མཆོད་ཆོག་ནོར་བུའི་ཕྲེང་བ་བཞུགས་སོ། །
༄༅། །མཆོད་ཆོག་ནོར་བུའི་ཕྲེང་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐལ་བཟང་སྐྱེས་བུ་ཚོགས་བསགས་པར་འདོད་པ་རྣམས་ཀྱིས་ཡི་དམ་ལྷག་པའི་ལྷ་གང་ཡང་རུང་བའི་དཀྱིལ་ཆོག་ལ་འདི་ཉིད་སྦྱར་བས་ཆོག་ཅིང༌། ཅི་འབྱོར་བའི་མཆོད་པ་གཙང་མ་བཀོད་ལེགས་པ་བཤམས་ལ། ཨོཾ་ཨཱཿཧཱུྃ་ཧོ། དངོས་སུ་བཤམས་ཤིང་ལྷ་རྫས་ལས་གྲུབ་པའི་མཆོད་པའི་ཚོགས་དང༌། བདེན་པའི་བྱིན་གྱིས་རླབས་དང༌། ཏིང་ངེ་འཛིན་དང་མོས་པའི་སྟོབས་ཀྱིས་སྤྲུལ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར། ནམ་མཁའ་མཛོད་དང་མཆོད་པའི་སྤྲིན་གྱི་གཟུངས་སོགས་ཀྱིས་བརླབ། ཨོཾ། རིན་ཆེན་ཁྲུས་ཁང་དྲི་ཞིམ་ཡིད་འོང་བར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་སྤོས་ཆུས་ལེགས་བཀང་བས། །གླུ་དབྱངས་རོལ་མོར་བཅས་ཏེ་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དྲི་ཞིམ་སྲབ་འཇམ་ཡང་བའི་ན་བཟའ་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་སུ་ཝཱ་སྟྲ་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ གཞལ་མེ་ཁང་བཟང་བཀོད་པས་ལེགས་བརྒྱན་པ། །ཡིད་མཐུན་གདན་དང་བདེ་བའི་ཡོ་བྱད་རིགས། །མ་ཚངས་མེད་འབྱོར་འདོད་དགུའི་སྤྲིན་ཕུང་འཁྲིགས། །གུས་པས་བསྟི་གནས་མཆོག་འདིར་ལེགས་བཞུགས་ནས། །ལྷར་བཅས་འཇིག་རྟེན་རྒྱ་མཚོའི་འགྲོ་བ་ཡི། །དང་བའི་སེམས་ཀྱིས་བསྟོད་པའི་དབྱངས་བཅས་པར། །རྡུལ་སྙེད་ལུས་ཀྱི་ཕྲེང་བས་རྣམ་བཏུད་ནས། །ཕྱག་འཚལ་མཆོད་པའི་སྤྲིན་གྱིས་མཉེས་བགྱིའོ། །ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། སྥ་ར་ཎ་ཁཾ་ས་མ་ཡེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་རྒྱ་མཚོ་དཔག་མེད་ན། །ཡིད་འོང་མཆོད་ཡོན་མཆོག་དང་ཞབས་བསིལ་དང༌། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ཇི་སྙེད་མཆིས་པ་དང༌། །བདག་གིས་གུས་པས་བཤམས་པ་དང་བཅས་ཏེ། །བདེན་པའི་མཐུ་དང་མོས་པའི་བློས་སྤེལ་བའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །ཡིད་འོང་ཆོས་ཀྱི་མཆོད་པ་ཅི་མཆིས་པ། །མ་ཚང་མེད་པར་མོས་པའི་བློ་ཡིས་ནི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕྱོགས་བཅུ་དུས་གསུམ་དག་གི་ཞིང་ཀུན་གྱི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པ་དེ་དག་གིས། །དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་གུས་པས་མཆོད། །ཨོཾ་ཥཥྟ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་སོགས། རྩིབ་སྟོང་འཁོར་ལོས་ས་ཀུན་རང་དབང་བསྒྱུར། །ནོར་བུས་ཡིད་བཞིན་འདོད་འཇོ་འོད་བཟང་འགྱེད། །ཡིད་འོང་བཙུན་མོས་ལུས་སེམས་བདེ་མཆོག་སྤེལ། །བློན་པོ་རིན་ཆེན་བཀའ་བཞིན་བཞེད་ཀུན་སྒྲུབ། །སྤྲིན་དཀར་ལྟར་མཛེས་བཞོན་མཆོག་གླང་པོ་ཆེ། །ཡིད་འོང་གཟུགས་ལྡན་མགྱོགས་འགྲོ་ཅང་ཤེས་རྟ། །ཕ་རོལ་དཔུང་ལས་རྣམ་རྒྱལ་དམག་དཔོན་ཏེ། །མི་དབང་འཁོར་ལོས་སྒྱུར་བ་མཆོག་རྣམས་ཀྱི། །བསོད་ནམས་ལས་གྲུབ་ལྷ་རྫས་རྒྱལ་སྲིད་བདུན། །སྲིད་འདིར་མངོན་མཐོའི་འབྱོར་པ་མཆོག་རྣམས་ཀྱིས། །ལྷ་ལམ་རབ་ཏུ་ཁྱབ་པའི་མཆོད་པའི་སྤྲིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཨོཾ་སཔྟ་རཏྣ་པཱུ་ཛ་སོགས། རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །གྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བུམ་བཟང་ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང༌། །མ་རྨོས་ལོ་ཏོག་ལྷ་ཡི་སྐྱེད་མོས་ཚལ། །འདོད་འཇོའི་བ་མཆོག་བྲན་དང་གཞོན་པའི་གྲོང༌། །འདོད་དགུའི་མཛོད་དང་གཏེར་གྱི་འབྱུང་ཁུངས་སོགས། །རྣམ་མང་འབྱོར་བས་ཞིང་འདི་ཡོངས་བཀང་ཞིང༌། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ཨོཾ་སརྦ་དྲ་བྱམ་བི་ཤྭ་པཱུ་ཛ་སོགས། ཞིང་གི་རྡུལ་སྙེད་ལུས་ལ་དེ་སྙེད་ལྕེས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རོལ་མོའི་སྒྲ། །སྲས་བཅས་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཉིད། །བསྔགས་པའི་བསྟོད་སྤྲིན་ཞིང་ཀུན་ཁྱབ་གྱུར་ཅིག །སྲིད་ན་སྙན་འཇེབས་སྒྲ་དབྱངས་ཅི་མཆིས་པས། །འཇིག་རྟེན་མགོན་ལ་བཀུར་སྟིར་བགྱིད་སླད་དུ། །དབྱངས་ཀྱི་རྒྱལ་མོའི་ཆོ་འཕྲུལ་རྨད་བྱུང་གིས། །རྒྱུན་མི་འཆད་པར་བསྒྲགས་ཤིང་བསྟོད་པར་བགྱི། །ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷ་བ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། མེ་ལོང་ཡེ་ཤེས་རྒྱ་མཚོ་རྣམ་དག་གསལ། །གི་ཝཾ་དུག་གསུམ་ནད་འཇོམས་སྨན་གྱི་མཆོག །ཞོ་ནི་ཀུན་གྱི་སྙིང་པོ་ཡོན་ཏན་བཅུད། །དུརྦས་ཚེ་འཕེལ་རྡོ་རྗེའི་ལང་ཚོ་འགྲུབ། །བིལ་བ་རྒྱུ་རྐྱེན་བཟང་ལྡན་བྱང་ཆུབ་འབྲས། །དུང་ནི་ཆོས་ཀྱི་སྒྲ་དབྱངས་ཀུན་དུ་ཁྱབ། །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཡུངས་དཀར་རྡོ་རྗེའི་རིགས་ཏེ་བགེགས་རྣམས་འཇོམ། །ཐུབ་མཆོག་དོན་ཀུན་གྲུབ་པས་བཀྲ་ཤིས་ཀྱི། །རྫས་སུ་བྱིན་བརླབ་དགེ་ལེགས་དཔལ་ཡོན་ཅན། །རིན་ཆེན་རྫས་མཆོག་བརྒྱད་ཀྱི་མཆོད་པའི་སྤྲིན། །དཔག་ཡས་ལྷ་ལམ་ཁྱབ་པ་དབུལ་བར་བགྱི། །ཨོཾ་ཨཥྟ་དྲ་བྱམ་པཱུ་ཛ་སོགས། རིན་ཆེན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །རྣམ་དག་མིག་ལྡན་བཀྲ་ཤིས་གསེར་གྱི་ཉ། །དགོས་འདོད་ཀུན་འབྱུང་དཔལ་གྱི་བུམ་པ་བཟང༌། །དྲི་མེད་ཡིད་འོང་འདབ་ལྡན་ཀ་མ་ལ། །སྙན་པའི་སྒྲ་དབྱངས་ཀུན་ཁྱབ་རིན་ཆེན་དུང༌། །ཡིད་ལ་བདེ་བའི་དཔལ་སྟེར་དཔལ་བེའུ། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་ཅན་མཐོ། །སྲིད་ལས་རྣམ་རྒྱལ་ལྷ་རྫས་འཁོར་ལོ་སྟེ། །རྒྱལ་བའི་མཚན་བཟང་བཀྲ་ཤིས་རྟགས་ཤར་བརྒྱད། །སྲིད་འདིར་དགེ་ལེགས་དོན་ཀུན་གྲུབ་བྱེད་པའི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་ལྷ་མོའི་ཚོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་འབུལ། །ཨོཾ་ཨཥྟ་མངྒ་ལ་པཱུ་ཛ་སོགས། རྡོ་རྗེ་སྒེག་མོ་ཕྲེང་ཐོག་གླུ་གར་དང༌། །བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་དང༌། །གཟུགས་མཛེས་རེག་བདེ་རོ་མཆོག་ཆོས་ཀྱི་དཔྱིད། །རྨད་བྱུང་དགའ་བ་སྐྱེད་པའི་ལྷ་མོ་རྣམས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་བས། །མཚུངས་མེད་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། གུས་པས་འདུད་ཅིང་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་དེ་ཝཱི་པཱུ་ཛ་སོགས། འདི་ནས་ཕྱི་མའི་མུ་མཐའ་ཇི་སྙེད་ཀྱི། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་ཡོངས་བཞེས་ཤིག །བླ་མེད་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིད་བཞིན་འདོད་དགུའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་དགྱེས་པར་འབུལ། །ཕྱོགས་དུས་བརྟན་དང་གཡོ་བའི་སྣང་ཆ་ཀུན། །སྣང་སྟོང་སྒྱུ་མ་བདེ་བའི་མཆོད་སྤྲིན་ཆེར། །མུ་མཐའ་མེད་པར་འབྱམས་སུ་ཀླས་པའི་དཔྱིད། །རྡོ་རྗེའི་དབང་པོར་ཐིམ་ཞིང་དགྱེས་གྱུར་ཅིག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་སོགས། མཉམ་ཉིད་མཁའ་དཀྱིལ་བྱང་སེམས་གཞལ་མེད་ཁང༌། །དད་པའི་མེ་ཏོག་ཚུལ་ཁྲིམས་དྲི་བསུང་འཐུལ། །ཤེས་རབ་སྣང་གསལ་སྙིང་རྗེའི་དྲི་ཆབ་ལྡན། །ཏིང་འཛིན་ཞལ་ཟས་བརྩོན་འགྲུས་རོལ་མོའི་སྒྲ། །སྦྱིན་པའི་མཆོད་ཡོན་བཟོད་པའི་ཞབས་བསིལ་རྒྱུན། །ཡང་དག་རིག་བཞིའི་གདུགས་སོགས་རྒྱན་གྱིས་མཛེས། །བསོད་ནམས་བུམ་བཟང་སྟོབས་མཆོག་ནོར་བུའི་གཏེར། །བྱམས་པའི་ཁྲུས་རྫིང་ཐབས་མཁས་དཔག་བསམ་ཤིང༌། །སྨོན་ལམ་དགའ་ཚལ་ཡེ་ཤེས་འདོད་འབྱུང་སྤྲིན། །མདོར་ན་ཟག་མེད་