱི་རྨད་དུ་བྱུང་བའི་ཡོན་ཏན་བསྟན་པའི་ཕྱིར་ལྷ་དང་ཀླུ་དང་ཚངས་པའི་ཡི་གེ་ལ་སོགས་པ་ཡི་གེའི་རིགས་དྲུག་ཅུ་རྩ་བཞི་མཁྱེན་པར་བསྟན་ཅིང་དེ་བཞིན་དུ་རལ་གྲིའི་ཐབས་འཕོངས་དང་གྱད་ཀྱི་འཛིན་སྟངས་ལ་སོགས་པའི་རྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་རིགས་བྱེད་དུ་མ་ཡང་མཁྱེན་པར་བསྟན་པར་མཛད་དོ། །རྨད་བྱུང་ཡོན་ཏན་རྒྱ་ཆེ་མཐུ་མངའ་བ། །དེ་ཡང་འཇིག་རྟེན་དོན་དུ་མཐུན་འཇུག་ཅིང་། དེ་དང་དེའི་རྣམ་པ་གསལ་བྱེད་དེ། །ཀུན་དའི་ཚལ་དུ་ཟླ་འོད་ཞུགས་པ་བཞིན། །དྲེགས་པ་ཟིལ་གནོན་འཇིག་རྟེན་པད་མོའི་ཚལ། དེའི་བློ་གྲོས་ཟུམ་པར་གྱུར་པ་སྙམ། །དེ་ནས་བྱང་ཆུབ་སེམས་དཔའ་ཞིང་པའི་གྲོང་དུ་བྱོན་ནས་ཉམ་ཐག་པར་གྱུར་པའི་འགྲོ་བ་རྣམས་དབུགས་ཕྱུང་ནས་བྱང་ཆུབ་དུ་སྨིན་པར་མཛད་དེ། དེ་ནས་རིམ་གྱིས་འཛམ་བུའི་ཤིང་ལྗོན་པ་མེ་ཏོག་དང་ལོ་མ་ལྟ་ན་སྡུག་པ་ས་ཕྱོགས་ཤིན་ཏུ་མཉམ་པ་ཞིག་གཟིགས་ནས་བྱང་ཆུབ་སེམས་དཔའི་དཀྱིལ་མོ་དཀྲུང་བཅས་ཏེ་བསམ་གཏན་ལ་མཉམ་པར་བཞག་པ་ན། དེའི་ཚེ་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་ལྔ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ནམ་མཁའ་ལ་དོང་པ་བྱང་ཆུབ་སེམས་དཔའི་ཐད་ནས་འགྲོ་བར་མ་ནུས་པ་དང་། འོག་ཕྱོགས་སུ་བལྟས་ནས་གཞོན་ནུ་གཟི་བརྗིད་རབ་ཏུ་འབར་བ་མཐོང་སྟེ། འདི་སུ་ཞིག་སྙམ་དུ་སེམས་པ་དང་། ནགས་དེའི་ལྷ་མོ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོའི་གཙོ་བོ་ཤཱཀྱའི་རིགས་བྱུང་ཉི་མ་ཤར་ལྟར་འབར་བའི་འོད། །མཁས་པ་ཟླ་ཞལ་པད་མ་རྒྱས་འདྲའི་ཁ་དོག་ལྟ་བུར་རབ་མཛེས་པ། །ལྷ་ཀླུ་གནོད་སྦྱིན་དྲི་ཟས་མཆོད་པ་དེ་ནི་བསམ་གཏན་དགོངས་ཤིང་ཚལ་འདིར་བཞུགས། བསྐལ་པ་དཔག་མེད་བསོད་ནམས་སྤེལ་བ་དེ་མཐུས་རྫུ་འཕྲུལ་སྟོབས་བཟློག་གོ །དེ་ནས་དེ་དག་ས་ལ་བབས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས། འཇིག་རྟེན་ཉོན་མོངས་མེས་གདུངས་པ། །བསིལ་མཛད་མཚོ་ཆེན་འདིར་བྱུང་སྟེ། །གང་གིས་འཇིག་རྟེན་ཚིམ་གྱུར་པའི། །ཆོས་དེ་འདི་ཡི་རྙེད་པར་འགྱུར། ཞེས་བྱ་བ་ལ་སོགས་པའི་བསྟོད་ནས་སོང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་མ་ཡང་གཞོན་ནུའི་ཕྱི་བཞིན་དུ་སོང་ན་དེ་ལྟར་དུ་མཛད་པ་མཐོང་ནས། ཚིགས་སུ་བཅད་པ། རིའི་སྤོ་ལ་མེ་འབར་འདྲ་བ་སྟེ། །ཟླ་བ་སྐར་མའི་ཚོགས་ན་འདུག་པ་བཞིན། །གཟི་བརྗིད་རབ་འབར་བསམ་གཏན་བྱེད་མཐོང་ན། །ང་ཡི་ལུས་འདི་ཤིན་ཏུ་འདར་བར་གྱུར། ཞེས་སྨྲས་ནས་བྱང་ཆུབ་སེམས་དཔའ་ལ་བལྟས་པ་ན། ཤིང་གཞན་གྱི་གྲིབ་མ་ཤར་དུ་བབ་ཀྱང་། །འཛམ་བུའི་གྲིབ་མ་སྐུ་ལས་མ་གཡོས་པ་མཐོང་ནས་ཞབས་ལ་ཕྱག་འཚལ་ཏེ། །ཐུབ་པ་གང་ཚེ་བལྟམས་པ་དང་། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་བརྗོད་དོ། །དེ་ནས་འཇིག་རྟེན་པ་དང་རྗེས་སུ་མཐུན་པའི་སྤྱོད་པའི་བུད་མེད་ཀྱི་ཚོགས་རྣམས་ཡོངས་སུ་གདུལ་བའི་ཕྱིར། རོལ་རྩེད་བསྟན་པར་དགོངས་ཏེ། དེའི་ཚེ་ཤཱཀྱ་རྒན་རབས་དག་འདུས་ནས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་བྲམ་ཟེ་ལྟས་མཁན་རྣམས་དང་ལྷ་རྣམས་ཀྱིས་ལུང་བསྟན་ཏེ། ཁྱིམ་ན་གནས་ན་འཁོར་ལོ་བསྒྱུར་བར་འགྱུར་ལ། མངོན་པར་བྱུང་ན་ནི་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པ་ལགས་ན་གཞོན་ནུའི་བཙུན་མོ་བླང་བར་བགྱི་སྟེ། དེ་ལྟ་ན་ཁབ་ནས་མངོན་པར་བྱུང་བར་མི་འགྱུར་ལ། བདག་ཅག་གི་འཁོར་ལོ་བསྒྱུར་བའི་གདུང་རྒྱུད་ཆད་པར་མི་འགྱུར་རོ་ཞེས་གསོལ་ཏོ། །ཟས་གཙང་མས་སྨྲས་པ། གལ་ཏེ་དེ་ལྟར་བྱ་ན་དེ་གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་ཞིག་ཡོད་པ་ཁྱེད་ཀྱིས་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་དེ་སྐད་ཅེས་གསོལ་པ་དང་། འདི་སྙམ་དུ་དགོངས་ཏེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་བཙའ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་དག་པས་ཞི་སེམས་སུ། །མི་སྨྲ་ནགས་ཚལ་ཞི་བར་གནས་པར་བྱ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་སྨིན་པར་བལྟས་ནས་གོ་སྐབས་ཕྱེ་བ་དང་། འདུན་ན་འདོན་གྱིས་ཕྱོགས་ཀུན་ཏུ་བརྟགས་པ་ལས། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་མཚོ་མ་ཞེས་བྱ་བ་ཡོན་ཏན་དུ་མ་དང་ལྡན་པ་སྔོན་གྱི་རྒྱལ་བ་ལ་སྨོན་ལམ་བཏབ་པ་ཞིག་གནས་པ་མཐོང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་མས་བྲམ་ཟེ་འདུན་ན་འདོན་ཕོ་ཉར་བཏང་ཏེ་ཁྱོད་ཀྱི་བུ་མོ་ཞིག་ཡོད་པ་དེ་ངའི་གཞོན་ནུ་ལ་བྱིན་ཅིག་ཅེས་སྤྲིངས་སོ། །ལག་ན་བེ་ཅོན་ཅན་གྱིས་སྨྲས་པ། འཕགས་པ་གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་པར་འཁྲུངས་པ་ལགས་པས་བདག་ཅག་གིས་རིགས་ཀྱི་ཆོས་ནི་འདི་ལྟ་བུ་ལགས་ཏེ། སྒྱུ་སྩལ་ཤེས་པ་ལ་གཏོང་གིས། སྒྱུ་སྩལ་མི་ཤེས་པ་ལ་མི་གཏོང་ལགས་ཞེས་གསོལ་པ་དང་བྱང་ཆུབ་སེམས་དཔས་གསན་ནས་བཀའ་སྩལ་པ། གང་སེར་སྐྱའི་གྲོང་ཁྱེར་ན་ང་དང་སྒྱུ་སྩལ་གྱི་སྟོབས་འགྲན་པ་ལྟ་ཡོད་ན་འདུས་ཅིག །སྒྱུ་སྩལ་བསྟན་པར་བྱའོ་ཞེས་གསུངས་ནས། གང་སྒྱུ་སྩལ་སྟོན་པའི་གནས་དེར་ལྷ་དང་མི་འབུམ་ཕྲག་དུ་མ་འདུས་པར་གྱུར་ཏོ། །དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ། སྒྱུ་སྩལ་བསྙེམས་པས་སེར་སྐྱའི་ཕྱི་རོལ་དོང་ངོ་། །སྒོ་དྲུང་དེར་ནི་གླང་ཆེན་མཆོག་འདུག་པ། །ལྷ་སྦྱིན་གྱིས་ནི་ཐལ་མོ་ཅིག་རྒྱབ་གསད། །མཛེས་དགའ་ཡིས་ནི་ལག་དུ་བླངས་ཏེ་དོར། །དེ་ཚེ་བྱང་ཆུབ་སེམས་དཔས་དེ་གཟིགས་ནས། །ཞབས་ཀྱི་ཐེབ་བོས་བླངས་ཏེ་རྒྱང་རིངས་འཕངས། །ལྷ་དང་མི་རྣམས་ངོ་མཚར་སྐྱེས་གྱུར་ཏེ། །དེང་སང་དུ་ས་ན་ཡང་གླང་པོའི་ཤོངས་ཞེས་གྲགས། །དེ་ཚེ་རྩིས་དང་ཡི་གེ་དང་། །གྱད་ཀྱི་འཛིན་སྟངས་ལ་སོགས་པ། །སྒྱུ་སྩལ་དྲུག་ཅུ་རྩ་བཞི་ལ། །ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཡིས། །ཅུང་ཟད་ཙམ་ཡང་འགྲན་མ་ནུས། །དེས་ནི་ངོ་མཚར་ཆེན་པོར་གྱུར། །འཕོང་གི་ལས་ཀྱང་ཉེར་སྟོན་པ། གཞོན་ནུ་རྣམས་དང་ཀུན་དགའ་བོ། །ལྷས་སྦྱིན་མཛེས་དགའ་བེ་ཅོན་ཅན། །དེ་ཚེ་རྒྱང་གྲགས་གཅིག་དང་གཉིས། །བཞི་དང་དྲུག་དང་བརྒྱད་ཀྱི་བར། །སོ་སོའི་སྒྱུ་སྩལ་རབ་བསྟན་པ། །ཟིལ་གྱིས་མནན་པར་གྱུར་ཞེས་གྲགས། །དེ་ཚེ་རྒྱང་གྲགས་བཅུའི་ཕ་རོལ་ལྕགས་ཀྱི་སླ ང་ང་ཏ་ལ་དག །བདུན་ཕྲག་གཉིས་དང་ལྕགས་ཀྱི་འཁྲུལ་མིག་འབེན་དུ་བྱས་པ་དེ་ལ་ཡང་། །སེང་གེའི་འགྲམ་གྱི་གཞུ་བརྡུངས་ནས་ནི་བྱང་ཆུབ་སེམས་དཔས་མདའ་འཕངས་ཚེ། །ཀུན་ལས་འདས་ཏེ་ས་སྟེང་འདིར་ནུབ་ཁོར་ཡུག་ཏུ་ནི་ཐུབ་ཅེས་གྲགས། །དེ་བས་ཞི་གནས་གཞུ་ཐོགས་ཤིང་། སྟོང་པ་བདག་མེད་མངའ་རྣམས་ཀྱིས། །བདུད་རྣམས་མ་ལུས་འདུལ་འགྱུར་ཞེས། །ཆེད་དུ་བརྗོད་པའི་སྒྲ་སྙན་སྒྲགས། དེ་ནས་དེ་ལྟ་བུའི་རྨད་དུ་བྱུང་བའི་རོལ་པ་དེ་མངོན་དུ་གྱུར་པས་གུས་པའི་སྐྱེ་བོ་རྣམས་ཀྱིས་སོ་སོ་ནས་ས་མཚོ་མ་དང་གྲགས་འཛིན་མ་དང་། རི་དྭགས་སྐྱེས་མ་རྣམས་འཁོར་ཉིས་ཁྲི་ཉིས་ཁྲི་དང་བཅས་པ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་བཟང་བཀོད་པ་ཚད་མེད་པ་ན་བཞུགས་ཤིང་། བཙུན་མོའི་ཚོགས་ཀྱིས་རོལ་མོའི་སྒྲ་སྒྲོགས་པའི་ཚེ་སྒྲ་དེ་ལ་ཚིགས་སུ་བཅད་པ་བྱུང་བ། སྡུག་བསྔལ་རྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་དོན་དང་སྐྱབས་དང་གནས་གྱུར་ཞིང་། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་ལམ་བཏབ་དྲན་བྱོས། །དེང་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་མངོན་པར་བྱུང་བར་བྱོས། ཞེས་གྲགས་ཏེ། དེ་ནས་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་། །ལྷ་དུ་མ་བྱང་ཆུབ་སྨིན་པར་མཛད་དེ། །མངོན་པར་བྱུང་བར་དགོངས་སོ། །དེའི་ཚེ་གནས་གཙང་མའི་ལྷའི་བུ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཕྱིར་གྲོང་ཁྱེར་གྱི་ཤར་སྒོ་དང་། ལྷོ་སྒོ་དང་ནུབ་སྒོ་རྣམས་སུ་རྒས་པ་དང་། ན་བ་དང་། ཤི་བའི་རྣམ་པ་བསྟན་ཏེ། མཁྱེན་བཞིན་དུ་མདུན་པ་ལ་དྲི་བར་མཛད་ནས་སླར་ཡང་གསུངས་པ། ཀྱེ་མ་འདི་ལྟར་ན་རྒས་འཆི་བ་མེད་གྱུར་ན། །ཕུང་པོ་ལྔར་འཛིན་མྱ་ངན་སྡུག་བསྔལ་ཆེ་ཡིན་ན། །ན་རྒས་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། །ཤིང་རྟ་སླར་ཟློག་འདི་ལས་ཐར་པའི་ཐབས་བསམ་བྱ། །ཞེས་གསུངས་ཏེ་སླར་ཕོ་བྲང་དུ་ཞུགས་སོ། །ཡང་དུས་རེ་ཞིག་ཕོ་བྲང་གི་བྱང་སྒོར་བྱོན་ཙམ་ན། གནས་གཙང་མའི་ལྷའི་བུས་དགེ་སློང་ཅིག་ཏུ་མངོན་པར་སྤྲུལ་ལ། །བྱང་ཆུབ་སེམས་དཔས་མཁྱེན་བཞིན་དུ་ཁ་ལོ་བསྒྱུར་བ་ལ་གསུངས་པ། ཞི་ཞིང་དུལ་བ་གོས་ངུར་སྨྲིག་གྱོན་པ་འདི་སུ་ཞིག་ཡིན། གསོལ་པ་འདི་ནི་རབ་ཏུ་བྱུང་བ་ཞེས་བགྱི་བ་སྟེ། འདོད་ཆགས་དང་བྲལ་བ་ཉེ་བར་ཞི་བའི་དོན་དུ་གཉེར་བའོ། །ཡང་གསུངས་པ། འདི་ནི་ལེགས་སྨྲས་ང་ཡང་འདོད་པ་སྟེ། །རབ་ཏུ་བྱུང་བ་མཁས་རྣམས་རྟག་ཏུ་བསྔགས། དེ་ནི་བདག་ལ་ཕན་ཞིང་གཞན་ལའང་ཕན། །བདེ་ཞིང་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། །ཞེས་གསུངས་ནས་ཕོ་བྲང་དུ་བྱོན་ཏེ། དོན་འདི་ཡིད་ལ་མཛད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བའི་ལྟས་མཐོང་ཞིང་བྲམ་ཟེ་རྣམས་ཀྱིས་ཀྱང་ལུང་སྟོན་པར་གྱུར་ཏོ། །འདིར་སྨྲས་པ། གང་ཞིག་ལེ་ཚོའི་དཔལ་འདི་ཡང་། །རིམ་གྱིས་འཕྲོགས་ཏེ་ཞུམ་གྱུར་ཞིང་། དབང་པོའི་མེ་ཏོག་གསལ་བ་ཡང་། །དུས་ཀྱི་བ་མོས་ཕྲོགས་གྱུར་པ། །དེ་ཚེ་འཇིག་རྟེན་མྱ་ངན་གྱུར། །ལུས་ཀྱི་བུད་ཤིང་དབང་པོར་བཅས། །ནད་ཀྱི་མེ་ལྕེ་འབར་བ་ཡིས། །ཕོག་པའི་སྐྱོན་གྱིས་ཉམས་འགྱུར་ཞིང་། །ཕྱག་དར་ཁྲོད་བཞིན་གྱུར་པ་ན། །དེ་ཚེ་མཁས་རྣམས་ཅི་ལྟར་འགྱུར། །རྣམ་པར་ཤེས་པའི་རྨ་བྱ་དག །ལུས་ཀྱི་ལྗོན་ཤིང་སྤོང་བྱེད་ཅིང་། །ཉམ་ངའི་ཚང་ཚིང་འཇུག་བྱེད་པ། །མི་མཁས་རྣམས་ནི་སྡུག་བསྔལ་འགྱུར། །ཞི་བའི་ལམ་བཟང་དཔལ་ལྡན་ལ། སེམས་པར་བྱེད་ཅེས་ཡ་མཚན་མེད། །དེ་ནས་ཟས་གཙང་མ་ལ་སོགས་པ་རྣམས་གཞོན་ནུ་ཞག་བདུན་གྱི་བར་མངོན་པར་མི་བྱུང་ན་ནི་འཁོར་ལོས་བསྒྱུར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ཐོས་ནས། རྣམ་པ་འདི་ལྟ་བུ་དག་གིས་བྱང་ཆུབ་སེམས་དཔའ་བསྲུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དོན་གྲུབ་བསྲུང་པར་བྱ་བའི་ཕྱིར། །སེར་སྐྱའི་གྲོང་ཁྱེར་འོབས་དང་ར་བ་དུ་མས་བསྐོར། །སྒོ་དང་སྒོ་འཕར་ལྕགས་ལས་བྱས་ཤིང་དྲིལ་བུས་བརྒྱན། །སྒོ་ཡི་སྒྲས་ཀྱང་དཔག་ཚད་གཅིག་ཏུ་གྲགས་པར་བྱས། །སྐྱེས་བུ་ལག་ན་མཚོན་ཆ་ཐོགས་པ་སྒོ་དྲུང་བཀོད། །གོ་བགོས་རྟ་དང་གླང་པོ་ཚོགས་རྣམས་ཀུན་ཏུ་འཛིན། །ཤཱཀྱའི་ཚོགས་ཀྱིས་རྩེ་ཅིག་ཉིན་མཚན་ཀུན་ཏུ་བསྲུང་། །གཅོང་རོང་དོག་པོའི་ཆུ་ལྟར་སྒྲ་ཆེན་སྒྲོགས་པར་བྱེད། །བཙུན་མོའི་འཁོར་རྣམས་སྟོང་ཕྲག་བརྒྱད་ཅུ་ལྷག་པ་ཡིས། །སྒྲ་སྙན་དྲི་ཞིམ་རོ་མཆོག་དུ་མས་མཆོད་བྱེད་པ། །ཇི་ལྟར་མིག་སྟོང་དགའ་བའི་ཚལ་ན་གནས་པ་བཞིན། །དེ་ལྟར་བྱང་ཆུབ་སེམས་དཔའ་ཀུན་ནས་བསྲུང་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་བའི་དུས་ལ་བབ་པ་ན། བདག་ཕས་མ་གནང་བར་མངོན་པར་བྱུང་བ་མི་རིགས་སོ་སྙམ་ནས། ཡབ་ལ་གསུངས་པ། བདག་ཀྱང་ཡིད་ལ་བརྩེར་ལྡན་ཞིང་། །ཁྱོད་ལ་མི་གུས་མ་ལགས་ཀྱིས། །འཁོར་བའི་རང་བཞིན་ངན་མཐོང་ནས། མངོན་པར་འབྱུང་བས་གནང་བར་མཛོད། །དེ་ནས་རྒྱལ་པོ་གཉིད་ཀྱིས་ནོན་བཞིན་དུ་ཤུགས་ནར་ཞེས་སྨྲས་པ། གཞོན་ནུ་མི་གཤེགས་སུ་གསོལ། ཇི་ལྟར་དགོས་པ་རྣམས་ནི་བདག་གིས་སྦྱར་བར་བགྱིའོ། །ཞེས་གསོལ་པ་ན། ཡང་གསུངས་པ། གལ་ཏེ་བདག་མཆིར་མི་གནང་ན། །དམ་པ་བཞི་ཞིག་བདག་སློང་ངོ་། །རྟག་ཏུ་ན་རྒས་འཆི་མེད་ཅིང་། །རྒུད་པ་མེད་པ་དེ་སྩལ་གསོལ། །རྒྱལ་པོས་ཚིག་དེ་ཐོས་ནས་མི་དགའ་ཞིང་། དམ་པ་སྦྱིན་པའི་མཐུ་མེད་པས། །སྲེད་པའི་ཤུགས་བཏང་སྟེ་སྨྲས་པ། ཕན་བྱེད་འགྲོ་བ་ཐར་བྱེད་རྗེས་སུ་ཡི་རང་ངོ་། །ཁྱོད་ཀྱིས་བསམ་པ་རྣམས་ནི་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་གནང་ནས། དེའི་ཚེ་བྱང་ཆུབ་སེམས་དཔའི་མཐུས་ལྷ་ཐམས་ཅད་འདུས་ཤིང་བསྐུལ་བར་གྱུར་པ་ལ། ཉམས་སད་པར་མཛད་པ་དང་ལྷ་རྣམས་ཀྱིས་སྨྲས་པ། ཅི་ལྟར་ཁྱོད་ནི་གེགས་མེད་པར། །དེ་ཉིད་གནས་སུ་གཤེགས་གྱུར་པ། །བདག་ཅག་ཚངས་སོགས་བཅས་པ་ཡི། །ལྷ་རྣམས་ཀྱིས་ནི་དེ་བཞིན་བགྱི། དེ་ནས་བརྒྱ་བྱིན་གྱིས་ལྷ་རྣམས་བསྐུལ་ནས་ལྷའི་བུ་ཞི་བའི་བློ་གྲོས་ཀྱིས། ཐམས་ཅད་གཉིད་ཀྱིས་ནོན་པར་བྱས་ནས་སྒྲ་ཅ་ཅོ་མེད་པར་གྱུར། གནས་གཙང་མའི་ལྷས་བུ་རྣམས་ཀྱིས་ཀྱང་བཙུན་མོའི་ཚོགས་མྱོས་ཤིང་མི་སྡུག་པར་བསྒྱུར་ཏེ་བྱང་ཆུབ་སེམས་དཔའ་བསྐུལ་བར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཁང་བཟང་གི་སྟེང་དུ་བྱུང་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས། འདུན་པའི་དྲུང་དུ་བྱོན་ཏེ་གསུངས་པ། ངའི་བཀྲ་ཤིས་འདི་ནི་དོན་འགྲུབ་འགྱུར། །མོས་པ་ཕྱི་ཤོལ་མ་བྱེད་མྱུར་དུ་ནི། །རྟ་མཆོག་རྒྱན་གྱིས་བརྒྱན་པ་མྱུར་དུ་ལོང་། །ཐུབ་རྣམས་དགྱེས་མཛད་ནགས་སུ་ང་འགྲོའོ། །ཞེས་གསུངས་པ་འདུན་པས་ཐོས་ནས། མི་དགའ་བཞིན་དུ་གསོལ་པ། ལྷ་ནམ་གྱི་གུང་ནི་འཇིགས་པ་དང་བཅས་ཏེ་སྐྱེད་མོས་ཚལ་དང་ནགས་སུ་འཆི་བའི་དུས་མ་ལགས་སོ། །སླར་ཡང་བྱང་ཆུབ་སེམས་དཔས་བཀའ་སྩལ་ནས་སྔགས་ལྡན་ལེགས་པར་བརྒྱན་ཏེ་ཕུལ་ལོ། །དེ་ནས་ལྷའི་བུའི་མྱུ་གུ་ཅན་དང་བཞིས་ནི་ཆིབས་པའི་ཞབས་ནས་བཏེགས། བརྒྱ་བྱིན་གྱིས་སྒོ་ཕྱེ། རྒྱལ་པོ་བཞིས་དཔུང་དང་བཅས་པས་ནི་བསྲུངས། །ཚངས་པ་དང་བཅས་པས་ནི་མཆོད་ཅིང་མངོན་པར་བྱུང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་དང་ཀླུ་དང་འོག་མིན་ལྷའི་མཐར་ཐུག་པ། །བྱང་ཆུབ་སེམས་དཔའ་ཁབ་ནས་བྱུང་བ་ལྟ་བྱེད་ཅིང་། མཆོད་པའི་ལས་ལ་མངོན་པར་བརྩོན་པ་བྱེད་པར་གྱུར། །སྤོས་ཆུའི་ཆར་པས་ས་རྣམས་ཀུན་ཏུ་ཆག་ཆག་བཏབ། །སྣ་ཚོགས་མེ་ཏོག་རྫིས་བསྐྱོད་མཁའ་ལ་མངོན་པར་ལྷགས། །རྒྱལ་བའི་སྲས་པོ་མཐུ་ཆེན་ལྡན་རྣམས་ལྷགས་གྱུར་པའི། །རྨད་བྱུང་མཆོག་ལ་མཆོད་པ་དེ་ལྟར་བྱེད་པར་གྱུར། །ལྷ་ཀླུ་དྲི་ཟའི་ཚོགས་རྣམས་ཀུན་གྱིས་འདུད་པར་གྱུར། །དེ་ཚེ་གསང་བའི་བདག་པོ་ནི། །རྡོ་རྗེ་འབར་ཐོགས་ཕྱི་བཞིན་འབྲང་། །ས་ནི་རིར་བཅས་ཤིན་ཏུ་གཡོས། །འོད་ཟེར་དྲྭ་བས་ཕྱོགས་རྣམས་ཀུན། །གསལ་ཞིང་དྲི་མེད་ལྷང་ངེར་གྱུར། །དེ་ཚེ་ངན་འགྲོའི་སྡུག་བསྔལ་ཀུན། །ཞི་ཞིང་བདེ་བར་གནས་པར་གྱུར། །རྨད་དུ་བྱུང་བའི་བཀོད་པ་དག །ངག་དུ་བརྗོད་པར་ནུས་མ་ཡིན། །དེ་ལྟར་ཁབ་ནས་བྱུང་བར་གྱུར། །བྱང་ཆུབ་སེམས་དཔའ་དཔག་ཚད་དྲུག་དུ་ཕྱིན་པ་དང་ནམ་ལངས་ཏེ་ལྷའི་ཚོགས་རྣམས་ཀྱང་སླར་བཀྱེ་ནས། སྔགས་ལྡན་དང་རྒྱན་ཐམས་ཅད་མོས་པ་ལ་གཏད་དེ་གསུངས་པ། སངས་རྒྱས་རྣམས་ཀྱིས་བསྟན་པ་ནི། །ལམ་གྱི་མཆོག་དེ་མ་ཐོབ་པར། །གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། །ང་ནི་འཇུག་པར་མི་བྱའོ། །ཞེས་གསུངས་ནས་དལ་བུས་གཤེགས་སོ། །འདུན་པ་ཡང་ཡིད་མི་དགའ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་། རྟ་དང་རྒྱན་ཁྱེར་ཏེ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་རང་གི་དབུ་སྐྲ་ཨུཏྤ་ལ་སྔོན་པོའི་མདོག་ཅན་གྱི་རས་གྲིས་རང་གི་ལག་པས་བྲེགས་ཏེ་དོར་བ་དང་། མིག་སྟོང་དང་ལྡན་པས་ཁྱེར་ཏེ་དེང་སང་ཡང་སུམ་ཅུ་རྩ་གསུམ་པ་རྣམས་གཙུག་ཕུད་ཀྱི་དུས་སྟོན་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་རབ་ཏུ་བྱུང་བ་ལ་གོས་ཀ་ཤི་ཀ་མཛེས་པ་མ་ཡིན་ནོ་སྙམ་པ་དང་། ལྷའི་བུ་ཞིག་གིས་ཤ་ནའི་གོས་ངུར་སྨྲིག་བགོས་ཏེ་རྔོན་པའི་ཆ་ལུགས་སུ་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་པ་དང་དེ་ལ་བཀའ་སྩལ་པ། ཁྱོད་ཀྱི་ངུར་སྨྲིག་དག་ང་ལ་བྱིན་ལ། གོས་ཀ་ཤི་ཀ་འདི་དག་ཁྱེར་ཅིག་གསུངས་ནས། ངུར་སྨྲིག་བླངས་ཏེ་གསོལ་ཏོ། །དེ་ནས་གུས་པ་དང་བཅས་པས་གོས་ཀ་ཤི་ཀ་དག་བླངས་ཏེ་ཁྱེར་རོ། །འདུན་པ་ཡང་ཕྱིར་སེར་སྐྱའི་གཞིར་ཞུགས་པ་དང་ཅ་ཅོ་དང་ངུ་ཆོའི་སྒྲ་ཆེན་པོ་མངོན་པར་གྲགས་སོ། །དེ་ནས་ཡབ་རྒྱལ་པོས་འདུན་པ་ལ་སྨྲས་པ། གཞོན་ནུ་གང་དུ་བཞུད། བཟློག་པ་ལྟ་ནུས་སམ། དེས་སྨྲས་པ། སངས་མ་རྒྱས་ཀྱི་བར་དུ་གྲོང་ཁྱེར་མི་འཇུག་གོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྨྲས་ཏེ། བྱང་ཆུབ་སེམས་དཔའི་མཐུས་སྐྱེ་བོ་རྣམསཀྱི་མྱ་ངན་གྱི་མཐུ་བསལ་ཞིང་སྤྲོ་བར་བྱས་སོ། །དམན་པ་རྣམས་ནི་ལོངས་སྤྱོད་ཅུང་ཟད་ཕྱིར། །དཔལ་ལས་ཉམས་ཤིང་སྣ་ཚོགས་སྡུག་བསྔལ་འགྱུར། །དེ་དང་དེ་ལ་འདོད་པས་ཀུན་ཏུ་ཞུགས། །དམ་པ་རྣམས་ནི་བརྒྱ་བྱིན་དཔལ་གྱི་མཐུ། །ཟིལ་གནོན་དཔལ་ཡང་རལ་གྲིའི་སོ་ལྟར་དགོངས། །དེ་ཡང་ལེགས་པའི་དཔལ་གྱིས་རྣམ་པར་བརྒྱན། །རྒྱ་མཚོའི་ས་ཡང་རླབས་ཀྱིས་བསྐྱོད་པ་བཞིན། །གཡོ་བར་བྱེད་ན་སེམས་དང་ལྡན་པ་དག དེ་ལས་གཞན་དུ་བྱེད་པ་མཐུ་མེད་དམ། །ཨེ་མའོ་བྱང་ཆུབ་མཆོག་གི་སྤྱོད་པ་བརྟན། །འགྲོ་བའི་ཉི་མ་ཅིག་པུ་བླ་ན་མེད།། །།དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་ལྗོངས་རྒྱུ་ཞིང་ཤཱཀྱ་དང་གྷེའུ་ཏ་དང་གྱད་ཀྱི་ཡུལ་ལས་ཀྱང་འདས་ཏེ་བྱོན་པ་ན་ཐོག་མར་བྲམ་ཟེ་རིགས་ལྡན་གྱིས་བྱང་ཆུབ་སེམས་དཔའ་ཟས་ལ་མགྲོན་དུ་བོས་སོ། །དེ་བཞིན་དུ་རིམ་གྱིས་བྲམ་ཟེ་པད་མ་དང་བྲམ་ཟེ་དྲང་སྲོང་ནམ་གྲུ་དང་བྲམ་ཟེ་འོད་ལྡན་དང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་རྣམས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་ལ་བཀུར་སྟི་དམ་པ་བྱས་ཤིང་དེ་དག་གི་ཏིང་ངེ་འཛིན་དང་ཡོན་ཏན་གྱི་ཁྱད་པར་ལས་རྨད་དུ་བྱུང་བ་བསྟན་ཏེ། རིམ་གྱིས་ལྗོངས་རྒྱུ་ཞིང་རྒྱལ་པོའི་ཁབ་ཀྱི་རིའི་རྒྱལ་པོ་སྐྱ་བོར་བྱོན་ཏེ་བཞུགས་པ་ན་གྲོང་ཁྱེར་པ་ཐམས་ཅད་ཡ་མཚན་དུ་གྱུར་ཏེ། ལུས་ཀྱི་ཡོན་ཏན་རྨད་དུ་བྱུང་བ་སྐྱེ་བོ་རྣམས་ཀྱིས་མཐོང་ནས་ཡོན་ཏན་བསྒྲགས་པས། དེའི་རྒྱུ་མཚན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་ཏེ། ནམ་མཁའ་དཀྱིལ་འཁོར་དྲི་མ་མེད་པ་གཟའ་སྐར་གྱི་དཔལ་གྱི་ལྷམ་མེར་གྱུར་བ་བཞིན་དུ། མཚན་དང་དཔེ་བྱད་ཀྱིས་འབར་བ་མཐོང་ནས་ཞབས་ལ་ཕྱག་འཚལ་ཏེ་སྨྲས་པ། དགེ་སློང་མཆོག་ནི་གང་དང་གང་ནས་འོངས། །གང་དུ་ཁྱོད་སྐྱེས་ཡབ་ཡུམ་གང་ན་བཞུགས། དཔལ་ལྡན་ཁྱོད་མཐོང་བདག་ཡིད་དགར་གྱུར་པས། །རྒྱལ་སྲིད་འབུལ་གྱིས་བདེ་བར་སྤྱད་པར་མཛོད། །ཅེས་བྱ་བ་ལ་སོགས་པ་དུ་མ་སྨྲས་པ་སླར་གསུངས་པ། རྒྱལ་པོ་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གྲོང་། །མཆོག་ཏུ་འབྱོར་ཞིང་རྒྱས་པ་ཐོས་གྱུར་ཏམ། །ཁོ་བོའི་ཕ་ཡི་མིང་ནི་ཟས་གཙང་ངོ་། །དེ་སྤངས་ཡོན་ཏན་འདོད་པས་རབ་ཏུ་བྱུང་། །འདོད་པ་དུག་འདྲ་ཉེས་པ་མཐའ་ཡས་ལྡན། །སེམས་དམྱལ་ཡིད་དྭགས་དུད་འགྲོར་ལྟུང་བྱེད་པ། །སྨད་པ་དེ་ནི་ངར་སྣབས་བཞིན་དུ་དོར། །ཁོ་བོ་འདོད་པའི་ཡོན་ཏན་མི་འདོད་དོ། །ཞེས་བྱ་བ་ལ་སོགས་པ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན་ནས། རྒྱལ་པོས་ཀྱང་བཟོད་པར་གསོལ་ཏེ། གང་གི་ཚེ་བྱང་ཆུབ་བརྙེས་པ་ན་བདག་ལའང་བརྩེ་བས་བཟུང་དུ་གསོལ། ཞེས་བརྗོད་ནས་སླར་ཡང་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྟེང་རྒྱས་ཀྱི་གྲོང་ཁྱེར་དུ་བྱོན་པ་ན། དེ་དང་ཉེ་བ་ན་ཆུ་ཀླུང་ནཻ་རཉྫྱ་ན་ཆུ་བསིལ་ལ་འབབ་བཏེགས་བདེ་བ་ཤིང་གེལ་པ་མཛེས་པ་དག་གིས་བརྒྱན་པའི་ས་ཕྱོགས་ལག་མཐིལ་ལྟར་མཉམ་པ། རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུས་ཀུན་ཏུ་ཁྱབ་པ་ཞིག་གཟིགས་ནས། ཨེ་མ་ཧོ་འདི་ནི་སྤོང་པ་དོན་དུ་གཉེར་བ་རྣམས་ཀྱི་གནས་སུ་རུང་གི བདག་གིས་ས་འདིའི་ཕྱོགས་འདིར་དཀའ་ཐུབ་ཀྱི་མཐུ་བསྟན་པས་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དཀའ་ཐུབ་ཀྱི་མངོན་པའི་ང་རྒྱལ་གཞོམ་པར་བྱའོ་སྙམ་ནས་ཤིང་རློན་པ་དང་སྐམ་པོའི་བསྲུབ་ཤིང་སྲུབ་བརྟན་གྱི་དཔེ་མངོན་དུ་མཛད་དེ། བྱང་ཆུབ་སེམས་དཔས་བྱི་དོར་མ་བྱས་པའི་ས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་བསམ་གཏན་མཁའ་ཁྱབ་ལ་སྙོམས་པར་འཇུག་པར་མཛད་དེ། རིམ་གྱིས་འབྲས་དང་ཏིལ་དང་མོན་སྲན་དྲེའུ་གཅིག་ཙམ་ནས་ཟས་གཅད་དེ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་གྱུར་ཏོ། །ཨེ་མ་ཧོ་མཉམ་མེད་དེ་ལྟར་བཀའ་བ་སྤྱོད་མཛད་པ། དེ་ཚེ་གྲོང་གི་བྱིས་པ་བ་གླང་རྫིས། །ས་ཡིས་བསྐུས་ཤིང་མི་གཙང་འཐོར་བྱེད་ཀྱང་། །གཡོ་མེད་བརྩེ་བས་བསམ་གཏན་མཁའ་ཁྱབ་མཛད། །ས་སྟེང་ཅིག་ཡང་མ་གཏིང་པར། །སྐྱིལ་མོ་ཀྲུང་བཅས་གཡོ་བ་མེད། །ཏིལ་འབྲུ་ཙམ་ཞིག་གསོལ་མཛད་དེ། དབུགས་དབྱུང་རྔུབས་པ་རྣམ་པར་སྤངས། །དེ་ནི་ཉི་མ་གྲིབ་མ་དང་། །ཆར་རླུང་ཤ་སྦྲང་སྡིག་སྦྲུལ་གྱིས། །གནོད་པས་གཡོ་བ་མེད་པར་ཡང་། དེ་ནི་ལོ་དྲུག་གནས་པར་གྱུར། །རྡོ་རྗེའི་ལྕགས་ཀྱང་ཉི་རླུང་རྐྱེན་གྱིས་རྣམ་པར་འཇིགས་པར་འགྱུར། །ས་ཆེན་འདི་ཡང་དུས་ཚིགས་རྐྱེན་གྱིས་རབ་ཏུ་འགྱུར་ཞིང་འཇིགས། །རྡོ་རྗེའི་ལྷུན་པོ་ཉི་ཟླར་བཅས་པའང་དུས་མཐར་འཇིགས་པར་འགྱུར། །རྒྱལ་བའི་བསམ་གཏན་རྐྱེན་གྱིས་གཡོ་ཞིང་བསྐྱོད་པར་གྱུར་པ་མེད། དེ་བས་མཐུ་ཆེན་ཁྱད་པར་རྨད་བྱུང་བ། །དེའི་བསམ་གཏན་སྟོབས་ལ་གཞན་དག་དགའ། །བདུད་ཀྱི་སྟོབས་ཀྱང་ཟིལ་གྱིས་རབ་མནན་ནས། །ལྷ་རྣམས་སྙན་པའི་སྒྲ་དབྱངས་སྒྲོག་པར་བྱེད། །དེ་བས་ཁྱོད་ཀྱི་སྤྱོད་པ་རྨད་བྱུང་བ། །འཇིག་རྟེན་ལམ་ལས་བཟློག་པར་གྱུར་པ་སྙམ། དེ་ལྟར་བྱང་ཆུབ་སེམས་དཔས་འདོད་པའི་ཡོན་ཏན་དང་ངལ་ཞིང་དུབ་པའི་མཐའ་གཉིས་ཀས་བླ་ན་མེད་པའི་བྱང་ཆུབ་མི་ཐོབ་པར་བསྟན་ཅིང་། ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཁ་ཟས་རགས་པ་གསོལ་བར་མཛད་པས་ན་ལྔ་སྡེ་འདི་སྙམ་དུ་བསམ་སྟེ། ཇི་ལྟར་དཀའ་བ་སྤྱད་པ་འདིས་བྱང་ཆུབ་ཐོབ་པར་མི་ནུས་ན་ད་ནི་ཐོབ་པར་མི་ནུས་སོ་སྙམ་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སོང་ངོ་། །བྱང་ཆུབ་སེམས་དཔའ་ལ་སྟོབས་ལྡན་མ་ལ་སོགས་པ་བཅུས་བསྙེན་བཀུར་ཞིང་དེ་དག་ཚོགས་རྫོགས་པར་བྱ་བའི་ཕྱིར་གསོལ་བར་མཛད་དེ། སྐུ་སྔ་མ་བཞིན་དུ་གྱུར་པར་བསྟན་ནས་ཕྱག་དར་ཁྲོད་ཀྱི་རས་བླངས་ཏེ། ཆོས་གོས་ཀྱི་བྱ་བ་མཛད་དོ། །དེའི་ཚེ་བརྒྱ་བྱིན་གྱིས་བསྐུལ་བས་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པ་བཟང་པོ་སྦྲང་རྩི་ལྟར་མངར་བས་གསེར་གྱི་སྣོད་ཆེན་པོ་བཀང་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །བྱང་ཆུབ་སེམས་དཔས་དེ་བཞེས་ཤིང་གསོལ་མ་ཐག་ཏུ་སྐུ་གསེར་གཙོ་མ་སྦྱངས་པ་བཞིན་དུ་གྱུར་ཏོ། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་རབ་བསྐུལ་བ། །དེ་གསོལ་ནས་ནི་གནོད་དེ་ཆུ་ཀླུང་དོར། །ཀླུ་དབང་རྒྱ་མཚོས་བླངས་ཏེ་བརྒྱ་བྱིན་ལ། །བྱིན་ནས་དེང་སང་དུ་ཡང་མཆོད་ཅེས་གྲགས། །དཔལ་ལྡན་དེ་ཚེ་བསོད་སྙོམས་དེ་གསོལ་ནས། །ཨ་ཤྭཏྠ་དྲུང་གཤེགས་པ་ཉེར་དགོངས་ཚེ། །དཔག་ཚད་བརྒྱད་ཅུའི་ཁོར་ར་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་གྱིས་ལེགས་པར་བརྒྱན་པར་བྱས། །སེང་གེའི་སྟོབས་ཀྱིས་བྱང་ཆུབ་སྙིང་པོ་རུ། །མངོན་པར་གཤེགས་པས་ས་རྣམས་དལ་བུས་གཡོས། འོད་ཟེར་དྲ་བས་ངན་སོང་སྡུག་བསྔལ་བསལ། །འདི་ཡི་བཀོད་པའི་ཁྱད་པར་མཐུ་ཆེ་དག །ཚངས་པའི་གཞལ་མེད་ཁང་གིས་དཔེར་བྱར་མིན། །དེ་ལྟར་བྱང་ཆུབ་ཤིང་དྲུང་བྱོན་པར་གྱུར། །དེ་ཚའི་འོད་ཟེར་གྱི་དྲ་བས་ཕོག་ཅིང་ཀླུ་དུང་ཅན་ཞེས་བྱ་བ་དམུས་ལོང་ཅིག་ཡོད་པ་ཡང་མིག་རྙེད་པར་གྱུར་ནས་མཆོད་པ་དུ་མ་བྱེད་ཅིང་སྨྲས་པ། ཨེ་མ་བདག་གི་གནས་འདིར་ལས་ཀྱི་ཉི་ཟླ་ནོར་བུའི་འོད་ཀྱང་སྣང་མིན་ལ། །འདྲེན་པ་འཇིག་རྟེན་དམ་པ་དགུན་ཟླ་ཉ་བའི་ཞལ་འདྲ་མཐོང་པར་གྱུར་པ་ལེགས། །བདག་གིས་སྔོན་ནི་དྲང་སྲོང་རྣམས་ཀྱི་མཚན་མ་མཐོང་བ་ཁྱོད་ཀྱང་དེ་འདྲ་ཏེ། །དེ་རིང་ཁྱེད་ཀྱིས་བདུད་ཀྱི་དཔུང་རྣམས་བཅོམ་ཏེ་བཞེད་པའི་གོ་འཕངས་བརྙེད་པར་འགྱུར། ཞེས་བྱ་བ་ལ་སོགས་པས་བསྟོད་ནས། དེ་ནས་བྱང་ཆུབ་ཀྱི་སྙིང་པོར་བྱོན་ཞིང་བཞུགས་པ་ན་གདུལ་བྱའི་དབང་གིས་འདི་ལྟར་སྣང་བར་གྱུར་ཏེ། ཞིང་འདིའི་གདུལ་བྱའི་ཕལ་པ་རྣམས་ཀྱི་སྣང་བ་ལ་རྩྭ་ཚོང་བཀྲ་ཤིས་ཀྱི་རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་འཇམ་ཞིང་འབོལ་བ་ཕུལ་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭའི་གདིང་བ་ལ་བཞུགས་ཏེ་གསུངས་པ། སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང་། །ལྤགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལ་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས་ནས་བཞུགས་པར་སྣང་ངོ་། །ལྷ་རྣམས་ཀྱི་སྣང་བ་ལ་ནི་ཤིང་ཡོངས་འདུ་བས་ཀྱང་ཁྱད་པར་དུ་འཕགས་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་ལྷའི་འབྱོར་པས་ཟིལ་གྱིས་གནོན་པའི་བཀོད་པའི་ཁྱད་པར་གྱིས་བཞུགས་པར་སྣང་ངོ་། །ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྔོན་གྱི་སྨོན་ལམ་གྱི་མཐུས་གྲུབ་པའི་གཞལ་མེད་ཁང་དང་བྱང་ཆུབ་ཀྱི་ཤིང་གྱི་ཡོན་ཏན་གྱི་བཀོད་པ་ཚད་མེད་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དཔག་ཏུ་མེད་པ་རྣམ་པར་འགེངས་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་མཐའ་ཡས་པ་ཉིད་དུ་སྣང་ཏེ། དེའི་རྣམ་གྲངས་བསྐལ་པ་གྲངས་མེད་པར་བརྗོད་ཀྱང་མཐས་གཏུགས་པར་མ་མཐོང་ངོ་། །དེ་ཚེ་རྒྱལ་བའི་སྲས་པོ་རྣམས། །ཐུབ་དབང་རྒྱལ་ལ་མཆོད་དོན་དུ། །བདེ་གཤེགས་རྒྱལ་བའི་སྨོན་ལམ་དང་། མཐུན་པར་རྒྱལ་ལ་མཆོད་པར་གྱུར། །ཚངས་དང་དབང་པོ་འོག་མིན་བདག་པོ་འཁོར་ལོ་བསྒྱུར་རྒྱལ་བསོད་ནམས་མཐུ་ཡི་དཔལ་འབྱོར་ཀྱང་། །བདེ་བའི་རྒྱུར་གྱུར་མཐུ་ཆེན་ལྡན་ཅེས་བསོད་ནམས་ཆུ་གཏེར་རྦ་རླབས་མཐུ་ཡིས་བསྐྱོད་པ་བཞིན། །དེ་འདིར་མེ་ཁྱེར་སྐར་མའི་ཚོགས་དང་པད་མོ་གཉེན་མཆོག་སྟོང་ཕྲག་འདུས་པའི་ཁྱད་པར་བཞིན། །དཔག་ཡས་རྒྱལ་བའི་སྲས་རྣམས་ཀྱིས་ཀྱང་དཔག་པར་མི་ནུས་མཐུའི་ཁྱད་པར་གསལ་བ་སྙམ། རྒྱལ་བའི་སྲས་རྣམས་མཆོད་པར་བྱེད་པ་ཡང་། །དཔག་མེད་ཆུས་གཏེར་སྐྲའི་རྩེ་མོས་མིན། །ནམ་མཁའི་མཐའ་བཞིན་ངག་གི་ལམ་འདས་ཕྱིར། །དེ་བས་འདིར་ནི་དཔག་ཏུ་མེད་པ་ཡིན།། །།དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ནས་འདི་སྙམ་དུ་དགོངས་ཏེ། འདི་ལྟར་འཇིག་རྟེན་ཁམས་ཀྱི་ལོག་པར་ལྟ་བ་འདི་དག་གི་གཙོ་བོ་འདོད་པའི་ཁམས་ཀྱང་དབང་ཕྱུག་ལ་དབང་བསྒྱུར་བའི་བདུད་སྡིག་ཅན་འདི་མ་བཏུལ་ན་མངོན་པའི་ང་རྒྱལ་ཅན་རྣམས་ཚར་གཅད་པར་མི་འགྱུར་ཞིང་གཞན་གྱི་དོན་རྒྱ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། བདུད་བཏུལ་བར་བྱ་བའི་ཕྱིར། མཛོད་སྤུ་ལས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོས་ཤིང་མོག་མོག་པོར་བྱས་ཏེ། །སྒྲ་འདི་ཡང་གྲགས་སོ། །སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་འདོད་པས་མངོན་པར་བྱུང་། །བྱང་ཆུབ་ཤིང་དྲུང་འོངས་ཀྱིས་དེ་རིང་བསྒྲིམས་པར་བགྱིས། །བདུད་སྡིག་ཅན་གྱིས་དེ་ལྟ་བུའི་སྒྲ་ཐོས་ཤིང་བདུད་ཀྱི་སྡེ་རྣམས་ཁ་སྦུབ་དུ་འགྱེལ་བ་ལ་སོགས་པའི་རྨི་ལམ་སུམ་ཅུ་སོ་གཉིས་ཀྱང་རྨིས་ཏེ། འཇིགས་སྐྲག་བསྔངས་ཤིང་བརྟགས་ན། དེ་བཞིན་གཤེགས་པའི་མཐུ་ཡིན་པར་ཤེས་ཤིང་། བདག་ཉིད་འདོད་པའི་དབང་ཕྱུག་ལས་ཉམས་པ་དང་། བདུད་ཀྱི་གནས་ཐམས་ཅད་སྟོངས་པར་གྱུར་དུ་དོགས་པའི་དབང་གིས་ཉོན་མོངས་པའི་དུག་གིས་སྙིང་ལ་ཁྱབ་པར་རོད་རོད་པོར་གྱུར་ཏོ། །རང་གི་འཁོར་རྣམས་ལ་སྨྲས་པ། ཤཱཀྱའི་ནང་དུ་སྐྱེས་གྱུར་པ། །དགེ་སློང་གཡོ་ཅན་ཅིག་བྱུང་སྟེ། །དེས་ནི་ང་གནས་སྟོང་པར་བྱེད། དཔུང་ཆེན་རྣམས་དང་ལྷན་ཅིག་ཏུ། །མཐུ་རྩལ་ཆེན་པོས་དེར་འདོང་ལ། །དགེ་སྦྱོང་ཅིག་དེ་གཞོམ་པར་བྱ། ཞེས་བྱ་བ་ལ་སོགས་པ་སྨྲས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་དཀྱིལ་འཁོར་གྱི་དཔུང་ཆེན་པོ་ནས་མནར་མེད་པ་ཡན་ཆད་ཀྱི་བདུད་ཀྱི་དམག་ཆེན་པོ་དཔུང་ཆེ་ཞིང་སྟོབས་ཆེ་བ་འཇིགས་སུ་རུང་བ་སྤུ་ཟིང་ཞེས་བྱེད་ནུས་པ་ལྷ་དང་མི་རྣམས་ཀྱིས་སྔོན་མ་ཐོས་མ་མཐོང་བ་བཞིན་བསྒྱུར་བ་རྣམ་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བསྒྱུར་བའི་རྣམ་པ་དང་ལྡན་པ། དབང་པོའི་སྒོ་ནས་སྦྲུལ་གདུག་པ་དང་ལྕགས་ཀྱི་སེར་བ་འབེབས་པ། མེ་དང་དུག་གིས་རླངས་འཐུལ་ཞིང་འབར་བ་དང་ཀློག་འབྱིན་པ། འགའ་ཞིག་ནི་རྐང་ལག་དང་མིག་ལོག་པར་འདུག་པ། རྐང་ལག་སྦྲུལ་བརྒྱ་སྟོང་གིས་དཀྲིས་པ། རལ་གྲི་དང་། མདའ་གཞུ་དང་། འཁོར་ལོ་དང་། རྡོ་རྗེ་དང་། མཚོན་རྩེ་ཅིག་པ་དང་། ཤག་ཏི་དང་། མདུང་དང་། ཆུ་གྲི་ལ་སོགས་པའི་མཚོན་ཆ་བརྒྱད་སྟོང་ཐོགས་པ། གདོང་དུ་མ་ཅན། མེའི་དྲ་བ་དང་། རིའི་འཕྲེང་བ་དང་། རླུང་དང་། རྡོ་དང་། གནམ་ལྕགས་ཀྱི་ཆར་འབེབས་པ་ལ་སོགས་པ། གཅན་གཟན་གྱི་ཚོགས་དུ་མ་ལ་བཞོན་པ། ཡིད་དུ་མི་འོང་པའི་སྒྲ་སྣ་ཚོགས་འཇིགས་འཇིགས་ལྟར་སྒྲོགས་པ། ནམ་མཁའ་དང་ས་གཞི་ཐམས་ཅད་བར་མཚམས་མེད་པར་བཀང་ཏེ། དྲག་པོའི་རླུང་གིས་བསྐྱོད་པའི་རླུང་ནག་པོ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་འོངས་སོ། །དེ་ཚེ་བདུད་ཀྱི་དམག་ཚོགས་རྣམས། སྡིག་ཅན་གྱིས་ནི་རབ་བསྐུལ་བས། །སེམས་ཀྱང་རོད་རོད་པོར་གྱུར་ཏེ། །མཚོན་ཆའི་འཕྲེང་བ་འཁྲུགས་པ་དང་། །རང་གི་རྫུ་འཕྲུལ་སྟོབས་འཁྲུགས་པས། །སྣ་ཚོགས་ང་རོ་སྒྲོགས་བྱེད་ཅན། །ཐོག་གི་ཚུབ་མས་ཀུན་ཏུ་འགེངས། རི་དང་མེ་ལྕེའི་འཕྲེང་བ་དག །འུར་འུར་ལོང་ལོང་ཀུན་ཏུ་འབེབས། །རླུང་དང་རྡོ་དང་གནམ་ལྕགས་ཆར། །རབ་ཏུ་འབེབས་པས་རི་བོ་དང་། །ས་ཆེན་ཀུན་ཏུ་གཡོ་བྱེད་ཅིང་། །སྣ་ཚོགས་འཇིགས་པའི་གཟུགས་བརྙན་རྣམས། །མཚན་མོ་དེ་ལ་ཉེ་བར་ལྷགས། དེ་ལྟར་བདུད་ཀྱི་དམག་ཆེན་པོས་མཐོང་བ་ཙམ་གྱིས་བྱིས་པའི་སྐྱེ་བོ་རྣམས་སྙིང་འགས་པར་བྱེད་པ། རྫུ་འཕྲུལ་དང་དྲག་ཤུལ་གྱི་མཐུས་རི་རབ་ཀྱང་ཐལ་བར་བྱེད་པར་ནུས་པའི་བདུད་ཀྱི་དམག་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལྷགས་པ་ལས། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གཟུགས་དང་སྒྲ་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མི་མཐོང་ཞིང་མ་ཐོས་པར་བྱིན་གྱིས་རླབས་སོ། །དེ་ནས་བདུད་ཀྱི་དམག་གི་ཚོགས་དེ་རྣམས་ཐམས་ཅད་ཀྱིས་འཇིགས་སུ་རུང་བའི་སྒྲ་བསྒྲགས་ཤིང་མཚོན་ཆའི་ཆར་ཕབ་པ་ལས། དེ་དག་ཐམས་ཅད་ནི་མེ་ཏོག་དང་སྤོས་དང་། རིན་པོ་ཆེའི་འཕྲེང་བ་ལ་སོགས་པའི་མཆོད་པའི་སྤྲིན་དུ་གྱུར་ཏོ། །བདུད་ཀྱི་དཀྱིལ་འཁོར་འགའ་ཞིག་གི་སྣང་བ་ལ་ནི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་བདུད་ཀྱི་འཁོར་ཐམས་ཅད་རབ་ཏུ་བཅོམ་པར་བྱས་པ་མཐོང་ངོ་། །དེ་ནས་བདུད་སྡིག་ཅན་གྱི་དཔུང་དམག་གིས་ཚོགས་ཐམས་ཅད་འཐོར་ཞིང་རབ་ཏུ་འཐོར། བཅོམ་ལྡན་འདས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འདུས་པ་དང་བཀོད་པ་ཚད་མེད་པར་གྱུར་པ་དེ་ཡང་མཐོང་ནས། ཉམས་ཆུང་ཞིང་ཡིད་མི་བདེ་བར་གྱུར་བཞིན་དུ་སྨྲས་པ། ཀྱེ་རྒྱལ་བུ་གཞོན་ནུ་བཞེངས་བཞེངས་རྒྱལ་སྲིད་ལ་སྤྱོད་ཅིག །ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། དེ་ནས་བྱང་ཆུབ་སེམས་དཔའ་བརྟན་ལ་ཟབ་ཅིང་རྒྱ་ཆེ་བ་འཇམ་ཞིང་སྙན་པའི་ཚིག་གིས་སྨྲས་པ། སྡིག་ཅན་ཁྱོད་ཀྱིས་ནི་བརྟན་པ་མེད་པའི་མཆོད་སྦྱིན་ཅིག་གིས་འདོད་པའི་དབང་ཕྱུག་ཐོབ་པར་ཟད་ཀྱིས། ངས་ནི་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བརྟན་ལ་མེད་པ་བྱས་སོ། །དེའི་ཚེ་བདུད་ཀྱིས་སྨྲས་པ། ཁོ་བོས་སྔོན་ཆད་མཆོད་སྦྱིན་ཁ་ན་མ་ཐོ་མེད། །བརྟན་པ་མེད་པར་བྱས་པ་ཁྱོད་འདིར་དབང་དུ་ཡོད། །ཁྱོད་ལ་འདི་ན་དབང་པོ་འགག་ཡང་ཡོང་མིན་ལ། །སྨྲས་ཀྱང་ཕན་པ་ཅི་ཡོད། ཁྱོད་ནི་ཕམ་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུས་ས་ལ་རེག་ཏེ་སྨྲས་པ། ས་འདི་འགྲོ་བ་ཀུན་གྱི་སྤང་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་སྤང་ཏེ་བདག་བརྫུན་མིན། འདི་ལ་ཁྱོད་ནི་བདག་གི་སྤང་བྱོས་ཤིག །དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་དུ་གཡོས་ཤིང་སའི་ལྷ་མོ་བསྟན་མ་འཁོར་བྱེ་བ་ཕྲག་བརྒྱ་དང་བཅས་པ་ས་ལ་བརྡོལ་ཏེ་བྱུང་ནས། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལོགས་སུ་བཏུད་ནས་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཇི་སྐད་གསུངས་པ་བཞིན་དུ་འདི་ནི་བདག་ལ་མངོན་སུམ་མོ། །ཞེས་སྨྲས་ནས་རང་གི་འཁོར་དང་བཅས་པ་དེ་ཉིད་དུ་མི་གནང་བར་གྱུར་ཏོ། །གཡོན་ཅན་དཔུང་བཅས་སྒྲ་དེ་ཐོས་གྱུར་ནས། །ནགས་སུ་སེང་གེ་སྒྲ་བསྒྲགས་བས་ཐོས་དང་། །བྱ་རོག་རྡོ་འཕངས་མོད་ལ་བྱེར་བ་བཞིན། །སྐྲག་དངངས་སྙིང་གས་མོད་ལ་རབ་ཏུ་བྱེར། དེའི་ཚེ་གནས་གཙང་མའི་ལྷའི་བུ་དག་གིས་ཀྱང་སྤྱོ་བ་བཅུ་དྲུག་གིས་བདུད་ཉམས་སྨད་པར་མཛད་དེ་སྡུག་བསྔལ་ཞིང་རང་གི་གནས་སུ་སོང་ནས་མྱ་ངན་གྱི་ཁང་པར་ཞུགས་ཏེ་འདུག་གོ །དེ་ནས་བདུད་ཀྱི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་ཞེས་བྱ་བ་བདུད་སྡིག་ཅན་ག་ལ་བ་དེར་སོང་ཏེ་སྨྲས་པ། ཡབ་ཁྱོད་ཅི་ཕྱིར་ཐུགས་མི་བདེ། ཅི་ཕྱིར་འདི་ན་འདི་ལྟར་བཞུགས། །གང་གིས་ཁྱེད་ལ་གནོད་པ་ཡིས། སྐྱེས་བུ་གང་ལ་རྗེས་སུ་སེམས། །གསུངས་ཤིག་དེ་ནི་འདོད་ཆགས་ཀྱི། །ཞགས་པས་ནགས་ནས་གླང་པོ་བཞིན། །བཅིངས་ནས་བདག་ཅག་འཚལ་ཏེ་མཆི། །དེ་ནི་ཁྱོད་ཀྱི་དབང་དུ་གྱུར། །བདུད་ཀྱིས་སྨྲས་པ། སྐྱེས་བུ་འདོད་ཆགས་དང་བྲལ་ཏེ། །ཆགས་པས་ལེགས་པར་དགུག་མི་ནུས། །བདུད་ཀྱི་ཡུལ་འདས་དེའི་ཕྱིར། །ང་ནི་ཤིན་ཏུ་མྱ་ངན་བྱེད། །དེ་ནས་བདུད་ཀྱི་བུ་མོ་གསུམ་ལུས་ཀྱི་ལང་ཚོ་ཡིས་དྲེགས་ཤིང་སྤྲིན་ལས་བྱུང་བའི་གློག་བཞིན་གཟི་བརྗིད་རབ་ཏུ་འབར་ཞིང་རང་གི་གནས་ནས། །བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཕྱིན་པ་དང་། བུད་མེད་ཀྱི་སྒྱུ་རྩལ་སུམ་ཅུ་སོ་གཉིས་སྟོན་པར་བྱེད་དེ། ལུས་དང་ངག་གིས་སླུ་བར་བྱེད་པའི་རྣམ་པ་བསྟན་ཏེ། སླར་དེ་དག་གི་རྒྱགས་པ་གཞིག་པར་བྱ་བའི་ཕྱིར་བདུད་ཀྱི་བུ་མོ་དེ་དག་རྒད་ཤིང་འཁོགས་ལ་མི་སྡུག་པའི་རང་བཞིན་དུ་བྱིན་གྱིས་རླབས་སོ། །དེ་ནས་བདུད་ཀྱི་བུ་མོ་དེ་དག་ཞུམ་ཞིང་ངོ་ཚ་བས་བདུད་སྡིག་ཅན་གྱི་དྲུང་དུ་སོང་ཏེ་སྨྲས་པ། སྐྱེས་བུ་ཆགས་རབ་བྲལ་དེ་ལ། །བདག་ཅག་གིས་ནི་མ་བྱས་པ། །རྣམ་པར་གང་ཡང་ཡོད་མིན་ན། ཐ་མར་གཟུགས་ནི་འདི་འདྲ་བ། །དེའི་མཐུ་ཡིས་སྣང་བར་བྱས། །འདི་ལ་ཡབ་ཀྱིས་བསྐྱབ་པར་མཛོད། །བདུད་ཀྱིས་སྨྲས་པ། འདི་ནི་བདག་ལ་དབང་མེད་ཀྱིས། །ཇི་སྲིད་ཐུབ་པ་དེ་ཉིད་ལ། །སྐྱབས་སུ་འགྲོ་བར་གྱིས་ཤིག་དང་། །ཁྱོད་ཀྱི་གཟུགས་འདི་གཞན་དུ་འགྱུར། །ཞེས་རྗེས་སུ་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཏེ་མཆོད་པས་ལུས་སྔར་བཞིན་དུ་ལེགས་པར་གྱུར་ཏོ། །དེ་ལྟ་བུའི་ཚུལ་གྱིས་བདུད་བྱེ་བ་སུམ་ཅུ་རྩ་དྲུག་དང་། །ཁྲག་ཁྲིག་ཉི་ཤུ་རྩ་བཞི་བྱང་ཆུབ་དུ་སྨིན་པར་མཛད་དོ། །གང་གི་འདོད་པའི་དབང་ཕྱུག་བདུད་ཀྱི་མཐུ། །ཏིང་འཛིན་མཐུ་ཡིས་ལེགས་པར་བཅོམ་འགྱུར་ནས། །འཇིག་རྟེན་ཆོས་ཀྱི་རྒྱལ་སྲིད་ལེགས་འཛུགས་པ། །རྒྱལ་བ་རྣམས་ཀྱི་ཐབས་འདི་དཔག་ཏུ་མེད། །དེ་ནས་བདུད་དང་ཕྱིར་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་རྗེས་དེ་ཉིད་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གྱུར་པའི་བསམ་གཏན་ལ་སྙོམས་པར་འཇུག་པ་མཛད་ཅིང་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང་ཐོབ་པ་དང་། ལྟ་བ་དང་ཁོང་དུ་ཆུད་པ་མངོན་དུ་བྱ་བ་གང་ཅི་ཡང་རུང་བ་ཐམས་ཅད་སེམས་ཀྱི་སྐད་ཅིག་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་སྤང་པར་བྱ་བ་རྣམས་ནི་སྤངས། ཐོབ་པར་བྱ་བ་ནི་མངོན་དུ་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐད་ཅིག་དེ་ཉིད་ལ་ཏ་ལ་བདུན་སྲིད་དུ། འཕགས་ཏེ་ལམ་གྱི་རྒྱུན་ནི་ཆད་དོ། །སྡུག་བསྔལ་ཉེ་བར་ཞིའོ། །ཟག་པ་ནི་སྐམས་ཏེ་མི་ཟག་གོ །ལམ་ནི་ཆད་དེ་ཡང་མི་འཇུག་གོ །ཞེས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །སྐྱེས་བུ་ཁྱུ་མཆོག་འདྲེན་པ་བྱང་ཆུབ་སངས་རྒྱས་ནས། །ཁྲག་ཁྲིག་ཞིང་རྣམས་སྤྱོད་ཅིང་བདུད་ཀྱང་ཕམ་པར་མཛད། །ཚངས་པའི་དབྱངས་དང་ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། །འདྲེན་པས་ཐོག་མར་ཚིགས་སུ་བཅད་པ་འདི་གསུངས་སོ། །བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་འཐོབ། །དེ་བས་བསོད་ནམས་བྱས་པས་ཆོག་པར་སུ་ཞིག་འཛིན། །བདུད་རྩི་ཆོས་ཉན་པས་ཀྱང་ཆོག་པར་སུ་ཞིག་འཛིན། །སྐྱེ་བོ་མེད་པའི་ནགས་གནས་ཆོག་པར་སུ་ཞིག་འཛིན། །སེམས་ཅན་དོན་བྱ་བས་ཀྱང་ཆོག་པར་སུ་ཞིག་འཛིན། །ཞེས་གསུངས་ཤིང་། སྐད་ཅིག་དེ་ལ་སངས་རྒྱས་ཀྱི་རོལ་བ་དཔག་ཏུ་མེད་པ་མཛད་དེ། དེ་དག་ནི་བསྐལ་པར་ཡང་བརྗོད་པར་མི་ལང་ངོ་། །ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་གྱུར་པ་རྣམས། །ཞིང་གི་ཡོན་ཏན་རྒྱ་མཚོའི་བཀོད་པ་རྨད་བྱུང་བ། །རྒྱལ་སྲས་རྒྱ་མཚོས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྣམས། །ཀུན་ཏུ་མཆོད་ཅིང་ཆོས་ཚུལ་རྒྱ་མཚོ་མཐའ་ཡས་པ། ཞིང་རྣམས་ཀུན་ཏུ་གསལ་བར་གྱུར་པ་བརྗོད་མི་ནུས། །འཇིག་རྟེན་སྒྲོན་མ་མཚུངས་པ་མེད་འདི་དུས་འདིར་བྱུང་།། །།དེ་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་དེ། འདི་ལྟར་བསྡུས་པའི་ཚུལ་གྱིས་སྨྲས་པ། རྣམ་འདྲེན་ད་ལྟར་སངས་རྒྱས་ནས། །ཤིང་དབང་དྲུང་དུ་བདུན་ཕྲག་བཞུགས། །སྟོང་གསུམ་ཀུན་ཏུ་འཆག་པ་དང་། །ཤིང་ལ་གཟིགས་ཤིང་བཞད་པར་མཛད། རྒྱ་མཚོའི་མཐས་གཏུགས་ཞབས་ཀྱིས་བཅགས། །གཏང་བཟུངས་གནས་ན་བཞུགས་པ་དང་། །ནྱ་གྲོ་ཏའི་ཤིང་དྲུང་བཞུགས། །ཤིང་རྒྱལ་སྒྲོལ་རྒྱུའི་དྲུང་འདུག་པ། །དེ་ལྟར་བདུན་ཕྲག་བདུན་གྱི་བར། །འཛམ་བུའི་གླིང་འདིར་ཚུལ་འདི་སྣང་། །མཐུ་ཆེན་རྨད་བྱུང་བྱང་ཆུབ་སྤྱོད་མཆོག་རབ་བསྟན་པ། །བདུན་ཕྲག་དང་པོ་ཤིང་དབང་དྲུང་དུ་རྒྱལ་བའི་སྲས། །ཀུན་ཏུ་བཟང་པོས་ཞིང་མཆོག་རྒྱ་མཚོའི་རྣམ་ཐར་བསྟན། །རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་མཚེ་མ་དང་། དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་གནས་རྣམས་སུ། །བདུན་ཕྲག་བདུན་དུ་རྒྱལ་བའི་དཀྱིལ་འཁོར་རབ་སྣང་ཏེ། །ཕྱོགས་བཅུའི་དཀྱིལ་འཁོར་རྒྱལ་སྲས་རྒྱ་མཚོ་ལེགས་འདུས་པས། །རྣམ་ཐར་ཆོས་ཚུལ་རྒྱ་མཚོའི་བཀོད་པ་བསྟན་མཛད་ཅེས། །ཚུལ་འདིར་རྒྱལ་བས་བསྟན་པར་གྱུར་ཅེས་མདོ་ལས་གྲགས། །དེ་ཚེ་ག་གོན་བཟང་པོས་ཀྱང་། །ཐོག་མར་རྒྱལ་བ་མཆོད་ཅེས་གྲགས། །དེ་ཚེ་རྒྱལ་པོ་བཞི་པོ་ཡིས། །དད་པས་རྒྱལ་ལ་ལྷུང་ཟེད་ཕུལ། །ཚོང་པ་རྣམས་ལ་ཤིས་བརྗོད་ཅིང་། །རྒྱལ་བའི་དབང་པོར་ལུང་ཡང་བསྟན། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ངས་ཐོབ་པའི་ཆོས་འདི་ནི་ཟབ་པ་རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ཡིན་ན། །འདི་ལྟར་འཇིག་རྟེན་པ་དག་གིས་རྟོགས་པར་དཀའ་ཞིང་། ཚངས་པ་ལ་མཆོག་ཏུ་འཛིན་ན་དེས་མངོན་པར་མ་བསྐུལ་གྱི་བར་དུ་བསྟན་པར་མི་བྱའོ། །སྙམ་དུ་དགོངས་ནས་གསུངས་པ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབ་གནས་པར་བྱའོ་སྙམ། ཞེས་བྱ་བ་ལ་སོགས་པ་གསུངས་ནས་འོད་ཆེན་པོས་ཀྱང་འཇིག་རྟེན་གྱི་ཁམས་འདི་སྣང་བར་མཛད་དོ། །དེའི་ཚེ་ཚངས་པ་གཙུག་ཕུད་ཅན་གྱིས་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུར་བཞུགས་པ་ཤེས་ཏེ། སྐད་ཅིག་དེ་ལ་ཚངས་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པ། །མ་ག་ད་འདིར་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པ་རྟོགས་པ་བཤད་པར་མཛོད། །ཞེས་པ་ལ་སོགས་པས་བསྐུལ་བ་དང་། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་སྤྱན་གྱིས་གཟིགས་ནས། ཁ་ཅིག་ནི་ལོག་པ་ཉིད་དུ་གཟིགས། ཁ་ཅིག་ནི་ཡང་དག་པ་ཉིད་དུ་ངེས། ཁ་ཅིག་ནི་མ་ངེས་པར་གཟིགས་ནས། མ་ངེས་པ་རྣམས་ལ་བརྩེ་བ་བསྐྱེད་དེ། བཀའ་བསྩལ་པ། ཚངས་པ་འཇིག་རྟེན་ཡུལ་གྱི་སེམས་ཅན་གང་། །རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་ལ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པས། དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ཏེ། ཚངས་པ་དང་བཅས་པ་རྣམས་དགའ་ཞིང་མགུ་ནས་མཆོད་ཅིང་བསྟོད་དེ། རང་གི་གནས་སུ་སོང་ངོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་མར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་བྱོན་ཏེ། ལྔ་སྡེ་བཟང་པོ་ཡོངས་སུ་སྨིན་པར་མཛད་དེ། །ཚུར་ཤོག་གི་བསྙེན་པར་རྫོགས་པར་མཛད་དེ། ཆོས་སྟོན་པར་བཞེད་པ་ན། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟོང་བྱུང་བར་གྱུར་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་གུས་པ་མཛད་པའི་ཕྱིར ཁྲི་གསུམ་ལ་ནི་བསྐོར་བ་མཛད་ནས་སེང་གེ་ལྟར་བག་ཚ་བ་མི་མངའ་བར་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ །དེའི་ཚེ་འོད་ཟེར་གྱིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་ཁམས་ཐམས་ཅད་སྣང་བར་མཛད་ནས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་ཚད་མེད་པ་རྣམས་སྐུལ་ཞིང་འདུས་པར་གྱུར་ཏེ། དེ་ཐམས་ཅད་ལ་འཕགས་པའི་བདེན་པ་བཞི་ལ་བརྩམས་ནས་ལན་གསུམ་དུ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །མི་མཆོག་སེང་གེས་སེང་གེའི་སྒྲ་སྒྲགས་པས། །དེ་ཚེ་ས་འདི་འདི་ལྟར་རྣམ་དྲུག་གཡོས། །བྱེ་བ་དྲུག་ཕྲག་དྲུག་ཅུའི་འོད་ཟེར་འགྱེད། །ངན་འགྲོའི་འགྲོ་རྣམས་ཀུན་ཏུ་བསིལ་བར་མཛད། །རྒྱལ་སྲས་མཐུ་ཆེན་དུ་མ་མངོན་པར་ལྷགས། །རྒྱལ་བ་གང་ཚེ་འཁོར་ལོ་བསྐོར་གྱུར་པ། །རྒྱལ་བའི་སྲས་རྣམས་དེ་ཚེ་མིག་རྙེད་ཅིང་། །རྒྱལ་སྲས་ལྔ་སྟེ་དེ་ཚེ་དགྲ་བཅོམ་གྱུར། །དེ་ཚེ་ལྔ་སྡེ་མིག་རྙེད་ཅིང་། །ཟག་པ་ཟད་པར་གྱུར་ཅེས་གྲགས། གྲགས་པ་གང་པོ་བ་གླང་བདག །གྲོང་ཁྱེར་ཁྱེའུ་ལྔ་ཅུ་དང་། །ཐོག་མར་དགྲ་བཅོམ་དྲུག་ཅུ་བྱུང་། །དེ་ནས་སྟེང་རྒྱས་གྲོང་ཁྱེར་དུ། དྲུག་ཅུ་སྡེ་ཡི་ཚོགས་བཏུལ་ཞིང་། །ལེགས་སྐྱེས་མ་སོགས་གདམས་པ་མཛད། །དེ་ནས་སྟེང་རྒྱས་འོད་སྲུངས་ལ་སོགས་པ། །བརྒྱ་ཕྲག་བཅུ་རྣམས་རབ་ཏུ་ཕྱུང་བར་གྱུར། །དེ་དག་དོན་དུ་རྒྱལ་བས་སྣང་མཛད་པ། །ཆོ་འཕྲུལ་གསུམ་གྱིས་འཕགས་པའི་ལམ་ལ་བཀོད། །ག་ཡ་གོ་ན་རྒྱལ་པོའི་ཁབ་ཏུ་བྱོན། །གཟུགས་ཅན་སྙིང་པོ་ལ་སོགས་སྐྱེ་བོའི་ཚོགས། །རབ་རིབ་གསལ་ནས་ཆོས་ཀྱི་མིག་བསྟན་མཛད། །ཉེ་རྒྱལ་དང་ནི་སྤང་ནས་སྐྱེས། །འཁོར་དང་བཅས་པ་རབ་བྱུང་ཞིང་། །མོའུ་འགལ་བུ་དང་ཤ་རིའི་བུ། །རྫུ་འཕྲུལ་ཤེས་རབ་ལྡན་མཆོག་ཏུ། །དེའི་ཚེ་ན་གྲགས་པར་གྱུར། །དེ་ནས་སེར་སྐྱའི་གྲོང་ཁྱེར་དུ། རྫུ་འཕྲུལ་ཆེན་པོས་ཉེར་བྱོན་ནས། །ཤཱཀྱའི་ཚོགས་རྣམས་འདུལ་བར་མཛད། །ཤཱཀྱའི་བཟང་ལྡན་ནམ་གྲུ་དང་། །མ་འགགས་པ་དང་ལྷ་བྱིན་སོགས། །ཤཱཀྱའི་ཚོགས་རྣམས་རབ་ཏུ་ཕྱུང་། །དེ་ཚེ་གསོལ་བཞིའི་ལས་མཛད་གྱུར། །གཞན་ཡང་ཉེ་བར་འཁོར་སོགས་པ། །གྲོང་ཁྱེར་བྱེ་བས་བརྒྱན་པའི་ཡུལ། །ཀུན་ཏུ་ཚངས་སྤྱོད་རྒྱ་ཆེན་གྲགས། །དེ་ཚེ་བསླབ་ཚིག་རབ་བཅས་ཤིང་། །ཞིང་དང་དུལ་དང་སྡོམ་པའི་དོན། །འདོད་པའི་གཉེན་པོར་རབ་གྱུར་པ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གི