འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང

From Rangjung Yeshe Wiki Texts
Revision as of 07:21, 7 March 2019 by Eric (talk | contribs) (Created page with "<span class=TibUni14>༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤ...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར་བཞུགས་སོ། །

༈ ཤ་ཁྲག་གི་གཏོར་མ་དང་བདུད་རྩི་གསེར་སྐྱེམས་སོགས་བཤམས་ལ། དགྲ་བགེགས་འགུག་གཞུག་བསྒྲལ་ནས་བདུད་རྩི་བརླབས་ཏེ་འདི་སྐད་དོ། །ཧཱུྃ་ཛ༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །ལྷོ་ཕྱོགས་རིམ་པ་བདུན་གྱྀ་ས་འོག་ཏུ། །འཇིགས་རུང་སྒོ་མེད་ལྕགས་འཁར་བཅུུ་དྲུག་ནས། །འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས། །དྲག་པོའི་སེར་སྤྲིན་བཞིན་དུ་སྐུ་བསྐྱོད་ཅིག །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ནས། །ཚུར་གཤེགས་ཚུར་གཤེགས་འཆི་བདག་གཤིན་རྗེའི་རྒྱལ། །སྔོན་གྱི་དམ་ཚིག་གཉེན་པོ་རྗེས་དགོངས་ལ། །ཁྲག་ཞག་རྒྱ་མཚོའི་རྦ་ཀློང་ཀུན་ནས་འཁྱིལ། །དམར་ནག་བསྐལ་པའི་མེ་རླུང་འབར་ཞིང་འཁྲུགས། །རྡོ་རྗེ་ཐོག་གི་བུ་ཡུག་འཚུབ་པ་ཡི། །འབར་བའི་གནས་འདིར་དགྱེས་པར་བཞུགས་ནས་སུ། །འདའ་དཀའ་དམ་ཚིག་རྡོ་རྗེའི་བདུད་རྩི་བཞེས། །འབྲལ་མེད་སྙིང་གི་ཐིག་ལེར་དགོངས་མཛོད་ལ། །མཐུ་སྟོབས་ནུས་པ་ཐོགས་པ་མེད་པ་ཡི། །དྲག་པོ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་སྡུག་སྲིན་པོ་ཁྲོས་པའི་རྣམ་འགྱུར་སྐུ། །མདོག་ནག་དུས་མཐའི་ཆར་སྤྲིན་ལྟར་རྔམས་ཤིང༌། །རྡོ་རྗེའི་བཻ་ཆེན་གདོངས་ཤིང་ཐོད་ཁྲག་འཛིན། །དུར་ཁྲོད་དྲག་པོའི་རྒྱན་ཆས་ཡོངས་སུ་རྫོགས། །ཟ་གསོད་གཅོད་གཟིར་འཆིང་སོགས་དྲག་པོའི་ལས། །བསམ་པ་ཙམ་གྱིས་ཐོགས་མེད་སྒྲུབ་བྱེད་པའི། །མཐུ་རྩལ་མི་བཟད་མ་གཤིན་རབ་འབྱམས་དང༌། །སྲིད་གསུམ་གནས་པ་འབྱུང་པོའི་འཁོར་དང་བཅས། །ཁམས་གསུམ་ཚེ་སྲོག་མདོངས་ལ་དབང་མཛད་ཅིང༌། །དགེ་སྡིག་ཏིང་འཛིན་བཀའ་ཡི་བྱ་ར་བྱེད། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྒྱལ་པོ་ཆེ། །ལས་ཀྱི་མཐུ་ལྡན་རྡོ་རྗེ་ཁོལ་པོ་ཡི། །ཁམས་གསུམ་ས་ལེར་གཟིགས་པ་བགྲད་པའི་སྤྱན། །དུས་མཐའི་མེ་ལྟར་རབ་འབར་སྡང་མིག་གིས། །ཉེས་བྱེད་སྙིང་རྩ་བསྲེག་པའི་གློགས་འབུམ་འཁྱུག །དེང་འདིར་གཟིགས་སུ་གསོལ་ལོ་ཆོས་སྐྱོང་རྗེ། །སྲིད་གསུམ་སྲེག་དབུགས་རྔུབས་པའི་འཐོར་རླུང་གིས། །བཤུགས་པའི་འབྲུག་སྟོང་རི་རབ་བསྙིལ་མཛད་ཅིང༌། །དགྱེས་པའི་གར་གྱིས་སྡིག་ཅན་ཁྲག་ལ་འཐུང༌། །དགོངས་སུ་གསོལ་ལོ་ལེགས་ཉེས་སྟངས་འཛིན་མགོན། །ཁྲག་ལྡན་མཆེ་བའི་གངས་རི་སྐྱིན་ཐང་ཅན། །འབར་བའི་ལྗགས་འདྲིལ་དུག་མདའི་ཟེར་མ་འཚུབས། །སྟོང་གསུམ་གཡོ་བ་དྲག་པོའི་གད་རྒྱངས་ཅན། །གསོལ་ལོ་མཆོད་དོ་གསང་ཆེན་བྱ་ར་བ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་རུས་དོན་སྙིང་གཏོར་མ་རི་ལྟར་སྤུངས། །དྲོད་རླངས་དབུགས་ཀྱི་ན་བུན་འཐིབས་པ་ཡི། །ཁྲག་ཆེན་དུག་ཆུའི་ཨརྒྷཾ་མཚོ་ལྟར་འཁྱིལ། །སྣོད་བཅུད་རྣམ་དག་འོད་ལྔའི་ཟེར་མདངས་འཁྲུགས། །བདུད་རྩི་སྨན་གྱི་རྒྱ་མཚོ་ཆི་ལི་ལི། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་འཁྲིགས། །སྣ་ཚོགས་དབང་པོའི་མེ་ཏོག་འཇའ་ལྟར་བཀྲ། །རྐང་གླིང་དྲག་པོའི་རོལ་མོ་འབྲུག་ལྟར་སྒྲོགས། །འབར་བའི་དམ་རྫས་སྣ་ཚོགས་ཆར་ལྟར་འབེབས། །ངོ་བོ་བདེ་སྟོང་ཡེ་ཤེས་རང་བཞིན་ལ། །རྣམ་པ་མི་བཟད་དྲག་པོའི་མཆོད་པའི་སྤྲིན། །མ་ཚང་མེད་པ་ལྷུན་གྱི་གྲུབ་པ་འདིས། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྐྱོང་བ། །གསང་ཆེན་སྔགས་ཀྱི་སྲུང་མ་མཐུ་རྩལ་ཅན། །ཆོས་ཀྱི་རྒྱལ་པོ་འཁོར་འདས་མཉེས་གྱུར་ཅིག །འཇམ་དཔལ་དཔའ་བོ་བློ་ལྡན་མཆོག་སྲེད་སོགས། །རིག་འཛིན་རྩ་རྒྱུད་བླ་མའི་བཀའ་བཞིན་དུ། །རྒྱལ་བསྟན་སྤྱི་དང་ནང་རྒྱུད་སྡེ་གསུམ་སྲོལ། །ཁྱད་པར་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་གྱི། །བརྒྱུད་འཛིན་རྣལ་འབྱོར་སྙིང་གི་ཐིག་ལེར་སྐྱོང༌། །རྣམ་བཞིའི་ཕྲིན་ལས་ཡིད་ལ་གང་འདོད་པ། །དམིགས་པ་ཙམ་གྱིས་ཁྱོད་ལ་བཅོལ་བའི་བཀའ། །གུས་པས་གཙུག་ཏུ་ལོངས་ལ་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་ལ་འཚེ་བའི་དམ་ཉམས་དང༌། །ཡང་དག་ལམ་ལ་བར་དུ་གཅོད་པའི་བདུད། །གསང་སྔགས་བདག་ལ་གནོད་པའི་དགྲ་བགེགས་ཀྱི། །སྲོག་ལུས་དབང་ཐང་རིགས་བརྒྱུད་བཅས་པ་འདི། འཆི་བདག་ནག་པོ་ཁྱོད་ཀྱི་ཟས་སྐལ་དུ། །གཏད་དོ་གསོལ་ཅིག་རོལ་ཅིག་ཁ་རྃ་ཁཱ་ཧི། །རྗེས་ཤུལ་ལྷག་མ་མེད་པ་སྐད་ཅིག་ལ། །རོལ་ཞིང་དགྱེས་པའི་གད་རྒྱངས་འབྲུག་སྟོང་ལྟར། །བསྒྲགས་པས་བདག་ཅག་དཔོན་སློབ་སྡེ་དང་བཅས། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་བསྐྱེད་ཅིང༌། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །ཟུང་འཇུག་ཧེ་རུ་ཀ་དཔལ་གྲུབ་པར་མཛོད། །ཅེས་པ་འདི་ཡང་རང་ཉིད་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་བསྒྲུབས་ལ་གནས་པའི་ཚེ། དགོས་པའི་ཡན་ལག་ཏུ་མཐོང་ནས། ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་པའི་ཉིན་ཕྱཻད་ཐུན་གསེང་ལ་བྲིས་པ་དགེ་ལེགས་འཕེལ་ལོ། །ཧཱུྃ། འཇམ་དཔལ་བཀའ་ཉན་ཡ་མ་ར་ཛ་ནི། །གཏུམ་མོ་དུག་ཧྲུལ་གཤེད་ཆེན་སྡེ་བཞི་དང༌། ཕྱོགས་སྐྱོང་བཅུ་གཉིས་ལས་མཁན་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །ལས་གཤིན་གསོལ་བསྡུས་མི་ཕམ་པས་སོ།།༄༅། །དེ་ལ་འདིར་འཕགས་མཆོག་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་ལ་སྦྱར་ཆོག་པའི་མར་མེའི་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ནི། རིན་པོ་ཆེ་ལ་སོགས་པ་ལས་གྲུབ་པའི་ཀོང་བུ་བྱི་དོར་དང་གཙང་སྦྲ་ཐོན་པ་ཤིན་ཏུ་གལ་ཆེ་བས་མཆོད་པའི་དངོས་པོ་སེར་སྣ་སོགས་སྐྱོན་གྱིས་མ་སྦགས་པ་བཀའ་གདམས་པའི་མན་ངག་ལྟར་རྒྱུ་ཚོགས་ཕུལ་དུ་བྱུང་བ་ལ་འབད། དེ་ཡང་མར་མེ་ནི་གཙོ་བོ་འོད་འབུལ་བ་ཡིན་ཀྱང་རྒྱུའི་ཞུན་མར་དང་འབྲུ་མར་ཁ་དོག་ལེགས་པ་དྲི་རོ་ཕུན་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབས་ལྷག་པར་ཆེ་ཞིང༌། མར་མེའི་སྡོང་བུ་གསེར་དངུལ་གྱི་ཐུར་མ་སོགས་ལས་བྱས་པའམ། ཡང་ན་སྔོན་གྱི་མཁས་པ་འགའ་ཞིག་གིས་བཞེས་པ་ལྟར་ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་དུ་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲིས་ནའང་རུང་ཞིང༌། མ་མཐའ་དྲི་བཟང་པོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ་དྲང་ཞིང་རླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་སྙོམ་པ་རྩེ་མོ་ཕྲ་བར་དྲིལ་ཏེ། རིང་ཐུང་ཀོང་བུའི་ཚད་ལས་དཔགས་པའི་ཇི་ལྟར་འཚམ་པར་བྱ། མར་མེའི་སྡོང་བུ་ལ་སྲོག་ཤིང་དགོས་མི་དགོས་ཀྱི་དོགས་པ་བྱེད་ཀྱང༌། དེ་མེད་པར་རས་བལ་གྱིས་ཚོ་མི་ཟིན་པས་འོས་མེད་ཀྱིས་འགྲུབ། ལུགས་འགའ་ཞིག་དུ་མར་མེའི་སྡོང་བུ་ལ་ཤིང་བལ་གྱི་འདབ་མས་དཀྲི་བར་གསུངས་པའང་སྡོང་བུ་སྤྱི་ཙམ་ལ་མི་འགྲིག་པས་ནང་གི་སྲོག་ཤིང་ལ་བྱེད་དགོས་སོ། །མཆོད་པར་ཁས་འཆེ་བ་དག་གིས་མར་མེ་ལ་འོད་ཆེན་པོ་མེད་པར་སྡོང་བུ་ཕྲའུ་བྱས་ནས་རྒྱུན་གང་རིང་བྱེད་པ་མི་ལེགས་ལ། སྡོང་བུ་ཧ་ཅང་སྦོམ་པས་མྱུར་དུ་འབར་བའང་མི་བྱེད་པར། འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བཀའ་གདམས་བསྟན་རིམ་སོགས་ལས་གསུངས་པ་ཡིན་ཞེས་འཇམ་དབྱངས་བླ་མ་ཤེས་རབ་རྒྱ་མཚོས་གསུངས། ཁྱད་པར་མར་ཁུའི་ནང་དུ་དྲི་བཟང་གི་ཕྱེ་མ་བཏབ་པ་དང༌། སྤོས་ཀྱི་སྡོང་བུ་བྱས་ན་ལེགས་པར་མངོན་ཞིང༌། དེས་ན་རྒྱུ་བཟང་བ་དངོས་གཙང་ཞིང་བཀོད་ལེགས་པའི་མར་མེའི་ཕྲེང་བ་བརྒྱ་ཕྲག་སོགས་ཇི་འབྱོར་ཚར་དུ་དངར་བའི་བཀོད་པས་མཛེས་པར་བྱས་ལ་རང་ཉིད་འཇམ་དཔལ་གསལ་བས་སྔར་ཆུ་གཉིས་ཉེར་སྤྱོད་བྱིན་རླབས་ཀྱིས་འཐུས་པར་བྱས་ཏེ་རྒྱས་པར་སྤྲོ་ན། སྙན་ཚིག་གི་ལམ་ནས་དྲངས་བའི་མར་མེ་སྒེར་གྱི་མཆོད་ཕྲེང་སོགས་བཏོན་ནའང་རུང་ཞིང༌། མིན་ནའང་སྔོན་རྒྱལ་པོ་གསེར་གྱི་ལག་པས་མར་མེ་ཕུལ་བའི་ལོ་རྒྱུས་མདོ་ལས་བྱུང་བ་ལྟར་སྨོན་ལམ་བཏབ་ཅིང་འབུལ་བ་ནི། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག །སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་གསེར་ཞུན་མ་འཁྱིལ་འདྲའི་རྒྱ་མཚོ་ལྟ་བུར་གྱུར་ཅིག །འོད་ཀྱིས་ནི་འཕགས་མཆོག་མཁྱེན་པའི་གཏེར་གྱི་ངོ་མཚར་རྨད་བྱུང་གི་བཀོད་པའི་ཞིང་གིས་གཙོས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་གསལ་བར་བྱེད་པའི་སྣང་བའི་གཏེར་ཆེན་པོར་གྱུར་ཅིག །གྲངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངསམེད་པ་རེ་རེའི་སྤྱན་ལམ་དུ་གསལ་ཞིང་མཆོད་པའི་སྤྲིན་མཐའ་ཡས་པའི་འབྱུང་གནས་སུ་གྱུར་ཏེ་འཕགས་མཆོག་འཇམ་དཔལ་དབྱངས་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཟག་མེད་ཀྱི་བདེ་བས་ཐུགས་མཉེས་པར་བྱེད་པར་གྱུར་ཅིག །དེ་ལ་བརྟེན་ནས་བདག་དང་མཁའ་མཉམ་གྱི་འགྲོ་བ་ཀུན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་རིག་པའི་མུན་པ་དྲུངས་ནས་ཕྱུངས་ཏེ་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ་ཆོས་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཅིག །དེ་ལས་གཞན་ཡང་མར་མེའི་འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་དང༌། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་རང་གི་ལས་ཀྱི་སྒྲིབ་པས་སྒྲིབ་པའི་མུན་ནག་ཆེན་པོའི་ནང་ན་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་ཚུན་ཆད་དུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་གི་ལས་ཉོན་སྒྲིབ་པའི་མུན་པ་སངས་ཏེ་ཟབ་གསལ་མྱུར་བའི་ཤེས་རབ་ཐོབ་པར་གྱུར་ཅིག །མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་ལྟར་གསལ་བའི་མོད་ལ་གཟུགས་མེད་པའི་ལྷ་རྣམས་མར་མེའི་འོད་ཀྱིས་བསྐུལ་མ་ཐག་ཏུ་མཚན་དང་དཔེ་བྱེད་དུ་ལྡན་ནས་སྙོམས་པར་འཇུག་པའི་སྐྱེ་མཆེད་བཞི་ལས་གྲོལ་ཏེ་དེ་བཞིན་གཤེགས་པའི་བསམ་གཏན་ལ་སྙོམས་པར་འཇུག་པའི་སྐལ་བ་ཅན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་གྱི་དགའ་བདེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ལ་དབང་བསྒྱུར་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །འདོད་ཁམས་ལྷ་རྣམས་ཀྱང་ལྷའི་འདོད་པའི་ལོངས་སྤྱོད་ལ་སེམས་མ་ཆགས་ཤིང་རང་གི་སེམས་ལ་བལྟ་བའི་བསམ་གཏན་བཞི་ལ་རིམ་གྱིས་སྙོམས་པར་འཇུག་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ལྷ་མ་ཡིན་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ལྷ་མ་ཡིན་རྣམས་ཀྱི་ང་རྒྱལ་དང་ཁྲོ་གཏུམ་དང་སེམས་ཀྱི་གདུག་པ་ཞི་ནས་ཚད་མེད་པ་བཞི་དང་ལྡན་ཏེ་ཞི་གནས་ཀྱི་སེམས་ཡིད་ལ་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གླིང་བཞིའི་མི་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གླིང་བཞིའི་མི་རྣམས་ཀྱང་སྡུག་བསྔལ་བརྒྱད་ལས་ཐར་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་བྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །བྱོལ་སོང་རྣམས་གཅིག་ལ་གཅིག་ཟ་བ་དང༌། །བརྡེག་བརྡུང་དང་བཀོལ་བའི་སྡུག་བསྔལ་དང༌། །བླུན་རྨོངས་ལས་ཐར་ནས་ཤེས་རབ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག །མར་མེ་འདི་གཤིན་རྗེའི་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག །གཤིན་རྗེ་རྣམས་གསོད་གཅོད་བྱེད་པ་དང༌། བརྡེག་བརྡུང་གི་ལས་ལས་ཐར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་ཀུན་ཏུ་བྱམས་པར་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ཡི་དྭགས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ཡི་དྭགས་རྣམས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལྟར་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་ཟས་སྐོམ་གྱིས་འཕོངས་པ་རྣམས་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་དམྱལ་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དམྱལ་བ་རྣམས་ནི་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས་འཕགས་མཆོག་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་དམྱལ་བའི་སྡུག་བསྔལ་ཚད་མེད་པ་ལས་ཐར་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་འཛམ་བུའི་གླིང་གི་ཕྱི་རོལ་ཏུ་མུན་ནག་ནང་ན་ཐོམས་པའི་སེམས་ཅན་རང་རང་གི་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཟས་དང་སྐོམ་འདོད་པ་ལས་ནམ་མཁའ་ལ་ནི་རང་གི་ལྕགས་ཀྱི་སེན་མོ་ཡོད་པ་བསྙབས་པས་ཟས་དང་སྐོམ་མ་རྙེད་ནས་རང་གི་ལུས་ཟིན་པ་དང་ཤ་བཅད་དེ་ཟ་བ་དེ་དག་བཅོམ་ལྡན་འདས་མཁྱེན་པའི་དབང་ཕྱུག་གི་ཐུགས་རྗེའི་བྱིན་རླབས་ཀྱི་མུན་ནག་ཆེན་པོར་འཐོམས་པ་ལས་ཐར་ཏེ་རྗེ་བཙུན་གྱི་ཞིང་དུ་སྐྱེ་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །གཞན་ཡང་མར་མེ་འདི་ཀླུའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ཀླུ་རྣམས་གཏི་མུག་དང་སེར་སྣའི་འདུད་པ་ལས་གྲོལ་ཏེ་གཏོང་བའི་བློ་དང་ལྡན་ཅིང་ནམ་མཁའ་ལྡིང་གི་འཇིགས་པ་དང་མེ་་དང་བྱེ་ཚན་ལ་སོགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང༌། སྲོག་འཚོ་བའི་ཞི་གནས་ཀྱི་ཆུ་ཐིགས་སྙིང་ལ་གནས་ནས་འདོད་པའི་ཡོན་ཏན་ཐམས་ཅད་དབང་