Sems nyid ngal gso - Part four

From Rangjung Yeshe Wiki Texts
Revision as of 06:05, 27 February 2019 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བ་བཞུགས་སོ།

།དེ་ལྟར་སྲིད་པའི་བདེ་སྡུག་མཐོ་དམན་རྣམས།
།སྔོན་བསགས་ལས་ལས་བྱུང་བར་ཐུབ་པས་གསུངས།
།འཁོར་བར་འདུ་བྱེད་ལས་དེ་དཀར་ནག་གཉིས།
།དགེ་དང་མི་དགེ་བཅུ་བཅུའི་རང་བཞིན་ནོ།
།དེ་ཡི་རྟེན་གཞི་ཀུན་གཞི་ལུང་མ་བསྟན།
།མེ་ལོང་དང་འདྲ་རྟོག་མེད་ངོ་བོའི་སྟེང།
།ཤེས་པ་གསལ་ལ་ཡུལ་དུ་མི་རྟོག་ཅིང།
།འཆར་གཞི་བྱེད་པས་མེ་ལོང་དབ༹ངས་དང་འདྲ།
།དེ་ལས་གཟུགས་སོགས་ཡུལ་འཛིན་དབང་ཤེས་ལྔ།
།རང་ངོ་མི་རྟོག་མེ་ལོང་གཟུགས་བརྙན་བཞིན།

།དེ་རྗེས་གཟུང་འཛིན་ཡུལ་འབྱེད་ཤེས་པ་རྣམས།
།སྐད་ཅིག་རྗེས་མཐུད་དེ་ལ་འཛིན་མི་འཛིན།
།རྟོག་དང་མི་རྟོག་ཉོན་ཡིད་ཡིད་ཤེས་ཏེ།
།དེ་ཡང་ཆགས་རྟོག་རགས་པའི་དགེ་སྡིག་གིས།
།འདོད་པར་འདུ་བྱེད་བག་ཆགས་ཀུན་གཞིར་བརྟེན།
།མི་རྟོག་གསལ་སྣང་གཟུགས་སུ་འདུ་བྱེད་ལ།
།མི་རྟོག་རྩེ་གཅིག་གཟུགས་མེད་བག་ཆགས་བརྟེན།
།འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས།
།དུས་རྣམས་ཀུན་ཏུ་ཉེ་བར་བརྟེན་པ་ཡིན།
།ཤེས་པ་གང་དུའང་མི་རྟོག་ཡེངས་ཐབས་ཚེ།

།སྣང་ཡུལ་མི་འཛིན་རྩེ་གཅིག་ཀུན་གཞིའི་དུས།
།གསལ་སྣང་གང་ལའང་དེར་འཛིན་མི་འཇུག་པ།
།ཀུན་གཞིའི་རྣམ་ཤེས་དབ༹ངས་གསལ་གཡོ་བ་མེད།
།སྒོ་ལྔའི་ཡུལ་དང་དགག་སྒྲུབ་གཟུང་འཛིན་གྱིས།
།ཚོགས་བདུན་ཡུལ་ལ་རགས་པར་རྟོག་པ་ན།
།རྣམ་ཤེས་བདུན་ཞེས་ཉེ་བར་བཏགས་པ་ཡིན།
།འདི་དག་གོམས་པས་ཁམས་གསུམ་སྲིད་པ་རུ།
།སྒོ་གསུམ་འཁྲུལ་ཞིང་སྡུག་བསྔལ་འདུ་བྱེད་ཡིན།
།དེ་ཡང་འདོད་པར་ཚོགས་བདུན་གཙོ་བོ་ལ།
།གཟུགས་སུ་ཀུན་གཞིའི་རྣམ་ཤེས་གཟུགས་མེད་དུ།

།མི་རྟོག་ཀུན་གཞི་འབའ་ཞིག་གཙོ་བོར་ལྡན།
།གཞན་གཉིས་འཁོར་གྱི་ཚུལ་དུ་བག་ལ་ཉལ།
།རང་རང་ས་དེར་ལྡན་པར་ཤེས་པར་བྱ།
།འདི་ལྟར་འདོད་ན་མཚན་མོ་ཉལ་བའི་ཚེ།
།ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ།
།དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ།
།རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད།
།ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ།
།སླར་ཡང་མཆེད་པས་ཀུན་གཞིའི་རྣམ་ཤེས་ལས།
།ཡིད་ཉིད་གཅིག་པུ་ལངས་པས་རྨི་ལམ་སེམས།

