དམ་ཅན་སྐྱེས་བུའི་ལས་བྱང་དང་མངོན་རྟོགས་བཞུགས།

From Rangjung Yeshe Wiki Texts
Revision as of 09:39, 18 February 2013 by Eric (talk | contribs) (1 revision: 3rd Karmapa Collected Works)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །དམ་ཅན་སྐྱེས་བུའི་ལས་བྱང་དང་མངོན་རྟོགས་བཞུགས་སོ། །[1]

༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལས་མཁན་ཆེན་པོ་བསྒྲུབ་པའི་མན་ངག་ནི། །རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྒོམ་པ་ལ། དེའི་མདུན་དུ་ཕ་ཝང་ལོང་བུའི་མཁར་འཇའ་ཚོན་སྣ་ལྔ་བསྐོར་གཅིག་བསྒོམ་དེའི་ནང་དུ་པདྨ་དང་ཉི་མའི་གདན་ལ། ར་སྐྱེས་ཁམ་པ་ར་ལས་སྐར་ཁུང་གསུམ་རྩེགས་ཡོད་པ། དེའི་སྟེང་དུ་ཏྲི་ནག་པོ་དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཚར་བཅད་དེ་ཡོངས་སུ་གྱུར་པ་ལས། སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པར་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདང་ཞིང་མཆེ་བ་གཙིགས་པ་དབུ་སྐྲ་དམར་སེར་གྱེན་དུ་འབར་བ་ཞལ་ནས་དུག་གི་ཁ་རླང་འཐུལ་བ། ཕྱག་གཡས་ན་ཁྲོ་ཆུའི་ཐོ་བ། གཡོན་ན་འགར་གྱི་སྦུད་པ་ཐོག་པ། དར་ནག་གི་བེར་དགུ་བརྩེགས་གསོལ་བ། འཁོར་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་བཅས་པ་སོད་ཅིག་རྒྱོབ་ཅིག་པའི་སྒྲ་སྒྲོགས་པ། ཟ་བྱེད་མཆེ་སྡེར་ཅན་ཕོ་ཉར་འགྱེད་པ་བཀའ་ཉན་ཅིང་ལས་བྱེད་པ་དེ་ལྟ་བུ་གསལ་བར་བསྒོམ་ལ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཐུགས་ཀའི་ཏྲི་ལས་འོད་ཟེར་འཕྲོས་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི་དམ་ཅན་འཁོར་དང་བཅས་པ་མདུན་དུ་བྱོན་པར་བསམ་ལ། དབྱངས་དང་བཅས་པ་འདི་ལྟར་རོ། །ཧཱུྃ་དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེག་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་སྐྱེས་བུ་ཆེན་པོ་མཚན་ཅན་ཁྱོད། །ཐུགས་རྗེས་