འབྱོར་བའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་ལྟོ་འཕྱེ་ཆེན་པོའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ལྟོང་འཕྱེ་ཆེན་པོའི་སྡུག་བསྔལ་ཞི་ནས་དགའ་བ་རྒྱ་མཚོ་རྣམ་པར་འཕྲུལ་བའི་ཤུགས་དང་ལྡན་པར་བྱེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །མར་མེ་འདི་གླིང་གི་ཕྱིར་གནས་པའི་ས་བདག་དང༌། ལྷ་དང༌། ཀླུ་དང༌། ས་བདག་གི་རྒྱལ་པོ་བ་ཏ་ལི་དང༌། སའི་རྒྱལ་པོ་ཆེན་པོ་དང༌། རྒྱ་མཚོ་དང༌། མཚོ་ཕྲན་དང༌། རྫིང་དང༌། ལྗོན་པ་ལ་གནས་པ་དང༌། ཀླུང་ཆེན་པོ་དང་ཀླུང་ཕྲ་མོ་དང༌། ཆུ་མིག་དང་ལུམ་ལ་གནས་པ་དང༌། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང༌། རི་ནག་པོ་དང༌། གཡའ་དང༌། ཤ་སྲང་དང༌། སྤང་རི་དང༌། ནགས་ཆེན་པོ་དང༌། ཤིང་གཅིག་པ་དང༌། གཙུག་ལག་ཁང་དང་མཆོད་རྟེན་དང༌། གྲོང་ཁྱེར་དང༌། ལྗོངས་ན་གནས་པ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སོ་སོའི་འཁྲུལ་པའི་རྟོག་པ་ཐམས་ཅད་བྱང་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་མ་འཁྲུལ་བར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །དེ་ལྟར་མར་མེ་འདིའི་ཡོན་ཏན་ནི། བདག་གིས་ཀྱང་གཏན་པ་མེད་པའི་མཆོད་སྦྱིན་འདི་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་གཅིག་འཇམ་དཔལ་དབྱངས་ཀྱི་གསང་བ་གསུམ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་སྐྱེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག །དེ་ལྟར་མར་མེ་ཕུལ་བའི་ཕན་ཡོན་མཐའ་ལས་འདས་པ་འབྱུང་སྟེ། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། ཤཱ་རིའི་བུ་མར་མེ་འབུལ་བ་ཅུང་ཟད་ཅིག་ཕུལ་བ་ལས་མངོན་པར་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་ལྷ་དང་བཅས་པ་དང༌། ཚངས་པ་དང་བཅས་པའི་འཇིག་རྟེན་དང༌། དགེ་སྦྱོང་དང༌། བྲམ་ཟེ་བཅས་པའི་སྐྱེ་རྒུས་བསྟན་པར་མི་ནུས་སོ། །ཞེས་དང༌། ཤཱ་རིའི་བུ། མར་མེ་ཕུལ་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་བའི་དོན་དེ་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཞེས་དང༌། ཤཱ་རིའི་བུ། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་དེ་འཆི་བའི་དུས་ཀྱི་ཚེ་སྣང་བ་བཞི་ཐོབ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བ་དང༌། མདུན་ན་ཟླ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང༌། ལྷའི་འཁོར་གནས་པ་མཐོང་བ་དང༌། སངས་རྒྱས་མཐོང་བ་སྟེ་ཞེས་པའི་བར་དང༌། །མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་བའི་དུས་བྱེད་དྲན་པ་ཉམས་མི་འགྱུར། །དེ་ཡིས་ཕྱོགས་རྣམས་སྣང་བར་འགྱུར་བར་འབྱུང༌། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང༌། །དེ་ནི་ཤི་འཕོས་མཐོ་རིས་ངེས་འགྲོ་ཞིང༌། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང༌། མར་ཁུར་མ་ཟད་ཏིལ་གྱི་མར་མེ་ཡང་དེ་དང་འདྲ་བར་མཆོག་ཡིན་ཏེ། དེ་ཉིད་ལས་ཏིལ་གྱི་མར་མེ་རྗེས་སུ་བཟུང་ནས་ཆོས་ཀྱི་མར་མེ་རྗེས་སུ་འཛིན་ཏོ། །མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་རྣམ་པར་དཔག་ཏུ་མེད་པ་བརྒྱད་ཐོབ་སྟེ། ཞེས་དང༌། གཞན་ཡང་བླང་དོར་མ་འཁྲུལ་བར་རྟོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་ནི། དེ་ཉིད་ལས། རྨོངས་པ་མེད་པར་སངས་རྒྱས་ཆོས་ཀྱང་སྨྲ། །ཞེས་དང༌། བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་ལ། །ཞེས་དང༌། དེ་བཞིན་ལག་རྩིས་གཟུགས་དང་རྟོག་གེ་རྣམས། །རྟོགས་པ་ཁོང་ཆུད་བཟོད་ལྡན་འཇིགས་པ་མེད། །དེ་ནི་མཛངས་ལ་བློ་དང་ལྡན་པར་འགྱུར། །བློ་ནི་ཤིན་ཏུ་ཆ་ཕྲ་དོན་དམ་མཐོང༌། །སྲིད་པ་དག་ལ་བྱེད་པ་མེད་པར་ལྟ། །རྒྱལ་བའི་བསྟན་ལ་སྣང་བ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་ཤིང༌། མདོ་ལས་རྣམ་འབྱེད་ལས་ཀྱང༌། མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་མར་མེ་ལྟ་བུར་འགྱུར་བ་དང༌། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང༌། ལྷའི་མིག་འཐོབ་པར་འགྱུར་བ་དང༌། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང༌། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བའི་ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང༌། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །ཞེས་དང༌། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་ཕྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་དཀྱུས་རིང་ཞིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །ཞེས་དང༌། སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམ་ལྡན་ཞིང༌། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་པ་ལ་སོགས་པའི་ཕན་ཡོན་གྲངས་མེད་པ་མདོ་རྒྱུད་བསྟན་ཆོས་ལས་གསུངས་པས་རྒྱས་པར་མདོ་སྡེ་དེ་དག་ལས་ཤེས་པར་བྱའོ། །ཞེས་པ་འདི་ནི་རྒྱལ་པོ་གསེར་གྱི་ལག་པས་རང་གི་ལག་པ་གཡས་པ་ལ་སྣུམ་རས་དཀྲིས་ཏེ་མེ་སྦར་ནས་སངས་རྒྱས་མར་མེ་མཛད་འཁོར་བཅས་ལ་ཕུལ་བའི་ཚེ་སྨོན་ལམ་དུ་བཏབ་པའི་ཚིག་ལ་གར་གྱི་དབང་པོས་འབྲི་སྣོན་ཅུང་ཞིག་བགྱིས་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལ་འབད་པར་བྱའོ།། །།