།སྣ་ཚོགས་དགག་སྒྲུབ་མེད་བཞིན་སྣང་བ་བྱེད།
།དེ་ལས་མཆེད་པས་གཉིད་སད་ཚོགས་དྲུག་གི་
།རྣམ་ཤེས་ཡུལ་ལ་འཇུག་པས་ལས་འདུ་བྱེད།
།ཉིན་མཚན་འཁོར་ཡུག་དེ་ལྟར་སྣང་བ་ཡིན།
།གཟུགས་སུ་རང་སའི་ཤེས་པ་བསམ་གཏན་བཞི།
།ཀུན་གཞིའི་ཤེས་ཉིད་ངང་དུ་གནས་པ་ས།
།ཡུལ་རྣམས་འཛིན་པའི་ཤེས་པ་ཕྲ་མོ་རྣམས།
།སྐབས་འགར་ཉེ་བར་འབྱུང་གིས་ཕལ་ཆེར་ནི།
།ཏིང་འཛིན་གོམས་པས་ཉེ་བར་གནས་པ་ཡིན།
།གཟུགས་མེད་རང་སའི་ཤེས་པ་ཀུན་གཞིའི་ངང།

།མཁའ་སོགས་རྣམ་བཞི་ཞི་གནས་རྩེ་གཅིག་ཏུ།
།ཉེ་བར་གནས་པས་ཤིན་ཏུ་ཕྲ་བ་ཡི།
།ཚོར་བ་འདུ་ཤེས་བྱེད་རྣམ་པར་ཤེས།
།མིང་བཞིའི་ཕུང་པོར་སེམས་ཀྱི་རྒྱུད་བརྟེན་ནས།
།ཞི་གནས་རྩེ་གཅིག་བསྐལ་པར་མི་སད་དེ།
།རྣམ་དཔྱོད་དགེ་བའི་ས་བོན་འདེབས་པའང་མེད།
།དེ་ལྟར་བསམ་གཏན་གཟུགས་མེད་སེམས་དེ་ཡང།
།སྔ་མའི་འབྲས་ཡིན་ཟད་ནས་ཚེ་འཕོ་ལ།
།ངོ་བོ་ལུང་མ་བསྟན་ཡིན་གཏི་མུག་ཕྱིར།
།འཁོར་བའི་གནས་སུ་ཕྱིན་ཅི་ལོག་རྒྱུ་འབྲས།

།ཡང་ཡང་བསྐྱེད་ཕྱིར་དེ་ལས་ཐར་དགོས་སོ།
།འདོད་པའི་སེམས་དེ་གོམས་ཚུལ་ཇི་བཞིན་ཉིད།
།ཡིན་ཕྱིར་མཐོ་དམན་ཐར་པའི་རྒྱུ་ཡང་བྱེད།
།ཉིན་དུས་ཕལ་ཆེར་ཚོགས་བདུན་ཤེས་པ་གཙོ།
།གཞན་གཉིས་ངོ་བོ་གཅིག་པའི་འཁོར་དུ་ཡོད།
།དེ་ཡང་གཟུགས་འཛིན་མིག་གི་རྣམ་ཤེས་ཏེ།
།དེར་གསལ་རྟོག་བྲལ་ཆ་ནི་ཀུན་གཞིའི་༣་ཤེས།
།དེ་ཡི་མི་རྟོག་ཆ་ཉིད་ཀུན་གཞིའོ།
།ལྷག་མ་དྲུག་ཀྱང་དེ་བཞིན་ཤེས་པར་བྱ།
།གཉིད་དུ་རྩེ་གཅིག་རྨི་ལམ་སད་དུས་ན།

།ཀུན་གཞི་ཀུན་གཞིའི་རྣམ་ཤེས་ཡིད་དང་ནི།
།ཚོགས་དྲུག་རིམ་བཞིན་གཅིག་དང་གཉིས་གཅིག་དང།
།ཐམས་ཅད་ངོ་བོ་གཅིག་པའི་དུས་ཤེས་བྱ།
།རྟེན་ཆོས་ལས་ཀྱི་རྩ་བ་མ་རིག་པ།
།ངོ་བོ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ།
།དེས་བསྐྱེད་སྲིད་པར་འདུ་བྱེད་དཀར་ནག་གཉིས།
།འཁོར་བར་མཐོ་དམན་ལྟུང་ཕྱིར་མི་དགེ་བ།
།དབྱེ་ན་བཅུ་ཉིད་སོ་སོར་སྣང་བ་ཡིན།
།མི་དགེའི་ལས་བཅུ་ལུས་གསུམ་ངག་གི་བཞི།
།ཡིད་གསུམ་རིམ་བཞིན་སོ་སོར་དབྱེ་བ་ནི།

།སྲོག་གཅོད་བསམས་བཞིན་མ་ནོར་གཞན་བསད་ལ།
།ཕྱོགས་མཐུན་རྡེག་འཚོག་ལ་སོགས་སྲོག་ལ་འཚེ།
།མ་བྱིན་ལེན་པ་གཞན་ནོར་བརྐུ་བ་སྟེ།
།ཕྱོགས་མཐུན་གཡོ་སྒྱུས་ཕ་རོལ་ནོར་ལ་ལེན།
།འདོད་ལོག་གཞན་གྱིས་བདག་བཟུང་ཉིད་ལ་སྤྱོད།
།ཕྱོགས་མཐུན་བགྲོད་མིན་རྩོལ་སོགས་འཁྲིག་པའི་ཆོས།
།བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་ཚིག་དོན་གོ་
།ཕྱོགས་མཐུན་དྲང་སོགས་གཞན་སེམས་སླུ་བ་ཉིད།
།ཕྲ་མ་ཕ་རོལ་འབྱེད་ཚིག་སྨྲ་བ་སྟེ།
།ཕྱོགས་མཐུན་གཞན་ཚིག་གཞན་ཟློས་མི་མཐུན་བྱེད།

།ངག་འཁྱལ་བསྟན་བཅོས་ངན་དང་བྲེ་མོའི་གཏམ།
།ཕྱོགས་མདུན་འབྲེལ་མེད་བརྗོད་སོགས་ཆོས་མིན་གཏམ།
།ཚིག་རྩུབ་ཕ་རོལ་ཞེར་འདེབས་རྩུབ་མོའི་ཚིག་
།ཕྱོགས་མཐུན་འཇོམས་སོགས་ཞན་ཡིད་མི་བདེའི་གཏམ།
།བརྣབ་སེམས་གཞན་འབྱོར་མི་བཟོད་བདག་གིར་བྱེད།
།ཕྱོགས་མཐུན་ཐོས་སོགས་ཕ་རོལ་དཔལ་ལ་བརྐམ།
།གནོད་སེམས་གཞན་ལ་གནོད་འཚེས་ཞེ་སྡང་ཞིང།
།ཕྱོགས་མཐུན་ཕན་པར་མི་འདོད་ཁྲོ་བའི་སེམས།
།ལོག་ལྟ་རྟག་ཆད་རྒྱུ་འབྲས་མེད་པར་བལྟ་
།ཕྱོགས་མཐུན་སྒྲོ་སྐུར་འདེབས་སོགས་ཕྱིན་ཅི་ལོག

།ཡུལ་དང་ཀུན་སློང་བསམ་སྦྱོར་ངན་པ་ཡིས།
།མི་དགེའི་ལས་བཅུ་སྤྱད་པའི་འབྲས་བུ་ནི།
།རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་བཞི།
།ལས་བཅུ་ཆུང་ངུས་དུད་འགྲོ་འབྲིང་ཡི་དབ༹གས།
།ཆེན་པོས་དམྱལ་བར་སྡུག་བསྔལ་རྣམ་སྨིན་འབྲས།
།རྒྱུ་མཐུན་གཉིས་ལས་གང་བྱེད་དེར་སྐྱེ་བ།
།བྱེད་པ་རྒྱུ་མཐུན་འབྲས་བུ་ལེགས་པར་གསུངས།
།མཐོ་རིས་ཐོབ་ནའང་ཚེ་ཐུང་ནད་མང་ཞིང།
།ཡོ་བྱད་མི་འབྱོར་དགྲ་དང་ཐུན་མོང་འགྱུར།
།ཁྱིམ་ཐབ་མི་མཛེས་དགྲ་ཟླར་འགྱུར་བ་དང།

