Sems nyid ngal gso - Part nine

From Rangjung Yeshe Wiki Texts
Revision as of 06:21, 27 February 2019 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བ་བཞུགས་སོ།

།དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།
།གསང་སྔགས་ཕྱི་ནང་བསྐྱེད་རྫོགས་དོན་ལ་འཇུག
།དེ་ཡང་ཐབས་མང་དཀའ་བ་མེད་ཕྱིར་དང།
།དོན་གཅིག་ན་ཡང་འཇུག་ཚུལ་མ་རྨོངས་དང།
།དབང་པོ་ཤིན་ཏུ་རྣོན་པོའི་དབང་མཛད་དེ།
།བྱ་སྤྱོད་རྣལ་འབྱོར་བླ་ན་མེད་བཞི་བསྟན།
།དུས་དང་མི་རིགས་དབང་པོའི་རིམ་པ་སྟེ།
།རྫོགས་ལྡན་སུམ་ལྡན་ཉིས་ལྡན་རྩོད་ལྡན་དང།
།བྲམ་ཟེ་རྔེའུ་རིགས་རྒྱལ་རིགས་གདོལ་བའམ་དམངས།
།རྟུལ་པོ་འབྲིང་རྣོན་ཤིན་ཏུ་རྣོན་པོ་ལ།

།ཁྲུས་དང་གཙང་སྦྲ་གཙོར་སྟོན་བྱ་བའི་རྒྱུད།
།ལུས་ངག་བྱ་དང་སེམས་ཀྱི་སྒོམ་པ་ཀུན།
།ཆ་མཉམ་སྟོན་པ་སྤྱོད་པའི་རྒྱུད་སྡེ་དང།
།སྒོམ་པ་གཙོར་སྟོན་ལུས་ངག་སྤྱོད་པ་ཀུན།
།གྲོགས་ཙམ་སྟོན་པ་རྣལ་འབྱོར་རྒྱུད་དང་ནི།
།སྒོ་གསུམ་བྱ་བྲལ་གཟུང་འཛིན་མི་དམིགས་པར།
།སེམས་ཀྱི་ཆོས་ཉིད་འོད་གསལ་བརྟུལ་ཞུགས་མཆོག
།གཙང་སྦྲ་ཆུང་རྣམས་ངོར་ནི་རྣལ་འབྱོར་ཆེ།
།དེ་ཡང་བྱ་སྤྱོད་རྣལ་འབྱོར་ཐུབ་པ་རྒྱུད།
།ཀྲའི་ཡ་ཨུ་པ་ཡོ་ག་ཞེས་བྱའོ།

།དེ་དག་གསང་སྔགས་ཕྱི་སྟེ་ལྷ་རྣམས་ཀྱང།
།ཡབ་ཡུམ་ཟུང་འབྲེལ་བསྒོམ་པར་མི་ནུས་ཤིང།
།ཤ་ལྔ་བདུད་རྩི་ལྔ་སོགས་བསྟེན་མི་བྱེད།
།གཙང་སྦྲ་ཀུན་ཏུ་སྤྱོད་པས་གནས་པ་ཡིན།
།རྣལ་འབྱོར་བླ་མེད་རྒྱུད་ལའང་གསུམ་ཡིན་ཏེ།
།ཕ་མ་གཉིས་སུ་མེད་པ་བླ་ན་མེད།
།བསྐྱེད་རྫོགས་གཉིས་མེད་གཙོ་བོར་སྟོན་པ་སྟེ།
།མ་ཧའ་ཨ་ནུ་ཨ་ཏི་ཞེས་བྱའོ།
།ལྷ་ཡང་འཁྲིལ་སྦྱོར་དམ་རྫས་ཁྱད་པར་ཅན།
།གཙང་བཙོག་གཉིས་མེད་ཐམས་ཅད་རོ་གཅིག་ཏུ།

།དཀྱིལ་འཁོར་གཅིག་གི་རོལ་པར་སྟོན་པ་ཡིན།
།བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག
།རྗེ་ཁོལ་ཚུལ་དུ་བསྒྲུབ་པས་དངོས་གྲུབ་ལེན།
།སྤྱོད་པས་རང་དང་ལྷ་ཉིད་མཉམ་པར་བལྟ།
།རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ།
།གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན།
།རྣལ་འབྱོར་དངོས་གཞིར་གཉིས་སུ་མེད་པ་ལ།
།སྦྱོར་རྗེས་ལྷ་ནི་དགུག་གཤེགས་གཉིས་སུ་བྱེད།
།ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན།
།མ་ཧའས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ།

།ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ།
།ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ།
།ཀུན་ཀྱི་ཆོས་ཀུན་ཡེ་ནས་མཉམ་པ་ཉིད།
།ཡིན་པར་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན།
།བདག་དང་འགྲོ་ཀུན་ཡེ་ནས་སངས་རྒྱས་པས།
།ཕུང་པོ་ཁམས་ངད་སྐྱེ་མཆེད་ལ་སོགས་ཀུན།
།དཀྱིལ་འཁོར་གཅིག་ཏུ་གསལ་བཏབ་རིམ་གཉིས་བསྒོམ།
།དེ་ཡང་སྐྱེ་བཞིའི་རིམ་པས་སྒོམ་ཚུལ་བཞི།
།སྒོང་སྐྱེས་བག་ཆགས་སྦྱང་ཕྱིར་སྔོན་འགྲོའི་ཚེ།
།སྐྱབས་འགྲོ་སེམས་བསྐྱེད་བསྐྱེད་རིམ་མདོར་བསྡུས་ནས།

།བསོད་ནམས་ཤིང་རབ་སྤྱད་དྲངས་མཆོད་པའི་མཐར།
།རང་བཞིན་མེད་བསྒོམ་ཚོགས་གཉིས་སྔོན་སོང་ནས།
།གདོད་ཀྱིས་བསྐྱེད་རྫོགས་རྒྱས་པར་བསྒོམ་པ་ནི།
།ཐོག་མར་སྒོ་ང་དེ་ལས་བྱ་སྐྱེ་བཞིན།
།མདོར་བསྡུས་རྒྱས་པའི་བསྐྱེད་རྫོགས་རིམ་པས་བསྒོམ།
།མངལ་སྐྱེས་བག་ཆགས་སྦྱང་ཕྱིར་བསྟན་པ་ནི།
།སྐྱབས་འགྲོ་སེམས་བསྐྱེད་སྟོང་ལས་ས་བོན་དང།
།ཕྱག་མཚན་ལས་ནི་སྐུ་དང་འོད་ཟེར་སོགས།
།རིམ་གྱིས་རྒྱལ་པར་བསྒོམ་གྱིས་སྔར་བཞིན་དུ།
།མདོར་བསྡུས་སྔོན་དུ་མི་འགྲོའི་བསྐྱེད་རྫོགས་ནི།

།ཇི་ལྟར་རླུང་སེམས་ཐིག་ལེ་དཀར་དམར་ལས།
།མེར་ནུར་ལྟར་དང་མཁྲང་གྱུར་ལ་སོགས་ནས།
།ལུས་ཡོངས་རྫོགས་ཏེ་བཙའ་བའི་བར་བཞིན་ནོ།
།དྲོད་གཤེར་ལས་སྐྱེས་བག་ཆགས་སྦྱང་བྱའི་ཕྱིར།
།སྐྱབས་འགྲོ་སེམས་བསྐྱེད་སྟོང་ལས་ལྷ་རྣམས་ཀྱི།
།མཚན་ཙམ་བརྗོད་ལས་ལྷར་གསལ་བསྐྱེད་རྫོགས་བསྒོམ།
།ཇི་ལྟར་དྲོད་གཤེར་འདུས་པས་གྲུབ་པའི་ལུས།
།ཤིན་ཏུ་འགྲུབ་པར་སླ་བས་བཙའ་བ་བཞིན།
།ས་བོན་ཕྱག་མཚན་སྤྲོས་པ་དགོས་པ་མེད།
།བརྫུས་ཏེ་སྐྱེ་བའི་བག་ཆགས་སྦྱང་བྱའི་ཕྱིར།

།སྐད་ཅིག་ཙམ་གྱིས་ཝལ་གྱིས་བསྐྱེད་རྫོགས་བསྒོམ།
།ཇི་ལྟར་རྫུས་སྐྱེས་སྐད་ཅིག་སྣང་བ་བཞིན།
།མིང་ལས་རིམ་གྱིས་བསྐྱེད་རྫོགས་བསྒོམ་མི་དགོས།
།དེ་ལྟར་སྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང།
།གཙོ་བོར་སྐྱེ་བ་གང་བསྡུས་དེས་བསྒོམས་ལ།
།བག་ཆགས་སྦྱང་ཕྱིར་ཀུན་གྱིས་དེ་བཞིན་བསྒོམ།
།ཁྱད་པར་ལས་དང་པོ་ཡིས་སྒོང་སྐྱེས་བཞིན།
།ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་བསྒོམས་ལ།
།བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་བསྒོམ།
།ཤིན་ཏུ་གོམས་པ་ཡང་དག་བརྟན་པ་ཡིས།

།རྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ།
།རྫོགས་རིམ་དེ་ཡང་སྣང་བཅས་སྣང་མེད་དེ།
།བསྐྱེད་རིམ་བསྡུས་ནམ་མཁའ་ལ་སྤྲིན་དེངས་བཞིན།
།མི་དམིགས་ངང་དུ་འཇོག་པ་སྣང་བ་མེད།
།བསྐྱེད་རིམ་དེ་ཉིད་རྫོགས་པར་ཤེས་བྱ་སྟེ།
།སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ།
།མ་ཡེངས་བསྒོམ་པ་སྣང་བཅས་རིམ་པ་བཞིན།
།ལས་དང་པོ་ཡིས་བསྐྱེད་རིམ་ཞེན་པ་དགག
།སྣང་ལ་བདེན་པར་ཞེན་པའི་གཉེན་པོ་བྱེད།
།བརྟན་པ་རྣམས་ཀྱིས་རྫོགས་རིམ་ཞེན་པ་དགག་

།སྟོང་ལ་མཚན་མར་ཞེན་པའི་གཉེན་པོ་བྱེད།
།ཕྱི་ནས་གང་སྣང་བསྐྱེད་རིམ་ཐབས་ཉིད་ལ།
།འཛིན་མེད་ཤེས་པ་རྫོགས་རིམ་ཤེས་རབ་ཉིད།
།དུས་རྣམས་ཀུན་ཏུ་འདུ་འབྲལ་མེད་པར་འཆང་
།བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ།
།རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤོང།
།གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན།
།བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན།
།འདི་ནི་མཐར་ཐུག་རྡོ་རྗེའི་ཐེག་པ་སྟེ།
།དབང་པོ་རྣོན་པོ་ཚེ་འདིར་རྫོགས་སངས་རྒྱ།

།དེ་རྗེས་གདུལ་བྱའི་འཇིག་རྟེན་གང་ཡོད་དེར།
།སངས་རྒྱས་མཛད་པ་སྣ་ཚོགས་ལྷུན་གྱིས་གྲུབ།
།འདི་ནི་གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱིས།
།ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་སྟེ།
།སྐལ་བཟང་ཚེ་འདིར་གྲོལ་འདོད་རྣམས་ཀྱིས་བསྟེན།
།དེ་ཡང་གང་མོས་རྒྱུད་སྡེའི་རིམ་པ་ལ།
།བརྟེན་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ།
།འཐོག་མར་རིག་གཏད་རྗེས་གནང་དབང་ལ་སོགས།
།རང་རང་གཞུང་ནས་གསུངས་པའི་ལུང་མནོས་ཏེ།
།རང་གི་སེམས་འདི་ཡོངས་སུ་སྨིན་པར་བྱ།

།ཁྱད་པར་མཆོག་གསང་རྣལ་འབྱོར་ཆེན་པོའི་ལམ།
།སྨིན་བྱེད་དབང་བཞི་གྲོལ་བྱེད་བསྐྱེད་རྫོགས་ཏེ།
།བུམ་དབང་ལུས་དང་གསང་བས་ངག་དང་ནི།
།ཤེས་རབ་ཡེ་ཤེས་ཡིད་དང་ཚིག་དབང་གིས།
།བག་ཆགས་མཐའ་དག་སྦྱོང་ཞིང་དངོས་གྲུབ་སྟེར།
།དང་པོ་གསུམ་གྱིས་བསོད་ནམས་ཚོགས་རྫོགས་ལ།
།བཞི་པས་ཡེ་ཤེས་ཚོགས་རྫོགས་དེ་བཞིན་དུ།
།ཉོན་མོངས་པ་དང་ཤེས་བའི་སྒྲིབ་ཀུན་སྦྱོང།
།དེ་ཕྱིར་སྨིན་བྱེད་དབང་བཞི་ཐོབ་པ་ཡིས།
།གྲོལ་བྱེད་བསྐྱེད་རྫོགས་དོན་ལ་བསླབ་པར་བྱ།

།འདིར་ནི་དབང་རྫོགས་དམ་ཚིག་ལྡན་པ་ཡིས།
།གཉིས་མེད་ཨ་ཏིའི་དགོངས་པར་འཇུག་འདོད་པས།
།བདེ་བའི་སྟན་ལ་སྐྱིལ་ཀྲུང་རབ་བཅས་ནས།
།སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ།
།ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ།
།རང་བཞིན་སྤྲོས་དང་བྲལ་བའི་ངང་ཉིད་ལས།
།ཧའུཾ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ།
།བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ།
།རྩིབས་བཅུ་ཁྲོ་བོ་བཅུ་ཡིས་མཚན་པ་སྟེ།
།ཕྱི་ནང་མེ་དཔུང་འབར་བའི་དབུས་ན་དཔལ།

།ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཆེན་པོ་ནི།
།སྒོ་བཞི་གྲུ་བཞི་རྟ་བབས་བཞིས་བརྒྱན་ཞིང།
།རྩིག་པ་ལྔ་དང་འདོད་ཡོན་སྣམ་བུ་དང།
།ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས།
།ཕྱུར་བུའི་ཐོད་པ་རིན་ཆེན་རྡོ་རྗེའི་ཏོག
།དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དབུས།
།སེང་གེ་གླང་ཆེན་རྟ་དང་རྨ་བྱ་དང།
།ཤང་ཤང་པདམ་ཉི་ཟླས་སྤྲས་པའི་སྟེང།
།རིགས་ལྔ་སོ་སོའི་ཡུམ་དང་སེམས་དཔའ་བརྒྱད།
།སེམས་མ་བརྒྱད་དང་སྒོ་བ་ཡབ་ཡུམ་བརྒྱད།

།ཐུབ་པ་དྲུག་རྣམས་སོ་སོའི་གནས་བཞུགས་ཏེ།
།སྐུ་མདོག་ཕྱག་མཚན་རྒྱན་རྣམས་རྫོགས་པ་ལས།
།མུ་མེད་འོད་ཟེར་ཕྱོགས་མཐའ་གཏུགས་པར་འཕྲོ།
།གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང།
།ཡབ་ཡུམ་འཁྲིལ་སྦྱོར་མཚན་དཔེས་བརྒྱན་པའི་སྐུ།
།མཁའ་ལྟར་དྲི་མེད་མཐོན་མཐིང་སྐྱིལ་ཀྲུང་ཚུལ།
།ཚོན་གང་འོད་ཀྱི་གོང་བུ་འབར་བར་བསྒོམ།
།དེ་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས།
།ཐམས་ཅད་རྣམ་དག་ལྷ་དང་ལྷ་མོའི་ངང།
།ཡི་གེ་གསུམ་དང་རིགས་ལྔའི་ས་བོན་བཟླས།

།གྲག་སྟོང་སྐྱེ་མེད་བྲག་ཅ་ཇི་བཞིན་ནོ།
།དེ་ཉིད་ངང་ལ་མ་བཅོས་མཉམ་པར་གཞག
།རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ།
།ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད།
།ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང།
།དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད།
།གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད།
།ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ།
།ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས།
།མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན།

།རྗེས་ལ་ཞེན་པ་ཡོད་ན་རིམ་གྱིས་བསྡུ།
།གང་དུའང་མི་དམིགས་སྤྲོས་དང་བྲལ་བར་གཞག་
།མེད་ན་སྒྱུ་མ་ཆུ་ཟླའི་ངང་ཉིད་ནས།
།དགེ་བ་སེམས་ཅན་དོན་དུ་བསྔོ་བར་བྱ།
།སྤྱོད་ལམ་ཀུན་ཏུ་སྟོང་གསལ་སྒྱུ་མའི་ཚུལ།
།སྣང་དང་གྲག་པ་ཐམས་ཅད་ལྷ་དང་སྔགས།
།དྲན་དང་སེམས་པ་ཐམས་ཅད་ཡེ་ཤེས་སུ།
།སྐད་ཅིག་སྐད་ཅིག་མ་ཡེངས་ཤེས་པར་བྱ།
།རྩ་བ་ཡན་ལག་དམ་ཚིག་གཙང་མ་བསྲུང།
།ཤེས་དང་མི་སྤང་སྤྱད་དང་དང་དུ་བླང།

།བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལྔ་སྟེ།
།ཉི་ཤུ་རྩ་ལྔ་མདོར་བསྡུས་སྐུ་གསུང་ཐུགས།
།དེ་ཡང་རང་སེམས་རྣམ་དག་ཚུལ་ལ་བསླབ།
།ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ།
།ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན།
།བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ།
།རླུང་སེམས་རྩ་དང་ཐིག་ལེའི་རྣལ་འབྱོར་སོགས།
།ཡང་ཟབ་གནད་ལ་ནན་ཏན་སྙིང་པོར་བྱ།
།བདེ་གསལ་མི་རྟོག་ཟུང་འཇུག་ལམ་བསྒོམས་པས།
།རྡོ་རྗེ་འཛིན་པ་ཚེ་འདིར་རྫོགས་སངས་རྒྱ།

།དེ་ལྟར་རབ་གསང་བླ་མེད་སྙིང་པོ་འདིས།
།ཧེ་རུ་ཀ་དཔལ་གྲོང་དུ་ཉེར་འཚོ་ཞིང།
།འགྲོ་ཀུན་ལས་དང་ཉོན་མོངས་སྲིད་པ་འདིར།
།དུབ་པའི་སེམས་ཉིད་དི་རིང་ངལ་སོས་ཤིག

།རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།
།བསྐྱེད་རྫོགས་ཟུང་དུ་འཇུག་པའི་ལེའུ་སྟེ་དགུ་པའོ།