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ་དམ་ཚིགས་དབང་གིས་སྟོང་གསུམ་ཀུན་རྒྱུ་ཞིང་། །སངས་རྒྱས་བསྟན་ལ་གནོད་པས་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོས་ཚོགས་དང་བཅས་པས་གཤེགས་སུ་གསོལ། །ཧཱུྃ་དཔལ་ལྡན་སྐྱེས་བུས་འཕྲིན་ལས་མཛད་པའི་ཚེ། དགྲ་བགེགས་འབྱུང་པོ་འདུལ་བས་དོན་སླད་དུ། །དཔལ་ལྡན་གིང་གི་ཚོགས་དང་བཅས་པ་རྣམས། །གཏོར་མ་འབུལ་བས་སླད་དུ་གཤེགས་སུ་གསོལ། །ཧཱུྃ་ཉི་མ་བྱང་ཕྱོགས་ཕ་ཀི་ནི། །ཕ་ཝོང་ལོང་བུའི་སྐུ་མཁར་ནས། ར་སྐྱེས་ཁམས་པའི་གདན་སྟེང་ནས། །བཙན་གྱི་རྒྱལ་པོ་གཤེགས་སུ་གསོལ། །ཧཱུྃ་དཔལ་ལྡན་རྟ་མགྲིན་ཡང་སྤྲུལ་འཇིགས་པས་སྐུ། །དྲེག་བྱེད་ཀུན་གྱིས་རྒྱལ་པོ་འཇིག་པ་པོ། རབ་ཁྲོས་ཡི་དགས་རྒྱལ་པོ་དུད་མདོག་ཅན། །སྲོག་ལེན་དབུག་ཕྲོག་འབར་བ་གཤེགས་སུ་གསོལ། །ཧཱུྃ་དཔལ་ལྡན་སྐྱེས་བུའི་འཕྲིན་ལས་མཛད་པས་ཚེ། །མཆོད་ཟླ་སུམ་བརྒྱ་དྲུག་བཅུར་བཅས་པ་དང་། །ཟ་བྱེད་མཆེ་བ་ཅན་དང་བཅས་པ་རྣམས། །དགྲ་བོས་ཤ་ཁྲག་གསོལ་ཤིང་ཚུར་བྱོན་ནོ། །ཧཱུྃ་དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བས་གཙོ། །འགྲོ་བས་དོན་དུ་ཐུགས་རྗེས་སྐུར་སྤྲུལ་ནས། །བསྒྲུབ་པ་པོ་ལ་སྡང་བའི་དགྲ་བགེགས་རྣམས། འདུལ་མཛད་སྐྱེས་བུ་ཆེན་པོ་ཚུར་བྱོན་ནོ། །ཧཱུྃ་དྲེག་པ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་བསྲེག་བྱེད་ཞལ་ནས་མེ་འབར་ཞིང་། །ཤང་ནས་རླུང་ནག་འཚུབ་མར་འཁྱིལ་པའམ། །འཁོར་བས་ཉོན་མོངས་ལོག་ལྟ་འཇོམ་པར་མཛད། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་གྱི་མཚན་ཅན་ཁྱོད། །དིང་འདི་ནས་ནི་སྙིང་པོ་བྱང་ཆུབ་བར། །རྡོ་རྗེ་ལེགས་པ་སྐྱེས་བུ་ཁྱོད་ཉིད་དང་། །མི་འབྲལ་ཕྱིར་ན་གནས་འདིར་གཤེགས་སུ་གསོལ། དེ་སྐད་བརྗོད་ཅིང་དམ་ཅན་འཁོར་དང་བཅས་པ་མདུན་དུ་བྱོན་པར་བསམ་ལ། གདན་འབུལ་བ་ནི། ཧཱུྃ་དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་ཚོགས། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །སྤྲུལ་པ་ཡང་སྤྲུལ་ཤ་ཟ་