།སྐུར་བ་མང་ལ་གཞན་གྱིས་སླུ་བ་དང།
།གཡོག་འཁོར་མི་འདུམ་འཁོར་གཡོག་ངན་པ་དང།
།མི་སྙན་ཐོས་དང་འཐབ་མོའི་ཚིག་ཏུ་འགྱུར།
།ཚིག་གཟུང་མི་འོས་མ་ངེས་སྤོབས་པ་དང།
།ཆོ་ག་མི་ཤེས་དང་འདོད་པ་ཆེ་བར་འགྱུར།
།ཕན་པ་མི་ཚོལ་གཞན་གྱིས་གནོད་པའི་གནས།
།ལྟ་བ་ངན་དང་གཡོ་སྒྱུ་ཆེ་བ་སྟེ།
།མི་དགེ་བཅུ་ལ་རིམ་བཞིན་གཉིས་གཉིས་ལྡན།
།མྱོང་བ་རྒྱུ་མཐུན་འབྲས་བུ་ལེགས་པར་གསུངས།
།དབང་གི་འབྲས་བུ་ཕྱི་རོལ་ཡུལ་ལ་སྨིན།

།དེ་ཡང་མ་དག་གཞན་དབང་གནས་སྐབས་འདིར།
།སྲོག་བཅད་པས་ནི་ས་ཕྱོགས་གཟི་བརྗིད་ཆུང།
།སྨན་ཤིང་ལོ་འབྲས་མེ་ཏོག་བཟའ་བཏུང་སོགས།
།མཐུ་ཆུང་འཇུ་དཀའ་ཚེ་ལ་བར་དུ་གཅོད།
།མ་བྱིན་ལེན་པས་ལོ་ཐོག་འབྲས་མི་སྨིན།
།སད་སེར་མུ་གེས་འཇིགས་པའི་ཡུལ་དུ་སྐྱེ།
།ལོག་པར་གཡེམ་པས་བཤང་གཅི་འདམ་རྫབ་ཁྲོད།
།ལྗན་ལྗིན་མི་གཙང་དྲི་ང་སྐྱེ་བའི་ཡུལ།
།དོག་ཅིང་ཉམ་ང་ཉམས་མི་དགའ་བར་སྐྱེ།
།བརྫུན་གྱིས་ཡུལ་རྣམས་མི་མཐུན་འཇིགས་དང་བཅས།

།འབྱོར་པ་གཡོ་ཞིང་གཞན་གྱིས་སླུ་བར་སྐྱེ།
།ཕྲ་མས་ས་ཕྱོགས་བགྲོད་དཀའ་མཐོ་དམན་ཅན།
།ངམ་གྲོག་གཡང་ས་གཅོང་རོང་ལ་སོགས་པ།
།རེག་ན་མི་བདེ་སྣ་ཚོགས་ཡུལ་དུ་སྐྱེ།
།རྩུབ་མོས་སྡོང་དུམ་རྡོ་གསེག་ཚེར་མ་དང།
།རྡུལ་དང་ཉལ་ཉིལ་འབྲས་ངན་རྩུབ་པ་དང།
།ཚབ༹་སྒོ་ལ་སོགས་མི་དགེའི་ཡུལ་དུ་སྐྱེ།
།བཀྱལ་བས་ལོ་འབྲས་མི་སྨིན་དུས་ཚིགས་ལོག
།རིང་དུ་མི་བརྟན་མི་གནས་ཡུལ་དུ་སྐྱེ།
།བརྣབ་སེམས་འབྲས་སོགས་ཉུང་ཞིང་སྤུན་པ་མང།

།བཟང་པོའི་དུས་ཚིགས་འགྱུར་བ་མཐོང་བར་སྐྱེ།
།གནོད་སེམས་ལོ་ཐོག་འབྲས་བུ་ཚ་ཞིང་ཁ།
།རྒྱལ་པོ་ཆོམ་རྐུན་མི་རྒོད་སྦྲུལ་ལ་སོགས།
།རང་བཞིན་གནོད་པ་མང་བའི་ཡུལ་དུ་སྐྱེ།
།ལོག་ལྟས་རིན་ཆེན་འབྱུང་ཁུངས་མི་ལྡན་ཞིང།
།སྨན་ཤིང་མེ་ཏོག་འབྲས་བུ་བུང་བ་དང།
།སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ།
།སྐྱེས་བུ་བྱེད་པའི་འབྲས་བུ་མི་དགེ་བ།
།གང་བྱས་དེ་ཉིད་འཕེལ་བས་སྡུག་བསྔལ་བསྐྱེད།
།མདོར་ན་རང་བཞིན་མི་དགེ་བཅུ་པོ་རྣམས་

