རླུང་དང་རིགས་པའི་བཅུད་ལེན་རང་བྱུང་རྡོ་རྗེས་སྦྱར་བ་བཞུགས།

From Rangjung Yeshe Wiki Texts
Revision as of 09:39, 18 February 2013 by Eric (talk | contribs) (1 revision: 3rd Karmapa Collected Works)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །རླུང་དང་རིགས་པའི་བཅུད་ལེན་རང་བྱུང་རྡོ་རྗེས་སྦྱར་བ་བཞུགས་སོ། །བྷུདྷ་སང་གྷའོ། །[1]

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རླུང་དང་རིག་པའི་བཅུད་ལེན་འདི། །གཞན་ལ་ཁྱད་པར་འཕགས་པ་ཡི། །ཡོན་ཏན་ལྡན་ཕྱིར་བཤད་པར་བྱ། །དབེན་པར་འཇིག་རྟེན་བྱ་བ་བཏང་། །བླ་མེད་བྱང་ཆུབ་འདོད་པ་ཡི། །བདེ་བའི་སྟན་ལ་ལུས་བསྲང་ལ། །དཀྱིལ་དཀྲུང་མཉམ་བཞག་ཕྱག་རྒྱ་བྱ། །ལྕེ་རྩེ་ཡ་རྐན་དྲུང་དུ་བཞག །མཆུ་སོ་རང་ལུགས་སུ་བཞག་ནས། །ཐོག་མར་རླུང་རོ་བུས་ནས་ཀྱང་། །ཆ་དང་རླུང་ལ་བྱང་བར་བྱ། །ཁྱད་པར་བཅུད་ལེན་དེ་ཉིད་དུ། །སྟེང་རླུང་གནན་ལ་ལྟོ་བ་དགང་། །འོག་རླུང་དྲག་དུ་བསྡམས་པར་བྱ། །སྟེང་རླུང་དཀར་ལ་འོག་རླུང་དམར། །གའུ་ལྟ་བུ་ཁ་སྦྱར་ལ། །རིག་པ་དེའི་དབུས་སུ་གཏད། །མཆིལ་མའི་དང་མ་མིད་བྱ་ཞིང་། །ལུས་རྣམས་བདེ་བའི་གང་བར་བསམ། །སྐབས་སུ་སྐྱོ་ཚ་བཏུང་བར་བྱ། །དེ་དུས་ཏིང་འཛིན་འདི་ལྟར་བྱ། །སྙིང་ཁར་ཧཱུྃ་ལས་བདུད་རྩི་ཡི། །ལྷ་མོ་དཀར་མོ་གཡས་པ་ན། །གྲི་གུག་གཡོན་ན་བདུད་རྩི་ཡིས། །བུམ་པ་རྣམས་པ་བསམ་བྱས་ལ། །རང་གིས་སྙིང་གི་རྩེ་མོ་བཅད། །བདུད་རྩི་བླུག་ནས་ཁེངས་པ་ཡིས། །ལུས་ལ་བདེ་དང་ལྡན་པར་བསམ། །དེ་དུས་སྐྱེ་ཚ་བཏུང་བར་བྱ། །ལྷག་མ་ཟས་ཀྱི་འདུ་ཤེས་བཅད། །དེ་ལྟར་ཟླ་བ་དྲུག་བསྒོམ་ན། །རླུང་དང་བསམ་གཏན་ཟས་ཀྱིས་འཚོ། །མངོན་པར་ཤེས་པར་འབྱུང་བ་དང་། །སྐྲ་དཀར་གཉེར་མ་མེད་པ་དང་། །ཡོན་ཏན་དཔག་ཏུ་མེད་པ་འབྱུང་། །འདི་ལ་གང་ཡང་གེགས་མི་འབྱུང་། །ཐོག་མར་རླུང་ལ་འབྱོང་བ་གཅེས། །བཀྲེས་ན་ཏིང་འཛིན་ནན་ཏན་བྱ། །རླུང་ལ་སྐུ་མཉེ་བཅུད་ལེན་བྱ། །འདི་ནི་བཅུད་ལེན་ཐམས་ཅད་ཀྱིས། །སྤྱི་ཁྱབས་དམིགས་པ་ཉིད་ཀྱང་ཡིན། །བླ་མ་དམ་པ་རིམས་ཀྱིས་རྒྱུད་པ་ཡིན། །བཅུད་ལེན་ཀུན་ལ་ཁྱད་པར་འཕགས་པ་ཡིན། །རང་བྱུང་རྡོ་རྗེས་མཐོང་ནས་ནི། །གཞན་ལ་ཕན་པར་བསམ་ནས་ནི། །འཕྲི་མནན་མེད་པར་བྲིས་པ་ཡིན། །སློབ་དཔོན་གསང་ཞིང་རང་ཆེ་འདོད། །ཡིག་གེ་ཡོད་ནས་ང་མཁས་ཟེར། །དོན་མེད་འཆལ་པའི་གང་ཟག་ལ། །གསང་ནས་བསྒྲུབ་པ་མན་ངག་ཡིན། །དད་ལྡན་འཇིག་རྟེན་ཞེན་པ་ཆུང་། །བསྒྲུབ་ལ་བརྩོན་ཞིང་གདམས་ངག་ལ། །འཕྲི་བསྣན་མི་བྱེད་བསྟན་པར་མཁས། །དེ་འདྲ་རྣམས་ལ་ཕྱོགས་མེད་སྦྱིན། །བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོ་རླུང་རིགས་པའི་བཅུད་ལེན་རྫོགས་སོ། །སྟག་ལོ་ཟླ་བ་བཞི་པ་ལ་ཕོ་བྲང་ཆེན་པོ་སྟའི་ཏུའི་སྟེང་གསེར་བ་ན། ལྷ་ཁང་ཆེན་པོ་བཞེང་ཞིང་ཡོད་པའི་དུས་སུ་བྲིས་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net