ཕོ་ཉའི་ཚོགས། །འཐིང་ནག་འབར་བས་གདན་ལ་བཞུགས་སུ་གསོལ། །ཧཱུྃ་དམ་ཅན་སྐྱེས་བུ་སྲོག་བདག་ཁྱོད་ཉིད་ནི། སངས་རྒྱས་བསྟན་པ་ཡུན་དུ་སྐྱོང་ཕྱིར་དང་། །འགྲོ་བས་དོན་ལ་ཐུགས་རྗེས་བརྩེར་དགོང་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །དེ་ནས་གཏོར་མ་འབུལ་བ་ནི། སྣོད་གང་ཡང་རུང་བའི་ནང་དུ་གྲུ་བཞིའི་མཁར་ཐབ་བྱས་ལ། དེའི་སྟེང་དུ་བཤོས་བུ་བཞག་ར་སྐྱེས་སྐར་ཁུང་གསུམ་དང་ལྡན་པ་ཡང་བཞག །ཐ་མ་ར་ཤ་ར་ཡི་རྣམ་ལྔ་དང་ཐེབ་བསྐྱུར་བསྐོར་ལ་བཞག །ཕུད་མ་ཉམས་པའི་ཆང་དང་ར་ཡི་ཁྲག་བྲན་ལ་སྟེག་གི་ཁར་དར་སྣ་ལྔས་བརྒྱན་ལ་བཞག །དེ་ནས་བྱིན་གྱིས་བརླབ་བ་ནི། ཨོཾ་སྭ་བྷ་བ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་དྷོ་ཧཾ། རང་ཉིད་རྡོ་རྗེ་འཛིན་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་སོང་བ་ལས་ཡཾ་ལས་རླུང་། རཾ་ལས་མེ། དེའི་སྟེང་དུ་པདྨའི་སྣོད་དང་སྒྱེད་པོ་དེ་ཡི་ནང་དུ་གཏོར་མ་འོད་དུ་ཞུ་བ་ལ་བདུད་རྩི་ཁ་དོག་རྣམ་པ་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཨི་དམ་བྷ་ལིང་ཁ་ཁ་ཁྭ་ཧི། ཨོཾ་བཛྭ་ས་ཏུ་ས་མ་ཡ། བཾ་ཀྲཾ་ཀྲཾ་ནི་ཀྲ་མ་ནི། ས་མ་ཡ་ས་ཏུ་ཏྲི་ཛ་ཛ་ཧཱུྃ་བཾ་ཧོ། བྷ་ལིང་ཏ་ཁ་ཁ་ཁཱ་ཧི། ཅེས་བརྗོད་པས་འཁོར་དང་བཅས་པས་གཏོར་མ་གསོལ་བར་བསམ། ཡང་ལས་སྦྱོར་དུ་དགྲ་བོའི་ཤ་ཁྲག་དུ་བསམ་འབུལ། དེ་ནས་བསྟོད་པ་བྱ་བ་ནི་རོལ་མོ་དང་བཅས་པས། ཧཱུྃ་དམ་ཅན་སྐྱེས་བུ་ཁོལ་པོ་འཁོར་བཅས་ལ་། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་དང་། །དམ་རྫས་སྣ་ཚོགས་དར་གྱིས་མཆོད་པ་རྣམས། །སྐྱེས་བུ་ཆེན་པོ་འཁོར་དང་བཅས་ལ་འབུལ། །ཁམས་གསུམ་སྟོང་གསུམ་འབྱུང་བཞི་ལས་གྲུབ་པས། །ཤེལ་གྱི་མཆོད་རྟེན་རིན་ཆེན་སྣ་བདུན་ཉིད། །དམ་རྫས་བྷ་ལིང་ལ་སོགས་ཐམས་ཅད་ཀྱི། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། སངས་རྒྱས་བསྟན་ལ་གནོད་པས་དགྲ་བོ་དང་། །བླ་མ་ལ་སྡང་གསང་སྔགས་སྨོད་ལ་སོགས། །དམ་ཉམ་དགྲ་བོའི་ཤ་ཁྲག་མཆོད་པར་བཞེས། །ཁྱེད་ལ་མཆོད་པ་འབུལ་བས་བསོད་ནམས་ཀྱི། །ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱེད་པ་དང་། །བསྒྲུབ་པ་པོ་ལ་ཚེ་རིང་ནད་མེད་དང་། མཐུ་དང་ལོངས་སྤྱོད་རྒྱས་པས་དངོས་གྲུབ་གསོལ། །ཧཱུྃ་དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་ཚོགས། །འགྲོ་བའི་དོན་ལ་ཐུགས་རྗེས་སྐུ་སྤྲུལ་པ། །གདུག་པ་འདུལ་ཕྱིར་ལོངས་སྤྱོད་ཆེན་པོ་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་ལ། །ར་ལ་ཆིབ་ནས་སྐུ་ལ་དར་དཀར་གསོལ། །ཕྱག་གཡས་རའི་རྒྱན་མཚན་བསྣམ་ནས་ཀྱང་། །འཁོར་བའི་ལོག་རྟོག་མ་ལུས་སེལ་བར་བྱེད། གཡོན་གྱི་ཕྱག་ན་མདུང་དར་དཀར་པོ་བསྣམས། །དགྲ་བགེགས་ཕ་རོལ་རྒོལ་བ་བཟློག་པར་མཛོད། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །སྤྱན་རྩ་དམར་ཤིང་ཤངས་ནས་རླུང་ནག་འཚུབ། །ལྗགས་ནི་དམར་པོ་གློག་ལྟར་འཁྱུག་པ་ཡི། །འཇིག་རྟེན་ཁམས་གྱིས་ལོག་འདྲེན་བགེགས་རྣམས་ཀུན། །ཐམས་ཅད་ཚར་གཅོད་ཟིལ་གྱི་གནོན་པར་མཛོད། །སྐྱེས་བུ་བདུད་འདུལ་དྲེག་པ་ཀུན་སྒྲོལ་ཤིང་། །འཇིག་རྟེན་ཁམས་ཀྱིས་འབྱུང་པོ་འདུལ་བ་ཡི། དམ་ཅན་གིང་གི་ཚོགས་དང་བཅས་ལ་བསྟོད། །ཧཱུྃ་ཐམས་ཅད་གཙོར་གྱུར་དཔལ་ལྡན་ཀུན་གྱིས་སྲས། །སྐུ་མདོག་དམར་པོ་བེར་ནག་དགུ་བརྩེག་གསོལ། །གཡས་ཀྱིས་ཕྱག་ན་གསེར་གྱིས་རྡོ་རྗེར་བསྣམ། །གཡོན་གྱིས་ཕྱག་ན་གནད་ཀྱི་རྐྱལ་པ་ཐོགས། །སེངྒེ་བཅིབ་ནས་སྟོང་གསུམ་མ་ལུས་ཉུལ། །སངས་རྒྱས་བསྟན་ལ་གནོད་པས་དགྲ་བོ་རྣམས། །རྡུལ་དུ་བརློག་ཅིང་ཁྲག་དུ་སྐྱུག་པར་མཛོད། མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས་པ་དང་། ཕོ་ཉ་གཅན་གཟན་མཆེ་སྡེར་གདུག་པ་ཅན། །ཡང་སྤྲུལ་ཤ་ཟ་སྲོག་གཅོད་གིང་དང་བཅས། །དམ་ཉམས་དགྲ་བོས་ཤ་ཁྲག་རུས་པ་དང་། །དོན་སྙིང་ནང་རོལ་དབུགས་ལ་ད་རོལ་ལ། །སྔོན་གྱི་ཐུགས་དམ་གཉེན་པོ་བརྩེར་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དམ་ཅན་མགར་བའི་མཚན་ཅན་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། གཡས་ཀྱིས་