།དུག་དང་འདྲ་སྟེ་གང་གིས་ལོངས་སྤྱོད་པ།
།ཚེ་འབྲིང་ཆུང་ངུས་སྡུག་བསྔལ་ཆེར་བསྐྱེད་པས།
།དགྲ་བཞིན་རབ་ཏུ་སྤང་ལ་འབད་འཚལ་ལོ།
།མཐོ་རིས་འཕེན་པ་དགེ་བའི་ལས་བཅུ་ཡང།
།མི་དགེ་བཅུ་སྤོང་སེམས་པ་དགེ་བ་སྟེ།
།སྲོག་མི་གཅོད་དང་མ་བྱིན་ལེན་པ་སྤངས།
།ལོག་པར་མ་གཡེམ་བརྫུན་དང་ཕྲ་མ་སྤོང།
།ངག་འཁྱལ་ཚིག་རྩུབ་མི་སྨྲ་བརྣབ་སེམས་མེད།
།གནོད་སེམས་ལོག་ལྟ་རིང་དུ་སྤངས་པ་སྟེ།
།ཆུང་ངུས་མི་དང་འབྲིང་གིས་འདོད་པའི་ལྷ།

།ཆེན་པོས་བསམ་གཏན་གཟུགས་མེད་ཏིང་འཛིན་འབྲེལ།
།གོང་མའི་ཁམས་གཉིས་བདེ་བ་འཛིན་པར་བྱེད།
།འབྲས་བུ་བཞི་སྟེ་སྔར་གྱི་ལྡོག་པའི་དཔེས།
།དགེ་བཅུའི་འབྲས་བུ་མཐོ་རིས་ཤེས་པར་བྱ།
།དེ་ལྟར་དགེ་བ་བསོད་ནམས་ཆ་མཐུན་བཅུས།
།བདེ་འགྲོར་འཕེན་ཞིང་རང་བཞིན་མི་དགེ་བཅུས།
།ངན་འགྲོར་ལྟུང་བའི་རྒྱུ་འབྲས་དཀར་ནག་ལས།
།བླང་དོར་བྱེད་པ་འཇིག་རྟེན་དགེ་བའི་ལམ།
།ལྷ་མིའི་ཐེག་པ་ལེགས་པར་ཐུབ་པ་གསུངས།
།འདིས་ནི་ཕྱི་མར་བདེ་འགྲོ་བསྒྲུབ་པས་ན།

།ཐར་པའི་རྟེན་དུ་ཡང་དག་གཞག་པར་མཛད།
།ལེགས་ལྡན་འགྲོ་བ་རྣམས་ཀྱིས་བསྟེན་པར་མཛོད།
།ཐར་པའི་དགེ་མཆོག་འཁོར་བ་རིང་དུ་བྱེད།
།དེ་ཡང་སྲིད་པར་འདུ་བྱེད་མཐོ་དམན་ལས།
།དཀར་ནག་གཉིས་ཀ་ལས་འདས་ཞི་ལ་གཞོལ།
།ཐར་པའི་ཆ་མཐུན་ལ་སོགས་ཟག་མེད་རྒྱུ།
།དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་དང།
།ཕ་རོལ་ཕྱིན་དྲུག་ལ་སོགས་ལམ་ལྔས་བསྡུས།
།དེ་ཡང་གང་ཟག་ཆོས་བདག་མེད་རྟོགས་ནས།
།ཐབས་ངད་ཤེས་རབ་ཟུང་འབྲེལ་དགེ་བ་ཡིས།

།སྲིད་ཞིར་མི་གནས་འགྲོ་བའི་དོན་བྱེད་ཅིང།
།རྒྱལ་བའི་གོ་འཕང་མཐའ་ཡས་བསྒྲུབ་པས་ན།
།རྣལ་འབྱོར་དགེ་བ་འཇིག་རྟེན་ཀུན་ལས་འདས།
།དེ་ཡང་དམིགས་བཅས་བསོད་ནམས་ཚོགས་ཡིན་ལ།
།དམིགས་མེད་ཡེ་ཤེས་ཚོགས་ཏེ་ཟུང་འབྲེལ་གྱིས།
།སྒྲིབ་གཉིས་སྦྱངས་ནས་སྐུ་གཉིས་མངོན་དུ་བྱེད།
།དེ་ཡང་སོ་སོ་སྐྱེ་བོའི་ཟག་བཅས་ཏེ།
།འཕགས་པའི་ཟག་མེད་མཉམ་རྗེས་སྤྱོད་ཡུལ་ཅན།
།རིམ་བཞིན་སྤྱད་པས་ཐར་པ་ཐོབ་པ་ཡིན།
།ཐར་པ་དགེ་བའི་རྟེན་ནི་རིགས་ཡིན་ལ།

།དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ།
།དྲི་མེད་ཁམས་ཏེ་རང་བཞིན་གནས་པའི་རིགས།
།དེ་ཡི་སྣང་ཆ་སྐུ་གཉིས་དཔེ་རྣམ་དགུ།
།སྙིང་རྗེའི་རང་བཞིན་ཡེ་ནས་གནས་པ་ནི།
།རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས།
།རྩ་བ་རིག་པའི་ཡེ་ཤེས་འོད་གསལ་ལ།
།ངོ་བོ་དུག་གསུམ་མེད་པས་དགེ་བ་ཡིན།
།རིགས་དེ་སད་ལས་སེམས་གཉིས་རབ་བསྐྱེད་དུས།
།སྙིང་རྗེ་མངོན་བསྒྲུབས་ཀུན་རྫོབ་བསོད་ནམས་ཚོགས།
།བུམ་སོགས་གསུམ་དབང་བསྐྱེད་རིམ་དག་པ་སྟེ།

།སྟོང་པ་རང་བཞིན་དོན་དམ་ཡེ་ཤེས་ཚོགས།
།བཞི་པ་ཚིག་དབང་རྫོགས་རིམ་ཕྱག་རྒྱ་ཆེ།
།ལེགས་པར་བསྒོམས་ཤིང་རིམ་གཉིས་སྤེལ་བ་ཡིས།
།ཉོན་མོངས་ཡེ་ཤེས་གནས་གྱུར་དགེ་བ་རྣམས།
།ཆེས་ཆེར་འཕེལ་བས་ཁམས་ཀྱི་སྒྲིབ་སྦྱངས་ཏེ།
།ཆོས་གཟུགས་དྲི་མེད་ཉི་མ་མཐོང་བར་འགྱུར།
།འཇིག་རྟེན་ཆོས་རབ་དགེ་བ་རྣམ་པ་བཅུ།
།བསམ་གཏན་གཟུགས་མེད་ལ་སོགས་སྣང་བཅས་ཚོགས།
།འཇིག་རྟེན་འདས་གང་ཤིན་ཏུ་སྤྲོས་པ་མེད།
།དོན་དམ་ཡེ་ཤེས་ཚོགས་ཏེ་མཉམ་རྗེས་ཡུལ།

།ཟུང་དུ་འབྲེལ་བར་སྤྱད་ལས་ལེགས་དགུ་འགྲུབ།
།དེ་ཡང་སྲིད་པར་འདུ་བྱེད་དགེ་བ་ལྟར།
།ཞི་བར་འདུ་བྱེད་ཚུལ་གྱིས་ལས་སུ་བཤད།
།སྲིད་ལས་འདའ་ཕྱིར་ལས་ལས་ཐར་པ་ལགས།
།ལམ་ཞུགས་དགེ་བ་བཅུ་ཡི་འབྲས་བུ་ཡང།
།རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་ལས་ཏེ།
།དེ་དག་ཆུང་འབྲིང་ཆེན་པོར་སྤྱད་པ་ཡིས།
།གནས་སྐབས་ལྷ་མི་མཐར་ཐུག་ངེས་ལེགས་འགྱུར།
།རྒྱུ་མཐུན་བྱེད་པས་ངང་གིས་དགེ་ལ་གཞོལ།
།མྱོང་བས་ཚེ་རིང་བ་དང་ལོངས་སྤྱོད་ཆེ།

།མཐུན་པའི་ཁྱིམ་ཐབ་དགྲ་ཟླ་མེད་པ་དང།
།སྐུར་པ་མི་འབྱུང་ཕན་ཚུན་མཛའ་བཤེས་བཞིན།
།ཚིག་གཟུང་འོས་དང་ཀུན་གྱི་རྣ་བར་སྟན།
།ཆོག་ཤེས་བྱམས་ལྡན་ལྟ་བ་བཟང་པོར་འགྱུར།
།དབང་གིས་ཡུལ་བཟང་གཟི་བརྗིད་ཕུན་སུམ་ཚོགས།
།བཟའ་བཏུང་སྨན་སོགས་འཇུ་སླ་མཐུ་ཆེ་ཞིང།
།ཕྱོགས་གཙང་སྨན་སོགས་དྲི་ཞིམ་ངད་དང་ལྡན།
།གཞན་གྱིས་མི་སླུ་འཇིགས་བྲལ་གནོད་འཚེ་མེད།
།སྐྱེ་དགུ་མཐུན་དང་རེག་ན་མཆོག་ཏུ་བདེ།
།དུས་ཀྱི་རྗེས་འགྲོ་ལེགས་སྨིན་འབྲས་བུས་ཕྱུག