ཚངས་པའི་འཁོར་ལོ་བསྐོར་ཞེས་གྲགས། །རྒྱལ་པོའི་ཁབ་ཀྱི་རི་བོ་ཉམས་དགའ་བར། །སྣ་ཚོགས་ལྗོན་པའི་ཚོགས་ཀྱིས་རབ་གང་ཞིང་། །བྱ་རྣམས་དུ་མ་སྒྲ་འབྱིན་ནགས་ཚལ་ལྡན། །སྣ་ཚོགས་རི་དྭགས་འཁྲུགས་པའི་ས་ཕྱོགས་སུ། །ལྷ་དབང་མི་དབང་གཙུག་གིས་ལེགས་མཆོད་ཅིང་། རྒྱལ་སྲས་མཐུ་ཆེན་ལྡན་པའི་ཚོགས་རྣམས་ལ། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པར། །སྟོན་མཛད་རྨད་བྱུང་བླ་ན་མེད་པའི་གསུང་། །ངག་ཚིག་དྲི་མེད་མདོ་སྡེ་རྒྱ་མཚོའི་ཚོགས། །སྡུག་བསྔལ་བསྒྲལ་ཕྱིར་འགྲོ་ལ་སྙིང་བརྩེའི་ཕྱིར། །སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམ་གྲངས་ཀྱིས། །ཟབ་ཅིང་ཞི་བར་སྟོན་བྱེད་འཁོར་ལོ་བསྐོར། འདི་དག་སེང་གེའི་སྟོང་ཉིད་སྒྲ་དག་གིས། བདག་ལྟའི་རི་དྭགས་ཚོགས་རྣམས་བཅོམ་ཞེས་གྲགས། །དེ་ཚེ་གཉན་ཡོད་ས་ཕྱོགས་སུ། །མུ་སྟེགས་ཚོགས་རྣམས་གདུལ་བྱའི་ཕྱིར། །སྣ་ཚོགས་རྫུ་འཕྲུལ་ལམ་དག་གིས། །ཆོ་འཕྲུལ་ཆེན་པོ་བསྟན་པ་མཛད། །ཡུལ་ནི་མེ་དག་ཅེས་བྱ་བར། །ལྷ་ལས་བབས་པ་བཟང་པོ་མཛད། །སུམ་ཅུ་རྩ་གསུམ་དག་དུའང་། །ཆོས་ཉིད་ལ་ནི་བརྒྱ་བྱིན་སྦྱར། །སྣ་ཚོགས་ལྷ་དང་མི་རྣམས་ཀྱིས། །ཕན་བདེའི་འབྲས་བུ་བསྩོལ་བར་མཛད། །དེ་ནས་གནས་གཙང་འོག་མིན་དུ། །ཐེག་པ་གསུམ་ལ་རྗེས་འཇུག་པའི། །དམ་ཆོས་སྔགས་ཀྱི་འཁོར་ལོ་ནི། །རྣལ་འབྱོར་ཚུལ་ལ་བརྟེན་པ་བསྐོར། །མི་ཟད་གདུག་པ་གཅོད་པའི་དུས་ལ་བབ་པའི་ཚེ། རྩོད་ལྡན་མི་རྣམས་རྡོ་རྗེའི་ཐེག་ལ་འཇུག་འགྱུར་ཞེས། །དེ་ནས་རྒྱལ་སྲས་གསང་བའི་མངའ་བདག་མཆོག་རྣམས་དང་། །ལྷ་དང་མི་ལ་བླ་ན་མེད་པའི་ཐེག་པ་མཆོག །དཔལ་ལྡན་རྒྱུ་སྐར་དམ་པ་དང་པོའི་དཀྱིལ་འཁོར་དུ་བླ་ན་མེད་པའི་ལམ་མཆོག་དཔལ་དང་ལྡན་པ་བསྟན། །རྩ་ཅན་ཡུལ་དུ་བརྒྱད་ཀྱི་ཚོགས་རྣམས་ཉེར་བརཏལ་ནས། །ཐ་མའི་ཆོས་རྣམས་ས་ལ་ཟུང་གིས་གནས་སུ་བསྟན། །དེ་བཞིན་ལྷ་དབང་ཀླུ་དབང་དྲི་ཟ་མིའམ་ཅི། །མཁའ་ལྡིང་ལྷ་མིན་གདུལ་བྱ་སྣ་ཚོགས་རབ་འདུལ་བ། །མཛད་པའི་ཆོས་ཚུལ་དཔག་མེད་རྣམ་ཐར་རྒྱ་མཚོ་ནི། དོན་དམ་རྣམ་ངེས་ཆོས་སྒོ་སྟོང་ཕྲག་ཉི་ཤུ་གཅིག །རྡོ་རྗེའི་སྔགས་ཚུལ་ཆོས་སྒོ་ཉི་ཁྲི་ཆིག་སྟོང་དང་། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འཁོར་ལོ་བསྐོར་གྱུར་པས། །དཔག་མེད་མཁའ་མཉམ་སེམས་ཅན་གྲངས་རྣམས་དེ་སྙེད་པ། །འདུལ་བའི་འཕྲིན་ལས་གདུལ་བྱ་འདུལ་བྱེད་འདྲེས་པ་བཞིན། པད་མའི་ཚལ་ལ་ཉི་མའི་འོད་ཟེར་བཞིན་དུ་འཇུག །དེ་བས་འདིར་ནི་བསྐལ་མང་སྤྱོད་པ་རབ་སྤྱད་པའི། །དོན་དེ་གསལ་བར་ཡོངས་སུ་རྫོགས་པར་གྱུར་པ་སྙམ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འཕྲིན་ལས་དང་། དམ་པའི་ཆོས་བསམ་གྱི་མི་ཁྱབ་ཅིང་། སེམས་ཅན་ཀྱང་མཐའ་ཡས་པའི་ཕྱིར། དམ་པའི་ཆོས་ཀྱི་སྒོ་དང་མཛད་པ་དང་། འཕྲིན་ལས་བསྟན་པ་འང་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ལ་འདུལ་བར་བྱེད་པའི་སྒོ་གཟིགས་ཤིང་། ཐམས་ཅད་མཁྱེན་པའི་སྐུ་མངོན་དུ་སྣང་བར་མི་ནུས་པའི་གདུལ་བྱ་རྣམས་ཕལ་ཆེ་བར་གྱུར་པའི་དབང་གི་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པར་མཛད་དེ། དཔྱིད་ཟླ་འབྲིང་པོའི་ཚེས་བཅྭོ་ལྔའི་ཉིན་བར་ཡོངས་སུ་མྱ་ངན་ལས་འདའ་བར་ཉེ་བ་ན། གསུང་ཆེན་པོའི་སྲིད་པའི་རྩེ་མོ་མན་ཆད་ཁྱབ་པར། དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཅན་སེམས་ཅན་གྱི་སྐྱབས་དང་དཔུང་གཉེན་དུ་གྱུར་པ་དེ་ཡོངས་སུ་མྱ་ངན་ལས་འདའོ། །གང་ཐེ་ཚོམ་དང་སོམ་ཉིས་སུ་གྱུར་པ་དག ཞུ་ཞིང་གསོལ་བའི་དུས་ལ་བབ་པོ་ཞེས་པ་ཡོངས་སུ་གྲགས་པར་གྱུར་ཏོ། །དེ་ཚེ་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ། །བྱེ་བ་ཕྲག་བརྒྱའི་འོད་ཟེར་བྱེད་པ་རྣམས། ཟིལ་གྱིས་མནན་ཅིང་འོག་མིན་མཐས་གཏུགས་པར། གསལ་བྱས་འགྲོ་བའི་ཚོགས་རྣམས་ཐམས་ཅད་ཀུན། །མྱ་ངན་རླུང་གིས་བསྐྱོད་པར་གྱུར་པ་ལས། །རྒྱ་མཚོའི་གྲུ་ཆེན་བཞིན་དུ་ལུས་གཡོས་ཤིང་། །མྱ་ངན་རླབས་ཀྱི་སྒྲ་གྲགས་ཆིལ་ཆིལ་གྱིས། །དུས་གཅིག་ཆོ་ངེས་ངུ་ཞིང་འདི་སྐད་སྨྲས། །ཀྱེ་མའོ་ཤིན་ཏུ་བྱམས་པའི་ཕ་མ་འདྲ། །ཀྱི་ཧུད་ཀྱི་ཧུད་མྱ་ངན་འདའ་ཅེས་གྲགས། །སླན་ཆད་རྒྱལ་བ་མཆོག་དེ་མཐོང་མི་འགྱུར། །དེ་བས་མྱུར་དུ་དེང་འདིར་རིངས་པར་འདོང་། ཞེས་བྱ་བ་ལ་སོགས་པ་སྨྲས་ནས། དེ་བཞིན་གཤེགས་པ་ལ་སེམས་པའི་ཡིད་ཀྱིས་རིངས་པ་རིངས་པར་རྩ་མཆོག་གི་གྲོང་ཁྱེར་ག་ལ་བ་དེར་སོང་ཏེ། དེའི་ཚེ་དགེ་སློང་གི་དགེ་འདུན་བརྒྱ་སྟོང་ཕྲག་དུ་མ་དང་། དགེ་སློང་མའི་ཁྲི་ཕྲག་དྲུག་ཅུ་རྙེད་དང་། ཀླུ་འབུམ་ཕྲག་ཇི་རྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཚད་མེད་པ་རྣམས་དང་། སྐྱེ་བོ་ཚོགས་ཚད་མེད་པ་རྣམས་དང་། འོག་མིན་གྱི་ལྷའི་མཐས་གཏུགས་པའི་མི་དང་། མི་མ་ཡིན་པ་ཐམས་ཅད་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཤེས་ནས་ཅི་ལྟར་འབྱོར་པའི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་དང་བཅས་པས་སཱ་ལ་ཟུང་གཉིས་གནས་སྟེ་ཉིད་དུ་ལྷགས་སོ། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་ལ་དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་ཚད་མེད་པ་བསྟན་ཅིང་བྱང་ཆུབ་སེམས་དཔའ་ཆེན་པོ་འདུས་པ་དཔག་ཏུ་མེད་པ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ལ་ཡོངས་སུ་སྨིན་པའི་བྱ་བ་མཛད་ཅིང་། ཙུན་དས་སྦྱར་བའི་ཞལ་ཟས་ཀྱི་མཐའ་མ་ལ་གསོལ་བར་མཛད་ནས། དྲི་ཟའི་རྒྱལ་པོ་རབ་དགའ་དང་། ཀུན་ཏུ་རྒྱུ་རབ་བཟང་ལ་སོགས་པའི་གདུལ་བྱའི་ཐ་མ་རྣམས་བརཏལ་བ་བརྟན་ནས། ཀུན་དགའ་བོ་ལ་བཀའ་སྩལ་པ། ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲི་ཤོམས་ཤིག །དེ་ནས་དེའི་ཚེ་ཀུན་དགའ་བོས་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཞིང་མཆི་མས་སྣང་ལ་ངུ་ཞིང་གདོང་ལ་མཆི་མ་འཛག་བཞིན་དུ་ངུ་ཞིང་། སཱ་ལ་ཟུང་གྱི་བར་དུ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བཤམས་སོ། །དེའི་ཚེ་ཚིགས་སུ་བཅད་པའི་འདི་དག་སྨྲས་སོ། །ཐུབ་ཆེན་སེང་གེའི་གཟིམས་ཁྲི་ནི། །བཤམས་པའི་ཐ་མ་དེང་ལགས་ཏེ། །མི་མཆོག་སེང་གེའི་གཟིམས་ཁྲི་ནི། །སླན་ཆད་བཤམ་དུ་མ་མཆིས་སོ། །མི་མཆོག་མྱ་ངན་འདས་གྱུར་ཅིང་། །འཇིག་རྟེན་མགོན་པོ་འདས་པ་ན། །ས་ལ་མཛེས་ཚལ་སྟོང་པ་ཡི། །ཁྲོ་འདིར་བདག་གི་ཇི་ལྟར་ལྟ། །གང་ཞིང་སཱ་ལའི་ལྗོན་ཚལ་ན། །ཡུན་རིང་གཉུག་མར་གནས་པའི་ལྷ། །དེར་ནི་རྣམ་འདྲེན་མ་མཐོང་ན། །སླན་ཆད་ཅི་ལྟར་གནས་པར་འགྱུར། །ཀྱེ་མའོ་འདུ་བྱེད་མི་རྟག་སྟེ། །སྒྱུ་མ་རྨི་ལམ་ལྟ་བུ་ལགས། །འདི་འདྲའི་སྟོན་པ་དཔའ་བོ་ཡང་། འདི་ཉིད་དུ་ནི་འདའ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཁྲི་དེ་ཉིད་ལ་སེང་གེའི་སྟབས་ཀྱིས་གཟིམས་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཤིང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་བསམ་གཏན་གྱི་རྣམ་པར་ཐར་པ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཚེ་འགྲོ་བའི་ཚོགས་རྣམས་ཀུན། །འཇིག་རྟེན་ཉི་མ་ནུབ་བོ་ཞེས། །ཀུན་ཏུ་སྨྲེ་སྔགས་འདོན་པའི་སྒྲ། །རྒྱ་མཚོ་ཅ་ཅོ་འབྱིན་པ་བཞིན། །སྒྲ་ཆེན་མངོན་པར་གྲགས་པར་གྱུར། །སྣ་ཚོགས་མཆོད་པའི་ཚོགས་རྣམས་ཀྱིས། །སྤྲིན་གྱིས་ས་སྟེང་ཁྱབ་པར་བྱས། །དེ་ཚེ་དད་པའི་སེམས་ཀྱིས་ནི། །མཆི་མའི་ཐིགས་པ་ཆར་བཞིན་བབ། །ཁ་ཅིག་ལྕུགས་ཕྲན་གཅད་པ་བཞིན། །ས་སྟེང་མངོན་པར་དགྱེལ་བར་གྱུར། །ལྷ་དང་མི་རྣམས་སོ་སོ་ནས། །ཉམས་ཐག་ང་རོའི་སྒྲ་འབྱིན་ཅིང་། །མི་རྟག་སྡུག་བསྔལ་སྟོང་པ་དང་། །བདག་མེད་དོན་ལ་ལྟ་བར་གྱུར། །དེ་ལྟར་འཇིག་རྟེན་ཁྱབ་པར་སྣང་། །དེ་ཚེ་སྟོང་གསུམ་རི་དང་ས་ཆེན་རྣམས། །མ་བཟོད་བཞིན་དུ་གཡོས་པ་གྱུར་པ་འདྲ། །ལྗོན་ཤིང་ནགས་ཚལ་མེ་ཏོག་རྒྱས་པ་རྣམས། །དགའ་བ་བཞིན་དུ་གཡོ་ཞིང་བརྒྱལ་བ་བཞིན། །ལོ་མ་མེ་ཏོག་རབ་གསལ་འབྲས་བུའི་ཚོགས། །སྤྲིན་ཕུང་རླུང་གིས་བསྐྱོད་པར་གྱུར་པ་བཞིན། །ནམ་མཁའི་ངོས་ཀུན་ཁྱབ་པར་དུས་གཅིག་བྱུང་། །རྒྱལ་བའི་ཆོས་ཚུལ་ཟབ་མོ་སྟོན་པ་ཡི། ཚུལ་རྣམས་མངོན་སུམ་གསོལ་བར་བྱས་པ་འདྲ། །སྣ་ཚོགས་ལྷ་དང་མི་ཡི་རོལ་མོ་རྣམས། །སྐྱེ་བོའི་ངག་དང་ལྷན་ཅིག་འབྲེལ་པ་བཞིན། །ས་སྟེང་དེ་ཚེ་ཅ་ཅོ་འབྱིན་པར་གྱུར། །བཅོམ་ལྡན་འདས་ནི་སྔོན་གྱི་སྨོན་ལམ་གྱིས། །བདག་ཅག་ཕྱི་རུ་མི་མཇེད་འཇིག་རྟེན་གཤེགས། །ཚད་མེད་དབང་དུ་གྱུར་པའི་གནས་བཅས་ནས། །འཕོང་པ་ཆོས་འདོད་འགྲོ་བ་རྣམས་ཀྱང་བརཏལ། བཅོམ་ལྡན་སེམས་ཅན་རྣམས་ལ་བྱམས་པའི་ཡུམ། །ལྷ་རི་འཕོངས་པའི་མགོན་མ་མཆིས་པར་གྱུར། །ཀྱི་ཧུད་འགྲོ་བའི་དགེ་བའི་མྱུ་གུ་ཡང་། །སྐྱེ་བའི་ཆར་ནི་འབབ་པའི་དུས་མ་མཆིས། །འཇིག་རྟེན་སྟོངས་སོ་ད་ནི་ཇི་ལྟར་བགྱིད། །སེམས་ཅན་ཡང་དག་ཡེ་ཤེས་མིག་མདོངས་སོ། །ཀྱི་ཧུད་ཅི་ཕྱིར་འཇིག་རྟེན་ངན་པ་འདིར། །བཅོམ་ལྡན་བདག་ཅག་སྤངས་ནས་མྱ་ངན་འདའ། ཞེས་བྱ་བ་ལ་སོགས་པའི་སྨྲེ་སྔགས་དུ་མ་སྨྲ་ཞིང་། ཐམས་ཅད་ཀྱི་རིམ་གྲོ་བསྐྱེད་དེ་མཆོད་པའི་ཁྱད་པར་གྲངས་མེད་པ་དག་གིས་མཆོད་ནས། འོད་སྲུངས་ཆེན་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་སོང་ནས་མཆོད་པ་ཆེན་པོ་བྱས་ཏེ། དེ་ཚེ་དཔག་མེད་ཐུགས་རྗེ་ཡི། །སྟོབས་ལས་བྱུང་བའི་མེ་འོད་ཀྱིས། ཕྱོགས་བཅུའི་དཀྱིལ་འཁོར་གསལ་མཛད་དེ། །ཐུགས་རྗེའི་སྟོབས་ཀྱིས་སྐུ་གདུང་རྣམས། །ཡུངས་འབྲུ་ཙམ་དུ་སྣང་བར་གྱུར། །དེ་ནས་དགེ་སློང་མ་འགགས་པས། །སྐུ་གདུང་ཐལ་བར་བཅས་པས་རྣམས། །སོ་སོར་བྱིན་ཏེ་མཆོད་པར་གྱུར། །སྐྱེས་བུ་མཆོག་དེའི་མཆེ་བ་བཞི། །བརྒྱ་བྱིན་དང་ནི་སྒྲ་སྒྲོགས་ཀླུ། །ཚིག་འཛིན་ཀ་ལིང་རྒྱལ་པོ་ཡི། །ཉེ་བར་མཆོད་པའི་འོས་སུ་གྱུར། །སེར་སྐྱའི་རྒྱལ་པོ་ཤཱཀ་རིགས་དང་། །མ་སྐྱེས་དགྲ་དང་ཡངས་པ་ཅན། །བྱི་ནུ་ཐ་དང་ཆ་ལ་ཀ། །ཀ་ཤི་ཀའི་རྒྱལ་པོ་རྣམས། །ཁྱབ་འཇུག་གླིང་གི་བྲམ་ཟེ་སོགས། རྒྱལ་བའི་རིང་སྲེལ་རྩོད་པར་གྱུར། །དེ་ཚེ་བྲམ་ཟེ་བྲེ་བོ་ཡིས །མཉམ་པར་བསྒོས་ཏེ་མཆོད་པ་བྱས། །སྤྱན་ལྡན་སྐུ་གདུང་མཆོད་རྟེན་བརྒྱད་དག་ལ། བདུན་ནི་འཛམ་བུ་གླིང་པས་མཆོད་པ་ཐོབ། །སྐྱེས་བུ་མཆོག་དེ་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་བུ་ཡིས་ནི། །མཆོད་རྟེན་བདུན་པོ་རྒྱ་ཆེན་སྤེལ་བར་བྱས། །དེའི་མཐུ་ཡིས་ས་རྣམས་ཐམས་ཅད་དུ། །རྒྱལ་བའི་མཆོད་རྟེན་ཀུན་གྱིས་བརྒྱན་པར་གྱུར། །གསུང་རབས་དྲི་མེད་འགྲོ་ལ་ཕན་བྱེད་རྣམས། །རྒྱལ་སྲས་རྣམས་ཀྱིས་འདུའ་བར་མཛད་ཅེས་གྲགས། །རབ་མཁྱེན་ཐུགས་རྗེར་ལྡན་པ་སྟོབས་བཅུའི་ཤུགས་མངའ་བ། །ཤཱཀྱའི་རིགས་འཁྲུངས་མ་ག་དྷར་ནི་བྱང་ཆུབ་པ། །ཀ་ཤི་ཀར་ནི་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་ཡོངས་སུ་མྱ་ངན་འདས། རྩོད་པའི་དུས་ན་བརྩད་པར་བྱ་བ་རྣམས་སྤངས་ཤིང་། །དཔག་མེད་ཡོན་ཏན་དཔག་པའི་གནས་ལས་འདས་གྱུར་ཀྱང་། །གདུལ་བྱའི་བློ་ལྟར་འདུལ་བྱེད་མཛད་པ་བསྟན་པ་འདི། དཔའ་བོ་དཔལ་ལྡན་ཁྱོད་ཀྱིས་སྒྱུ་མ་བསྟན་པ་སྙམ། །དེ་བས་བདག་གིས་སྙན་ངག་མཆོད་པས་ལེགས་མཆོད་ཅིང་། །བརྟན་པའི་སེམས་ཀྱིས་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པའི་སྐྱེས་པའི་རབས་ཏེ་བརྒྱ་དང་གཅིག་པའོ།། །།སྡོམ་ལ། འཕོ་དང་ལྷུམས་སུ་ཞུགས་པ་བལྟམས་པ་དང་། །བཟོ་དང་རོལ་རྩེད་ངེས་འབྱུང་དང་། །དཀའ་སྤྱད་དྲུང་གཤེགས་བདུད་སྡེ་འཇོམས། །བྱང་ཆུབ་ཆོས་འཁོར་མྱ་ངན་འདས། །དཔལ་ལྡན་ཐུབ་པའི་མཛད་པ་མཁའ་ལྟར་རྒྱ་ཆེ་ལ། །ཕྱོགས་ཕྱོགས་བསམ་པས་ཉི་མའི་དཀྱིལ་འཁོར་ལྟ་བུར་སྣང་། །དེ་ནི་ཐ་དད་འཕྲིན་ལས་རྐྱེན་གྱིས་སོ་སོར་ཤར། །ལམ་མཆོག་དཔལ་ལྡན་བརྟན་ཅིང་སེམས་ཅན་དོན་གྱུར་པ། །རྨད་བྱུང་མཐའ་ཡས་ཡོན་ཏན་མཐུ་མངའ་གཅིག་པུ་ཡི། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་བརྟན་པ་དག །དཔའ་བོ་ཞེས་བྱས་སྙན་ངག་མེ་ཏོག་ཕྲེང་མཛེས་པས། །རྒྱན་པར་བྱས་ཞེས་ཕྱོགས་ཕྱོགས་ཀུན་ཏུ་གསལ་བར་གྲགས། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དོན་ལྡན་པ། །བཅུ་ཕྲག་གསུམ་དང་བཞིར་ནི་གནས་ཁང་དེར་བཞག་པ། །རྒྱ་གར་ཡུལ་དུ་ལྔ་རིགས་བློ་ལྡན་དུ་མས་ཀྱང་། སྙན་ངག་རྒྱ་མཚོ་སོ་སོའི་བློ་གྲོས་རྒྱ་མཚོ་ཆུ་ཀླུང་གིས། །འགྲན་པར་མ་ནུས་ཞུམ་ཞིང་དོར་བ་བཞིན་དུ་གྱུར། །གངས་ཅན་ཁྲོད་འདིར་མཁས་པར་རློམ་རྣམས་སྨོས་ཅི་དགོས། །དེ་ལྟར་དཔག་དཀའ་རྒྱལ་བའི་ལུང་བསྟན་སྙན་ངག་མཁན། །མཚུངས་མེད་དཔའ་བོ་ཡང་འདིར་བྱུང་བ་མ་ཡིན་ཀྱང་། །དུས་མཐར་རྒྱལ་དང་དེ་སྲས་སྤྱོད་ལ་དད་བྱེད་པ། །རང་བྱུང་རྒྱལ་བ་མཆོག་ལ་རྡོ་རྗེ་ལྟར་བརྟན་པའི། །མི་ཕྱེད་དད་ལྡན་བདག་གི་སྙན་ངག་བློ་གྲོས་ནི། །ཐུགས་རྗེ་ལྡན་དང་འཇམ་དབྱངས་རྒྱལ་སྲས་མ་ཕམ་པས། །ཉེ་བར་བསྒྱུབས་པས་བཅུ་ཕྲག་དྲུག་དང་བདུན་ལྷག་པའི། །རྨད་བྱུང་མཛད་པ་གསལ་བར་བྱས་པ་འདི་ཡིས་ནི། །ལམ་ཡངས་དྲི་མེད་བྱང་ཆུབ་སྤྱོད་ཚུལ་གསལ་བྱེད་ཅིང་། །བསྟན་བཅོས་དོན་ཀྱི་ལུས་ཀྱང་ཡོངས་སུ་རྫོགས་པར་འགྱུར། །དེ་བས་འདིར་ནི་བདག་གིས་འབད་པ་དོན་ཡོད་བར། །འགྱུར་བར་མཁས་མཆོག་རྣམས་ཀྱིས་བརྟེན་པར་བྱ་བར་རིགས། །འགའ་ཞིག་འཇིག་རྟེན་དོན་ལྡན་མིན་ཡང་ངག་ཚིག་བསྡེབས་སྦྱོར་ལྷུར་ལེན་པ། །གཞན་དག་རྨད་བྱུང་དོན་གྱི་རྗེས་འཇུག་འདི་ཡང་བློ་གྲོས་ལྡན་ལ་ཡོད། །གཉིས་ཀའི་ཚུལ་ལ་རྣམ་པར་རྨོངས་གྱུར་རྣམ་སྤྱོད་མི་ལྡན་འཇིག་རྟེན་དག །འཇིག་རྟེན་སྣང་བྱེད་འོད་ཟེར་གྱིས་ནི་རེག་པར་མི་ནུས་སྟོབས་ཆུང་བ། །རང་གི་ལྟ་ངན་ལྷུར་ལེན་བྱེད་པས་གཞུང་འདི་སྨད་པར་ནུས་མ་ཡིན། །ལུང་དང་རིགས་པའི་གཙུག་ལག་ལམ་ལ་འགལ་བར་གྱུར་གང་སྨད་པའི་རིགས། །འདི་ལྟར་རྨད་བྱུང་མཛད་པ་གསལ་བྱེད་པའི། །སྐྱེས་རབས་འདི་བྱས་ང་རྒྱལ་མཐུ་ཡིས་མིན། །ཁེ་དང་གྲགས་པ་ལོངས་སྤྱོད་འདོད་ཕྱིར་མིན། །སྙིགས་དུས་རྒྱ་ཆེར་འགྱུར་སྙམ་འདི་མ་བྱས། །རྒྱལ་བའི་སྤྱོད་འདི་འཇིག་རྟེན་རྨད་བྱུང་ལ། །ཚུལ་འདིས་ནམ་ཞིག་འགྲོ་ཕན་བྱེད་འགྱུར་བར། །བདག་ཀྱང་འགྱུར་ཞེས་སྨོན་པའི་མཐུ་ཡིས་ནི། །བྱང་ཆུབ་སྤྱོད་མཆོག་རབ་ཏུ་གསལ་བར་བསྟན། །དེ་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་དེས། །མཐའ་ཡས་འགྲོ་རྣམས་བྱང་ཆུབ་སྤྱོད་ལ་རབ་འཇུག་ཅིང་། །ངག་ཚིག་གཟུགས་དང་ཡན་ལག་དྲུག་ཅུའི་དབྱངས་ཐོབ་ནས། །ཐེ་ཚོམ་གཅོད་བྱེད་རྒྱལ་བའི་དབང་པོར་འགྱུར་བར་ཤོག །དེ་ལྟར་སྐྱེས་པའི་རབས་ཀྱི་རྒྱུད། སློབ་དཔོན་དཔའ་བོས་མཛད་པའི་སུམ་ཅུ་སོ་བཞི་པ་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་མཐར་ཕྱིན་པའི་སར་སྦྱོར་བའི་དོན་དུ་ཕྱི་མ་དྲུག་ཅུ་རྩ་བདུན་པ། མདོ་དུ་མ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ། ཟབ་མོའི་མདོ་སྡེ་རྣམས་ལ་ཆོས་ཀྱི་རྗེས་སུ་འབྲངས་པ། རང་བྱུང་རྡོ་རྗེས་སྦྱར་བ་ཡོངས་སུ་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །།ན་མོ་རད་ཎ་ཏྲ་ཡ་ཡཱ། ཏདྱ་ཐཱ། ཨཱོཾ་ཡཱེ་དྷ་རྨཱ་ཧེ་དུ་པྲ་བྷ་ལྦ། ཧེ་དུན་ཏེ་ཤྞ་ཏ་ཐ་ག་ཏོ། ་བྷ་དད་ཏཱེ། ཤྞ་ཙ་ཡོ་ཎི་རོ་ཌཱ། །ཨེ་བཾ་བཱ་ཏི། །མ་ཧཱ་ཤྲ་མ་ཎེ་ཡེ་སྭཧཱ། །ཨཱོཾ་ས་རྦ་བྱིད་སྭཱཧཱ། །ཧེ་ཧེ་ཿཧོ་ཧོ་ཧོ་ཿཧུ་ཧུ་ཧུ་ཿཧ་ཧ་ཧཿ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net