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་ཀྱིས་སྦུད་པ་ཐོགས། །རལ་པ་བཅིང་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུགས། །དམ་ཉམས་དགྲ་བོ་གྱུར་མེད་མྱུར་དུ་མཛོད། །ཞལ་ནས་རྐན་སྒྲ་དྲག་པོ་བརྡབ་པ་ཡི། །ལོག་པར་ལྟ་བས་དགྲ་བགེགས་འདར་དུ་ཆུགས། །སྲིད་གསུམ་གདུག་པའི་ཚོགས་རྣམས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་བསྡུད་མཛད་པས། །དམ་ཅན་མགར་བ་ནག་པོས་ཚོགས་ལ་བསྟོད། །ཧཱུྃ་སྔོན་ཚེ་རྡོ་རྗེར་འཛིན་པས་སྤྱན་སྔ་རུ། །བཀའ་བཞིན་ཉན་པར་དམ་བཅས་ནས། །རང་རྟག་སྲོག་གི་སྙིང་པོ་ཕུལ། །བསྟན་པ་བསྲུང་བར་དམ་བཅས་ནས། །གསང་བདག་ཕྱག་མཚན་རྡོ་རྗེར་ཡི། །སེམས་སྐྱེད་དབང་སྐུར་དམ་ཚིག་ཕོག །གསང་མཚན་རྡོ་རྗེ་ལེགས་པར་བཏགས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྐུ་མདོག་ནག་པོ་དུ་བས་མདོག །དབུ་ལ་འབོ་ཞུ་ཆེན་པོ་གསོལ། །སྤྱན་ནི་སྡང་མིག་ཟུར་གསུམ་ལྟ། །འགལ་བྱེད་ལོག་ལྟ་ཞེ་ལ་གནོན། །སྙན་ནི་དགེ་སྟག་གི་གཏམ་ལ་ཉན། །ཤངས་ནས་རླུང་ནག་འཚུབ་མར་འཁྱིལ། །ལས་ངན་དགྲ་བོ་མྱོས་སུ་ཆུག །དམར་ནག་ཞལ་ནི་ཟུར་གསུམ་བསྒྲད། །བསྒྲལ་བས་ཞིང་བཅུ་བཞེས་སུ་གསོལ། །ལྗགས་ནི་དམར་པོ་གློག་ལྟར་འཁྱུགས། །ལས་ངན་དགྲ་བོ་གྱུར་མིད་མཛོད། །བསད་བཅད་སྒྲ་ནི་འབྲུག་ལྟར་སྒྲོག །དགྲ་བོ་རྨུག་ཤིང་མྱོས་སུ་ཆུག །རྣོ་གདུག་མཆེ་བ་གཙིགས་པ་ཡི། །སྡང་བས་དགྲ་བོས་སྲོག་རྩ་ཆོད། །དུག་གི་ཁ་རླང་ནག་པོ་ཡི། །སྨྱོ་འབོག་ཁྲག་ནད་སྐྱུག་དུ་ཆུག །སྐུ་ལ་དར་ནག་འཇོལ་བེར་གསོལ། །སྡང་བས་དགྲ་བོས་སྲོག་རྩ་ཆོད། །གཡས་ན་ཁྲོ་ཆུས་ཐོ་བ་ཐོག །ལོག་རྟ་གནོད་བྱེད་ཕུང་པོ་ཆོམ། །གཡོན་པ་མགར་གྱིས་སྦུད་པ་ཐོག །སྡང་བའི་དགྲ་བོ་ཐལ་བར་རློག །ཞབས་ནི་གྱད་ཀྱི་དོར་ཐབ་ཅན། །བསྟན་པ་འཇིག་པ་བསྒྲལ་དུ་གསོལ། །ཡིད་དགས་བཙན་གྱི་རྒྱལ་པོ་ཁྱོད། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་ཅན། འགལ་བྱེད་ལོག་ལྟ་ཆམ་ལ་ཕོབ། །མགར་བ་ནག་པོ་དུས་ལ་བབས། །རྡོ་རྗེ་ལེགས་པ་དུས་ལ་བབས། །དུས་ལ་བབ་པོ་ས་མ་ཡ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། མཆེད་ཟླ་སུམ་བརྒྱ་དྲུག་ཅུའོ། །ཕོ་ཉ་གཅན་གཟན་གདུག་པ་ཅན། །ཟ་བྱེད་མཆེ་བ་ཅན་རྣམས་ཀྱི། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །དེ་བས་བཀའ་ལ་ཉོན། རིག་གསུམ་མགོན་པོའི་བཀའ་ལ་ཉོན། །དམ་ཚིག་གཉན་པོ་ཐུབ་པར་སྲུངས། །སྐྱེ་མཆོག་བཛྭ་ཐིག་ལེ་རྩལ། །མཐུན་པས་དམ་རྫས་འདི་འབུལ་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཅེས་པས་གཏོར་མ་གཙང་སར་དོར་། དེ་ནས་བཤགས་པ་ནི། ཧཱུྃ་དམ་ཅན་སྐྱེས་བུའི་ཐུགས་དམ་ཅི་འགལ་བ། མ་རིག་དབང་གིས་ཉེས་པར་གྱུར་པ་རྣམས། །རབ་དུ་འགྱོད་པས་སེམས་གྱིས་མཐོ་ལོ་བཤག །ཧཱུྃ་སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱེད་ཀྱིས་འཁོར་དུ་གཏོག་པ་ལྷ་སྲིན་ལ། །ཐུགས་དང་འགལ་བ་མང་པོ་ཅི་མཆིས་པ། །རབ་ཏུ་འགྱོད་པས་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གི་རབ་དུ་བཤག་པས་བསོད་ནམས་ཀྱི། །བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་གནོད་པའི་བསམ་པ་རབ་ཞི་ནས། །དོན་རྣམ་མ་ལུས་འགྲུབ་བར་མཛད་དུ་གསོལ། །ཅེས་པ་དང་ཡིག་གེ་བརྒྱ་པས་ཁ་བསྐོང་། དམ་ཅན་གྱིས་བསྐྱེད་རིམ་དང་ལས་བྱང་རྣམ་ལུག་ལོ་ཟླ་བ་བཅུ་པའི་ཚེས་གསུམ་པ་དཔལ་ལྡན་མཚུར་ཕུའི་བསྒྲུབ་གནས་ཁྱུང་རྫོང་དུ། འདི་ཡི་བསྒྲུབ་པ་མཛད་ནས་ཆོས་ཕྱོགས་དུ་བསྐོས་པའི་དུས་རང་འབྱུང་རྡོ་རྗེ་སྦྱར་བ་རྫོགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལས་མཁན་ཆེན་པོ་བསྒྲུབ་པའི་མན་ངག་ནི། རང་ཉིད་གཏུམ་པོ་ནག་པོར་བསམ་ལ། མདུན་དུ་ཕྱིའི་རྒྱ་མཚོ་བསྒོམ། དེའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཕུ་སེར་པོ། དེ་འོད་དུ་ཞུ་བ་ལས་སྔགས་ཀྱི་བདག་པོ་རོ་སྟོད་མི་རུ་འདུག་པ་ཁོག་སྨད་དུ་སྦྲུལ་ལྟར་ཡོད་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ཐུགས་ཀར་ཐལ་མོ་སྦྱར་བ་དབུ་ལ་སྦྲུལ་མགོ་བདུན་གྱིས་གདེང་ཀ་དང་ལྡན་པ་གཞོན་ནུ་