།ས་ཕྱོགས་མཉམ་ལ་མཚོ་བསིལ་རྫིང་བུས་བརྒྱན།
།མེ་ཏོག་འབྲས་མང་བཟང་དགུ་འཕེལ་བ་མཐོང།
།ལོ་འབྲས་སྨིན་སོགས་རོ་མཆོག་བདའ་བ་དང།
།འབྱུང་ཁུངས་བཟང་ཞིང་དཔུང་གཉེན་ལྡན་པར་སྐྱེ།
།སྐྱེས་བུ་བྱེད་པ་དགེ་ལས་དགེ་འཕེལ་བས།
།ལེགས་དགུའི་བསམ་པ་ཡིད་བཞིན་འགྲུབ་པ་ཡིན།
།གཞན་ཡང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།
།བཟོད་པས་གཟུགས་བཟང་བརྩོན་འགྲུས་ཡོན་ཏན་བརྗིད།
།བསམ་གཏན་སེམས་ཞི་བློ་ཡིས་གྲོལ་བ་འཐོབ།
།བྱམས་པས་ཡིད་འོང་སྙིང་རྗེས་ཕན་པ་འགྲུབ།

།དགའ་བས་ཕུན་ཚོགས་བཏང་སྙོམས་རྙོག་པ་མེད།
།མདོར་ན་བསོད་ནམས་ཡེ་ཤེས་ཚོགས་རབ་འབྲས།
།གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་འགྲུབ།
།འདི་ནི་ལམ་བཟང་ཤིང་རྟ་ཆེན་པོའི་སྲོལ།
།དུས་གསུམ་རྒྱལ་བའི་ཕུན་ཚོགས་སྒྲུབ་བྱེད་ཡིན།
།དེ་ལྟར་སྲིད་ཞིར་འདུ་བྱེད་ལས་རྣམས་ནི།
།སེམས་ལ་རྟོན་ཞིང་སེམས་ཉིད་འོད་གསལ་ལ།
།མཁའ་བཞིན་བྱེད་པོ་མི་དམིགས་སྤྲོས་དང་བྲལ།
།བདེན་པ་གཉིས་དོན་རྟེན་ཅིང་འབྲེལ་བར་འབྱུང།
།གདོད་ནས་རྣམ་དག་མེད་བཞིན་སྣང་བ་ཡི།

།ལས་ནི་ཀུན་བྱེད་རི་མོ་མཁན་འདྲ་ཞིང།
།རྟག་ཏུ་རྗེས་འགྲོ་ལུས་ཀྱི་གྲིབ་མ་འདྲ།
།གཞན་དུ་མི་འཕོ་ལུས་ཀྱི་བདེ་སྡུག་བཞིན།
།རང་བཞིན་བཟློག་དཀའ་ཆུ་ཀླུང་འབབ་འདྲ་ཞིང།
།མཐོ་དམན་ལྟུང་བྱེད་འགྲོ་ཀུན་དབང་པོ་དྲ།
།ཤིན་ཏུ་རྒྱ་ཆེ་ནམ་མཁའི་དབྱིངས་འདྲ་ཞིང།
།དཀར་ནག་མི་འགྱུར་ཀཱུནད་ཨཱུཏཔ་ལ་འདྲ།
།ལས་རྣམས་བརྟགས་ན་ངོ་བོ་འགའ་མེད་ཀྱང།
།རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་བྱེད།
།བློས་བཏགས་ལས་རྣམས་དངོས་པོ་མཚན་མ་མེད།

།རྒྱུ་འབྲས་མི་སླུ་རྟེན་འབྲེལ་ཟབ་མོ་ཉིད།
།ཡོད་མིན་མེད་མིན་རང་བཞིན་གཉིས་སུ་མེད།
།ཇི་ལྟར་སྤྱད་པ་དེ་ལྟར་རྣམ་པར་སྨིན།
།འདི་ནི་ཇི་སྙེད་ཞི་བཞིན་གཟིགས་པའི་ཡུལ།
།རྣམ་ཀུན་མཁྱེན་པ་དེ་ཡིས་ལེགས་པར་གསུངས།
།གང་ཞིག་ལས་འབྲས་ཁྱད་དུ་གསོད་པ་དག
།མུ་སྟེགས་ཆད་པར་ལྟ་བའི་སློབ་མ་སྟེ།
།སྟོང་པའི་ལྟ་བ་གདེང་ཙམ་དུ་འཆའ་བ།
།ཆད་པའི་མཐར་ལྷུང་འོག་ནས་འོག་ཏུ་འགྲོ།
།ལམ་ངན་ཞུགས་པ་དེ་དག་གནས་ངན་ལས།

