རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བའི་འགྲེལ་པ་བཞུགས།

From Rangjung Yeshe Wiki Texts
Revision as of 09:39, 18 February 2013 by Eric (talk | contribs) (1 revision: 3rd Karmapa Collected Works)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བའི་འགྲེལ་པ་བཞུགས་སོ། །[1]

༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །མཆོག་དུ་མི་འགྱུར་ཞི་བའི་སྐུ། ཕྱག་རྒྱ་སྒྱུ་མའི་རང་བཞིན་ཅན། །དང་པོའི་སངས་རྒྱས་ཕྱག་འཚལ་ལོ། །ཡེ་ཤེས་མྱ་ངན་འདས་བརྙེས་ཀྱང་། །ཐུགས་རྗེས་འཁོར་བར་མཛད་སྟོན་པ། །རྒྱལ་སྲས་བླ་མ་བརྒྱུད་པ་ལ། །རྟག་ཏུ་ཕྱག་འཚལ་ཅི་ནུས་མཆོད། །རྒྱ་ཆེན་རྡོ་རྗེ་ཐེག་པ་ལས། །ཟབ་ལམ་མཐར་ཐུག་རྣལ་འབྱོར་གསུམ། །འཇམ་པའི་དབྱངས་ཀྱིས་ལེགས་བསྡུས་པ། །དེ་འདིར་ཅུང་ཟད་བཤད་པར་འདོད། །རྡོ་རྗེའི་ཐེག་པ་ཆེན་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གསལ་བར་མཛད་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞིང་ཁམས་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་མངོན་པར་བྱང་ཆུབ་པ་བསྟན་པར་མཛད་དེ། །འཕོ་བ་དང་ལྷུམས་སུ་འཇུག་པ་དང་བལྟམ་པ་དང་བཟོའི་གནས་རོལ་རྩེད་དང་བཅས་པ་ལོ་ཉི་ཤུ་རྩ་དགུར་བསྟན་ནས་ཁབ་ནས་མངོན་པར་བྱུང་ཞིང་དཀའ་བ་ལོ་དྲུག་སྤྱད་ནས། །སོ་ལྔ་པའི་མཐར་དཔྱིད་ཟླ་འབྲིང་པོའི་ཉ་ལ་བདུད་བཏུལ་ཞིང་བྱང་ཆུབ་པར་བསྟན་ནས། །དེ་ཕྱིན་ཆད་ཐེག་པ་གསུམ་གྱིས་སྨིན་པའི་ཕྱིར་སྡེ་སྣོད་གསུམ་བསྟན་ཅིང་། །ཐམས་ཅད་ཀྱི་རྗེས་ལ་ཡང་དཔྱིད་ཟླ་འབྲིང་པོའི་ཉ་ལ་ཤྲི་དྷ་ན་ཀ་ཊ་རུ་གསང་བའི་བདག་པོ་ལ་སོགས་པ་དང་། །ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ་དབང་བསྐུར་ཅིང་ལུང་བསྟན་ནས། །ཟླ་བ་བཟང་པོ་བདག་ཉིད་ཆེན་པོས་རྩ་བའི་རྒྱུད་བསྡུ་བ་དང་། །འགྲེལ་པ་ཆེན་པོ་སྟོང་ཕྲག་དྲུག་ཅུ་པ་ཤམྦྷ་ལའི་ཡུལ་དུ་སྣང་བར་མཛད་ཅིང་། །གཞན་ཡང་རྡོ་རྗེ་ཐེག་པ་མཐའ་དག་བསྡུས་ཤིང་བསྟན་ཏེ། །བྱང་ཆུབ་སེམས་དཔའ་ལྷ་དབང་ལ་སོགས་པ་དྲུག་གིས་ལོ་དྲུག་བརྒྱར་བསྟན་པར་མཛད་ནས། །འཇམ་དཔལ་གྱི་སྤྲུལ་པའི་སྐུ་གྲགས་པ་མིའི་དབང་པོས་བསྡུས་པའི་རྒྱུད་བསྟན་པར་མཛད་དེ། །ཉི་མའི་ཤིང་རྟ་ལ་སོགས་པ་བྱེ་བ་ཕྲག་ཕྱེད་དང་བཞི་སྨིན་པ་དང་གྲོལ་བར་མཛད་ཅིང་། །ཁྱད་པར་དུ་རྣལ་འབྱོར་གསུམ་གྱི་སྙིང་པོ་འདི་ཡང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་ལམ་ཉེ་བར་བསྡུས་ཏེ་བསྟན་པར་མཛད་དོ། །འདི་ལ་གཉིས་སྟེ། །ལོ་ཙ་བས་སྨོས་པའི་མཚན་དང་། །གཞུང་དངོས་སོ། །དང་པོ་ནི་རྒྱ་གར་སྐད་དུ། །ཏྲི་ཛོ་ཀི་ཧྲི་དྷ་བྷྱ་ཀ་ར་ནཱ་མ། །བོད་སྐད་དུ། །རྣལ་འབྱོར་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་མངོན་དུ་བྱེད་པའི་ཐབས་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་སྙིང་པོ་ནི་ཡེ་ཤེས་རྡོ་རྗེར་བསྒྲུབ་པའི་གདམས་པ་ངེས་པའི་དོན་མཆོག་བསྒྲུབ་པ་ལོགས་སུ་གསལ་བར་མཛད་པས་ན་དེ་སྐད་བརྗོད་དོ། །ཕྱག་འཚལ་བ་ནི་མཛད་པ་པོ་དེ་ཉིད་ལ་གུས་པ་བསྐྱེད་པའི་ཕྱིར་སྨོས་སོ། །གཞུང་གི་དོན་ནི་བཞི་སྟེ། །མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། །ཉམས་སུ་བླང་བྱའི་སྤྱི་དོན་བརྗོད་པ་དང་། །ཉམས་སུ་བླང་བྱ་ཉིད་རྒྱས་པར་བཤད་པ་དང་། །བསྔོ་བ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། །ཨོཾ་གྱིས་སྣང་བ་ལམ་དུ་ངེས། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། །སྦྱང་པ་རབ་ཏུ་གྱུར་པའི་ལམ། །ཕྱག་རྒྱ་ཆེན་པོའི་བསྒྲུབ་ཐབས་བཤད། །ཞེས་གསུངས་ཏེ། །འདི་ལ་ཡང་ཕྱག་འཚལ་བ་པོ་གྲགས་པ་མིའི་དབང་པོས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔལ་ལ་ཕྱག་མཛད་པ་སྟེ། །རྡོ་རྗེ་སེམས་དཔའ་དེ་ཡང་ཅི་འདྲ་བ་ཞིག་ན། །ཨོཾ་གྱིས་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཅིག་ཏུ་གྱུར་པ་སྟེ། །དེ་ཡང་ས་བོན་ཨོཾ་ཡེ་ཤེས་ཀྱི་སྣང་བ་ནི་རྟགས་བཅུ་སྟེ། །དེ་ལམ་དུ་བྱེད་པ་སྐུ་རྡོ་རྗེའི་སྙེན་པ་ཡིན་ལ། །འདིའི་ཐུགས་ལ་ཨཿནི་གསུང་སྣང་བ་མཆེད་པ་སྟེ་རླུང་བཅུ་བརྟན་པར་བྱེད་པ་གསུང་རྡོ་རྗེ་ཉེ་བའི་སྙེན་པའོ། །ཧཱུྃ་ནི་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་སྟེ་རྗེས་ཀྱི་སེམས་དག་པ་བསྒྲུབ་པ་སྟེ། ཡི་གེ་གསུམ་དང་སྣང་བ་གསུམ་གྱིས་ཡེ་ཤེས་རྡོ་རྗེ་ཧཾ་ཡིག་རྣམ་པ་བཅུ་རྡོ་རྗེའི་སྐུ་འགྲུབ་པར་བྱེད་པས་ན། །རྡོ་རྗེ་སེམས་དཔའ་སྟེ། །ཡེ་ཤེས་ཀྱི་རྩ་འགྱུར་མེད་དང་། རླུང་འཕོ་མེད་དང་། །ཐིག་ལེ་འཛག་མེད་ནི་རྡོ་རྗེ་ཡིན་ལ། །དེ་ལྟར་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ན། དེའི་མི་མཐུན་པའི་ཕྱོགས་སྒྲིབ་པ་གསུམ་བཅོམ་པས་སྟོང་པ་དང་ཤིན་དུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ། །མ་རིག་པའི་མུན་པ་ལས་བྱུང་བའི་སྣང་མཆེད་ཐོག་གསུམ་ཞེས་བྱ་བའི་ཚོགས་དྲུག་གི་གཟུང་འཛིན་ཐོབ་པ་དེ་ནུབ་པས་རྣལ་འབྱོར་དང་པོ་དང་། །རྟོག་པ་དང་ཉོན་ཡིད་མཆེད་པ་ནུབ་པ་རྣལ་འབྱོར་གཉིས་པ་དང་། །སེམས་ཀུན་གཞིའི་རྣམ་ཤེས་འཁྲུལ་པའི་སྣང་བ་འགགས་པས་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་ལམ་གྱི་སྒྲིབ་པ་དག་པ་ནི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་སྟེ། །འདི་ཡི་ངེས་པ་ཡང་རྩ་བའི་རྒྱུད་ལས། ཨེ་ཡི་དབུས་སུ་བཾ་ཡིག་ནི། སངས་རྒྱས་ཀུན་གྱི་བདེ་བ་ཆེ། །མཁའ་ལ་རྡོ་རྗེ་སེམས་དཔའ་ནི། །སྐུ་ནི་ཟླ་བ་ཐིག་ལེ་ཞུ། །གསུང་ནི་ཚིག་དྲག་ཉི་མ་རྡུལ། །ཐུགས་ནི་རྣམ་ཤེས་ཨ་སྒྲ་ཅན། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཉིད། །ཅེས་པ་དང་། །ཤིན་དུ་རྒྱས་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་གསུངས་པ་འདིར་མ་བཤད་དོ། །དོན་འདི་རྣམས་འོག་ནས་ཀྱང་སྟོན་པར་འགྱུར་བས་མཆོད་པར་བརྗོད་པའོ། །བཤད་པ་དམ་བཅའ་བ་ཡང་དེ་ལྟ་བུ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོའི་བསྒྲུབ་ཐབས་བཤད་པ་སྟེ། འདི་ནི་སྦྱངས་པ་རབ་ཏུ་གྱུར་པའི་ལམ་ཡིན་ནོ། །ཕ་རོལ་དུ་ཕྱིན་པར་གསུངས་པ་དང་། །ཀུན་བརྟགས་པའི་བསྐྱེད་རྫོགས་རྣམས་ནི་ལམ་འབྲིང་པོའོ། །ཉན་རང་གི་ལམ་ནི་ཆུང་རྒྱུ་ཡིན་ནོ་ཞེས་ཤུགས་ལ་བསྟན་པ་ཡིན་པས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཆོག་རྣལ་འབྱོར་གསུམ་སྦྱོར་བ་ཡན་ལག་དྲུག་དུ་བསྟན་པ་འདི་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཉམས་སུ་བླང་བའི་སྤྱི་དོན་ནི་གསུམ་སྟེ། །གང་ལ་བསྟན་པའི་གང་ཟག་རྒྱུད་སྨིན་པ་དང་། །བསྒོམ་པའི་ངེས་པ་དང་། ཡན་ལག་དྲུག་མདོར་བསྟན་པའོ། །དང་པོ་ནི་ཚིག་རྐང་གསུམ་སྟེ། །དེ་ཡང་དབང་གིས་སྨིན་པ་དང་། །དམ་ཚིག་ལྡན་པ་སྟེ་བསྲུང་བ་དང་། །ཕྱག་རྒྱ་ཆེན་པོའི་ལམ་དུ་ངེས་པར་གཞོལ་བ་དེ་ལ་རྣལ་འབྱོར་གསུམ་བསྟན་པར་བྱ་སྟེ། །གཞན་འཇིག་རྟེན་གྱི་དངོས་གྲུབ་ཕྲན་ཚེག་དང་། །ལུས་ལོངས་སྤྱོད་དང་འཕོ་བདེ་འདོད་པ་ལ་ནི་མཆོག་གི་ལམ་འདི་ནམ་དུ་ཡང་བསྟན་པ་མ་ཡིན་ཏེ། །བསྐྱེད་པའི་རིམ་པ་ཀུན་བརྟགས་པ་ལ་སོགས་པ་དང་བསོད་ནམས་བསྒྲུབ་པའི་ཐབས་རྣམས་སྦྱིན་པར་བྱའོ། །འདི་ཡང་རྒྱས་པར་བཤད་པ་སྤྱིར་ན་བྱང་ཆུབ་ཀྱི་ལམ་ཐེག་པ་ཆེ་ཆུང་ཐམས་ཅད་བསླབ་པ་གསུམ་གྱིས་འཇུག་དགོས་ཏེ། །ཚུལ་ཁྲིམས་ཀྱི་བསླབ་པ་གཞི་བརྟེན་ལྟ་བུ་ཡིན་ཅིང་། །དེ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་བསླབ་པ་སེམས་རྩེ་ཅིག་ཏུ་གནས་པ་དང་། །དེས་ཤེས་རབ་ལ་ཞུགས་ནས་ཆོས་རབ་དུ་རྣམ་པར་འབྱེད་པ་ཤེས་རབ་ཀྱི་བསླབ་པ་མངོན་སུམ་དུ་བྱས་ནས་འབྲས་བུ་འགྲུབ་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་ཐེག་པ་འདིར་ཡང་མ་སྨིན་པ་སྨིན་པར་བྱེད་པ་ནི་དབང་སྟེ་དེ་ཉིད་ཚུལ་ཁྲིམས་ཀྱི་བསླབ་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བསྒྲུབ་པའི་སྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ལ། །དེ་ཉིད་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་བའི་ཐབས་གནས་ཡོངས་སུ་གྱུར་པ་སྟོན་པ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་པས་ཐོག་མ་དབང་བསྐུར་ཐོབ་པ་གལ་ཆེའོ། །འདི་ལ་ཡང་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་ཀྱང་རྩ་བའི་རྒྱུད་ལས་གསུངས་པ། །དང་པོ་སློབ་དཔོན་དམ་ཚིག་ཅན། །རྡོ་རྗེའི་ཐེག་པ་ལ་གནས་ཤིང་། །དེ་ཉིད་བསྒོམ་ཞིང་འདོད་པ་ཆུང་། །ཆགས་སོགས་དྲི་བྲལ་བཟོད་བརྩོན་འགྲུས། །ལམ་ཞུགས་སློབ་མ་ལམ་སྟེར་བྱེད །དམྱལ་བའི་འཇིགས་འཇོམས་ཚངས་པར་སྤྱོད། །བདུད་འཇོམས་རྡོ་རྗེ་དབྱུག་པ་དེ། །ས་སྟེངས་རྡོ་རྗེ་འཛིན་པར་གྲགས། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་ནས་བཤད་པའི་སྤྱོད་པ་ཤེས། །རབ་དུ་ཞི་ཞིང་དབང་པོ་དུལ། །དེ་ལྟར་ཡོན་ཏན་ཀུན་ལྡན་པའི། །བླ་མ་སློབ་མས་བསྟེན་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བ་ལས་གསུངས་པ་རྣམས་སོ། །སློབ་མ་ཡང་ཟབ་དང་རྒྱ་ཆེའི་སེམས་དཔའ་བླ་མའི་ངེས་པ་ལ་དགའ་གཏོང་དང་ཚུལ་ཁྲིམས་ཡོན་ཏན་ཅན་ཤེས་པ། །ཐར་པ་དོན་གཉེར་རྒྱུད་ལ་གུས་དང་སེམས་མི་གཡོ་དང་དེ་ཉིད་ཐོབ་པ་ཤིན་དུ་སྦེད་པ་དང་། །གདུག་པ་ཅན་གྱི་གྲོགས་པོ་སྤངས་པའི་སློབ་མ་དེ་ཉིད་ཤིན་དུ་མཁས་པའི་བླ་མས་བཟུང་བར་བྱ། །ཤེས་རབ་དབང་བསྐུར་ལ་སོགས་ཕྱིར་དང་གཞན་ཞེས་བྱ་དང་ཡང་ནི་བར་མ་བསོད་ནམས་དོན་དུའོ་ཞེས་གསུངས་ཏེ་ཤེས་རབ་ཡེ་ཤེས་བསྟན་པ་དང་། འབྲིང་གཞན་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་བསྟན་པ་ནི། བྱིས་པ་འཇུག་པའི་དབང་དང་། །དབང་གཞན་གསུམ་དང་། །ཕྱག་རྒྱ་ཆེན་པོའི་དོན་དུ་རུང་བ་གསུམ་ཡིན་པས་ཞིབ་དུ་བརྟག་པར་བྱའོ། །དབང་དངོས་གོ་བར་བྱ་བ་ནི། ངོ་བོ་དང་། མཚན་ཉིད་དང་། སྒྲ་དོན་དང་། གྲངས་ངེས་དང་། གོ་རིམ་དང་། དགོས་པ་དང་། ཆོ་ག་དང་བདུན་གྱིས་ངེས་པར་བྱ་སྟེ། །ངོ་བོ་ནི་རྒྱུད་སྨིན་པར་བྱེད་པ་སྟེ། དབང་མདོར་བསྟན་ལས། །དང་པོའི་དབང་བདུན་གང་ཡིན་པ། །བྱིས་པ་རྣམས་ནི་གཞུག་ཕྱིར་རོ། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་པ། །བཞི་པ་ཡང་ནི་དོན་དམ་ཉིད། །ཞེས་གསུངས་སོ། །མཚན་ཉིད་ནི་དྲི་མ་སེལ་བྱེད་ལམ་གྱི་གཞི་ཁྱད་བར་ཅན་ནོ། །སྒྲ་དོན་ནི་ཧེ་བཛྭ་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་པས། ཤིཉྩྨ་ནཱ་ཅེས་པ་གཏོར་བ་སྟེ་སྒྲིབ་པ་འཐོར་བ་བྱེད་པ་ནི་དག་བྱེད་དང་། ཤྲེ་ཀ་ཏྭ་ཅེས་པ་བླུག་པ་སྟེ་ནུས་པ་འཇོག་པའི་རྒྱུའི་ཕྱིར་ཡིན་ནོ། །དབང་མདོར་བསྟན་ལས་ཀྱང་། དབང་བསྐུར་བདུན་ནོ་མིའི་བདག །ལུས་ངག་ཡིད་ནི་ཡང་དག་སྦྱོང་། །དབང་བསྐུར་བ་ནི་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་དག་བྱེད་འགྱུར། །མངོན་པར་དབང་བསྐུར་རིམ་གསུམ་གྱིས། །ལུས་ངག་ཡིད་ནི་དག་བྱེད་ཅིང་། །བཞི་པ་ཡེ་ཤེས་དག་བྱེད་པ། །ལུས་ངག་ཡིད་ཀྱང་དག་བྱེད་པའོ། །ཞེས་གསུངས་སོ། །གྲངས་ངེས་པ་ནི་བསྡུས་ན་བཞི་དང་། དབྱེ་ན་བཅུ་གཉིས་ཏེ། བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་ཡང་དེ་དེ་བཞིན་ནོ། ཞེས་པ་དང་། །ཆུ་དང་ཅོད་པན་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརཏལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །བྱིས་པ་འཇུག་པའི་དབང་བདུན་ནོ། །བུམ་པ་གསང་བ་ཤེས་རབ་དབང་། །བཞི་པ་རྡོ་རྗེ་སློབ་དཔོན་དབང་། །དེ་ལྟར་དབང་ནི་བཅུ་གཉིས་སོ། །ཞེས་བྱ་སྟེ། དག་བྱ་བཅུ་གཉིས་ཡོད་པ་ལས། སྐྱེས་ནས་མས་བྱིས་པའི་ལུས་བཀྲུ་བ་དང་། གཙུག་ཕུད་འཇོག་པ་དང་། རྣ་བ་འབུགས་ཤིང་རྒྱན་འདོགས་པ་དང་། ལུས་ཀྱི་སྤྱོད་པ་དང་། སྨྲ་བ་སློབ་པ་དང་། །མིང་འདོགས་པ་དང་། རང་གི་རིགས་དང་ཡོ་བྱད་ལ་དབང་སྟོན་པ་རྣམས་བྱིས་པའི་གནས་སྐབས་ཡིན་ལ། ལོ་བཅུ་དྲུག་གིས་ཐིག་ལེ་རྫོགས་པ་ཁྱིམ་ཐབས་ལེན་པ་དང་། འཁྱུད་པ་དང་། འཛག་བདེ་རྣམས་སྦྱོང་བ་ནི་འཇིག་རྟེན་པའི་དབང་བཅུའོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ནི་འཇིག་རྟེན་པའི་དཔེ་ལས་ལས་འདས་པའོ། །འདི་རྣམས་ཀྱང་རྒྱས་པར་འགྲེལ་པ་གསུམ་ཀར་གསུངས་སོ། །རྒྱུ་མཚན་དེས་ན་དག་བྱ་བཅུ་གཉིས་ལ་ཐོབ་བྱ་བཅུ་གཉིས་སྟེ། དེའི་གོ་རིམས་ཀྱང་དང་པོ་མངལ་དུ་ལུས་གྲུབ་པའི་ཐོག་མ་ཁམས་ལྔ་གྲུབ་ལ། དེ་ནས་ཕུང་པོ་ལྔ་དང་། དེ་ནས་སྐྱེ་མཆེད་ལྔ་དང་། དེ་ནས་ལས་དབང་ལྔ་དང་། སྨྲ་བ་དང་། །འཛག་བདེ་དང་གནས་སྐབས་བཞི་རྫོགས་པའི་རིམ་པ་ནི་དག་བྱའི་ངེས་པའོ། །དག་བྱེད་དབང་བདུན་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་ལ། །གོང་མ་གསུམ་ནི་ལུས་དང་བྷ་གའི་དཀྱིལ་འཁོར་དང་། བཞི་པ་དང་རྡོ་རྗེ་སློབ་དཔོན་གྱི་དབང་ནི་སེམས་སྣང་སྲིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་ཞིང་། ཐོབ་པ་ནི་ས་བཅུ་གཉིས་མངོན་དུ་བྱེད་པའི་ཕྱིར་རོ། །དགོས་པ་ཡང་དེ་ཉིད་ཀྱིས་བསྟན་ཏེ་དྲི་མ་མེད་པར་རང་ལ་ཡོད་པར་རྟོགས་པ་ནི་དགོས་པ་ཡིན་ལ། དེ་ལ་བརྟེན་ནས་ལམ་མངོན་དུ་བྱས་པས་འབྲས་བུ་གྲུབ་པ་ནི། དགོས་པའི་དགོས་པའོ། །འདི་རྣམས་ཀྱི་ངེས་པ་ཡང་། ཆུ་ཡིས་ཁམས་ནི་ཀུན་ནས་སྦྱོང་། །ཅོད་པན་ཕུང་པོ་རྣམས་སྦྱོང་བའོ། །དར་དཔྱངས་ཕ་རོལ་ཕྱིན་དག་པ། །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གསུང་ནི་རྒྱུན་མི་འཆད། །ཉི་ཟླ་གཅིག་ཉིད་སྦྱོང་བྱེད་པའོ། རྡོ་རྗེ་བརཏལ་ཤུགས་མི་འགྱུར་བ། །ཡུལ་དང་དབང་པོ་ཀུན་སྦྱོང་ཡིན། །མིང་ནི་བྱམས་སོགས་ལེགས་སྦྱོང་བ། །རྗེས་གནང་སངས་རྒྱས་ཉིད་སྦྱོང་བྱེད། །དེ་ལྟར་དབང་ནི་བདུན་པོ་འདི། །དཀྱིལ་འཁོར་བྲིས་ནས་སྦྱིན་པར་བྱ། །ཤེས་རབ་ཡན་ལག་ནུ་མར་ནི། །རེག་པས་བྱང་ཆུབ་སེམས་འཕོ་བདེ། །གང་ཕྱིར་བྱིས་པས་བདེ་ཐོབ་པ། །དཀའ་འཛིན་གྱིས་ནི་དེ་དབང་བསྐུར། །གསང་བ་ཡུན་རིང་མཉེས་ལས་སྐྱེས། །བྱང་ཆུབ་སེམས་འཕོ་བདེ་བ་སྟེ། །གང་ཕྱིར་གསང་ལས་བདེ་ཐོབ་པ། །དར་མ་དེ་ལ་གསང་དབང་བསྐུར། །ཡུན་རིང་གསང་བ་མཉེས་ལས་སྐྱེ། །རྡོ་རྗེ་རྩེ་མོར་འཛག་ལས་བདེ། །གང་ཕྱིར་རྒན་པོ་འཛག་གྱུར་པས། །ཤེས་རབ་ཡེ་ཤེས་དབང་བསྐུར་བས་གསུངས་པ་ནི་དབང་བཅུ་ཡིན་ལ། གོང་མ་ཆེན་པོ་ནི། ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ལས། །སྐྱེས་པ་གང་གནས་བདེ་བ་ནི། །ཡེ་ཤེས་ཆེན་པོའི་དབང་བསྐུར་བའོ། །ཞེས་གསུངས་པ་དང་། དབང་བདུན་རྣམས་ཀྱིས་དབང་བསྐུར་བ་ནི་དགེ་བའི་དབང་གིས་ས་བདུན་རྣམས་ཀྱི་དབང་ཕྱུག་དུ་འགྱུར་རོ། །སླར་ཡང་ཕྱིར་མི་ལྡོག་པ་ལ་སོགས་པར་བུམ་པར་གསང་བའི་དབང་བསྐུར་བས་ནི་ངེས་པར་འཇུག་པར་འགྱུར། ཤེས་རབ་ཡེ་ཤེས་དབང་བསྐུར་བས་ནི་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་པའི་དབྱངས་ཉིད་ཞེས་བྱའོ། །ཞེས་གསུངས་སོ། །རྒྱ་ཆེར་འགྲེལ་བ་གསུམ་ནས་གསུངས་ཀྱང་མ་སྤྲོས་སོ། །ཆོ་ག་ནི་རྒྱས་པར་གཞན་དུ་ཡང་བསྟན་ལ་ཁོ་བོས་བྱས་པ་ལས་རྟོགས་པར་བྱའོ། །དེ་ལྟར་དབང་བསྐུར་བའི་ཚེ། བརཏལ་ཞུགས་ཉི་ཤུ་རྩ་ལྔ་བྱིན་པ་ནི་དགེ་བསྙེན་ཡིན་ལ། རིགས་ལྔའི་དམ་ཚིག་དང་སྡོམ་པ་ནི་དགེ་ཚུལ་དང་། དབང་བདུན་བསྐུར་ནས་རྒྱུད་ལྟ་བ་དང་ཉན་པ་བཏུབ་ཅིང་འཕྲིན་ལས་འཕྲན་ཚེགས་བསྒྲུབ་དུ་རུང་བ་ཡིན་ནོ། །གོང་མ་གསུམ་དང་མཆོག་གི་དམ་ཚིག་ལྔ་བྱིན་པ་ནི་དགེ་སློང་སྟེ། །ལས་ཐམས་ཅད་བསྒྲུབ་པ་དང་སྤྱོད་པ་ལ་དབང་བ་ཡིན་ལ། ངེས་པར་བཞི་པ་ནི། རྣལ་འབྱོར་གསུམ་གྱི་གདམས་པ་བྱིན་པ་ཡིན་པས་དབང་གཞན་སྔོན་དུ་མ་ཐོབ་པར་བྱིན་དུ་མི་རུང་ངོ་། །རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་མ་ཐོབ་པས་གཞན་ལ་བསྟན་པར་བྱ་བ་མ་ཡིན་པ་ནི་ངེས་པ་ཡིན་ནོ། །འདི་ལྟར་མ་ཐོབ་པར་གཞན་ལ་སྟེར་བ་ནི་དམ་ཚིག་ཉམས་པར་བཤད་དོ། །འོ་ན་དེ་ལྟ་བུ་ལོངས་སྤྱོད་མེད་པས་མི་འགྲུབ་བོ་ཞེ་ན། །ཡང་དག་པའི་དོན་ལ་འཇུག་ཅིང་ཚུལ་བཞིན་དུ་བསྒྲུབ་པ་ལ་ནི་དབང་རྣམས་ཚིག་གིས་སྦྱིན་ཞིང་། ཐབས་ལྡན་གྱི་ཕྱག་རྒྱ་ལ་སོགས་པ་བསྟན་པར་བྱའོ། །ཞེས་གསུངས་ཏེ། ལོངས་སྤྱོད་ཡོད་པ་ལ་མ་མོའི་མཆོད་པ་ལ་སོགས་པ་མེད་པར་བསྟན་དུ་མི་རུང་ངོ་། །དེ་ཡང་ལོངས་སྤྱོད་མེད་པའི་ཨ་བ་དྷུ་ཏི་བཞིན་དབང་བསྐུར་རྒྱལ་བའི་བདག་པོའི་ཚིག་གིས་སྦྱིན་པར་བྱ། དེ་བཞིན་དུ་བ་ལ་སོགས་ལམ་དང་མ་ལུས་ཡོན་ཏན་རྩའི་སྦྱོར་བར་བཅས་པ་དང་། བསྟན་པའི་དོན་ལག་པའི་ཕྱག་རྒྱ་རང་གི་སེམས་ཀྱི་དབང་དུ་སོན་པ་ཀུན་སྙོམས་རྣམ་པར་གྲོལ། གཞན་དུ་མ་མོའི་མཆོད་པ་དམན་ལ་རྒྱལ་བ་མཆོག་སྙིང་པོ་འདི་ནི་སྦྱིན་པར་བྱ་བ་མིན། །ཞེས་གསུངས་སོ། །དེ་ལྟར་དབང་བསྐུར་བ་ཐོབ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་མིག་གི་འབྲས་བུ་ལྟར་བསྲུང་ཞིང་ངེས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ལ་བརྩོན་པར་བྱ་སྟེ། །དེ་ཡང་གང་ཞེ་ན། །ཐེ་ཚོམ་འགྱོད་པ་གཉིད་དང་རྒོད་པ་ལེ་ལོ་རྣམས་ཀྱི་ཆོམ་རྐུན་གྱིས། །གཉེན་འདུན་ཚོགས་སུ་རབ་ཞུགས་ལམ་བཟང་རིན་པོ་ཆེ་ནི་བཅོམ་ནས་འཕྲོག་བྱེད་དེ། །སྲོག་གཅོད་པ་དང་བརྫུན་དང་མ་བྱིན་ལེན་དང་གཞན་གྱི་བུད་མེད་ཚིག་རྩུབ་དབྱེན། །ངག་འཁྱལ་བའི་ཚིག་དང་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བའི་ཆོམ་རྐུན་ནི། །སྡིག་ཆེན་ཉེ་བའི་སྡིག་དང་གསོད་དང་འཁུ་དང་དབང་པོ་ཡུལ་ལ་མངོན་པར་ཆགས་པ་ཡི། །ལྔ་པ་ལྔ་པོ་ཆོམ་རྐུན་འདི་རྣམས་ཀྱིས་ནི་རིན་ཆེན་རྟག་ཏུ་འཕྲོག་བྱེད་དོ། །ཤིན་དུ་བཟའ་དང་བཏུང་བ་ལོངས་སྤྱོད་དུ་མ་སྣ་ཚོགས་ཆོམ་རྐུན་རྣམས་ཀྱིས་ནི། །དེའི་ལུས་བརྒྱལ་བག་མེད་པར་བྱས་བརྩོན་འགྲུས་ལྡན་ཡང་འཕྲོག་པར་བྱེད་པ་ཉིད། །རང་ཉིད་ཀྱིས་ནི་མ་བརྟགས་པར་ནི་གཅིག་ཤོས་ནོར་ནི་སྟོན་པར་བྱེད་འདོད་པ། །དཀོན་པ་ཆེན་པོར་གྱུར་པའི་རིན་ཆེན་དེ་ནི་ཕྱི་རོལ་གཏང་བར་བྱ་བ་མིན། ཞེས་སྤྱན་རས་གཟིགས་ཀྱིས་གསུངས་པས་ཉེ་བའི་ཉོན་མོངས་པ་རྣམས་དང་། མི་དགེ་བ་བཅུ་དང་། འཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། དབང་པོ་ལྔ་ཡུལ་ལྔ་ལ་ཆགས་པ་ལ་སོགས་པ་དང་། ལུས་དང་ལོངས་སྤྱོད་དང་ཁེ་དང་གྲགས་པ་དང་རང་གིས་མི་བསྒོམ་པར་སྟོན་པ་ལ་སོགས་པ་ཐམས་ཅད་དོར་ལ་ཉམས་སུ་བླང་བར་བྱའོ། །གཞན་ཡང་མཆོག་ཏུ་མི་འགྱུར་བར་གསུངས་པ། མི་གཡོ་བ་བསྒྲུབ་པ་ལ་དགའ་བའི་རྣལ་འབྱོར་པ་དེས། བླ་མ་དམ་པའི་གདམ་ངག་ཐོབ་ནས་གདུག་པ་ཅན་དང་འབྲེལ་པ་སྤངས་ལ་དུ་བ་ལ་སོགས་པའི་ལམ་དང་དབུ་མ་སྦྱང་བར་བྱས་ལ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་བསྐྱེད་ནས་ཚད་མེད་པ་བཞི་ལ་གནས་པར་བྱ་སྟེ། བུ་དང་བུ་མོ་དང་ལུས་དང་འདུག་གནས་དང་ལྷ་ཁང་དང་བླ་མའི་རྫས་ལ་ལོངས་སྤྱོད་པ་སྤོངས་ལ། །ཀུན་བརྟགས་པའི་དཀྱིལ་འཁོར་བསྒོམ་པ་དང་འཇིག་རྟེན་པའི་དངོས་གྲུབ་འདོད་པ་དང་། རྡུལ་ཕྲན་ལ་སོགས་པར་རྟོག་པས་སྒྲོས་བཏགས་ནས་བཀག་པའི་སྟོང་པར་བལྟ་བའི་ཆད་པར་ལྟ་བ་རིང་དུ་བྱས་ནས། འཛག་པའི་བདེ་བ་ལ་མ་ལྟོས་པར་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཇུག་པར་འདོད་པས། རང་གི་སེམས་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྐྱེ་བ་མེད་པའི་མཆོག་ལ་ལྟ་བ་ནང་གི་བདེ་བ་ཆེན་པོ་རང་རིག་པའི་བྱང་ཆུབ་སེམས་བརྟན་པར་བྱའོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་བཞིན་ངེས་པར་བསྒྲུབ་པར་བྱའོ། །བསྒོམ་པའི་ངེས་པ་བསྟན་པ་ནི། ཚིགས་བཅད་གཅིག་སྟེ། བྱིན་གྱིས་རླབས་ལ་རྟོགས་པ་བསྒོམ་པ་ནི། །བླ་མའི་བྱིན་རླབས་ངེས་པར་ཐོབ་ཅིང་ཚུལ་བཞིན་དུ་ཤེས་པས་བསྒོམས་སྟེ། གཞན་དུ་ན་གེགས་ཀྱིས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །རང་བཞིན་རྣལ་འབྱོར་གསུམ་དུ་ངེས་པ་ནི། རྒྱུ་འབྲས་གསུམ་དུ་ངེས་སྟེ། རྒྱུ་སོ་སོར་སྡུད་ལས་འབྲས་བུ་བསམ་གཏན་འབྱུང་སྟེ། ལུས་དང་རྩ་དག་པར་བྱེད་པའོ། །རྒྱུ་སྲོག་རྩོལ་གྱིས་འབྲས་བུ་འཛིན་པ་འགྲུབ་སྟེ། ངག་དང་རླུང་དག་པར་བྱེད་པའོ། །རྒྱུ་རྗེས་དྲན་གྱིས་འབྲས་བུ་ཏིང་ངེ་འཛིན་གྲུབ་པ་སྟེ་ཐིག་ལེ་དང་ཡིད་དག་པར་བྱེད་པས། །ཡེ་ཤེས་རྡོ་རྗེ་འགྲུབ་པར་བྱེད་པའི་ཕྱིར་རོ། །དེའི་གོ་རིམས་ཀྱི་ས་འཚམས་ཀྱང་གསུམ་ཏེ། དང་པོ་སྦྱོར་ལམ་དང་། གཉིས་པ་མཐོང་ལམ་དང་། གསུམ་པ་བསྒོམས་ལམ་རྫོགས་པར་འགྱུར་ཏེ། །དྲི་མ་མེད་པའི་འོད་ལས། འདིར་མཚན་མ་ཡང་། རྣམ་པ་གསུམ་སྟེ། དང་པོ་དང་བར་མ་དང་ཐ་མའོ། །དང་པོ་ནི་དུ་བ་ལ་སོགས་པའི་ལམ་སྟེ་ཡན་ལག་དྲུག་གི་སྦྱོར་བས་གཟུགས་ཡོངས་སུ་རྫོགས་པས་མི་འགྱུར་བའི་སྐད་གཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གཅིག་ལ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པའོ། །མངོན་པར་ཤེས་པ་ལྔ་མ་ཐོབ་པའི་དོན་ཡང་དག་པར་མཐོང་བ་ནི་འཇིག་རྟེན་གྱི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཐ་མའི་མཚན་མ་ནི་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་མི་འགྱུར་བའི་སྐད་ཅིག་གིས་ས་བཅུ་གཉིས་ཐོབ་པས་སངས་རྒྱས་རྡོ་རྗེ་འཆང་ཉིད་གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་བསྒོམ་པའི་ཐབས་འདིར་གསུངས་པ་ནི། ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ལ། འདི་རྣམས་ཀྱི་གཞི་ལམ་འབྲས་བུའི་ཚུལ་ཕྱི་དང་ནང་ལུས་ཀྱི་གནས་ལུགས་སྐྱེ་འཆི་དང་བཅས་པ་དང་། གཞན་བསྐྱེད་རྫོགས་དང་། །དེ་ཡེ་ཤེས་སུ་སྦྱོར་བ་རྣམས་ཤེས་པ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་པས་ན། འཆི་བའི་རྟགས་ཉིད་ཤེས་བྱས་ལ། །སྲོག་ནི་ཐིག་ལེར་རབ་དུ་ཞུགས། ཞེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་དང་ལུས་བསྐྱེད་པ་རྣམ་པ་བཅུ་ཧ་ཀྵ་མ་ལ་བ་ར་ཡ་ཐབས་ཚེག་དྲག་ཐིག་ལེ་ན་ད་རྣམས་ནི་སྲོག་ཆེན་པོའོ། །དེ་འཇིགས་པ་དང་འཆི་བ་ནི་སྡུད་པ་སྟེ། དེའི་རྟགས་ཀྱང་དུ་བ་ལ་སོགས་པ་བཅུ་ཡིན་པས་འདིར་ཡེ་ཤེས་ཀྱི་རྟགས་ཀྱང་དེས་མཚོན་པ་སྟེ། རྣམ་པ་བཅུ་པོ་དོན་བཅུའི་དོན། །སྔགས་ཀྱི་སྐྱེ་གནས་ཡི་གེ་མེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ལྷ་ལ་ལྷ་མོ་བཅུ་ཞེས་བྱ། །རྩ་བཅུ་རླུང་བཅུ་ཐིག་ལེ་བཅུ། །ས་བཅུ་གཟུངས་བཅུ་ཕར་ཕྱིན་བཅུ། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། དུས་ནི་ཀུན་རྫོབ་མཚན་ཉིད་ཅན། །ཤེས་བྱའི་རྣམ་པ་འགྲོ་འཁོར་ལོ། །དཔལ་ནི་སྟོང་དང་གཉིས་མེད་བདག །འདི་ནི་དཔའ་ལྡན་དུས་འཁོར་གྱིས། །ཀུན་དུ་རྡོ་རྗེའི་རྣལ་འབྱོར་རོ། །བདེན་པ་གཉིས་སུ་གནས་པའོ། ཞེས་བྱ་བ་ཤེས་བྱ་རྣམས་ཡེ་ཤེས་ཀྱི་ལེའུ་ལས་ཆོས་ཡང་དག་པར་བསྡུ་བ་གཅིག་ནས་སུམ་ཅུ་སོ་བདུན་གྱི་བར་གྱི་ཡང་གཉེན་ལམ་འབྲས་བུ་དང་བཅས་པ་གསུང་བ་རྟོགས་པར་བྱའོ། །དེ་ལྟ་བུའི་སྲོག་སྟེ་མི་འགྱུར་བའི་དོན་དམ་པ་ཨ ཀྵ་ར་ནི་སྔགས་ཀྱི་གཞུང་དུ་ཐེག་ལེ་ཞེས་བརྗོད་དོ། །དེ་ཡང་རྣམ་པ་གསུམ་དུ་ཁམས་ལྔ་རྫས་ཀྱི་ཐིག་ལེ་དང་། ཀུན་བཏགས་སྔགས་ཀྱི་ཐིག་ལེ་དང་། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ཞེས་གསང་བ་འདུས་པའི་རྒྱུད་རྡོ་རྗེ་འཕྲེང་བར་གསུངས་པ་དེར་བཞུགས་པའོ། །འདི་རྣམས་ཀྱང་དབུ་མ་ལས་གཟའ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་འབྱུང་བ་དང་། དེ་བཞིན་དུ་སྔགས་ཐམས་ཅད་དང་། ལྷ་ཐམས་ཅད་དང་རྒྱུད་ཐམས་ཅད་དང་ཡེ་ཤེས་ཐམས་ཅད་འབྱུང་བར་གསུངས་པ་རྣམས་ཤེས་པར་བྱ་བ་ནི། རྡོ་རྗེའི་ཐེག་པ་འདིར་གཞི་དང་ལམ་དང་ལམ་གྱི་རྣམ་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་རྟོགས་པར་བྱའོ། །ཡང་སངས་རྒྱས་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་ཞེས་བྱའོ། །ཞེས་གསུངས་སོ། །རྒྱས་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་ཕ་རོལ་དུ་ཕྱིན་པའི་གཞུང་དུ་རྟོགས་པར་བྱའོ། །འདིར་མདོ་ཙམ་བརྗོད་པ་ནི། ལུས་ལ་སྲོག་ཆེན་དབུ་མ་དང་། །གཞན་དུ་དཔལ་ལྡན་ཧེ་རུ་ཀ། །ཕྱིར་རུ་སྒྲ་གཅན་མུན་པ་བྲལ། །ཡེ་ཤེས་སྣང་སྟོང་དབྱེར་མེད་ཀྱི། །དབུ་མ་དག་པར་བྱས་ནས་ནི། །རྡོ་རྗེ་འཆང་ཉིད་འགྲུབ་འགྱུར་ཏེ། །ལུས་ལ་གནས་པའི་རྩ་དྲུག་ལ། །ཡན་ལག་རྩ་ཆེན་ཉི་ཤུ་བརྒྱད། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །བརྒྱ་བཅུ་རྩ་བཞིར་འགྱུར་བ་སྟེ། །རེ་རེའི་འཁོར་ནི་སྟོང་སྟོང་ཡོད། །བརྒྱད་ཁྲི་བཞི་སྟོང་ཞེས་བྱ་སྟེ། །ཡེ་ཤེས་ཁམས་ལྡན་སྟོང་ཉིས་བརྒྱ། ཁུ་ཁྲག་རླུང་བརྟེན་རྩ་རྣམས་ནི། །སྟོང་ཕྲག་ཉི་ཤུ་རྩ་བཞི་བཞི། །སྐྱེས་བུའི་ལོ་བརྒྱའི་རླུང་ཅི་སྙེད། །བྱེ་བ་བདུན་ཅུ་དོན་བདུན་དང་། །ས་ཡ་བདུན་དང་འབུམ་ཕྲག་དྲུག དེ་ལ་ཡེ་ཤེས་རླུང་རྒྱུ་བ། །བྱེ་བ་གཉིས་དང་ས་ཡ་བཞི། །འབུམ་ཕྲག་གསུམ་ནི་རྒྱུ་བའོ། །གཡས་གཡོན་རེ་རེར་ལས་ཀྱི་རླུང་། །བྱེ་བ་སོ་བདུན་ས་ཡ་དྲུག །དྲུག་འབུམ་ལྔ་ཁྲི་འབྱུང་བ་སྟེ། །ཐིག་ལེ་སུམ་ཅུ་སོ་དྲུག་སྟེ། འདི་རྣམས་འདོད་དང་མི་འདོད་པའི། །རྣམ་རྟོག་བདུན་ཅུ་རྩ་གཉིས་ཀྱིས། །སྦྱང་གཞི་ལུས་དང་སེམས་ཞེས་བྱ། །སྦྱོང་བྱེད་ཀྱིས་སྦྱངས་དག་པའི་ཚེ། །རླུང་གིས་གྲངས་བཞིན་ཆོས་བསྒོའི་མིང་། །རྩ་བཞིན་ཆོས་ཀྱི་ཕུང་པོར་བརྗོད། །ཏིང་འཛིན་གཟུངས་ཀྱང་དེ་སྙེད་དོ། ལྷ་དང་སྔགས་ཀྱང་དེ་བཞིན་ནོ། །གཞི་ཡི་གནས་ལུགས་བསྡུས་པ་ཡིན། །དེ་ནི་ཡན་ལག་དྲུག་གིས་བཅིངས། །ལོ་གསུམ་ཕྱོགས་གསུམ་དག་བྱེད་པ། ལམ་ལྔའི་རིམ་པས་བསྟན་པ་སྟེ། །སྦྱིན་སོགས་དྲུག་དྲུག་སུམ་ཅུ་དྲུག །གོ་ཆ་འཇུག་པའི་ཁྱད་པར་དང་། །མཐོང་དང་བསྒོམ་པའི་ལམ་དག་ལ། རྫས་དང་བཏགས་པའི་རྟེན་ཅན་གྱི། །མཚན་འཛིན་སུམ་ཅུ་སོ་དྲུག་བཅོམ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག རྣམ་པ་ཉི་ཤུ་བྱང་ཆུབ་པ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །དག་པ་རྣམ་པ་བཅུ་གཉིས་འཆང་། །ཤེས་པ་བརྒྱད་ནི་རྟོགས་པ་པོ། །བདེན་པ་བཞི་ཡི་དེ་ཉིད་རིག །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། འབྲས་བུ་མཐར་ཕྱིན་བླ་ན་མེད། །ཞེས་བྱ་བ་འདི་ནི་གཞི་ལམ་འབྲས་བུ་བསྡུ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།དེ་ལྟར་བསྒོམ་པའི་ངེས་པ་བཤད་ནས། ཡན་ལག་མདོར་བསྟན་པ་དངོས་ནི། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཞེས་བྱ། །ཞེས་གསུངས་ཏེ། འདིར་ཡང་ཐུན་མོང་གི་བསྙེན་བསྒྲུབ་བཞི་དང་། ཁྱད་པར་གྱི་ཡན་ལག་དྲུག་སྟེ། དེ་ཡང་བསྐྱེད་རྫོགས་ཐུན་མོང་དུ་གསུངས་པས། །དྲང་དོན་དུ་ནི་བདུད་རྩིའི་རིལ་བུ་བཟའ་བ་དང་། ལྷ་བསྒོམ་པ་དང་། ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ནི་བསྙེན་བསྒྲུབ་བཞི་ཡིན་པས། རྡོ་རྗེ་བཞི་བསྐྱེད་རིམས་དང་མཐུན་པར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ལས་སྟོང་ཉིད་བྱང་ཆུབ་ཞེས་བསྡུ་བ་ནི་བར་དོ་སྦྱོང་བའོ། དེ་ལ་ངེས་པར་ཟླ་བའི་ཐིག་ལེ་བསྡུ་བ་མངལ་གྱི་གནས་སྐབས་སོ། །དེ་ལ་གཟུགས་བརྙན་རྫོགས་པ་ནི་ལུས་རྫོགས་པ་དང་སྐྱེ་མཆེད་རྣམས་ཀྱི་ནུས་པ་རྫོགས་པ་ནི་ལོ་བཅུ་དྲུག་གི་ཐིག་ལེ་རྫོགས་པའི་བར་རྣམས་དག་པར་བྱེད་པས་ཀུན་རྟགས་བསྐྱེད་རིམས་ཀྱང་རྫོགས་པར་བསྒོམ་པའོ། །རྫོགས་རིམས་ལ་ནི་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བ་སྟེ། སྟོང་པའི་བྱང་ཆུབ་ནི་མཚན་མོའི་རྣལ་འབྱོར་རོ། །ཟླ་བའི་ཐིག་ལེའི་རྟགས་བཅུ་དང་། གཟུགས་བརྙན་རྫོགས་པ་ནི་སངས་རྒྱས་ཀྱི་སྐུ་སྣང་བ་དང་བསམ་གཏན་གྱིས་བསྙེན་པའོ། །སྲོག་རྩོལ་གྱི་རླུང་གིས་ཉེ་བའི་བསྙེན་པའོ། །འཛིན་པ་ཐིག་ལེ་འཛིན་ཅིང་རྗེས་དྲན་གྱི་རྒྱུར་གྱུར་པས་བསྒྲུབ་པའོ། །དེས་ས་བཅུ་གཉིས་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་འབྱུང་བས་བསྒྲུབ་པ་ཆེན་པོ་སྟེ། རྒྱུད་ལས། བསྙེན་པ་བདུད་རྩི་ལྔ་དང་ཆུ་གཏེར་རྡོ་རྗེ་དང་ནི་སྔགས་བཟླས་པ་ལ་སོགས་པ་ཡིས། སོ་སོར་བསྡུད་པ་ལ་སོགས་པར་འགྱུར་རྡོ་རྗེ་པད་མ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་བསྒྲུབས། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་པོ་ཆུ་སྐྱེས་རོ་མཉམ་གྱུར་པ་བསྒོམས་པས་འགྲུབ་པར་འགྱུར། །ཤེས་རབ་མ་དང་ཕྲད་པས་འཕོ་བ་མེད་པར་འགྱུར་པ་བསྒྲུབ་པ་ཆེན་པོ་ཕྲ་མོའི་སྦྱོར་བ་ལས། ཞེས་པ་དང་། དང་པོར་སྟོང་པ་བྱང་ཆུབ་དང་ནི་ངེས་པར་དེ་ནས་བསྡུ་བ་ཡང་ནི་ཟླ་བའི་ཐིག་ལེའོ། །གཟུགས་བརྙན་རྫོགས་པར་གྱུར་པ་དེ་ལས་ཀྱང་ནི་རབ་མཆོག་རོའི་རིགས་ཀྱི་ཡི་གེ་དགོད་པ་ཉིད། འདི་དག་ཐུན་མོང་བསྙེན་པ་ཆུ་གཏེར་རིགས་ཀྱི་རྡོ་རྗེ་རྣམས་ཀྱིས་བསྒྲུབ་པ་ཡང་ནི་དབུ་མའོ། །འདིར་ཐབས་རྣམ་བཞིར་འགྱུར་ལ་མི་བརྟན་པ་དང་བརྟན་པ་དག་ལ་དེ་བཞིན་བསྒྲུབ་པའི་ཡན་ལག་ཉིད། །ཞེས་གསུངས་སོ། །ཁྱད་པར་གྱི་ཡན་ལག་དྲུག་འདིར་འབྱུང་བ་བཞིན་ཆུང་ངུ་ནི་རྣལ་འབྱོར་དང་པོ། འབྲིང་ནི་བར་པ། ཆེན་པོ་ནི་ཐ་མ་སྟེ། ཞིབ་དུ་ཕྱེ་ན་རེ་རེ་ལ་ཡང་དྲུག་དྲུག་ཏེ། །དུས་ཞབས་ཀྱིས། །ཀུན་ལ་དྲུག་དྲུག་ཤེས་པར་བྱ། །ཞེས་གསུངས་སོ། དེ་ཡང་སོར་སྡུད་ཀྱི་དྲུག་ནི། མི་རྟོག་པར་བསྡུ་བ་སོ་སོར་སྡུད་ཡིན་ལ། དེས་སེམས་གནས་པའི་དགའ་བདེ་འབྱུང་བ་བསམ་གཏན། རླུང་རང་འགགས་པ་སྲོག་རྩོལ། ཐིག་ལེ་དང་སེམས་འཛིན་པས་འཛིན་པ། བདེ་བ་རྒྱས་པས་རྗེས་དྲན། སངས་རྒྱས་ཀྱི་སྐུ་མི་འགྱུར་བར་མཐོང་བ་ཏིང་ངེ་འཛིན། བསམ་གཏན་གྱི་ནི་ཡན་ལག་ལྔ་ལྡན་དུ་བསྒོམ་པ་དང་། དེས་རྩེ་ཅིག་པ་ཐོབ་པ་དང་། མི་གཡོ་བས་རླུང་འཛིན་པ་དང་འདྲ་བ་དང་། དེས་མི་གཡོ་བ་ཉིད་དང་། དགའ་བདེ་འབར་བ་དང་། འབྲས་བུའི་བསམ་གཏན་དུ་གྱུར་པས་མངོན་ཤེས་ཐོབ་པ་དང་དྲུག་གོ །སྲོག་རྩོལ་ནི། འབྱུང་འཇུག་གནས་གསུམ་གྱིས་སེམས་འཛིན་པ་དང་། དེ་བརྟན་པ་དང་། སྟེང་འོག་རོ་མཉམ་པ་དང་། དབུ་མར་འགག་པ་དང་། འཛིན་སྟངས་ལྔས་རྩ་ཐམས་ཅད་འདུལ་བ་དང་། །གང་གི་འཕོ་བ་གསལ་བའི་ཏིང་ངེ་འཛིན་དང་དྲུག་གོ །འཛིན་པ་ལ་དེ་ཉིད་ཀྱི་འབྲས་བུ་དྲུག་རྣམས་སོ། །རྗེས་དྲན་ལ། ལྷ་རྗེས་དྲན་ལ་སོགས་དྲུག་བསྡུ་བ་དང་། མངོན་ཤེས་དྲུག་གི་བསམ་གཏན་དང་། སངས་རྒྱས་ཀྱི་སྤྲིན་སྤྲོ་བསྡུ་བ་དང་། འཛག་མེད་རང་བཞིན་ཐོབ་པ་དང་། ཕྱག་རྒྱ་གསུམ་རྗེས་སུ་དྲན་པ་དང་། འབད་པ་མེད་པའི་ཏིང་འཛིན་ནོ། །དེའི་འབྲས་བུ་དྲུག་འགྲུབ་པ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཉིད་པས་རྒྱ་ཆེའོ། །འདི་རྣམས་ནི་སྤྱི་དོན་མདོ་ཙམ་མོ།། །།གསུམ་པ་ཉམས་སུ་བླང་བྱ་ཉིད་བཤད་པ་ནི་དྲུག་ལས། འདི་ལ་ཡང་སྤྱིར་གྲངས་ངེས་པ་དང་། གོ་རིམས་དང་། ས་འཚམས་དང་། བསྒོམ་པའི་ཚུལ་དང་། སོ་སོའི་མཚན་ཉིད་དང་། རྣམ་དབྱེ་དང་། སྒྲ་དོན་དང་། རྟགས་དང་ངེས་པ་དང་། །འབྲས་བུ་རྣམས་ཀྱིས་བཤད་པ་ལས། དང་པོ་གསུམ་ནི་རྒྱུ་འབྲས་ཚར་གསུམ་གྱིས་སྦྱོར་བ་ཡན་ལག་དྲུག་དུ་གྲངས་ངེས་པ་ཡིན་ཏེ། །ལུས་ཀྱི་རྩ་དག་པ་སྐུ་དང་། ངག་དང་རླུང་དག་པ་གསུང་དང་། སེམས་དང་ཐིག་ལེ་དག་པ་ཐུགས་ཏེ། སྦྱང་གཞི་སྦྱོང་བྱེད་ཐམས་ཅད་བསྡུས་པ་དེ་ལས་མེད་པའི་ཕྱིར་རོ། །གོ་རིམ་ངེས་པ་ཡང་རྩ་མ་དག་ན་རླུང་མི་འགགས། རླུང་མ་དག་ན་ཐིག་ལེ་མི་འཆིང་། ཐིག་ལེ་འཛག་མེད་དུ་མ་བཅིངས་ན་ཡེ་ཤེས་དག་པར་མི་འགྱུར་བའི་ཕྱིར་དང་། ཡང་བསམ་གཏན་མ་ཐོབ་པར་རླུང་གཡོ་བ་མི་འགག་ཅིང་། རླུང་འགག་པའི་འཛིན་པ་མ་གྲུབ་ན་ལུས་སེམས་ཀྱི་འཛག་སྒོ་རྣམས་མི་འགག་ལ། དེ་མ་འགགས་པར་སྲིད་ཞི་མཉམ་པར་སྤྱོད་པའི་ཡེ་ཤེས་མི་འགྲུབ་པས་ན་རྣལ་འབྱོར་གསུམ་གྱི་གོ་རིམ་ངེས་པ་ཡིན་སྟེ། དང་པོ་གཉིས་ནི་ཚོགས་ལམ་དང་སྦྱོར་ལམ་གྱི་དྲོད་རྩེའི་བར་རོ། །བར་པ་གཉིས་ཀྱིས་ནི་བཟོད་པ་ཆོས་མཆོག་མཐོང་བའི་ལམ་མོ། །ཐ་མ་གཉིས་ཀྱིས་ནི་བསྒོམ་ལམ་དང་མཐར་ཕྱིན་པའི་ལམ་མོ། །ས་འཚམས་ཀྱང་དེ་ཉིད་ཀྱིས་ཤེས་པར་འགྱུར་རོ། །བསྒོམ་པའི་ཚུལ་ལ་སོགས་པ་སོ་སོའི་སྐབས་སུ་སྟོན་པས་ཐོག་མར་སོ་སོར་སྡུད་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་དེ། འདི་ལ་ཡང་ཉིན་མཚན་གྱི་རྣལ་འབྱོར་གཉིས་ལས་གནས་དང་། གང་ཟག་དང་། ལུས་གནད་དང་། ལྟ་སྟངས་ཀྱིས་སྟེང་འོག་བཅིངས་པ་རྣམས་ནི་བསྒོམ་པའི་ཚུལ་ཏེ། གནས་ནི་ཤིན་དུ་དབེན་ཞིང་ཉམས་དགའ་བ་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་མི་དང་མི་མ་ཡིན་པ་རྣམས་ཀྱི་རྐྱེན་དང་། །སྒྲ་ཅ་ཅོ་མེད་པའི་སར་མུན་ཁང་ཚད་དང་ལྡན་པར་བསྒོམས་ཏེ། མཚན་མོ་གསེང་མེད་ཁྱིམ་དུ་ནི། ཞེས་སྨོས་སོ། །གང་ཟག་ནི། ཤིན་དུ་མཉམ་གཞག་བསྒྲུབ་པ་པོ་སྟེ་ལྔར་བསྟན་པ་ལྟར་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དོར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་དུ་མི་འགྱུར་བ་བསྒྲུབ་པར་འདོད་པའི་གང་ཟག་གོ །ལུས་ཀྱི་གནད་ནི་བྱེད་པ་ལྔ་དང་ལྡན་པ་སྟེ། རྐང་པ་རྡོ་རྗེ་དཀྱིལ་དཀྲུང་དང་། ལག་པ་རྡོ་རྗེ་ཁུ་ཚུར་རམ་རྡོ་རྗེ་བསྡམས་པ་དང་། །སྒལ་ཚིག་བསྲང་བ་དང་། དཔུང་པ་རྒོད་གཤོག་ལྟར་བརྐྱང་བ་དང་། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པའོ། །བཅིང་བ་གཉིས་ནི། སྟེང་དུ་དབང་པོའི་སྒོ་བཞི་གྱེན་དུ་བཅིང་བ་དང་། འོག་རྩའི་ལམ་གསུམ་བཅིང་བ་སྟེ། འདི་དག་ཀྱང་ཁྲིད་ཡིག་ལས་བྱུང་བ་བཞིན་དུ་བླ་མའི་ཞལ་ལས་ཤེས་པར་བྱ་བ་སྟེ། རྡོ་རྗེ་འཆང་ཆེན་པོའི་རྒྱུད་པ་བར་མ་ཆད་པ་ལས་རྟོགས་པར་བྱའོ། །འདི་དག་གི་ངེས་པ་ནི་འགྲེལ་ཆེན་ལས། དང་པོར་སོ་སོར་སྡུད་པ་ནི་བུག་པ་མེད་པའི་ཁྱིམ་ནག་པོར་ཞུགས་སྟེ་ཅི་ཡང་བསམ་པར་མི་བྱའོ། །ཞེས་པ་དང་། །རྒྱུད་ལས། བསྙེན་པ་ཐོག་མའི་སྦྱོར་བ་ནམ་མཁར་རྣམ་པ་བཅུ་པོ་ཁྲོ་བོ་འཁོར་ལོ་ཅན་གྱི་ལྟ་སྟངས་ཀྱིས། ཞེས་གསུངས་པ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཀྱིས་མིག་རྣ་བ་སྣ་ལྕེའི་རྩ་བཅིངས་པས་རྟགས་བཅུ་འཆར་བ་བྱེད་དོ། དུས་ནི་འགྲེལ་པར། གཡས་པར་ས་ལ་སོགས་པ་སྡུད་པའི་རླུང་རྒྱུ་བའི་དུས་སུ་བསྒོམ་པར་བྱའོ། །གསུངས་སོ། །སོ་སོར་སྡུད་པའི་མཚན་ཉིད་ནི། རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་རྣམས་ནི་འཇུག་པ་མེད་པའོ། །ཞེས་གསུངས་པས་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་ལ་ཡུལ་ཅན་གྱི་རྣམ་པར་ཤེས་པ་ལྔ་པོ་འཇུག་པ་ལ་བརྟེན་ནས་དངོས་པོ་ལ་མཚན་མར་འཛིན་པའི་རྣམ་པར་རྟོག་པ་སྐྱེས་ཏེ། དེས་འཁོར་བའི་ཀུན་བརྟགས་ཐམས་ཅད་བསྐྱེད་པར་བྱེད་པས། འདི་ཐ་དད་དུ་འཇུག་པ་མེད་པར་རྣམ་པར་མི་རྟོག་པར་འཇོག་པའོ། །འདི་ནི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས་ཀྱང་། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། རྟོག་དང་བརྟག་པ་རྣམས་སྤང་ནས། ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་གསུངས་སོ། རྣམ་དབྱེ་ནི། སོ་སོར་སྡུད་པ་རྣམ་པ་བཅུ་ནི། ཡུལ་དང་ཡུལ་ཅན་གྱི་དབྱེ་བས་སམ། འོག་ནས་འབྱུང་བ་རྟགས་བཅུ་པོས་ཕྱེ་བ་ཏེ། དབྱེ་བའི་གཞི་ནི། སྙིང་ཁ་ནས་སྲོག་ཆེན་པོ་ལ་སོགས་པའི་རྩ་བཅུ་ལས་རླུང་བཅུ་རྒྱུ་བ་ལྷ་མོ་བཅུའི་རང་བཞིན་མིག་གི་དབུས་སུ་ཟུག་པའི་རྩའི་དངས་མ་ལས་རྟགས་བཅུར་འཆར་ཏེ་རང་གི་ཡེ་ཤེས་སྣང་བ་ཙམ་མོ། །སྒྲ་དོན་ནི་པར་ཏེ་ཧར་ཞེས་པ་སོ་སོར་ཡུལ་ལྔ་ལ་འཇུག་པ་མི་རྟོག་པར་སྡུད་པའམ་སོ་སོའི་གཟུང་འཛིན་གཅོད་པའམ་མཚན་མར་འཛིན་པ་སྤོང་བའི་དོན་གྱིས་སོ་སོར་སྡུད། སོ་སོར་གཅོད་སོ་སོར་སྤོང་ཅེས་སྔོན་གྱི་དམ་པ་རྣམས་ཀྱིས་མཛད་དོ། །རྟགས་དང་ངེས་པ་ནི། ཡོད་དང་མེད་པ་ལས་འདས་པ། །ཞེས་བྱ་བའི་ཡེ་ཤེས་ཀྱི་སྣང་བ་ནི་ཡོད་པའི་དངོས་པོའམ་མེད་པའི་དངོས་མེད་སྣང་བ་མ་ཡིན་ཏེ། གཉིས་ཀ་ལས་འདས་པའི་སྣང་བའོ། །དེ་ཉིད་ཀྱང་དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་མེ་སེམས་ཀྱིས་ནམ་མཁར་མཐོང་། །ཞེས་བྱ་བ་ས་ཆུ་མེ་རླུང་གི་མཚན་མར་འཛིན་པའི་རླུང་དག་པའི་རྟགས་ཏེ་བཞི་དང་། ནམ་མཁའི་རླུང་དག་པའི་རྟགས་མཁའ་སྣང་འབྱུང་སྟེ། གུར་ལས། །དུ་བ་ལྟ་བུ་དང་པོ་སྟེ། །སྨིག་རྒྱུ་ལྟ་བུར་གཉིས་པའོ། །མེ་ཁྱེར་ལྟ་བུ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པ་ཡིན། །རྟགས་སུ་སྣང་བ་ལྔ་པ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་སོ། །དེ་ཉིད་དཔེས་མཚོན་པ་ནི། །གཞོན་ནུ་མ་ཁམས་མ་ཉམས་པ་ལ་སྔགས་ཀྱིས་བྱིན་གྱིས་བརླབས་པས་རྐུན་པོ་ལ་སོགས་པ་མེ་ལོང་གི་ནང་མངོན་སུམ་ལྟར་སྣང་བ་བཞིན་མིག་གིས་མངོན་སུམ་དུ་ཡེ་ཤེས་ཀྱི་རྟགས་སེམས་གནས་པའི་མཐུས་མཐོང་སྟེ། གཞོན་ནུ་མའི་པྲ་ལས་ནི། །ལྐོག་ཏུ་གྱུར་པའི་རྐུན་མ་མཐོང་། །ཉི་ཚེ་བའི་མིག་གིས་ནི། །བསྒྲུབ་པ་པོའི་སེམས་གནས་མཐོང་། །ཞེས་གསུངས་སོ། །དེ་བཞིན་དུ་ཉིན་མོའི་རྣལ་འབྱོར་ནི། །ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དངས་པར་གྱུར་པ་ལ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཞེས་ཇི་ལྟར་བསྒོམ་པའི་ཚུལ་བཤད་ནས། །ཉིན་ཕྱེད་མིག་ལ་གནོད་ཕྱིར་སྤངས། །ཞེས་པ་ནི་ཉི་མའི་འོད་ཟེར་སྤངས་ཏེ་བསྒོམ་པའོ། །འདི་ཡང་འགྲེལ་བར། སྤྲིན་མེད་པའི་ནམ་མཁའ་དངས་པ་ལ་ཉི་མ་ལ་རྒྱབ་བསྟན་ཏེ་བསྒོམ་པར་བྱའོ། གཞན་དུ་ན་ཉི་མའི་འོད་ཟེར་གྱིས་མིག་རབ་རིབ་དུ་འགྱུར་རོ། །ཞེས་གསུངས་སོ། །རྟགས་ཀྱི་རིམ་པ་ཡང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །སྟེ་འབར་བ་དང་། འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་སྟེ་ཉི་མ་ལྟ་བུ་དང་། ཡེ་ཤེས་སྐར་མ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །སྟེ་ཟླ་བ་དང་སྐར་མའི་རྣམ་པ་ལྟ་བུ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ། །སྟེ་འཇའ་ཚོན་ལྟ་བུ་དང་། སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། །སྟེ་རྡོ་རྗེ་སྒྲ་ཅན་ཐིག་ལེ་ནག་པོའི་འཕྲེང་བ་དང་། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ནི་སྐུ་སྣང་བ་རྣམ་པ་སྣ་ཚོགས་པ་སྟེ། ངེས་པ་ཅན་དུ་མཚན་མོའི་རྟགས་བཞི་ཉིན་མོའི་རྟགས་དྲུག་སྟེ་བཅུ་དང་། །ངེས་པ་མེད་པ་དུ་མ་གསུངས་པ་རྣམས་སྣང་བར་འགྱུར་རོ། །ཐམས་ཅད་ཀྱི་མཐར་ཨ་བ་དྷུ་ཏེའི་དུས་ཀྱི་རྩའི་རང་བཞིན་ཐིག་ལེའི་དབུས་སུ་སྣང་བར་འགྱུར་ཏེ། ཇི་སྲིད་ཐིག་ལེའི་ནང་དུ་ནི་རི་མོ་ནག་པོ་སྐྲའི་ཚད་ཙམ་པ་འོད་གསལ་བར་ཉིན་མོ་དང་མཚན་མོ་མེད་པར་སྣང་བ་ལ་བརྟེན་ནས་མུན་པ་དང་རི་ཁང་ཁྱིམ་ལ་སོགས་པས་ཀྱང་སྒྲིབ་པར་མེད་པར་སྣང་བར་འགྱུར་ཏེ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲའི་ཚད། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །ཞེས་སོ། །འདི་རྣམས་ཀྱང་ངེས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་ཉིན་མོ་དང་མཚན་མོའི་རྣལ་འབྱོར་དུ་གསུངས་ཤིང་། མཚན་ཉིད་དང་སྒྲ་དོན་ལས་བརྩམས་ནས། འདུས་པ་ཕྱི་མར། དབང་པོ་ལྔ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པས་སོ་སོར་སྤོང་བས་ན། སོ་སོར་སྡུད་པའོ་ཞེས་བྱའོ། །ཞེས་སོ། རྟགས་ཀྱི་མཐོང་ཚུལ་ཡང་། དབང་མདོར་བསྟན་ནས། ཇི་ལྟར་མེ་ལོང་པྲ་ལས་ནི། །དངོས་མེད་ལས་སྐྱེས་བུ་མོས་མཐོང་། །མཁའ་ལ་དེ་བཞིན་རྣལ་འབྱོར་པས། །འདས་དང་མ་འོངས་ཆོས་དེ་བཞིན། །དངོས་པོ་དེ་ཡིས་དངོས་ཡོད་མིན། །དངོས་པོ་སྟོང་པའི་དོན་ཡོད་ཕྱིར། །དངོས་པོ་མེད་པའི་དོན་ཡོད་པ། །རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས། །ཞེས་གསུངས་སོ། །འདི་ལྟ་བུ་ནི་དབང་བཞི་པའི་དོན་བླ་མའི་ཞལ་ལས་བྱུང་བ་ས་བོན་དང་བཅས་པའི་རྒྱུ་མཚན། རྒྱུད་ལས། གང་ཞིག་འཇིག་རྟེན་ལས་འདས་པའི་དབང་ནི་རྒྱལ་བ་མཆོག་གི་བདག་པོའི་ཕྱག་རྒྱ་བཟང་མོའི་རྗེས་འབྲེལ་བ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གཟུགས་བརྙན་ལྟ་བུ་ནི། །མ་ལུས་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་ཕྱུག་གིས་ནི་བསྟེན་པར་བྱ། །དེ་ལས་ཡེ་ཤེས་འོད་ཟེར་ལ་ལངས་ནས་ཡུལ་དང་བཅས་པའི་བདུད་ཀྱི་ཚོགས་རྣམས་མ་ལུས་སྲེག་པར་འགྱུར། །རྣལ་འབྱོར་པ་ཡི་ལོ་ཡི་སྦྱོར་བས་འདོད་ཆགས་ལ་སོགས་མཉམ་པའི་བདེ་བ་སྟེར་བར་འགྱུར། །ཤེས་རབ་ཡེ་ཤེས་ཀྱང་ནི་སེམས་ཉིད་རྣམ་པ་བཅུར་ནི་གྱུར་པ་དེའི་སྣང་བ་ཙམ་ཉིད་དོ། །གང་ཞིག་དབང་བསྐུར་འདིར་གཞུག་པས་ནི་དྲི་མེད་རི་བོང་ཅན་འདྲའི་མེ་ལོང་གཟུགས་བརྙན་ལྟ་བུ་ངེས། །དེ་ལས་མྱ་ངན་འདས་བདེ་འཕོ་བ་མེད་དང་ལྷན་ཅིག་སྐྱེས་དང་འགྱུར་མེད་ངེས་པར་ཞི་བའོ། །གང་ཞིག་འདིར་ནི་སངས་རྒྱས་ཞལ་ཏེ་ཐུགས་དང་ཞལ་དུ་སོན་པས་གནས་པའི་དཔལ་ལྡན་བླ་མ་དེ། །ཞེས་གསུངས་སོ། །ལྟ་སྟངས་ཇི་ལྟར་བྱ་བ་དང་། རྟགས་འཆར་བའི་གོ་རིམས་ཀྱང་གསུངས་པ། ནམ་མཁར་ཞེན་པ་མེད་པའི་སེམས་དང་མིག་ནི་འཛུམས་པ་མིན་པས་རྡོ་རྗེ་ལམ་དུ་ཞུགས་པ་ཉིད། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་ཉིད་དང་མར་མེ་དང་། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་མཆོག་གི་ཆ་དང་ཐིག་ལེ་མཆོག་ནི་མཐོང་བར་འགྱུར། །དེའི་དབུས་སུ་སངས་རྒྱས་གཟུགས་བརྙན་ཡུལ་དང་རྣམ་པར་བྲལ་བ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཞེས་གསུངས་ཏེ། རྡོ་རྗེའི་ལམ་དུ་ཞུགས་པ་ནི། མཚན་མར་འཛིན་པ་ཐམས་ཅད་འཇོམས་པའི་རྣམ་པར་མི་རྟོག་པའི་སེམས་ཡིན་པས་ནམ་མཁར་ཞེན་པ་མེད་པ་ཞེས་བསྒྱུར་བ་ལེགས་སོ། །འགྱུར་ཁ་གཅིག་ལ། ཆགས་པ་ཞེས་བསྒྱུར་ཏེ་དེ་ནི་གཟུགས་བརྙན་ལ་སེམས་འཛིན་པ་ཞེས་བྱ་བའི་དོན་ཡིན་ནོ། །ཉིན་མོའི་རྣལ་འབྱོར་བསྒོམ་པའི་ཚུལ་དང་རྟགས་བཅུ་རྫོགས་པའི་མཐར་རྟགས་བཅུ་གཅིག་པ་འབྱུང་བ་དང་བཅས་པ་རང་གི་སེམས་སྣང་བ་ཡིན་ཞིང་གཞན་དུ་གྲུབ་པ་མེད་པར་བསྟན་པ་ཡང་། ཆུ་འཛིན་རྣམ་པར་བྲལ་བའི་ནམ་མཁར་འགྱུར་མེད་ལྟ་སྟངས་ཀྱིས་ནི་རྣལ་འབྱོར་པ་ཡིས་བལྟ་བར་བྱ། ངེས་པར་རེ་ག་ནག་པོ་གསལ་ཞིང་དྲི་མ་མེད་པ་དུས་ཀྱི་རྩ་ནི་མཐོང་གི་བར་དུའོ། །དེར་ནི་ཐམས་ཅད་མཁྱེན་པའི་གཟུགས་བརྙན་ཆུ་ནང་ཉི་མ་ལྟ་བུ་རྙོག་མེད་ཁ་དོག་སྣ་ཚོགས་པ། །རྣམ་པ་ཀུན་ཏུ་རང་གི་སེམས་ཏེ་ཡུལ་དང་རྣམ་པར་བྲལ་བའི་འདི་དག་གཞན་གྱི་སེམས་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་བསྒོམ་པ་ལ་བརྟེན་ནས་མཐའ་གཉིས་དང་བྲལ་བའི་འདི་དག་གཞན་གྱི་སེམས་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་བསྒོམ་པ་ལ་བརྟེན་ནས་མཐའ་གཉིས་དང་བྲལ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འདི་ནི་དབུ་མ་དག་པར་བྱེད་པའི་ལམ་སྟེ། འདིར་ལྟ་སྟངས་ལ་སོགས་པའི་ལུས་གནད་བཅིངས་པས་ཡན་ལག་གི་རྩ་ཆིངས། དེས་མཆོག་གི་རྩ་བཅིངས་པ་ནི་ལུས་ཀྱི་དབུ་མ་དག་བྱེད་དོ། །སེམས་ཀྱི་དབུ་མ་ནི། སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བས། རྟོག་པ་ཐམས་ཅད་དང་བྲལ་ཞིང་མ་འཁྲུལ་པའི་ཤེས་བྱའི་དོན་སྣང་བ་མ་འགགས་པ་ནི། སྟོང་པ་ཉིད་ཟུང་འཇུག་ཆེན་པོ་ཞེས་བྱ་སྟེ། སྒྲོ་འདོག་པ་དང་སྐུར་པའི་མཐའ་གཉིས་དང་བྲལ་བ་སྟེ། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་ཏེ། དོན་ཅི་ལྟར་སྣང་བ་ལས་གཞན་གྱིས་བསྣན་དུ་མེད་པའི་ཕྱིར། གཟུང་བ་དང་འཛིན་པ་དང་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་ལ་བརྟེན་པའི་རྣམ་པར་རྟོག་པ་མེད་པ་ལས་གཞན་བསལ་བར་བྱ་བ་ཅུང་ཟད་ཀྱང་མེད་པའོ། །དེ་བཞིན་དུ་དབུ་མཐའ་ལས་ཀྱང་། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཞེས་པ་དང་། འཕགས་པ་ལྷའི་ཞལ་སྔ་ནས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མ་ཡིན། མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་ལ་མཁས་པ། །ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་རྣམས་ལས་རྒྱ་ཆེར་དཔག་ཏུ་མེད་པ་གསུངས་པ་རྣམས་མདོར་བསྡུས་པས་སྒྲ་དོན་འཛིན་པའི་རྟོག་པས་མ་བསླད་ཅིང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་མི་གཡོ་བར་གནས་པ་ལས་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་འགག་པ་མེད་པར་སྣང་བ་འདི་ནི་ཕྱག་རྒྱ་ཆེན་མོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རང་རིག་རང་གསལ་དང་། ཚད་མའི་བདེན་པའང་ཡིན་ནོ། །འདི་ལྟ་བུའི་ཉམས་སུ་ལེན་པའི་རྣལ་འབྱོར་ལ་ཞུགས་པས་ཚོགས་ལམ་ཆེན་པོར་འགྱུར་ཏེ། ཕྱི་ནང་གཞན་གསུམ་ལ་འཇུག་པའི་ལུས་དྲན་པ་ཉེ་བར་གཞག་པ་དང་། ཡུལ་དྲུག་སྟོང་པ་ཉིད་དུ་སྣང་བས་བདེ་བ་ཆེན་པོར་འགྱུར་བའི་ཚོར་བ་དང་། སྣང་སྟོང་དབྱེར་མེད་ཀྱི་སེམས་དང་། བླང་དོར་དང་བྲལ་བས་སྒྱུ་མ་ལྟ་བུའི་ཆོས་ཏེ་དྲན་པ་ཉེ་བར་བཞག་པ་བཞི་པ་དང་། དེ་ལྟར་རྟོགས་པ་མི་དགེ་བ་སྐྱེས་པ་སྤོང་ཞིང་མ་སྐྱེས་པ་མི་བསྐྱེད་པ་དང་། ཟག་པ་མེད་པའི་རྒྱུ་མཐུན་པའི་དགེ་བ་བསྐྱེད་ཅིང་སྐྱེས་པ་རྣམས་བརྟན་པར་བྱེད་པས་སྤོང་བ་བཞི་དང་།བྱང་ཆུབ་ཆེན་པོ་ལ་འདུན་པ་ལས་སུ་རུང་བ་ཉིད་དང་། ལུས་ངག་གི་སྤྱོད་པ་ལས་སུ་རུང་བ་དང་། རྒྱུན་ཆད་པ་མེད་པའི་བརྩོན་འགྲུས་དང་། སེམས་ལས་སུ་རུང་བ་ཉིད་ཐོབ་པས་མྱུར་དུ་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བྱེད་པའི་རྫུ་འཕྲུལ་གྱི་རྐང་པ་བདེ་བླག་དུ་འགྲུབ་སྟེ། འདིའི་སྐབས་ན། ཐམས་ཅད་ལ་ཆགས་པ་མེད་པར་གཏོང་བ་ནི་སྦྱིན་པ། སེམས་ལ་མི་དགེ་བའི་རྟོག་པ་གཏན་མི་བསྐྱེད་ཅིང་འཛག་བདེ་མི་འདོད་པའི་ཚུལ་ཁྲིམས། ལམ་བསྒྲུབ་པ་ལ་གནོད་པ་གང་གིས་ཀྱང་མི་འཕྲོགས་ཤིང་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པ། བསམ་གཏན་ལ་མྱུར་དུ་འཇུག་པའི་བརྩོན་འགྲུས། གཡོ་བ་མེད་པའི་བསམ་གཏན། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་བའི་ཤེས་རབ་རྣམས་འབྱུང་སྟེ། དང་པོ་བླ་མས་བསྟན་ཅིང་ཤེས་ནས་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་དོ། །རྣམ་གཡེང་ཐམས་ཅད་དང་བྲལ་བ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་མོས་པ་ལམ་དུ་བྱེད་པས་ཡིད་ལ་འཇུག་ཅིང་། ཉོན་མོངས་པ་དང་མཚན་མར་འཛིན་པའི་རྟོག་པ་རབ་ཏུ་དབེན་པའི་ཡིད་ལ་ཤེས་པ་རབ་ཏུ་རྫོགས་པར་འགྱུར་རོ། །དེ་ལྟར་བསྒོམས་པ་ལས་སོ་སོར་སྡུད་པ་གྲུབ་པའི་འབྲས་བུ་ནི་སོ་སོར་སྡུད་ལ་སྙོམས་འཇུག་པས། སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། །ཞེས་གསུངས་སྟེ། སྔགས་ནི་མནྟྲའི་སྒྲ་ལས་མ་ན་ཡིད། ཏྲ་ཡང་སྐྱོབ་པ་སྟེ། བདེ་སྟོང་གི་རྟོག་པ་ཆེན་པོས་བྱིན་གྱིས་བརླབས་ནས། སྡུག་བསྔལ་དང་བཏང་སྙོམས་ཀྱི་རྣམ་རྟོག་ཐམས་ཅད་ཞི་བ་དང་། སེམས་ལས་སུ་རུང་ཞིང་མངོན་སུམ་པའི་ལྷ་མཐོང་བས་ཞི་བ་ལ་སོགས་པ་ཏིང་ངེ་འཛིན་གཏད་པ་ཙམ་གྱིས་འགྲུབ་སྟེ། རྒྱུད་ལས། སོ་སོར་སྡུད་པས་རྣལ་འབྱོར་པ་ལ་ཡུལ་དང་བྲལ་ཞིང་སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། །ཞེས་གསུངས་སོ། །འོ་ན་འདིར་ཧཱུྃ་ཕཊ་ལ་སོགས་པ་ངག་དུ་མ་བརྗོད་པར་ནུས་པ་ཅིའི་ཕྱིར་འགྲུབ་ཞེ་ན། འདིར་ནི་སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱི་ལྷ་མངོན་སུམ་དུ་བརྟན་པས་མྱུར་དུ་འགྲུབ་པ་ཡིན་ལ། ཀུན་བརྟགས་ཀྱི་བསྐྱེད་རིམས་བསྒོམ་པ་ནི། ཤེ་བའི་ལུས་ལ་རྗེས་སུ་སེམས་པར་བྱེད་པ་བཞིན་དུ་དུས་ཡུན་རིང་མོ་ཞིག་གིས་ཀྱང་འགྲུབ་པར་དཀའ་སྟེ། འོན་ཀྱང་བྱིས་པ་ལས་དང་པོ་པ་རྣམས་དྲང་བར་བྱ་བའི་ཕྱིར། ཐང་ཁ་ལ་སོགས་པ་ལ་བརྟེན་ནས་བསྒོམ་པར་ཡང་གསུངས་སོ། །དེ་ཡང་། གང་ཞིག་འདིར་ནི་ལྷ་ལ་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་གཉིས་སུ་འགྱུར། །མངོན་སུམ་ཡང་ནི་དེ་ཉིད་སྦྱོར་བས་ནམ་མཁའི་སྐར་མ་བཞིན་དུ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །མངོན་སུམ་མིན་པ་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དོན་དེ་ཉིད་ལ་ནི་བརྟགས་པ་སྟེ། །རྣལ་འབྱོར་པས་ནི་རི་མོ་ལ་སོགས་བསྟན་པ་ཡོངས་སུ་མ་སྨིན་བློ་ཅན་བསྒོམ་པའི་དོན་དུའོ། །གཟུགས་སམ་དཀྱིལ་འཁོར་རམ་ནི་བྲིས་སྐུ་ཐོག་མར་ཡང་ནི་དེ་ཉིད་མིན་པ་བསྒོམ་པར་བྱ་བའོ། །ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བས་རང་གི་སེམས་ཉིད་མ་ལུས་ལུས་པ་མེད་པ་མཐོང་བཞིན་པ། །ལོ་ཕྱེད་དམ་ནི་ལོ་ཅིག་པའམ་བླ་མའི་ངེས་པའི་དབང་གིས་ཇི་སྲིད་འདི་ལྟར་བརྟན་འགྱུར་བར། །དེ་ནས་ཕྱག་རྒྱ་མ་ལ་ཞུགས་པས་ཉི་མ་ཅུང་ཟད་ཙམ་གྱིས་འགྱུར་བ་མེད་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །སོ་སོར་སྡུད་པའི་རིམ་པའོ། །ད་ནི་གཉིས་པ་བསམ་གཏན་བཤད་པ་ནི། ཚིགས་སུ་བཅད་པ་གཅིག་སྟེ། ཐོག་མར་བསྒོམ་པའི་ཚུལ་ནི། སོ་སོར་སྡུད་པའི་རྟགས་རྣམས་ལེགས་པར་རྫོགས་པས་ནས། བསམ་གཏན་ནི་སོ་སོར་སྡུད་ཀྱིས་མཐོང་བའི་སྟོང་གཟུགས་དེ་ཉིད་ལ་སེམས་འཇུག་པ་ཤེས་རབ་དང་། །སྟོང་གཟུགས་ཀྱི་ངོ་བོ་འཛིན་པ་རྟོག་པ་དང་། ཁྱད་པར་འཛིན་པ་དཔྱོད་པ་དང་། གཟུགས་བརྙན་ལ་ཆགས་པ་དགའ་བ་དང་། བདེ་བ་མི་གཡོ་བ་ནི་སེམས་གཅིག་དུ་འདྲེས་པ་སྟེ་ཡན་ལག་ལྔའོ། །ཞེས་སྔོན་གྱི་རྣམས་བཞེད་དོ། །འདིར་བཤད་པ་ནི། ཇི་ལྟར་སྟོང་པ་ཉིད་ཀྱི་གཟུགས་བརྙན་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེས་པ་ཡང་མ་ཡིན་ལ། ས་ཆུ་མེ་རླུང་གི་དངོས་པོ་དང་དངོས་པོ་མེད་པ་ཡང་མ་ཡིན་ལ། རྣམ་པར་མི་རྟོག་པའི་སེམས་ལ་ཁ་དོག་མེད་ཀྱང་ཁ་དོག་སྣ་ཚོགས་ཀྱང་སྣང་ཞིང་། ཉོན་མོངས་པའི་སེམས་དང་རྣམ་པར་རྟོག་པས་མཐོང་བ་ཡང་མེད་ལ། བདུད་ཀྱིས་བསྟན་པ་ཡང་མ་ཡིན་ཞིང་རྣམ་པ་ཐམས་ཅད་དུ་རྣལ་འབྱོར་པའི་མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་འདིར་སྣང་བ་བཞིན་དུ་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་ལུས་ལ་སོགས་པ་ཐམས་ཅད་ཀྱང་འདི་ལྟ་བུའོ་ཞེས་པ་ནི་ཤེས་རབ་སྟེ། སྡུད་པ་ལས། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པ་ཤེས་རབ་ཕ་རོལ་ཕྱིན་ལས་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་འགྱུར་མ་ཡིན། །ཞེས་གསུངས་པ་འདི་དང་སྟན་པར་བསྒོམ་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དུ་འགྱུར་རོ། །དེ་ཡང་རྒྱུད་ལས། །སྲ་བ་མིན་པར་སའི་རྣམ་པ་དང་ནི་གཤེར་པ་མེད་པ་ཆུའི་ལུས་ཏེ་ཆུ་མ་ཡིན། །མེ་མ་ཡིན་པ་མེའི་རྣམ་པ་གང་ཞིག་གཡོ་བ་མེད་པ་རླུང་གི་ལུས་ཏེ་རླུང་མ་ཡིན། །མཐོང་བའི་སྟོང་པའི་རྣམ་པ་དང་ནི་ཁ་དོག་མེད་ཅིང་དཀར་པོ་ལྗང་ཁུ་ཁ་དོག་སྣ་ཚོགས་ཆེན་པོ་རྣམས། ཀུན་གྱི་གཡོ་བ་རྣམ་པར་ཡང་ནི་རང་གི་སེམས་ཀྱི་རྙོག་པ་ཉོན་མོངས་བདུད་ཀྱི་མཐུ་ཡིས་མཐོང་བ་མིན། །ཞེས་གསུངས་པ་འདི་ལ་ཡང་། ཁ་ཅིག་སྟོང་གཟུགས་འདི་ཁོ་ན་སྣང་སྟོང་དབྱེར་མེད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་གྱི་ཕྱི་རོལ་གྱི་དངོས་པོ་རྣམས་ནི་སྣང་སྟོང་དབྱེར་མེད་མ་ཡིན་ཏེ། བེམ་པོ་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་ཡོད་མོད་ཀྱི། དེ་ནི་ཉན་ཐོས་བྱེ་བྲག་དུ་སྨྲ་བའི་གྲུབ་མཐའ་ཡིན་ཏེ། ཐེག་པ་ཆེན་པོའི་རྣམ་གཞག་མ་གོ་བར་ཟད་དོ། གཟུགས་ལ་སོགས་པ་ལ་དངོས་པོར་འཛིན་པའི་བློ་སྐྱེ་བ་ནི་འཁྲུལ་པར་ཟད་དེ་སྒྱུ་མའི་གཟུགས་ལ་མཚན་མར་འཛིན་པ་བཞིན་ནོ། །དེ་ཡང་། བྱིས་པས་བདེན་པར་འདུ་ཤེས་པ། །གཟུགས་བརྙན་ལ་ནི་ཆགས་པ་བཞིན། དེ་ལྟར་འཇིག་རྟེན་རྨོངས་པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་བའི། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱིས་དམ་ལ་མི་ཆགས་སོ། །ཞེས་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་ཤིང་། འདི་ལས་འཕྲོས་ནས་འབྱུང་བ་ཆེན་པོ་ལ་སོགས་པའི་དངོས་པོ་སེམས་ཀྱི་གསལ་སྣང་ལ་གཞན་ལྟར་དུ་སྣང་བ་བརྟན་པར་གྱུར་པ་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ས་བོན་ཐམས་ཅད་པ་ཞེས་བྱ་བའི་ཀུན་གཞིའི་རྣམ་པར་ཤེས་པར་འགྱུར་ཏེ། མེད་བཞིན་དུ་གཉིས་སུ་སྣང་བའི་རྒྱུ་དེ་ལས་བརྟེན་པའི་རྒྱུད་གཞན་དུ་གྱུར་པ་ཡིད་ཀྱི་རྣམ་པར་རྟོག་པ་ལངས་པས་རང་རིག་དང་གཞན་རིག་སྣང་སྟོང་དབྱེར་མེད་ཡིན་པར་མ་ཤེས་སྟེ། ཐ་དད་དུ་འཛིན་པའི་བག་ཆགས་རབ་ཏུ་བརྟན་པ་ལས་བྱུང་ངོ་། །དེས་ཡང་རྡོ་རྗེ་རྩེ་མོ་ལས། །འབྱུང་བ་ཆེ་སོགས་གང་ལས་བྱུང་། །འགོག་པ་ཅི་ཞིག་གང་གིས་བྱེད། །མ་རིག་ཉོན་མོངས་ལ་སོགས་ལས། །འབྱུང་བ་ཆེ་སོགས་ཡང་དག་འབྱུང་། །ས་བོན་ཀུན་ལྡན་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །གནས་ནི་ཡོངས་སུ་གྱུར་པ་དང་། ཀུན་གཞིའི་རྣམ་ཤེས་མི་འབྱུང་ཞིང་། །རྟོག་པ་ཐམས་ཅད་དང་བྲལ་བས། །ཕུང་པོ་ཁམས་སོགས་འགག་པ་ཡིན། །ཞེས་པ་དང་། དཔལ་ས་ར་ཧ་པས་ཀྱང་། རྟོག་པས་དཀྲུག་པས་རྣམ་རྟོག་གཟུགས་མེད་ལས། །ཤིན་དུ་སྲ་ཞིང་མཁྲེགས་པ་ཉིད་དུ་གྱུར། །ཞེས་གསུངས་པས། འདི་ལ་ཡང་ཟུང་འཇུག་གི་གནད་མ་གོ་བ་འགའ་ཞིག་འབྱུང་བ་ཆེན་པོ་ལ་སོགས་པ་ཐམས་ཅད་རྟོག་པ་ལ་བྱུང་ཞིང་དེ་འགོག་གོ་ཞེས་བཤད་པས་མཐར་ཐུག་དུ་གྱུར་པ་ལ་ཡེ་ཤེས་མེད་པར་འདོད་པའི་འཁྲུལ་པ་འབྱུང་སྟེ། །དེ་ལྟ་བུའི་གང་ཟག་ནི་གསོར་མི་རུང་བར་བསྟན་པ་ཏེ་གང་དག་གི་རྣམ་པར་ཐར་པའི་སྒོ་ལས་སྟོང་པ་ཉིད་དུ་ལྟ་བ་དེ་དག་ནི་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེངས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་དུ་གྱུར་པར་རྒྱུད་བླ་མ་ལས་རྒྱས་པར་གསུངས་སོ། །རྒྱུད་ལས་ཀྱང་། སངས་རྒྱས་རྣམས་ཀྱི་མཛད་པ་དེ་དག་སྤངས་སྟེ་མཉམ་པའི་བདེ་བ་བྲལ་བའི་སྟོང་པ་གཞན་ཞིག་བསྒོམས། །དེ་ཡིས་སངས་རྒྱས་ཉིད་ནི་རིང་ཞིང་ལྷན་སྐྱེས་བདེ་བ་ཡང་སྐལ་པ་བྱེ་བ་དུ་མས་མིན། །ཞེས་གསུངས་སོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་གཉིས་ཀ་སྤངས་ཏེ་དངོས་པོ་རྣམས་ཆུའི་ཟླ་བ་ལྟ་བུར་མངོན་སུམ་བྱས་ལ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་བསྒྲུབ་པར་བྱའོ། །དེ་སྐད་དུ། །གང་ལ་བརྟེན་ནས་དངོས་པོ་རྣམས། ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། །ཞེས་རིགས་པ་དྲུག་ཅུ་པ་ལས་གསུངས་པ་དང་། ཧེ་བཛྭ་ལས་ཀྱང་། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་གསུངས་སོ། །གཞན་ཡང་ལུང་དཔག་དུ་མེད་དེ་སྤྲོས་པས་ཆོག་གོ །དེ་ལྟར་ཤེས་རབ་དང་ལྡན་པས་བསམ་གཏན་བསྒོམ་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་བསམ་གཏན་གྱི་རྒྱུ་དེ་བཞིན་ཉིད་ལ་དམིགས་པ་གསལ་སྣང་ཆུང་ངུའི་བསམ་གཏན་ཡིན་ནོ། །འདི་ལས་གཞན་ཁམས་གསུམ་པའི་སྤངས་གཉེན་བདེན་པ་བཞི་ལ་དམིགས་པའི་ཤེས་རབ་ཙམ་ལ་བརྟེན་ནས་ཞི་རགས་ཀྱི་རྣམ་པ་བསྒོམ་པར་བྱེད་པའི་བསམ་གཏན་ནི། དོན་རབ་ཏུ་འབྱེད་པའི་བསམ་གཏན་ཞེས་བྱ་སྟེ་ཐེག་པ་གསུམ་གའི་ལམ་ཐུན་མོང་དུ་བསྒོམ་པའོ། །ཤེས་རབ་ཀྱིས་མ་ཟིན་པར་རྣམ་པར་རྟོག་པས་རེ་ཤིག་སེམས་ཞི་བ་ཙམ་དུ་འདོད་དེ་བསམ་གཏན་བསྒོམ་པར་བྱེད་པ་རྣམས་ནི། བྱིས་པས་ཉེ་བར་དཔྱོད་པའི་བསམ་གཏན་ཞེས་བྱ་སྟེ་གནས་སྐབས་བདེ་ཡང་ཁམས་གསུམ་ལས་མི་ཐར་བ་ཉིད་དོ། །བསམ་གཏན་འདི་རྣམས་གང་བསྒོམས་ཀྱང་རྟགས་རྣམས་ནི་འབྱུང་བར་བཤད་དེ། །ལང་ཀར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་བཞིན་གཤེགས་པའི་དགེ་བསམ་གཏན། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ནས། །ཉི་མ་ཟླ་བའི་གཟུགས་འདྲ་དང་། །འོད་དང་པད་མ་ལྟ་བུ་དང་། །རི་མོ་ནམ་མཁའ་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་འདི་དག་ནི། མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ལམ་དུ་ཡང་ལྷུང་བར་བྱེད། །འདི་དག་ཐམས་ཅད་ཟད་པ་ན། མཚན་མ་མེད་པར་ནམ་གྱུར་པ། །དེ་དུས་སངས་རྒྱས་ལྷ་ཡི་ཕྱག །ཞིང་རྣམས་ཀུན་ནས་ཕྱུང་ནས་ནི། དེ་ཡི་མགོ་ལ་མྱུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་སོ། །བསམ་གཏན་དང་ཤེས་རབ་འདི་རྣམས་ཀྱི་དབྱེ་བ་རྒྱས་པར་ནི་པཎ་ཊི་ཏ་ཀ་མ་ལ་ཤི་ལས་བསྒོམ་པའི་རིམ་པར་གསུངས་ཏེ། དེ་བཞིན་དུ་རྒྱས་གདབ་པ་རྣམས་དཔའ་བོ་རྡོ་རྗེའི་ཕྱག་རྒྱ་བཞི་རིམ་དང་། དཔལ་ན་རོ་པའི་ལྟ་བ་མདོར་བསྡུས་ལས་ཀྱང་གསུངས་སོ། །ད་ནི་བསམ་གཏན་དངོས་བསྟན་པར་བྱ་སྟེ། རྟོག་པ་དང་དཔྱད་པ་ནི་གཉེན་པོའི་ཡན་ལག སྟོང་གཟུགས་ལ་རྟོག་པ་དང་། །དེ་ཤེས་བྱ་རྣམས་ལ་སྦྱར་ནས་དཔྱོད་པའོ། །དགའ་བ་བདེ་བ་དང་གཉིས་ནི་ཕན་ཡོན་གྱི་ཡན་ལག་སྟེ་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་སྐྱེའོ། །རྩེ་ཅིག་པའི་སེམས་ནི་ངོ་བོའི་ཡན་ལག་སྟེ། རྒྱུད་གཅིག་ཏུ་བྱེད་པ་དང་ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལྟར་རྒྱུའི་བསམ་གཏན་དང་པོ་ཡན་ལག་ལྔ་ལྡན་དུ་ཡུལ་ཆོས་ལ་བརྟེན་ནས་སྐྱེས་པ་ཞེས་བྱའོ། །འདི་ལ་བརྟེན་ནས་ཡུལ་ཅན་འབྲས་བུའི་བསམ་གཏན་དུ་འགྱུར་ཏེ། རྟོག་དཔྱོད་ནུབ་པ་དང་། དགའ་མི་དགའ་ནུབ་པ་དང་། བདེ་སྡུག་ནུབ་པ་དང་། དབུགས་དབྱུང་རྔུབ་དང་བྲལ་བ་སེམས་ཀྱི་རྒྱུད་གཅིག་དུ་གྱུར་པའི་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་ནི་འདིར་མི་གཡོ་བའི་སྒྲས་བསྟན་ཏེ། དེ་ནི་བསམ་གཏན་བཞི་པ་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་ཤུགས་ཀྱིས་བསྟན་ཏེ། རྟོག་དཔྱོད་ནུབ་པའི་རྒྱུད་གཅིག་པ་ནི་གཉིས་པ་དང་། །དགའ་བདེ་ནུབ་པའི་བསམ་གཏན་གསུམ་པའི་རང་བཞིན་གྱིས་འབྱུང་བའི་ཕྱིར་རོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་སྐུ་ཡི་མཆོག །ཞེས་གསུང་སྟེ། བཞི་པའི་རྩེ་མོ་ནི་མི་གཡོ་བའོ། །ཡན་ལག་ཀུན་རེག་པ་ནི་ཡན་ལག་ཉི་ཤུ་རྩ་གསུམ་ཀྱང་། འབྲས་བུ་དང་རྒྱུའི་སྒོ་ནས་འདིར་བཅུར་འགྱུར་རོ། །དེ་ཡང་ལྔར་འདུས་སོ། །ཏིང་ངེ་འཛིན་རིག་པ་ནི་ངེས་པར་སེམས་འཛིན་པ་དང་རྣམ་པར་མི་རྟོག་པ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་རོ། །འདིའི་ལུས་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་འགྲུབ་པར་བྱེད་པས། ཏིང་འཛིན་ལུས་ཅན་སྐུའི་མཆོག་གོ །རྒྱུད་ལས་ཀྱང་། ཤེས་རབ་རྟོག་པ་དཔྱོད་པ་དགའ་བ་བདེ་བ་མི་གཡོ་བ་དང་བསམ་གཏན་ཀྱང་ནི་རྩེ་གཅིག་སེམས། །ཞེས་གསུངས་པ་བསྒོམ་པའི་ཚུལ་དང་བསམ་གཏན་གྱི་མཚན་ཉིད་བཤད་ན། རྣམ་པར་དབྱེ་བ་ནི་འགྲེལ་པར་དེ་བཞིན་དུ་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་ནི་རྣམ་པ་བཅུའོ། །ཞེས་གསུངས་སོ། སྒྲ་དོན་ནི། ཏ་ཏ་ཛྷྱ་ཞེས་པ་བསམ་པ་གཏན་པའམ་ས་མ་ཏི་སྟེ་ཡིད་འཛིན་པར་བྱེད་པའི་དོན་ཡིན་ནོ། རྟགས་ངེས་པ་ནི། རྒྱུའི་སྤྱན་རྣམ་པ་ལྔ་ཐོབ་པར་འགྱུར་ཏེ། ཤའི་སྤྱན་དང་། ལྷའི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལྔ་པོ་ནི་གཞི་གྲུབ་ཅིང་། སྤྱན་དང་པོ་ནི་འཐོབ་པར་གྱུར་རོ། །འབྲས་བུ་གྲུབ་པའི་ཚུལ་ནི། བསམ་གཏན་ཡན་ལག་ལྔ་བསྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། ཞེས་པས་མངོན་པར་ཤེས་པ་ལྔ་ནི། མིག་གི་མངོན་པར་ཤེས་པ་དང་། རྣ་བའི་མངོན་ཤེས་དང་། སེམས་དང་སྤྱོད་པ་ཤེས་པ་དང་། སྔོན་གྱི་གནས་དང་ཕྱི་མའི་སྐྱེ་བ་དྲན་པ་དང་། རྫུ་འཕྲུལ་ཤེས་པ་སྟེ། འདི་རྣམས་ཅི་རིགས་པ་ཐོབ་པར་འགྱུར་བའོ། །རྒྱུད་ལས་མིའི་བདག་པོ་རྣམ་པར་དག་པའི་བསམ་གཏན་སྦྱོར་བས་ཀྱང་ནི་མངོན་ཤེས་ལྔ་རྣམས་འཐོབ་པར་འགྱུར་ཞེས་གསུངས་སོ། ད་ནི་དེ་ལ་འཕྲོས་པ་བཤད་པར་བྱ་སྟེ། འདི་ལ་རྩ་དག་པའི་བསམ་གཏན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཀྱི་དྲོད་དང་ཟག་མེད་ཀྱི་དགེ་བ་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་འགྲུབ་པས། འདིར་མངོན་པར་ཤེས་པ་ལྔ་འབྱུང་བར་བཤད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསམ་གཏན་ལ་བརྟེན་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་དེ། །སངས་རྒྱས་དཔག་དུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་གསུངས་པ་ཡིན་ནོ། །རྒྱུད་ལས་གསུངས་པའི་དགོངས་པས་འདི་ཡི་སྐབས་སུ་བསམ་གཏན་དང་པོ་ཡན་ལག་ལྔ་ལྡན་ཐོབ་ནས་སྲོག་རྩོལ་སྦྱོངས་པས་བསམ་གཏན་ཐམས་ཅད་ཐོབ་ཅིང་། སྤྱན་གཉིས་པ་ལྷའི་སྤྱན་ཡང་གནས་སྐབས་དེར་ཐོབ་ལ། མངོན་ཤེས་ལྔ་ཡང་དེ་མན་ཆད་ཀྱིས་རྫོགས་པར་གསལ་བར་སྣང་ངོ་། །ཐེག་པ་ཐུན་མོང་གི་ལུགས་ཀྱིས་ནི། བདེན་བཞི་ལ་དམིགས་པའི་ཤེས་རབ་ཡོད་ཅིང་བསམ་གཏན་དང་པོ་ཐོབ་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་མཐོང་ལམ་དུ་འགྱུར་མོད་ཀྱི་མངོན་ཤེས་ལྔ་ནི་མི་འཐོབ་བོ། །ཤེས་རབ་མེད་པའི་བསམ་གཏན་དང་གཟུགས་མེད་ཐམས་ཅད་གྲུབ་ཀྱང་མངོན་ཤེས་ལྔ་ཅི་རིག་པ་ཡོད་མོད་ཀྱི། འཁོར་བ་ནས་ཅུང་ཟད་ཀྱང་མ་འཕགས་སོ། །དབང་པོ་བརཏལ་པོའི་དགྲ་བཅོམ་པ་ལ་ཡང་མངོན་པར་ཤེས་པ་མེད་པ་འབྱུང་བར་བཤད་དོ། འདིར་ཐེག་པ་བླ་ན་མེད་པ་ནི་དེ་དག་དང་མི་མཚུངས་སྟེ། ཐབས་མཁས་པ་དང་དབང་པོ་རྣོན་པོའི་ཁྱད་པར་གྱི་ལམ་བསྒྲུབ་ཚུལ་ལ་བརྟེན་ནས་སྲོག་རྩོལ་མན་ཆད་ཀྱིས་སྦྱོར་བའི་ལམ་རྫོགས་ཤིང་མངོན་ཤེས་ལྔ་ཐོབ་པ་དང་། འཛིན་པ་ལ་ཞུགས་པས། ཟག་པ་ཟད་པའི་མངོན་ཤེས་དང་དྲུག་ཀ་ཐོབ་པར་བཞེད་པར་སྣང་ངོ་། །འདི་དག་ཁྱད་པར་དུ་བསྒྲུབ་པའི་རྣམས་གནས་ཀྱི་དམིགས་པ་ཡང་གསུངས་སྟེ། དང་པོ་མངོན་པར་ཤེས་པ་ལྔ་ཐོབ་པར་བྱ་བའི་ཕྱིར། རྣམ་པར་མི་རྟོག་པར་སྙིང་ཁའི་སྟོང་པ་ཉིད་ཀྱིས་གཟུགས་བརྙན་རབ་དུ་གསལ་བ་ལ་སེམས་རབ་དུ་བརྟན་ནས། ཡིད་ཀྱིས་ཕྱི་རོལ་གྱི་ཡུལ་གང་གིས་སེམས་ཤེས་པར་འདོད་པ་དེ་ཉིད་དང་། རང་གི་སྟོང་པ་ཉིད་ཀྱི་གཟུགས་བརྙན་དབྱེར་མེད་དུ་ནམ་མཁའ་ལྟར་བྱས་ལ་སྤངས་པའི་འདུ་ཤེས་དང་ཁྱབ་པའི་འདུ་ཤེས་ཀྱིས་ཟད་པར་ནམ་མཁའ་འགྲུབ་སྟེ། མཁའ་ལ་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྤྲོ་བ་དང་བསྡུ་བ་རྣམས་ཀྱང་དེ་ཉིད་ཀྱིས་མཚུངས་སོ། །འདི་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པའོ། །དེ་བཞིན་དུ་གཞན་གྱི་ཡིད་རང་གི་སྟོང་པ་ཉིད་ཀྱི་གཟུགས་བརྙན་ལ་བསྡུས་ནས་བསྒོམས་ན་གཞན་གྱི་སེམས་ཤེས་སོ། །དེ་བཞིན་དུ་འདས་མ་འོངས་ལ་དམིགས་པས་སྐྱེ་བ་དྲན་པར་འགྱུར་རོ། །མིག་དང་རྣ་བའི་མངོན་པར་ཤེས་པ་ནི་འོག་ནས་བྱེ་བྲག་ཏུ་སྟོན་ཏོ། །འདི་རྣམས་རྒྱུད་ལས། དེ་བཞིན་རྡོ་རྗེ་བསྒོམས་པའི་མཐུ་ཡིས་ཡིད་ཀྱི་ཡུལ་དང་བཅས་པས་མཁའ་ལ་རབ་ཏུ་སྤྱོད་པར་འགྱུར། མངོན་ཤེས་ལྔའི་རང་བཞིན་ཅན་དུ་འགྱུར་ཞིང་སླར་ཡང་རྣལ་འབྱོར་པའི་འདི་ནི་སྣ་ཚོགས་ཡུམ། ཞེས་གསུངས་སོ། །བྱེ་བྲག་ཏུ་མིག་གི་དབང་པོ་ལ་མངོན་པར་ཤེས་པ་སྣང་བའི་ཚུལ་ནི། ནམ་མཁའི་གཟུགས་བརྙན་གྱི་དབུས་སུ་མེ་ལོང་ལ་ཕྱི་རོལ་གྱི་ཡུལ་འཆར་བ་ལྟར། འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་སྣང་བར་འགྱུར་ཏེ། རྒྱུད་ལས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པའི་ཡིད་ཀྱང་ནམ་མཁའ་ལ་ནི་མེ་ལོང་ནང་གི་གཟུགས་བཞིན་དུ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་གློག་གི་མེ་དང་འདྲ་བའི་འོད་ཟེར་དུ་མ་འཕྲོ་བར་འགྱུར། །ཞེས་གསུངས་སོ། །རྣ་བའི་མངོན་ཤེས་བསྒྲུབ་པ་ཡང་། རྒྱུད་ལས། རབ་མཆོག་མི་རྣམས་སྙིང་ཁའི་ཕྱོགས་སུ་གྱུར་པའི་སྒྲ་ནི་གང་ཞིག་རྣ་བའི་བུ་གར་ཐོས་འགྱུར་ལ། །མིའི་སེམས་དག་དེར་ནི་རོ་མཉམ་འགྲོ་བར་འགྱུར་ལ་གཅིག་དུ་གྱུར་པར་ཡང་ནི་སྦྱར་བ་བྱ། །གང་དུ་འཇིག་རྟེན་ཐམས་ཅད་སྨྲ་བའི་སྒྲ་དང་སྲིད་པ་ལས་བྱུང་དེ་དང་དེ་ཉིད་ཐོས་པར་འགྱུར། །རྣམ་པར་ཤེས་པས་ཀྱང་ནི་རིང་དུ་ཐོས་པ་ཉིད་དུ་ཁྱབ་བདག་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་གསུངས་སྟེ། འདི་ལ་བརྟེན་ནས་ཞི་བ་དང་རྒྱས་པ་དང་། དབང་དང་དགུག་པ་དང་བསད་པ་དང་། བསྐྲད་པ་དང་། རྨོངས་པ་དང་། རེངས་པ་དང་། ཕུར་བུས་གདབ་པ་དང་དུག་གཞོམ་པ་དང་བཅས་པའི་ལས་བསྒྲུབ་པ་རྣམས་བསམ་གཏན་གྱིས་བདེ་བླག་ཏུ་བསྒྲུབ་པའི་རིམ་པ་རྒྱུད་འགྲེལ་ལས་མང་དུ་གསུངས་ཀྱང་འདིར་མ་བྲིས་སོ། །སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་ཡིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱི་ཕྱག་རྒྱ་ཆེན་མོས་སེམས་འཆིང་བར་བྱེད་པ་རྣལ་འབྱོར་དང་པོ་རྫོགས་སོ།། །།ཨ་འཕྲེང་ཀ་འཕྲེང་འདུས་པ་ཅན། །རླུང་གི་དེ་ཉིད་ལ་ཕྱག་འཚལ། །སྟེང་འོག་སྲོག་རྩོལ་རང་བཞིན་ལས། །འཛིན་པའི་འབྲས་འབྱུང་བཤད་པར་བྱ། འཇམ་པའི་དབྱངས་ཀྱི་གསུང་གི་རྡོ་རྗེ་རྣལ་འབྱོར་བར་པའི་རྒྱུ་སྲོག་རྩོལ་གསུངས་པ་ནི་ཚིག་རྐང་བདུན་ལས། ཐོག་མར་སྒོམ་པར་བྱ་བའི་ངོ་བོ་བསྟན་པ་ནི། བར་མ་དབུགས་དབྱུང་མཆོག་ཡིན་ཏེ། ཞེས་དབུགས་རྔུབ་པ་ནི་བར་མ་སྟེ་ལུས་གནས་པའི་རྒྱུར་གྱུར་བ་ཡིན་ལ། དབྱུང་བ་ནི་ཐ་མ་འཆི་བའི་རྐྱེན་དུ་འ གྱུར་ལ་མཆོག་ནི་དབུ་མ་ལ་གནས་པ་ཡིན་ཏེ། དེ་དག་ཀྱང་ཨཱོཾ་ཨཱཿཧཱུྃ་གི་རང་བཞིན་ཐིག་ལེ་དང་ཚིག་དྲག་དང་ན་དའི་རང་བཞིན་གཡས་པ་ཉི་མའི་རླུང་དང་གཡོན་པ་ཟླ་བའི་རླུང་དང་དབུ་མ་སྒྲ་གཅན་ནོ། །དེ་གང་ནས་རྒྱུ་བ་བཤད་པ་ནི། གཤང་ལྕི་དང་ནི་ཟླ་ཉི་ཡི། རྩ་བ་དང་ནི་ཡན་ལག་ལྡན། ས་སྟེ་སྔར་སྐུ་རྡོ་རྗེའི་སྐབས་ནས་སྐུའི་དཀྱིལ་འཁོར་གྱི་སྒོ་བཞི་ནི། མིག་རྣ་བ་སྣ་ལྕེར་རྒྱུ་བ་དག་པས་འཇུག་པར་གསུངས་པ་བཞིན་དུ། འདིར་ཡང་གསུང་གི་དཀྱིལ་འཁོར་གྱི་སྒོ་ནི་འོག་ཏུ་གཤང་བ་དང་ལྕི་བ་འབབ་པའི་རྩ་གཉིས་དང་། སྟེང་དུ་ཟླ་བ་རླུང་འབབ་པ་རྐྱང་མ་དང་། ཉི་མའི་རླུང་འབབ་པ་རོ་མ་སྟེ་སྣ་གཡས་གཡོན་སྟེ་རྩ་བཞི་དང་། དེའི་ཡན་ལག་ལྟེ་བའི་དཀྱིལ་འཁོར་དུ་ལུག་དང་གླང་ལ་སོགས་པའི་མཉམ་པ་དང་མི་མཉམ་པ་ལ་སོགས་དུས་སྦྱོར་དྲུག་དྲུག་གིས་འཕོ་བ་འབྱུང་བའི་རྩ་དྲུག་ཅུ་དང་། སྟོང་པ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བའི་རྩ་བཞི་དང་ལྡན་པ་ནི་དཀྱིལ་འཁོར་དྲུག་ཅུ་དང་། དེ་བཞིན་དུ་སྙིང་ཁར་ཐུན་བརྒྱད་རྒྱུ་བ་དང་། མགྲིན་པར་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རླུང་རྒྱུ་བ་དང་སྟོང་པ་གཉིས་དང་། སྤྱི་བོར་ཟླ་བའི་རྐང་པ་བཅུ་བཞི་སྟོང་པ་ཡེ་ཤེས་གཉིས་དང་བཅུ་དྲུག འདི་ལ་ལུས་ཐམས་ཅད་དུ་ཚིགས་ཀྱི་འཁོར་ལོ་བཅུ་གཉིས་སོར་ཚིགས་ཀྱི་འཁོར་ལོ་དྲུག་ཅུ། གནས་ཉི་ཤུ་རྩ་བཞི། དེ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ནང་དུ་རྒྱུ་བའི་ཚུལ་རྣམ་ཞིབ་ཏུ་གསང་སྔགས་ནང་དོན་དུ་བཤད་པ་ཡིན་ནོ། འདི་རྣམས་དབྱངས་དང་གསལ་བྱེད་གང་ཡིན་པ་དང་དཀྱིལ་འཁོར་གྱི་ལྷ་དང་སྦྱར་བ་རྣམས་ནི་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ན་ཡོད་མོད་ཀྱི་འདིར་ནི་མ་བྲིས་སོ། །རྩ་བའི་རྒྱུད་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པ་སྟེ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་ནས་དབུ་མའི་མར་སྣ་ནས། །གཤང་བ་ལྕི་བ་ཁུ་བ་རྒྱུ། །ཞེས་གསུངས་པ། ཁུ་བ་དང་ནམ་མཁའ་འབབ་པ་གཉིས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་རྗེས་དྲན་གྱི་སྐབས་ནས་འབྱུང་པས་འདིར་རྩ་བཞི་བྱེ་བྲག་ཏུ་སྨོས་པ་ཡིན་ནོ། །དབང་མདོར་བསྟན་ལས་ཀྱང་། ཉི་མ་ཟླ་བའི་རྩ་འགགས་ན། །དྲི་ཆེན་དྲི་ཆུའི་རྩ་འགག་གོ །ཞེས་གསུངས་པས་སོ། །རྩ་དེ་ནས་འབྱུང་བའི་རླུང་རང་གི་ངོ་བོ་ནི། ཡེ་ཤེས་ལྔའི་རང་བཞིན་དབུགས། །དབྱུང་བ་ལྔའི་ངོ་བོ་ཉིད། །སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས། །ཞེས་གསུངས་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་སའི་ཁམས་ཀྱི་རླུང་ཁ་དོག་སེར་པོ། དཔལ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་ཨིའི་ཡི་གེ་ཏའི་སྡེ་ཚན་དང་བཅས་པ་དག་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་ཆུའི་རླུང་ཁ་དོག་དཀར་པོ་འོད་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པ་ཡི་གེ་ཨུ་དང་པ་སྡེ་རྣམ་པར་དག་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་མེའི་རླུང་ཁ་དོག་དམར་པོ་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་ཡི་གེ་རི་དང་ཊ་སྡེ་རྣམ་པར་དག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ནམ་མཁའི་རླུང་ཁ་དོག་སྔོན་པོ་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་ཡི་གེ་ཨི་དང་ཙའི་སྡེ་ཚན་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའི་རླུང་ཁ་དོག་སྔོན་པོ་མི་བསྐྱོད་པས་བྱིན་གྱིས་བརླབས་པ་ཡི་གེ་ཨ་དང་ཀའི་སྡེ་རྣམ་པར་དག་པ་སྟེ། །འདི་ལྟར་རླུང་ལྔ་པོ་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་སྡུད་པའི་རིམ་པས་རྒྱུ་བ་དང་། གཡོན་ནས་ནམ་མཁའ་རླུང་མེ་ཆུ་ས་སྐྱེ་བའི་རིམ་པས་རྒྱུ་སྟེ། དཀྱིལ་འཁོར་བཅུ་ཐམ་པའོ། དེ་ལྟར་གཡས་དང་གཡོན་པར་ལུག་ལ་སོགས་པའི་ཁྱིམ་དྲུག་དང་གླང་ལ་སོགས་པའི་ཁྱིམ་དྲུག་གིས་ཞག་ཅིག་ལ་འཕོ་བ་བཅུ་གཉིས་ཏེ། དབུགས་སྟོང་བརྒྱད་བརྒྱ་རེ་རྒྱུ་ཞིང་དཀྱིལ་འཁོར་རེ་རེ་ལ་ནི་སུམ་བརྒྱ་དྲུག་ཅུའོ། །འདི་རྣམས་ཀྱི་བར་ནས་ཡེ་ཤེས་ཀྱི་རླུང་དཀྱིལ་འཁོར་རེ་ལ་བཅུ་གཅིག་བཞི་ཆ། འཕོ་བ་རེ་ལ་ང་དྲུག་བཞི་ཆ་སྟེ་ཞག་ཅིག་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུ་བས་ཡེ་ཤེས་ལྔ་འདུས་པའི་ངོ་བོ་ཁ་དོག་ལྗང་ཁུ་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་ཡི་གེ་ཨཾ་དང་སའི་སྡེ་ཚན་ཀྵ་དང་བཅས་པ་རྒྱུ་བ་ལ་སྲོག་རྩོལ་ཞེས་བཤད་དོ། །སྟེང་འོག་གི་དབྱེ་བས་འོག་ཏུ་སྲོག་ཟླ་བའི་རང་བཞིན་ཉི་མའི་ཡོན་ཏན་གསུམ་གྱི་རྒྱུ་ལ་སྟེང་དུ་རྩོལ་བ་ཉི་མའི་རླུང་ཟླ་བའི་ཡོན་ཏན་ལྔ་ཡིས་རྒྱུ་སྟེ། དེ་བཞིན་དུ་དབྱུང་རྔུབ་སྲོག་རྩོལ་དང་གཡས་གཡོན་སྲོག་རྩོལ་ཐབས་དང་ཤེས་རབ་ཆ་གསུམ་གསུམ་དུ་འགྱུར་རོ། །འདི་རྣམས་ཀྱང་རྩ་བ་དང་ཡན་ལག་གི་རླུང་བཅུའི་དབྱེ་བས་ནི་ནང་དུ་རྒྱུ་བར་འགྱུར་རོ། །འདིར་སྨྲས་པ། སྲོག་རླུང་ཟླར་བཅས་སྲོག་འཛིན་བྱེད། །ཐུར་སེལ་བཟའ་བཏུང་ཐུར་དུ་འབྱིན། །མཉམ་གནས་ལུས་ཟུངས་ཟས་འཇུ་བྱེད། །གྱེན་རྒྱུས་བསྐྱོད་དང་སྐད་རྣམས་སྒྲུབ། །ཁྱབ་བྱེད་ཚིགས་དང་ལུས་ཀུན་ཁྱབ། །ཀླུ་ཡི་སྒེག་དང་གཟུགས་འཛིན་བྱེད། །རུ་སྦལ་དྲི་འཛིན་བརྐྱང་བསྐུམ་བྱེད། །རྩངས་རླུང་འཁྲོ་འཁྲུག་སྒྲ་འཛིན་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བར་བྱེད། །ནོར་རྒྱས་རེག་དང་ལུས་ཁམས་འཛིན། །དབུ་མའི་སྟེང་ཕྱོགས་སྲོག་ཆེན་པོ། །འཆི་བའི་ཚེ་ན་ཞག་གཅིག་རྒྱུ། །འོག་ཕྱོགས་དུང་ཅན་བྱང་སེམས་འཛག །ལྷག་མ་བརྒྱད་པོ་འཁོར་ལོ་རྣམས། ཕྱོགས་འཚམས་དབྱེ་བས་བརྒྱད་བརྒྱད་འདོད། །དབྱུག་གུ་བཅུ་གཉིས་བཅུ་གཉིས་སྟེ། །ནང་རྒྱུའི་དཀྱིལ་འཁོར་དྲུག་ཅུ་ཡིན། །ཚིགས་ལ་སུམ་བརྒྱ་དྲུག་བཅུའི་ཆར། །དཀྱིལ་འཁོར་ལྔས་ཕྱེ་སྟོང་བརྒྱད་བརྒྱ། །བཅུ་གཉིས་དབྱེ་བས་རླུང་རྒྱུའོ། །ཐུན་དང་ཟླ་རྐང་རྒྱུ་སྐར་རྣམས། །སྔོན་དུ་ཇི་སྐད་བསྟན་པ་བཞིན། གཡས་གཡོན་ཚིགས་དང་རླུང་རྣམས་ཀྱི། །འཕོ་བ་སྡེ་ཚན་དྲུག་པོ་ལ། དབྱངས་དྲུག་གིས་བསྒྱུར་བརྒྱ་བརྒྱད་བཅུར། །རིམ་དང་རིམ་མིན་དབྱེ་བ་ཡིས། །གཡོན་ཀུན་ཐུང་ལ་གཡས་རྣམས་རིང་། དབྱངས་དང་གསལ་བྱེད་རྒྱུ་བ་སྟེ། །སུམ་བརྒྱ་དྲུག་ཅུ་པོ་འདི་རྣམས། །རགས་པའི་རྒྱུ་རིམས་བརྗོད་པའོ། །རྟེན་འབྲེལ་ལྷ་སྔགས་འདི་ལས་བྱུང་། །རླུང་དང་ཡི་གེ་དབྱེར་མེད་པའོ། །ཞེས་བྱ་བ་ནི་རླུང་དང་དབྱངས་དང་གསལ་བྱེད་ཀྱི་སྤྱི་དོན་བསྡུས་པའི་བར་སྐབས་ཀྱི་ཚིགས་བཅད་དོ། །ཇི་ལྟར་བསྒོམ་པའི་ཚུལ་ནི་ལུས་ཀྱི་གནད་སྔར་བསྟན་པ་བཞིན་ཡིན་ཀྱང་དེ་བས་ཅུང་ཟད་ལྷོད་པར་བྱའོ། །ལྟ་སྟངས་ནི་རྣལ་འབྱོར་བར་པ་གཉིས་ཀ་ལ་བདུད་རྩི་འཁྱིལ་པའི་ལྟ་སྟངས་ཐད་ཀར་བ ལྟ་བར་བྱ་སྟེ། རྒྱུད་ལས། བགེགས་མཐར་བྱེད་པའི་ལྟ་སྟངས་བདུད་རྩི་ལམ་དུ་སོན་པས་ཀྱང་ནི་ངེས་པར་སྒྲུབ་པ་ཡན་ལག་ལ་དྲུག །ཞེས་པ་དང་། འདུས་པ་ཕྱི་མ་ལས་ཀྱང་། སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །ཞེས་གསུངས་སོ། །འདི་ཡི་སྔོན་འགྲོ་ནི་རྡོ་རྗེའི་བཟླས་པ་གསུམ་ཁྲིད་ཡིག་ལྟར་ཟེར་བཞིན་བྱ་སྟེ། དེའི་ངེས་པ་ཡང་རྒྱུད་ལས། ཟླ་བའི་ཉི་མ་ཨ་སོགས་ཀ་སོགས་རྣམ་གསུམ་འགྲོ་བ་རྟོགས་པ་སྐུའི་རྡོ་རྗེ་སོགས་བཟླས་པ། །ཞེས་པ་དང་། ཧེ་བཛྭ་ལས་ཀྱང་། རང་གི་གཡས་དང་ལག་གཞན་གྱི། །ཐེ་བོང་དང་ནི་སྲིན་ལག་གིས། དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་རྣམས་ངེས་པར་བྱའོ། །སྲོག་རྩོལ་དངོས་གཞི་ཇི་ལྟར་བསྒོམ་པ་ནི། རྒྱུད་ལས། །ཁ་བཙུམས་ནས་ནི་སྣའི་བུག་པ་གཉིས་ནས་ཀྱང་ནི་ཕྱི་རོལ་རླུང་རྣམས་མ་ལུས་པ་དང་ནི། སྲོག་གི་དབུགས་ཀྱི་དྲངས་ནས་གློག་གིས་མེ་དང་འདྲ་བར་ཐུར་སེལ་ཀྱང་ནི་གཞུག་པར་བྱ། དུས་ཀྱི་སྦྱོར་བ་གོམས་པར་བྱས་པ་ལས་ནི་ཟླ་བ་ཉི་མ་མེ་རྣམས་དབུ་མར་རོ་མཉམ་འགྱུར། །ཁ་ཟས་ལ་སོགས་བཀྲེས་དང་སྐོམ་པ་ལུས་ལ་འཇོམས་པ་དང་ནི་མི་འཆི་བ་ཡང་སྟེར་བར་གྱུར། །ཞེས་གསུངས་སྟེ། བུམ་པ་ཅན་གྱི་སྦྱོར་བའོ། །སྲོག་རྩོལ་གྱི་མཚན་ཉིད་ནི། གཡས་གཡོན་གྱི་ལམ་གཉིས་པོ་བསྒགས་ནས་དབུ་མའི་ལམ་དུ་འཇུག་པ་སྟེ། རྒྱུད་ལས། སྲོག་དང་རྩོལ་བ་ལམ་ནི་གཉིས་པོ་སྤངས་པར་གྱུར་ནས་ཀྱང་ནི་དབུ་མར་སྲོག་དག་ཞུགས་པའོ། ཞེས་གསུངས་སོ། རྣམ་པར་དབྱེ་བ་ནི། གསང་བ་ལ་སོགས་པའི་འཁོར་ལོ་ལྔར་བུམ་པ་ཅན་གྱི་སྦྱོར་བ་ལྔའམ་སྲོག་གཞུག་པ་དང་དབྱུང་པའི་བྱེད་པས་རྣམ་པ་བཅུར་ཡང་འགྱུར་རོ། །དེ་ཡང་འགྲེལ་བར་འདུ་བྱེད་ཀྱི་ཕུང་པོ་གཡས་དང་གཡོན་གྱི་དཀྱིལ་འཁོར་བཅུ་པོ་གཅིག་དུ་གྱུར་བའོ། ཞེས་སོ། །སྲོག་རྩོལ་ཇི་ཙམ་བྱ་བའི་ངེས་པ་ནི། ཇི་སྲིད་དུ་མགོ་བོ་ན་བར་མ་གྱུར་གྱི་བར་དུ་བྱ་ཡིས་དེ་ལས་ལྷག་པར་མི་རུང་སྟེ། ཡང་ཕབ་ལ་དབྱུང་བ་བྱས་ནས་བསམ་གཏན་ལ་གནས་པར་བྱའོ། །དེ་བས་ལྷག་ན་འཆི་བའི་འཇིགས་པ་འབྱུང་བར་འགྱུར་བས་མི་བྱའོ། །དེ་ཡང་རྒྱུད་ལས། སྲོག་དང་རྩོལ་བ་ཀུན་ནས་མཉམ་པའི་བདེ་བ་སྟེར་བ་མགོ་བོའི་བར་དུ་ཤེས་པར་འགྱུར་བ་ཡིན། དེ་ལས་ལྷག་ན་འཆི་བའི་འཇིགས་པ་བྱེད་པ་ཕུང་པོ་ངེས་པར་འཇིག་པའི་རྒྱུ་དེ་མི་ཤིས་པ། །གཙུག་ཏོར་ཕུག་ནས་མཆོག་ཏུ་བདེ་བའི་གོ་འཕང་སྦྱར་བར་བྱ་བའི་གནས་སུ་ངེས་པར་འགྱུར། རྣལ་འབྱོར་པ་ནི་ཕུང་པོ་བོར་ནས་བདེ་བར་འཇུག་ལ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་ན། །ཞེས་གསུངས་སོ། །སྒྲ་དོན་ནི་པཱ་ན་ཨཱ་ཡ་ཊ་ཞེས་པ་ཚེ་དང་སྲོག་གི་རྟེན་དུ་གྱུར་པ་འབྱུང་འཇུག་གི་རྩོལ་བ་ཅན་ཡིན་པའི་ཕྱིར་ན་སྲོག་རྩོལ་ཞེས་བརྗོད་དོ། འདིའི་རྟགས་ངེས་པ་ནི། དུས་སྦྱོར་བཅུ་གཉིས་ཀྱི་གཅིག་ནས་དྲུག་ཙམ་བར་དུ་འགོག་པར་ནུས་ཤིང་སྟོང་གཟུགས་ལ་འཁྱུད་པའི་བདེ་བས་རབ་ཏུ་གང་ཡང་ཁམས་འཛག་པ་མེད་པར་འཆིང་ནུས་པ་སྟེ། རྒྱུད་ལས། དབུ་མར་སྲོག་རྣམས་ཞུགས་པ་ལས་ནི་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་ཅན། །པད་མར་ཞུགས་པའི་རང་གི་རྡོ་རྗེ་དེ་བཞིན་འཕྲོ་བ་ཟླ་བ་ཉི་མ་དབུ་མར་ཞུགས་པ་ཡི། །བདེ་བས་ས་བོན་མི་ལྟུང་བདེ་བས་དགའ་བར་གྱུར་པ་འདི་དག་རྣལ་འབྱོར་རྣམས་ཀྱི་རྣལ་འབྱོར་རོ། །ཕྱག་རྒྱ་གྲུབ་པའི་དོན་དུ་ཁྱབ་བདག་དཔལ་ལྡན་མཆོག་ཏུ་གསང་བ་ལས་ཀྱང་གསང་བར་གྱུར་པའོ། །ཞེས་གསུངས་སོ། །སྲོག་རྩོལ་བསྒོམས་པའི་འབྲས་བུ་ནི། གཡས་གཡོན་གྱི་དུས་ཀྱི་སྦྱོར་བ་དག་པས་ཚ་གྲང་ལ་སོགས་པའི་སྐྱོན་ཐམས་ཅད་ཀྱིས་མི་རྫི་ཞིང་། ཉིན་མཚན་མེད་པའི་གསལ་སྣང་ཆེན་པོས་མངོན་པར་ཤེས་པ་བརྟན་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་གཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསྔགས་པ་མཛད་པར་འགྱུར་ཏེ། རྒྱུད་ལས། སྲོག་དང་རྩོལ་བས་དག་པར་འགྱུར་ཞིང་ཟླ་བ་ཉི་མ་རྣམ་པར་བྲལ་ལ་བྱང་ཆུབ་སེམས་དཔས་མཆོད། །ཞེས་གསུངས་སོ། །ད་ནི་འདི་ལ་འཕྲོས་པའི་ཡན་ལག་བཤད་པར་བྱ་སྟེ། སྲོག་རྩོལ་གྱི་སྐབས་འདིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཚུལ་གྱི་གནས་ལུགས་ཇི་ལྟར་ཡིན་པ་རྟོགས་ནས་ངེས་པར་བསྒྲུབ་པའི་དད་པ་དང་། རྗེད་ངས་མེད་པའི་དྲན་པ་དང་། དུས་ཐམས་ཅད་དུ་ལྷོད་པ་མེད་པའི་བརྩོན་འགྲུས་དང་། བསམ་གཏན་གྱི་ཏིང་ངེ་འཛིན་དང་། སྣང་སྟོང་དབྱེར་མེད་ཀྱི་ཤེས་རབ་ངེས་པར་འཛིན་པའི་དབང་པོ་ལྔ་ཐོབ་པས་དྲོད་དང་རྩེ་མོར་གྱུར་པ་རྫོགས་ཤིང་དེའི་འོག་ཏུ་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་རྟོགས་པའི་ནུས་པས་རྣམ་པ་ཀུན་མཆོག་ལྡན་གྱི་སྟོང་པ་ལ་མི་སྐྲག་པའི་བཟོད་པ་དང་། ཕྱི་རོལ་གྱི་དོན་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་སུ། མཐོང་བས་རང་གི་ཡེ་ཤེས་ཀྱི་སྣང་བ་ལས་གཞན་པའི་ཕྱི་རོལ་གྱི་དོན་མེད་པར་མངོན་སུམ་དུ་རྟོགས་ཤིང་། རང་གི་རིག་པ་བདེ་གསལ་མི་རྟོག་པར་ཉམས་སུ་མྱོང་བའི་མཚན་མ་འབའ་ཞིག་ལུས་པའི་ཕྱིར། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ལ་སྦྱོར་བར་འགྱུར་རོ། །དེའི་ཚེ་དབང་པོ་ལྔ་ཡང་བདུད་དང་ཐེག་པ་དམན་པས་མི་འཕྲོགས་པའི་ཕྱིར་སྟོབས་སུ་འགྱུར་རོ། །འདི་རྣམས་ཀྱི་ངེས་པ་མདོ་སྡེ་རྒྱན་ལས་ཀྱང་། དེ་ནས་དེ་འདྲར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པའི། །དོན་ཀུན་རབ་དུ་མི་མཐོང་ངོ་། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་དུ་རྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་རབ་ཏུ་གནས། །ཞེས་པ་དྲོད་དང་རྩེད་མོའི་གནས་སྐབས་དང་། དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་པར་འགྱུར། །དེ་ཚེ་དེ་ལ་བཟུང་བ་ཡི། རྣམ་པར་གཡེང་བ་དེ་སྤོང་གྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེལ་བ་འབའ་ཞིག་ལུས། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཞེས་བཟོད་པ་དང་ཆོས་མཆོག་གི་གནས་སྐབས་གསུངས་པ་དང་ཁྱད་པར་མེད་དོ། །འདི་ཡི་འོག་ཏུ་འཛིན་པ་གྲུབ་ནས་མཐོང་པའི་ལམ་དུ་གསུངས་པ་ཡིན་ནོ། སྲོག་རྩོལ་སྒྲུབ་པའི་སྐབས་སུ་སྲོག་རླུང་སྟེང་དུ་འགྲོ་བའི་ཉེས་པ་བསལ་བའི་ཐབས་ཀྱང་། ཇི་ལྟར་སྲོག་གི་རླུང་གིས་གནོད་པ་བྱེད་པའི་ཚུལ་དང་། རང་ལུས་གཞན་ལུས་ཀྱི་གནད་ཀྱིས་བྱང་ཆུབ་ཀྱི་སེམས་མི་འཛག་པའི་གནད་བཅིང་པ་མེད་ན་འབྲས་བུ་མི་འཐོབ་པར་གསུངས་ཏེ། སྲོག་དང་རྩོལ་བ་བྱས་པ་ལས་ནི་ཇི་སྲིད་སྙིང་ཁ་མགོ་བོ་དེ་བཞིན་མེ་ཡིས་གནོད་འགྱུར་ཞིང་། །དེ་ལས་གོང་དུ་རང་གི་པད་མ་བརྒྱལ་བར་འགྱུར་རམ་སྟོབས་ཀྱིས་མནན་པར་འགྱུར་བ་མ་ཡིན་ནམ། །གཙུག་ཏོར་ནས་ནི་འགས་ཤིང་འཆི་བར་འགྱུར་ཏེ་ཕུང་པོ་དང་ནི་ཁམས་རྣམས་རྣམ་པར་སྤོངས་བར་འགྱུར། །ཕྱག་རྒྱ་ལ་ཞུགས་ཉམས་པའི་སྐྱེས་བུ་ལ་ནི་ཚེ་འདི་ཉིད་ལ་བདེ་བའི་འབྲས་བུ་སྟེར་བ་མིན། །ཞེས་སོ། །ཡང་དུས་སྦྱོར་གྱི་ཟླ་བ་དྲུག་གི་རླུང་འགག་པར་ནུས་པས། ཕྱག་རྒྱ་དང་སྦྱོར་བ་ལས་མཛེའི་ནད་འཇོམས་པར་འགྱུར་བ་དང་། དེ་བཞིན་འགྱུར་དུ་འགོག་པས་རྒས་པ་སེལ་བ་དང་། དེ་ལས་ལྷག་པར་འགོག་ནུས་ན་མཐོང་བའི་ལམ་དུ་འཇུག་པར་བསྟན་པ་ནི། རྒྱུད་ལས། ཟླ་བ་དྲུག་གིས་མཆོག་གི་ལུས་ལ་མཛེ་ནད་དཀར་པོ་འཇོམས་སྟེ་བསྔགས་པ་དེ་ལས་གཞན་པ་ཅི། །ཤེས་རབ་མ་དང་ཕྲད་ནས་རང་གི་བྱང་སེམས་བཟུང་ཞིང་རྟག་ཏུ་སྲོག་གི་རླུང་ནི་འགག་པ་ལས། །རྒན་པོ་ལ་ནི་བདུན་ཅུ་པ་དང་སྐྲ་དཀར་གཉེར་མ་དང་བཅས་ལོ་གཉིས་རྫོགས་པར་ངེས་པར་འཇོམས། དེ་ལས་གོང་མ་ལམ་ལ་ཞུགས་པ་ནས་ནི་ཉི་མ་ཅུང་ཟད་ཙམ་གྱིས་ཕྱག་རྒྱ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡང་སྲོག་རྩོལ་སྒོམས་པས་རླུང་དང་བད་ཀན་དང་འདུས་པའི་ནད་ཀྱི་གེགས་སེལ་བའི་རླུང་སྦྱོར་ནི། །རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པ་ཡིས་ནི་མཆོག་གི་ལུས་ལ་ཤིས་པར་འགྱུར། །སྲོག་དང་རྩོལ་བ་དག་ནི་བད་ཀན་ལ་སྟེ་སླར་ཡང་ཕྱུང་པ་ཡིས་ནི་འཁྲིས་པའི་ཉེས་པ་ལ། །སྟེང་དང་འོག་ཏུ་ཡང་དག་བསྡམ་པས་འདུས་པ་དང་ནི་རིམས་ནད་ཅན་ལ་བདེ་བ་བྱེད་པར་འགྱུར། ཞེས་པ་དང་། སྟེང་གི་ཉེས་པ་བྱུང་ན་འོག་གིས་སེལ་བ་དང་། འོག་གི་ཉེས་པ་བྱུང་ན་སྟེང་གི་སྦྱོར་བས་སེལ་བ་ཡང་། དེ་ཉིད་ལས། ལྟེ་བའི་སྟེང་དུ་སྲོག་གི་རླུང་གིས་མ་ལུས་ནད་རྣམས་འཇོམས་ཤིང་ལྟེ་བའི་རྩ་བར་ཡང་ནི་གཞན། །གནས་གསུམ་ལམ་དུ་སོན་པའི་ཐུར་དུ་སེལ་བའི་རླུང་ནི་བསྡམས་ཤིང་སྟེང་དུ་ཡང་ནི་སྲོག་ཉིད་དོ། །ཞེས་གསུངས་ཤིང་། གཞན་ཡང་། གཡས་གཡོན་གྱི་རླུང་ཡོན་པོ་བསྲང་བ་དང་། རླུང་གི་འཆི་ལྟས་བཟློག་པའི་ཐབས་ནི། རྒྱུད་ལས། དབུགས་བསྡམས་ནས་ནི་གཡས་དང་གཡོན་གྱི་མཆན་ཁུང་དང་ནི་ནུ་མ་ཡང་ནི་སྟོབས་དང་བཅས་པས་བཙིར། གཡས་དང་གཡོན་གྱི་རྩར་ནི་རབ་ཏུ་རྒྱུ་བ་སྤོང་ཞིང་གཡོན་གྱི་མཆན་ཁུང་གིས་ནི་གཡས་པར་རོ། །ཟླ་བ་ཕྱེད་ཀྱིས་འཆི་བ་སྟེར་བའི་འཆི་ལྟས་རྣལ་འབྱོར་དང་ལྡན་རྣལ་འབྱོར་པ་ཡིས་འཇོམས། ཞེས་གསུངས་སོ། །གཞན་ཡང་གེགས་སེལ་བར་བྱེད་པའི་རིམ་པ་རྒྱུད་འགྲེལ་ལས་མང་དུ་གསུངས་མོད་ཀྱི། ཡི་གེ་མངས་ཀྱིས་དོགས་པའི་ཕྱིར་མ་བྲིས་སོ། རྣལ་འབྱོར་ཉམས་སུ་ལེན་པའི་ཚེ་བསམ་གཏན་གྱི་དགའ་བའི་ཟས་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་བཀྲེས་སྐོམ་སེལ་བའི་རླུང་སྦྱོར་དང་། འཛིན་སྟངས་དེ་ཉིད་ལ་དམིགས་པ་དང་བཅས་ན་དུག་ཐམས་ཅད་སེལ་བ་གསུངས་པ་ནི། །དཀྱིལ་ཀྲུང་བཅིངས་ལ་སོ་རྣམས་ཕན་ཚུན་རེག་པ་མིན་པ་ཙམ་དུ་ཁ་ནི་གདངས་པར་འགྱུར་བ་དང་། །ཕྱི་རོལ་རླུང་དག་དྲངས་ཏེ་དེ་ནས་བདུད་རྩི་དང་ནི་ལྷན་ཅིག་ལྟེ་བའི་དབུས་ན་གཞུག་པར་བྱ། །མཆོག་གི་ལུས་ལ་རབ་ཏུ་གདུངས་དང་བཀྲེས་དང་སྐོམ་པ་འཇོམས་ལ་ཡང་དག་བཀག་ན་དུག་ཀྱང་ངོ་། །དཔྲལ་བར་ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་སྐོར་བ་བདུད་རྩི་འཛག་བཞིན་པ་ཡིས་སམ། ཞེས་སོ། །སྲོག་རྩོལ་གྱི་སྦྱོར་བ་ཚད་དང་ལྡན་པར་འཛིན་མ་ཤེས་པ་ལ་བརྟེན་ནས་འཕོ་བར་འགྱུར་ཞིང་། ཡང་ལམ་མངོན་དུ་མ་བྱས་པར་འཆི་བའི་དུས་ལ་ཐུག་ན་འཕོ་བར་བྱ་བ་ཡིན་པས། དེ་གཉིས་ཀྱི་ངེས་པ་རྟོགས་པར་བྱ་བའི་ཕྱིར་འཕོ་བའི་རླུང་སྦྱོར་གསུངས་པ། ནུས་པ་གང་ཞིག་ལྟེ་དབུས་གནས་ནས་བཅུ་གཉིས་མཐའ་དང་ཆ་ཡིས་མཐར་ཐུག་གཞན་གྱི་གནས་སུ་འགྲོ། །དེ་ནི་ལྟེ་བར་ཡང་དག་བཀག་པས་གློག་གི་མེ་དང་མཚུངས་པའི་དབྱུག་པའི་གཟུགས་ཅན་ལངས་པ་ན། །འཁོར་ལོ་དང་ནི་འཁོར་ལོའི་བར་དུ་དབུས་མའི་རྩ་ནས་མཉེན་ལ་འཁྱོག་པའི་ཚུལ་གྱིས་བསྐྱེད་པ་དང་། །ཇི་སྲིད་གཙུག་ཏོར་བུག་པར་རེག་པ་དང་ནི་སྟོབས་ཀྱི་ཁབ་དང་འདྲ་བས་ཕྱི་རོལ་ལྤགས་པ་ལ། །དེ་ཡིས་དུས་སུ་ཐུར་དུ་སེལ་བ་མཆོག་ཏུ་སྟོབས་བསྐྱེད་པ་ཡིས་སྟེང་གི་ལམ་དུ་བསྐྱལ་བྱ་ཞིང་། །རླུང་ནི་ཟུང་ཅིག་བཀག་པས་གཙུག་ཏོར་ཕུག་པར་གྱུར་ན་གྲོང་ཁྱེར་གཞན་དུ་ཡང་ནི་འགྲོ་བར་འགྱུར། ཞེས་པས། ནུས་པ་ནི་སྲོག་གི་རླུང་སྟེ་ཞག་ཅིག་ལ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལྟེ་བའི་དབུས་ནས་ཕྱིར་འབྱུང་བ་གཡས་གཡོན་གྱི་སྣ་བུག་ནས་བསྡུད་པ་དང་བསྐྱེད་པའི་རིམ་པས་རླུང་སོར་བཅུ་གཉིས་ཀྱི་མཐའི་བར་དང་། ནམ་མཁའི་རླུང་གི་ཆའི་སྟེ་སོར་བཅུ་དྲུག་གི་མཐར་ཐུག་པར་འགྲོ་བ་རྣམས། སྲོག་བུམ་པ་ཅན་གྱིས་ལྟེ་བར་བཀག་པས་གློག་གི་མེ་དང་མཚུངས་པའི་གཏུམ་མོ་དབང་ཕྱུག་པའི་གཟུགས་ཀྱིས་ལངས་ནས། འཁོར་ལོ་དང་ནི་འཁོར་ལོའི་བར་དུ་དབུས་མའི་རྩའི་ནང་ནས་གྱེན་ལ་གཉེན་ལ་འཁྱོག་པའི་ཚུལ་གྱིས་བསྐྱོད་པ་སྟེ། ལྟེ་བ་ནས་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་ཇི་སྲིད་གཙུག་ཏོར་གྱི་བར་དུ་འགྲོ་སྟེ། དེར་ཕྱིན་ནས་ཚངས་བུག་ལ་རེག་པའི་སྟོབས་ཀྱིས་ཕྱི་རོལ་གྱི་ལྤགས་པ་ཁབ་ཀྱི་རྩེ་མོས་ཕུག་པ་བཞིན་འགྲོའོ། །དེའི་དུས་སུ་རྣལ་འབྱོར་པས་སྟེང་རླུང་གི་རྩོལ་བ་མཆོག་ཏུ་སྟོབས་བསྐྱེད་པས་ཐུར་སེལ་གྱི་རླུང་སྟེང་གི་ལམ་དུ་བསྐྱལ་ཞིང་། གཡས་གཡོན་གྱི་རླུང་ཟུང་གཅིག་དབུས་སུ་བཟུང་ནས་ཕྱིར་རྒྱུ་བ་བཀག་པས་སེམས་གཙུག་ཏོར་ཕུག་ནས་ལུས་ཀྱི་གྲོང་ཁྱེར་ལས་གཞན་དུ་འགྲོའོ། །འདི་ནི་འཕོ་བའི་སྦྱོར་བ་ཡང་དག་པའོ། །འདི་ལྟར་བསམ་གཏན་དང་གཟུགས་མེད་པ་དང་སྔར་བསྟན་པ་བཞིན་ཕ་རོལ་དུ་ཕྱིན་པ་དྲུག་དང་ལམ་ཐམས་ཅད་ཀྱི་གནས་སྐབས་ཤེས་པ་དང་། ཚད་མེད་པ་བཞིས་ཟིན་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་དང་། འཁོར་གསུམ་དུ་མི་དམིགས་ཤིང་ཆེད་དུ་བྱ་བ་རྣམས་སྒྲུབ་པ་དང་མངོན་པར་ཤེས་པ་དྲུག་ལ་མཁས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་འཇུག་པ་ནི། ཐེག་པ་ཆེན་པོ་བླ་ན་མེད་པ་ལ་འཇུག་པའི་སྒྲུབ་པ་ཡང་དག་པ་ཡིན་ནོ། །དེ་ཡང་མངོན་རྟོགས་རྒྱན་ལས། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། དམིགས་པ་མེད་དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་དོན་རྣམས་འདི་ཡན་ཆད་ཀྱི་གདམ་ངག་རྣམས་ལ་ཚང་བའི་ཕྱིར། ལུང་དེ་ཡང་འདིར་བྲིས་སོ། དེ་ལྟར་སྲོག་རྩོལ་སྒོམས་པའི་འབྲས་བུ་འཛིན་པ་འགྲུབ་པས་བཤད་པ་ནི། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། རྡོ་རྗེ་སེམས་དཔར་ཡང་དག་འཇུག །ཞེས་གསུངས་པས། འཛིན་པ་བསྒོམ་པའི་ཚུལ་ནི། སྔ་མ་སྲོག་རྩོལ་དུ་ཇི་ལྟར་བསྟན་པ་བཞིན་དུ་བུམ་པ་ཅན་གྱི་སྦྱོར་བས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་བྱང་ཆུབ་ཀྱི་སེམས་འཛིན་པ་སྟེ། འདིའི་ངོ་བོ་ནི། རླུང་དག་རབ་ཏུ་བསྡམས་པར་གྱུར་པས་གློག་གི་མེ་འདྲའི་རྩེ་མོས་སྤྱི་བོར་ཟླ་བར་བྱེད། །གང་དང་གང་དུ་ཐིག་ལེ་ཞུ་བ་འདི་ལས་མགྲིན་པ་སྙིང་ཁར་སོན་པ་དང་ལྟེ་བ་གསང་བར་དགག ཐིག་ལེ་ཟླ་བ་འཛག་པ་གང་དག་རྡོ་རྗེ་ནོར་བུར་སོན་པ་རྒྱལ་མཚན་རྩེ་མོར་ཡང་ནི་དགག །ཤེས་རབ་ཡེ་ཤེས་སྐད་ཅིག་དེ་ལས་བདེ་བ་སྟེར་བ་གལ་ཏེ་ཐེག་ལེའི་ཕྲེང་བ་མི་འཕོ་བས། །དེ་ལས་འཛག་པ་མེད་པའི་ལྷན་སྐྱེས་སྐད་ཅིག་མ་ཡིས་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་འགྱུར། །ཞེས་པས་འགྲེལ་པར་སྔོན་དུ་གཟུགས་བརྙན་མཐོང་བ་དེས་སྲོག་གི་རླུང་རྣམ་པ་བཅུ་རབ་ཏུ་བསྡམས་པས་ལྟེ་བའི་དཀྱིལ་འཁོར་དུ་གློག་གི་མེ་འདྲ་འབར་བའི་རྩེ་མོས་སྤྱི་བོར་སྟེ་དཔྲལ་བ་ན་གནས་པའི་ཟླ་བ་བྱང་སེམས་ཞུ་བར་བྱེད་ལ་དེ་ལྟར་དཔྲལ་བ་ལ་སོགས་པ་གནས་གང་དང་གང་དུ་ཐེག་ལེ་ཞུ་བ་དེ་ལས་མགྲིན་སྙིང་ལྟེ་གསང་དུ་འཛག་པས་སྲོག་སྩོལ་གྱི་སྟོབས་ཀྱིས་མི་འཕོ་བར་དགག་སྟེ། དེ་ཡང་གསང་བར་སྐུའི་ཐིག་ལེ་ནས་ལྟེ་སྙིང་མགྲིན་པར་རིམ་པ་བཞིན་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་འགག་གོ །ཡང་ལས་རྒྱའི་སྟོབས་ཀྱིས་ཐིག་ལེ་བཞུ་བརཏལ་བྱས་ཡས་སླ་བར་གྱུར་པ་འཛག་པ་གང་དག་རྡོ་རྗེ་ནོར་བུར་སོན་པའི་རྒྱལ་མཚན་རྩེ་མོ་ནི་རྟགས་ཀྱི་ཁ་སྟེ། དེར་ཡང་སྲོག་རྩོལ་གྱི་སྟོབས་ཀྱིས་ཡང་དག་པའམ་རབ་ཏུ་བཀག་པས་ཐེག་ལེའི་འཕྲེང་བ་མི་འཕོ་བའི་སྐད་ཅིག་དེ་ལས་བདེ་བ་ཆེན་པོ་སྟེར་བའི་ཕྱིར་འཛག་པ་མེད་པའི་ཡེ་ཤེས་སུ་འགྲུབ་པར་གསུངས་ཤིང་། ཆོས་ཀྱི་དབྱིངས་སྟེར་བ་སྟེ་མཐོང་བའི་ལམ་མངོན་སུམ་དུ་བྱེད་པས་དང་པོ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་གནས་པར་འགྱུར་བའོ། འཛིན་པའི་མཚན་ཉིད་ནི་སྣ་གཡས་གཡོན་གྱི་རླུང་གི་འཕོ་བ་ཉམས་ནས་ཐིག་ལེར་སྲོག་ཞུགས་པས་བྱང་ཆུབ་ཀྱི་སེམས་འཛིན་པ་བརྟན་པར་འགྲུབ་པ་སྟེ། གཉིས་ནས་འགྲོ་བ་ཉམས་ནས་ཐིག་ལེར་སྲོག་ཞུགས་པ་ན་འཛིན་པ་ཡང་ནི་སེམས་ནི་རྩེ་ཅིག་པ། །ཞེས་གསུངས་སོ། །རྣམ་པར་དབྱེ་བ་ནི། འཛིན་པ་རྣམ་པ་བཅུ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཐེག་ལེའི་བཅུད་འཛིན་པར་བྱེད་པའི་རླུང་གྲུབ་པ་སྟེ། འགྲེལ་པར། ཚོར་བའི་ཕུང་པོ་སྲོག་རྩོལ་འཛིན་པ་ལྟེ་བ་དང་སྙིང་ཁ་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མར་འགྲོ་བ་དང་འོང་པ་རྣམ་པ་བཅུ་ཞེས་སོ། །འཛིན་པའི་སྒྲ་དོན་ནི། དྷ་ར་ན་སྟེ། བྱང་ཆུབ་ཀྱི་སེམས་འཛག་མེད་དུ་འཛིན་པ་ཞེས་བྱ་སྟེ། རྟེན་ལུས་ཀྱི་བྱང་ཆུབ་ཀྱི་སེམས་དང་། བརྟེན་པ་སེམས་ཀྱི་བྱང་ཆུབ་ཀྱི་ཟུང་དུ་ཞུགས་ནས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་སྟེ། རྩ་བའི་རྒྱུད་ལས། སྟོང་པ་ལས་བྱུང་གཟུགས་ནི་རྒྱུད། །འབྲས་བུ་མི་འགྱུར་ལས་སྐྱེས་བདེ། །འབྲས་བུས་རྒྱུ་ལ་རྒྱས་བཏབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་བཏབ་བོ། །སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་སོ། །རྟགས་ངེས་པ་ཡང་། སྲོག་རྩོལ་གྱི་སྐབས་ནས་སྐ་བ་མི་འཛག་ཅིང་། འཛིན་པས་སླ་བ་མི་འཛག་པ་གྲུབ་པ་དེ་ཉིད་ཡིན་ནོ། །འདི་ལས་འཕྲོས་ནས་འཛག་པའི་དོན་བཤད་པ། བརྟེན་ལུས་ཀྱི་འཛག་སྒོ་བཞི་དང་། རྟེན་པ་སེམས་ཀྱི་འཛག་སྒོ་བཞི་སྟེ། ལུས་ལ་འདོད་པའི་ཁམས་ན་ཁམས་དྲུག་དང་ལྡན་པའི་འཛག་པ་དང་། གཟུགས་ཀྱི་ཁམས་བཅུ་དྲུག་ན་ཟད་པར་བཞིའི་འབྱུང་ཆུང་གི་འཛག་པ་དང་། གཟུགས་མེད་པ་ན་ཟད་པར་ནམ་མཁའི་འབྱུང་ཆུང་གི་འཛག་པ་བཞི་དང་། དེ་ཐམས་ཅད་ཀྱི་རྩ་བ་རེག་པའི་ཡན་ལག་སྟེ་བཞི་ཡིན་ཀྱང་བྱེ་བྲག་ཏུ་མིའི་ལུས་ལ་ནི་འོག་དང་སྟེང་དུ་དུང་ཅན་དང་ལྕེའུ་ཆུང་དུ་འབབ་པ་དང་དབང་པོའི་སྒོ་བཞི་དང་ལུས་ཀྱི་བ་སྤུའི་མཐར་ཐུག་པར་འཛག་པ་བཞིའོ། །སེམས་ཀྱི་འཛག་པ་ནི། མ་རིག་པ་དང་། ལྟ་བ་དང་། འདོད་པ་དང་། སྲིད་པའི་ཟག་པ་སྟེ་བཞིའོ། ཟག་པ་བརྒྱད་པོ་འདི་དག་ཐམས་ཅད་དང་བྲལ་བ་ནི་མཐར་ཐུག་པའི་སངས་རྒྱས་ལ་ཡོད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མཐོང་པའི་ལམ་ནས་མ་རིག་པ་དང་ལྟ་བའི་ཟག་པ་སྤོང་ཞིང་འདོད་པ་དང་སྲིད་པའི་ཟག་པ་ནི་ཆེད་དུ་གཉེར་ནས་མི་སྤོང་སྟེ། ཐབས་མཁས་པས་འཛིན་པ་འཁོར་བར་དོན་མཛད་པ་ལ་འཁོར་བའི་ཕྱིར་རོ། །དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ནི་འདོད་པ་དང་སྲིད་པའི་ཟག་པ་ཆེད་དུ་གཉེར་ནས་སྤོང་བས་འཁོར་བར་མི་སྐྱེ་མོད་ཀྱི། མ་རིག་པ་དང་ལྟ་བའི་ཟག་པ་ཀུན་སྤོང་པ་ནི་མ་ཡིན་སྟེ། བདག་མེད་པར་ལྟ་བ་དང་མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པའི་ཕྱིར་རོ། །ཚུལ་འདི་ནི་རྒྱས་པར། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་ཞིང་། ལང་ཀར་གཤེགས་པ་ལས་ཀྱང་། དེ་བཞིན་ཉན་ཐོས་རྨོངས་པ་ཡང་། །ཟག་པ་མེད་པའི་དབྱིངས་ན་འཁོད། །མཐར་ཐུག་གྱུར་པ་དེ་ལ་མེད། །ཕྱིར་ཡང་ལྡོག་པར་འགྱུར་མ་ཡིན། །ཞེས་གསུངས་པ་ཡང་དོན་འདི་ལ་དགོངས་པ་སྟེ། སྲིད་པར་སྐྱེ་བའི་ཟག་པ་ནི་ཤེས་རབ་བདེན་བཞི་ལ་དམིགས་པས་སྤོང་ཞིང་འཁོར་བར་མི་སྐྱེ་ཞིང་། ཤེས་བྱའི་སྒྲིབ་པ་ནི་མ་སྤངས་པས་མཐར་ཐུག་པའི་ལམ་དུ་མི་འགྲོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བའི་ལམ་འདིར་ཟག་པ་བཞི་པོ་སྤོང་བའི་ཐབས་མཁས་པ་མངོན་སུམ་དུ་ཐོབ་ཅིང་རེག་པ་ཡིན་ནོ། །དེའི་ཕྱིར་མདོ་སྡེའི་རྒྱན་ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་ན་མེད། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདི་གནས་ཡོངས་འགྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། ཞེས་གསུངས་སྟེ། འདི་ལ་ཡང་སྔགས་ཀྱི་ཐེག་པ་འདིར་མོས་པས་སྤྱོད་པའི་སའི་མཐར་ཐུག་པ་ས་དང་པོ་ལ་ངེས་པར་འཇུག་པའི་རྒྱུ་བར་ཆད་མེད་པ་དང་བྲལ་བ་ཐོབ་པ་ནི་ས་དང་པོའི་མིང་ཅན་འཛིན་པ་གྲུབ་པ་ཞེས་འདོད་ལ། དེའི་ཡོན་ཏན་རྣམ་པར་དག་པ་རྗེས་དྲན་གྱི་བཞིར་གྱུར་པ་ནི། ས་གཉིས་པ་ཡི་མིང་གིས་འདོགས་ཤིང་སྟོན་པར་འགྱུར་རོ། །འཛིན་པ་གྲུབ་པའི་འབྲས་བུ་བཤད་པ་ནི། འཛིན་པ་གྲུབ་པའི་སྟོབས་ཀྱིས་ཀྱང་ནི་བདུད་དང་ཉོན་མོངས་འཇོམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་གྱུར། ཞེས་རྒྱུད་ལས་གསུངས་པས། བདུད་བཞི་དང་ཉོན་མོངས་པ་འདོད་ཆགས་ཁོང་ཁྲོ་དང་། མ་རིག་པ་དང་། བདག་ལྟ་དང་། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་རཏལ་ཞུགས་མཆོག་དུ་འཛིན་པར་ལྟ་བ་དང་། ཕུང་པོ་ལ་གང་ཟག་ཏུ་ལྟ་བ་དང་། ཐེ་ཚོམ་རྣམས་འཇོམས་ཤིང་སངས་རྒྱས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བའི་རྒྱུ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་བཅུ་ལ་འཇུག་པར་འགྱུར་རོ། །འདི་ལས་འཕྲོས་པ་འགའ་ཞིག་དང་བཅས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །རྣལ་འབྱོར་བར་པ་གསུང་གི་རྡོ་རྗེའི་རིམ་པ་རྫོགས་སོ།། །།བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །གཏུམ་མོ་དུས་མེའི་རང་བཞིན་ཅན། །འཛག་མེད་དེ་ལ་ཕྱག་འཚལ་ནས། །རྗེས་དྲན་ཏིང་འཛིན་སྦྱོར་བ་བཤད། །དེ་བཞིན་གཤེགས་པ་རྣམས་དང་རྒྱལ་བའི་སྲས་ཐམས་ཅད་ཀྱིས་ཡོངས་སུ་བསྟེན་པ་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་པའི་ལམ་ཐོབ་ཀྱང་། ཐུགས་རྗེ་ཆེན་པོ་འཁོར་བ་ན་ཉམས་ཐག་པ་ཐམས་ཅད་རྗེས་སུ་དྲན་ནས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སེལ་བའི་ཡེ་ཤེས་ཀྱི་མཐུ་ཐོབ་པར་བྱ་བའི་ཕྱིར་རང་གི་དམ་ཚིག་གི །ཕྱག་རྒྱ་གསུམ་གྱིས་རབ་ཏུ་བཅིངས་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས་པ་སྒྲུབ་པའི་ལམ་མངོན་དུ་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྨད་དུ་བྱུང་བ་ཡིན་ཏེ། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། དགྲ་བཅོམ་རྣམས་ལའང་བྱམས་པ་དེ་མེད་ན། །དེ་ལས་གཞན་པ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་མདོ་སྡེའི་རྒྱན་ལས་བསྔགས་པའི་ལམ་ཁྱད་པར་ཅན་དེ་ཉིད་གསལ་བར་བསྟན་པ་ནི་རྗེས་སུ་དྲན་པ་ཡིན་པས་འདིའི་བསྒོམ་པའི་ཚུལ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ། ཐོག་མར་བཅིང་བར་བྱ་བའི་དམ་ཚིག་ཕྱག་རྒྱ་ནི། ལྟེ་བར་གཏུམ་མོ་འབར་བ་ཡི། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡོངས་བསྲེགས་ནས། །ཧཾ་བསྲེགས་པ་ལས་ཟླ་རྒྱུན་འབབ། །ཞེས་གསུངས་ཏེ། དེ་ལྟར་ལུས་ལ་གནས་པའི་དབུ་མའི་སྒོ་རྩ་གསུམ་འདུས་པར་གཏུམ་མོ་ཧྃ་ཡི་རྣམ་པ་དུས་ཀྱི་མེའི་རང་བཞིན། སྟོང་པ་ཉིད་ཀྱི་གཟུགས་བརྙན་དང་སྲོག་རྩོལ་གྱི་སྟོབས་ཀྱིས་འབར་བར་འགྱུར་ཏོ། །དེས་ཕུང་པོ་ལྔའི་སངས་རྒྱས་དང་ལུས་ཀྱི་ཁམས་ལྔ་ཡུམ་གྱི་རང་བཞིན་དང་། སོགས་པ་དང་ནི་དབང་པོ་ལྔ་སྟེ། དེ་རྣམས་ཐམས་ཅད་ཀྱི་བཟུང་བ་དང་འཛིན་པའི་རང་བཞིན་ཐ་དད་དུ་སྣང་བ་བསྲེགས་ཏེ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་གཅིག་ཏུ་གྱུར་ནས། སྤྱི་བོའི་ཧྃ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྒྲ་གཅན་གྱི་རང་བཞིན་བསྲེགས་པའི་ནུས་པས། ཟླ་བའི་རྐང་པ་བཅུ་བཞིའི་རྩ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན། སྤྱི་བོ་ནས་མགྲིན་པ་དང་སྙིང་ཁ་དང་ལྟེ་བར་རིམ་གྱིས་ཞུ་ཞིང་བབས་ཏེ་དུང་ཅན་མའི་དབུས་སུ་གཅིག་ཏུ་གྱུར་པ་ལུས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པར་བྱེད་པ་སྟེ། འདིར་རྣལ་འབྱོར་གྱི་སྟོབས་ཀྱིས་སྐྱེས་པའི་བདེ་བ་ནི་ལྷ་དང་མིའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་འཛག་པ་དང་བཅས་པ་བཅུ་དྲུག་འགྱུར་བས་ཀྱང་ལྷག་པར་འབར་བར་འགྱུར་ཏེ། དཔལ་བདེ་མཆོག་རྩ་བའི་རྒྱུད་ལས། ལྷ་དང་མིའི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །འདི་ལྟ་བུ་ནི་བྱེད་པ་ཡིན། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཤིང་། དེ་བཞིན་དུ་ཁམས་གསུམ་པའི་སེམས་ཅན་འདོད་ཆགས་ལ་སོགས་པས་ཉོན་མོངས་པ་ཅན་གྱི་བདེ་བ་ཐམས་ཅད་ཀྱིས་ཉོན་མོངས་པ་མེད་པའི་བདེ་བའི་བཅུ་དྲུག་ཆར་ཡང་མི་ཕོད་དེ། ཧེ་བཛྭ་ལས། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་ང་རྒྱལ་གཏི་མུག་ཉིད། །དེ་ཀུན་བདེ་བས་བདེ་ཆེན་གྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །འཆིང་བར་བྱེད་བའི་ཕྱག་རྒྱ་རྣམ་པ་གསུམ་ནི། དམ་ཚིག་སེམས་དཔའི་སྤྱོད་ཡུལ་ཅན། ཞེས་གསུངས་ཏེ། ཁམས་གསུམ་པོ་དག་པར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང་། བརྟགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱི་ཕྱག་རྒྱ་ཆེན་མོ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གསུམ་དང་། རྒྱས་གདབས་ཀྱི་ཡི་གེ་ཨོཾ་ཨཱཿཧཱུྃ་གི་རང་བཞིན་དུ་ཡང་འགྱུར་ཏེ། རྒྱུད་ལས། ཕྱག་རྒྱ་གསུམ་དང་ཡི་གེ་གསུམ་ནི་གསུམ་དུ་འགྲོ་བའི་དབང་གིས་ལས་དང་བརྟགས་པ་བཟང་མོའོ། །ཞེས་གསུངས་སོ། དེ་ལྟར་བཅིང་བྱ་དམ་ཚིག་གི་ཕྱག་རྒྱ་ལ་འཆིང་བྱེད་ཕྱག་རྒྱ་གསུམ་གྱིས་ཕན་ཚུན་དུ་རྒྱས་བཏབ་སྟེ་བཅིང་པས་ཁམས་གསུམ་གྱི་སྤང་བྱ་རྣམས་རིམ་གྱིས་དག་པར་བྱས་ནས་མཐར་ཐུག་པར་གྱུར་པ་དང་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྲིད་གསུམ་ཐམས་ཅད་ཀྱི་དོན་བྱེད་པ་འགྲུབ་པར་འགྱུར་ཏེ། རྒྱུད་ལས། གཏུམ་མོའི་ལྟེ་བའི་འཁོར་ལོ་དགུ་ལ་ཀླུ་ཡིས་བརྒྱུར་བ་ཙར་ཙི་ཀ་ལ་སོགས་པ་ལྷག་པའི་ལྷར། །ཡེ་ཤེས་སྙིང་པོ་ཧོ་ཡིག་གློག་གི་མེ་འོད་འདྲ་བའི་ཡེ་ཤེས་མེ་ནི་རྣམ་པར་ལངས། །ལྟེ་བར་རྣམ་པར་སྣང་མཛད་ལ་སོགས་བསྲེགས། །ཤིང་མིའི་བདག་པོ་སྤྱན་མ་མིག་ལ་སོགས་པ་ཡང་། །ཐམས་ཅད་བསྲེགས་པའི་མགོ་བོའི་ཟླ་བ་བཟང་པོ་ཐིག་ལེའི་གཟུགས་ཅན་འཛག་པ་གང་དེ་རྡོ་རྗེ་ཅན། །ཤེས་རབ་མ་ཡི་ཆོས་འབྱུང་གནས་ལ་སླར་ཡང་ཐིག་ལེ་ལས་ནི་མ་ལུས་ངེས་པར་སྤྲོ་བར་བྱ། །སྣ་ཚོགས་པ་ཡི་རྒྱན་ལྡན་མེ་ལོང་སོན་པ་ལྟ་བུར་ཡེ་ཤེས་འཁོར་ལོ་རྣམ་ནི་རང་བྱུང་པ། འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་ཡང་ནི་རིམ་གྱིས་དག་པར་བྱ། །ཕྱིས་ནི་ཡེ་ཤེས་འོད་ཟེར་རྣམས་ཀྱིས་སྲིད་གསུམ་མ་ལུས་པ་རྣམས་དུས་གཅིག་ཏུ་ཡང་དགུག་པར་བྱ། །ཞེས་གསུངས་པ་ནི་རྗེས་སུ་དྲན་པ་མ་ལུས་པ་བསྡུས་པ་སྟེ། ཤིན་དུ་རྒྱས་པ་ནི་འགྲེལ་པ་ལས་གསུངས་སོ། །འདི་ཉིད་བསྒོམ་པའི་ལུས་གནད་ནི། སེམས་དཔའི་དཀྱིལ་ཀྲུང་དང་ལྡན་པས་ལྟ་སྟངས་ནི་དེ་བཞིན་གཤེགས་པ་ལྟར་ཞི་བས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ལྟ་བ་སྟེ། རྒྱུད་ལས། ཤེས་རབ་མ་སྐྱེད་ཟླ་བའི་ཐིག་ལེ་ཡང་ནི་རྡོ་རྗེ་ནོར་བུ་མི་འགྱུར་རྣམ་གསུམ་བསྒྲུབ་པར་བྱ། །ཉམས་མེད་བདེ་བ་གཅིག་དུ་ཞི་བ་ལྷན་སྐྱེས་ཡེ་ཤེས་སྦྱོར་བ་འདིར་ནི་བསྒྲུབ་པ་ཆེན་པོའོ། །ཞེས་གསུངས་སོ། །གསང་བ་འདུས་པ་ལས་ཀྱང་། སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཙོ་བོ་སངས་རྒྱས་མངའ་བདག་སྐུ། །ཞེས་གསུངས་སོ། །འཛིན་པ་ལ་འཇུག་པའི་དུས་ནི་འགྱུར་བ་མེད་པའི་རྡོ་རྗེ་སྒྲ་གཅན་གྱི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་གཞན་དུ་མི་འགྱུར་བའི་ངེས་པ་དང་ལྡན་པ་མཐོང་ནས་སྒོམ་པར་བྱའོ། །ཚུལ་ཅི་ལྟར་བསྒོམ་པ་ནི། སྐུ་བསྒོམ་ནས་ནི་ཉིན་རེ་བཞིན། དུས་སུ་སྲོག་གི་རླུང་རྣམས་ནི། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །བུམ་པའི་སྦྱོར་བས་དགག་པར་བྱ། །ཞེས་བསྟན་ཏེ། སྔར་འཛིན་པར་གསུངས་པ་ལྟ་བུར་བུམ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་དག་པར་བྱའོ། །ཕྱག་རྒྱ་གསུམ་གྱི་བཅིངས་ལུགས་ནི་འོག་ནས་སྟོན་ཏེ། མཚན་ཉིད་ནི། སྔར་བསྟན་པ་ལྟར་གཏུམ་མོ་མཐོང་ནས་རྗེས་དྲན་ལ་སྦྱོར་བ་སྟེ། ངེས་པར་ལུས་ལ་གཏུམ་མོ་མཐོང་བར་གྱུར་པ་དང་ནི་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་གསུངས་སོ། །རྣམ་དབྱེ་ནི། གཡུང་མོར་རྗེས་སུ་དྲན་པ་པད་མ་འཛིན་ཏེ། འགྲེལ་པར། དེ་ཡང་རྗེས་སུ་དྲན་པའི་གཡུང་མོ་ནི་རྩ་དབུ་མའི་འདོད་པ་བཅུའི་དབྱེ་བའི་གནས་སྐབས་ཞེས་གསུངས་ཏེ། འདི་དག་ཀྱང་གནས་སྐབས་བཞིའི་དབྱེ་བས་རྒྱས་པར་ནི་འོག་ཏུ་འཆད་དོ། །སྒྲ་དོན་ནི། ཨཱ་ནུ་སྨྲི་ཏི་ཞེས་པས་མཉམ་པར་བཞག་པའི་རྗེས་ལས་ཤེས་རབ་ཀྱིས་ཆགས་པ་རྗེས་སུ་དྲན་པ་ཞེས་བྱ་སྟེ། ཁམས་གསུམ་པའི་མཚན་མ་རྣམ་པར་རྟོག་པ་སྤངས་ནས་བསམ་གཏན་གྱི་བདེ་བ་དང་ལྡན་བཞིན་དུ་འདོད་པའི་ཁམས་སུ་སྦྱོར་བར་བྱེད་པ་སྟེ། མདོ་སྡེའི་རྒྱན་ལས། བསམ་ཏན་རབ་བདེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་བསྔོ། །ཞེས་གསུངས་པ་དང་མཐུན་པ་ཡིན་ནོ། །རྟགས་ངེས་པ་ནི། ཇི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་སྐོར་པའི། འོད་ཟེར་འཁོར་ལོ་མཐོང་འགྱུར་ཏེ། །མངོན་སུམ་སྐུ་ལ་རང་གི་ཡིན། །ཞེས་བསྟན་ཏེ། རང་གི་ལུས་སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱི་འོད་ཀྱི་འཁོར་ལོ་བ་སྤུའི་བུ་ག་རེ་རེ་ནས་ཀྱང་དག་པའི་སྐུ་རབ་དུ་འཕྲོ་བས་བསྐོར་བ་ངེས་པར་མཐོང་བར་འགྱུར་ཏེ། དེ་ནས་ཟླ་བ་དྲུག་གི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་བཅིངས་པ་ཐམས་ཅད་མི་དགོས་པར་བདེ་བ་དང་སྟོང་པ་རོ་མཉམ་པར་འགྲུབ་པར་འགྱུར་ཏེ། དེས་ནི་ཟླ་དྲུག་རེག་ཡངས་བདེ། །ཆུ་ཉི་ལྟ་བུར་རབ་སྣང་བ། །དྲི་མ་མེད་པ་སྣ་ཚོགས་མདོག །ཞེས་བསྟན་ཅིང་། འདི་རྣམས་ཀྱི་ངེས་པ་ཡང་རྒྱུད་ལས། གཟུགས་བརྙན་མཐོང་བར་རབ་ཏུ་བྱས་ནས་ཉི་མ་སོ་སོའི་དུས་སུ་སྲོག་གི་རླུང་ནི་དགག་པར་བྱ། ཇི་སྲིད་འོད་ཀྱི་འཁོར་ལོ་འཁོར་བས་རང་གི་ལུས་ལ་ཡོངས་སུ་བསྐོར་བ་ངེས་པར་མཐོང་བ་ནས། །ཟླ་བ་དྲུག་གིས་རེག་པ་དམན་ཞིང་མཉམ་པའི་བདེ་བར་དཀའ་ཐུབ་པའི་ལམ་གྱིས་སེམས་ལས་འགྱུར། །ཞེས་གསུངས་སོ། །འབྲས་བུ་ནི། རྣམ་པ་ཀུན་དུ་རང་གི་སེམས། །རང་གི་སེམས་ཉིད་བདེ་བ་ཉིད། །ཞེས་བསྟན་ཏེ། རང་གི་སེམས་དང་ལུས་ཡེ་ཤེས་ཀྱི་གཟུགས་བརྙན་བདེ་བ་ཆེན་པོར་གྲུབ་པ་ཞེས་བྱའོ། །འདི་ནི་རྡོ་རྗེ་ཐེག་པའི་ས་གཉིས་པའི་མིང་ཅན། ཕ་རོལ་ཏུ་ཕྱིན་པར་གསུངས་པའི་རབ་ཏུ་དགའ་བའི་ས་ངེས་པར་ཐོབ་པ་ཡིན་ཏེ། རྒྱུད་ལས། རྗེས་སུ་དྲན་པ་དག་པར་གྱུར་ན་ཡེ་ཤེས་གཟུགས་བརྙན་ལས་ཀྱང་དྲི་མེད་འོད་ཀྱི་དཀྱིལ་འཁོར་རོ། ཞེས་གསུངས་སོ། །དེ་ལྟར་རྗེས་སུ་དྲན་པའི་སྤྱི་དོན་བཤད་ཟིན་ནས། ད་ནི་དེའི་ཡན་ལག་བསྟན་པར་བྱ་སྟེ། འདི་ལ་བརྒྱད་ལས། རྗེས་དྲན་གྱི་གཞི་ཐིག་ལེ་ཡིན་པའི་རྒྱས་བཤད། འཆིང་བྱེད་གསུམ་ལས་ཕྱག་རྒྱ་ཆེན་མོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱས་འཆིང་ཚུལ་རྒྱས་བཤད། འཆིང་དགོས་པའི་རྒྱུ་མཚན། རྣམ་པར་དབྱེ་བ། དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་པའི་ཚུལ། ཐེག་པ་དམན་པས་མི་ཤེས་པའི་རྒྱུ་མཚན་ནོ། དང་པོ་ནི་དཔལ་ཕྱག་ན་རྡོ་རྗེས་འཛིན་པའི་མཐར་ཙན་དྷ་ལིའི་སྦྱོར་བ་བསྒོམ་པ་འདི་ནི་ངེས་པའོ། །ཞེས་པ་དང་། སློབ་དཔོན་དུས་ཞབས་ཀྱིས་ཀྱང་། དབུ་མའི་རྩ་ལ་གཏུམ་མོ་ནི། །འབར་བར་རྣལ་འབྱོར་པ་ཡིས་མཐོང་། དེ་ཡང་བསམ་སོགས་གནས་སྐབས་ཀྱི། །དབྱེ་བས་རྣམ་པ་བཅུར་འགྱུར་རོ། །ཞེས་སོ། །ཧེ་བཛྭ་ལས་ཀྱང་། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མ་བྲལ་བ་ཡི། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དཀར་ཆག་རྣམ་པར་དག་པ་དང་། དེ་འཆིང་མཁན་རང་གི་དམ་ཚིག་གི་ཕྱག་རྒྱ་ཡང་། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། ཤིན་ཏུ་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། དྲི་དང་རོ་སོགས་མྱ་ངན་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །དེ་ལས་བྱུང་པའི་རྣལ་འབྱོར་པས། །དེ་ཡི་བདེ་བ་ལོངས་སྤྱད་ནས། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱ་ཆེན་པོའི་བདེ་བ་སྟེར། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པ་ལས་ཀྱང་། ལྟེ་བའི་འཁོར་ལོ་ཉིད་གནས་པ། །རྒོད་མའི་མེ་འདྲའི་ངོ་བོ་ནི། །ཕག་མོའི་ཐིག་ལེར་འདོད་པ་ཡིན། ལས་ཀྱི་རླུང་གིས་སྤུར་བ་ཡིན། །གཞོམ་མེད་ཧཾ་གི་རྣམ་པ་ཅན། །བ་མོ་ལྟ་བུར་འཛག་པ་སྟེ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །འདི་ནི་ཧེ་རུ་ཀ་དཔལ་སྟེ། །སྙོམས་པར་འཇུག་པར་ཡང་དག་གནས། །དཔྱིད་དང་ཐིག་ལེ་ཞེས་སུ་གྲགས། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ཐམས་ཅད་ཀྱི་ལུང་དཔག་དུ་མེད་པ་ཡོད་མོད་ཀྱི་ཡི་གེ་མངས་ཀྱིས་དོགས་པའི་ཕྱིར་མ་བྲིས་སོ། །འདི་གཉིས་བཅིང་བ་གནད་ཆེ་བའི་ཕྱིར། འཆིང་བར་བྱེད་པ་གསུམ་གྱིས་བཅིངས་ནས་སྒོམ་དགོས་པས་འདིར་ཡང་གང་ཟག་ལ་རག་ལས་ཏེ། སྔོན་དུ་སྦྱངས་པ་ཅན་གྱི་གང་ཟག་རབ་ཀྱིས་ནི་སོ་སོར་སྡུད་པའི་ཕྱག་རྒྱ་ཆེན་མོ་ཉིད་ཀྱིས་བཅིངས་པ་ཙམ་གྱིས་ཆོག་ལ། འབྲིང་པོ་ནི་བསམ་གཏན་གྱི་ཡན་ལག་ལ་བརྟེན་ནས། ཀུན་བརྟགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་བཅིངས་དགོས་ཤིང་། །ཐ་མས་ནི་ལས་ཀྱི་ཕྱག་རྒྱས་འཆིང་དགོས་ཏེ། དུས་ཞབས་ཀྱི་ཞལ་སྔ་ནས། རབ་ཀྱིས་དང་པོ་རྟོགས་པ་ཡིན། འབྲིང་གིས་སྲོག་རྩོལ་ལ་སོགས་པས། ཐ་མས་དྲུག་པོ་རིམ་བཞིན་བསྒོམ། །ཞེས་གསུངས་སོ། །དེའི་ཕྱིར་ཕྱག་རྒྱ་ཆེན་མོས་འཆིང་བ་རྩ་བའི་རྒྱུད་དུ་གསུངས་པ་ནི། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དུ། །སྣ་རྩེ་དེ་ཡི་ཕྱོགས་སུ་ཡང་། །གང་དུ་ཡིད་ནི་རབ་གཏད་པས། །མཚན་མའི་མཐར་ནི་རི་མོ་གང་། །རྒྱུ་དང་མི་རྒྱུའི་གཟུགས་བརྙན་ནོ། །དེ་ནས་བསམ་གཏན་སོགས་རྣལ་འབྱོར། །མ་ལུས་པ་ནི་བསྒོམ་པར་བྱ། །ཞེས་པ་དང་། བསྡུས་པའི་རྒྱུད་ཉིད་དུ། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པའི་ཡིད་ཀྱང་ནམ་མཁའ་ལ་ནི་མེ་ལོང་ནང་གི་གཟུགས་བཞིན་དུ། །འཇིག་རྟེན་གསུམ་པོ་སྣང་བར་འགྱུར་ཞིང་གློག་གི་མེ་དང་འདྲ་བ་འོད་ཟེར་དུ་མ་འཕྲོ་བར་འགྱུར། །ཕྱི་དང་ལུས་དག་ཐ་མི་དད་ཅིང་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ཞིག་ནམ་མཁར་གནས། །སེམས་དང་སེམས་ལས་བྱུང་བའི་རང་བཞིན་འཁྱུད་པར་བྱེད་ལ་འགྲོ་བའི་རང་བཞིན་དུ་མར་དེར་ཅིག་གོ །འདིར་ནི་རྙོག་པའི་སེམས་དང་བཅས་པ་ལས་ཀྱི་ཕྱག་རྒྱ་དང་ནི་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤངས། །ཡང་དག་རྫོགས་པའི་བྱང་ཆུབ་དོན་དུ་རྒྱལ་བ་མཆོག་རྣམས་བསྐྱེད་པའི་ཕྱག་རྒྱ་བཟང་མོ་བསྒོམ་པར་བྱ། །ཞེས་གསུངས་པས། སྒྱུ་མ་ལྟ་བུའི་རྗེས་སུ་མཐུན་པ་གཟུགས་བརྙན་ལྟ་བུའི་སྣང་བ་ལ་བརྟེན་ནས་སྒོམས་པས་བསམ་གཏན་རྫོགས་པ་དང་འཇིག་རྟེན་གསུམ་པོ་ཐམས་ཅད་དེ་ལྟར་སྣང་བར་འགྱུར་ཞིང་། ཕྱི་འཇིག་རྟེན་གྱི་ཁམས་དང་ནང་གི་ལུས་སྟོང་པ་ཉིད་ཀྱི་གཟུགས་བརྙན་དང་ཐ་མི་དད་པར་དོན་དང་དོན་གྱི་ཁྱད་པར་མཐོང་པའི་སེམས་དང་སེམས་ལས་བྱུང་བ་དང་བཅས་པའི་འགྲོ་བའི་རང་བཞིན་སྣང་སྟོང་དབྱེར་མེད་འདི་ལྟར་གཅིག་པའི་ཕྱིར། སྣང་བ་དང་སྟོང་པ་དབྱེ་བ་མེད་པ་འདི་ནི་ཕྱག་རྒྱ་ཆེན་པོ་སྟེ་ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པའི་སེམས་ནི་རྙོག་མ་ཅན་ཏེ་དྲི་མ་ཡིན་པས་ཕྱི་ལས་ཀྱི་ཕྱག་རྒྱ་དང་གཞན་ཀུན་བརྟགས་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་མར་འཛིན་པ་སྤངས་ནས་ཕྱག་རྒྱ་ཆེན་པོ་འདི་བསྒོམས་པས་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་གཞོམ་པའི་དོན་དུ་བསྒོམ་པར་བྱའོ། །དེས་ན་འདི་ཡི་རང་གི་མཚན་ཉིད་གསུངས་པ། གོས་མེད་འགྱུར་མེད་ནམ་མཁའ་དང་མཚུངས་མུན་པ་འཇོམས་ཤིང་ཁྱབ་བྱེད་རྣལ་འབྱོར་པ་ཡིས་རྟོགས་བྱ་བ། །ཕུང་པོ་ལ་གནས་ཡེ་ཤེས་འོད་ཟེར་སྲིད་པའི་རྙོག་པ་འཇོམས་པ་དུས་ཀྱི་འཁོར་ལོ་རྗེས་སུ་མཐུན་པའོ། །ཞེས་གསུངས་ཏེ། སྒྲིབ་པས་གོས་པ་མེད་པ་མི་འགྱུར་བ་ནམ་མཁའ་དང་མཚུངས་པ་གཏི་མུག་གི་མུན་པ་འཇོམས་ཤིང་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཞི་ལྷག་གི་རྣལ་འབྱོར་གྱིས་རྟོགས་པར་བྱ་བ་ཡེ་ཤེས་ཀྱི་ཕུང་པོའི་འོད་ཟེར་སྲིད་པ་གསུམ་གྱི་འཁྲུལ་པ་འཇོམས་པའི་དུས་ཀྱི་འཁོར་ལོ། འབྲས་བུའི་རྗེས་སུ་མཐུན་པ་འདི་ནི་ཕྱག་རྒྱ་ཆེན་མོས་ཏེ། འདིས་ས་ལམ་དང་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཏེ་འདི་ཡི་ངེས་པ་ཡང་རྒྱུད་ལས། སྟོང་པ་ལས་འོང་གང་གིས་བདེ་བའི་སྐད་ཅིག་དེས་ནི་སྟོབས་བཅུ་པ་ཡི་ས་ལ་འགྲོ་བར་འགྱུར། །བདེ་ལས་བདེ་བའི་རྗེས་སུ་ཆགས་པ་འདིར་ནི་ལྷན་སྐྱེས་སྐད་ཅིག་ལས་ནི་གཞན་གྱིས་རྗེས་ཆགས་མིན། །ཕུང་པོ་གང་ཞིག་དེ་ཡིས་བསྐྱེད་ལ་སླར་ཡང་བསྐྱེད་པ་པོ་ནི་དེ་ཡི་བདེ་བའི་སྐད་ཅིག་འདི། །དག་པ་ལས་ནི་ཆོས་ལ་དེ་ལས་གཞན་པ་སླར་ཡང་དེ་ལས་གཞན་ཏེ་དག་པའོ། །ཞེས་གསུངས་ཤིང་། མཆོག་ཏུ་མི་འགྱུར་བ་འགྲུབ་པར་རྩ་བའི་རྒྱུད་ཀྱི་ལུང་དང་བཅས་པ་གསུངས་པ། ལས་ཀྱི་ཕྱག་རྒྱ་ཡོངས་སྤངས་ལ། །ཡེ་ཤེས་ཕྱག་རྒྱ་རྣམས་བརྟགས་དོར། །མཆོག་ཏུ་མི་འགྱུར་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱི་ཚིག་གིས་ལས་ཀྱི་ཕྱག་རྒྱའི་བདེ་བ་ལ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བར་མི་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བརྟགས་ནས་བསྒོམ་པའི་ཤེས་རབ་ཀྱི་བདེ་བ་ནི། ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བར་མི་འགྱུར་ཏེ། རྣམ་རྟོག་མ་སྤངས་པའི་བླ་མ་དམ་པ་མ་ཡིན་པའི་གདམས་པ་དེ་དག་གིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉམས་པ་ཕྱུགས་ཉིད་དུ་བྱེད་པ་ལས་སངས་རྒྱས་ཉིད་མེད་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མེད་པས་སོ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མ་རྟོགས་པས་རྣལ་འབྱོར་པ་རྣམས་བླ་མ་དམ་པ་མ་ཡིན་པའི་ལམ་སྤངས་པ་རབ་དུ་བརྗོད་པར་ནུས་པ་ནི་མ་ཡིན་ནོ། །ལམ་ཡང་། བཞི་པ་དེ་ཡང་དེ་བཞིན་ནོ། །དེ་ལྟར་དབང་བཞི་པ་མ་རྟོགས་པར་དབང་ཐམས་ཅད་དོན་མེད་པར་གསལ། ཞེས་སོ། །དེས་ན་འདིར་སྨྲས་པ། ཕྱག་རྒྱ་ཆེན་མོ་ཞེས་བྱ་བ། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ནོ། །རྒྱུ་མཐུན་བདེ་བ་སྐྱེད་པར་བྱེད། །འབྲས་བུ་མི་འགྱུར་ཡེ་ཤེས་བདེ། །བླ་མའི་བྱིན་བརླབས་རིམ་པ་ཡིས། །སྒོ་ལྔའི་གཟུང་འཛིན་བཅད་པ་གང་། །སོ་སོར་སྤོང་བར་གྱུར་པ་སྟེ། །མཐའ་གཉིས་སྤངས་པའི་ཤེས་རབ་ཀྱིས། །རྟོག་དཔྱོད་དགའ་བདེ་རྩེ་ཅིག་པར། །མི་གཡོ་གྱུར་པ་བསམ་གཏན་ནོ། །ནམ་མཁར་རྣམ་ཤེས་ཅི་ཡང་མེད། །འདུ་ཤེས་ཡོད་མིན་མེད་མིན་གྱི། །གཟུགས་མེད་ང་རྒྱལ་ཏིང་འཛིན་ནི། །ཡེ་ཤེས་སྣང་བས་འཇོམས་པར་བྱེད། །གཡོ་མེད་བསམ་གཏན་མངོན་ཤེས་ལྔའི། །གཟུགས་སྣང་རགས་པའི་མཚན་མ་ནི། །སྐྱེ་འགག་མེད་ཅིང་རབ་ཞི་བའི། །ཤེས་རབ་ཀྱིས་ནི་བཅད་པའི་ཕྱིར། །བསམ་གཏན་བཞི་ཡི་སྐྱོན་རྣམས་བཅོམ། །ལུས་དང་ལོངས་སྤྱོད་འཕོ་བདེ་ལ། །ཆགས་མེད་སྔོན་དུ་སོང་བ་ཡིས། །འདོད་ཁམས་སྐྱོན་རྣམས་བཅོམ་པའི་ཕྱིར། །སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། །རྟོགས་པས་འདིར་ནི་བསྡུས་པ་ཡིན། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་མོ་བཅིང་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིང་པའི་བཤད་པ་ནི། སྲོག་རྩོལ་གྱི་སྦྱོར་བ་ལ་བརྟེན་ནས་གཏུམ་མོ་འབར་བའི་ནུས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་དུང་ཅན་དུ་དགག་ཅིང་རྒྱུ་མཐུན་པ་བརྟན་པར་བྱ་བའི་ཕྱིར་སྣ་ཚོགས་ཡུམ་ལ་སོགས་པའི་བརྟགས་པ་བསྒོམ་པའི་སྦྱོར་བས་བརྟན་པར་བྱེད་དེ། རྩ་བའི་རྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་པས་ཧཾ་ལས་རི་བོང་འཛག །ས་བོན་ཆོས་ཅན་བདུད་རྩི་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པ་སྟེ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཐིག་ལེའི་རྣལ་འབྱོར་ཞེས་ནི་བཤད། །ཆ་མེད་དྲངས་ལས་འདས་པ་ནི། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །རྒྱུ་མཐུན་ལ་སོགས་སྟེང་དུ་སོང་། །ཕྲ་མོའི་རྣལ་འབྱོར་ཞེས་སུ་བརྗོད། །དུང་ཅན་མ་ཡི་ཕྱག་རྒྱ་ཆེ། །འདི་ནི་གཏུམ་མོར་རབ་དུ་བརྗོད། །ལྟེ་བའི་སྟེང་དུ་གཡུང་མོ་ནི། ཀུན་དྷར་མ་ཡི་སྣ་རྩེ་རུ། །འོད་ཟེར་ལྔ་ཡི་རང་བཞིན་དབུགས། །དཀྱིལ་འཁོར་ལྔ་ནི་འབབ་པ་ཡི། །སྣ་ཡི་རྩེ་མོར་ཉུངས་དཀར་ཞེས། །སྲོག་རྩོལ་རྒྱུ་བ་རུ་ནི་དྲན། །སྲིད་པ་གསུམ་པོ་ཡོངས་ཤེས་པས། །ཁམས་གསུམ་དག་ནི་མ་ལུས་པའི། །སྲོག་ནི་བཀག་པ་དེ་ཡིས་ཀྱང་། །རྒྱུ་དང་མི་རྒྱུ་ཉུངས་དཀར་མའོ། །ཞེས་སོ། །འདིས་འཛག་མེད་དུ་གྱུར་ན་ཡོན་ཏན་ནི། བསྡུས་པའི་རྒྱུད་ལས་གང་གི་དབུགས་རྣམས་བཅོམ་ནས་རྒྱལ་བའི་ལུས་སུ་ཞུགས་པར་གྱུར་པ་དེ་ཉིད་དུས་ཀྱི་འཁོར་ལོའོ། །དབུགས་རྣམས་ཆད་པའི་མཐར་ནི་གསུམ་དུ་འགྲོ་བ་འདིའི་རྣམ་པ་དྲུག་པ་ཡོད་པ་མ་ཡིན་ནོ། །ཀུན་ནས་ཐིག་ལེ་བསྡམས་པས་ཁྱབ་བདག་མཆོག་གི་བདེ་བ་འཕེལ་བ་དཔག་དུ་མེད་པའི་དུས་སུའོ། །འཁོར་བའི་བདེ་བ་སྤངས་ཏེ་བླ་མ་མཆོག་གི་ཞལ་ནས་རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །མཆོག་ཏུ་མི་འགྱུར་བར་གྲུབ་པར་ཡང་། དེ་བཞིན་དུ་མི་རྟག་པ་བསྒོམ་པར་བྱས་པའི་དབང་གིས་བྱང་ཆུབ་ཀྱི་སེམས་གནས་སྐབས་གཞན་དུ་འགྱུར་ཏེ། ཆུང་ངུ་དང་། བར་མ་དང་། མཆོག་དང་། ཤིན་ཏུ་མཆོག་གི་དབྱེ་བའི་དུགས་དང་དགོད་པའི་སྦྱོར་བས་འཆིང་བྱེད་བྱང་ཆུབ་ཀྱི་སེམས་འཆིང་པའོ། །དེ་ལ་མི་རྟག་པའི་གཟུགས་བརྙན་བསྒོམས་པའི་སྟོབས་དང་། ས་ལ་སོགས་པའི་དངོས་སུ་ཟད་པར་བྱེད་པ་དང་ཤེས་རབ་ལ་ཆགས་པ་བྲལ་བ་ཞེས་ཇི་ལྟར་དུགས་དང་དགོད་པའི་སྦྱོར་བས་ཀྱང་། ལྕགས་ཀྱིས་དངུལ་ཆུའི་གཟའ་བ་ཟོ ས་པས་དུས་གཞན་གྱི་དབང་གིས་གནས་སྐབས་གཞན་དུ་སྟོབས་འགྱུར་ཏེ། དེ་བཞིན་དུ་མི་རྟག་པའི་སྐྱེས་བུ་བསྒོམ་པ་དང་། ས་ལ་སོགས་པ་ཡི་ཟད་པར་བསྒོམས་པས་བེམ་པོའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་གནས་སྐབས་གཞན་དུ་འགྱུར་ཏེ། གནས་སྐབས་གཞན་གྱི་མིང་གི་ས་ཐོབ་པའོ། །ཞེས་གསུངས་ཤིང་། དེ་བཞིན་དུ་དཔལ་རྡོ་རྗེ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། སྒྱུ་མ་ལྟ་བུའི་དངོས་དག་ནི། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ། །བདེ་བ་ཡོངས་སུ་གྱུར་བཞིན་པས། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་བ། །ཅི་ཡི་ཕྱིར་ནས་འདོད་མི་བྱ། །བརྟན་གཡོའི་དངོས་པོ་ཡོད་མིན་ཏེ། །འོན་ཀྱང་སྣང་ཙམ་མཚན་ཉིད་དེ། །བསྒོམ་པས་ཁྱད་པར་ཅན་འགའ་ཞིག །གོམས་པའི་སྟོབས་ཀྱི་རྫོགས་པས་ན། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསང་བ་བློ་ཡི་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཞིག་འགོག །དེ་བས་འབད་པ་ཐམས་ཅད་ཀྱིས། །ཀུན་ཏུ་འགྲོ་བ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཤིང་། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ནི་བརྟན་འགྱུར་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་བས། །ཤིན་དུ་འགོག་པར་འགྲོ་བར་འགྱུར། དེས་ན་ལུས་དང་ངག་སེམས་རྣམས། །བརྟན་པར་བྱས་ན་བྱང་ཆུབ་འཐོབ། །ཞེས་གསུངས་སྟེ། བདེན་པས་སྟོང་བའི་སྣང་བ་ཙམ་ལ་སེམས་རབ་ཏུ་བརྟན་པའི་བདེ་བ་ཆེན་པོའི་རྒྱུན་གྱིས་བར་ཆད་མེད་ཅིང་འབྲས་བུ་འགྲུབ་པའི་ངེས་པ་རང་བཞིན་གྱི་གཏན་ཚིགས་ཀྱིས་གསུངས་པ་ཡིན་ནོ། །ཧེ་བཛྭ་ལས་ཀྱང་། ལྷ་ཡི་རྣལ་འབྱོར་ལས་བདེ་བ། སངས་རྒྱས་དེ་ཉིད་དངོས་པོའང་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ཞེས་གསུངས་སོ། དེ་བཞིན་དུ་རྒྱུད་ཐམས་ཅད་ལས་རྒྱ་ཆེར་གསུངས་པ་ཡིད་ལས་སྐྱེས་པའི་བསྒོམ་པ་ཀུན་བརྟགས་ཡེ་ཤེས་ཀྱི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་འཆིང་བའི་སྦྱོར་བས་འཛག་པ་མེད་པའི་ཐབས་སུ་གསུངས་སོ། །འདིར་སྨྲས་པ། ཇི་སྲིད་འདྲེས་པའི་རྣམ་རྟོག་གིས། དོན་གསལ་སྣང་བ་ཡོད་མ་ཡིན། །དེ་ཕྱིར་རྟོག་པས་བསླད་པ་ཡིན། །རྣམ་རྟོག་བསྒོམ་པ་དོན་མེད་དོ། །བློ་ཡི་གསལ་སྣང་མངོན་སུམ་བཞིན། །གསལ་ལ་རྟོག་པས་མ་འདྲེས་གང་། གོམས་ལས་ཁྱད་པར་གྱུར་པའི་ཕྱིར། །དེ་ཡི་ཉམས་མྱོང་རང་རིག་པ། །ལྷ་མོའི་གསལ་སྣང་བདེ་མྱོང་རྒྱུ། །ཡེ་ཤེས་ཕྱག་རྒྱ་ཞེས་བརྗོད་དོ། །རྟོག་མེད་མངོན་སུམ་ལམ་འདི་ལ། །རྗེས་དཔག་འཁྲུལ་པ་མི་འཇུག་སྟེ། །བློ་ཡི་ཉམས་མྱོང་བྱ་གཞན་མེད། དེ་ཡིས་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་རིག་གསལ། །རྨོངས་རྣམས་ཚུལ་འ དི་མ་རྟོགས་པས། །དོན་མྱོང་ཤེས་དང་དོན་མེད་པའི། །འཁྲུལ་རྟོག་བསྲེས་ནས་འཛིན་པ་གང་། །ཡང་དག་ཤེས་ལས་ཤིན་ཏུ་རིང་། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་གསལ་ལ་རྟོག་པ་མེད་པ་དང་། རྟོག་པ་དང་བཅས་པ་རྣམ་པར་དབྱེ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ལས་ཀྱི་ཕྱག་རྒྱ་ཡིས་ཇི་ལྟར་འཆིང་པ་བཤད་པར་བྱ་སྟེ། འདི་ལ་ཡང་གསུམ་ལས། ངེས་པ་དང་། བདག་བྱིན་གྱིས་བརླབ་པའི་རིམ་པ་ཐབས་ལྡན་དང་། དཀྱིལ་འཁོར་ཚོགས་ཀྱི་བསྒྲུབ་པ་གཞན་ལུས་ལ་བརྟེན་པའོ། དང་པོ་ནི་ཕྱག་རྒྱ་ཆེན་མོས་བཅིང་པ་ཐུབ་ན་འདི་ལྟར་སྒྲུབ་དགོས་པར་རྒྱུད་ལས། གལ་ཏེ་སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་སྔགས་པ་ངེས་པར་འདོད་པའི་དངོས་གྲུབ་མ་གྱུར་ན། །མི་ཤིགས་པ་ལ་གོམས་ནས་སྟོབས་ཀྱི་ཆུ་སྐྱེས་ནོར་བུར་སོན་པའི་ཐིག་ལེ་དགག་པ་སྒྲུབ། །ཞེས་གསུངས་སོ། །གཉིས་པ་ནི། ཧེ་བཛྭ་ལས། བྷོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །འདི་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཞེས་པ་དང་། བསྡུས་པའི་རྒྱུད་ལས་ཀྱང་། དབུ་མར་འཇུག་པ་གཡས་དང་གཡོན་ནས་རྒྱུ་བའི་ཉི་མ་ཟླ་བར་བཅས་པ་བསྡམ་པར་བྱ། །སེམས་ནི་ཕྱག་རྒྱར་རབ་ཏུ་ཞུགས་པས་མཆོག་གི་བདེ་བར་སོན་པ་དང་ནི་རྡོ་རྗེ་བསླང་པ་དང་། །པད་མར་རྡོ་རྗེའི་སྒྲའམ་རང་གི་ལག་པས་པད་མས་བཅིང་པ་ཡང་ནི་བདེ་བའི་དོན་དུའོ། །ས་བོན་མ་ལྷུང་བདེ་བར་བཅས་པས་འཆིང་བའི་འཇིགས་པ་འཇོམས་པ་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས། རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུས་ནི་ཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་ལྤགས་པ་འཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་བཅིང་པའི་རིམ་པ་དང་བཅས་པ་གསུངས་ཏེ། དགུག་པ་དང་། བཞུག་པ་དང་བཅིང་པ་དང་བརྟན་པར་བྱ་བ་རྡོ་རྗེ་འཆང་ཆེན་པོ་ལས་རིམ་པར་བརྒྱུད་པའི་གདམས་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་ཚོགས་སྒྲུབ་པ་ལ་བཞི་སྟེ། ཕྱག་རྒྱའི་མཚན་ཉིད་དང་། རིགས་ཀྱི་རྒྱས་གདབ་དང་མི་ལྡན་ན་དངོས་གྲུབ་མི་འབྱུང་བའི་དོན་དང་། བསྟེན་པའི་ཚུལ་དང་། ཤིན་དུ་གསང་བར་བསྟན་པའོ། །དང་པོ་ནི་རྒྱུད་ཐམས་ཅད་ལས། དཔག་དུ་མེད་པ་གསུངས་ཀྱང་། མདོར་བསྡུས་ནས་འདི་ཉིད་དུ། ཐོག་མར་བུད་མེད་གསང་བའི་ཕྱག་རྒྱར་འགྱུར་ལ། །དཔལ་ལྡན་སྐྱེས་པ་དམ་ཚིག་ཕྱག་རྒྱ་བཟང་མོའོ། །རོལ་པའི་ཆ་ཡིས་ལས་ཀྱི་ཕྱག་རྒྱར་འགྱུར་ལ་དབང་པོ་གཉིས་མཉམ་བདེ་བ་ཆོས་ཀྱི་ཕྱག་རྒྱའོ། །ཞེས་ཕྱག་རྒྱའི་དབྱེ་བ་སྤྱིར་གསུངས་ནས། བྱེ་བྲག་དུ་ཕོ་ཉ་མོ་ལྔ་ནི། ཕོ་ཉ་མོ་ནི་རིགས་ནི་རྣམ་པ་ལྔ་ལས་ལུས་དང་པད་མར་གཏོགས་པའི་དྲི་ནི་རྣམ་པ་ལྔ། གླ་རྩི་པད་མ་ལྕི་བ་རྣམས་དང་རང་བཞིན་ཡོན་ཏན་དབང་གིས་ཤ་དང་རྣག་གི་དྲི་རྣམས་སོ། དཔལ་ལྡན་བཟང་མོ་པད་མ་ཅན་དང་དུང་ཅན་མ་དང་སྣ་ཚོགས་མ་དང་གླང་ཆེན་མ་རྣམས་སོ། །དཔལ་ལྡན་སྒྲོལ་མ་གོས་དཀར་མ་དང་རིགས་ཀྱི་དབང་གིས་མ་མ་ཀི་དང་སྤྱན་མ་རྣམས་སུ་འགྱུར། །ཞེས་རིགས་ལྔའི་དབྱེ་བས་མིང་དང་དྲིའི་ཁྱད་པར་མདོར་བསྟན་པའོ། །དེ་བཞིན་དུ་ཐབས་ཀྱི་རིགས་ལྔ་ཡང་གསུངས་པ། རྣལ་འབྱོར་པ་ནི་སེང་གེ་རི་དྭགས་རྟ་དང་གླང་དང་གླང་པོ་ཆེ་རྣམས་རིགས་ཀྱི་དབྱེ་བས་འགྱུར། །མི་སྐྱོད་པ་དང་དོན་ཡོད་གྲུབ་པ་དྲི་མེད་ནོར་བུའི་ཕྱག་དང་པད་མའི་ཕྱག་ཅན་འཁོར་ལོ་ཅན། །ཞེས་མདོར་བསྟན་པ་ཙམ་གསུངས་ཏེ། མཚན་ཉིད་རྒྱས་པར་བཤད་པ་དང་རིགས་སུམ་ཅུ་སོ་དྲུག་གི་དབྱེ་བ་ལ་སོགས་པ་དང་བསྟེན་དུ་རུང་པ་དང་མི་རུང་པའི་རྣམ་པར་དབྱེ་བ་དང་བྱང་ཆུབ་ཀྱི་སེམས་བསྒྲུབས་པ་དང་། ལོའི་གྲངས་ཀྱིས་ཡོན་ཏན་ཀྱི་རིགས་རྣམ་པར་དབྱེ་བ་དང་ལས་དང་པོ་པ་དང་། དབང་བསྐུར་བ་དང་རྗེས་སུ་དྲན་པའི་གནས་སྐབས་སུ་བསྒོམ་པའི་དབྱེ་བ་རྣམས་རྒྱུད་འགྲེལ་ལས་ཤིན་དུ་རྒྱས་པར་གསུངས་ཤིང་། དེ་བཞིན་དུ་སྤྱན་རས་གཟིགས་ཀྱིས་དཔལ་དོན་དམ་བསྙེན་པ་ལས་གསུངས་པ་རྣམས་འདིར་མ་བྲིས་པས་ཤེས་པར་འདོད་པ་རྣམས་དེ་དག་དུ་ལྟོས་ཤིག དེ་ལྟར་ཤེས་པ་ལས་རིགས་ཀྱི་རྒྱས་གདབ་དང་མི་ལྡན་ན་དངོས་གྲུབ་མི་འབྱུང་ཞིང་སྐྱོན་སྣ་ཚོགས་འབྱུང་ངོ་ཞེས། ཧེ་བཛྭ་ལས། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་བསྒྲུབ་པ་པོའང་མེད། །ཞེས་གསུངས་པས། ལུས་སེམས་ཀྱིས་ཕན་ཚུན་རྒྱས་གདབ་དང་། རྒྱུ་འབྲས་ཀྱི་རྒྱས་གདབ་དང་། ནམ་མཁའ་ཡེ་ཤེས་ཀྱི་རྒྱས་གདབ་དང་། །དྲུག་གིས་ཕྱི་དང་ནང་དང་གཞན་ཐམས་ཅད་ལ་རྒྱས་བཏབ་པ་དངོས་གྲུབ་དུ་འགྱུར་ཏེ། མིང་དང་སྔགས་ཀྱི་རང་བཞིན་ཡང་དེ་ལྟར་རོ། དེ་ཡང་འགྲེལ་ཆེན་ལས། གཞན་གྱི་རིགས་ལ་འཁྱུད་པ་བྱ་བ་གྲུབ་པར་བརྗོད་ཀྱི་རང་གི་རིགས་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །ཇི་ལྟར་བསྟེན་པའི་ཚུལ་ཡང་། རྩ་རྒྱུད་ལས། བཅུ་དྲུག་ལོ་ལོན་རིགས་ལྡན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ནི། །དང་པོར་ཡང་དག་སྦྱང་བྱས་ནས། །དབང་བསྐུར་ནས་ནི་སྒྲུབ་པ་ཙམ། །སྐུ་གསུང་ཐུགས་དང་ཡེ་ཤེས་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱཧཱ་གསང་བ་གཙུག་ཏོར་དུའོ། །དེ་ནས་པད་མ་རྣམ་པར་སྦྱང་། །ཨ་ཡིས་པད་མ་འདབ་བརྒྱད་ལ། །ཧཱུྃ་ཡིག་གིས་ནི་རྡོ་རྗེ་བཅས། །དེ་ལྟར་རྡོ་རྗེ་པད་མ་ནི། ཤེས་རབ་ལ་ནི་དབབ་ཕྱིར་རོ། །ཧཱུྃ་ལས་རང་གི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། །དེ་དབུས་པད་མ་འདབ་བརྒྱད་པ། །ཡི་གེ་ཨ་ལས་བྱུང་པ་བསྒོམ། །དེ་ལྟར་པད་མ་རྡོ་རྗེར་བཅས། །བྱས་པ་པད་མར་རབ་དུ་གཞུག དེ་ནས་རྣལ་འབྱོར་ཧཱུྃ་ཕཊ་བྱ། །རྡོ་རྗེ་འཛིན་པའི་ང་རྒྱལ་གཟུང་། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་དོར་མི་བྱ། །ཁམས་གསུམ་མ་ལུས་པ་རྣམས་ནི། །སངས་རྒྱས་སྐུར་ནི་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་དུའོ། །དེ་བཞིན་དུ་རྒྱུད་ཐམས་ཅད་དུ་གསུངས་མོད་ཀྱི་འདིར་མ་བྲིས་སོ། །ཤིན་དུ་གསང་བའི་ཚུལ་ནི། དཔལ་འཁོར་ལོ་སྡོམ་པ་ལས། ལས་ཀྱི་ཕྱག་རྒྱ་ཉམས་དགའ་བ། །དེ་ནི་བྱིས་པའི་སྐྱེ་བོ་དང་། ལྷན་ཅིག་སྨྲ་ཞིང་སྒྲུབ་མི་བྱ། བྱས་ན་དམ་ཚིག་ཉམས་པར་འགྱུར། །ཞེས་གསུངས་ཤིང་། དམ་ཚིག་ཉམས་ན་སྐྱོན་ཅིར་གྱུར་ཞེ་ན། ཧེ་བཛྭ་ལས། མ་གསངས་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡི་སྡུག་བསྔལ་བསྐྱེད། ཞེས་པ་ལ་སོགས་པ་རྒྱུད་གཞན་རྣམས་ནས་ཀྱང་གསུངས་པས་གོ་བར་བྱའོ། །ད་ནི་དེ་ལྟར་ཕྱག་རྒྱ་གསུམ་གྱིས་འཆིང་དགོས་པའི་རྒྱུ་མཚན་བཤད་པ། མཆོག་དུ་མི་འགྱུར་བའི་དབང་བཞི་པ་དང་། ཤེས་རབ་ཀྱི་ཡེ་ཤེས་རྟོགས་པ་ལས། སངས་རྒྱས་སུ་འགྱུར་བའི་ཕྱིར་ཕྱག་རྒྱ་ཆེན་པོར་གསུངས་ཏེ། དྲི་མ་མེད་པའི་འོད་ལས། མཆོག་དུ་མི་འགྱུར་བཞི་པ་དང་། དེ་བཞིན་ཤེས་རབ་ཡེ་ཤེས་གང་། །སངས་རྒྱས་དེ་ཡང་དེ་བཞིན་འདིར། །ཕྱག་རྒྱ་ཆེན་པོར་རྒྱལ་བས་གསུངས། །ཞེས་གསུངས་ཤིང་། འདི་ཡང་ནང་དམ་ཚིག་གི་ཕྱག་རྒྱ་ཉི་མ་དང་ཟླ་བ་གཉིས་པོ་ཐོག་མར་དུས་ཀྱི་མེའི་ར་ཧུས་བཟུང་ནས་གཡོ་བ་མེད་པ་མ་ཐོབ་ཀྱི་བར་དུ་ཡང་དག་པའི་ལམ་དུ་མི་འགྱུར་ཏེ། འཁོར་བའི་བདེ་བ་འཛག་པ་དང་བཅས་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་ལ། ཉན་རང་ལྟ་བུའི་མྱ་ངན་ལས་འདས་པ་བསྒྲུབས་ཀྱང་། ཏིང་ངེ་འཛིན་གྱིས་ཁམས་གསུམ་དུ་ལུས་སྐྱེ་བ་བཀག་པའི་གཉིད་འཐུག་པོ་དང་འདྲ་སྟེ། དེས་ཀྱང་སྲིད་ཞི་གཉིས་ལས་མི་གནས་པའི་སངས་རྒྱས་ཀྱི་བདེ་བ་མི་འཐོབ་བོ། །དེའི་ངེས་པ་གསུངས་པ། དཔྱིད་ཀྱི་དུས་སུ་འཕྲད་པའི་མྱུ་གུ་ནི། །ལྷུང་གྱུར་ཨ་སྨྲའི་འབྲས་བུ་ཅི་ཕྱིར་འབྱུང་། །ཤེས་རབ་གསུངས་པས་གང་གི་ཁུ་བ་འཛག །འདིར་ནི་དེ་ཡི་བདེ་བ་གང་གིས་འཕེལ། །གང་གིས་འཛག་པ་མེད་པ་མ་ཐོབ་པ། །དེ་འཛག་བདེ་བ་འདོད་པ་སྡུག་བསྔལ་ཡིན། །འཁོར་བའི་བདེ་བ་མི་རྟག་པ། །འདོད་པ་མ་ཐོབ་རྨོངས་ཆེན་པོ། །མཁས་པས་མཐར་ཕྱིར་སྤང་བྱང་ལ། །ཡང་དག་རྒྱལ་བའི་དེ་བསྟེན་ནོ། །ཞེས་གསུངས་སོ། །ཡང་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་རྣམས། འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་འཛག་མེད་ཡིན་ནོ་སྙམ་ན་མ་ཡིན་ཏེ། གསུངས་པ། རི་དྭགས་རྒྱལ་པོ་རི་དྭགས་ཟས་ཟ་བ། །ལོ་གཅིག་ནང་དུ་གལ་ཏེ་འཁྲིག་པ་སྤྱོད། །གསེག་མ་ཕྲ་མོ་ཟས་སུ་ཟ་བ་ཡི། །ཕུག་རོན་རྟག་ཏུ་འདོད་པ་སྤྱོད་པ་སྟེ། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །རེས་འགའ་རྟག་ཏུ་ཁུ་འཛག་གང་ཇི་བཞིན། །དེ་བཞིན་འདོད་ལྡན་དང་ནི་དཀའ་ཐུབ་པ། །སད་དང་རྨི་ལམ་ན་ནི་འཛག་པའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ལས། དེ་ལྟར་རྣམ་པ་བཞིའི་སེམས་དང་རྣམ་གསུམ་བཅོམ་ལྡན་འདས་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་ནང་དུའོ། །མཉམ་པའི་བདེ་བའི་འབྲས་བུ་སྟེར་བ་ཁྱབ་བྱེད་རྣལ་འབྱོར་དབང་ཕྱུག་གིས་ནི་ཐར་པའི་རྒྱུར་སྲུང་བྱ། ཐིག་ལེ་ཤོར་ན་སུ་ཞིག་གྲོལ་བ་རྣལ་འབྱོར་མཆོག་གི་བདེ་བ་བྲལ་ཞིང་སྐྱེ་བའི་ས་བོན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་འཆིང་བ་མི་འཐད་དོ་ཞེ་ན། སྲོག་རྩོལ་ལ་སོགས་པའི་ཐབས་ཀྱིས་ཡང་དག་པར་བཅིངས་པས་འཛག་པའི་ཆགས་པ་དང་བྲལ་ནས་ཆགས་པ་མེད་པའི་བདེ་བ་འགྲུབ་པའི་རྒྱུ་མཚན་གསུངས་པ། ཇི་ལྟར་རྡོ་སོགས་སྐུད་པ་ལས་བྱས་གོས། །དེ་ཉིད་མེས་བསྲེགས་དག་པར་འགྱུར་བ་ལྟར། །དེ་བཞིན་སྐྱེས་བུའི་ཤེས་རབ་ཡེ་ཤེས་མེས། །དེ་ཉིད་ཀྱིས་ནི་དག་པར་འགྱུར་བ་ཡིན། །ཞེས་གསུངས་པ་དང་། དེ་བཞིན་དུ་རྒྱུད་ལས། དངུལ་ཆུའི་དགྲ་ནི་མེ་ཉིད་ཡིན་ལ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་ཡིན། མ་བཅིངས་པ་ལས་གསེར་མི་ཕྱེད་ལ་གསེར་དང་བྲལ་བས་གསེར་འགྱུར་མཁན་ལ་ལོངས་སྤྱོད་མེད་པ་ཉིད། དེ་བཞིན་བུད་མེད་ལ་ཞུགས་དམན་པས་རྣལ་འབྱོར་པ་ཡིས་སེམས་ནི་རྟག་ཏུ་འཆིང་བར་མི་འགྱུར་རོ། །མ་བཅིངས་པ་ལས་ལུས་ནི་འབིགས་པ་མིན་ལ་འདིར་ནི་ལུས་ཕུག་པ་ལས་ལྷན་སྐྱེས་བདེ་བ་སྟེར། ཞེས་གསུངས་ཏེ། ཇི་ལྟར་དངུལ་ཆུའི་དགྲ་མེ་ཡིན་ཀྱང་། དང་པོར་མེའི་དུགས་ཀྱིས་རྫས་དང་འདྲེས་པར་བྱེད་པ་དང་། བར་དུ་དངུལ་ཆུ་བཀྲམ་པའི་སྦྱོར་བས་སྣུམ་དང་མེ་ལྷན་ཅིག་པས་ལྕགས་རྣམས་ཟ་བར་བྱེད་པ་དང་། ཐ་མར་མེ་དྲག་པོས་བསྐོར་བས་ཐམས་ཅད་འཇུ་ཞིང་གསེར་དུ་བྱེད་པ་བཞིན། ཕྱག་རྒྱ་གསུམ་གྱིས་འཆིང་པ་ཡང་དེ་དང་འདྲ་སྟེ། ཁམས་གསུམ་པའི་དང་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཕྱག་རྒྱ་ཆེན་མོ་ཡིས་བཅིངས་པས་རོ་མཉམ་པར་བྱེད་དེ། ཆོས་ཀྱི་སྐུ་གྲུབ་པའི་རྒྱུ་མཐུན་པའོ །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་བར་པ་སྟེ། ལོངས་སྐུ་འགྲུབ་པའི་རྒྱུ་མཐུན་པའོ། །གསུམ་པ་ལས་ཀྱི་ཕྱག་རྒྱ་ནི་མེ་དྲག་པོ་དང་མཚུངས་ཏེ་འདོད་པའི་ཁམས་ཀྱི་ཁམས་དྲུག་ལྡན་གྱི་ལུས་མཆོག་གི་སྤྲུལ་པ་སྐུའི་སྐྱེས་བུ་ཆེན་པོ་འཁོར་བ་ཇི་སྲིད་དུ་འཇུག་པའི་ལུས་འགྲུབ་པར་བྱེད་པ་འདི་ལ་དགོངས་ནས་འགྲེལ་པར། དངུལ་ཆུ་དང་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པ་བརྟག་པར་དཀའོ་ཞེས་རྒྱ་ཆེར་གསུངས་སོ། དེས་ན་ཕྱག་རྒྱ་བཞིའི་ངེས་པ་ནི་རྒྱུད་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་དོན་གྱི་རྒྱུར་ནི་ཐོག་མར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། དེ་ལས་ཉི་མའི་གཟུགས་ཅན་བདེ་བ་ལུས་ལ་རྐང་པ་གཙུག་ཏོར་དང་ནི་ཡན་ལག་ཐམས་ཅད་འགེངས། །གློག་གི་དབྱུག་པ་དང་མཚུངས་འགྱུར་བ་མེད་པའི་བདེ་བ་སྐྱེད་ཅིང་ཡན་ལག་མཚན་ནི་རབ་ཏུ་རྫོགས། །རྣམ་གསུམ་བཅོམ་ལྡན་འདས་ཀྱི་སྐུར་ནི་རྡོ་རྗེ་སྣང་བ་བྱེད་ཅིང་དེ་ནས་ཆོས་ཀྱི་དབྱིངས་སུ་འགྱུར། ཕྱག་རྒྱ་བཞི་པོ་འདི་རྣམས་འགྱུར་མེད་བདེ་བའི་འབྲས་བུ་སྟེར་བ་རྣལ་འབྱོར་པ་ཡིས་སྒོམ་པར་བྱ། །ཞེས་གསུངས་ཏེ། དེ་ལྟར་འགྱུར་བ་མེད་པའི་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་གསུམ་གྱིས་སྟེར་བར་གསུངས་པ་ལ་ཐེག་པ་ཐུན་མོང་གི་ལམ་ལ་མངོན་པར་དགའ་པ་གང་དག བདེ་བའི་ལམ་ནི་ཆགས་པ་ཡིན་པས་རྣམ་པར་གྲོལ་བར་མི་འགྱུར་རོ་སྙམ་པའི་ཐེ་ཚོམ་དགག་པའི་ཕྱིར་གསུངས་པ། འདོད་ཆགས་གང་གིས་སེམས་ཅན་རྣམས་ནི་འཆིང་བར་འགྱུར་ལ་སྐྱོབ་པ་རྣམས་ནི་དེ་ཡིས་གྲོལ་བར་འགྱུར། །སེམས་ཅན་རྣམས་ནི་གང་ཞིག་ཉི་མ་སོ་སོའི་དུས་སུ་སྲུང་བར་བྱེད་ལ་སྐྱོབ་པས་དེ་དག་སྟེར། །རང་གི་སྙིང་ལ་སོན་པའི་བདེ་བ་སེམས་ཅན་རྣམས་ཀྱིས་གཏོང་བར་བྱེད་ལ་རྒྱལ་བས་སྲུང་བར་མཛད། །དེས་ན་རྒྱལ་བ་མཆོག་གི་སྤྱོད་པ་དེ་དག་ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་བྱ་དཀར་འགྱུར། །ཞེས་པས། འདིར་སངས་རྒྱས་ཉིད་ཀྱི་ལམ་ནི་འཇིག་རྟེན་ཐམས་ཅད་ཀྱིས་དཔག་པར་མི་ནུས་པ་ཉིད་དོ། །གཞན་ཡང་ཐེག་པ་ཐུན་མོང་གི་སྤྱོད་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་བརཏལ་ཤུགས་དང་འགལ་བར་འགྱུར་རོ་སྙམ་དུ་སེམས་ན། འཛག་པ་མེད་པར་བསྒྲུབ་པར་བྱེད་པ་ནི་ཉམས་པར་མི་འགྱུར་ཞིང་ཚངས་པར་སྤྱོད་པ་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། རབ་མཆོག་རྒྱལ་བའི་བདག་པོའི་སྔགས་ཀྱི་མཐུ་ཡིས་གང་ཞིག་རང་ལ་བྱིན་གྱིས་རློབས་པར་བྱེད་པ་ན། །བརཏལ་ཞུགས་ངེས་པར་གནས་པའི་མིའི་ཚངས་པར་སྤྱོད་པ་སུ་ཞིག་དགེ་སློང་དེ་དག་ཉམས་པར་འགྱུར། །དེ་ཡི་བསོད་ནམས་ཡེ་ཤེས་རྫོགས་ནས་མཆོག་དུ་བདེ་བའི་གནས་སུ་སྐྱེ་བ་དེ་ཉིད་ལ་ནི་འགྲོ། །ཉན་ཐོས་རྨོངས་པ་གང་ཞིག་སློབ་དཔོན་ལ་ནི་སྨོད་པར་བྱེད་ཅིང་གསལ་བར་ཡང་ནི་རྒྱལ་བ་ལ། །དེ་ཡི་མནར་མེད་པར་ནི་མྱུར་དུ་འགྲོ་ལ་མཆོག་དུ་འཇིགས་པར་བྱེད་པའི་བགེགས་ཀྱི་མགོན་པོ་གསོད། ཞེས་སོ། །གཞན་ཡང་རྒྱུད་ཐམས་ཅད་ལས་མང་དུ་གསུངས་ཀྱང་འདིར་མ་སྤྲོས་སོ། །ད་ནི་རྗེས་སུ་དྲན་པའི་དབྱེ་བ་བཤད་པར་བྱ་སྟེ། ངོ་བོའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་ཚུལ་གཉིས་རྗེས་སུ་དྲན་པར་འདུས་ཤིང་། རྣམ་པའི་དབྱེ་བས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ལྷ་དང་། གཏོང་བ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་རྣམ་པ་དྲུག་དུ་འདུ་ལ་ས་ལམ་ཡོངས་སུ་རྫོགས་པ་ལ་ལྟོས་ནས་ཕ་རོལ་དུ་ཕྱིན་པ་བཅུའི་རྗེས་དྲན་དང་བཅས་ན་བཅུ་དྲུག་དུ་འགྱུར་རོ། །དེ་ལ་དང་པོ་གཉིས་ནི། འོད་གསལ་བའི་རང་བཞིན་དང་སྒྱུ་མ་ལྟ་བུ་ཞེས་བྱ་སྟེ། བདེ་སྟོང་དབྱེ་བ་མེད་པའི་འཛིན་པ་རབ་ཏུ་བརྟན་ནས་དེ་ལས་ཁམས་གསུམ་པོའི་རྟོག་པ་ཐམས་ཅད་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུ་སྤྲོ་བ་དང་བསྡུ་བ་བསྒོམས་པས། བསྒོམ་པའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་བ་སྟེ། གསང་བ་འདུས་པའི་རྒྱུད་ཕྱིར་མར། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་སྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམས། །ཡུད་ཀྱི་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་གྱིས་བརྟགས་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། རིམ་གྱིས་གཟུགས་ནི་རྫོགས་བྱས་ཏེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས། བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་གཟུགས་སུ་བརྟགས་པ་ཡིས། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོག་ག་ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱས་པ ལས། རྣམ་པའི་མཆོག་ཀུན་ལྡན་པ་དག །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་། །ལྷའི་རྣལ་འབྱོར་རྣམ་པ་གཉིས་སྟོན་ཏེ། གསང་བའི་བདག་པོ་ལྷ་ཡི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོག་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ། །ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་བྱ་བ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར། ཞེས་གསུངས་ཤིང་། དཔལ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པའོ། །འདུགས་མ་ལ་སོགས་རྣལ་འབྱོར་གྱིས། །རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རང་བཞིན་གཟུགས་རྣལ་འབྱོར། །རང་བྱིན་བརླབས་པའི་མཚན་ཉིད་དོ། །བདག་བྱིན་བརླབས་དང་བྲལ་རྣལ་འབྱོར། །སྦུན་སྐོགས་དུམ་བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བྱང་ཆུབ་བླ་ན་མེད་པ་འཐོབ། །ཞེས་གསུངས་སོ། །དེ་ལྟར་མཉམ་རྗེས་གཉིས་ཀྱི་ངོ་བོ་བསྟན་ནས་རྗེས་སུ་དྲན་པ་དྲུག་གི་ངོ་བོ་ནི། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་བྱ་བ་ལ་སོགས་པ་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པ་བཞིན་ཁོ་ན་ཡིན་ཏེ། རྒྱུད་ལས་ཀྱང་། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོའོ། །ཞེས་བྱུང་སྟེ། བྷ་ག་ནི་ནང་གི་འཁོར་ལོ་དྲུག་གི་དབུས་དང་། མཚན་མར་འཛིན་པ་བཅོམ་པའི་ཆོས་ཀྱི་དབྱིངས་ཏེ་ལིང་ག་ནི་ཕྱག་རྒྱ་གསུམ་གྱིས་བཅིངས་པའི་འཛག་པ་མེད་པའི་བདེ་བའི་བྱང་ཆུབ་ཀྱི་སེམས་མི་འགྱུར་བའོ། །དེ་ཉིད་ཀྱིས་ཁམས་གསུམ་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པས་རྣམ་པར་མི་རྟོག་པའོ། །དེ་ཉིད་ཀྱི་རྗེས་ཐོབ་ལས་མཚན་དང་དཔེ་བྱད་ཀྱི་རྒྱུ་རྩ་རླུང་ཐིག་ལེ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་སྤྲིན་སྤྲོ་བ་སྟེ། རྗེས་ཐོབ་ཀྱི་ཆོས་རྒྱུ་མ་ལྟ་བུར་སྦྱོངས་པའོ། །འདི་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་བཞིན་དུ་སྤངས་བྱ་དང་གཉེན་པོས་བསྡུས་པའི་མིང་ཚིག་ཡི་གེ་ཐམས་ཅད་གྲགས་སྟོང་དུ་སྦྱོངས་པ་ནི་ཆོས་རྗེས་དྲན་ནོ། །གང་ཟག་བརྒྱད་སྤོངས་བར་བྱེད་པ་ལ་འཇུག་པ་ནི་དགེ་འདུན་རྗེས་དྲན་ནོ། །ལྷན་ཅིག་སྐྱེས་པའི་ལྷ་དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་པའི་ལྷ་ཐམས་ཅད་སྦྱོང་བར་བྱེད་པ་ལྷ་རྗེས་དྲན་ནོ། །ཚད་མེད་པ་བཞི་ཡིས་སེམས་ཀྱིས་སྙིང་རྗེ་ཆེན་པོ་སྦྱོང་བ་ནི་གཏོང་བ་རྗེས་དྲན། འཛག་པ་ཐམས་ཅད་དང་བྲལ་བར་སྒྲུབ་པ་ནི་ཚུལ་ཁྲིམས་རྗེས་དྲན་དུ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་རྗེས་དྲན་ནི། ཕྱི་ནང་གི་ལོངས་སྤྱོད་ཐམས་ཅད་ལ་ཆགས་པ་དང་བྲལ་བ་ནི་སྦྱིན་པ་དང་། ཁམས་འཛག་པ་མེད་པ་ནི་ཚུལ་ཁྲིམས་དང་། སྒྲ་ཐམས་ཅད་ལ་མཚན་འཛིན་ཐིམ་པས་ནི་བཟོད་པ་དང་། རླུང་འགག་པའི་བརྩོན་འགྲུས་དང་། ལྷན་སྐྱེས་ཀྱི་བསམ་གཏན་དང་། བདེ་བ་ཆེན་པོར་ཚུད་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་གྱི་ཐབས་མཁས་པ་དང་། མྱུར་དུ་འགྲུབ་པའི་སྨོན་ལམ་དང་། རྫུ་འཕྲུལ་ལ་སོགས་པའི་སྟོབས་དང་། མཉམ་པ་ཉིད་དུ་སངས་རྒྱས་རྣམས་དང་མཚུངས་པར་ལོངས་སྤྱོད་པའི་གྲགས་པའི་ཡེ་ཤེས་ཏེ། ས་བཅུ་པོ་རྣམས་ལ་རིམ་པས་རྗེས་སུ་དྲན་པའི་སྦྱོར་བས་ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་བཅུ་སྤངས་ནས་ཏིང་ངེ་འཛིན་རྣམ་པར་དག་པ་འཐོབ་པར་འགྱུར་ཏེ། རྒྱུད་ལས། ནོར་རྣམས་སྤངས་པ་སྦྱིན་པ་ཡིན་ལ་བུད་མེད་ལ་ཞུགས་ལྟུང་བ་མེད་པའི་སེམས་ནི་ཚུལ་ཁྲིམས་སོ། །སྒྲ་ལ་སོགས་པ་ཐམས་ཅད་ཐིམ་པ་བཟོད་པ་ཡིན་ལ་གཉིས་ནས་འགྲོ་བའི་རླུང་དག་ཉམས་པ་བརྩོན་འགྲུས་སོ། བསམ་གཏན་དང་ནི་ཤེས་རབ་སེམས་ནི་ལྷན་སྐྱེས་བདེ་བར་ཚུད་པའི་ཀུན་དུ་འགྲོ་བའི་སྐད་ཅིག་གོ །དེ་ལ་སེམས་ཅན་དོན་དུ་རྫུ་འཕྲུལ་དང་ནི་ལོངས་སྤྱོད་འབྱུང་ཞིང་གྲགས་པ་ཐོབ་པ་གཞན་རྣམ་བཞི། །ཞེས་གསུངས་སོ། །འདི་རྣམས་ཐོད་རྒལ་གྱི་ཏིང་ངེ་འཛིན་པའི་ཚུལ་ནི། ཐོག་མར་འཛིན་པའི་སྐབས་ནས་འདིར་བཤད་པའི་ཕ་རོལ་དུ་ཕྱིན་པ་རྣམས་ཕན་ཚུན་བསྡུས་པ་ཐོབ་པས་ཁམས་གསུམ་པའི་མཚན་མའི་རྣམ་པར་རྟོག་པ་བཟུང་བར་བྱ་བ་དང་། དོར་བར་བྱ་བ་སྐྱེས་བུ་རྫས་དང་བརྟགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དང་གཟུང་བ་ལ་དགུ་ཚན་བཞི་ཡོད་པ་ལ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་དུ་འགྱུར་བ་དང་ཉོན་མོངས་པ་སྤངས་ནས། འཐོབ་པ་ནི་ཕ་རོལ་དུ་ཕྱིན་པར་གསུངས་པ་བཞིན་དུ་ཡིན་ཏེ། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་ཅིག་པའི་བཟོད་པ་ཡིས། །བསྡུས་པ་གང་དེ་མཐོང་བའི་ལམ། །ཞེས་གསུངས་པའི་དོན་ཐོབ་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་འཇིགས་པ་མེད་པར་མྱུར་དུ་སེལ་བའི་ཕྱིར། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པ་རྗེས་སུ་དྲན་པ་བཞིའི་ཏིང་ངེ་འཛིན་ནི་སྔར་བསྟན་པ་བཞིན་དུ་ཐོབ་པའོ། །དེ་བརྟེན་པ་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་པ་ལ་མངོན་སུམ་དུ་འཇུག་སྟེ། ཕྱིའི་རྟེན་འབྲེལ་ནི། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་པ་ལ་སོགས་པ་འཕགས་པ་ན་ག་རྫུ་ན་ཡིས་ཇི་ལྟར་གསུངས་པ་བཞིན་དུ་མ་རིག་པ་གཏི་མུག་དང་། སྲེད་པ་འདོད་ཆགས་དང་། ལེན་པ་ལས་ཞེ་སྡང་སྐྱེ་སྟེ། དེ་ནས་མ་རིག་པ་ལ་བརྟེན་ནས་འདུ་བྱེད་པ་རྒྱུའི་ལས་དང་། སྲེད་ལེན་ལ་བརྟེན་ནས་ཁམས་གསུམ་པ་སྲིད་པ་འབྲས་བུའི་ལས་འགྲུབ་པ་སྟེ། དེས་གཞན་བདུན་པོའི་སྡུག་བསྔལ་སྐྱེ་བས་དེའི་རྒྱུ་ཡོད་ན་འབྲས་བུ་འགྲུབ་བོ་ཞེས་པ་དང་། རྒྱུ་བཀག་པས་འབྲས་བུ་མི་འགྲུབ་བོ་ཞེས་བྱ་བར་རྟོགས་པའོ། །འདིར་ནང་གི་རྟེན་འབྲེལ་ནི། མཆོག་དུ་མི་འགྱུར་བ་འགྲུབ་པར་གསུངས་པ། འཛག་པ་ལས་གཡོ་བའི་ཆགས་པ་དང་། བྲལ་བའི་ཞེ་སྡང་དང་། བརྒྱལ་བའི་རྨོངས་པ་སྟེ་སེམས་ཅན་རྣམས་ཐོག་མ་མེད་པ་ནས་མ་རིག་པ་ནམ་མཁའི་མེ་ཏོག་གི་འཕྲེང་བ་བཞིན་ཉོན་མོངས་ཏེ། མ་རིག་པ་ལས་འདུ་བྱེད། འདུ་བྱེད་ཀྱི་ལས་ལས་རྣམ་པར་ཤེས་པ་སྡུག་བསྔལ་ཏེ། དང་པོའི་ཆུང་ངུ་ཙམ་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་སོ། །དེ་བཞིན་དུ། མིང་གཟུགས་ཀྱི་ཉོན་མོངས་ལས་སྐྱེ་མཆེད་དྲུག་གི་ལས་དང་། དེ་ལས་རེག་པ་ནི་སྡུག་བསྔལ་ཏེ་གཉིས་པའོ། །ཚོར་བའི་ཉོན་མོངས་ལས་སྲེད་པའི་ལས་དེ། ཉེ་བར་ལེན་པའི་སྡུག་བསྔལ་ནི་གསུམ་པའོ། །སྲིད་པའི་ཉོན་མོངས་ལས། སྐྱེ་བའི་ལས་ཏེ། རྒ་ཤིའི་སྡུག་བསྔལ་འབྱུང་བ་ནི་བཞི་པའོ། །མངལ་དུ་གྲུབ་པའི་དང་པོ་བཟླ་བ་ཆུ་སྲིན་ལ་མ་རིག་པ་ནས་བཟུང་ནས་ཟླ་བ་བཅུ་གཅིག་པར་སྐྱེ་བ་དང་། བཅུ་གཉིས་པར་རྒ་ཤིའི་བར་དུ་གྱུར་པ་ནི་གཡོ་བའི་བག་ཆགས་ལ་བརྟེན་ནས་བྱུང་ངོ་། །འདིར་མཆོག་དུ་མི་འགྱུར་བར་གྲུབ་པས་འཛག་པ་དང་བྲལ་བའི་བདེ་བ་ཐོབ་པའི་ཕྱིར་མི་ཆགས་སོ། །མི་ཆགས་པས་ཞེ་མི་སྡང་ངོ་། །དེ་མི་རྟོག་པ་གཏི་མུག་མེད་དེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆེན་པོའི་མིང་དུ་འགྱུར་བས། མ་རིག་པ་འགགས་པས། རྒ་ཤི་འགག་པའི་རྡོ་རྗེའི་ལུས་འཐོབ་བོ། །ཞེས་གསུངས་ཏེ། དུས་སྦྱོར་བཅུ་གཉིས་ཀྱི་དང་པོར་འདིར་རླུང་བརྒྱ་ཕྲག་བཅོ་བརྒྱད་དག་པས་རྣམ་རྟོག་གི་མཚན་མར་འཛིན་པ་གཡོ་བ་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་ཆུ་སྲིན་གྱི་ཁྱིམ་དང་། མ་རིག་པ་འགགས་པ་ཞེས་བྱའོ། །ལྷག་མ་བཅུ་གཅིག་པོ་བསྒོམས་པའི་ལམ་ལ་འགག་གོ །དེས་ན། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པར་བྱེད། ཞེས་གསུངས་སོ། །དེ་ལ་བརྟེན་ནས། སྔར་བཤད་པའི་རྗེས་དྲན་བྱེད་པ་རྣམས་སྒོམ་པའི་ལམ་ཡིན་པས་ཐོད་རྒལ་གྱི་སྙོམས་འཇུག་ནི། བསམ་གཏན་དང་གཟུགས་མེད་རྣལ་འབྱོར་དང་པོ་དང་བར་པས་ལས་སུ་རུང་བར་བྱས་ནས་འཛིན་པ་ལ་བསྒྲལ་བས་འགོག་པའི་ཏིང་ངེ་འཛིན་ནི་ཐོབ་པ་ཡིན་ཏེ། འདི་ནི་ཕར་རིམ་པས་སོང་པའོ། །ཡེ་ཤེས་ཀྱི་རྟགས་བཅུས་གཟུགས་མེད་ཀྱི་སྐྱོན་བཀག་ལ་སྲོག་རྩོལ་དག་པས་བསམ་གཏན་གྱི་སྐྱོན་བཀག་སྟེ། བདེ་སྟོང་དབྱེར་མེད་ཀྱི་འཛིན་པས་འགོག་པའི་སྐྱོན་བཀག་ནས་ཤེས་རབ་ཀྱི་ཆགས་པ་རྗེས་སུ་དྲན་པས་སྲིད་པ་ཉིད་མྱ་ངན་ལས་འདས་པ་བསྒྲུབ་པའི་ཕྱིར། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །འདོད་པར་རྟོག་པར་རྣམ་པར་ཤེས། །མཉམ་བཞག་མིན་པའི་འཚམས་བཟུང་སྟེ། །ཞེས་གསུངས་སོ། །དེ་ནས་འདོད་པའི་ཁམས་ཀྱི་ཤེས་རབ་ཀྱི་ཆགས་པ་དང་། བསམ་གཏན་དང་འགོག་པ་རྣམ་པ་གཉིས་དུས་ཅིག་བསྒོམ་པ་དང་གསུམ་དུས་ཅིག་ཏུ་བསྒོམ་པ་དང་། མཐར་ཐུག་པས་ཐམས་ཅད་ཕྱོགས་ཅིག་དུ་བསྒོམ་པར་བྱེད་པ་ཡང་འགྲུབ་སྟེ། ཐོད་རྒལ་དུ་ནི་སྙོམས་འཇུག་པ། གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་གསུངས་པ་ཡིན་ནོ། །འདི་ལྟ་བུའི་ཟུང་འཇུག་གི་བསྒོམ་པ་ཆེན་པོའི་ལམ་ཐོབ་པས་བསྒོམ་ལམ་གྱི་སྒྲིབ་པའི་རྣམ་པར་རྟོག་པ་དགུ་ཚན་བཞི་ལས་ཁམས་གསུམ་པས་ཕྱེ་བའི་སྒྲིབ་པ་བརྒྱ་རྩ་བརྒྱད་ཤེས་སྤོངས་བ་ནི་ཇི་སྐད་དུ་ཕ་རོལ་དུ་ཕྱིན་པའི་རྩེ་མོའི་སྐབས་ནས་གསུངས་པ་བཞིན་ནོ། །ད་ནི་ཐེག་པ་དམན་པ་མི་ཤེས་པའི་རྒྱུ་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། ལོག་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་བ། །དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་ཆེན་མི་ཤེས་སོ། །ཞེས་དང་། ཧེ་བཛྭ་ལས་ཀྱང་། བཟློག་པའི་བསྒོམ་པ་འདི་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་ཤིང་། རྒྱུད་ལས་ཀྱང་། འདོད་ཆགས་བྲལ་བ་དང་ནི་ཐུབ་པ་དྲག་པོ་ལྷ་དང་མི་རྣམས་ཀྱིས་ཀྱང་ཤེས་པ་མིན། ཞེས་གསུངས་སོ། རྗེས་སུ་དྲན་པའི་ཡན་ལག་བཤད་པའོ། །ད་ནི་རྗེས་སུ་དྲན་པའི་འབྲས་བུ་ཏིང་ངེ་འཛིན་བསྟན་པ་ནི་ཚིགས་སུ་བཅད་པ་བཞི་སྟེ། འདི་ལས་ཡང་། སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་འབྱུང་པའི་ཚུལ་དང་། ས་བཅུ་གཉིས་ཐོབ་པ་དང་སྐད་ཅིག་མའི་སྦྱོར་བ་དང་མཐར་ཐུག་པའི་ས་དང་ཡེ་ཤེས་ཀྱི་འཕྲིན་ལས་བཤད་པ་དང་ལྔ་ལས། དང་པོ་ནི། ཏིང་འཛིན་བདེ་ཆེན་རྣལ་འབྱོར་པས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཞེས་གསུངས་པ། སྟེང་འོག་གི་རྩ་དྲུག་འགག་པ་ལས་མངོན་ཤེས་དྲུག་འབྱུང་ཚུལ་ལ། འདིར་སེམས་ཅན་རྣམས་ཀྱི་ཁུ་བ་དང་རྡུལ་ཐབས་ཤེས་རབ་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས་སྟེང་འོག་གི་ལམ་དྲུག་དུ་འགྱུར་ཏེ། དབང་མདོར་བསྟན་ལས། ཐབས་ཀྱི་སྐུ་ནི་ཟླ་བ་སྟེ། །ཤེས་རབ་གསུང་ནི་ཉིན་བྱེད་དོ། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །དྲི་ཆུ་འབབ་པ་གཙོ་བོའི་གསུང་། །སྟེང་དང་འོག་གི་རྩ་གཉིས་ནི། །ས་བོན་འབབ་དང་མུན་ཅན་མ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་བོན་འབབ་པ་ཤེས་རབ་ཀྱི། །སྐུ་གསུངས་ཐུགས་ཀྱི་སྦྱོར་བ་ཡིས། །སྟེང་འོག་རིགས་དྲུག་འདི་ཡིན་ཏེ། །ཐབས་དང་ཤེས་རབ་ལུས་དངོས་ཀྱི། །ལུས་ཅན་རྣམས་ལ་ཡང་དག་གནས། །ཞེས་སོ། །དེ་ལ་མངའ་བདག་སྐུའི་མཐུ་ཡིས་ཞེས་པ་ཐབས་ཀྱི་རྩ་གཡོན་པ་འགགས་པས་ལྷའི་སྤྱན་དུ་འགྱུར་རོ། །གསུང་སྟེ་དྲི་ཆུའི་རྩ་འགག་པ་ལྷའི་རྣ་བ་དང་། ཐུགས་ཨ་བ་དྷུ་ཏི་འགགས་ན་གཞན་གྱི་སྙིང་ལ་གནས་པའི་སེམས་ཤེས་སོ། །ཤེས་རབ་ཀྱི་སྐུ་སྟེ་དྲི་ཆེན་གྱི་རྩ་འགགས་ན་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ནོ། །ཤེས་རབ་ཀྱི་གསུང་རྩ་གཡོན་པ་འགགས་ན་ཀུན་དུ་འགྲོ་བའི་རྫུ་འཕྲུལ་འཐོབ་བོ། ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་དུང་ཅན་མ་འགག་ན་ཟག་མེད་མཆོག་དུ་མི་འགྱུར་བའི་བདེ་བ་གཞོམ་དུ་མེད་པ་འཐོབ་བོ། །དེ་ཡང་རྒྱུད་ལས། མངའ་བདག་སྐུ་ཡི་མཐུ་ཡིས་རྣལ་འབྱོར་པ་ཡིས་མཆོག་གི་ལུས་ལ་སྤྱན་དུ་འགྱུར་བ་དང་། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དང་ནི་ཐུགས་ཀྱིས་གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་ཐབས་ལས་རྣམ་གསུམ་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་གསུང་གི་མཐུ་ལས་ནམ་མཁའ་དང་མཉམ། རྣམ་པ་ཀུན་དུ་འགྲོ་བ་ཡི་ནི་རྫུ་འཕྲུལ་འགྱུར། །ཤེས་རབ་ཡེ་ཤེས་རང་བཞིན་ལས་ནི་གང་ཞིག་མཉམ་པའི་བདེ་བ་རྣམས་ཀུན་གཞོམ་དུ་མེད་པའོ། །མིག་གིས་སྲིད་པ་རྣམ་པ་གསུམ་གྱིས་མི་མཐོང་པ་ཡང་མཐོང་པ་ལྷ་ཡི་སྤྱན་གྱི་མཐུ་ལས་སོ། །ལྷ་ཡི་སྙན་གྱི་མཐུ་ལས་སྙིང་ཁ་དང་ནི་ཁ་ཡི་སྲོག་ཆགས་རྣམས་ཀྱི་སྨྲ་བ་ཐོས་པར་འགྱུར། །དེ་ལྟར་རེག་ལ་སོགས་པ་ཐམས་ཅད་མི་ཡི་བདག་པོ་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས་འགྱུར་རོ། ཞེས་གསུངས་སོ། །གཉིས་པ་ས་བཅུ་གཉིས་འཐོབ་པའི་ཚུལ་ནི། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་འཐོབ་པར་འགྱུར། །ཞེས་གསུངས་པས། འདི་ལ་ཡང་མདོ་སྡེ་ལས་གསུངས་པ་དང་། ནང་གི་སྦྱོར་བ་གཉིས་ལས། དང་པོ་ནི་མོས་པས་སྤྱོད་པའི་ས་ཆོས་མཆོག་ཐོབ་པ་མན་ཆོད་སྔར་བཤད་ཟིན་ལ། ས་རབ་དུ་དགའ་བའི་མཐོང་བའི་ལམ་དུ་འཇུག་པ་ཡང་། རྗེས་དྲན་གྱི་གཞིར་བསྟན་པ་བཞིན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་རང་བཞིན་གྱི་ཡན་ལག་དང་། །ཤེས་བྱ་རྟོགས་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གནས་དང་། མྱུར་དུ་སངས་རྒྱས་པར་བྱེད་པའི་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་དང་། བསམ་གཏན་ལ་བརྟེན་པའི་ཏིང་ངེ་འཛིན་དང་། ཤིན་དུ་སྦྱངས་པ་དང་། ཇི་ལྟར་འདོད་པ་བཞིན་དུ་གནས་པའི་བཏང་སྙོམས་དང་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་དང་། ཆོས་ཀྱི་སྣང་བ་འཕེལ་བའི་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། འདི་ཐམས་ཅད་དང་ལྡན་པ་དུས་ཅིག་ལ་མཐོང་ཞིང་། འདི་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རང་བཞིན་གྱིས་འབྱུང་བར་འགྱུར་ཏེ། ས་བཅུ་པོ་ལ་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་ཤིང་ཡོངས་སུ་སྦྱོང་བ་རྣམས་སྦྱངས་ནས་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་རྫོགས་ནས་དབང་བསྐུར་བའི་ས་ལ་སྦྱོར་བ་འཐོབ་པར་འགྱུར་ཏེ། རྒྱས་པར་ས་བཅུ་པའི་མདོ་ལས་བྱུང་བ་བཞིན་ནོ། །མཆོག་དུ་མི་འགྱུར་བ་གྲུབ་པར་ཡང་བསྡུས་ཏེ་གསུངས་པ། རྣལ་འབྱོར་པ་སེམས་དང་པོར་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་དབང་བསྐུར་བའི་ས་ཐོབ་པས་བྱང་ཆུབ་སེམས་དཔར་འགྱུར་ཏེ། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། མོས་པ་དང་། ཡོ་བྱད་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཆོས་དང་སེམས་དང་། སྐྱེ་བ་དང་ཡེ་ཤེས་ལ་དབང་བ་ཞེས་བྱའོ། །དེ་བཞིན་དུ་ས་བཅུ་ནི་རབ་དུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་ཟེར་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་པ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་བྱང་ཆུབ་སེམས་དཔར་འགྱུར་ཏེ། མཚན་ཡང་དག་པར་བརྗོད་པ་ལས། ཕ་རོལ་ཕྱིན་པ་བཅུའི་ཚུལ། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་རྣལ་འབྱོར་པ་སེམས་རྣམ་པར་དག་པ་བྱང་ཆུབ་སེམས་དཔར་གསུངས་སོ། །ཞེས་འབྱུང་ངོ་། །འདིར་ས་བཅུ་གཉིས་སུ་བྱས་པའི་དང་པོ་ནི་མོས་པ་སྤྱོད་པའི་ས་དང་། ས་བཅུ་གཉིས་པ་ནི་དབང་བསྐུར་བའི་སའོ། །ཕར་ཕྱིན་བཅུ་གཉིས་ཀྱི་དང་པོ་ནི། རིན་པོ་ཆེ་པད་མའི་ཕ་རོལ་དུ་ཕྱིན་པ་དང་། ཐ་མ་ནི་རྡོ་རྗེ་ལས་ཀྱི་ཕ་རོལ་དུ་ཕྱིན་པའོ། །དབང་ཡང་། དེ་བཞིན་ཉིད་ལ་དབང་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་དབང་པས་བཅུ་གཉིས་སོ། །དེ་བཞིན་དུ་གཟུངས་བཅུ་གཉིས་ཀྱང་ཐོབ་པར་ཆོས་དབྱིངས་ངག་དབང་དུ་གསུངས་སོ། །འདི་རྣམས་ཀྱི་སྐབས་སུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ནང་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་གཉིས་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། འགོག་པ་སྟེ། རྣམ་ཐར་བརྒྱད་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་སྟེ་དགུ་དང་། བར་ཆད་མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིས་བསྡུས་པའི་ཉོན་མོངས་མི་ལྡན་པ་བཞི་དང་། སྔར་གསུངས་པའི་ཕ་རོལ་དུ་ཕྱིན་པ་བཅུ་ནི། ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ཡིན་པས་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་དང་། དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། རྫོགས་པར་བྱང་ཆུབ་རྣམས་མཐར་ཐུག་པའི་ས་ལ་རྫོགས་པར་འགྱུར་རོ། འདིར་ནང་གི་ཚུལ་ནི། འཁོར་ལོ་དྲུག་ལ་སྦྱོར་བ་དང་ཡང་དག་པར་འགྲུབ་པ་ཞེས་བྱ་བ་གཉིས་གཉིས་ཀྱི་ཕྱེ་བས་དབུ་མའི་ཆ་བཅུ་གཉིས་དང་། དེར་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་ཚན་པ་བཅུ་གཉིས་འགག་ཅིང་། ཡེ་ཤེས་ཀྱི་ཐིག་ལེ་ཐབས་དང་ཤེས་རབ་ཆ་ཤས་བཅུ་གཉིས་དག་པས་གནས་ལ་སོགས་པའི་མིང་གིས་སྟོན་ཏེ། དང་པོ་འགག་པར་བྱེད་པའི་གཞི་རྩ་དབུ་མ་ཡང་། རྒྱུད་ལས། མི་ཤིགས་ཐིག་ལེའི་ཆ་དང་ཡེ་ཤེས་རྣམ་གསུམ་བདུད་རྩིའི་གོ་འཕང་སོན་པ་ལྕགས་སྒྲོག་བཅིངས་འདྲའི་རྩ། །སྲོག་དང་ཐུར་སེལ་ལམ་གསུམ་རང་གི་རྡོ་རྗེ་པད་མར་རྡོ་རྗེ་ཉིད་དང་ཆུ་སྐྱེས་ལྡན་པ་ན། །སྲོག་བདག་ཡུལ་དང་ཡུལ་ཅན་དང་ནི་ཕྱི་རོལ་མཐོན་དང་འཇུག་པའི་རླུང་རྣམས་ཡང་དག་གཞུག་པར་བྱ། །དུ་བ་ལ་སོགས་མཚན་མ་འཛིན་པ་དང་ནི་གང་ཞིག་ཡང་ནི་འདི་དག་ཐམས་ཅད་གསང་བའོ། །ཞེས་གསུངས་ཏེ། མི་ཤིགས་པ་ནི་སྙིང་ཁའི་སེམས་ཀྱི་རང་བཞིན་ནོ། །ཐིག་ལེ་ནི་དཔྲལ་བའི་སྐུའོ། །ཆ་ནི་མགྲིན་པའི་ངག་ཏེ་གསུང་ངོ་། །ཡེ་ཤེས་ནི་གསང་བའི་སྙོམས་འཇུག་གི་གནས་སྐབས་སྟོན་ཏེ། འདི་རྣམས་ཀྱི་གནས་རོ་རྐྱང་ཨ་བ་དྷུ་ཏི་དང་གསུམ་འཁོར་ལོ་དྲུག་ལ་ལྕགས་སྒྲོགས་བཅིངས་པ་ལྟ་བུར་གནས་ཤིང་། སྣ་མོ་གསུམ་ནི་སྔར་བསྟན་པ་བཞིན་ཡིན་པས་རླུང་གི་བཅིངས་པ་ལས། དུ་བ་ལ་སོགས་པའི་རྟགས་རྣམས་དག་པར་འགྱུར་ཞིང་། སྦྱོར་བའི་ལམ་རྫོགས་ནས་འཛིན་པས་མཐོང་པའི་ལམ་དུ་ཞུགས་པ་ན་འཛག་མེད་ཐོབ་པས་མ་རིག་པ་འགག་ཤིང་གནས་སུ་སོན་པ་ཞེས་བྱའོ། །དེ་ནས་གསང་བའི་འཁོར་ལོ་རབ་དུ་བརྟན་པས་འདུ་བྱེད་འགག་པ་དང་། ཉེ་བའི་གནས་ཐོབ་པ་ཞེས་བྱའོ། །དེ་བཞིན་དུ་ལྟེ་བའི་གཉིས་ཀྱིས་རྣམ་པར་ཤེས་པ་དང་། མིང་གཟུགས་འགག་ཅིང་ཞིང་དང་ཉེ་བའི་ཞིང་དུ་སོན་པའོ། །སྙིང་ཁའི་གཉིས་ཀྱིས་སྐྱེ་མཆེད་དང་རེག་པ་འགགས་ཤིང་། ཚན་དྷོ་ཉེ་བའི་ཚན་དྷོ་གྲུབ་པའོ། མགྲིན་པའི་གཉིས་ཀྱིས་ཚོར་བ་དང་། སྲེད་པ་འགག་ནས་འཐུང་གཅོད་ཉེ་བའི་འཐུང་གཅོད་ཐོབ་པའོ། །སྤྱི་བོའི་གཉིས་ཀྱིས་ལེན་པ་དང་སྲིད་པ་འགགས་ནས་འདུ་བ་ཉེ་བའི་འདུ་བར་སོན་པའོ། །གཙུག་གཏོར་གྱི་གཉིས་ཀྱིས་སྐྱེ་བ་དང་རྒ་ཤི་འགགས་ཤིང་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དུ་སོན་པ་ཞེས་བྱའོ། །ཧེ་བཛྭ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །མཚན་དྷོ་ཉེ་བའི་ཚན་དྷོ་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ནི། །འདི་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་སོ། འདིའི་སྒོམ་པའི་ཚུལ་ནི། རྗེས་དྲན་དུ་ཇི་སྐད་བསྟན་པ་ཁོ་ན་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་དུ་འཇུག་པ་ལ་བརྟེན་ནས་བརྟེན་དང་རྟེན་པའི་ཆ་དབང་དུ་བྱས་པས་ཐོབ་པར་འགྱུར་ཏེ། རྒྱུད་ལས། བསོད་ནམས་ཡེ་ཤེས་རྗེས་སུ་ཆགས་པ་བདེ་བ་སྟེར་བ་རྟག་ཏུ་བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས། །བདེ་བའི་དམ་ཚིག་དབང་གིས་ཉོན་མོངས་བདུད་རྣམས་ངེས་པར་བཅོམ་པ་གང་ལས་མྱ་ངན་འདས་པར་འགྲོ། །ཞེས་པ་དང་། ཨ་སོགས་ཀ་སོགས་གཅིག་ཏུ་གྱུར་པ་ཟླ་བ་ཉི་མའི་གདན་ནི་རྡོ་རྗེ་ཅན་ལ་ཡོད་མ་ཡིན། །ཧཱུྃ་ལས་གྱུར་པའི་ཕྱག་མཚན་ཉིད་མིན་གཞན་ཡང་ཡོངས་སུ་གྱུར་པས་གཟུགས་དང་ཁ་དོག་འདོད་མ་ཡིན། །རྫོགས་པར་འགྱུར་བ་མེད་པས་འགྱུར་བ་རྣམ་པར་སྤངས་པ་འགྱུར་བ་འདི་ནི་ལྷ་ཡི་དབང་པོ་ལ། །རྣམ་པ་ཀུན་དུ་ཐིག་ལེ་མ་ལུས་རྒྱལ་བའི་བདག་པོ་རྣམས་ཀྱི་སྣ་ཚོགས་སྒྱུ་མ་འཛིན་པའོ། །ཞེས་གསུངས་པས་བརྟགས་པ་ཐམས་ཅད་དང་བྲལ་ལ་སྣང་བ་དང་བདེ་བ་རོ་མཉམ་ཞིང་རྣམ་པ་ཀུན་ལྡན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པའོ། ཏིང་ངེ་འཛིན་གྱི་མཚན་ཉིད་ནི། མཉམ་རྗེས་ཀྱི་ཐབས་ཤེས་རབ་ཀྱི་གཟུགས་བརྙན་རྫོགས་པར་བྱ་བ་སྟེ། ཐབས་དང་ཤེས་རབ་བདག་ཉིད་ཅན་གྱི་མི་འགྱུར་བདེ་བའི་དབང་གིས་ཡེ་ཤེས་གཟུགས་བརྙན་ཏིང་འཛིན། །ཞེས་གསུངས་སོ། །རྣམ་པར་དབྱེ་བ་ནི། ས་བཅུའི་ཡེ་ཤེས་གྲུབ་པའི་ཡེ་ཤེས་རྒྱུ་མཚན་གྱིས་བཅུའམ། ཡེ་ཤེས་ལྔའི་དབྱེ་བས་ཡེ་ཤེས་ལྔའོ། །དེ་ཡང་འགྲེལ་ཆེན་ལས། དཔལ་ལྡན་ཏིང་ངེ་འཛིན་ཀྱང་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་རྣམ་པ་བཅུའི། ཏིང་ངེ་འཛིན་ནི་རླུང་རྣམ་པ་བཅུ་འགག་པ་ཞེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་རབ་དུ་མི་གནས་པའི་མྱ་ངན་ལས་འདས་པས་རླུང་འགགས་ཅིང་དག་པ་ཞེས་བྱ་བའི་དོན་ཏོ། །སྒྲ་དོན་ནི། ས་མ་ཏི་ཛ་ཞེས་པ་ངེས་པར་འཛིན་པ་སྟེ། མཆོག་དུ་མི་འགྱུར་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་འཛིན་པའི། རྟགས་ངེས་པ་ནི། ས་དང་པོ་ལ་འཇིག་རྟེན་གྱི་ཁམས་བཅུའི་མཐར་ཐུག་པར་མངོན་པར་ཤེས་པ་འཛིན་པ་དང་། གཉིས་པ་ལ་བརྒྱ་ནས་ས་བཅུ་གསུམ་ལ་ནམ་མཁའ་དང་མཉམ་པར་གྱུར་པའོ། །དེ་ཉིད་ཀྱིས་འོག་ནས་སྟོན་པའི་འབྲས་བུ་འགྲུབ་སྟེ། རྒྱུད་ལས། དེ་ལས་དག་པའི་ཏིང་ངེ་འཛིན་ནི་ཉི་མ་ཅུང་ཟད་ཙམ་གྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ད་ནི་ནང་དུ་རླུང་དང་ཐིག་ལེ་འགགས་པས་སྐུ་བཞི་འགྲུབ་པའི་རིམ་པ་ནི། རྒྱུད་ལས། ཆགས་དང་ཆགས་བྲལ་མཐའ་དང་ཐོག་མར་སྐད་ཅིག་མ་ལས་ཁྱབ་བདག་དབུགས་ཀྱི་གྲངས་ལས་འཕེལ་བར་འགྱུར། །ཨོ་ཌ་འབར་བའི་བར་དང་ཆགས་བྲལ་ལྷན་སྐྱེས་དག་དང་ཡེ་ཤེས་དབུས་སུའོ། །གཉིད་དང་ཡུར་བའི་འཚམས་དང་རྡོ་རྗེ་པད་མ་དག་ནི་གཉིས་ཀྱི་སྦྱོར་བའི་བདེ་བ་གང་ཞིག་དེ། །དེ་ཡི་འཕེལ་བའི་བྱ་བ་བླ་མའི་ངེས་པའི་དབང་གིས་འཕེལ་བར་འགྱུར་གྱི་འདིར་ནི་སྣ་ཚོགས་མིན། །ཞེས་གསུངས་ཏེ། འདིར་ཆགས་དང་ཆགས་བྲལ་གྱི་དོན་ནི། ཕྱི་རོལ་སུ་དཀར་པོའི་བཅུ་དྲུག་པ་ལ་ཟླ་བ་འཛིན་པ་དང་། ནག་པོའི་བཅུ་དྲུག་པ་ལ་ཉི་མ་འཛིན་པ་ལྟར། འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་ཐོག་མར་མཐོང་པའི་ལམ་གྱི་སྐད་ཅིག་ཡིན་ཏེ། དེ་ནས་བཟུང་ནས་རླུང་ཡེ་ཤེས་སུ་འགགས་པས་ཐིག་ལེ་བརྟན་པར་འགྱུར་ཏེ། དེ་ཡང་རྡོ་རྗེའི་ནོར་བུ་ནས་གསང་བར་ལོག་སྟེ། ཨོ་ཌ་འབར་བའི་བར་དུ་ཡེ་ཤེས་ཀྱི་ཐིག་ལེ་བརྟན་ཅིང་མི་འཛག་པར་འགྱུར་རོ། །དེ་བཞིན་དུ་ལྟེ་བར་ཆགས་བྲལ་ཏེ་དགའ་བྲལ་དང་ལྷན་སྐྱེས་ཀྱི་དབུས་སུ་སྐུའི་ཐིག་ལེ་དང་། སྙིང་ཁར་ཡེ་ཤེས་དང་རྣམ་ཤེས་ཀྱི་དབུས་སུ་ཐུགས་ཀྱི་ཐིག་ལེ་དང་། །མགྲིན་པར་གཉིད་ལ་ཡུར་བའི་འཚམས་སུ་གསུང་གི་ཐིག་ལེ་བརྟེན་པར་བྱེད་དོ། །དེ་ལྟར་རྡོ་རྗེ་པད་མ་སྟེ་ཐབས་ཤེས་རབ་ཀྱི་སྦྱོར་བས་ཕབ་པའི་བདེ་བའི་ཐིག་ལེ་དཔྲལ་བ་ནས་རྡོ་རྗེ་ནོར་བུའི་བར་དུ་འོངས་པ་སྟེ། འཕེལ་བ་སྟེ་གྱེན་དུ་འགྲོ་བར་བྱ་བའི་བླ་མའི་ངེས་པའི་སྲོག་དཀར་བའི་དབང་གིས་འཕེལ་བར་འགྱུར་གྱི་འདི་ནི་སྣ་ཚོགས་མིན་ཞེས་པ་དེ་ལས་གཞན་པའི་གདམས་ངག་མེད་པ་དོན་ཏེ། རྒྱུ་མཚན་དེས་ན། སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་རོ་མཉམ་པར་བྱ་དགོས་པས་སྟོང་པ་ཉིད་ནི་ཤེས་རབ། །སྙིང་རྗེ་ནི་ཐབས་ཏེ་དེ་ཡང་། སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་དབྱེ་བས་གསུམ་དང་། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་སྟེ། ནང་གི་དབྱེ་བས་ཕུང་པོ་ལྔ་དང་། ཁམས་ལྔ་དང་དབང་པོ་ལྔའི་སྒྲིབ་པ་སེལ་བས་བཅོ་ལྔར་འགྱུར་ཏེ་བཅུ་དྲུག་པ་ནི། རྣལ་པ་ཐམས་ཅད་ཀྱིས་སྟོང་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཐུགས་རྗེས་ཆེན་པོ་སྟེ། འདི་རྣམས་མཐར་ཕྱིན་པ་ལས་སངས་རྒྱས་སུ་འགྱུར་རོ། །འདི་ལས་འཕྲོས་ནས་སྔགས་ཀྱི་ཐེག་པ་འདིར་བདེ་བ་ལ་སྙིང་རྗེ་ཞེས་བརྗོད་དེ་གང་གིས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་དབང་མ་ཐོབ་པས་འཁོར་བར་སྐྱེ་ན་ནི་སྡུག་བསྔལ་མྱོང་བར་འགྱུར་ལ། དེ་ལ་སྐྲག་པས་འཁོར་བར་མི་སྐྱེ་བ་བསྒྲུབ་ན་ནི་ཞི་བར་ལྷུང་བའི་སྐྱོན་ཡོད་པས། །དེས་ན་འཛིན་པ་གྲུབ་ནས་རྗེས་དྲན་གྱི་ཐབས་མཁས་པས་ཉོན་མོངས་པ་དང་བྲལ་བའི་སྐྱེ་བ་ལ་དབང་ཐོབ་པར་བྱེད་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་གཙོ་བོ་ཡིན་ནོ། །བཅུ་དྲུག་པོ་རིམ་གྱིས་བསྟན་པས་སྐུ་བཞི་རྫོགས་པས་རང་བཞིན་གྱི་དོན་གྲུབ་པ་ནི་མཐར་ཕྱིན་པ་སྟེ། མདོ་སྡེའི་རྒྱན་ལས། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར། །སེམས་དཔའ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་དུ། སྨོན་ལམ་འདེབས་པར་མི་འགྱུར་ཏེ། །སྐྱེ་བ་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་འགྱུར། །ཞེས་པ་དང་དོན་གཅིག་གོ །སྟོང་པ་ཉིད་རྣམ་པར་དབྱེ་བ་ལམ་རིམ་དང་བཅས་པ་ནི། སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་པར་གསུངས་པ་དང་ཁོ་བོས་ཀྱང་བསྡུས་ཡོད་པ་ལས་རྟོགས་པར་བྱའོ། །དེ་ལྟར་བསྒོམ་པའི་ལམ་བགྲོད་ནས་སྐད་ཅིག་མའི་སྦྱོར་བ་འབྱུང་བས་དེ་བསྟན་པ་ནི། རྟོག་པ་མེད་པའི་ཆོས་ཅན་ལ། །སྐད་ཅིག་ཅིག་ལ་མངོན་སངས་རྒྱས། །ཞེས་གསུངས་ཏེ། འདིར་རླུང་གི་མིང་གིས་རྣམ་པར་རྟོག་པ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་འགགས་ཤིང་། དེའི་ཡན་ལག་ལོ་བརྒྱའི་རླུང་བྱེ་བ་བདུན་ཅུ་དོན་བདུན་ས་ཡ་ཕྲག་བདུན་འབུམ་ཕྲག་དྲུག་གི་ཉོན་མོངས་པ་དང་འཁོར་གསུམ་དུ་རྟོག་པ་དེ་སྙེད་འགགས་ཞིང་། ཆོས་ཀྱི་སྒོ་སྣང་བའི་ཡེ་ཤེས་དེ་སྙེད་ཐོབ་པས་སྐད་ཅིག་གཅིག་དང་ལྡན་པའི་ཡེ་ཤེས་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་ཐོབ་པ་ནི་ས་བཅུ་གཉིས་པ་དབང་སྐུར་བའི་ས་ཞེས་བརྗོད་དེ་མཐར་ཐུག་པ་ཡིན་ནོ། །དེ་ཡང་རྒྱུད་ལས། རྣམ་པ་ལྔ་པོ་དེར་ནི་ཅིག་པ་འདིར་ནི་མ་ལུས་རྒྱལ་བ་མཆོག་གི་མངོན་པར་བྱང་ཆུབ་པ། །རྣམ་པ་ཉི་ཤུའི་གཟུགས་ཅན་དང་ནི་སླར་ཡང་དེ་ལས་ཀྱང་ནི་སྒྱུ་མ་དུ་མའི་ངོ་བོ་ཉིད། །དེ་ཡི་སྐད་ཅིག་གཅིག་གིས་མཉམ་པའི་བདེ་བ་སྟེར་བར་འགྱུར་བ་གཞན་གྱི་ལས་ཀྱི་རང་བཞིན་མིན། །འདིར་ནི་གང་ཞིག་ཆོས་ཀྱི་དབྱིངས་སུ་འཇུག་པའི་ཐབས་ནི་འཕོ་བ་མེད་པའི་ལྷན་སྐྱེས་སྐད་ཅིག་གོ །ཞེས་གསུངས་ཏེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་མངོན་པར་བྱང་ཆུབ་པ་དང་། དེ་ཉིད་ལ་རྡོ་རྗེ་བཞི་ཡི་དབྱེ་བས་རྣམ་པ་ཉི་ཤུ་དང་། འཕོ་བ་འགགས་པའི་བདེན་དོན་བཅུ་གཉིས་དང་། དགའ་བ་བཅུ་དྲུག་གིས་བརྟེན་པའི་དེ་ཁོ་ན་ཉིད་བཅུ་དྲུག་མཐར་ཕྱིན་པ་ནི་འཕོ་བ་མེད་པའི་ལྷན་སྐྱེས་སྐད་ཅིག་མ་ཡིན་ཞེས་གསུངས་པའོ། མཐར་ཐུག་པའི་ས་བསྟན་པ་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ས་རྣམས་ཡོངས་སུ་རྫོགས་པ་ཡིས། །དངོས་པོ་གཉིས་སུ་རབ་བསྟན་ཏེ། །ཡེ་ཤེས་ཡོད་པ་དེས་ན་དེ། །སྐྱོབ་པ་ཡེ་ཤེས་ཅན་དུ་བརྗོད། ཞེས་གསུངས་པ་ནི། བདེན་པ་བཞི་ལ་བརྟེན་ནས་ལུས་ཀྱི་རྩ་དག་པས། སྐུའི་དགའ་བ་བཞི་སོ་སོར་སྡུད་དང་བསམ་གཏན་གྱིས་རྟོགས་པ་ནི་སྤྲུལ་པའི་སྐུའོ། །སྲོག་རྩོལ་གྱིས་གསུང་གི་དགའ་བ་བཞི་ཐོབ་པར་བྱེད་པས་ཤེས་པ་བརྒྱད་པོ་རྟོགས་པ་འཆང་བ་སྟེ་ངག་རྣམ་པར་དག་པ་ལོངས་སྤྱོད་རྫོགས་པར་འགྱུར་བའོ། །དེ་མཐར་ཕྱིན་པས་འཕོ་བ་བཅུ་གཉིས་འགག་པ་ནི་བདེན་དོན་རྣམ་པ་བཅུ་གཉིས་ལྡན་པའོ། །འཛིན་པ་ལ་བརྟེན་ནས་རྗེས་དྲན་གྱི་ཐུགས་ཀྱི་དགའ་བ་བཞི་འཛིན་པ་ནི། དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་རིག་པ་སྟེ་ཆོས་ཀྱི་སྐུའོ། །དེ་ཉིད་ཀྱི་ཡེ་ཤེས་དག་པས་གནས་སྐབས་བཞི་འགག་པ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་པ་སྟེ་ཡེ་ཤེས་སྐུ་རྡོ་རྗེ་སྐད་ཅིག་མ་ཐོབ་པའོ། །གཞན་རྣམས་སྔར་བཤད་ལྟར་ཡིན་ལ། ཐིག་ལེའི་སྐད་ཅིག་བཅུ་དྲུག་འགག་པ་ནི། རྒྱུད་ལས། འདོད་པ་ལས་ནི་སྤྲུལ་པའི་སྐུར་ནི་འགྱུར་ལ་ངེས་པར་གང་པ་ལས་ནི་དེ་ཡི་གསུང་ཉིད་དོ། །འབར་བ་ལས་ནི་སྤྲུལ་པའི་ཐུགས་ལ་མཆོག་ཏུ་བདེ་བ་བྱེད་པའི་ཡེ་ཤེས་ཉིད་ནི་ཨོ་ཌ་ལས། དགའ་བ་ལོངས་སྤྱོད་སྐུ་ལ་དེ་ཡི་མཆོག་དགའ་དང་ནི་དགའ་བྲལ་དགའ་བ་འདིར་ནི་རིམ་པ་ཡིས། །གསུང་དང་ཐུགས་ལ་ལྷན་ཅིག་སྐྱེས་དགའ་ཉིད་ནི་འདི་ཡི་ཡེ་ཤེས་རྡོ་རྗེར་གྱུར་པ་རང་བྱུང་ངོ་། འདར་བ་ངེས་པར་ཆོས་ཀྱི་སྐུ་སྟེ་སྲིད་པ་གསུམ་གྱིས་བཏུད་པ་དེ་ཡི་བརྗོད་པ་གསུང་དུ་འགྱུར། །གཉིད་ཡུར་ངེས་པར་ཆོས་ཀྱི་ཐུགས་ཏེ་སྲིད་པའི་འཇིགས་པ་འཇོམས་པའི་ཡེ་ཤེས་ཉིད་ནི་གཉིད་ཡིན་ནོ། །ཁ་དོག་ངེས་པར་དག་པའི་སྐུ་ལ་དབྱངས་ཡིག་བྲལ་བའི་ཆ་དང་ཐིག་ལེ་མི་ཤིགས་རིམ་པར་ནི། །གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམ་གསུམ་བཅོམ་ལྡན་འདས་ནི་དག་པའི་སྐུ་ཡི་རང་བྱུང་ངོ་། སད་པ་དང་ནི་རྨི་ལམ་རང་བཞིན་དང་ནི་གཞན་ཡང་གཉིད་ལོག་དབང་པོ་གཉིས་བདེའི་ངོ་བོ་ཉིད། །ལུས་གནས་དབུགས་དག་བྱིང་ཞིང་ཡུལ་ལ་རྣམ་པར་རྒྱུ་བའི་གཡོ་བ་མེད་པ་སེམས་ནི་ཐིམ་པའོ། །ཡེ་ཤེས་ལ་གནས་བུད་མེད་ཞུགས་པའི་བྱང་ཆུབ་སེམས་ཀྱི་འཇུག་པའི་སྐད་ཅིག་མར་ནི་འགྱུར་བ་རྣམས། །སྤྲུལ་པའི་སྐུ་ལ་སོགས་པ་རིམ་པར་གྱུར་པ་སེམས་ཀྱི་རྡོ་རྗེ་བཞི་ནི་ངེས་པ་ཡིན། །ཞེས་གསུངས་པས། གནས་སྐབས་བཞི་ལ་དགའ་བ་བཞི་བཞིར་ཕྱེ་བས་སྐུ་བཅུ་དྲུག་དུ་འགྱུར་ཏེ། ཐོག་མར་སྤྲུལ་པའི་སྐུ་བཞི་ལ། འདོད་པ་ནི་འདོད་ཆགས་ཀྱི་སེམས་ལུས་ཀྱི་དགའ་བ་འགགས་པ་སྤྲུལ་པའི་སྐུའོ། །སྤྲུལ་པའི་གནས་སུ་ཐིག་ལེས་གང་བ་ནི་ངག་གི་དགའ་བ་འགགས་པ་དེའི་ཞེས་པ་སྤྲུལ་པའི་གསུང་ངོ་། །མགྲིན་པ་ལ་སོགས་པར་ཐིག་ལེ་འཕོ་བས་དྲོད་འབར་བ་ནི་སེམས་ཀྱི་དགའ་བ་འགགས་པ་སྤྲུལ་པའི་ཐུགས་སོ། །ཨོ་ཌ་ནི་མཐའ་སྟེ་ཐིག་ལེ་གསང་གནས་སུ་ཕྱིན་པ་མཆོག་གི་བདེ་བྱེད་ཡེ་ཤེས་ཏེ་ཡེ་ཤེས་ཀྱི་དགའ་བ་འགགས་པ་སྤྲུལ་པའི་ཡེ་ཤེས་སོ། །འདིར་ཐིག་ལེས་མཚོན་ནས་སད་པའི་གནས་སྐབས་བསྟན་པའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ལའང་བཞི་སྟེ། རྨི་ལམ་གྱི་གནས་སྐབས་ཀྱི་དགའ་བ་སྟེ་ལུས་ཀྱི་མཆོག་དགའ་འགགས་པ་ལོངས་སྤྱོད་རྫོགས་པའི་སྐུ། མཆོག་དགའ་སྟེ་ངག་གི་མཆོག་དགའ་འགགས་པ་གསུང་། དགའ་བྲལ་དགའ་བ་སྟེ་སེམས་ཀྱི་མཆོག་དགའ་འགགས་པ་ཐུགས། ལྷན་ཅིག་སྐྱེས་དགའ་སྟེ་ཡེ་ཤེས་ཀྱི་མཆོག་དགའ་འགགས་པ་ཡེ་ཤེས་སོ། །ཆོས་སྐུ་ལའང་བཞི་སྟེ། གཉིད་ཀྱི་ལུས་འདར་ཞིང་གཡོ་བའི་ལུས་ཀྱི་དགའ་བྲལ་འགགས་པ་ཆོས་ཀྱི་སྐུ་སྟེ། སྲིད་པ་གསུམ་གྱིས་བཏུད་པ་ནི་ཕྱག་བྱས་པའོ། །དེའི་བརྗོད་པ་ཞེས་པ་གཉིད་དུས་ཀྱི་བླ་བཅོལ་ངག་གི་དགའ་བྲལ་འགགས་པ་གསུང་ངོ་། །གཉིད་ཡུར་བ་ནི་བརྒྱལ་བ་སྟེ། སེམས་ཀྱི་དགའ་བྲལ་འགགས་པ་ཆོས་ཀྱི་ཐུགས་སྲིད་པའི་འཇིགས་པ་འཇོམས་པའོ། །གཉིད་འཐུག་པོ་ནི་ཡེ་ཤེས་ཀྱི་དགའ་བྲལ་འགགས་པ་ཆོས་ཀྱི་ཡེ་ཤེས་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་ལའང་བཞི་ལ། ཁ་དོག་ནི་ཡིག་གེར་བསྒྱུར་བ་ལེགས་སྟེ་ལུས་ཀྱི་མཆོག་དགའ་འགགས་པ་དག་པའི་སྐུའོ། དབྱངས་ཡིག་དང་བྲལ་བའི་ཆ་ནི་ཚེག་དྲག་སྟེ་ངག་གི་ལྷན་ཅིག་སྐྱེས་དགའ་འགགས་པ་གསུང་ངོ་། །ཐིག་ལེས་མཚོན་པ་ནི་སེམས་ཀྱི་ལྷན་ཅིག་སྐྱེས་དགའ་འགགས་པ་ཐུགས་སོ། །མི་ཤིག་པ་ནི་ན་ད་སྟེ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་འགགས་པ་དག་པའི་ཡེ་ཤེས་སོ། །སྙོམས་འཇུག་གི་གནས་སྐབས་འདིར་ཡི་གེས་མཚོན་ནས་བསྟན་ཏེ། ཡི་གེ་ནི་ཨཀྵ་རའི་སྒྲ་ལས་མི་འགྱུར་བ་ཡིན་ལ། ཐབས་དང་ལྡན་པའི་སྙོམ་འཇུག་གིས་འགྱུར་བ་འཇོམས་པས་སོ། །དེ་ལྟར་རྡོ་རྗེ་རྣམ་གསུམ་ཞེས་པ་སྐུ་གསུང་ཐུགས་དང་རང་བྱུང་སྟེ་ཡེ་ཤེས་རང་བཞིས་སྐུ་བཞི་ལ་ཕྱེ་བས་བཅོམ་ལྡན་འདས་དགའ་བ་བཅུ་དྲུག་སྒྲིབ་པ་རྣམ་པར་དག་པའི་སྐུ་བཅུ་དྲུག་མངོན་དུ་བྱས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང་རྡུལ་གྱི་ཆ་འགགས་པས། རྡོ་རྗེ་ཉི་མ་སྣང་བ་ཆེ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། ཞེས་བྱ་བ་ལ། །ས་བོན་གྱི་ཆ་དགའ་བ་བཅུ་དྲུག་མི་འགྱུར་བའི་བདེ་བ་ཆེན་པོར་གྱུར་པས། རྡོ་རྗེ་ཟླ་བ་དྲི་མེད་འོད། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་གསུངས་ཏེ། དེ་ཐོབ་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་དོ། །དེ་བཞིན་དུ་མཐར་ཐུག་པའི་སའི་རྣམ་གྲངས་གཞན་ཡང་མཆོག་མི་འགྱུར་དུ་གསུངས་པ། དེ་བཞིན་དུ་ཀུན་དུ་བཟང་པོ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོའི་འོད་ཀྱི་ས་དང་། །བདུད་རྩི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང་། ནམ་མཁའི་འོད་ནམ་མཁའ་བཞིན་རང་བྱིན་གྱིས་བརླབ་པའི་ས་དང་། རྡོ་རྗེའི་འོད་ཡིད་དུ་འོང་པའི་ས་དང་། རིན་པོ་ཆེའི་འོད་དབང་བསྐུར་བར་བྱིན་གྱིས་བརླབ་པའི་ས་དང་། པདྨའི་འོད་རང་བཞིན་དག་པའི་ཆོས་སྤྲུལ་པ་སྤྲོ་བར་འཛིན་པའི་ས་དང་། སངས་རྒྱས་ལས་བྱེད་པའི་ས་དང་། དཔེ་མེད་པའི་ས་དང་། དཔེ་ཐམས་ཅད་ཀྱིས་དཔེ་སོ་སོའི་ཁམས་ཀྱི་ས་དང་། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང་། ཐམས་ཅད་མཁྱེན་པའི་འོད་ཆེན་པོ་དབྱིངས་ཀྱི་ས་དང་། སོ་སོ་རང་རིག་པའི་རྣལ་འབྱོར་གྱི་ཡེ་ཤེས་འགེངས་པའི་ས་ཞེས་པས་ཀྱང་། དང་པོ་གཉིས་ནི་སྔར་བསྟན་པ་ཡིན་ལ། དེའི་འོག་དུ་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། བྱ་བ་གྲུབ་པ་དང་། དོན་དམ་པ་དང་། ཀུན་རྫོབ་ཀྱི་རྗེས་སུ་འགྲོ་བ་དང་། ཇི་ལྟ་བ་དང་། ཇི་སྙེད་པ་དང་། དེ་བཞིན་གཤེགས་པའི་ཁམས་ཐོབ་པ་ཞེས་བྱ་བ་ཡིན་ནོ། །ཞེས་སྔོན་གྱི་བླ་མ་རྣམས་གསུངས་སོ། །འདི་ནི་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཐོབ་ཞེས་བརྗོད་དེ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱུད་བླ་མ་ལས་གསུངས་སོ་བཞིན་ནོ། །ཕུང་པོ་ལ་སོགས་པའི་གནས་གྱུར་གྱི་ཡོན་ཏན་ནི། ཐེག་པ་ཆེན་པོ་བསྡུས་པ་ལས་གསུངས་པ་བཞིན་ནོ། །དབང་པོ་ལྔ་དང་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་དང་ཀུན་བཞིའི་རྣམ་པར་ཤེས་པ་དང་། འཁྲིག་པ་དང་ནམ་མཁའི་འདུ་ཤེས་ཀྱི་གནས་གྱུར་བསྟན་པའི་རྗེས་ལ། མདོ་སྡེའི་རྒྱན་ལས། དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ན་གཞན་གྱུར་དཔག་མེད་པས། །བསམ་ཡས་བྱ་བ་སྒྲུབ་པ་ལ། །འབྱོར་པ་དཔག་དུ་མེད་པར་འདོད། །ཞེས་གསུངས་ཏེ། འདི་ཐམས་ཅད་སྐུ་བཞིར་འདུས་པར། །ཕ་རོལ་དུ་ཕྱིན་པ་ལས་ཀྱང་། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །སྤྲུལ་པ་གཞན་ནི་དེ་བཞིན་དུ། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཞེས་གསུངས་སོ། ཡེ་ཤེས་ཀྱི་འཕྲིན་ལས་བཤད་པ་ནི། དམིགས་པ་མེད་པའི་སྙིང་རྗེ་ཡིས། །སྒྱུ་འཕྲུལ་དྲ་བ་ལས་བྱུང་པ། །ཡིད་བཞིན་ནོར་བུ་ལྟ་བུར་ནི། །མཐའ་ཡས་སེམས་ཅན་རེ་བ་སྐོང་། །ཞེས་གསུངས་ཏེ། འདི་ནི་རྒྱུད་ལས་ཀྱང་། སངས་རྒྱས་ཀྱིས་ཀྱང་རྟོགས་བྱ་མིན་པའི་དཔག་མེད་ཡོན་ཏན་ཅན་གྱི་སངས་རྒྱས་སྤྲུལ་པའི་སྒྱུ་མ་ཡི། །བདག་ཉིད་ཀྱིས་ནི་སྲིད་པ་གསུམ་གྱི་གནས་སུ་སྟོན་པར་མཛད་པ་ཇི་ལྟར་མིག་འཕྲུལ་ལྟ་བུ་ཉིད། །དངོས་པོ་དུ་མར་ཕྱེ་བ་རྒྱལ་སྲས་རྣམས་དང་བཅས་པའི་མི་རྣམས་རང་རང་སེམས་ལ་འཇུག་པར་གྱུར། །འདི་དག་མ་སྐྱེས་ཆོས་ཏེ་ཆུ་དང་ནམ་མཁའ་ལྟ་བུར་འཁྲུལ་པ་སྟེར་བ་འདིར་ནི་སྐྱེ་བོ་རྣམས། ཡུལ་དང་ཡུལ་ཅན་རྣམས་ཀྱིས་རྣམ་པ་ཀུན་དུ་རྟོགས་པར་བྱ་བ་མིན་པ་རྒྱལ་བའི་རྡོ་རྗེའི་སྐུ། །གསུང་གི་རྡོ་རྗེ་སེམས་ཅན་ཀུན་གྱི་རང་གི་སྙིང་ཁའི་སྒྲ་ཡིས་ཆོས་རྣམས་རྫོགས་པར་བྱེད་པ་དང་། །མ་ལུས་པ་སྟེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་རྡོ་རྗེ་ཅན་གྱི་རྡོ་རྗེའི་ཐུགས། གང་ཞིག་དངོས་པོ་རྣམས་ལ་འཛིན་པ་དྲི་མེད་ནོར་བུ་ལྟ་བུ་དེ་བཞིན་ཡེ་ཤེས་རྡོ་རྗེ་ཉིད། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ནི་དབང་བསྐུར་བའི་ས་ཐོབ་པ་རྣམས་ཀྱིས་ཀྱང་། ཐམས་ཅད་རྟོགས་པར་དཀའ་ལ་མིག་འཕྲུལ་དང་མཚུངས་པ་སྟེ། དངོས་པོ་ཐམས་ཅད་དང་རྒྱལ་བའི་སྲས་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རང་གི་མཚན་ཉིད་དང་དབྱེ་བ་མེད་པར་འཇུག་སྟེ། ཆུ་དང་ནམ་མཁའ་ལ་ཟླ་བའི་གཟུགས་ལྟར་འདུས་མ་བྱས་པར་འཕྲིན་ལས་འབྱུང་བའི་ཕྱིར་རོ། །དེས་ན་ནམ་མཁའ་ལྟ་བུའི་རྡོ་རྗེའི་སྐུ་ནི་མཚན་མས་རྟོགས་པར་བྱ་བ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་གསུང་ནི། རྣ་བའི་ཡུལ་མ་ཡིན་ཏེ་རང་རང་གི་སྙིང་ཁའི་ཆོས་ཉིད་ཀྱི་རང་སྒྲར་སོན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་ཐུགས་ནི་རྣམ་པར་མི་རྟོག་བཞིན་དུ་རེ་བ་ཐམས་ཅད་བསྐོངས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་དུ་སོན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་རེ་བ་ཐམས་ཅད་སྦྱིན་པ་ཡིན་པ་སྟེ། ཤེས་བྱ་ཐམས་ཅད་ཀྱི་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེས་ན་འགྲེལ་ཆེན་ལས། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་ཅིག་དུ་སྦྱོར་བ་སྡོམ། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་ཅིག་དུ་སྦྱོར་བར་སྡོམ། དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་ཏུ་སྦྱོར་བར་སྡོམ། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་ཅིག་ཏུ་སྦྱོར་བར་སྡོམ། །སད་པ་རྨི་ལམ་གཉིད་འཐུག་དང་། །བཞི་པ་དབང་པོ་གཉིས་སྐྱེས་བདེ། །ཡེ་ཤེས་ཐུགས་གསུང་སྐུ་ཡིས་མིན། །གནས་བཞི་རྣམས་སུ་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་སུ་བཏང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེན་པོ་ལས་བྱུང་བ། །ལྷན་སྐྱེས་གཞན་དང་ལྷན་ཅིག་མིན། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པའི་རྣམ་པ་ཡི། །རྟོག་པ་བརྗོད་པ་རྣམ་པ་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་རྣམས་ཀྱི་ནི་རང་བཞིན་དུ། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་བཾ་ཡི་གེ་ལ་ཕྱག་འཚལ། །ཞེས་གཞི་ལམ་འབྲས་བུ་ཐམས་ཅད་བསྡུས་ཏེ་གསུངས་སོ། །རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་རྣམས་ལ་བརྟེན་ནས་འདི་སྐད་སྨྲས་པ། སྣང་དང་སྟོང་པ་དབྱེར་མེད་པ། །ཆུ་ཟླ་ལྟ་བུའི་སྐུ་མཐོང་ནས། །མི་འགྱུར་དབྱངས་དང་གསལ་བྱེད་ཀྱི། །རླུང་ནི་དུང་ཅན་དབུས་སུ་འགོག །ཡན་ལག་བཅུ་གཉིས་སྲིད་རྩ་སྟོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །སྲོག་རྩོལ་གསུང་ནི་རབ་བསྒྲུབས་ནས། །བདུད་རྩི་ཞུ་བ་ཡི་གེ་གཟུགས། །ཕྱག་རྒྱ་གསུམ་གྱིས་མི་འགྱུར་བཅིངས། །ཐུགས་ནི་འཛག་མེད་རབ་བསྒྲུབས་ནས། །སྲིད་ཞི་རྣམ་པར་སྤངས་པའི་ཕྱིར། །སྣ་ཚོགས་ཀུན་བརྟགས་ལྷ་དང་སྔགས། རྟོག་པས་བསྒོམ་པ་དོར་བ་དང་། །ཆགས་སོགས་ཉོན་མོངས་ཀུན་སྤངས་ཤིང་། །བྱིས་པས་ཉེར་སྤྱོད་བསམ་གཏན་དང་། །གཟུགས་མེད་བཞིར་བཅས་བཀག་ནས་ཀྱང་། མི་རྟོག་ཏིང་འཛིན་སྔགས་པར་མཛད། །ཞི་བའི་མཐར་སོང་དགག་པའི་ཕྱིར། །རྟོག་པས་ཅིག་དང་དུ་བྲལ་དུ། །བརྟགས་པའི་སྟོང་པ་བཀག་ནས་ཀྱང་། །རང་གི་ཡེ་ཤེས་སྣང་བའི་གཟུགས། །པྲ་རྣམས་ཀྱི་ནི་རྣམ་པ་ལྟའི། །ཕྱག་རྒྱ་ཆེན་མོ་དང་འཁྱུད་ནས། །དངོས་ཀུན་འོད་གསལ་ངོ་བོར་མཛད། །ཟུང་འཇུག་ལམ་དུ་སོན་པ་དང་། །སྒྱུ་འདྲའི་སྤྲུལ་ལ་དབང་མཛད་ཕྱིར། །སྣ་ཚོགས་ཆོས་རྣམས་ཡེ་ཤེས་ཀྱི། །ཕྱག་རྒྱ་མིག་འཕྲུལ་ལྟ་བུར་སྦྱོངས། །སྒྲ་སྙན་བྲག་ཆ་ལྟ་བུའི་ཆོས། །མི་ཟད་གཟུངས་ཀྱི་སྒོ་རུ་འཛིན། །འདོད་པས་ཉམས་ཐག་འགྲོ་གཟིགས་ན། །ཤུ་དྲ་དེ་བཞིན་གཤེགས་པ་དེ། །རྒྱུ་མཐུན་ལས་ཀྱི་ཕྱག་རྒྱས་བཅིངས། །སླར་ཡང་སྤྱི་གཙུག་བར་དུ་གཤེགས། །སྲེད་སོགས་འཁྲུལ་པ་དང་བྲལ་བ། ལྷན་སྐྱེས་སྐུ་ནི་བཅུ་དྲུག་སྟོན། །འཁོར་བ་ཇི་སྲིད་མཛད་སྟོན་པ། །སྲིད་ཞི་གཉིས་སུ་མི་བཞུགས་ཤིང་། །མྱ་ངན་མི་འདའི་སྒྱུ་མ་མཁན། །གྲུབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ད་ནི་བསྔོ་བ་ཕན་ཡོན་དང་བཅས་པ་ལ་གཉིས་ལས། །ཕན་ཡོན་ནི་སེམས་ཅན་སྒྲོལ་བའི་བདེ་བ་ཆེ། །འཛག་པའི་འདོད་ཆགས་སེལ་བར་བྱེད། །འགྲོ་དྲུག་སྡུག་བསྔལ་སེལ་བྱེད་པ། །ཞེས་གསུངས་ཏེ། །རྒྱུད་ལས། རོའི་འགྲོ་བས་སོན་པ་ཐམས་ཅད་སྲོག་གི་ཀུན་ནས་བགྲངས་ནས་ཉོན་མོངས་བདུད་ནི་ངེས་པར་འཇོམས། རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་བླ་མ་རྣལ་འབྱོར་པ་ཡི ས་ཚེ་འདི་ལ། གལ་ཏེ་འཆི་བའི་ལམ་དུ་ཞུགས་པར་གྱུར་ན་དེ་ནས་དེ་བཟུང་ནས་ནི་སྐྱེ་བ་གཞན་དུའོ། །ཞེས་གསུངས་ཏེ། འགྲོ་བ་དྲུག་ནི་འཆིང་བ་ཐམས་ཅད་གཅོད་ཅིང་བདུད་ཐམས་ཅད་སེལ་བར་མཛད་པ་ཚེ་ཅིག་ལུས་ཅིག་གིས་སངས་རྒྱས་ཉིད་འགྲུབ་ཅིང་། གལ་ཏེ་ལམ་ལ་ཞུགས་བཞིན་དུ་འཆི་བའི་དུས་བྱས་ན་སྐྱེ་བ་མང་པོ་བརྒྱུད་མི་དགོས་པར་འགྲུབ་པའོ། །དེ་བཞིན་དུ་འགྲེལ་ཆེན་ལས་ཀྱང་། སོ་སོའི་སྐྱེ་བོ་ཉན་ཐོས་ཀྱི་སྡོམ་པའི་ངེས་པ་དང་བྲལ་བ་འདོད་པའི་ཡོན་ཏན་དང་དབང་པོ་གཉིས་ཀྱི་བདེ་བ་ལ་མོས་པ་ཁམས་དྲུག་དང་ལྡན་པའི་མིའི་ལུས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་སྟེར་བ་ནི་དེ་བཞིན་གཤེགས་པའི་བཀའ་ཡིན་ཏེ། དེས་ན་འདིར་སྔགས་ཀྱི་ཐེག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རིགས་ངན་སྨིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་ལ་སོགས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་པས། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་བདེན་ཏེ། སྐྱེ་བ་འདིར་གང་སྔོན་དུ་བྱས་པའི་མཚམས་མེད་པ་ལྔ་ལ་སོགས་པའི་མ་རུངས་པའི་ལས་དེ་འདིར་སྔགས་ཀྱི་ཐེག་པའི་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱིས་བཅོམ་པ་ཉིད་དེ་གཞན་གློ་བུར་གྱི་མི་དགེ་བ་ལ་མི་འཇུག་པའི་ཕྱིར་རྡོ་རྗེ་ཆོས་འབྱུང་གི་ཁང་པར་བདུད་བཞི་དང་བགེགས་ལ་སོགས་པ་འཇུག་པའི་སྒོ་རྣམས་སུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་སྒོ་གླེགས་བཅུག་ནས། དེར་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱིར་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་པ་ནི། མཚམས་མེད་པ་བྱས་པ་ཡང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རྙེད་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བཀའ་ངེས་པའོ། །སྔགས་ཀྱི་ཐེག་པར་ཞུགས་པ་ཙམ་གྱིས་མཚམས་མེད་པ་ལྔ་ལ་སོགས་པ་མ་རུངས་པའི་ལས་བྱས་པ་ཡང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་འབྲས་བུ་རྙེད་པར་འགྱུར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་རྒྱུད་ཐམས་ཅད་ལས་ཕན་ཡོན་མང་དུ་གསུངས་ཀྱང་མ་བྲིས་སོ། །བསྔོ་བ་ནི། ལམ་མཆོག་ཚོལ་དང་ཕྲད་པར་ཤོག །ཞེས་གསུངས་ཏེ། རྡོ་རྗེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ལམ་ཚོལ་བ་ཐམས་ཅད་དང་ཕྲད་པར་ཤོག་ཞེས་པའོ། །འདི་ལྟ་བུའི་གདམ་ངག་ཁྱད་པར་འཕགས་པའི་ཆེ་བ་ནི། །རྒྱུད་ལས། དུ་བ་ལ་སོགས་སྒྲུབ་པ་ཉིད་ཀྱིས་འཆི་བའི་འཇིག་པ་བྱེད་པའི་དབུ་མ་ཡང་ནི་བསྒྲུབ་པར་བྱ། །སྲོག་ལ་སོགས་པ་བསྒྲུབ་པ་ཉིད་ཀྱིས་འཛག་པར་གྱུར་པའི་རི་བོང་འཛིན་པའི་ཐིག་ལེ་བསྒྲུབ་པར་བྱ། །དམ་པའི་བདེ་བ་བསྒྲུབ་པ་ཉིད་ཀྱིས་རྒྱལ་བའི་ལྷན་ཅིག་སྐྱེས་སྐུ་ཀུན་དུ་འགྲོ་བ་སྒྲུབ་པར་བྱ། །གང་ཞིག་སེམས་ཅན་རྣམས་ལ་འཆི་བ་སྟེར་བ་མ་ལུས་སྔགས་ཀྱིས་བརླབས་ན་བདུད་རྩིའོ། བགྲོད་བྱ་མིན་པའི་འདོད་པའི་དངོས་གྲུབ་གང་ཞིག་སྲིད་གསུམ་གནས་སུ་དེ་འདིར་བསམ་གཏན་གྱིས་དགྲོད་བྱ། །གང་ཞིག་ངེས་པར་རྙེད་དཀའ་ཡེ་ཤེས་རྡོ་རྗེ་པད་མའི་བདེ་བས་བྱིན་གྱིས་བརླབས་ན་རྙེད་པར་སླ། །དེ་ལྟར་འདི་ལྟར་རྡོ་རྗེ་ཅན་གྱིས་སྲོག་ཆགས་རྣམས་ལ་མཉམ་བདེ་དུས་རྣམས་ཀུན་དུ་སྟེར། །ཞེས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་དཔལ་མིའི་དབང་པོས་མཛད་པའི་འགྲེལ་པ། ཕྱག་ན་པད་མོ་ཅན་གྱི་བྱིན་བརླབས་ལས་རང་བྱུང་རྡོ་རྗེ་ཡིས་སྦྱར་བའོ། །རྡོ་རྗེ་ཐེག་པ་སངས་རྒྱས་ཀུན་གྱི་ལམ། །ཟབ་ཅིང་རྟོགས་པར་དཀའ་བའི་སྙིང་པོའི་དོན། །རྒྱལ་སྲས་མཁས་གྲུབ་རྣམས་ཀྱིས་གསུངས་པ་ལྟར། །བཤད་ལས་དགེ་བ་ཅུང་ཟད་གང་ཐོབ་པ། །སེམས་ཅན་ཡེ་ཤེས་སྐུ་ཉིད་ཐོབ་གྱུར་ཅིག །གལ་ཏེ་འགལ་དང་འཁྲུལ་པ་གྱུར་སྲིད་ན། །བླ་མ་མཁའ་འགྲོའོ་ཚོགས་ལ་བཟོད་པར་གསོལ། །རྟ་ལོ་ཟླ་བ་གཉིས་པའི་ཚེས་གསུམ་ལ་ནགས་ཕུ་དཔལ་གྱི་རི་ཁྲོད་དུ་མཛད་པ་འདི་རེ་ཤིག་རྫོགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཡི་གེ་པ་ནི་དཀོན་མཆོག་རྒྱལ་མཚན་ནོ། །དགེའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net