མཛེས་པའི་ཆད་བྱད་ཅན་རིན་པོ་ཆེ་རྒྱན་ཆ་དུ་མས་སྤྲས་པ། དེའི་ཐུགས་ཀ་ནས་མེ་ལོང་ལ་གཟུག་བརྙན་ཤར་བ་ལྟར་ཕུ་སེར་པོ་དེ་ལས་འོད་ཟེར་འཕྲོས་ནས་རྒྱ་མཚོའི་ནང་དུ་སོང་བས་སྔགས་ཀྱི་བདག་པོ་བཙུན་མོ་སྲས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ལ། དམ་ཚིག་པ་ལ་བསྟིམ། ཛ་ཧཱུྃ་བཾ་ཧཾ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ་ལས་མཁན་ཆེན་པོ་སྔགས་ཀྱི་བདག་པོ་ཁྱོད། །བདུག་པ་མ་ལུས་ཚར་གཅོད་ཀླུ་རྒྱལ་སོག་མ་མེད། ལས་མཁན་གཞོན་ནུ་གཏུམ་པོ་འཁོར་བཅས་ནི། །དམ་རྫས་མཆོད་ཕྱིར་གནས་འདིར་སྤྱན་འདྲེན་ན། །བསྟན་པ་སྲུང་བས་སླད་དུ་གཤེགས་སུ་གསོལ། །ཨོཾ་སྤུ་ཏ་སྤུ་ཏ་མ་ཧ་ཀྲོ་ཏ་ཧཱུྃ་སི་ཏི་སི་ཏི་སྤོ་ཏ་ཧཱུྃ། ན་ག་ར་ཙ་ཨ་ཀར་ཤ་ཛཱ་ཧཱུྃ་བཾ་ཧོ་ཧྲི་ཛ། ཅེས་མང་དུ་བརྗོད་ཅིང་སྤྱན་དྲངས་ནས་གཏོར་མ་འབུལ་པ་ནི། དཀར་གསུམ་དངར་གསུམ་ལ་སོགས་པ་ཀླུ་སྨན་སྣ་ཚོགས བཏབ་པའི་གཏོར་མ་རྒྱ་ཆེན་པོ་དར་གྱི་རྒྱན་ལ་བཞུ་དེ་བས་རང་ཉིད་ཕྱག་ན་རྡོ་རྗེ་བསྒོམས་ཤིང་། ཨོཾ་སརྦ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ་ཧོ། སྟོང་པ་ཉིད་ཀྱི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་བདུད་རྩི་ཡིག་རྒྱ་ཁ་དོག་དཀར་ཤིང་རོ་ཕུན་སུམ་ཚོགས་པ་ཨོཾ་བཛྭ་སྨྲི་ཏ་ཧཱུྃ་ཡེ་ཤེས་ཀྱི་བདུད་རྩི་ཆར་ལྟར་བབ་ནས་དབྱེར་མེད་དུ་གྱུར། སྔགས་ཀྱི་བདག་པོ་འཁོར་དང་བཅས་པས་ལྕགས་ཀྱི་གཏོར་མ་ལ་ཟུག་ནས་གསོལ་བར་བསམ་ལ། ཨོཾ་སྤུ་ཏ་སྤུ་ཏ་ཅེས་པའི་གཤམ་ལ་ཨི་དམ་བྷ་ལིང་ཏ་ཁ་ཁ་ཁ་ཧི། ཅེས་བདུན་ནམ་ཉེར་གཅིག་གི་འབུལ་ལ་བསྟོད་པ་ནི། ཧཱུྃ་ཕྱག་ན་རྡོ་རྗེར་བཀའ་ཉན་པ། །ལས་མཁན་ཆེན་པོ་འཇིགས་པས་སྐུ། །ཐུགས་རྗེས་རྣམ་དག་ཉི་མ་ན་སྟིང་ནས། མཉམ་ཤིང་སྐུ་མདོག་སེར་པོ་ཟུད་ཕུད་ཅན། །ཞལ་གཅིག་ཕྱག་གཉིས་མཉམ་སྦྱོར་སྦྲུལ་བཞུགས་ཅན། །སྐུ་ལ་རིན་ཆེན་བདུན་གྱི་རབ་སྤྲས་ནས། །དབུ་ལ་སྦྲུལ་མགོ་བདུན་གྱི་གདེང་ཀ་ཅན། །བརླབ་གཉིས་ལྟོ་ཕྱེའི་མཇུག་མས་རྒྱན་དུ་དཀྲིས། །རྣལ་འབྱོར་དབང་ཕྱུགས་སྐྱོང་བས་མཐུ་ཆེན་པོ། །སྔགས་ཀྱི་བདག་པོ་ཁྱོད་ལ་རབ་ཏུ་འདུད། །ཧཱུྃ་སྔགས་ཀྱི་བདག་པོ་ཆེན་པོ་ཁྲོས་ཙམ་ན། །གང་བཅོལ་ལས་རྣམས་གྲུབ་པར་དེ་དུས་སུ། །འཇིག་པས་སྐུར་སྟོན་ཁྲོས་པས་ཆ་བྱད་ཅན། །སྐུ་མདོག་དུད་ཁ་ནད་ཀྱིས་རྐྱལ་པ་ཐོགས། །སྲིད་གསུམ་ཚར་གཅོད་དགྲ་བགེགས་དབང་དུ་སྡུད། །ཁམས་གསུམ་བདག་པོ་གསོད་བྱེད་ཆེན་པོ་སྟེ། །ཁ་རླུང་ནག་པོ་ནད་ཀྱི་ན་བུན་འཐིབས། །སྦྲུལ་མགོ་བདུན་དང་ཟུར་ཕུད་ལྔ་པ་ཅན། །གཞོན་ནུ་ཆེན་པོ་ཁྱབ་འཇུག་ཁྲོས་པས་གཟུགས། །གཞོན་ནུ་གཏུམ་པོ་ཆེན་པོ་ནག་པོ་ཆེ། །བདུད་པོ་ཆེན་པོ་ཁོལ་པོ་ནག་པོ་ཆེ། །བྲན་པོ་ཆེན་པོ་ལས་མཁན་ཆེན་པོ་ཚུལ། །གསོད་བྱེད་ཆེན་པོ་དབུག་ལེན་ཆེན་པོ་སྟེ། །ཁོལ་པོ་ཆེན་པོ་གཡོགས་པོ་ཆེན་པོ་ཚུལ། །ཁྱད་ལ་མཐུན་པས་སྨན་དང་གཏོར་མ་འདི། །གནོད་བྱེད་བསྒྲལ་བས་སླད་དུ་འབུལ་ལག་ན། །སྔོན་ཚེ་རྡོ་རྗེ་འཛིན་དཔའི་སྤྱན་སྔ་རུ། །ཅི་ལྟར་ཁས་བླང་དམ་བཅས་ནས། །རྣལ་འབྱོར་བྲན་ལ་བཀོལ་སླད་དུ། །མཐུན་པས་གཏོར་མ་འདི་བཞེས་ལ། །ལས་མཁན་ཆེན་པོ་གྲུབ་བར་མཛོད། །ཧཱུྃ་ལས་རྣམ་བསྒྲུབས་བྱེད་སྔགས་ཀྱི་བདག་པོ་ཁྱོད། །རབ་ཁྲོས་ནད་ཀྱི་ཁ་རླང་དགྲ་ལ་ཐོང་། །སྦྲུལ་ཐག་ཞག་པས་།དམ་ཉམ་དགྲ་བོ་ཆིང་། །གསོད་བྱེད་ལས་མཁན་ཆེན་པོ་དུས་བབ། །ལས་མཁན་ཆེན་པོ་ལས་ལ་མ་གཡེལ་གཅིག །གསོད་བྱེད་ཆེན་པོ་སྡང་བའི་དགྲ་བོ་གསོད། །རྣལ་འབྱོར་བཀའ་བསྲུང་ལས་རྣམས་མྱུར་དུ་བསྒྲུབས། །ཅེས་གཏོར་མ་སྐྱལ་དགེ་བ་བསྔོའོ། །སྤྱན་དྲངས་བ་གཤེགས་སྐྱེད་པ་རང་ལ་བསྡུ་བའམ། གཏོར་མ་ལ་བསྟིམས་པ་དགྲའི་ཡུལ་དུ་ནད་སྐྱལ་གསོད་པ་བསམ་ལ་སྐྱལ་ལོ། །སྔགས་ཀྱི་བདག་པོའི་གཏོར་མ་དང་སྐྱེད་ཆོག་རང་བྱུང་རྡོ་རྗེ་སྦྱར་བའོ། །རྫོགས་སོ།། །།འདི་ཡི་བརྒྱུད་པ་ནི། ཐུབ་པ་ཕྱག་རྡོར། ཀླུ་སྒྲུབ། ཏཻ་ལོ། ན་རོ། མར་པ། མི་ལ། དྭགས་པོ། དབུ་སེ། རས་ཆེན། སྤོམ་རག་པ། ཀརྨ་པ། ཨུ་རྒྱན་པ། རང་བྱུང་རྡོ་རྗེ། གྲགས་སེང་བ། གྲགས་རྒྱལ་བ། རྒྱལ་བ་དཔལ། དེ་ལ་བདེ་བའི་བདག་གི་ཞུས་སོ།།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net