།ནམ་ཡང་མི་ཐར་བདེ་འགྲོ་རིང་དུ་བྱེད།
།རྒྱུ་འབྲས་སྙིང་རྗེ་བསོད་ནམས་ཚོགས་འདི་དག
།དྲང་དྲོན་བྱིས་པའི་ཆོས་ཏེ་སངས་མི་རྒྱ།
།ངེས་དོན་བྱར་མེད་ནམ་མཁའ་ལྟ་བུའི་དོན།
།རྣལ་འབྱོར་ཆེན་པོ་རྣམས་ཀྱིས་སྒོམས་ཤིག་ལོ།
།ཆད་པ་ལས་ཀྱང་ཆད་པའི་ལྟ་བ་ཅན།
།དམན་པ་ལས་ཀྱང་དམན་པའི་ལམ་ཞུགས་དག
།རྒྱུ་ཉིད་བཀག་ནས་འབྲས་བུ་བསྒྲུབ་པ་མཚར།
།ནམ་མཁའ་ཡིན་ན་བསྒོམ་ཡང་ཅི་ཞིག་དགོས།
།མིན་ན་བསྒོམས་ཀྱང་ངལ་བ་དོན་མེད་དོ།

།ཅང་མེད་བསྒོམས་པས་ཐར་པ་ཐོབ་འགྱུར་ན།
།ནམ་མཁའི་ཡིད་ཅན་རྣམས་ཀྱང་སངས་རྒྱས་འགྱུར།
།བསྒོམ་པར་ཁས་བླངས་ནས་ཀྱང་རྒྱུ་འབྲས་འགྲུབ།
།དེ་ཕྱིར་ལམ་ངན་དེ་འདྲ་རྒྱང་སྲིངས་ཤིག
།ཡང་དག་ལམ་ནི་རྒྱུ་འབྲས་རྟེན་འབྲེལ་ཏེ།
།ཐབས་དང་ཤེས་རབ་མཉམ་སྦྱོར་ལྷུན་གྱིས་གྲུབ།
།སྣང་ལ་རང་བཞིན་མེད་པའི་ལས་འབྲས་ཀྱིས།
།སྣང་ལ་རང་བཞིན་མེད་པའི་ལམ་བསྒོམས་ཏེ།
།སྣང་ལ་རང་བཞིན་མེད་པའི་འབྲས་བུ་འཐོབ།
།སྣང་ལ་རང་བཞིན་མེད་པའི་སེམས་ཅན་དོན།

།སྣང་ལ་རང་བཞིན་མེད་པའི་མཛད་པ་ནི།
།དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཡིན།
།དེ་བས་ངེས་དོན་མདོ་རྒྱུད་སྙིང་པོའི་དོན།
།ཚོགས་གཉིས་ཟུང་འཇུག་རིམ་གཉིས་བསྐྱོད་རྫོགས་ཀྱིས།
།མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན།
།འདིར་ནི་སྲིད་པར་འདུ་བྱེད་རྒྱུ་འབྲས་ཀུན།
།ཆ་དང་བཅས་པ་མ་ལུས་རབ་སྤངས་ནས།
།ཐར་པའི་རྒྱུ་འབྲས་ནན་ཏན་སྙིང་པོར་བྱ།
།མྱུར་དུ་མངོན་མཐོ་ངེས་ལེགས་བྱང་ཆུབ་འགྲུབ།
།དེ་ལྟར་བདེ་ཆེན་ཆོས་ཀྱི་ཆར་བསིལ་བས།

།འགྲོ་སེམས་ས་གཞིར་ཚོགས་གཉིས་རབ་རྒྱས་ཏེ།
།ལས་དང་ཉོན་མོངས་ཡོངས་གང་སྲིད་པ་འདིར།
།དུབ་པའི་སེམས་ཉིད་དི་རིང་ངལ་སོས་ཤིག
།རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།
།ལས་རྒྱུ་འབྲས་ཀྱི་ལེའུ་སྟེ་བཞི་པའོ།