ཆོས་འབྱོར་མུ་མེད་པ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོར་ལེགས་ཤར་བས། །དཀྱིལ་འཁོར་ལྷ་ཚོགས་མཆོག་ཏུ་མཆོད་པར་བགྱི། །ཨོཾ་ལོ་ཀོཏྟ་ར་པཱུ་ཛ་སོགས། ཇི་ལྟར་འཇམ་དབྱངས་ཀུན་ཏུ་བཟང་པོ་སོགས། །བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱལ་བ་ལ། །མཆོད་པའི་སྤྲིན་གྱིས་མཉེས་པར་མཛད་པ་ལྟར། །མཆོག་གི་མཆོད་པས་རྒྱལ་རྣམས་མཉེས་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །སྣང་སྲིད་གདོད་ནས་རྣམ་དག་བདེ་ཆེན་ཞིང༌། །ལྷུན་གྲུབ་རྒྱལ་བའི་འབྱོར་པ་བསམ་མི་ཁྱབ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །བླ་མེད་མཆོག་གི་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨ་ནུཏྟ་ར་པཱུ་ཛ་སོགས། བར་འདིར་མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་མཐར། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགག་ལོངས་སྐུ་རིགས་ལྔའི་ཞིང༌། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །ཨོཾ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཇུག་བསྡུའི་སྨོན་ལམ་ནི། ཧོ། འདི་ལྟར་དངོས་སུ་བཤམས་དང་མོས་པའི་མཐུས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོར་བཀོད་པ་འདི། །ངོ་བོ་རྣམ་དག་ཡེ་ཤེས་རང་བཞིན་ལས། །རྣམ་པ་མ་ལུས་འདོད་དགུ་ཕུན་སུམ་ཚོགས། །བྱེད་ལས་ཟག་མེད་མཆོག་གི་བདེ་སྟེར་བ། །ཕྱོགས་ཀྱི་མཐར་ཁྱབ་དུས་ཀུན་རྒྱུན་མི་འཆད། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན། །མཚུངས་མེད་ཐུགས་རྗེས་ཆེན་པོས་ཡོངས་བཞེས་ནས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང༌། །ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང༌། །བླ་མེད་གྲུབ་མཆོག་བདག་ལ་སྩལ་དུ་གསོལ། །མཆོད་གཟུངས་བཟླ། མཉམ་མེད་མ་དང་ལྷ་སོ་སོའི་བསྟོད་པ་འདོན་པར་བྱའོ། །འདི་ནི་མཆོད་པའི་ཕྲེང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་གྱི་དོན་བསྡུས་ཏེ། མཆོད་ཕྲེང་འབྲིང་པོའི་ཚུལ་དུ་དགེ་བྱེད་ཆུ་སྟག་ཁྲུམ་ཟླའི་བཟང་པོ་དང་པོའི་ཚེས་གྲངས་ལ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །མཆོག་གི་ཞིང་ལ་ལེགས་མཆོད་བསོད་ནམས་ཀྱི། །རྫོགས་ལྡན་དུས་ཀྱི་སྤྲིན་ཆེན་རབ་རྒྱས་པས། །གནས་སྐབས་མཐར་ཐུག་དོན་ཀུན་འགྲུབ་སླད་དུ། །པར་འདི་བློ་བཟང་ཉི་མས་སྤེལ་བ་ལགས། །མངྒ་ལཾ།། །།༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར་བཞུགས་སོ། །