རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་་་

From Rangjung Yeshe Wiki Texts
Revision as of 16:50, 22 March 2013 by Eric (talk | contribs)
Jump to navigation Jump to search

༄༅། །མཧཱསནྡྷིཙིཏྟཏིལཀཔུརགཏིནིཏལེཁཱབྷིརསབིདྱཱདྷརཏུཎྜཾཏིབརྠཾནམཱསྟི། །། ༄༅། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས།། །། ན་མོ་བཛྲ་གུ་རུ་ཡེ། ཐེག་མཆོག་མན་ངག་འོད་གསལ་རྫོགས་པ་ཆེ། །སྟོན་མཛད་བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི། །ངོ་བོ་དཔལ་མགོན་བླ་མ་རྡོ་རྗེ་འཆང་། །ཚེ་རབས་གཏན་གྱི་སྐྱབས་སུ་སྤྱི་བོར་བསྙེན། །གདམ་བཟང་འཕགས་ནོར་གྲངས་ལྡན་ནམ་མཁའི་མཛོད། །ཡང་ཟབ་རྗེས་དྲན་ལྕེ་བཙུན་སྙིང་ཏིག་གི །སྔོན་འགྲོའི་ཁྲིད་རིམ་རིག་འཛིན་ཞལ་གྱི་ལུང་། །སྐལ་བཟང་གདུལ་བྱའི་དཔལ་དུ་འདིར་གསལ་བྱ། །དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་གསང་ལམ་རྨད་དུ་བྱུང་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་ཕུད། ཆོས་ཐམས་ཅད་ཀྱི་མདོ་ཆིངས། ལམ་ཐམས་ཅད་ཀྱི་མཐར་ཐུག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བ། འཕགས་ལམ་འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ་དུ་བཞུགས་པ་ལས། འདི་ནི་ཕྱི་མ་མན་ངག་སྡེའི་བཅུད་ཕུར། སློབ་དཔོན་ཆེན་པོ་བི་མ་ལའི་ཟབ་ཏིག །ལྕེ་བཙུན་སེང་གེ་དབང་ཕྱུག་གི་ཐུགས་ཐིག །ཚེ་ལུས་གཅིག་གིས་སངས་རྒྱས་པར་བྱེད་པའི་མན་ངག་ཐམས་ཅད་ཀྱི་ཉིང་ཁུའམ་རྒྱལ་པོ་ལྟ་བུ་འདི་ཉིད་ཀྱི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་འཆད་ཉན་བགྱི་བ་ལ་བཞི། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། འཆད་ཡུལ་སློབ་མའི་མཚན་ཉིད། འཆད་བྱ་གདམ་ངག་གི་རིམ་པ། འཆད་བྱའི་གདམ་ངག་གི་འགགས་བསྡམ་ཞིང་ཆིངས་སུ་བཅིང་བའོ། །དང་པོ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ལ་བསྟེན་བྱ་དང་བསྟེན་བྱ་མ་ཡིན་པ་གཉིས། དང་པོ་བསྟེན་བྱའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། རིན་ཆེན་ཕུང་པོའི་མདོ་ལས། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུ་བསྟེན་པར་བགྱི། བཀའ་སྩལ་པ། དགེ་བའི་བཤེས་གཉེན་གྱིས་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་སེམས་ཏེ་སྟོན་པར་བྱེད། གསལ་བར་བྱེད་པ་དེ་ནི་དགེ་བའི་བཤེས་གཉེན་ལམ་དྲང་པོ་ནས་ཁྲིད་པར་བྱེད་པ་ཡིན་ནོ། །ཞེས་སོ། །གཉིས་པ་བསྟེན་བྱ་མ་ཡིན་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་སྒོ་ནས་ཆོས་སྟོན་ཅིང་བསོད་ནམས་ཀྱི་ཚོགས་ལ་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པར་སྟོན་ཅིང་བྱ་བ་ཉུང་ལ་སྦྱོར་བ་དང་། ཐེག་པ་ཆེན་པོའི་དོན་དང་ལྡན་པའི་བཀའ་མཆིད་མི་སྟོན་པ་ལ་བསྟེན་ཅིང་བསྙེན་བཀུར་བྱེད་པ་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པ་ལས་ཟློག་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་བཟློག་པའོ། །ཞེས་སོ། །གཉིས་པ་ཁྱད་པར་གྱི་མཚན་ཉིད་ལའང་གཉིས། དང་པོ་བསྟེན་བྱ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་པ། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་བསྟེན་བྱ་མ་ཡིན་པ་ནི། རྒྱུད་རང་ཤར་ལས། །མི་ཤེས་ང་རྒྱལ་ཆེན་པོ་དང་། །བློ་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་སྨྲ། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་བུའི་བདུད། །ཅེས་དང་། ཁྱུང་ཆེན་ལས། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། །མན་ངག་ལོག་པའི་ལམ་དུ་ལྟུང་ཏ་རེ། །ཞེས་བླ་སློབ་གཉིས་ཀ་ཕུང་བའི་རྒྱུར་འགྱུར་བས་སྤང་བར་བྱའོ། །མདོར་ན་རང་ལུགས་ལ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཟམ་མ་ཆད་ཅིང་། བརྒྱུད་པ་ལ་དམ་སེལ་གྱི་གཡའ་དྲིས་མ་གོས་པ། ལྟ་དགོངས་གདིང་དུ་གྱུར་ཅིང་གདམས་ངག་དམར་བཅིངས་སུ་འདེབས་མཁས་པ་ནི་བཅུད་དང་ལྡན་པ་ཞེས་དེ་ལྟ་བུ་ནི་བསྟེན་བྱ་དམ་པའོ། །རྩ་བའི་གཉིས་པ་འཆད་ཡུལ་སློབ་མ་ལའང་བླང་བྱ་དང་དོར་བྱ་གཉིས། དང་པོ་ནི། སློབ་དཔོན་པདྨའི་དོན་ཁྲིད་ནོར་བུའི་སྙིང་པོ་ལས། སྣོད་ལྡན་ལ་མཚན་ཉིད་བཅུ་དགུ་གསུངས་ཏེ། དང་པོ་དད་པ་ཆེ་བས་ཆོས་ལ་མོས་པའོ། །བརྩོན་འགྲུས་ཆེ་བས་ཆོས་ལ་བརྩོན་པའོ། །ཤེས་རབ་ཆེ་བས་ཚིག་དོན་ཐམས་ཅད་གོ་བའོ། །འཛིན་ཆགས་མེད་པས་ཚེ་འདིའི་བྱ་བ་ལ་མི་འཇུག་པའོ། །ཕུ་དུད་ཆེ་བས་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་ཞབས་ཏོག་བྱེད་པའོ། །གསང་སྔགས་ཀྱི་དོན་ལ་བློ་ངེས་པས་སྤྱོད་པའོ། །རྟོག་པ་ཆུང་བས་གསང་སྔགས་ཀྱི་སྤྱོད་པ་ལ་དངངས་སྐྲག་མི་སྐྱེ་བའོ། །གཡེང་བ་ཆུང་བས་བབས་ཀྱིས་ཆོས་ལ་གནས་པའོ། །དམ་ཚིག་གཙང་བས་ཉེས་ལྟུང་མི་འབྱུང་བའོ། །སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་མྱུར་དུ་ཐོབ་པའོ། །ཡང་དད་པ་དང་སྙིང་རྗེ་ཆེ་བས་ཆོས་ལས་མི་འགྱུར་ཞིང་འགྲོ་བ་ལ་ཕན་ཐོགས་པའོ། །གཏོང་ཕོད་ཆེ་བས་བླ་མ་དང་ཌཱ་ཀི་མཉེས་ཤིང་ཚོགས་རྫོགས་པའོ། །རྒྱུད་དུལ་བས་ཉོན་མོངས་པ་བགས་ཀྱིས་ཆུང་བའོ། །སྡིག་པ་ལ་འཛེམས་པས་རྣམ་སྨིན་གྱིས་མ་གོས་པའོ། །དབང་པོ་རྣོ་བས་ཆོས་དང་ཆོས་མིན་འབྱེད་པའོ། །གསང་ཐུབ་པས་བཀའ་ཆད་མི་འབྱུང་བའོ། །འགྱུར་བ་མེད་པས་ཆོས་དང་མི་འབྲལ་བའོ། །སྐྱོ་ཤས་ཆེ་བས་བློ་སྣ་ཐུང་བའོ། །སྡུག་སྲན་དང་སྙིང་རུས་ཆེ་བས་གྲུབ་རྟགས་ཐོན་པའོ། །དེ་ལྟ་བུ་གསང་སྔགས་ཀྱི་སྣོད་ཡིན་པས་གདམས་པ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདོང་ལྟས་ཆེ། ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་གཅོག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་རྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། །དོན་དམ་གདམ་པ་བསྟན་མི་བྱ། །ཞེས་དང་། དེ་ཉིད་ལས། ཡང་གསང་བཅུད་ཀྱི་བདུད་རྩི་ནི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་ཆག་བཅུད་འབོ་དམྱལ་བར་འགྲོ། །ཞེས་སོ། །དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་དབང་ཆོས་ཀྱིས་མ་སྦྲེལ་གོང་སློབ་མས་བླ་མ་བརྟགས་པ་ལས། འབྲེལ་ཟིན་ནས་རང་རེ་སོ་སོའི་སྐྱེ་བོ་ལོག་ལྟའི་མིག་སྐྱོན་ཅན་གྱིས་ཇི་བཞིན་པའི་བླ་མའི་ཡོན་ཏན་མི་མཐོང་། ཐབས་ལ་མཁས་པའི་མཛད་སྤྱོད་སོགས་བློར་མི་ཤོང་བས་རྡོ་རྗེའི་དམྱལ་བའི་ལས་གསོག་པས་ན། དྲན་ཤེས་དང་ལྡན་པས་རང་རང་གི་སྐལ་པ་དང་འཚམས་པའི་འདྲེན་པའི་དེད་དཔོན་སངས་རྒྱས་སྤྲུལ་པའི་སྐུར་ཐག་བཅད་ནས་ཅི་མཛད་ལེགས་མཐོང་ལ་བསླབ། བླ་མས་ཀྱང་སློབ་མ་ལ་གསར་ངས་མི་བྱ་བར་བྱ་དཀའ་བའི་ལས་བཅོལ་བ་སོགས་ཐབས་དུ་མའི་སྒོ་ནས་བརྟགས་ལ་གདམས་ངག་རིམ་ཅན་དུ་བསྟན་པར་བྱའོ། །རྩ་བའི་གསུམ་པ་འཆད་བྱའི་གདམས་ངག་གི་རིམ་པ་ལའང་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པའོ། །དང་པོ་ལའང་གསུམ། རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་དོ། །དང་པོ་རིང་བརྒྱུད་ལའང་། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་ལས། དང་པོ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་པར་བཞུགས་པའི་ཚུལ། ནང་གསལ་ཆོས་ཀྱི་སྐུའི་གནས་སྐབས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱིངས་ཀྱི་སྐུ་གསུམ་དུ་གནས་པའི་རྣམ་པས་ཡུལ་ལ་མི་སྤྱོད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་གིས་འོད་གསལ་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོས། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྲུབ་ཀྱི་ངང་དུ་འོད་གསལ་བའི་ཚུལ་དུའོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱུང་བ་ནི། གནས་རང་སྣང་སྟུག་པོ་བཀོད་པར། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། འཁོར་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་པ་ལ། ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ། རང་ཆས་སུ་ངང་གིས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པར་སྟོན་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་སོ། །དེ་ཉིད་ཀྱི་ངང་ལས་ཕྱོགས་བཅུའི་ཞིང་རིགས་དྲུག་གི་གནས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་མཐའ་ཡས་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དོན་མཛད་པ་ལས། རེ་ཞིག་མི་མཇེད་འཇིག་རྟེན་འདིར་སྤྲུལ་པ་འཕྲོ་ཚུལ་ནི། དེ་ལྟར་རང་སྣང་སྟུག་པོ་བཀོད་པའི་ཞིང་ནས་སྤྲུལ་པ་ཆེན་པོ་གཉིས་སྣང་བ་ལས། བྱིན་རླབས་མཆོག་གི་སྐུ་གསུང་ཐུགས་ལས་རང་བྱུང་གི་སྤྲུལ་པ་ཆེན་པོ་གསུམ་བྱུང་བ་ནི། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་བྱུང་བར་སྣང་བའི་སྐུ་གཟུགས་འགྲོ་བ་དྲུག་གི་ཚེ་ལོའི་ལུས་བོངས་དང་མཉམ་པ་ལས་ཆོ་འཕྲུལ་དུ་མ་འབྱུང་བས་འགྲོ་བ་གྲོལ་བར་བྱེད་པ་དང་། རིན་པོ་ཆེ་ལས་རང་བྱུང་བར་སྣང་བའི་ཡི་གེ་ཆེན་པོ་བསྟན་པ་བུ་གཅིག་གི་རྒྱུད་ལས་ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པ་སྐད་རིགས་སོ་སོར་རང་གྲགས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཟེར་དཔག་ཏུ་མེད་པ་འགྱེད་ནས་འགྲོ་བ་ཀུན་རང་བཞིན་གྱིས་གྲོལ་བའི་དོན་བྱེད། ཆོས་ཉིད་ཀྱི་རྡོ་རྗེ་ཚེ་ལོ་དང་པོའི་མི་རྣམས་ཀྱི་ཆག་གང་བ་ལས་གང་ལ་གང་འདུལ་གྱི་ཆོས་དང་ཡོ་བྱད་ཀྱི་ཆར་འབེབས་པར་བྱེད་ཅིང་གྲོལ་བར་བྱེད་དོ། །ཡེ་ཤེས་དམ་པའི་རྣམ་འཕྲུལ་རང་བྱུང་རྡོ་རྗེ་འཆང་ཆེན་པོ་ཞིང་འདིའི་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བར་པདྨའི་སྟེང་དུ་རང་བྱོན་ནས། རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་དང་ཡི་གེ་ལས་འདས་པའི་དགོངས་པ་རང་སྣང་དུ་གོ་བར་མཛད་དེ། དེའི་ཚེ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་པདྨའི་སྟེང་དུ་རང་བྱོན་ནས། འཁོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ། ཆོས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་ཡང་གསང་འོད་གསལ་གྱི་རྒྱུད་བཅུ་བདུན། དུས་ཡེ་ཤེས་རང་སྣང་བའི་ཚེ་རང་ཤར་ཏེ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་སོ། །དེའང་སྟོན་འཁོར་ཐ་དད་མེད་ཀྱང་འགྲོ་བ་འདུལ་བ་ལ་དགོངས་ནས་སོ་སོར་སྣང་བའོ། །དེ་ནས་ཚེ་ལོ་དཔག་མེད་དུས་སུ་སྟོན་པ་ཁྱེའུ་སྣང་བ་དམ་པ་ནས་རིམ་པར། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད། སྟོན་པ་གཞོན་ནུ་རྣམ་པར་རོལ་པས་བརྩེ་བ། སྟོན་པ་རྡོ་རྗེ་འཆང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། སྟོན་པ་གསེར་འོད་དམ་པ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། སྟོན་པ་འོད་སྲུངས་བགྲེས་པོ། སྟོན་པ་མངོན་རྫོགས་རྒྱལ་པོ་སོགས་ནས་ཚེ་ལོ་བརྒྱ་པར་སྟོན་པ་ཤཱཀྱ་ཐུབ་པའི་བར་མངོན་རྫོགས་སྟོན་པ་བཅུ་གཉིས་འགྲོ་བའི་བསོད་ནམས་ཀྱི་སྐལ་པར་འདྲེན་པའི་དེད་དཔོན་དམ་པར་རང་བྱོན་པའོ། །དེ་ཡང་ཅུང་ཟད་སྤྲོས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ལ། གནས་ཕུན་སུམ་ཚོགས་པ་འཛམ་བུ་གླིང་ལྷོ་ཕྱོགས་སུ་མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ལ་སྟོན་པ་རྡོ་རྗེ་འཆང་ཉིད་བྱིས་པ་གཞོན་ནུའི་གཟུགས་སུ་འཁྲུངས་པའི་ཚུལ་བསྟན་པའི་གཡས་གཡོན་དུ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པ་གཉིས་རྫུས་ཏེ་སྐྱེས་ཤིང་། འདབ་མ་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཁྱེའུ་གཞོན་ནུ་སྤྲུལ་པའི་སྐུའི་ཆ་བྱད་དང་ལྡན་པར་སྤྲུལ་ཏེ་བཞུགས་པ་ནི། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་གིས་འདུལ་བར་དགོངས་པའོ། །དེ་ཡང་སྟོན་པ་ཉིད་འོད་གསལ་ཆོས་སྐུའི་བསྟན་པས་གདུལ་བྱ་མང་རབ་རྣམས་འདུལ་བ་ལ་དགོངས་ནས། སེང་གེ་གླང་པོ་དྲང་སྲོང་གསུམ་གྱི་བཞུགས་སྟངས་གསུམ་དང་། སྐུ་གསུམ་གྱི་གཟིགས་སྟངས་གསུམ་གྱི་ཚུལ་གྱིས། ཆོས་ཕུན་སུམ་ཚོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་མངོན་སུམ་སྙིང་ཏིག་གི་བསྟན་པ་རྣམས། དུས་ཕུན་སུམ་ཚོགས་པ་བསྐལ་པ་བཟང་པོ་འདིའི་ཐོག་མ་ལ་གསུངས་སོ། །དེ་ནས་ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་ན་ཐམས་ཅད་འབྱུང་བཞི་འདུས་པའི་འོད་ཀྱི་སྒོ་ང་ལས་སྐྱེས་པ་ཤ་སྟག་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་ཅེས་བྱ་བར་སྟོན་པ་རྡོ་རྗེ་འཆང་ཆེན་པོ་འོད་ལྔ་འདུས་པའི་སྒོ་ང་ལས་གཞོན་ནུ་ལོ་བཅུ་དྲུག་གི་ཚོད་ཙམ་དུ་ཁྱེའུ་འོད་མི་འཁྲུགས་པ་ཞེས་བྱ་བར་སྤྲུལ་ནས་བྱོན་ཏེ། འཁོར་ཕུན་སུམ་ཚོགས་པ་ཡིད་སྙུང་རྡོ་རྗེ་མ་ལ་སོགས་པ་རིགས་བཞིའི་མཁའ་འགྲོ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་གཅིག་ཐུབ་པ་ན་གསུངས་སོ། །དེ་ནས་ཚེ་ལོ་འབུམ་ཕྲག་ཐུབ་པའི་དུས་ན་ཐམས་ཅད་ཀྱང་དྲོད་གཤེར་ལས་སྐྱེས་པ་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱི་སྤུངས་པ་ཞེས་བྱ་བར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད་དྲོད་གཤེར་ལས་འཁྲུངས་པའི་ཚུལ་བསྟན་ཏེ། དཔལ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས་དང་། རྨ་བྱ་མཇིང་བསྣོལ་དང་། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་འབུམ་པའི་དུས་ན་གསུངས་སོ། དེ་ནས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཐམས་ཅད་ཀྱང་མངལ་ནས་སྐྱེས་པ་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བ་ན། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་མངལ་ནས་སྐྱེ་བའི་ཚུལ་བསྟན་ཏེ། གཞོན་ནུ་རྣམ་པར་རོལ་པས་བརྩེ་བ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་དུས་ནའོ། །དེ་ནས་ཚེ་ལོ་བདུན་ཁྲི་པའི་དུས་སུ། གནས་ཕུན་སུམ་ཚོགས་པ་སུམ་ཅུ་རྩ་གསུམ་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད། ཕྱི་འགྲོ་དྲུག །ནང་ཐུབ་དྲུག །གསང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཟིགས་ནས། དྲུག་པ་རྡོ་རྗེ་འཆང་ཞེས་བྱ་བར་སྤྲུལ་ཏེ། འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱི་རྣམ་པར་རོལ་པ་ལས་བྱུང་བ། རྣམ་པར་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག །གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་པ་སྟེ་བདུན་དང་། དབང་པོ་བརྒྱ་བྱིན་དང་། ཐགས་བཟང་རིས་དང་། ཤཱཀྱ་སེང་གེ་དང་། སེང་གེ་རབ་བརྟན་དང་། ཁ་འབར་དེ་བ་དང་། ཆོས་ཀྱི་རྒྱལ་པོ་སྟེ་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་གདུང་བ་སེལ་བའི་ཆོས་དྲུག །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འབད་པ་དང་བཅས་པ་དང་འབད་པ་མེད་པ་གཉིས་ལས། སྦྱིན་པ་ལ་སོགས་པ་དྲུག་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དང་། ནང་དུ་ལུང་སྦྲགས་མ་བཅོ་བརྒྱད་ཀྱི་འཁོར་ལོ་བསྐོར། འབད་པ་མེད་པ་ལ་ཕྱི་ཕྱག་ན་རྡོ་རྗེ་ལ་གཟིགས་ནས་ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་དགུ་པ་དང་། ནང་སྤྱན་རས་གཟིགས་ལ་དགོངས་ནས་སྤྱན་རས་གཟིགས་སེང་གེ་སྒྲའི་རྒྱུད་ལེའུ་བཅུ་གསུམ་པ་དང་། གསང་བ་འཇམ་དཔལ་ལ་གཟིགས་ནས་འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད་ལེའུ་བདུན་པ་དང་། ཁྱད་པར་གྱི་འཁོར་སངས་རྒྱས་རབས་བདུན་ལ་གཟིགས་ནས་ཐིག་ལེ་མཆོག་གི་རྒྱུད། ཡེ་ཤེས་ཀུན་ཏུ་གསལ་བའི་རྒྱུད་ལེའུ་བདུན་ཅུ་ལ་སོགས་པ་རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བའི་རྒྱུད་རྣམས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་པའི་དུས་ནའོ། །དེ་ནས་ཚེ་ལོ་དྲུག་ཁྲི་པའི་ཚེ། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཤར་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཆང་དུ་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་གོང་གི་ཐུབ་པ་དྲུག །གནོད་སྦྱིན་གྱི་བུ་ལེགས་སྤྱོད་དང་བདུན་ནི་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ཞེས་བྱའོ། །གཞན་ཡང་དཔག་ཏུ་མེད་པའོ། །ཆོས་ཕུན་སུམ་ཚོགས་པ་ཕྱི་ལྟར་བྱམས་པ་ལ་གཟིགས་ནས་ཐབས་ཕའི་རྒྱུད་བྱེ་བ་དགུ །ནང་ལག་ན་རྡོ་རྗེ་ལ་གཟིགས་ནས་ཤེས་རབ་མའི་རྒྱུད་བྱེ་བ་གཉིས། གསང་བ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་གཟིགས་ནས་གཉིས་སུ་མེད་པའི་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་ལ་སོགས་པ་འབུམ་ཕྲག་དྲུག་ཅུ་རྩ་དགུ་གསུངས་སོ། །དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲིའི་དུས་ནའོ། །དེ་ཡན་ཆད་ཀྱིས་ཚེ་ལོ་དཔག་མེད་བསྐལ་པ་དང་པོ་ལ་འཛམ་བུ་གླིང་གི་མི་དང་ལྷའི་གནས་སྤེལ་མར་བསྟན་པའོ། །དེའང་གནས་འདི་ལྟ་བུ་རྒྱུ་འབྲས་ཀྱི་ཐེག་པར་མ་གྲགས་པ་ཉིད། གསང་ཆེན་ངེས་པའི་ཐེག་པ་འདིར་གྲགས་པས་ཆོས་ཁྱད་པར་འཕགས་པའི་གནས་ཡིན་ནོ། །དེ་ནས་འཛམ་བུའི་གླིང་གི་ནུབ་ཕྱོགས་རྒྱ་མཚོའི་གླིང་ཞེས་བྱ་བའི་གནས་ཕུན་སུམ་ཚོགས་པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་དྲང་སྲོང་ཁྲོས་པའི་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་རགས་པ་འདུལ་བའི་རྒྱུད་བཅུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ཁྲི་པའི་དུས་ནའོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་དགྲ་བཅོམ་པ་གསེར་འོད་དམ་པར་སྤྲུལ་ཏེ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་གཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་གི་དུས་ནའོ། །དེ་ནས་གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་གི་ཚེ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་བརྩེ་བས་རྣམ་པར་རོལ་པའི་བློ་གྲོས་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་མང་པོ་ལ། ཆོས་ཕུན་སུམ་ཚོགས་པ་ཕྲ་རྒྱུད་བདུན་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་དུས། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་འོད་སྲུངས་བགྲེས་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ཤཱ་རིའི་བུ་སྐར་མ་འོད་བཟང་པོ་ལ་སོགས་པ་དགྲ་བཅོམ་པ་བདུན་དང་། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་ཀྲི་ཡ་དང་། ཨ་ནུ་ཡོ་ག་ལ་སོགས་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་པའི་ཚེ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་མངོན་རྫོགས་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་སྙིང་པོ་ངེས་པའི་དོན་གསུངས་སོ། དེ་ནས་དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་ཚེ། གནས་ཕུན་སུམ་ཚོགས་པ་ཝཱ་ར་ཎ་སཱི་དང་བྱ་རྒོད་ཕུང་པོ་དང་མཉན་དུ་ཡོད་པ་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཉིད་ལྷ་དང་མི་རྣམས་ཀྱི་སྟོན་པ་དཔལ་ཤཱཀྱ་ཐུབ་པར་སྤྲུལ་ཏེ་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་གྱིས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་ཀླུ་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་རིམ་པ་དང་སྦྱར་ནས་གསུངས་སོ། །འདི་དག་གི་ངེས་པ་ནི་བབས་ལུགས་ཆེན་མོ་ལས་རྒྱ་ཆེར་བཤད་པས་དེར་རྒྱས་པར་བལྟའོ། །དེ་ལྟར་གནས་རིམ་པ་ཐ་དད་པར་སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་ལྔའི་ཚུལ་གྱིས་གསུངས་པ་ནི་ཐུན་མོང་པ་རྒྱུ་ལམ་དུ་བྱེད་པའི་མདོ་དང་རྒྱུད་ལ་སོགས་པར་ཕུན་སུམ་ཚོགས་པ་ལྔས་བསྟན་པ་རྣམས་དང་གོ་བསྟུན་པའམ། དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པར་བསྟན་པས། རང་བཞིན་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་རྡོ་རྗེའི་སྙིང་པོའི་ཐེག་པ་བསྟན་པ་ཀུན་གྱི་ཐོག་མར་བྱུང་བ་ནས་བཟུང་སྟེ་དེང་སང་གི་བར་དུ་ཟམ་མ་ཆད་པས་རླབས་ཆེ་ཞིང་། དཀོན་མཆོག་གི་འཁོར་ཕུན་སུམ་ཚོགས་པ་ལྔ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་འབྱུང་བས། ཐེག་པ་ཐུན་མོང་པ་རྣམས་ཀྱི་ལུགས་ལྟར་སྟོན་པ་རེ་བྱོན་ནས་བསྟན་པ་རེ་བྱུང་བ་ཡང་ནུབ་ཡང་འབྱུང་བ་ལྟར་འཕེལ་འགྲིབ་ཏུ་སྣང་བ་ལས་ཁྱད་པར་དུ་འཕགས་ཤིང་། ཆོས་འབད་རྩོལ་ཆེན་པོས་བསྐལ་པ་དུ་མ་དང་མི་ཚེ་མང་པོར་རྒྱུ་འབྲས་འབའ་ཞིག་གཙོ་བོར་བླངས་ཏེ་འཁོར་བ་མཐོ་དམན་དུ་བྱེད་པ་རྣམས་ལས། འོད་གསལ་ལམ་དུ་བྱེད་པ་ཚེ་གཅིག་གིས་འོག་མིན་གྱི་ཞིང་དུ་རིགས་ལྔར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་འབད་རྩོལ་ལས་འདས་པ་འདི་ལྟ་བུ་ཁྱད་པར་དུ་འཕགས་པའི་ཕྱིར་ན་ཐུན་མོང་གི་གླིང་གཞི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་དུ་བསྟན་པའོ། །མ་འོངས་པ་བྱམས་པ་མགོན་པོ་ནས་ཐ་མ་སངས་རྒྱས་མོས་པའི་བར་དུ་ཡང་རིམ་པར་འབྱོན་པར་འགྱུར་བ་ཡིན་ནོ། །གཉིས་པ་རིག་འཛིན་བརྡའ་བརྒྱུད་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའམ་རྡོ་རྗེ་སེམས་དཔས་དུར་ཁྲོད་མེ་རི་འབར་བའི་གནས་སུ་སྤྲུལ་པའི་སྐུ་པཎ་ཆེན་དགའ་རབ་རྡོ་རྗེ་ལ་རྫོགས་པ་ཆེན་པོའི་ཆོས་རྣམས་མ་ལུས་པ་གསུངས། དགའ་རབ་རྡོ་རྗེས་རྒྱུད་ལུང་མན་ངག་རྣམས་གླེགས་བམ་དུ་བཀོད་ནས་མཁའ་འགྲོ་མ་རྣམས་ལ་གཏད་དེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་གཤེགས་ནས་བཞུགས་པའི་དྲུང་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱོན་ཏེ་དང་པོ་རྩོད་པ་བྱས་པས་མ་ཐུབ། མཐར་བཤགས་སྡོམ་མཛད་ནས་བླ་མར་བསྟེན་ཏེ་ལོ་བདུན་ཅུ་རྩ་ལྔར་ཆོས་གསན། དགའ་རབ་རྡོ་རྗེ་མྱ་ངན་ལས་འདས་ཚེ་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་བབས། འཇམ་དཔལ་བཤེས་གཉེན་གྱིས་རྫོགས་པ་ཆེན་པོ་སེམས་སྡེ་ཀློང་སྡེ་མན་ངག་སྡེ་གསུམ་དུ་ཕྱེས། གསང་བ་མཆོག་གི་རྒྱུད་སྙན་བཤད་གཉིས་སུ་ཕྱེས། བཤད་རྒྱུད་རྒྱ་གར་རྡོ་རྗེའི་གདན་གྱི་བྱང་ཤར་ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་དུ་གཏེར་སྦས་མཛད་དེ་དུར་ཁྲོད་སོ་ས་གླིང་དུ་གཤེགས་ནས་བཞུགས་པའི་དྲུང་དུ་མཁས་པ་ཤྲཱི་སིང་ཧ་བྱོན་ནས་ལོ་ཉེར་ལྔའི་བར་ཆོས་གསན། མཐར་གོང་གི་དཔེ་རྣམས་འདོན་པར་ལུང་བསྟན་ནས་མྱ་ངན་ལས་འདས་པའི་ཚེ་སྒོམ་ཉམས་དྲུག་པའི་འདས་རྗེས་བབས། ཤྲཱི་སིང་ཧས་བཤད་རྒྱུད་ཀྱི་དཔེ་རྣམས་བཏོན་ཏེ། ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པ་སྟེ་སྐོར་ཚོ་བཞིར་ཕྱེས། དང་པོ་གསུམ་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བ་བཞི་སྦྲེལ་གྱི་བར་དུ་ཟངས་སྒྲོམ་དུ་བཅུག་ནས་སྦས། ཡང་གསང་བླ་ན་མེད་པའི་སྐོར་ཐུགས་གཙིགས་ཆེ་བས་སྦས་མ་བྲ་ཡང་། མཁའ་འགྲོས་ལུང་བསྟན་ཡང་ཡང་བྱུང་ནས་ལྷ་ཁང་གི་དཀྱིལ་དུ་སྦས་ཏེ་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་གཤེགས་ནས་བཞུགས་སོ། །དེའི་ཚེ་སློབ་དཔོན་བི་མ་མི་ཏྲ་དང་། ཡེ་ཤེས་མདོ་གཉིས་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འདམ་བུའི་ཚལ་འཐུག་པོ་མེ་ཏོག་གིས་བརྒྱན་པའི་སར་སྐྱོ་བསང་ལ་བྱོན་དུས། རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་ཁྱོད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཀྱང་འབྲས་བུ་མ་ཐོབ་པས། ཚེ་གཅིག་གིས་གྲོལ་བར་འདོད་ན་རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་དུ་སོང་ཞིག་ཅེས་ཐོས་མ་ཐག་བི་མ་ལ་བྱོན་ནས་ཤྲཱི་སིང་ཧ་དང་མཇལ་ཏེ་ལོ་ཉི་ཤུའི་བར་དུ་སྙན་བརྒྱུད་ཀྱི་གདམས་པ་རྣམས་དང་། ཕྱི་ནང་གསང་བའི་སྐོར་རྣམས་རྫོགས་པར་གསན། སླར་ཡང་རྒྱ་གར་དུར་ཁྲོད་ཐ་ཆུང་དུ་སྤྱོད་པ་ལ་གཤེགས། དེ་ནས་སློབ་དཔོན་ཛྙཱ་ན་སུ་ཏྲ་ཤྲཱི་སིང་ཧའི་དྲུང་དུ་བྱོན། ལོ་གསུམ་བར་དུ་ཆོས་མ་གནང་། དེ་ནས་རིམ་པར་སྙན་བརྒྱུད་དང་ཐིག་ལེ་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་སོགས་གདམ་པ་ཡོངས་རྫོགས་ལོ་སུམ་ཅུ་སོ་དྲུག་བར་གསན་སྦྱངས་མཛད། དེ་ཚེ་སློབ་དཔོན་འོད་ཕུང་དུ་གཤེགས་ཚེ་གཟེར་བུ་བདུན་པའི་འདས་རྗེས་བབས། རང་བྱུང་གི་སྒྲས་བཀྲ་ཤིས་ཁྲི་སྒོའི་དཔེ་རྣམས་འདོན་པར་ལུང་བསྟན་པ་ལྟར་དཔེ་རྣམས་སྤྱན་དྲངས་ནས་རྒྱ་གར་དུར་ཁྲོད་བྷ་སེང་དུ་གཤེགས་ནས་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་བི་མ་མི་ཏྲ་ལ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མས་ལུང་བསྟན་ཏེ་ཛྙཱ་ན་སུ་ཏྲའི་དྲུང་དུ་བྱོན་ནས་དབང་དང་གདམ་པ་སྔར་གྱི་ལྷག་པ་རྣམས་ལོ་བཅུ་བཞིའི་བར་དུ་གསན་ནས་ཞུན་ཐར་བཅད། སློབ་དཔོན་མྱ་ངན་ལས་འདས་ཚེ་བཞག་ཐབས་བཞི་པའི་འདས་རྗེས་བབས་སོ། །དེ་ནས་བི་མ་ལ་གང་ཟག་རང་རྒྱུད་པ་མ་ཡིན་པས་སྤྲུལ་པ་གསུམ་བཀྱེས་ཏེ་གཅིག་རྒྱ་གར་ཤར་ཕྱོགས་ཀྱི་ཀ་མ་རུའི་རྒྱལ་པོ་སེང་གེ་བཟང་པོའི་མཆོད་གནས་མཛད། གཅིག་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བོདྷི་ཆུང་བ་ཞེས་བྱ་བའི་མཆོད་གནས་མཛད། གཅིག་རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་བྷི་རུའི་རྒྱལ་པོ་དྷརྨཱ་པཱ་ལའི་མཆོད་གནས་མཛད། ཉིན་པར་སྐབས་སྐབས་སུ་ཕོ་བྲང་དུ་ཆོས་གསུངས། མཚན་མོ་དེ་ལས་དཔག་ཚད་ལྔ་འདས་པའི་བྱང་ཕྱོགས་ན་དུར་ཁྲོད་རབ་སྣང་ཞེས་བྱ་བར་ཀླུ་དང་མཁའ་འགྲོའི་ཚོགས་ཀྱིས་རབ་ཏུ་འཇིགས་པའི་གནས་ལ་སོགས་པར་གཤེགས་ནས་སྐུ་དང་ཆ་ལུགས་མ་ངེས་པ་དུ་མས་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ཏེ་ལོ་བདུན་དུ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་སྣ་ཚོགས་བསྐྱངས་ཏེ་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས། འཕོ་བ་ཆེན་པོའི་སྐུ་གྲུབ། དེའི་འོག་ཏུ་ཡང་ལོ་བཅུ་གསུམ་བར་དུ་སྤྱོད་པ་མཛད་དེ་དཔེ་རྣམས་ཚར་གསུམ་བྲིས། གཅིག་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དུ་ཀླུའི་རྒྱལ་པོ་རྣམས་ལ་གཏད་རྒྱ་སྨོན་ལམ་དང་བཅས་མི་སྣང་བར་སྦས། གཅིག་ཁ་ཆེའི་བྲག་སྐྱིབས་མཁའ་འགྲོ་འདུ་བའི་གནས་སུ་མཁའ་འགྲོ་མ་རྣམས་ལ་སྨོན་ལམ་དང་བཅས་ཏེ་གཏད་རྒྱ་གཉིས་པ་བཏབ་སྟེ་སྦས། གཅིག་མཁའ་འགྲོ་མ་རྣམས་ཀྱི་ཆེད་དུ་དུར་ཁྲོད་དེ་ཉིད་དུ་བཞུགས་སུ་གསོལ་ལོ། །གསུམ་པ་གང་ཟག་སྙན་བརྒྱུད་ལའང་སྤྱི་དང་ཁྱད་པར་གཉིས། དང་པོ་ལའང་གཉིས་ཏེ། གདམ་ངག་སྙན་ནས་སྙན་དུ་བརྒྱུད་ཚུལ་དང་། དོན་བརྒྱུད་བྱིན་རླབས་ཀྱི་བཀའ་བབས་ཚུལ་ལོ། དང་པོ་ལའང་རིང་བརྒྱུད་བཀའ་མ་ཉེ་བརྒྱུད་གཏེར་མ་ཤིན་ཏུ་ཉེ་བརྒྱུད་དང་གསུམ། དང་པོ། དེའི་ཚེ་དེའི་དུས་ན་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་སྐབས་ཡིན་པས། ཉང་ཏིང་འཛིན་བཟང་པོས་ལོ་བདུན་དུ་ཞི་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་ཤིང་། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ། མཆན། རྒྱལ་པོ་ལ་ལུང་བསྟན་ཏེ་བི་མ་མི་ཏྲ་གདན་འདྲེན་པར་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱན་མཚན་རྨ་རིན་མཆོག །མཆན། གསུམ་རྒྱ་གར་དུ་བརྫངས་ནས་བོད་དུ་གདན་དྲངས། བསམ་ཡས་སྒྲ་བསྒྱུར་གླིང་དུ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་གསང་སྔགས་ཕྱི་ནང་གི་ཆོས་མང་པོ་དང་། སེམས་ཀློང་མན་ངག་སྡེ་འབའ་ཞིག་གསུངས། གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར། གསང་བ་མཆོག་གི་རྒྱུད་ལུང་མན་ངག་རྣམས་རྗེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། སྲས་མུ་ནེ་བཙན་པོ། ཉང་ཏིང་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་དང་ལྔ་རྨ་ནི་དེ་དུས་འདས་སོ། མཆན། ལ་མནོག་ཆོས་སུ་རིགས་གསུམ་བར་ཁང་དུ་སྲོད་དང་ཐོ་རངས་ལ་གསུངས་ནས་བསྒྱུར་རོ། །དེ་ནས་གདམ་པའི་གནད་རྣམས་གཅིག་ཏུ་བསྡུས་པ་ཟབ་པ་པོད་བཞི་མཆིམས་ཕུ་བྲག་དམར་གེ་གོང་དུ་གཏེར་དུ་སྦས་ཏེ། རྒྱ་ནག་ལྕི་བ་ཐུབ་པའི་རི་ལ་གཤེགས་སོ། །བོད་དུ་བྱོན་དུས་དགུང་གྲངས་སུམ་བརྒྱ་དང་། བོད་དུ་ལོ་བཅུ་གསུམ་བཞུགས། མཐར་བསྐལ་པ་ཇི་སྲིད་བར་སྐུ་དངོས་སུ་བཞུགས་ནས་ལོ་བརྒྱ་རེའི་མཚམས་སུ་སྤྲུལ་པ་དངོས་རེ་བོད་དུ་བྱོན་ནས་སྙིང་པོའི་བསྟན་པ་གསལ་བར་མཛད་པ་ཡིན་ནོ། །བི་མ་ལ་རྒྱ་ནག་ཏུ་བྱོན་ནས་ལོ་ལྔ་བཅུ་རྩ་ལྔ་སོང་མཚམས་སུ་ཉང་གིས་དབུ་རུ་ཞྭའི་ལྷ་ཁང་བཞེངས། སྙན་བརྒྱུད་རྣམས་སྦས་བློ་གྲོས་དབང་ཕྱུག་ལ་གནང་། དཔེ་རྒྱུད་རྣམས་གཏེར་དུ་སྦས། དམ་ཅན་རྡོ་རྗེ་ལེགས་པར་གཉེར་གཏད་ནས་ལྷ་ས་བྲག་ལྷ་ཀླུ་ཕུག་གི་ནམ་མཁར་འོད་ཕུང་དུ་གཤེགས་སོ། །གཉིས་པ་ཉེ་བརྒྱུད་གཏེར་མ་ནི། དེ་ནས་ལོ་བརྒྱ་སོང་ཚེ་སྦས་བློ་གྲོས་དབང་ཕྱུག་གི་སློབ་མ་ཉང་རང་གི་རྣམ་འཕྲུལ། གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་ལ་ཞྭ་ཡི་མགོན་པོས་ལུང་བསྟན་ཏེ་གཏེར་དཔེ་རྣམས་བཞེས། ལོ་བཅོ་ལྔའི་བར་སུས་ཀྱང་གོ་ཐོས་མེད་པར་གསང་རྒྱ་མཛད། དེ་བར་སྣོད་ལྡན་གྱི་སློབ་མ་ཡང་མ་བྱུང་། དུས་ལ་བབས་ཚེ་སྣོད་ལྡན་ཚོལ་དུ་བྱོན་པས་གཙང་གི་རི་གཟར་རྒོད་པོ་ལུང་དུ་ཕེབས་ཚེ། ཉང་རོང་པོའི་ཡུལ་ཉང་མཚོ་བྱ་བ་ན། ཡབ་ལྕེ་ཐུབ་པའི་དབང་པོ་དང་། ཡུམ་ཁྱུང་མོ་བཟའ་ལེགས་པའི་སྲས་སུ་འཁྲུངས་པའི་ལྕེ་བཙུན་སེང་གེ་དབང་ཕྱུག་དང་མཇལ་འཕྲད་བྱུང་། ཟབ་ཆོས་ཀྱི་སྣོད་དུ་གཟིགས་ཏེ་དབེན་གནས་ཁ་རག་རྩ་རུ་དུས་ཆད་མཛད། སླར་ཞལ་འཛོམས་ནས་གདམ་ངག་རྣམས་རྫོགས་པར་གནང་། ལྕེ་བཙུན་གྱིས་དཔེ་རྣམས་ཁྱེར་ཏེ་གསར་དུ་བྲིས། ཕྱི་མོ་ལང་གྲོ་མཆེད་པ་སྟག་འདྲའི་ཆུ་མིག་གི་རྩར་གཏེར་དུ་སྦས་སོ། །གསུམ་པ་ཤིན་ཏུ་ཉེ་བརྒྱུད་ནི། ལུང་བསྟན་པ་དང་གདམས་པ་དངོས་སུ་གཏད་པའོ། དང་པོ། །དེ་ནས་ལྕེ་བཙུན་འུ་ཡུག་ནུབ་མའི་ཤུག་གསེབ་ཏུ་བཞུགས་པའི་ཚེ། ནུབ་གཅིག་རྨི་ལམ་དུ་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། སྐལ་ལྡན་སྙིང་པོའི་ཡང་བཅུད་འདོན་འདོད་ན། །མཆིམས་ཕུ་བྲག་དམར་གེ་གོང་ཡར་ལྡེབ་ལ། །གསང་བ་སྙིང་ཏིག་སྙིང་འདྲ་ཡོད་ཀྱིས་ལོངས། །དེ་དག་ཁྱེར་ལ་འུ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་ལུང་བསྟན་པ་ལྟར་མཆིམས་ཕུར་ཕེབས། མཁའ་འགྲོ་མས་དཔེ་རྣམས་གཏད་ནས་སླར་ཕྱི་གོང་དུ་ཕེབས་ནས་བཞུགས་སོ། །གཉིས་པ་གདམས་པ་དངོས་སུ་གཏད་པ་ནི། དེའི་ཚེ་དེའི་དུས་ན་བི་མ་ལ་དངོས་སུ་བྱོན་ནས་ཟླ་བ་ཕྱེད། ཕྱེད་བདུན་ཟེར་བའང་འདུག །མཆན། ཀྱི་བར་སྔ་མ་རྣམས་ཞུ་དག་གི་ཚུལ་གྱིས་དབང་ཁྲིད་གདམས་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གནང་། དེ་ནས་གོང་དུ་ལུང་བསྟན་པའི་གནས་འོ་ཡུག་ཤུག་པའི་གླིང་། མཁའ་འགྲོ་ཕྱི་གོང་རྫའི་རྭ་བར་ཕེབས་ཏེ། ལོ་བདུན་དུ་བསྒོམས་པས་རིག་པ་ཚད་ལ་ཕེབས། ཟག་མེད་ཀྱི་ཕུང་པོ་གྲུབ་ཟིན་ཀྱང་། གདམ་པའི་སྣོད་མ་རྙེད་པར་ལོ་བརྒྱ་དང་ཉེར་ལྔར་བཞུགས། དེ་ནས་ཞང་སྟོན་བཀྲ་ཤིས་ཆོས་འབར་དང་མཇལ་འཕྲད་བྱུང་སྟེ། སྣོད་ལྡན་དུ་གཟིགས་ནས་གདམ་ངག་རྣམས་གཏད། ཆོས་བདག་སོགས་མ་འོངས་ལུང་བསྟན་ཡང་གནང་ནས་མཐར་འོད་ཕུང་དུ་གཤེགས་ཁར། ཨེ་མ་སྨྱོན་པ་སེང་དབང་ང༔ ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔ མ་རིག་སྒོ་ངའི་སྦུབས་ལས་གྲོལ༔ རང་རིག་འོད་གསལ་སྦུབས་སུ་ཞུགས༔ སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔ འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔ འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔ སེམས་འཛིན་ཟེར་བ་ཐང་རེ་ཆད༔ འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔ དག་སྣང་ཐམས་ཅད་བསླུ་བའི་ཆོས༔ ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔ ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུང་ལག་མཐིལ་བཞག་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔ ཅེས་གཞོན་ནུ་བུམ་སྐུར་སངས་རྒྱས་ཚུལ་གྱི་ཤུགས་ལ་ཤན་འབྱེད་ལ་བཟླ་གཞག་ཐབས་གནད་ཀྱི་མན་ངག་དང་མཐར་ཐུག་འབྲས་བུའི་རྟགས་ཚད་བཅས་ཤྭ་ལོ་ཀ་གསུམ། དེ་ལྟ་བུའི་ཡོན་ཏན་ནི་བླ་མ་དམ་པའི་མན་ངག་གི་བཀའ་དྲིན་ལས་བྱུང་བ་མ་གཏོགས་གཞན་ལམ་གང་གིས་ཀྱང་མ་ཡིན་པའི་གདམས་པ་མདོར་བསྡུ་བ་དང་། མ་འོངས་འབྱུང་འགྱུར་གྱི་སྨོན་ལམ་བཅས་ཤྭ་ལོ་ཀ་གཅིག །ཕྱི་མའི་དུས་ཀྱི་ཚེ་ཆོས་འདི་ཉིད་ཉམས་སུ་ལེན་པའི་རྗེས་འཇུག་རྣམས་འབྲས་བུ་མཐར་ཕྱིན་ཏེ་རང་དང་མཉམ་པའི་སྨོན་ལམ་ཚིག་རྐང་གསུམ་བཅས་རྡོ་རྗེའི་གླུ་རུ་བླངས་ནས་འོད་གསལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚེ། ཡེ་ཤེས་ཀྱི་སྐུའི་ཞལ་ཆེམས་གསང་བའི་གནད་དུམ་བུ་གསུམ་པ་འདས་རྗེས་ཀྱི་ཚུལ་དུ་བབས་པའི་ལོ་རྒྱུས་ནི་འཆད་འགྱུར་ལྟར་མཁའ་འགྲོ་མ་རྣམས་ཀྱིས་ཀློང་ལྔ་མི་ཤིགས་པའི་རྒྱས་བཏབ་སྟེ་རེ་ཞིག་ཨོ་རྒྱན་གྱི་ཡུལ་དུ་སྤྱན་དྲངས་སོ། །གཉིས་པ་དོན་བརྒྱུད་བྱིན་རླབས་ཀྱི་བཀའ་བབས་ཚུལ་ལའང་གཉིས་ཏེ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་དང་། བྱིན་རླབས་དོན་གྱི་བརྒྱུད་པའོ། །དང་པོ་ནི། ཞང་སྟོན་གྱིས་རང་གི་སྲས་མཁས་པ་ཉི་འབུམ་ལ་གནང་། དེས་རིགས་སྲས་ཆོས་བདག་གུ་རུ་ཇོ་འབེར་ལ། དེས་འཁྲུལ་ཞིག་སངས་རྒྱས་དབོན་ལ། དེས་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ། དེས་རིག་འཛིན་ཀུ་མ་རཱ་ཛ་ལ། དེས་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་བཀའ་བབ་ཅིང་རིམ་པར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་ཡིན་ནོ། གཉིས་པ་བྱིན་རླབས་དོན་གྱི་བརྒྱུད་པ་ནི། ཀུན་མཁྱེན་དྲི་མེད་འོད་ཟེར་ལ་པཎ་ཆེན་བི་མ་ལས་བྱིན་གྱིས་བརླབས་པས་དགོངས་པའི་གཏེར་མཛོད་བརྡོལ། སྡེ་གསུམ་སེང་གེའི་ང་རོས་ས་གསུམ་འགེངས་པའི་ཆོས་སྡེ་ལྔ་བཅུ་རྩ་གཅིག་གི་བདག་ཉིད་བི་མ་སྙིང་ཐིག་སོགས་ཀྱི་ཡང་སྙིང་བཅུད་དུ་དྲིལ་བ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཤིང་རྟའི་ལམ་སྲོལ་རྨད་དུ་བྱུང་བ་དབྱེ་བར་མཛད་པའི་སྨིན་གྲོལ་གྱི་གདམས་པ་བར་མ་ཆད་པར་བཞུགས་པའི་བརྒྱུད་པ་ཆུ་བོ་གཅིག་ཏུ་འདྲེས་པ་ལགས། ཁྱད་པར་གདམས་པ་འདི་ཉིད་ལ་གསུམ། སྔོན་བྱུང་གི་ལོ་རྒྱུས་དང་། ཕྱིས་འབྱུང་འགྱུར་གཏད་རྒྱ་དང་བཅས་ལུང་བསྟན་པ། གཏེར་འབྱུང་དངོས་ཀྱི་ལོ་རྒྱུས་སོ། །དང་པོ་ནི། གཞུང་རྩ་བ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན་ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་གཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བར་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབས་བོ་བསལ་དུ་གསོལ༔ རྡོ་རྗེ་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲས་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཐིག་སྙིང་པོའི་དོན་ལ་སྦྱོར་བའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་གསུངས་སོ། །གཉིས་པ་ཕྱིས་འབྱུང་འགྱུར་གཏད་རྒྱ་དང་བཅས་ལུང་བསྟན་པ་ནི། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་པ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ། སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུགས་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ནོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་དབྱིངས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་གཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་སོ། གསུམ་པ་གཏེར་འབྱུང་དངོས་ཀྱི་ལོ་རྒྱུས་ནི། དེ་ལྟར་སྔ་ཕྱིའི་རྡོ་རྗེའི་ལུང་གིས་དཔང་པོར་གྲུབ་པའི་བདག་ཅག་གི་སྐྱབས་གནས་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧པདྨ་འོད་གསལ་མདོ་སྔགས་གླིང་པའམ། འོད་གསལ་སྤྲུལ་པའི་རྡོ་རྗེ་དེ་ཉིད། དགུང་གྲངས་ཉེར་བཞིར་སོན་པའི་ཆུ་མོ་ཡོས་ཀྱི་ལོ་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། འོ་ཡུག་གི་མཐིལ་རམ་སྡིངས་མ་དགོན་དང་ཉེ་བར་ཕེབས་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་བའི་ཚེ་མན་ངག་གི་གཞུང་ཇི་ལྟ་བ་བཞིན་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར། རྗེས་སུ་དྲན་པའི་གཏེར་ཁ་དང་མཐུན་པར་གཏན་ལ་ཕབ་ཅིང་ཤིན་ཏུ་གསང་བའི་རྒྱས་བཏབ། དེ་ནས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་པ་ལྟར། ལུང་ཟིན་ཆོས་བདག་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ལ་རིམ་པར་བསྩལ། ཕྱིས་དགུང་གྲངས་ང་དགུར་སོན་པ་ས་ཕོ་སྟག་གི་ལོར་དུས་ཆེན་ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཁོ་བོ་ཅག་བརྩེ་བ་ཆེན་པོས་སྐལ་ལྡན་དུ་རྗེས་སུ་བཟུང་སྟེ་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་གདམས་ཏེ། མིང་གི་ཅོད་པན་རིག་འཛིན་སྣ་ཚོགས་རང་གྲོལ་རྩལ་དུ་གནང་བ་ཡིན་ནའང་། རྗེ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ལ་འགལ་བའི་དམ་འདྲེ་ངན་པའི་རྒྱུ་རྨི་ལམ་དུ་ཡང་བསགས་མ་མྱོང་ངེས་པས་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཙམ་ལས། རང་ངོར་འཆད་རྩོམ་གྱི་ཡོན་ཏན་ཏིལ་འབྲུ་ཙམ་མེད་ངེས་ཀྱང་། རྗེ་ཉིད་ཀྱི་བཀའ་ལུང་གསེར་གྱི་ཕྲེང་བ་ཡང་ཡང་གནང་བ་སྤྱི་བོར་མཆོད་དེ་གཞུང་འབྲི་བ་ལ་ཕྱོགས་པ་ཡིན་ནོ། །རྩ་བའི་གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི་སྔོན་དུ་སོང་བའི་དབང་དུ་བྱས་པ་ལགས། རྩ་བའི་གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལས། དང་པོ་ཐུན་མོང་ལའང་གཉིས་ཏེ། ཐུན་ལ་འཇུག་པ་དང་། ལས་དང་པོ་པ་རྣམས་རིག་པ་མངོན་སུམ་གྱི་དོན་ལ་རིམ་པར་འཇུག་པར་བྱ་བའི་ཆེད་དུ་སེམས་སྦྱོང་རྣམ་པ་བདུན་གྱི་ཁྲིད་དོ། །དང་པོ། དབེན་པའི་གནས་སུ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་ཤེས་པ་རྣལ་དུ་དབབ་སྟེ། ཚེ་རབས་ཐོག་མའི་མཐའ་མེད་པ་ནས་ད་ལྟའི་བར་དུ་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་མི་དགེ་བ་བསགས་པའི་འབྲས་བུ་ནད་གདོན་སྡིག་སྒྲིབ་ཐམས་ཅད། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་དེ་དང་དེའི་རྣམ་པར་དམིགས་ཏེ་རླུང་རོ་དགུ་ཕྲུགས་སུ་བསལ་བས་སངས་ཀྱིས་དག་པར་བསམས་ལ་སེམས་མ་བཅོས་རང་བབས་སུ་ཅི་གནས་གཞག །དེ་ལས་ལྡང་བ་ན་ནམ་མཁའ་དང་མཉམ་པའི་མ་སེམས་ཅན་ཐམས་ཅད་འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ལས་བདག་གཅིག་པུས་བསྒྲལ་ཏེ་གདོད་མའི་མགོན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད། དེ་ནས་རང་གི་སྤྱི་བོར་པདྨ་དཀར་པོའི་སྟེང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཨ་དཀར་པོ་གསལ་བ་ལས་འོད་ཟེར་འཕྲོས། རྩ་བའི་བླ་མ་དང་བི་མ་ལ་དབྱེར་མེད་པ་སྤྱན་དྲངས། ཞབས་གཉིས་ཕྱེད་སྐྱིལ་གྱིས་བཞུགས་པ་ལ་སླར་བརྒྱུད་གསུམ་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་སིབ་སིབ་ཐིམ་པར་མོས། དངོས་སམ་ཡིད་ཀྱིས་མཆོད་ཅིང་བསྟོད། དེ་ནས་མོས་གུས་གདུང་ཤུགས་དྲགས་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་མམ་བདུན་སོགས་དང་། སྤྲོ་ན། བླ་མ་སངས་རྒྱས་རིན་པོ་ཆེ། ༼༼།བདག་ལ་རེ་ས་སོགས་ནས།༽༽ དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པའི་བར་བརྗོད་ཅིང་། འདོད་པའི་དོན་ལ་སྙིང་ཁུང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་རྐྱེན་གྱིས་ཞབས་གཡས་ཀྱི་མཐེ་བོང་ལས། ངོ་བོ་ཐུགས་རྗེ་ལ་རྣམ་པ་བདུད་རྩིའི་རྒྱུན་ཆེར་བབས་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་བཟུང་མགྲིན་པ། སྙིང་ག །ལྟེ་བ། གསང་བའི་བར་བབས། ལུས་ཕྱི་ནང་ཐམས་ཅད་བཀྲུས་ཤིང་ཁྱབ་པས་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་དང་དྲི་མ་ཐམས་ཅད་དག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། མཐར་བླ་མ་འོད་ཀྱི་རྣམ་པས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམས་ལ་བདེ་སྟོང་གཉིས་སུ་མེད་པའི་ངང་དེར་དར་གཅིག་མཉམ་པར་བཞག །རྗེས་སུ་སྣང་གྲགས་དྲན་རིག་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་གསལ་བའི་ངང་ལ་བཞག་སྟེ་ངལ་བསོའོ། །གཉིས་པ་སེམས་སྦྱོང་རྣམ་པ་བདུན་གྱི་ཁྲིད་ལའང་རིམ་པ་བདུན་ཡོད་པའི། དང་པོ་འདུས་བྱས་མི་རྟག་པ་ལ་སེམས་སྦྱོང་བ་ནི། གཞུང་རྩ་བར། འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་པའི་དོན། བཅོམ་ལྡན་འདས་ཀྱིས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས་པ་ལྟར། དེ་ལའང་དཔེྃ་དོན་ྃཟུངྃ་འཇུགྃ་དགོྃས་ཆེདྃ་བསྟན་པ་སྟེ། འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་སྲ་ཞིང་བརྟན་པ་འདི་ཡང་མི་རྟག་པར་མཐར་ནམ་མཁའ་སྟོང་པ་གཅིག་ཏུ་འགྱུར་བ་དང་། དེ་བཞིན་དུ་ལོ་དང་ཟླ་བ་ཉིན་དང་མཚན་མོ་སོགས་སྐད་ཅིག་གིས་ཀྱང་མི་རྟག་འགྱུར་བའི་རང་བཞིན་དང་། ནང་བཅུད་ཀྱི་འགྲོ་བ་སྲོག་དང་དབུགས་ཀྱིས་བསྡུས་པ་ཐམས་ཅད་འཆི་བའི་རང་བཞིན་ལས་མ་འདས་པ་དང་། ཁྱད་པར་རང་རེ་འབྱུང་འདུས་ཀྱི་ཕུང་པོ་འདི་ལ་བསམ་ནའང་འགྱུར་ལྡོག་ཅན། མྱུར་དུ་འཇིག་ཅིང་མི་རྟག་པའི་ཚུལ་བསྒོམ་པ་ལ། ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། བྱས་པ་དོན་མེད་དང་བཞི། དང་པོ་ངེས་པར་འཆི་བ། གང་ལ་སྐྱེ་བ་ཡོད་པ་ན། །དེ་ལའང་འཆི་བ་ཡོད་པ་ཡིན། །ཞེས་པ་ལྟར། གོང་བསྟན་བཞིན་སྤྱིར་འཆི་བ་ལས་མ་འདས། དེ་ལའང་ལས་ཀྱིས་འཆི་བ་དང་རྐྱེན་གྱིས་འཆི་བ་གཉིས་ཡོད། གང་ལྟར་ཡང་། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་ལས་ཀྱང་མི་རྟག་ན། །ཞེས་པ་ལྟར། དཔེརྃ་ན་ཆུ་བུར་དང་ལྦུ་བ་དོན་གཅིག་པས་རྒྱུ་ཆུ་ཡིན་པ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བས་སྐད་ཅིག་གིས་སྐྱེ་འགག་ལྟར་རང་རེའི་ལུས་སེམས་ཀྱི་ཚོགས་པའང་དེ་དང་འདྲ་བས་ན་ངེས་པར་འཆིའོ། །གཉིས་པ་ནམ་འཆི་ཆ་མེད། འཆི་བ་དེའང་ལོ་དང་ཟླ་བ་ཉིན་དང་མཚན་མོ་ཆུ་ཚོད་སོགས་ནམ་འཆིའམ་སྙམ་པའི་སེམས་ཡང་ཡང་སྦྱོངས་དང་། འདི་དུས་ཞེས་བློ་གཏད་སྤུ་རྩེ་ཙམ་ཡང་མེད་པ་ནི། ཡང་། དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་པ་ལྟར། ད་ལྟ་རང་རེའི་དབུགས་ཀྱི་རྒྱུ་བ་འདི་ཉིད་སྐྱེས་བུ་ནད་མེད་ལ་སོར་བཅུ་དྲུག་གི་ཚད་ཕར་འགྲོ་ཞིང་ཚུར་ནང་དུ་འཇུག་པ་ཡིན་པས་དེ་ཙམ་གྱི་བར་ལ་ཡང་མི་རྟག་པར་འཆིའམ། གཉིད་ལོག་པ་དེ་སད་པའི་བར་ལ་མ་ཤི་བ་ངོ་མཚར་དུ་འཛིན་དགོས་གསུངས། དེ་ལྟར་ནམ་འཆི་ཆ་མེད་པ་ལ་ཞིབ་ཏུ་དཔྱད་ཅིང་སེམས་སྦྱང་ངོ་། །གསུམ་པ་འཆི་རྐྱེན་ངེས་མེད། གོང་སྨོས་ལྟར་སྐྱེ་སྔོན་ལས་ཀྱི་དབང་གིས་ཚེ་རིང་ཐུང་མ་ངེས་པས། དུས་སུ་བབ་པའམ་བར་ཆད་གང་ཡང་རུང་། ད་ལྟ་རང་རེ་འཚོ་བའི་རྐྱེན་དུ་རློམ་པའི་ཟས་གོས་སྨན་སོགས་ཀྱང་འཆི་རྐྱེན་དུ་འགྱུར་བ་དང་། གཞན་ཡང་ནད་གདོན་གློ་བུར་ཡེ་འདྲོགས་ཀྱི་འཆི་རྐྱེན་ངེས་པ་མེད་པ་བསམ་ལས་འདས་པ་ཡོད་པ་ནི་རང་རེས་མཐོང་ཐོས་ཡོད་པའི་སྔར་སོངས་རྣམས་ལ་བསམ་སྟེ་སེམས་སྦྱོང་། ལས་ཀྱིས་འཆི་བ་ནི་ཅིས་ཀྱང་མི་བཟློག །འཕྲལ་རྐྱེན་ནི་གནས་སྐབས་བཟློག་པའི་ཐབས་ཡོད་པ་དེ་གཉིས་ཀྱི་ཁྱད་པར་ཤེས་དགོས་སོ། །བཞི་པ་བྱས་པ་དོན་མེད། ཚེ་འདིར་ཞེན་པའི་རྟག་འཛིན་འཁྲུལ་སྣང་གི་བློ་ངན་ལངས་ཤོར་འདི་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ཟས་ནོར་སོགས་གསག་སྲུང་སྤེལ་གསུམ་གང་བྱས་ཀྱང་ཐམས་ཅད་འཆི་བའི་དུས་རྗེས་སུ་ནི་མི་འབྲང་། བློས་ནི་མི་ཐོང་། ཕྱི་མ་སྡུག་བསྔལ་རང་ཐོག་ཏུ་མྱོངས་ལས་མེད། རང་གི་གཅེས་པའི་ལུས་ཀྱང་ཤུལ་དུ་ལྷག་སྟེ་ཡ་ང་བ་དང་། སྐྱུག་བྲོ་བའི་གནས་སྐབས་ཡོད་ན་གཞན་ལྟ་ཅི་སྨོས། ཚུལ་དེ་ལ་བསམ་སྟེ་ཚེ་འདིའི་བྱས་པ་ཐམས་ཅད་དོན་མེད་ཡིན་པར་ཤེས་པས་བློ་སྣ་རྦད་ཀྱིས་བསྟུང་དགོས་སོ། །དོྃན་འདུས་བྱས་ཀྱི་ཆོས་ཐམས་ཅད་སྙིང་པོ་མེད་པ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་གསུངས་པ་དེ་ཤེས་ལོ་ཙམ་མ་ཡིན་པར་ངེས་འབྱུང་གཏིང་ནས་སྐྱེ་དགོས། ང་ནམ་ཞིག་འཆིའོ་སྙམ་པ་ཙམ་ནི་ཆོས་མ་ཐོས་པས་ཀྱང་ཤེས་མོད། དེ་ལྟར་དཔེ་དོན་ཟུངྃ་དུ་འྃཇུག་པའི་སྒོ་ནས་ཉམས་སུ་བླངས་པས་རྟག་འཛིན་ཚེ་འདིའི་བློ་སྣ་ཐུང་ངུར་སོང་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་ངམ་ངམ་ཤུགས་ཀྱིས་སྙིང་ནས་དྲན་ཏེ། དལ་ཁོམ་མེད་པར་དགེ་བས་དུས་འདའ་བ་བྱུང་ན་འབྱོངས་པའི་ཚད་དོ། །དགོྃས་ཆེྃད་ནི། རྟག་འཛིན་འཁྲུལ་བའི་སྣང་བ་ལས་བློ་ལྡོག་སྟེ་བདག་མེད་ཀྱི་དོན་ལ་ངེས་ཤེས་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་འཕྲལ་ཡུན་གྱི་བདེ་བ་ལ་བསམ་སྟེ་སེམས་སྦྱོང་བ་ནི། གཞུང་རྩ་བར། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་པའི་དོན། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར། དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དང་། དགེ་བའི་ལས་ཀྱིས་མཐོ་རིས་གསུམ་བསྐྱེད་པ་ཡིན་ལ། འཁོར་བའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མི་འདའ། ཁྱད་པར་དུ་ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་མིག་གི་རྨ་བྱུང་བ་ལྟ་བུ། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ་བུམ་ནང་དུ་བུང་བ་ཆུད་པ་ལྟ་བུ། བྱེ་བྲག་ཏུ་ལོག་པའི་འདུ་ཤེས་མི་བདེ་བ་ལ་བདེ་བར་འཛིན་པ་སོགས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བདེ་བར་རློམ་པའི་འཁྲུལ་སྣང་ཐམས་ཅད་འཕྲལ་བདེ་བ་ལྟར་སྣང་བ་འདི་ཡང་སྡུག་བསྔལ་མཐའ་མེད་ཟོ་ཆུའི་ཁྱུད་མོ་ལྟ་བུའི་རྒྱུ་ཡིན་ལ། དཔེྃར་ན་དུག་དང་འདྲེས་པའི་ཟས་ཟོས་པས་ཟས་ཞུ་བ་དང་དུག་ལྡང་བ་དུས་མཉམ་སྟེ་སྲོག་དང་འབྲལ་བ་ལྟ་བུ་མཐོ་རིས་ཀྱི་བདེ་བ་ལ་ཞེན་ཅིང་སྲེད་པ་ནི་དེ་དང་འདྲའོ། །དོནྃ་ཆོས་ཉིད་ཀྱི་བདེན་པ་མངོན་དུ་མ་གྱུར་གྱི་བར་དུ་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་རྟག་ཏུ་མནར་བ་ནི་སེམས་ཅན་སྤྱིའི་ཆོས་ཉིད་ཡིན་ནོ། །དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པས་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སེམས་སྦྱངས་པས་བདེ་སྡུག་གི་རྒྱུ་གོ་ལོག་ཏུ་མི་སྒྲུབ་པར་སྡུག་བསྔལ་གྱི་རྒྱུ་ལས་ལྡོག་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འབྲས་བུ་ཐར་པ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་དམ་པ་དོན་དུ་གཉེར་འདོད་ཀྱི་བློ་གོང་འཕེལ་བྱུང་ན་འབྱོངས་པའི་ཚད་དོ། །དགོྃས་ཆེད་ནི། འཕྲལ་བདེ་དོན་གཉེར་གྱི་བསམ་པ་ལས་ཡིད་དབྱུང་སྟེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བཞིན་ཡུན་གྱི་བདེ་བ་བླ་ན་མེད་པ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཕུན་སུམ་ཚོགས་པ་སྒྲུབ་འདོད་ཀྱི་དད་པ་ཁྱད་པར་ཅན་རྒྱུད་ལ་བརྟེན་པ་དང་། སྲིད་རྩེ་མན་ཆད་ཀྱི་འཁོར་བའི་བདེ་བ་ཐམས་ཅད་རྣམ་པ་ཀུན་དུ་སྡུག་བསྔལ་བར་ཤེས་ནས་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱོང་བ་ནི། གཞུང་རྩ་བར། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཞེས་པའི་དོན། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། སྤྱིར་ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་རྐྱེན་སྣ་ཚོགས་པས་འཁྲུལ་པའི་སྣང་བ་གཞན་དབང་དུ་སོང་ནས། རྣམ་པ་ཐམས་ཅད་དུ་ཟད་པ་དང་ཟིན་པའི་དུས་མེད་པར་བདེ་སྡུག་དགྲ་གཉེན་ཆགས་སྡང་གི་མཚོན་འཁོར་བའི་ཆོས་གང་ལའང་ཡིད་བརྟན་དང་བློ་གཏད་མི་འདུག་ཅིང་། བརྟགས་ན་ཤས་མི་བཟོད་པ་ལྟ་བུའི་སྙིང་རྗེ་བའི་ལས་ཀྱིས་རང་གཞན་གཉིས་ཀ་མགོ་འཁོར་བ་སྟེ། བཤེས་སྤྲིངས་ལས། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ཡང་སྐྱོ་མཛད་ཅིང་། །འདི་ཡི་ཉེས་པའི་ཤས་ཀྱང་གསན་པར་མཛོད། །ཞེས་པ་ལྟར། ཚེ་འདིའི་ཆེད་དུ་ཟས་གོས་ལོངས་སྤྱོད་སོགས་ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད་པ་ནི། མི་དབང་རྒྱལ་པོ་ང་ལས་ནུའི་གཏམ་རྒྱུད་ལྟར་གང་ལའང་ཆོག་ཤེས་པའི་དུས་ནི་མེད། དེའི་ཆེད་དུ་གཏམ་ངན་དང་སྡིག་སྡུག་ཁྱད་དུ་བསད་དེ་རེ་དོགས་ཀྱི་སྡུག་བསྔལ་བར་མེད་པས་མནར་བ་དང་། གཞན་ལ་ཕན་ཅི་ལྟར་བཏགས་ཀྱང་ལན་གནོད་པ་སྐྱེལ་བ་དང་། ལུས་ལ་ལང་འཚོའི་གཟི་བྱིན་སྒྲུབ་འདོད་ཀྱིས་བཟའ་བཏུང་སོགས་དང་ནད་ལ་ཕན་དུ་རེ་ནས་སྨན་སོགས་འཚོ་བའི་ཆ་རྐྱེན་དུ་རློམ་པ་རྣམས་ཀྱང་འཆི་རྐྱེན་དུ་འགྲོ་བ་དང་། ལོངས་སྤྱོད་གོང་སྨྲོས་ལྟར་གསག་སྲུང་གང་བྱས་ཚེ་འདི་ལ་དགྲ་ཟླའི་གཡབ་མོ། ཕྱི་མ་ངན་སོང་གི་རྒྱུར་འགྲོ་བ་དང་། སེམས་ཅན་མཛའ་བཤེས་སོགས་གང་ལའང་མགུ་བའི་དུས་མེད། གང་བྱས་ཡི་ཆད་ཀྱི་སྣོན་མར་འགྱུར་ལ། སྔོན་ལས་དང་འཕྲལ་གྱི་རྐྱེན་གཅིག་ཏུ་མ་ངེས་པས་བློ་གཏད་ཡིད་རྟོན་མེད་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་ཡིན་པར་ཤེས་དགོས། དཔེྃར་ན་ཐང་ཆེན་པོར་སྐོམ་པས་གདུངས་པའི་རི་དྭགས་ཀྱིས་སྨིག་རྒྱུ་ཆུར་འཁྲུལ་ཏེ་སྲེད་ལེན་གྱི་དབང་གིས་དབུགས་ཟད་ཟད་དུ་རྒྱུགས་ཅིང་སྙེག་པ་ལྟ་བུ་ཡིན་པར་ཤེས་པས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད། དོྃན་གོང་སྨྲོས་ལྟར་ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་ཐག་བཅད། བློ་ལྟོས་མི་བསླུ་ངེས་པའི་ཡུལ་བླ་མ་དཀོན་མཆོག་རིན་པོ་ཆེ་ཡིན་པར་ཤེས་པས། ཆུ་ཐིགས་གཅིག་གམ་མེ་ཏོག་རྡོག་གཅིག་ཙམ་མོས་པའི་སྒོ་ནས་མཆོད་ནའང་ནམ་ཡང་ཆུད་མི་ཟ་བས་བློ་སྣ་དགེ་བར་ཅི་འགྱུར་བྱ། དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པའི་སྒོ་ནས་སེམས་སྦྱངས་པས་འཁོར་བ་ལས་བློ་ངེས་པར་འབྱུང་སྟེ་དགེ་བའི་བློ་གོང་འཕེལ་དུ་སོང་ན་འབྱོངས་པའི་ཚད་དོ། །དགོསྃ་ཆེདྃ་ནི། སྲིད་རྩེ་མན་ཆད་ཀྱི་སེམས་ཅན་དོན་མེད་ཚེ་འདིའི་བྱ་བ་ལ་གཡེང་བ་རྣམས་མཐོང་ཚེ་སྙིང་རྗེ་དབང་མེད་དུ་སྐྱེ་ཞིང་དད་པ་བཟང་པོ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །བཞི་པ་ཚེ་འདིའི་བྱ་བ་དོན་མེད་པ་ལ་ཡང་བསྐྱར་གྱི་ཚུལ་དུ་སེམས་སྦྱོང་བ་ནི། གཞུང་རྩ་བར། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་དུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་པའི་དོན། ཞི་བ་ལྷས། རྨི་ལམ་ཉམས་སུ་མྱོང་བ་ལྟར། །དངོས་པོ་གང་དང་གང་སྤྱད་ཀྱང་། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་པ་ལྟར། དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། འཇིག་རྟེན་ཚེ་འདིའི་བྱ་བ་རང་རང་གི་བོངས་ཚད་དང་བསྟུན་པའི་དགྲ་འདུལ་གཉེན་སྐྱོང་གི་མཚོན་གྲགས་སྙན་རྙེད་བཀུར་ཏེ་འཇིག་རྟེན་པའི་མཐུན་ཕྱོགས་ལ་རྟག་ཏུ་ཆགས་ཤིང་། དེའི་མི་མཐུན་པའི་ཕྱོགས་བཞི་སྤོང་བློས་གོང་མ་ལ་ཕྲག་དོག །འོག་མ་ལ་ང་རྒྱལ། འདྲ་གཉིས་ལ་འགྲན་སེམས་ཀྱི་ཆགས་སྡང་གིས་ཀུན་ནས་བསླངས་པའི་ལུས་ངག་གི་རྩོད་པ་ཁོ་ན་བྱས་པ་དོན་མེད་དེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འདྲེས་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། །བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། །ཤིན་ཏུ་སྡུག་བསྔལ་གྱུར་པས་འཆི་བའི་ཚེ། །བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར། །བདག་ཉིད་གཅིག་པུའི་སྡུག་བསྔལ་མྱོང་བར་འོང་། །ཞེས་པ་ལྟར། ཚེ་འདིའི་བྱ་བ་ཐམས་ཅད་ལ་སྐྱོ་སུན་མེད་པར་རྣམ་པ་ཀུན་དུ་གཡེང་ཞིང་ངལ་དུབ་ཁྱད་དུ་བསད་པ་དོན་མེད་པར་མ་ཟད་སྡུག་བསྔལ་གྱི་རྒྱུ་ཁོ་ན་ཡིན་པ་དང་། ཚེ་འདིར་ཡང་མནོག་ཆུང་ཞིང་སྙིང་པོ་མེད་པ་ཡིན་ཏེ། དཔེྃར་ན་ཁར་སང་ཕན་ཆད་ཀྱི་བྱ་བྱེད་རགས་པ་ཙམ་རེ་མ་གཏོགས་དྲན་པའི་ཡུལ་ན་མེད་པ་མདང་གི་རྨི་ལམ་ལྟ་བུ་དང་། དེ་རིང་གི་སྣང་བ་འདི་ཡང་རྨི་ལམ་བདོ་བའི་དུས་ལྟ་བུ་དང་། སང་ཕན་ཆད་ཀྱི་བྱ་བྱེད་རྣམས་དོ་ནུབ་ཀྱི་རྨི་ལམ་དང་འདྲ་བ་ཡིན་མིན་རང་གི་སེམས་རྒྱུད་ལེགས་པར་གཏན་ལ་ཕོབ་དང་ངེས་པར་ཤེས་པ་འདིའོ། །དོྃན་དེ་རིང་ཡན་ཆད་འདི་ལྟར་ཡིན་ཚུལ་མ་ཤེས་པས་སྣང་བ་སྒྱུ་མའི་བསླུ་བྲིད་ཁོ་ནའི་དབང་དུ་སོང་། ད་ནི་བླ་མའི་དྲིན་གྱིས་ཚེ་འདིའི་བྱ་བ་དོན་མེད་པར་ཤེས་པས་ན་ངེས་པར་བློས་ལིང་གིས་བཏང་ལ། བླ་མ་དམ་པའི་གདམ་ངག་ཅིག་རྒྱུད་ལ་ཉམས་སུ་མི་ལེན་རེ་སྙམ་པའི་དམ་བཅའ། དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པས་སེམས་སྦྱངས་པས་འཁྲུལ་སྣང་ཚེ་འདིའི་བྱ་བ་ལ་བློ་གཏད་མེད་པར་ཐག་ཆོད། བླ་མ་དམ་པའི་གདམ་ངག་ཐོབ་འདོད་སྐོམ་པ་ཆུ་ལ་གདུངས་པ་ལྟ་བུ་བྱུང་ན་འབྱོངས་པའི་ཚད་དོ། །དགོྃས་ཆེདྃ་ནི། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་ཤེས་ནས་བློ་ལྡོག་སྟེ་མཁྲིས་ནད་ཅན་གྱིས་བཙོ་ཟན་མཐོང་བ་ལྟ་བུའི་དགོས་མེད་རྒྱུད་ལ་སྐྱེ། དོན་ཡོད་པའི་བྱ་བ་ལམ་མཆོག་བླ་མའི་གདམ་ངག་ཡིན་པར་ཤེས་ཤིང་དེ་ལ་འཇུག་འདོད་ཀྱི་དད་པ་བརྟན་པོ་སྐྱེ་བའི་དགོས་པ་ཡོད་དོ། །ལྔ་པ་ཐར་པ་དམ་པའི་འབྲས་བུ་ལ་བསམ་སྟེ་སེམས་སྦྱོང་བ་ནི། གཞུང་རྩ་བར། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་པའི་དོན། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །ཅེས་པ་ལྟར། དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། ཡ་ན་ཞེས་པའི་སྒྲ་ཐེག་པ་སྟེ་གོང་ནས་གོང་དུ་བགྲོད་བྱེད་སྐས་ཐེམ་ལྟ་བུའམ། བཞོན་པའམ། ཁྱོགས་ལྟ་བུ་ལ་འཇུག་པས་སྤྱིར་རང་ལུགས་ལ་ཀུན་འབྱུང་འདྲེན་བྱེད་ཀྱི་ཐེག་པ་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དུ་དབྱེ་བ་ཐམས་ཅད་ཀྱང་འོག་མ་ལས་གོང་མ་ཐབས་དང་གདམས་པ་ཇེ་ཆེ་ཇེ་ཟབ་ཏུ་ཡོད་ཅིང་ཐམས་ཅད་ཀྱིས་ཐོབ་བྱའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡིན་པ་ནི་འདྲ་ལ། ཁྱད་པར་ལམ་འདི་ཉིད་ནི་འབྲས་བུའི་ཆོས་སྐུ་གསུམ་ལམ་སྣང་དུ་བྱེད་པ་ཐེག་རྩེའི་མན་ངག་འོད་གསལ་རྫོགས་པ་ཆེན་པོར་འཇུག་འདོད་ཀྱི་དང་པོའི་ལས་ཅན་གདུལ་བྱའི་དབང་པོ་དང་སྐལ་པའི་ཁྱད་པར་གཉིས་ལས། སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱི་དབང་དུ་ན་ཐར་པ་དམ་པའི་རྒྱུ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྒྱལ་སྲས་ཀྱི་སྤྱོད་པ་བརླབ་པོ་ཆེར་སྤྱོད་ཅིང་། བླ་མའི་མན་ངག་གི་ཟབ་གནད་དང་། རང་གི་དད་པའི་ཉེར་ལེན་གྱི་མཐུས་འབྲས་བུ་ཡེ་ཤེས་དམ་པ་མངོན་དུ་བྱས་ནས་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ། དཔེྃར་ན་ཉི་མ་ཤར་བ་ན་མུན་པ་མི་སྲིད་པ་དང་། འབྲུམ་ནད་ཅེས་ཚ་བའི་རིམས་ནད་དྲག་པོ་བྱང་ཟིན་པའི་སྐྱེས་བུ་ལ་སླར་དེས་གནོད་ཀྱི་དོགས་པ་གཏན་ནས་མེད་པ་ལྟ་བུའོ། དོྃན་དེ་ལ་ལྔ་དང་གསུམ་དུ་དབྱེ་བ་ཡོད་པས་འདིར་མཆོག་གི་སྤྲུལ་སྐུའི་གསང་གསུམ་གྱི་ཡོན་ཏན་ཐོ་ཕྱི་ཙམ་ནི་སྐུ་མཚན་དང་དཔེ་བྱད་དུ་འབར་བ། གསུང་ཡན་ལག་དྲུག་ཅུའི་སྒོ་ནས་གང་ལ་གང་འདུལ་གྱི་དབང་པོ་བློ་རིག་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐུགས་ཟག་པ་མེད་པ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ལས་མི་གཡོ་བ། ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་དམ་པ་གཅིག་པུ་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཞེས། བདེ་བའི་མཐར་ཐུག་མྱ་ངན་ལས་འདས་པ་ཆེན་པོ་དེ་ཉིད་ཀྱི་གོ་འཕང་འཐོབ་པར་འདོད་པའི་དད་པ་བསྐྱེད། དེ་འཐོབ་བྱེད་ཀྱི་ལམ་གདམ་ངག་ཟབ་མོ་ཉན་ཏེ་ཡིད་ཆེས་ཀྱི་དད་པས་ཉམས་སུ་ལེན་དགོས། དེ་ཡང་གོ་ལོ་ཐོས་ལོ་ཙམ་མིན་པར་སྔོན་བྱོན་གྲུབ་པའི་དབང་ཕྱུག་དམ་པ་རྣམས་ཀྱི་རྣམ་ཐར་ལ་ཚད་བཙུག་སྟེ། རྗེས་སུ་ཡི་རང་བའི་སྒོ་ནས་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས་པས། དེ་ཡང་སྒྲུབ་ལོ་ཙམ་མ་ཡིན་པར་ཚེ་འདི་བློས་བཏང་སྟེ་གཅིག་པུར་དབེན་པའི་གནས་སུ་ཉམས་ལེན་ཐུན་གྱིས་བཅད་དེ་མི་ལྡོག་པའི་བསྒྲུབ་པ་མཐའ་འཁྱོལ་བ་ཞིག་བྱ་སྙམ་པའི་བློ་ཐག་ནང་ནས་བཅད། དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པས་སེམས་སྦྱངས་པས་གཞན་དོན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་འདུན་པ་ཆེས་ཆེར་སོང་བ་ནི་འབྱོངས་པའི་ཚད་དོ། །དགོསྃ་ཆེདྃ་ནི། གདམ་ངག་གནད་དུ་དྲིལ་ནས་སྒོམ་སྒྲུབ་ལ་སྲན་ཚུགས་ཤིང་ཚེ་འདི་བློས་ངེས་པར་ཐོང་སྟེ། དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་པའི་དགོས་པ་ཡོད་དོ། །དྲུག་པ་བླ་མའི་གདམ་ངག་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་རྩ་བར། བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེག་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་པའི་དོན། མདོ་དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་ན། །སངས་རྒྱས་ནམ་ཡང་འབྱུང་མི་འགྱུར། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་པ་ལྟར། དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། བླ་མ་དམ་པ་མན་ངག་གི་བཅུད་དང་ལྡན་པ་ཞིག་མ་བསྟེན་ན་ཐོས་བསམ་སོགས་ལ་སྙེམས་ཏེ་རང་འདོད་ཀྱིས་གྲོལ་བ་ཐོབ་པ་ནི་སྲིད་མཐའ་ཙམ་དུ་ཟད་ལ། དེ་ཡང་བླ་མ་བསྟེན་ལོ་དང་གདམ་ངག་གོ་ལོ་ཐོས་ལོ་ཙམ་གྱིས་ནི་མི་འོང་སྟེ། ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས། བླ་མ་སྨན་པ་གདམ་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་སྟེ། །ནན་ཏན་བརྩོན་པས་སྨན་ཉིད་བརྟེན་ཚུལ་གྱིས། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །ཞེས་པ་ལྟར། སྨན་པ་མཁས་པ་ལྟ་བུའི་རྡོ་རྗེའི་བླ་མ་ཞེས་མན་ངག་གི་བཅུད་དང་ལྡན་པ་ཞིག་བཙལ་ཏེ། དེ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན། ཐོས་བསམ་སྨན་ལྟ་བུ་གདམ་ངག་ཏུ་དྲིལ་ཏེ་མ་རིག་འཁྲུལ་པའི་གཅོང་ནད་དྲག་པོ་འབྱིན་འདོད་བརྩོན་འགྲུས་གསུམ་གྱི་སྒོ་ནས་ཐང་ལྷོད་མེད་པར་དཔའ་བོས་གཞུ་བདུངས་པ་ལྟ་བུ། ནད་པས་ནད་ཞི་འདོད་སྨན་ནན་གྱིས་བཏུང་བ་ལྟར་བླ་མ་དང་གདམ་ངག་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་ལེན་དགོས་ཏེ། དཔེར་ན་ཁང་སྟེང་མཐོན་པོར་ཕྱིན་འདོད་དག་གིས་སྐས་ཀྱི་རྒྱུ་ལྟ་བུའི་བླ་མ་དང་ཐེམ་ལྟ་བུའི་གདམ་ངག་ཐ་དད་མེད་པར་བསྟེན་ཏེ་ཉམས་སུ་བླངས་ན་ཡུན་མི་འགྱང་བར། དོནྃ་ཡེ་ཤེས་བླ་མའི་ས་མཆོག་ཐོབ་པ་ནི་ལུགས་འདིའི་ཁྱད་ཆོས་སོ། །དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པའི་སྒོ་ནས་སེམས་སྦྱངས་པས་བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་མོས་གུས་ཀྱིས་འཕྲོག་པ་གདམ་ངག་ཐོབ་འདོད་བཀྲེས་སྐོམ་གྱིས་ཉེན་པ་དག་བཟའ་བཏུང་ལ་གདུང་བ་ལྟ་བུ་བྱུང་ན་འབྱོངས་པའི་ཚད་དོ། །དགོྃས་ཆེདྃ་ནི། བླ་མ་དང་གདམ་ངག་ཡ་བྲལ་དུ་མ་སོང་བས་དགོངས་བརྒྱུད་ཀྱི་བྱིན་རླབས་རང་རྒྱུད་ལ་འཕོ་བའི་དགོས་པ་ཡོད་དོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་རྩ་བར། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་པའི་དོན། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་པ་ལྟར། སེམས་ཅན་ཞེས་པའི་ཐ་སྙད་ཉོན་མོངས་ལས་ཀྱི་རླུང་རྟ་རྒོད་པོ་མིག་མེད་པ་ལྟ་བུ་ལ། སེམས་ཞེས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཅན་ཁམས་གསུམ་གྱི་བྱེད་པོ་མི་འཕྱེ་བོ་མིག་ཅན་གྱིས་ཞོན་པ་ལྟ་བུར་གསུངས་པ་འདི་ཉིད་ཐབས་ཀྱི་སྒོ་ནས་བརྟུལ་ཏེ། གནས་ཆ་རྣམ་པར་མི་རྟོག་པའི་བསམ་གཏན་གྱི་ཏིང་ངེ་འཛིན་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་དེ་སྒྲུབ་པར་བྱེད་པའི་ཐབས་མང་དུ་གསུངས་མོད་ཀྱང་། རྒྱལ་སྲས་ཏེ་ལོ་པའི་ཞལ་ནས། བློ་དམན་སྐྱེས་བུ་ངང་ལ་མི་གནས་ན། །རླུང་གནད་བཟུང་ལ་རིག་པ་གཅུན་ལ་བོར། །ལྟ་སྟངས་སེམས་འཛིན་དམིགས་པ་དུ་མ་ཡིས། །རིག་པ་ངང་ལ་མ་གནས་བར་དུ་གཅུན། །ཞེས་པ་འདི་གསུང་ཤིན་ཏུ་བཙན་ཞིང་ལམ་འདི་དང་མཐུན་པར་ཡོད་ལ། དེ་ལའང་དཔེ་དོན་ཟུང་འཇུག་དགོས་ཆེད་བསྟན་པ་སྟེ། རང་ལུགས་ཀྱི་ཉམས་སུ་ལེན་ཚུལ་དངོས་ལ་གསུམ། བདེ་སྟོང་། གསལ་སྟོང་། ཆོས་ཉིད་རྣམ་པར་མི་རྟོག་པའོ། སྤྱིར་གནས་དང་སྤྱོད་ལམ་སོགས་ཐུན་མོང་གི་བསམ་གཏན་བསྒོམ་པ་དང་འདྲ་ལ། ཁྱད་པར་ལུས་གནད་ཧ་ཅང་གྲིམས་པ་དང་། བག་མེད་དུ་སྡོད་པ་གཉིས་ཀ་མ་ཡིན་པར། དྲང་པོ་གསུམ་གྱི་ཚུལ་དུ་སྟན་བདེ་བ་ལ་འདུག་སྟེ། དང་པོ་བདེ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། དངོས་གཞིའི་དམིགས་པ་རང་ལུས་སྟོང་སང་ངེ་བའི་དབུས་སུ་ཁང་སྟོང་དུ་ཀ་བ་བཙུག་པ་ལྟ་བུའི་རྩ་དབུ་མ་མཚན་ཉིད་བཞི་ལྡན་གཡས་སུ་རོ་མ་དཀར་མོ། གཡོན་དུ་རྐྱང་མ་དམར་མོ་གཉིས་མར་སྣ་ལྟེ་འོག་གཉེར་པོ་ཆེའི་ཐད་དུ་ཡི་གེ་ཆའི་དབྱིབས་སུ་དབུ་མའི་སྦུབས་སུ་ཆུད་པ། ཡར་སྣེ་རོ་རྐྱང་གཉིས་ལྟག་པ་ནས་ཐུར་དུ་གུགས་ཏེ་སྣ་བུག་གཡས་གཡོན་དུ་ཟུག་པ། དབུ་མ་སྤྱི་བོར་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུར་ཧ་རེར་ཡོད་པའི་ཁ་ནས་མར་སོར་གཉིས་ཙམ་གྱི་མཚམས་སུ་གྱེས་པའི་རྩ་འཁོར་སུམ་ཅུ་རྩ་གཉིས། མགྲིན་པར་འཕྲག་པའི་དང་རུ་གྱེས་མཚམས་ཐད་རྩ་འདབ་བཅུ་དྲུག །སྙིང་དཀར་ནག་གི་ཐད་རྩ་འདབ་བརྒྱད། ལྟེ་བའི་ཐད་རྩ་འདབ་དྲུག་ཅུ་རྩ་བཞི། སོ་སོའི་གྱེས་མཚམས་རྩ་གསུམ་སྦུབས་གཅིག་ཏུ་སོང་བ་ལས་གདུགས་ཀྱི་རྩིབ་མ་བརྒྱངས་པ་ལྟ་བུ་ཁ་དོག་ཅུང་ཟད་དམར་སྐྱ་གྲོ་སོག་གི་དབྱིབས་རྩ་སོ་སོ་གདོས་བཅས་མ་ཡིན་པར་དྭངས་གསལ་འོད་ཀྱི་རྣམ་པ་ཅན་གསལ་གདབ། དབུ་མའི་ཡར་སྣེ་ཐབས་བདེ་བ་ཆེན་པོའི་རང་བཞིན་ཧྃ་ཡིག་དཀར་པོ་ཟླ་བ་ཞུན་མ་ལྟ་བུ་ནཱ་ད་སུམ་འཁྱོག་ཅན་བདུད་རྩིའི་ཟིལ་པ་ཕྲོམ་མེ་བ་མགོ་བོ་གྱེན་བསྟན་དུ་གནས་པ། མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར་ཤེས་རབ་ཀྱི་རང་བཞིན་ཨ་ཡིག་དམར་པོ་འགྲེང་ཐབས་མེ་འབར་ལ་ཁད་པ་ཞིག་གསལ་གདབ། མཆིལ་མ་ཐིགས་གཅིག་མིད་པ་དང་མཉམ་དུ་སྟེང་རླུང་དལ་བུས་མནན། འོག་རླུང་ཡིད་ཙམ་བསྐུམ་ལ་ལྟེ་བར་རླུང་ཁ་སྦྱར་བའི་རྐྱེན་གྱིས་ཨ་ལས་གཏུམ་མོ་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་ཉུག་ཉུག་ཏུ་བྱུང་ནས། ལྟེ་བར་བསླེབས་པའི་དྲོད་ཀྱིས་བསྐུལ་ཏེ་སྤྱི་བོའི་ཧྃ་མགོ་ཐུར་བསྟན་དུ་གྱུར། ཡར་སྙིང་གར་བསླེབས་པས་ཧྃ་ལ་དྲོད་སྐྱེས། མགྲིན་པར་བསླེབས་པས་དམར་ཁྱོག་གིས་སོང་སྟེ་འཛག་ལ་ཁད་དུ་གྱུར། སྤྱི་བོའི་ཧྃ་ཡིག་གི་ནཱ་ད་ལ་རེག་ལ་ཁད་དུ་བྱས་པས་མེས་བྲོས་དེད་ཀྱི་ཚུལ་དུ་བདུད་རྩིའི་རྒྱུན་ཕྲ་ལ་རིང་བ་ནར་གྱིས་དྲངས་ཏེ་ཨ་ལ་ཕོག་པས་ལྕགས་སྲེག་ལ་མར་ཕོག་པ་ལྟར་ཚག་སྒྲ་དང་བཅས་མེ་ཆེར་འབར་བ་གྱེན་དུ་སོང་སྟེ་ཧྃ་ཡིག་བཞུས་པས། བདུད་རྩི་དཀར་དམར་ངོ་བོ་སྟོང་པ་ལ་རྣམ་པ་བདེ་བའི་བདག་ཉིད་ཅན་གྱིས་སྤྱི་བོ་ནས་རིམ་པར་རྩ་འཁོར་བཞིའི་ནང་ཐམས་ཅད་མེར་གྱི་གང་། མཐར་བ་སྤུའི་བུ་ག་ཚུན་ཆད་ཁྱབ་པས་བདེ་སྟོང་དངོས་སུ་སྐྱེས་པར་བསམ་སྟེ། སྙིང་དབུས་སུ་ཨ་དཀར་པོ་གསལ་ལ་དྭངས་པ་ཞིག་ཡོད་པར་མོས་ལ་སེམས་གཞན་དུ་མ་ཡེངས་པར་དེ་ལ་གཏད་དེ། རླུང་ཐུབ་ཐང་ནང་དུ་དལ་བུས་བཟུང་ལ་ཕྱིར་བསལ། དེ་ལྟར་ཡང་ཡང་གོམས་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །གཉིས་པ་གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། ལུས་གནད་ཆོས་བདུན་དང་ལྡན་པར་བྱས་ལ་སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་བསལ་ལ་ཅུང་ཟད་ངལ་བསོ། སླར་ནང་དུ་རྔུབ་པའི་ཚུལ་གྱིས་ཕྱིའི་ཡུལ་སྣང་ཐམས་ཅད་འོད་དུ་ཞུ་ནས་ནམ་མཁའ་སྔོན་པོ་དང་འདྲེས། དེ་སྔོ་མེ་རེ་རང་གི་སྣ་བུག་གཡོན་ནས་ཞུགས། ལུས་ཀྱི་ནང་མེར་གྱིས་གང་བར་བསྒོམ་ལ། རླུང་བུམ་ཆེན་ནམ། བར་རླུང་ཁམས་དང་གང་འཕྲོད་ཁ་སྦྱར། སླར་སངས་ཀྱིས་ཕྱིར་འདོན། དེ་ཡང་རླུང་གི་རེག་བྱ། གྲང་ཤས་ཆེ་ན་ཚ་བ། ཚ་ཤས་ཆེ་ན་བསིལ་བའི་རྣམ་པ་ཅན་བསྒོམ་པ་ནི་གནད་དོ། །དེ་ལྟར་ཡང་ཡང་གོམས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཉམས་སྐྱེའོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། འདུག་སྟངས་སྐྱིལ་ཀྲུང་དྲང་པོར་ལུས་ཀྱི་ཆ་ཆ་ནས་ལྷོད་ཆགས་པར་བྱས་ལ། སོ་བར་ནས་རླུང་བཏང་སྟེ་ཕྱིར་འཛིན་ཅུང་ཙམ་བྱས་ལ་ལུས་སེམས་ཁོང་ལྷོད། ཅི་ཡང་ཡིད་ལ་མི་བྱེད་ཅིང་མིག་མི་འགུལ་བར་བར་སྣང་དུ་ཅི་གནས་སུ་ཧ་རེ་བལྟ། སེམས་འཕྲོ་འདུའི་རྟོག་པ་དང་བྲལ་བའི་ངང་ལ་བསྒོམ། དེ་ལྟར་ཡང་ཡང་གོམས་པས་སེམས་གར་གཏད་དུ་ཟིན་ཞིང་རྟོག་མེད་ནམ་མཁའ་ལྟ་བུའི་ཉམས་ཡུན་རིང་དུ་གནས་པར་འགྱུར་རོ། །དཔེྃ་ཚད་ཁུང་ཆེ་སར་དང་པོ་ཞིང་ས་ལེགས་པར་བརྟུལ་ཏེ་ས་བོན་བཏབ། དེ་ནས་ཡུར་ཆུ་དྲང་ཞིང་སོ་ནམ་ཅི་ཙམ་བྱས་ན་དེ་ཙམ་གྱི་འབྲས་བུ་སྨིན་ཅིང་ལོ་ཏོག་ལེགས་པར་འགྱུར་བ་ལྟར་རྣམ་པར་མི་རྟོག་པའི་བསམ་གཏན་ཡང་དེ་དང་འདྲ། དོྃན་ཉོན་རླུང་རང་སར་ཞི་བས་བསམ་གཏན་གྱི་གཞི་ཚུགས་པར་འགྱུར་རོ། །དེ་ལྟར་དཔེ་དོན་ཟུངྃ་དུ་འཇུགྃ་པའི་སྒོ་ནས་སེམས་སྦྱངས་པས་འཁྲུལ་པའི་རྣམ་རྟོག་ཆུ་ཁོལ་བ་ལྟ་བུ་དེ་ལྷོད་ཀྱིས་སོང་སྟེ་རྟོག་མེད་ནམ་མཁའ་ལྟ་བུའི་ཉམས་ལ་ཡུན་དུ་གནས་ཚེ་འབྱོངས་པའི་ཚད་དོ། །དགོྃས་ཆེདྃ་ནི། དེ་ལྟར་ཐབས་ཀྱིས་བསྒྲུབས་པའི་བསམ་གཏན། ས་མ་དྷི་ཞེས་པའི་སྒྲ་དོན་བློ་མཉམ་པ་ཉིད་དུ་གནས་པ་ལ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པའི་དགོས་པ་ཡོད་དོ། །དེས་ཐུན་མོང་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐོ་ཙམ་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་ཐུན་མོང་མ་ཡིན་པའི་ཁྲིད་ལ་དྲུག །སྐྱབས་འགྲོ །སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་གསག །བླ་མའི་རྣལ་འབྱོར། ལམ་གྱི་ཡན་ལག་ཟབ་ལམ་འཕོ་བའི་ཁྲིད་དོ། །དང་པོ། ནང་པ་སངས་རྒྱས་པའི་ཁྱད་ཆོས་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་ལ་ལྔ། སྐྱབས་སུ་འགྲོ་བའི་ཡུལ། འགྲོ་བ་པོ། འགྲོ་བའི་ཚུལ། སོང་པའི་ཚད། ཕན་ཡོན་དགོས་ཆེད་བསྟན་པའོ། །དང་པོ་ནི། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ནི་དེ་ཡི་མཐར་ཐུག་གོ །ཞེས་པ་ལྟར་སྟོན་པ་དང་དེའི་ལམ་ཆོས་དང་། གྲོགས་དགེ་འདུན་ཏེ་དཀོན་མཆོག་གསུམ་མོ། །གཉིས་པ་སྐྱབས་སུ་འགྲོ་བ་པོ་ནི། ཀུན་སློང་གི་ཁྱད་པར་གསུམ་ལས། འདིར་ནི་ཐེག་པ་ཆེན་པོའི་བློས་དུས་གསུམ་གྱི་ཕ་མར་གྱུར་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པས་བསྡུས་པའི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འཁྲུལ་སྣང་གཟུང་འཛིན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་འདོད་དོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། ཐུན་མོང་ཕྱི་ནང་གི་གཞུང་སོ་སོ་ལྟར་ཤེས་དགོས་ལ། སྐབས་སུ་བབས་པ་ནི་སྐྱབས་ཡུལ་ཀུན་འདུས་དཀོན་མཆོག་བཞི་པ་བླ་མར་ཤེས་པ་ཀུན་འདུས་ནོར་བུའི་ལུགས་སོ། །བཞི་པ་སོང་པའི་ཚད་ནི། བླ་མའི་གདམ་ངག་ཁྱད་པར་ཅན་ལ་བརྟེན་ཏེ་ཆོས་ཉིད་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་པའི་དུས་སོ། །ལྔ་པ་ཕན་ཡོན་དང་དགོས་ཆེད་ནི། གནས་སྐབས་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ། མཐར་ཐུག་སྐྱབས་ཡུལ་དམ་པའི་ཡོན་ཏན་མངོན་དུ་མ་བྱས་ཀྱི་བར་དུ་བདེ་སྐྱིད་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །རང་ལུགས་ལྟར་ན་ཀུན་རྫོབ་དམིགས་པའི་རྣམ་པ་ཅན་དང་། དོན་དམ་ཡོངས་ཤེས་ཀྱི་ཚུལ་གཉིས་ལས། དང་པོ་ལྟར། སྐལ་ལྡན་ལས་དང་པོ་ལྷོངས་སུ་མ་གྱུར་པ་རྣམས་ཀྱི་དབང་དུ་སྐྱབས་ཡུལ་ཚོགས་ཞིང་གསལ་གདབ་པ་ནི། གཉིས་སྣང་གི་རྟོག་པས་མ་ཡིན་པ་ཞིག་གཟོད་ནས་བྱེད་པ་ལྟ་བུ་མ་ཡིན་པར། སྣོད་བཅུད་ཐམས་ཅད་ཡེ་ནས་སྐུ་དང་ཞིང་ཁམས་སུ་དག་པའི་དོན་གོ་བའི་ངེས་ཤེས་དང་བཅས། ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་ཞིང་གི་བཀོད་པ་དང་མཆོད་པའི་སྤྲིན་རྒྱ་མཚོ་བློས་དཔོག་པར་དཀའ་བའི་དབུས་སུ། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་རང་མདངས་འཇའ་འོད་ཐིག་ལེ་འཁྲིགས་པའི་ཀློང་དུ་པད་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་ཡིག་དཀར་པོ་ཐིགས་ལ་ཁད་ཡོད་པ། ཞབས་སྐྱིལ་ཀྲུང་དང་ཕྱག་མཉམ་གཞག་གིས་ཡེ་ཤེས་ཀྱི་ཀ་པཱ་ལ་ཟག་མེད་བདུད་རྩིས་གང་བ་བསྣམས་པ། སྐུ་སྟོད་ལ་དར་སྔོན་པོའི་སྟོད་གཡོགས་དཔུང་པའི་ཕྱེད་ཀར་ལྷགས་པ། དམར་པོའི་ཤམ་ཐབས་དང་ཆོས་གོས་གསུམ་གྱིས་མཛེས་པ། དབུ་ལ་སྡེ་སྣོད་གསུམ་མཚོན་གྱི་པཎ་ཞུ་མནབས་པ། དེ་ཡང་རང་རྒྱུད་པ་ལྟ་བུ་མ་ཡིན་པར་སྐུ་དགེ་འདུན་གྱི་རང་བཞིན། གསུང་དམ་ཆོས་ཀྱི་འབྱུང་གནས། ཐུགས་སངས་རྒྱས་ཀྱི་བདག་ཉིད་དེ་ཕྱིའི་དཀོན་མཆོག་གསུམ་དང་། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་ཏེ་ནང་གི་རྩ་བ་གསུམ། སྐུ་སྤྲུལ་སྐུ །གསུང་ལོངས་སྐུ །ཐུགས་ཆོས་སྐུ་སྟེ་གསང་བ་སྐུ་གསུམ་དང་། དེ་བཞིན་དུ་ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་པ་སྟེ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དམ་པར་མངོན་སུམ་ལྟ་བུར་གསལ། དེའི་མདུན་དུ་རང་དང་ལྷན་ཅིག་པར་རྩ་བའི་ཕ་མ་གཉིས་དང་དགྲ་བགེགས་གནོད་བྱེད་ཀྱིས་ཐོག་དྲངས་ཁམས་གསུམ་གྱི་མ་སེམས་ཅན་ཐམས་ཅད་འཁོད་དེ། སྒོ་གསུམ་དད་གུས་འཇུག་པ་གཅིག་པས་ཅི་མཛད་ཁྱེད་ཤེས་ཀྱི་བློས། སྐྱབས་ཡུལ་དམ་པའི་ཐུགས་རྒྱུད་ཀྱི་ཡེ་ཤེས་སྐུ་གསུམ་གྱི་རང་བཞིན་ཅན་རང་གཞན་སེམས་ཅན་གྱི་རྒྱུད་ལ་ལ་བཟླ་བའི་ཚུལ་གྱིས། ཨ༔ ཀ་དག་གཏིང་གསལ་སོགས། ཅི་ནུས་བརྗོད། མཐར་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས་བླ་མའི་སྐུ་ལས་ཐུགས་རྗེའི་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཐམས་ཅད་བླ་མའི་ཐུགས་ཀར་ཐིམ་པར་མོས་ལ་མི་དམིགས་པར་བཞག་པ་ནི་ཀུན་རྫོབ་ཀྱི་རྣམ་པ་དང་། གཉིས་པ་དོན་དམ་པའི་སྐྱབས་འགྲོ་ནི། ཡུམ་བར་མ་ལས། རབ་འབྱོར་གང་ལ་སངས་རྒྱས་ཀྱང་མི་དམིགས་ལ། ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་འགྲོའོ། །ཞེས་གསུངས་པ་ལྟར། ལས་དང་པོ་པས་སེམས་འཁྲུལ་རྟོག་གི་རྗེས་སུ་མི་འབྲང་བར་རང་བབས་སུ་ལྷོད་དེ་ཅུང་ཟད་མཉམ་པར་གཞག །རྣལ་འབྱོར་པས་རྩ་བ་རྡོ་རྗེའི་ཚིག་ལས་ཇི་སྐད་བསྟན་པ་ལྟར་ཡིན་ལུགས་ཤེས་པས་ཁྱད་ཆོས་དྲུག་ལྡན་འོད་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་མཉམ་པར་གཞག་གོ །དེ་ལས་ལྡང་བ་ན་བསྔོ་བ་དང་སྨོན་ལམ་བྱ་ཞིང་། སྤང་བླང་གི་བསླབ་བྱ་སོགས་ནི་གཞན་ལས་ཤེས་པར་བྱའོ། །སྐྱབས་སུ་འགྲོ་བའི་ཁྲིད་ཐོ་ཙམ་བསྟན་ཟིན་ཏོ། །དོན་གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པའི་ཁྲིད་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །དང་པོ་ལ་སྨོན་འཇུག་གཉིས་ལས། དང་པོ་ནི། ཆགས་སྡང་དང་བྲལ་འདོད་ཀྱི་བཏང་སྙོམས་ཆེན་པོའི་བློ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་བདེ་བའི་མཐར་ཐུག་སངས་རྒྱས་འཐོབ་པར་འདོད་པའི་བྱམས་པ། སྡུག་བསྔལ་ཐ་དག་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་ལྟ་བུའི་གནས་སྐབས་ཀྱི་བདེ་སྐྱིད་སོགས་གོང་ནས་གོང་འཕེལ་དུ་འདོད་པའི་དགའ་བ་སྟེ་ཚད་མེད་བཞི་པོ་འདི་མེད་དུ་མི་རུང་བའི་ལམ་ཁྱད་པར་ཅན་ཡིན་པས་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་བར་བློ་སྦྱོང་། གཉིས་པ་འཇུག་པ་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུན་ཕྱོགས་དྲུག་པོས་རང་རྒྱུད་ལ་ཡོན་ཏན་གོང་འཕེལ་ལ་བརྩོན་པ་དང་། མི་མཐུན་པའི་ཕྱོགས་དྲུག་སོགས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་ཤིང་། དེ་གཉིས་ཀ་ལ་བརྟེན་ནས་བསྡུ་དངོས་བཞིས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་རྣམ་པ་གསུམ་པོ་རང་གི་བློ་དང་འཚམས་པར་བསྲུང་ངོ་། །དེ་ལྟར་ཉམས་སུ་ལེན་པ་ལ་སྐྱབས་ཡུལ་སྔར་ལྟར་དཔང་པོའི་ཚུལ་དུ་གསལ་བཏབ་སྟེ་སེམས་ཅན་དམིགས་སུ་གསལ་བ་རེ་རེ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་རླུང་འབྱིན་འཇུག་དང་སྦྱར་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ཡང་ཡང་རྩལ་འདོན་ནོ། །ངག་ཏུ་ཡང་། ཧོ༔ གློ་བུར་འཁྲུལ་པའི་སོགས་བརྗོད་ལ། གང་ཟག་ལས་དང་པོ་པས། ཆོས་ལ་དམིགས་པ་དང་སེམས་ཅན་ལ་དམིགས་པ་ཟུང་དུ་འཇུག་པས་བདེ་སྡུག་གཏོང་ལེན་བྱ་བ་དང་། གཉིས་པ་དོན་དམ་བྱང་སེམས་སྐྱེད་པ་ནི། བླ་མའི་གདམ་ངག་གིས་ཟིན་པའི་ལམ་གྱི་གང་ཟག་གིས། རྡོ་རྗེའི་ཚིག་དོན་ལྟར་མ་རིག་གསུམ་དང་མཚུངས་ལྡན་ཚོགས་བརྒྱད་རྣམ་པར་ཤེས་པ་གློ་བུར་གྱི་དྲི་མས་འཁྲུལ་པའི་གཞན་དབང་དུ་སོང་བའི་འགྲོ་བ་ཐམས་ཅད། གདོད་ནས་རྣམ་པར་དག་པ་དབྱིངས་ཡེ་གཉིས་མེད་རང་སྣང་རང་རིག་རང་གྲོལ་དུ་ལ་བཟླ་བའི་ཚུལ་གྱིས་མ་བཅོས་རྒྱ་ཡན་ཅོག་གཞག་ཆེན་པོར་སེམས་བསྐྱེད་པ་ལ་བསླབ་པར་བྱའོ། །ལྷོངས་སུ་གྱུར་པའི་རྣལ་འབྱོར་པས་འཁོར་འདས་ཀྱི་གནས་ལུགས་ཇི་ལྟ་བར་ཤེས་པའི་ངང་དུ་ལ་བཟླ་བ་ནི་དོན་དམ་པའི་སེམས་སྐྱེད་དེ། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་དགོས་པ་ནི། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་བསྒོམ་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཀྱང་སྙིང་རྗེ་འབའ་ཞིག་བསྒོམས་པས་ཀྱང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པ་ལྟར། སྐུ་གསུམ་གྱི་སྟོན་པས་གསུངས་པའི་མདོ་དང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཁོ་ན་ཡིན་པས་ན། ལྟ་བ་རྟག་ཆད་སོགས་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་རུ་གོལ་བའི་ལམ་ལོག་དང་། དམན་པའི་སྤྱོད་པ་ལ་ཧ་ཅང་འཐས་པ་མ་ཡིན་པར་ལྟ་སྤྱོད་ཟུང་དུ་འཇུག་པ་འདི་ནི་ལམ་གྱི་རྣལ་འབྱོར་པ་ཇི་ལྟར་བཟང་ཡང་གལ་ཆེ་ཞིང་གདམ་པའི་སྙིང་པོར་འཛིན་དགོས་སོ། །འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པའི་དགེ་བའི་རྩ་བ་ནི་དཔག་ཏུ་མེད་དེ། ཡུམ་བརྒྱད་སྟོང་པ་ལས། དམིགས་པ་ཅན་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བའི་རྩ་བ་བྱས་པ་བས། གཞན་འགའ་ཞིག་གིས་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སེ་གོལ་གཏོག་པ་གཅིག་གི་ཡུན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་ཆེའོ། །ཞེས་སོགས་ཕན་པའི་ཡོན་ཏན་ནི་རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པའི་ཁྲིད་ཀྱི་རིམ་པ་ཐོ་ཙམ་བསྟན་ཟིན་ཏོ། །དོན་གསུམ་པ་ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བའི་ཁྲིད་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྦྱང་བྱ་སྡིག་པའི་སྒོ་དྲུག་སྟེ། །སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱང་། །སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་སྟེ། །རང་བཞིན་དག་པའང་སྔོན་དུ་འགྲོ །ཞེས་གསུངས་པ་ལྟར། མདོ་དང་སྔགས་ཕྱི་ནང་རང་རང་གི་བཞེད་སྲོལ་ལྟར་ལགས་མོད། གཉིས་པ་ཁྱད་པར་བ་ནི། སྐབས་འདིར་སྦྱང་གཞི་རང་བྱུང་གི་ཡེ་ཤེས། སྦྱང་བྱ་གློ་བུར་གྱི་དྲི་མ། སྦྱོང་བྱེད་སྟོབས་བཞི་ལ་བརྟེན་པའི་ཆོ་ག །སྦྱོང་ཚུལ་རྡོ་རྗེ་ཐེག་པ་ཐབས་ལ་མཁས་པའི་ཟབ་གནད་དེ། གོང་སྨྲོས་ལྟར་གནས་ལུགས་ཀྱི་རྟོག་པ་ཁྱད་པར་ཅན་མངོན་དུ་བྱེད་པ་ལ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་དགོས་པས། རང་ལུགས་ལ་ཐབས་ཚུལ་ཁྱད་པར་དུ་མས་འཕགས་པ་རྡོ་རྗེ་ཐེག་པའི་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་ནང་རྡོ་རྗེ་ཕུང་པོའི་བྱེད་བཅིང་ལ་བརྟེན་པའི་རྩ་རླུང་གཏུམ་མོའི་རྣལ་འབྱོར་རོ། །སྦྱོང་ཚུལ་དངོས་ནི། སྟན་བདེ་བ་ལ་འདུག་སྟེ། ལུས་རྣམ་སྣང་ཆོས་བདུན་ནམ། དྲང་པོ་གསུམ་གྱི་གནད་དང་ལྡན་པར་བྱ། དམིགས་པ་ནི། རང་ལུས་ཐ་མལ་དུ་ཡོད་པའི་ནང་ཁྲོལ་སོགས་གང་ཡང་མི་དམིགས་པར་སྟོང་སང་ངེ་བའི་ལུས་དབུས་སུ། རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པའི་གཡས་སུ་རོ་མ་དཀར་མོ། གཡོན་དུ་རྐྱང་མ་དམར་མོ་སྟེ་རྩ་གསུམ་པོ་ཀ་བ་བཙུགས་པ་ལྟ་བུའི་མར་སྣ་ཡི་གེ་ཆའི་དབྱིབས་སུ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ་པ། ཡར་སྣ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུའི་སྤྱི་བོ་བདེ་ཆེན་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས་ཅུང་ཟད་ཐུར་དུ་ཕྱོགས་པ། མགྲིན་པ་རོ་འདུས་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག་པ་གྱེན་དུ་གྱུ་བ། སྙིང་ག་དྲན་པ་རྣམ་བཀོད་ཀྱི་རྩ་འདབ་བརྒྱད་ཐད་དྲང་དུ་ཡོད་པ། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི་གྱེན་དུ་གྱུ་བ་སྟེ། རྩ་འདབ་སོ་སོར་གྱེས་མཚམས་རྣམས་སུ་རྩ་གསུམ་པོ་སྦུབས་གཅིག་ཏུ་སོང་བ་ལས་གདུགས་ཀྱི་རྩིབས་མ་བརྒྱངས་པ་ལྟར་ཐོགས་རེག་གི་རྣམ་པ་ཅན་མ་ཡིན་པར་དྭངས་གསལ་འོད་ཀྱི་རང་བཞིན་དུ་གསལ་བའི་མར་སྣེའི་སུམ་མདོར་པད་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་པདྨ་རཱ་ག་ལ་ཉི་འོད་ཕོག་པ་ལྟ་བུ། ཞི་ཚུལ་དགུས་སྒེག་ཅིང་ལོངས་སྐུའི་རྒྱན་ཆས་བཅུ་གསུམ་དང་རུས་པས་བརྒྱན་པའི་པང་དུ། ཡུམ་སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། ཡབ་ཀྱི་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཡབ་རྡོ་རྗེའི་སྐྱི་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་ཅན། བདེ་སྟོང་གི་རང་མདངས་འོད་ལྔ་འབར་བའི་ཀློང་ན་དགྱེས་ཆགས་བཞད་པའི་རྣམ་པས་བཞུགས་པར་མོས་པ་ནི་རྟེནྃ་གྱིྃ་སྟོབྃས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་ནས་ད་བར་དུ་བསགས་པའི་ཚོར་བ་དང་མ་ཚོར་བའི་སྡིག་ལྟུང་ཐམས་ཅད་ལ་དུག་ཁོང་དུ་སོང་བ་ལྟ་བུའི་གནོང་འགྱོད་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན། བདག་གི་ཤེས་རྒྱུད་ཀྱི་སྡིག་ལྟུང་དག་པ་ཞིག་ཐུགས་རྗེ་མ་ཆུང་སྙམ་པ་ནི་ཉེས་པ་སུནྃ་འབྱིནྃ་པའིྃ་སྟོབྃས། ཕྱིན་ཆད་སྲོག་ལ་བབས་ཀྱང་འདི་དང་འདི་ལྟ་བུའི་སྡིག་པའི་ལས་མི་བགྱིད་དོ་སྙམ་པའི་དམ་བཅའ་བ་ནི་ཉེས་པ་ལས་བཟློག་པའམ་སྡོམྃ་པའིྃ་སྟོབྃས། དེ་ལྟ་བུའི་འགྱོད་སྡོམ་དང་ལྡན་པས་གསོལ་འདེབས་ཀྱི་ཚུལ་དུ་སྟེང་རླུང་མནན། འོག་རླུང་ཅུང་ཟད་བསྐུམ་སྟེ་འཇམ་རླུང་ལྟེ་བ་རུ་ཁ་སྦྱར་ལ་བསྐྱིལ་ཏེ། ཡི་གེ་བརྒྱ་པ་བརྗོད་པ་དང་ཆབས་ཅིག་དད་པའི་རྣམ་པ་རོ་རྐྱང་གི་རླུང་གིས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ཏེ་བདེ་བས་རབ་ཏུ་དགྱེས་ནས། སྐུ་ལས་ཐུགས་རྗེ་ཡེ་ཤེས་ཀྱི་མེ་རྟ་རྔ་བརྒྱར་གཤགས་པ་ཙམ་ཉུག་ཉུག་ཏུ་འབར་ཏེ་ལྟེ་བའི་རྩ་འཁོར་ཐམས་ཅད་གང་། སྙོམས་འཇུག་དང་འདོད་ཆགས་ཀྱི་སྒྲིབ་པ། དེས་བསྐྱེད་པའི་སྡིག་ལྟུང་བག་ཆགས་སྤྱི་དང་ཁྱད་པར་དུ་བླ་མའི་ཡོན་ཏན་དང་ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་ཁམས་སྙིགས་མ་དང་བཅས་པ་ཐམས་ཅད་བསྲེགས་ཤིང་སྦྱངས། དེས་འགྲེས། སྙིང་གའི་རྩ་འཁོར་གང་། གཉིད་འཐུག་དང་ཞེ་སྡང་གི་སྒྲིབ་པ། དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་ཐུགས་ཀྱི་དམ་ཚིག་ཉམས་ཆག །མགྲིན་པའི་རྩ་འཁོར་གང་། རྨི་ལམ་དང་ང་རྒྱལ་གྱི་སྒྲིབ་པ། དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་གསུང་གི་དམ་ཚིག་ཉམས་ཆག །སྤྱི་བོའི་རྩ་འཁོར་གང་། སད་པ་དང་ཕྲག་དོག་གི་སྒྲིབ་པ། དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་སྐུའི་དམ་ཚིག་ཉམས་ཆག །སོ་སོའི་ཁམས་སྙིགས་མ་དང་བཅས་ཏེ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་མོས། མཐར་ཐ་མལ་པའི་ལུས་ཀྱི་རྣམ་པ་གང་ཡང་མེད་པར་དྭངས་གསལ་འོད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་གསང་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་པ་དང་བཅས་པ་ནི་གཉེནྃ་པོྃ་ཀུནྃ་ཏུྃ་སྤྱོདྃ་པའིྃ་སྟོབྃས་སོ། །དེ་ལྟར་གསལ་གདབ་པའི་ཕྱིར། ཨཿ བདག་ཉིད་ཐ་མལ་ལུས་ཀྱི་དབུས། སོགས། བརྗོད་ལ་སེམས་གཞན་དུ་མ་ཡེངས་པའི་ངང་ནས་ཡི་གེ་བརྒྱ་པ་ཅི་ནུས་དང་། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཡིད་བཟླས་ཁོ་ན་དང་། སྐྱོ་ན་ངག་བཟླས་ཇི་ལྟར་རིགས་པར་བྱ། མཐར་བཤགས་ཚིག་རྒྱས་པ་རུ་དྲའི་སྨྲེ་བཤགས་སམ། བསྡུ་ན་མགོན་པོ་བདག་ནི་སོགས་ཀྱིས་བཤགས་པ་བྱས་པས་ལམ་གྱི་བར་ཆད་སྡིག་ལྟུང་མི་དགེ་བ་ཆ་དང་བཅས་པ་ཐམས་ཅད་ལྷག་མེད་དུ་དག་པའི་ངེས་ཤེས་བསྐྱེད། ཐག་བཅད་མི་དམིགས་པའི་ངང་དུ་བཞག་པ་ནི་ཀུན་རྫོབ་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། དོན་དམ་པར་ཆོས་ཉིད་འདུས་མ་ཡེ་བྱས་ཀ་དག་རང་བྱུང་འོད་གསལ་གྱི་ངང་མདངས་སྐྱོང་བ་ནི་དོན་དམ་རྫོགས་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་ངོ་། །དེ་ལྟར་ཉམས་སུ་བླང་བ་ལ་བརྩོན་པས་སྡིག་སྒྲིབ་དག་པའི་རྟགས། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་མ་བྱུང་གི་བར་དུ་འབད་པར་བྱའོ། །དེས་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བའི་ཁྲིད་ཀྱི་རིམ་པ་ཐོ་ཙམ་བསྟན་ཟིན་ཏོ། །དོན་བཞི་པ་མཐུན་རྐྱེན་ཚོགས་གཉིས་གསོག་པའི་ཁྲིད་ལ། སྤྱི་དང་ཁྱད་པར་རོ། །དང་པོ་ནི། གཏེར་གཞུང་ནས་ཐུན་མོང་གི་མཎྜལ་མ་བསྟན་ཀྱང་འདི་སྐབས་མཎྜལ་བླང་ན་ལེགས་ཞེས་རྗེ་ཉིད་ཀྱིས་བཀའ་སྩལ་ཡོད་པས་དེ་ལྟར་ན། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་བར། །དེ་སྲིད་སྐུ་གཉིས་དམ་པ་དེ་ནི་འཐོབ་མི་འགྱུར། །ཞེས་པ་ལྟར། རྒྱས་པར་བླ་མ་ཡང་ཏིག་ལས་འབྱུང་བའི་མཎྜལ་ཚོགས་གཉིས་སྤྲིན་ཕུང་ལྟར་འབུལ་བའི་དབང་དུ་བྱས་ཏེ། དང་པོ་སྤྲུལ་སྐུའི་ཞིང་ཁམས་དབུལ་བ་ལ། ཚོགས་ཞིང་གསལ་གདབ་པ་ནི། རང་གི་མདུན་དུ་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་གསུམ་གྱི་གླིང་བཞི་རི་རབ་དང་བཅས་པ་བཀོད་ལེགས་མཛེས་ཤིང་ཡིད་དུ་འོང་བ་གསལ་བའི་སོ་སོའི་རི་རབ་ཀྱི་རྩེར། པད་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་སྤྲུལ་སྐུའི་ཆ་བྱད་ཅན་གྱི་འཁོར་དུ་བརྒྱུད་གསུམ་རིག་འཛིན་རྒྱ་མཚོས་བསྐོར་བ། གླིང་དང་གླིང་ཕྲན་རྣམས་སུ་ཡང་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་གང་བར་བསམ་པ་ནི་ཁྱད་པར་རོ། དམིག་བསལ་ཐུན་དུ་བཅད་དེ་ཚོགས་གསོག་སྐབས་སུ། དམིགས་རྟེན་རང་གི་མདུན་ངོས་སྟེགས་ཀྱི་སྟེང་དུ་མཎྜལ་བྱི་དོར་ལེགས་པར་བྱས་ལ་ཚོམ་བུ་ལྔའམ་དགུ་བཀོད་པ་བཞག །འབྱོར་ན་ཉེར་སྤྱོད་བརྒྱད་གཡས་བསྐོར་དུ་བཤམས། མཆོད་པའི་མཎྜལ་གྱི་རྒྱུ་མཛེས་ཤིང་བཟོ་དབྱིབས་ལེགས་པ། ཚོམ་བུ་ཡང་རབ་རིན་པོ་ཆེ། འབྲིང་སྨན་དང་འབྲས་ལྟ་བུ། ཐ་ན་ནས་སོགས་འབྲུ་དཀར་གྱི་རིགས་གཙང་མར་སྨན་དང་འབྲུ་སོགས་བསྲེས་ཏེ། འབྱོར་ཞིང་གྲུབ་ན་དྲི་བཟང་གི་ཁུ་བས་ཁ་དོག་སེར་པོ་བྱ། བྱང་ཆུབ་སེམས་ཀྱི་རླན་མི་ཡལ་བའི་ཕྱིར་མཎྜལ་གྱི་ངོས་ལ་བྱུག་རྒྱུའི་བ་བྱུང་ལྔའམ་དྲི་བཟང་གི་ཆུ་སོགས་འདུ་བྱ། དེ་ནས་མཆོད་པའི་མཎྜལ་ལག་གཡོན་པས་ཐོགས་ལ། གཡས་པའི་མཁྲིག་མའི་ཆུ་བ་རྒྱུས་མངོན་པར་བྱས་པས་གཡས་བསྐོར་གྱིས་ཕྱི་བཞིན་ངག་ཏུ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད་ཅིང་བསམས་ལ་ཡི་གེ་བརྒྱ་པ་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་གུང་སྲིན་གཉིས་ཀྱིས་བ་བྱུང་ངམ་དྲི་བཟང་ཡོད་ན་བྱང་ཤར་ནས་བརྩམ་ཏེ་ངོས་ཐམས་ཅད་ལ་ཁྱབ་པར་བྱུག །མེད་ན་སོར་མོ་ཕྱིར་བསྟན་གྱིས་ཚོམ་བུའི་རྒྱུ་གང་རུང་དེ་ལྟར་བཀྲམ། ལྕགས་རི་ཡོད་ན་དགོད། ཚོམ་བུ་འགོད་ཚུལ་རྒྱས་འབྲིང་བསྡུས་གསུམ་གསུངས་པས། འབྲིང་པོ་ལྟར་ཚོམ་བུ་ཉི་ཤུ་རྩ་གསུམ་པའི་དབང་དུ་བྱས་ན། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་བཅས་ཐུན་མོང་ལྟར་ཚོམ་བུ་བཅུ་གསུམ། གསེར་རི་དང་རོལ་མཚོ་གཉིས་ཀ་མཚོན་བྱེད་གཡས་བསྐོར་དུ་མུ་ཁྱུད་གཅིག །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་བརྒྱད་གཉིས་ལ་མུ་ཁྱུད་རེ་རེ། ཤར་ལྷོར་གཏེར་གྱི་བུམ་པ། ལྷོ་ནུབ་ཏུ་དཔག་བསམ་གྱི་ཤིང་། ནུབ་བྱང་དུ་མ་རྨོས་པའི་ལོ་ཏོག །བྱང་ཤར་དུ་ཡིད་དུ་འོང་བའི་འདོད་ཡོན་བཞི་ལ་ཚོམ་བུ་རེ་རེ། ཡང་མུ་ཁྱུད་གཡས་བསྐོར་གྱིས་བཀྲམ་ལ་ཤིན་ཏུ་མཛེས་པའི་ལྷ་མོ། ཤར་དུ་ཉི་མ། ནུབ་ཏུ་ཟླ་བ་གཉིས་ལ་ཚོམ་བུ་རེ་རེ་བཅས་ཉི་ཤུ་རྩ་གསུམ་འགོད་ཚུལ་ནི། ཞིང་ཁམས་ཀྱི་བཀོད་པ་ཚིག་དང་ཚོམ་བུའི་རྗེས་སུ་དོན་དྲན་པ་ལ་འབྱོར་ཆེ་བས་དེ་ལྟར་དགོད་པར་བྱའོ། །དེ་དག་གི་སྟེང་འོག་བར་མཚམས་ཐམས་ཅད་ན་ལྷ་ཀླུ་མིའི་ལོངས་སྤྱོད་བདག་པོས་བཟུང་བ་དང་མ་བཟུང་བའི་རིན་པོ་ཆེའི་རིགས་བྱེད་ཉེ་བའི་རིན་པོ་ཆེ་བདུན། བཀྲ་ཤིས་པའི་རྫས་རྟགས་བརྒྱད་བརྒྱད། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་སོགས་ནོར་བུའི་རིགས་མང་པོ། ཨ་རུ་ར་རྣམ་པར་རྒྱལ་བ་སོགས་ནད་གསོ་བྱེད་སྨན་གྱི་རིགས། སྤོས་ཆུའི་རྫིང་བུ་དང་། དལ་གྱིས་འབབ་པའི་ཆུ་བོ་དང་། ཆུ་ཕྲན་ལྷུང་ལྷུང་གི་སྒྲ་ཡིད་དུ་འོང་བ་སྒྲོག་པ་མང་པོ་དང་། པདྨས་བརྒྱན་པའི་མཚོ་ཆེན་པོར་རབ་ཏུ་མཛེས་པའི་རིན་པོ་ཆེའི་བྱ་རིགས་མང་པོ་རྩེ་འཇོ་རོལ་ཞིང་སྙན་པའི་སྒྲ་སྐད་སྣ་ཚོགས་སྒྲོག་པ། སྨན་ཤིང་གི་ནགས་ཚལ་དུ་སྤུ་སྡུག་ཡིད་དུ་འོང་བའི་རིན་པོ་ཆེའི་རི་དྭགས་མང་པོ་བག་ཕེབས་ཤིང་རྩེ་འཇོ་རོལ་བ། ཁ་དོག་རབ་ཏུ་མཛེས་ཤིང་དྲི་བསུང་དང་ལྡན་པར་གསེར་གྱི་སྦྲང་མ་འཕུར་ལྡིང་གཡོ་བའི་མེ་ཏོག་སྣ་ཚོགས་པའི་ཚལ་དང་། ལྗོན་ཤིང་ལོ་འབྲས་མེ་ཏོག་རྒྱས་ཤིང་དུད་པའི་ཚལ་མང་པོ། རིན་པོ་ཆེའི་རི་བོ་སྤང་ལྗོངས་སྨན་སྤོས་མེ་ཏོག་གིས་གང་བ་མང་པོ། ཡངས་ཤིང་བདེ་ལ་སྨན་སྤོས་སྣ་ཚོགས་བཀྲ་བའི་ཐང་མང་པོ། མདོར་ན་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པའི་ལོངས་སྤྱོད་བཟང་ཞིང་ཕན་པ་དང་བདེ་བའི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་གི་ལུས་དང་ཡིད་ལ་གཅེས་པར་བཟུང་བའི་ལོངས་སྤྱོད་ཀྱི་དངོས་པོ་གང་ཡོད་བཅས་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་ཕྱི་རོལ་དུ་ལྕགས་རིས་བསྐོར་བ། དེ་འདྲ་བའི་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ་ཡོད་པའི་སྤྲུལ་སྐུའི་ཞིང་། རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཀྱི་བཀོད་པ་ལ་བརྟེན་པའི་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་རེ་རེ་ལས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་རྒྱ་ཆེ་བར་སྤྲུལ་ཏེ་ཁམས་གསུམ་གྱི་སེམས་ཅན་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་ཕུལ་བར་མོས་ཏེ་ཚོམ་བུ་སྔོན་དུ་འགྲོ་བས་ཚིག་རྗེས་དོན་དྲན་གྱིས། ཨོཾ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི་སོགས་ནས། དམིགས་ཏེ་འབུལ་ལོ། དབྱངས་དང་བཅས། ཕྱོགས་བཅུའི་ཞིང་ཁམས་སོགས་ཚིག་བཞི་དང་། རིན་ཆེན་མཎྜལ་སོགས་ལྷུག་འདོན་ལན་གསུམ་བཅས། གཉིས་པ་ལོངས་སྐུའི་ཞིང་ཁམས་དབུལ་བ་ནི། དེའི་སྟེང་གི་ནམ་མཁར་ཐུན་མིན་ལོངས་སྐུའི་ཞིང་རྒྱན་སྟུག་པོ་བཀོད་པ། གཞི་དང་རྒྱ་ཚད་རྒྱན་གྱི་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་དབུས་སུ། རྩ་བའི་བླ་མ་ལོངས་སྐུའི་ཆ་བྱད་ཅན་རིགས་ལྔ་ལོངས་སྐུའི་འཁོར་དཔག་ཏུ་མེད་པས་བསྐོར་བར་མོས། ལྕགས་རི་གཉིས་པ་བཀོད་ལ། དང་པོ་དབུས་དང་ཕྱོགས་བཞི་སྟེ་ཚོམ་བུ་ལྔ། ཡང་ཕྱོགས་བཞི་མཚམས་བཞི་དང་བརྒྱད་དེ་བཅུ་གསུམ་བཀོད། ཚིག་རིས་དང་མཐུན་པའི་རྒྱན་སྟུག་པོ་བཀོད་པ་ཚངས་པ་རྔ་སྒྲའི་ཞིང་ཁམས་ཚིག་གི་རྗེས་སུ་དོན་ཡིད་ལ་དམིགས་ཏེ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། འོག་མིན་གྱི་གནས་སོགས། རྒྱུན་གྱི་འཁོར་ལོར་འབུལ་ལོ། །དབྱངས་དང་བཅས། བདེ་ཆེན་གནས་ནི་སོགས་ཚིག་བཞི་དང་། འོག་མིན་བདེ་ཆེན་སོགས་ལྷུག་འདོན་གསུམ་བཅས་སོ། །གསུམ་པ་ཆོས་སྐུའི་ཞིང་ཁམས་འབུལ་བ་ནི། རྣལ་འབྱོར་པ་ལས་དང་པོའི་དབང་དུ་བྱས་ན་འབུལ་ཚིག་ལྟར། ངོ་བོ་ཀ་དག་གི་གཞི་སྣང་དབྱིངས་ཡེ་ནང་གསལ་དུ་ཡེ་ནས་བཞུགས་པའི་དོན་གོ་བས་བློ་ཡུལ་དུ་བྱས་ལ་འབུལ་བྱ་འབུལ་བྱེད་ཀྱི་སྤྲོས་པ་མེད་པའི་སྒོ་ནས་ལྕགས་རི་གསུམ་པ་བཀོད་དེ། དབུས་དང་ཕྱོགས་བཞི་སྟེ་ཚོམ་བུ་ལྔ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཆོས་ཉིད་འོད་གསལ་གྱི་སོགས། དམ་པ་འབུལ་ལོ། དབྱངས་དང་བཅས། གདོད་ནས་རྣམ་དག་སོགས་ཚིག་བཞི་དང་། འོད་གསལ་ལྷུན་གྲུབ་སོགས་ལྷུག་འདོན་ལན་གསུམ་བཅས་སོ། །གྲངས་གསོག་པ་སོགས་ཀྱི་ཚེ། སྤྲོ་ན་མཎྜལ་ཕྱི་བ་སོགས་གོང་དང་འདྲ་བ་ལ། ཚོམ་བུ་དབུས་དང་ཕྱོགས་བཞི་མཚམས་བརྒྱད་དེ་དགུ་བཀོད་ལ། རིན་ཆེན་མཎྜལ་སོགས་ཤྭ་ལོ་གཅིག་དང་། དེ་སྟེང་ཡང་ཚོམ་བུ་ལྔ་བཀོད་དེ། འོག་མིན་བདེ་ཆེན་སོགས་ཤྭ་ལོ་ཀ་དང་། དེ་སྟེང་ཚོམ་བུ་གསུམ་བཀོད་དེ། འོད་གསལ་ལྷུན་གྲུབ་སོགས་ཤྭ་ལོ་ཀ་གཅིག་གོ །དེ་ལྟར་རམ། ཡང་ན་ཀློང་ཆེན་སྙིང་ཐིག་གི་སྐུ་གསུམ་མཎྜལ་བཀོད་ཚུལ་རང་ལུགས་ལྟར་བྱས་ན་ཚིག་དོན་གཅིག་པས་རུང་ངོ་། །གང་ལྟར་ཡང་འབུམ་ཐེར་སོགས་རྒྱས་པར་སྐུ་གསུམ་མཎྜལ་སོ་སོ་ལྟར་འབུལ་ན། དང་པོ་སྤྲུལ་སྐུའི་མཎྜལ་ལ་གྲངས་འཛིན་ཅིང་གྲུབ་ནས། ལོངས་སྐུའི་མཎྜལ་དང་། དེ་བཞིན་ཆོས་སྐུའི་མཎྜལ་ཏེ་སོ་སོ་རིམ་ཅན་ནམ་གསུམ་ཀ་ཆབས་ཅིག་གསག་ཀྱང་དོན་གཅིག་གོ །ཐུན་གྱི་འགོ་མཇུག་གཉིས་ལ་རྒྱས་པ་རེ་འགྲོ་དགོས་ལ། དམ་པ་གསུམ་གྱིས་ཟིན་པ་ནི་གལ་ཆེ། མཐར་ཚོགས་ཞིང་མཎྜལ་དང་བཅས་པ་འོད་དུ་ཞུ་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་ནོར་གྱིས་དབུལ་བ་དང་ཆོས་ཀྱིས་འཕོངས་པའི་རྒྱུ་འབྲས་ཐམས་ཅད་བྱང་ཞིང་དག །ཚེ་བསོད་དཔལ་འབྱོར་དར་ཞིང་རྒྱས། ཚོགས་གཉིས་རྫོགས་དམ་པ་སྐུ་གཉིས་མངོན་དུ་བྱས་པར་མོས། རྣལ་འབྱོར་པས་ཚོགས་ཆེན་ཡེ་རྫོགས་ཆེན་པོའི་ངང་དུ་ཅི་གནས་སུ་བཞག་ལ་བསྔོ་བ་སྨོན་ལམ་བྱ། དེ་ཡང་ད་རེས་རང་རེ་དལ་འབྱོར་ཐོབ་ཅིང་ཡུལ་དུས་ཀྱི་རྟེན་འབྲེལ་བཟང་པོ་འདི་ལྟ་བུ་ཡང་ཡང་འཛོམ་དཀའ་བར་ཤེས་པས་སྤྱིར་ཚོགས་གསོག་གི་སྒོ་ཐམས་ཅད་ལ་འབད་དགོས། ཁྱད་པར་བྱ་སླ་ལ་ཆོད་ཆེ་བ་མཎྜལ་འབུལ་བ་འདི་ནི་ཚོགས་མྱུར་དུ་རྫོགས་པའི་ཐབས་ཤིན་ཏུ་ཟབ་པས་སྔོན་འགྲོ་རྣམས་སུ་མཎྜལ་གྱི་ཁྲིད་འབྱུང་བའི་རྒྱུ་མཚན་དེ་ཡིན་པར་འདུག །ལར་ད་ལྟའི་འབྱོར་བ་ཅི་ཙམ་གྱིས་ཚོགས་གསོག་ནའང་དངོས་པོ་ཁ་ཚོན་གཅོད་རྒྱུའི་བརྒྱ་སྟོང་ཁྲི་འབུམ་ལས་སུས་ཀྱང་མི་གཏོང་། ཡུལ་ཡང་གྲངས་སུ་ངེས་པ་ཅན་ཡིན་མོད། དེ་ཡང་ང་རྒྱལ་དང་འགྲན་སེམས་སེར་སྣ་དང་ལན་ལ་རེ་བ་སོགས་ཀྱིས་དག་པ་གསུམ་གྱི་མཆོད་པར་འགྲོ་དཀའ། མཎྜལ་ནི་བླ་མ་སྐུ་གསུམ་གྱི་ཞིང་ཁམས་བློས་བླངས་པས་ན་ཡུལ་བསམ་གྱིས་མི་ཁྱབ། མཆོད་པ་ཡང་སྤྲུལ་སྐུའི་མཎྜལ་ལྟ་བུ་ལ་མཚོན་ན་མཆོད་པའི་དངོས་པོའང་ལྷ་ཀླུ་མིའི་ཡོ་བྱད་བདག་པོས་ཡོངས་སུ་བཟུང་བ་དང་མ་གཟུང་བ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་དངོས་སུ་དམིགས་ཏེ་ཕུལ་བས་གྲངས་བསམ་གྱིས་མི་ཁྱབ། དུས་རེ་འགའ་བ་མ་ཡིན་པར་སྒོ་གཏན་པ་མེད་པའི་ཚུལ་དུ་འབུལ་བས། ལན་ལ་རེ་བ་དང་ང་རྒྱལ་སོགས་མེད་པས་ན་འདི་ཡི་ཕན་པའི་ཡོན་ཏན་ནི་བརྗོད་པའི་ཡུལ་ལས་འདས་སོ། །དེ་ལྟར་ལོངས་སྤྲུལ་གྱི་ཞིང་ཁམས་བློས་བླངས་ཏེ་ཕུལ་བས་རྒྱུ་བསོད་ནམས་ཀྱི་ཚོགས་དང་། ཆོས་སྐུའི་མཎྜལ་གྱིས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སྐད་ཅིག་ལ་རྫོགས་པར་འགྱུར་བས། དེའི་ཕྱིར་དེ་ལྟ་བུའི་དོན་ཁོང་དུ་ཆུད་པར་བྱས་ལ་ལག་ནར་གྱིས་བརྐྱངས་ཏེ་མཎྜལ་འབུལ་བ་ལ་བརྩོན་པ་གལ་ཆེའོ། །ལོངས་སྐབས་མེད་པ་དང་། ངེས་པར་མི་འབྱོར་པ་རྣམས་ཀྱིས་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཡིད་ཀྱིས་ཡང་ཡང་འབུལ་བ་ཆོད་ཆེ་བར་གདའ། གསག་སྦྱང་ལ་རྟག་ཏུ་འབད་དགོས་པས་དུས་འདི་དང་འདི་ཞེས་སྤྱིར་མེད་ཀྱང་། ཁྱད་པར་དུ་འབུལ་བའི་དུས་ནི། ཇི་སྐད་དུ། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དང་། །ཚོགས་པ་རྒྱ་མཚོའི་དབུས་ན་ཆོས་སྤེལ་ཚེ། །ཆོས་སྤྱོད་ཀུན་གྱི་ཐོག་མར་མཎྜལ་ཕུལ། །ཞེས་གསུངས་པས་མཚོན། ཕུལ་པའི་ཕན་ཡོན། མ་དབུལ་བའི་སྐྱོན། དབུལ་དགོས་ཚུལ་སོགས་མདོ་རྒྱུད་རྣམས་ནས་མང་དུ་གསུངས་ཀྱང་། དེ་ཙམ་ལས་ཡི་གེ་མང་དོགས་ནས་མ་བཀོད་དོ། །དེས་ཐུན་མོང་སྤྱི་ལྟར་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཐབས་སྐུ་གསུམ་གྱི་ཞིང་ཁམས་འབུལ་བའི་རིམ་པ་གྲུབ་བོ། །གཉིས་པ་ཁྱད་པར་རང་ལུགས་ནང་གི་ཚོགས་གསག་པ་ནི། ཏེ་ལོ་པས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་པ་ལྟར་སྣང་བཅས་གསང་སྔགས་ཀྱི་ཐབས་ཟབ་མོའི་ཆོ་ག་ལ་བརྟེན་ནས་སྣང་མེད་ཡེ་ཤེས་ཀྱི་རྟོག་པ་མངོན་དུ་བྱ་བའི་ཐབས་ཚུལ་མང་དུ་ཡོད་ཀྱང་། འདི་ནི་ནང་གི་ཚོགས་གསག་ཐབས་ཁྱད་པར་ཅན་རྗེས་སུ་རྣལ་འབྱོར་དང་འབྲེལ་བ་ཏེ། འབར་འཛག་དགའ་བཞིས་དྲངས་པའི་དག་རྫོགས་སྨིན་གསུམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་བཞི་མངོན་དུ་བྱེད་པའི་མྱུར་ལམ་ཉམས་སུ་ལེན་པ་ལ། རང་ལུས་རྩ་འཁོར་བླ་མ་རྡོ་རྗེ་སེམས་དཔའ་དང་བཅས་པ་བསྒོམ་པ་ནི་སྔར་ལྟར་ལ། ཁྱད་པར་སྤྱི་བོར་ཐབས་བདེ་བ་ཆེན་པོའི་རང་བཞིན་ཧྃ་ཡིག་དཀར་པོ་ཟླ་བ་ཞུན་མ་ལྟ་བུ་བདེ་བའི་བདུད་རྩི་འཛག་ལ་ཁད་པ་ཞིག་དམིགས་ལ། སྟེང་རླུང་མནན་འོག་རླུང་ཅུང་ཟད་བསྐུམ། བར་རླུང་ལྟེ་བར་ཁ་སྦྱར་ཏེ། བླ་མའི་སྐུ་ལས་སྔར་ལྟར་མེ་ཉུག་ཉུག་བྱུང་ནས་སྤྱི་བོའི་ཧྃ་ཡིག་ལ་རེག་ལ་ཁད་ཀྱིས་བདེ་ཆེན་བདུད་རྩིའི་རྒྱུན་ནར་གྱིས་དྲངས་ཏེ་མེས་བྲོས་དེད་ཀྱི་ཚུལ་དུ། སྤྱི་བོར་བབས་པས་རྩ་འཁོར་ན་བཞུགས་པའི་བླ་མ་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་ཡབ་ཡུམ་དང་། རྩ་འདབ་ཏུ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སོ་གཉིས་ཀྱི་མཚོན་རྩ་གནས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་ཟག་མེད་བདེ་ཆེན་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་ཚོགས་རྫོགྃས། བུམ་དབང་ཐོབ། ལུས་ཀྱི་སྒྲིབ་པ་དང་སྐུའི་དམ་ཚིག་ཉམས་ཆག་སྦྱངྃས། བསྐྱེད་རིམ་གྱི་ཡེ་ཤེས་སྨིནྃ། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག །དེས་འགྲེས། མགྲིན་པར་དྲངས་པས། བླ་མ་གསུང་རྡོ་རྗེ་སྣང་མཐའ་དམར་པོ་ཡབ་ཡུམ་དང་། པདྨ་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག་སོགས་ལ་བདེ་ཆེན་མཆོག་ཏུ་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། གསལ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་ཚོགས་རྫོགྃས། གསང་དབང་ཐོབ། ངག་གི་སྒྲིབ་པ་དང་གསུང་གི་དམ་ཚིག་ཉམས་ཆག་སྦྱངསྃ། རླུང་དང་གཏུམ་མོའི་ཡེ་ཤེས་སྨིནྃ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། སྙིང་གར་དྲངས་པས། བླ་མ་ཐུགས་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་སྔོན་པོ་དང་། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བརྒྱད་སོགས་ལ་བདེ་ཆེན་ཁྱད་པར་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་ཚོགས་རྫོགྃས། ཤེར་དབང་ཐོབ། ཡིད་སྒྲིབ་དང་ཐུགས་ཀྱི་དམ་ཚིག་ཉམས་ཆག་སྦྱངསྃ། མཚོན་བྱེད་དཔེའི་ཡེ་ཤེས་སྨིནྃ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། ལྟེ་བར་དྲངས་པས། བླ་མ་ཡེ་ཤེས་རྡོ་རྗེ་རིན་ཆེན་འབྱུང་ལྡན་སེར་པོ་ཡབ་ཡུམ་དང་། རིན་ཆེན་མཁའ་འགྲོ་ཡབ་ཡུམ་དྲུག་ཅུ་རྩ་བཞིའི་མཚོན་རྩ་གནས་ཀྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་ལ་བདེ་ཆེན་ལྷན་སྐྱེས་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། རིག་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་ཚོགས་རྫོགྃས། དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་ཀྱི་སྒྲིབ་པ་དང་ཡོན་ཏན་དང་ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་ཡེ་ཤེས་ཀྱི་སྒྲིབ་པ་དང་བཅས་པ་སྦྱངྃས། དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་སྨིནྃ། ངོ་བོ་ཉིད་སྐུ་མངོན་དུ་བྱས་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། མཐར་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་གང་། སྦྱོར་མཚམས་ནས་བྱུང་། རང་གི་ལུས་ཀྱི་ནང་ཐམས་ཅད་གང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ་ཞིང་། དེ་ལྟར་གསལ་གདབ་པ་ནི། མཐར་ནི་ཡེ་ཤེས་མེ་ལྕེ་སོགས་བརྗོད་མཐར། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧྃ༔ རྐྱེན་སྔགས། མཆན། ཞེས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ངའོ་ཞེས་པའི་སྒྲ་དོན་དང་འབྲེལ་བའི་བདག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུར་གྱུར་པར་བསམས་ལ་སྔགས་ཇི་ལྟར་རིགས་པར་བཟླ། མཐར་མི་དམིགས་པའི་ངང་ལ་བཞག་གོ །དེ་ལྟར་དམིགས་པ་རྣམས་ཨ་འཐས་རང་རྒྱུད་པར་མི་སེམས། རང་སྣང་རང་ཤར་རང་གྲོལ་ཆུ་ལས་ཆུ་བུར་རྡོལ་བ་ལྟར་རམ། མཁའ་ལ་འཇའ་ཚོན་ཤར་བ་ལྟར་རང་ལུགས་ཀྱི་གསལ་དག་བརྟན་གསུམ་གྱི་གོ་དོན་སློང་བར་བྱས་ལ་ཉམས་སུ་ལེན་ནོ། །དེས་གསག་སྦྱོང་གི་རིམ་པ་ཅུང་ཟད་བསྟན་ཟིན་ཏོ། །ལྔ་པ་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཐབས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། རྒྱུ་མཚན་དང་། ཉམས་སུ་ལེན་ཚུལ། ལམ་གྱི་མཐུན་རྐྱེན་དམ་ཚིག་གི་རིམ་པ་གསུམ་ལས། དང་པོ་ནི། སྤྱིར་ཁམས་གསུམ་གྱི་གནས་སུ་བདག་ཅག་གི་སྟོན་པ་སྐུ་གསུམ་གྱི་ཚུལ་དུ་བཞེངས་ནས་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་གསུངས་པ་ཐམས་ཅད། དོན་གདུལ་བྱའི་སེམས་ཅན་ཕན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཐབས་རང་རང་གི་བློ་དང་བསམ་པ་དང་དུས་ལ་དགོངས་ཏེ་གསུངས་པས་ན་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཡིན་པར་ཁྱད་མེད་མོད། ལམ་བདེ་བ་དང་མྱུར་བ་སོགས་གཞན་ལས་ཁྱད་པར་དུ་མས་འཕགས་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པ་སྟེ། གང་ཟག་སྐལ་ལྡན་ལམ་དེ་ལ་ཞུགས་སོ་ཅོག་གི་ལམ་གྱི་རྩ་བའམ་དངོས་གཞི་ལྟ་བུ་ནི་བླ་མའི་རྣལ་འབྱོར་ཡིན་ལ། དེ་ཡང་ཡུལ་གྱི་ཁྱད་པར་ལ་མི་ལྟོས་གང་ཟག་རང་ལ་རག་ལས་པས། ལམ་གྱི་སྲོག་མི་ཕྱེད་པའི་དད་པ་བརྟན་པོས་འཛིན་ཞིང་དམ་ཚིག་རྣམ་པར་དག་པ་བསྲུང་དགོས། སྤྱིར་སངས་རྒྱས་ཟིན་ནས་སེམས་ཅན་གྱི་དོན་ཁོ་ན་ལས་མཛད་པ་གཞན་གང་ཡང་བསྒྲུབ་རྒྱུ་མེད་ཅིང་། དེ་ཡང་འབད་རྩོལ་ཅན་མ་ཡིན་པར་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་གདུལ་བྱ་གང་ལ་གང་འདུལ་དེ་ལ་སྐུ་དང་མཛད་པ་དེ་ལྟར་དུ་སྤྲུལ་ནས། དཔེར་ན་མི་རྣམས་འདུལ་བ་ལ་ཤཱཀྱ་ཐུབ་པས་མཚོན་རིགས་དྲུག་འདུལ་བྱེད་ཐུབ་པ་དྲུག་དང་དེ་བཞིན་དུ་སྨན་དང་ཟས་དང་སྲོག་ཆགས་ཀྱི་ཚུལ་སོགས་མ་ངེས་པ་དང་། ཞི་བ་དང་ཁྲོ་བོ་སོགས་སུ་སྤྲུལ་ནས་ཐབས་ཚུལ་དུ་མས་སེམས་ཅན་གྱི་དོན་མཛད་པས་ན་ཐམས་ཅད་དོན་ལ་སངས་རྒྱས་ཡིན་པ་ལ་ཁྱད་པར་མེད་མོད། འོན་ཀྱང་བླ་མ་དམ་པ་དགེ་བའི་བཤེས་གཉེན་རྣམས་ནི་སྟོན་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྤྲུལ་པ་ཡིན་ཚུལ་ལུང་བསྟན་པ་ནི། བ་ཚ་ཅན་གྱིས་ཞུས་པའི་མདོ་ལས། ལྔ་བརྒྱའི་ཐ་མར་གྱུར་པའི་ཚེ། །ང་ནི་སློབ་དཔོན་གཟུགས་སུ་འོངས། །ང་ཡིན་བསམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་དང་། མྱ་ངན་འདས་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། ཁྱེད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་པ་ལྟར། བདག་སོགས་སྙིགས་མའི་སེམས་ཅན་ལས་ངན་པ་སྔོན་བྱོན་གྱི་སངས་རྒྱས་རྣམས་ཀྱི་གདུལ་བྱའི་ཡུལ་དུ་ཇི་བཞིན་པར་མ་གྱུར་ཅིང་སྙིང་རུས་ཕྱིན་ཅི་ལོག་ཏུ་སོང་བའི་ལོང་བ་བཤེས་མེད་ཐང་སྟོང་དུ་ལུས་པ་ལྟ་བུ་རྣམས་ལ་བླང་དོར་གྱི་གནས་བསྟན། ཤེས་བཞིན་གྱི་མིག་དབྱེ། ཕན་པ་དང་བདེ་བའི་རྒྱུ་མ་ནོར་བ་ཐེག་པ་ཆེན་པོའི་ལམ་ལ་ཁྲིད་དེ། རང་རང་གི་བློ་དང་འཚམས་པའི་ཆོས་གང་གསུངས་དོན་ལ་རྟོན་པའི་ཚུལ་དུ་བསྟན་ཏེ་འཁོར་བ་མཐའ་ཅན་དུ་མཛད་པ་དང་། ཁྱད་པར་དུ་བླ་མ་རྡོ་རྗེ་སློབ་དཔོན་ནི་ཡེ་ཤེས་དམ་པའི་རྣམ་འཕྲུལ་རྡོ་རྗེ་འཆང་དངོས་ཡིན་པར་ཞལ་གྱིས་བཞེས་པ་ནི། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤངས། །ཞེས་དང་། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པ་ལྟར། བདག་ཅག་རྣམས་ཀྱི་སྡུག་བདེན་ཉེར་ལེན་གྱི་ལུས་ངག་ཡིད་གསུམ་ཀུན་གཞི་དང་བཅས་པའི་ཕུང་པོ། དཔེར་ན་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར། རྒྱུ་གཉིས་རྐྱེན་བཞི་ཚོགས་པའི་དབང་བཞིའི་སྒོ་ནས་ཚེ་རབས་ཀྱི་བག་ཆགས་སྐད་ཅིག་གིས་གཏོར་ཏེ། རྡོ་རྗེ་བཞིའི་རང་བཞིན་དུ་སད་པར་བྱས་ནས་ལམ་སྒོམ་རུང་སོགས་སྐལ་པ་བཟང་པོ་རྒྱུད་ལ་བཞག་སྟེ། གྲོལ་བྱེད་ལམ་རིམ་པ་གཉིས་ཀྱི་སྒོ་ནས་བསྐལ་པའི་ཡུན་ལ་མི་ལྟོས་པར་ཉི་ཟླའི་བགྲོད་པ་ལྟ་བུས། རབ་ཚེ་འདི། འབྲིང་འཆི་ཁའམ་བར་དོ། ཐ་མ་ཡིན་ཡང་སྐྱེ་བ་ཕྱི་མ་ལས་མི་འགྱངས་པར་སངས་རྒྱས་ཀྱི་ས་ལ་བཀོད་པའི་བདག་རྐྱེན་མཐོང་ཆོས་སུ་གྱུར་པ་དང་། ཁྱད་པར་ཐེག་རྩེ་འོད་གསལ་རྫོགས་པ་ཆེན་པོ་ལྟ་བུ་ལ་མཚོན་ན། བླ་མ་ལྟ་དགོངས་ཀྱི་བཅུད་དང་ལྡན་པ་དང་། སློབ་མ་དད་གཏོང་བརྟུལ་ཞུགས་དང་ལྡན་པ་རྟེན་འབྲེལ་དུས་འཛོམ་ན། གདམ་ངག་དམར་བཅིང་མཛུབ་ཚུག་གི་ཚུལ་དུ་རང་བྱུང་དོན་གྱི་ཡེ་ཤེས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཅར་ཕོག་གི་ཚུལ་དུ་ངོ་སྤྲད་དེ། སྐད་ཅིག་གིས་ས་ལམ་ཆིག་ཆོད་དུ་བཏང་ནས་ལོ་ཟླ་ཙམ་གྱིས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་སངས་རྒྱས་པའི་ཐབས་དེ་ལྟ་བུ་སྟོན་པས་ན་ཡོན་ཏན་དང་བཀའ་དྲིན་ཚད་མེད། མདོར་ན་འཁོར་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བྱེད་ཀོ་གྲུའི་ལག་སྐྱ་ལྟ་བུ་གདམ་ངག་སྟོན་པ་པོ་ཡིན་པས་ན་གྲུ་བོ་ཆེ་ལྟ་བུ། ལམ་ལོག་པ་དང་གོལ་བ་ལས་སྐྱོབ་སྟེ་ཡང་དག་པའི་ལམ་སྟོན་པའི་དེད་དཔོན་དམ་པ་ལྟ་བུ། ལས་ཉོན་མེ་ཚོགས་ཀྱིས་གདུང་བ་སེལ་བར་མཛད་པ་བདུད་རྩིའི་ཆར་ལྟ་བུ། མ་རིག་པའི་མུན་པ་སྟུག་པོ་སེལ་ཞིང་རང་བྱུང་སྣང་བའི་ཡེ་ཤེས་ཆེན་པོ་སྦྱིན་པར་བྱེད་པས་ཉི་མ་དང་ཟླ་བ་ལྟ་བུ། ལོག་སྒྲུབ་སོགས་ཀྱིས་ཐུགས་མི་སྐྱོ་ཞིང་ལྟ་སྤྱོད་ཀྱི་ཤོང་ཡངས་ཆེ་བས་ས་གཞི་བཟང་པོ་ལྟ་བུ། རྩོལ་སྒྲུབ་ངལ་དུབ་ལ་ལྟོས་མི་དགོས་པར་དྲན་པ་ཙམ་གྱིས་ཕན་བདེ་བླ་ན་མེད་པའི་འབྱུང་གནས་ཡིན་པས་དཔག་བསམ་གྱི་ཤིང་ལྟ་བུ། སྨིན་གྲོལ་གྱི་གདམ་པས་ཐུགས་རྒྱུད་གང་ཞིང་བརྩེ་བས་རྗེས་སུ་གདམས་པ་བུམ་པ་བཟང་པོ་ལྟ་བུ། མདོར་ན་གནས་སྐབས་དང་མཐར་ཐུག་གི་རེ་འདོད་ཐམས་ཅད་འབད་མེད་དུ་སྟེར་བའི་བྱེད་པོ་སྟེ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དྲིན་གྱིས་སྐྱོང་བ་སྟེ་ཡོན་ཏན་དང་བཀའ་དྲིན་ཚད་མེད་པ་ཡོན་ཏན་རིན་པོ་ཆེའི་མཛོད་སོགས་ལས་གསུངས་སོ། །དེ་ལྟ་བུའི་བླ་མ་དམ་པ་བསྟེན་པའི་སྐབས་སུ་སྐྱོ་སུན་དང་མཉམ་འགྲོགས་བདུད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་ཤོར་བར་ཆོས་སྒྲུབ་པ་པོ་ཀུན་གྱི་སྤྱི་ནོར་མི་ཁྲེལ་བ་གསུམ་གྱིས་གཞི་བཟུང་། དྲན་ཤེས་བག་ཡོད་དང་ལྡན་པས་རང་སྐྱོན་ཐམས་ཅད་ངོས་ཟིན་པར་བྱ་ཞིང་། ཁྱད་པར་དུ་བླ་མ་དང་མཆེད་ལྕམ་གྱི་ཐུགས་དང་འགལ་བའི་ལས། བཟེ་རེ་དང་ཁོང་ཁྲོ་ཆེ་བས་སུ་དང་སྤྱོད་ལམ་མི་མཐུན་པ་དང་། རང་འདོད་ངན་ཤེད་ཆེ་བས་གཞན་དང་བློ་གྲོས་མི་མཐུན་པ་དང་། ཀོ་ལོང་དང་ཟུར་ཟ་ཆེ་བས་ཚིག་ལ་བཟོད་སྲན་མེད་པ་དེ་ལྟ་བུའི་སྐྱོན་རང་རྒྱུད་ལ་ཡང་ཡང་བརྟགས་ཤིང་ཡུལ་ཕུད། ཆོས་མཐུན་གྱི་ཡོན་ཏན་གོང་འཕེལ་ལ་བསླབ་དགོས་སོ། །ལས་དང་པོ་རྣམས་ཀྱིས་རང་སྐྱོན་ངོས་ཟིན་ན་ཡོན་ཏན་ཆེ་ཤོས་ཡིན་པས་སྤྱོད་ལམ་ཀུན་དུ་རང་ལ་བརྟགས་ཤིང་། བསམ་སྤྱོད་ངན་པ་གང་བྱུང་ཐམས་ཅད། ཕག་སྣར་གཏུན་བུ་བརྡེག་པ་ལྟ་བུའི་ཕྲ་ཞིང་ཕྲ་བ་ནས་སྤང་ཅི་ཐུབ་བྱས་ན་མཐར་ཕྱེ་ཐུག་ལ་སྡོར་བཏབ་པའི་དཔེ་རང་རྒྱུད་ཆོས་དང་འདྲེས་ནས་ཡོན་ཏན་གོང་འཕེལ་དུ་འགྲོའོ། །གོང་སྨྲོས་ལྟར་བླ་མ་དམ་པ་ནི་མདོ་སྔགས་གང་ནས་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ལུང་བསྟན་པ་དང་། མཛད་པ་ཡང་སངས་རྒྱས་ཀྱི་མཛད་པ་དང་ཐ་མི་དད་པས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཤེས་པས། ཡོན་ཏན་གྱི་ངོས་ནས་སངས་རྒྱས་དངོ༡ས་དང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་སྟོང་ལས་ཀྱང་ལྷག་པའི་ངེས་ཤེ༢ས་བསྐྱེད། རྣམ་པ་ཀུན་དུ་དེ་ལྟ་བུའི་བླ་མ་སྐད་ཅིག་ཀྱང་མི་བརྗེད་པའི་དྲན་ཤེ༣ས་དང་ལྡན་པས། སྐྱིད་སྡུག་གི་སྣང་བ་གང་བྱུང་བླ་མའི་ཕྲིན་ལས་ཡིན་པར་ཤེས་པས་སྙིང་ནས་གསོལ་བ་འདེབས་པ་༤དང་བཞི་པོ་འདི་བླ་མའི་རྣལ་འབྱོར་ཞེས་པའི་དོན་དེ་ཡིན་པས། དེ་ལྟ་བུ་དང་ལྡན་པའི་གང་ཟག་གིས་མ་བསྒྲུབ་ཀྱང་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། མི་འདོད་ཀྱང་འདུ་བ་རྣམ་གསུམ་ཤུགས་ཀྱིས་འདུ་ཞིང་། མ་འབད་ཀྱང་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ་སོགས་ཕན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། གཉིས་པ་ཉམས་སུ་ལེན་ཚུལ་ནི། དེ་ལྟ་བུའི་རྒྱུ་མཚན་དང་ལྡན་པའི་བླ་མ་དེའི་ལམ་ཟབ་མོ་རྣལ་འབྱོར་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་ལ། ཐུན་མོང་དང་ཁྱད་པར་གཉིས། དང་པོ་ལ་ལྔ་སྟེ། བདག་དང་ཚོགས་ཞིང་གསལ་གདབ་པ། སྤྱན་དྲངས་ཤིང་དམ་ཡེ་བསྲེ་བ། དོན་དམ་པའི་ཡན་ལག་བདུན་པ་འབུལ་བ། ཕུར་ཚུགས་སུ་གསོལ་བ་གདབ་པ། རྗེས་དབང་བཞི་བླང་བའོ། །དང་པོ། ཆོས་ཉིད་ཀ་དག་སྟོང་ཞིང་བདག་མེད་པ་ལ་ལྷུན་གྲུབ་ཀྱི་སྣང་ཆར་ཆུ་ལ་ཉ་ལྡང་བ་ལྟ་བུར་གསལ་གདབ་པ་ནི། ཀ་དག་གི་ངང་ལས་སོགས། སིབ་སིབ་ཐིམ་པར་མོས་ལ། །གཉིས་པ་སྤྱན་དྲང་ཞིང་དམ་ཡེ་བསྲེ་བ་ནི། མོས་གུས་གདུང་ཤུགས་དྲགས་པོས་སྙན་པའི་དབྱངས་བཅས། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ སོགས། དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པའི་རྐྱེན་གྱིས་དམ་ཡེ་གཉིས་མེད་ཆུ་ལ་ཆུ་བཞག་པ་ལྟར་དུ་གྱུར་བར་མོས། དེ་ཡང་སྣང་ཚུལ་ཙམ་ལས་ཡེ་ནས་ཐ་དད་མེད་པར་ཡེ་ཤེས་ཆེན་པོའི་རོལ་པར་ཤེས་པས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་བསྡུ། གསུམ་པ་དོན་དམ་པའི་ཡན་ལག་བདུན་པ་འབུལ་བ་ནི། ལས་དང་པོ་པས་བདག་དང་སེམས་ཅན་འཇུག་པ་གཅིག་པས་ཕྱག་འཚལ་བ་སོགས་ནི་གཞན་དུ་ཤེས་པར་བྱ་ལ། རང་ལུགས་ཀྱི་དོན་ལ་རྣལ་འབྱོར་པ་དག་གིས་ཚིག་དང་མཐུན་པར་ངེས་ཤེས་བསྐྱེད་དེ། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ ཞེས་སོགས་བརྗོད་དོ། བཞི་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ ཞེས་སོགས་གདུང་བའི་དབྱངས་དང་བཅས་ཏེ་གསོལ་བ་ཡང་ཡང་གདབ། བྱིན་བརླབ་རྒྱུད་བསྐུལ་གྱི་མཚན་སྔགས། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་ངག་བཟླས་དང་ཡིད་བཟླས་གང་རུང་བརྒྱ་རེའི་མཚམས་སུ་གོང་གི་གསོལ་འདེབས་ཚར་རེ་བྱ། འདི་སྐབས་སེམས་གཞན་དུ་མི་གཡེང་བ་དང་། སྔགས་སྒྲ་དག་པ་དང་། སྨྲ་བ་བཅད་པ་གལ་ཆེ། མཐར་སྤྲོ་ཞིང་ནུས་ན་བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །ཞེས་སོགས། སྙིང་ཁུང་རུས་པའི་གཏིང་ནས་ཁ་ཙམ་མིན་པར་གསོལ་བ་ཕུར་ཚུགས་སུ་བཏབ་པས་བྱིན་རླབས་འཇུག་པའི་རྟགས་ལུས་བདེ་བས་བ་སྤུ་གཡོབ། སེམས་གདུང་བའི་ཤུགས་ཀྱིས་མིག་ནས་མཆི་མ་ཐོན་པ། མོས་པའི་དབང་གིས་ཚེ་འདིའི་སྣང་བ་འགག་ནུས་པ་ལྟ་བུ་མ་བྱུང་བར་གསོལ་བ་གདབ་དགོས་པར་གསུངས་སོ། །སླར་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་བླ་མས་བདག་ལ་ལྷག་པར་ཐུགས་བརྩེ་བས་དགོངས་ཏེ་བཞུགས་པར་མོས། ལྔ་པ་རྗེས་དབང་བཞི་བླང་བ་ནི། རྒྱུ་རྡོ་རྗེ་བཞིའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་གཞི་དབང་ངམ་ལམ་དབང་གིས་གསོས་འདེབས་པ་ནི། ཚིག་རིས་དང་མཐུན་པའི་སྒོ་ནས་མོས་གུས་ཤུགས་སྐྱེད་ལ། བླ་མའི་དཔྲལ་བའི་ཨོཾ་ལས་སོགས། འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངེས་ཤེས་ཁྱད་པར་ཅན་དང་ལྡན་པའི་ངང་ནས་སླར་མཚན་སྔགས་སྙིང་པོ་ཡིད་བཟླས་ཅུང་ཟད་བྱ། ཡིད་ཀྱིས་མཆོད་ཅིང་བསྟོད་དེ། བླ་མ་བི་མ་ལ་འོད་དུ་ཞུ་ནས་རང་གི་སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིག་ལེ་དཀར་པོ་ཨ་དཀར་གསལ་གྱིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་མོས། གཉིས་པ་ཁྱད་པར་བ་བདག་བསྐྱེད་ལ་གསུམ། སྐུ་སྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་སྔགས་ཀྱི་རྣལ་འབྱོར། ཐུགས་ཏིང་ངེ་འཛིན་འོད་གསལ་གྱི་རྣལ་འབྱོར་རྗེས་འབྲེལ་དང་བཅས་པའོ། །དང་པོ། བདག་གི་ཕུང་པོ་དེར་འཛིན་གྱི་རྟོག་པས་མ་བཅིང་བར། སིཾ་ཧེ་ཤྭ་ར་སྐུ་མདོག་བཞུགས་སྟངས་སོགས་སྣང་ལ་རང་བཞིན་མ་གྲུབ་པ་ཡེ་ཤེས་དམ་པའི་རྣམ་འཕྲུལ་འཇའ་ཚོན་མཁའ་ལ་ཤར་བ་ལྟ་བུའི་རྣམྃ་པྃ་ཤིན་ཏུ་གསྃལ་བྃ། ཡེ་ནས་སྐུ་དང་ཡེ་ཤེས་ཐ་དད་མེད་པའི་དོན་ཤེས་པས་རྣམྃ་པརྃ་དགྃ་པྃ། རང་རྒྱུད་པའི་གཉིས་སྣང་བློས་བྱས་ང་ནི་སིཾ་ཧེ་ཤྭ་ར་འོ་ཞེས་པ་ཙམ་གྱི་ཉི་ཚེ་བ་མ་ཡིན་པར། སྣང་བཞི་མཐར་ཕྱིན་ཡེ་ཤེས་དམ་པའི་རང་གཟུགས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དོན་གྱི་སངས་རྒྱས་སིཾ་ཧེ་ཤྭ་ར་ངའོ་སྙམ་པའི་ངེས་ཤེས་ཁྱད་པར་ཅན་གྱི་ངྃ་རྒྱལྃ་དང་ལྡནྃ་པྃ་ནི་ཇི་སྙེད་པའི་ལྷག་མཐོང་དུ་འདོད་པ་རང་ལུགས་ཀྱི་སྐྱེད་རིམ་དེ་ལ་ཡུན་རིང་དུ་མཉམ་པར་བཞག །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཡིན་པར་ཤེས་པའི་ངང་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ངག་བཟླས་དལ་བུས་དབྱངས་དང་བཅས་པས་ཇི་ལྟར་རིགས་པ་བཟླ། མཐར་ཡིད་རྡོ་རྗེའི་བཟླས་པ་ཁོ་ན་བྱ་ཞིང་། གོང་སྨྲོས་ལྟར་ལྷ་སྔགས་ཡེ་ཤེས་དབྱེར་མེད་ལ་ངེས་ཤེས་བསྐྱེད་ལ་སེམས་འཛིན་ཅིང་འོད་ཟེར་སྤྲོ་བསྡུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབས་པ་ཙམ་སྤྱན་དྲངས་ནས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་ཐིམ། བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས། ཡང་ཁམས་གསུམ་རིགས་དྲུག་གི་གནས་ཐམས་ཅད་ལ་འོད་ཟེར་ཟླ་བ་ཤར་བ་ལྟར་འཕྲོས་སྣོད་བཅུད་དག་པའི་ཞིང་དུ་བསྒྱུར་བར་བསམ། མཐར་སྣོད་བཅུད་ཐམས་ཅད་ཧྲིལ་གྱིས་བསྡུས་ཏེ་རང་ལ་ཐིམ། རང་ཡང་འོད་དུ་བསྡུས་ཏེ་སྨིན་མཚམས་ཀྱི་ཨ་ཡིག་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམ་ལ་རྟོག་པའི་འཕྲོ་འདུ་གང་ཡང་མེད་པར་བཞག །གསུམ་པ་ཐུགས་ཏིང་ངེ་འཛིན་འོད་གསལ་གྱི་རྣལ་འབྱོར་ནི། མཐར་ཨ་ཡིག་ཀྱང་འཇའ་ཚོན་ནམ་མཁར་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་སྒོ་ལྔའི་ཤེས་པ་རྒྱ་ཡན་དུ་ལྷོད་ཀྱིས་ཀློད་དེ་རླུང་སེམས་བྲལ་བའི་གཤིས་ཐོག་ཏུ་ཅོག་གེར་ཡུན་ཅི་གནས་སུ་བཞག །རྒྱས་པར་ནང་སྒྲུབ་གསང་བ་དོན་ཕྲིན་ཆོག་ཁྲིགས་ལྟར་ཤེས་པར་བྱའོ། །སླར་དེ་ལས་ལྡང་བ་ན་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་སྔར་ལྟར་གསལ་གདབ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། སོགས་ཤྭ་ལོ་ཀ་གཅིག་དང་། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ་སོགས་ཤྭ་ལོ་ཀ་གཅིག །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། སོགས་ཤྭ་ལོ་ཀ་གཅིག །གཞན་སྨོན་ལམ་གང་རིགས་སྤྲོ་ན་འདོན་མཐར། རིག་འཛིན་གསང་ལམ་སྣང་བཞི་མཐར་སོན་ཏེ། །ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔ ཅེས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟ་བུའི་ལམ་མཆོག་མཐར་ཕྱིན་པའི་མོས་འདུན་ཤུགས་དྲགས་པོས་སྨོན་ལམ་ལན་གསུམ་སོགས་སྙིང་ནས་གདབ་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་གང་ཟག་གིས་སྣང་སྤྱོད་ཐམས་ཅད་བླ་མར་ཤེས་པའི་ལམ་ཁྱེར་ལ་བསླབ་དགོས་པས། འདུག་པའི་དུས་བླ་མ་སྤྱི་བོར་བསྒོམ་སྟེ་གསོལ་བ་གདབ་པའི་རྟེན་བྱ། འགྲོ་བའི་དུས་སུ་ཕྲག་པ་གཡས་པར་བསྒོམ་སྟེ་བསྐོར་བ་བྱེད་པའི་རྟེན། ཟ་འཐུང་གི་ཚེ་བླ་མ་མགྲིན་པར་བསྒོམ་ལ། ཟས་བྱིན་བརླབ་རང་བློ་དང་མཐུན་པར་བྱ་ཞིང་སྦྱིན་སྲེག་གམ་ནང་གི་ཚོགས་འཁོར་ལྟར་རོལ་པ་དང་། གོས་གསར་པ་ལྟ་བུ་གྱོན་ཚེ་དང་པོ་བླ་མ་ལ་འབུལ་ཏེ་སླར་རང་ལ་གནང་བའི་མོས་པས་གྱོན་པ་སོགས་སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་བླ་མའི་ཕྱོགས་ཀྱི་ཚོགས་གསག་ལ་འགྲོ་ངེས་བྱ། ཚ་གྲང་གང་རུང་ནད་ཀྱིས་ཟིན་ཚེ་ནད་མིག་ཏུ་བླ་མ་བདེ་སྟོང་གི་རང་བཞིན་འོད་ཀྱི་རྣམ་པར་ནད་ཀྱི་ཟུག་རྔུ་དང་དབྱེར་མེད་ཀྱི་ཚུལ་དུ་གསོལ་བ་བཏབ་པས་སྐུ་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་ཚ་བ་ལ་གྲང་རེག་ཅན་དང་། གྲང་བར་ཚ་བའི་རེག་བྱ་ཅན་བབས་ཏེ་ཟུག་རྔུ་ཐམས་ཅད་བཅོམ་ནས་དག་ཅིང་བྱང་བར་བསམ་ལ་དམིགས་མེད་དུ་བཞག །དེ་ལྟར་ཡང་ཡང་བྱས་པས་འཕྲལ་རྐྱེན་གྱི་ནད་ལས་གྲོལ་བར་འགྱུར་རོ། །བྱད་དང་རྒྱལ་གདོན་སོགས་ཉེར་འཚེའི་དུས་བླ་མ་དང་དབྱེར་མེད་སྤྱི་བོར་བསྒོམ་ཞིང་ལམ་དུ་ཁྱེར་ན་གདོན་ལས་གྲོལ་བ་སོགས། མདོར་ན་སྐྱིད་པ་གང་བྱུང་རང་མཐོང་གི་ང་རྒྱལ་མེད་པར་བླ་མའི་ཐུགས་རྗེར་ཤེས་པ་དང་། སྡུག་བསྔལ་གང་བྱུང་ཞེ་སྡང་དང་སྤོང་བློ་མི་བྱ་བར་བླ་མའི་ཕྲིན་ལས་ཀྱིས་ལས་ངན་འཛད་པའི་ཐབས་ཡིན་སྙམས་པ་སོགས། འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་རང་དོན་ཚེ་འདིའི་འདུན་མ་བློས་བཏང་ནས། ཅི་མཛད་ཁྱེད་ཁོ་ན་མཁྱེན་སྙམ་པའི་ཁ་ཞེ་མེད་པར་བློ་གཏད་བརྟན་པོ་ཡོད་ན་ཡོད་དེས་ཆོག་གི་ཡོན་ཏན་ཡིན་པས་ཅིས་ཀྱང་གལ་ཆེ་ཞིང་། ལམ་ཁྱེར་རྒྱས་པ་བླ་མའི་ཞལ་དང་ཁྲིད་རིམ་གཞན་ལས་ཤེས་པར་བྱའོ། །དེ་ནས་རྗེས་འབྲེལ་མཚན་མོ་སྦུབས་འཇུག་གི་རྣལ་འབྱོར་ནི། ཉལ་ཁར་བླ་མ་སྤྱི་བོར་བསྒོམས་ལ་རྒྱངས་འབོད་ཀྱི་གསོལ་འདེབས་རྒྱས་བསྡུས་ཅི་རིགས་དང་། སྤྲོ་ཞིང་ནུས་ན་སེམས་ཉིད་ངལ་བསོ་ལས་གསུངས་པའི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། སོགས། འདོད་དོན་གྱི་བཤགས་པ་འདི་ཤིན་ཏུ་ཟབ་པར་ཡོད་པས་དེ་ལྟར་བྱས་ན་ལེགས། གང་ལྟར་སེམས་སྐྱེད་དང་སྨོན་འདུན་བཟང་པོས་བླ་མ་ལ་མོས་གུས་བསྐྱེད་པའི་རྐྱེན་གྱིས་སྤྱི་བོའི་བླ་མ་རྩ་དབུ་མར་བརྒྱུད་དེ་རང་གི་སྙིང་པདྨ་འདབ་བརྒྱད་དུ་གྱུར་པའི་དབུས་སུ་དགྱེས་པ་ཆེན་པོས་ཞལ་འཛུམ་མོལ་ལེ། སྤྱན་ཁྲ་ཡེ་རེ་བཞུགས་པར་མོས་པའི་སྐུའི་འོད་ཟེར་གྱིས་རང་གི་ལུས་ཀྱི་ནང་ཐམས་ཅད་གསལ་ལམ་མེར་གང་བར་བསམ་ལ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་རང་བབས་སུ་བཞག་ལ་གཉིད་འགྲོ་ཁར་འོད་ཟེར་དེ་ལུས་ཀྱིས་མ་ཐུབ་པའི་ཚུལ་གྱིས་སྣོད་བཅུད་ལྷ་དང་ལྷ་མོར་གསལ་བ་ལ་ཕོག་པས་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཡང་འོད་དུ་ཞུ་སྙིང་གའི་བླ་མ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་འོད་གསལ་འདུས་མ་བྱས་པའི་ངང་མདངས་སྐྱོང་བཞིན་གཉིད་ལོག་གོ །སྐབས་སུ་གཉིད་སད་ན་འཕྲོ་རྒོད་རྒྱ་འབྱམས་སུ་མི་གཏོང་བར་སྔར་ལྟར་འོད་གསལ་གྱི་ངང་སྐྱོང་བཞིན་གཉིད་ལོག་པས་རྨི་ལམ་གྱི་འོད་གསལ་ཟིན་པར་འགྱུར་རོ། །ཐོ་རངས་ལྡང་བའི་སྐབས་སུ་ཧར་གྱིས་ལངས་ནས་སྣོད་རུང་དུ་བྱ་བ་སོགས་གོང་དུ་ཇི་སྐད་བཤད་པ་ལྟར་ཉམས་སུ་ལེན་ནོ། །གསུམ་པ་ལམ་གྱི་མཐུན་རྐྱེན་དམ་ཚིག་གི་རིམ་པ་ནི། བླ་མ་ཡུན་རིང་དུ་བསྟེན་ན་མཉམ་འགྲོག་བདུད་ཀྱི་བར་ཆད་དམ་ཚིག་ཉམས་ཆག་ཀྱི་ཕྱོགས་སྤང་བླང་ཤེས་དགོས། ཀློང་ཆེན་རབ་འབྱམས་ཀྱིས། ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ །ཞེས་དང་། དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མ་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ །ཞེས་གསུངས་པ་ལྟར། ཐུན་མོང་ཀུན་སློང་ཀུན་སྤྱོད་ནས་བཟུང་སྤང་བླང་གི་གནས་འགྲོ་ལུགས་སྡོད་ལུགས་ཚུན་ཆད་བླ་མས་གང་གསུང་ངོས་ལྐོག་ཏུ་མ་སོང་བར་ལག་ལེན་དུ་ཐེབས་ངེས་མ་བྱས་ན་བླ་མ་མིག་དྲེད། གདམ་ངག་རྣ་དྲེད་དུ་སོང་ནས་དམ་འདྲེ་ངན་པའི་རྒྱུ་གསག་པ་ལས་འགྲོ་ས་གཞན་མེད། ཨོ་རྒྱན་ཆེན་པོས། ཆོས་སྨྲས་གོ་དྲེད་ཁྱེར་བའི་འཁོར་མི་བསྟེན། །དམ་ཚིག་ཚོད་ཡོད་བྱ་བའི་གྲོགས་མི་འགྲོགས། །ཞེས་གསུང་པའི་དོན་ཚེ་འདིའི་བྱ་བ་རྒྱང་བསྲིང་སྟེ་ཆོས་དང་རང་སེམས་འདྲེས་པ་ཞིག་གལ་ཆེ་བས། རབ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཚེ་ཧྲིལ་པོ་ཉམས་ལེན་ལ་གཞོལ་བ་དང་། འབྲིང་རང་ཉིད་མི་སྲུང་ཞིང་སྒོ་གསུམ་བླ་མའི་བྲན་དུ་འབུལ་ནས་ཐུགས་མཐུན་གྱི་བྱ་བ། ཐ་ན་གཟིམ་ཁང་སོགས་བཞུགས་གནས་ཕྱག་དར་ཙམ་དང་མངག་གཞུག་བང་མི་ཡན་ཆད་ཅི་འགྲུབ་དང་། ཕྱག་བསྐོར་སྒྲིབ་སྦྱོང་། རྒན་རིམ་དང་མཆེད་ལྕམ་ལ་བཀུར་སྟིས་མཚོན་ཆོས་མཐུན་གྱི་བྱ་བ་ཁོ་ན་ལ་བརྩོན་པར་བྱ། བླ་མའི་ཞབས་འབྲིང་ལྟ་བུར་གྱུར་ཚེ་མཉམ་འགྲོག་ཀྱི་བདུད་བླ་མ་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ། སྐྱོ་སུན་མེད་པར་སྤྲོ་བཞིན་དུ་བརྗེད་ངས་དང་ཇི་མི་སྙམ་པའི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་སྤང་བླང་གི་ཁེ་ཉེན་ཤེས་དགོས་པས་དེ་རིམ་པར་ལུང་གི་སྒོ་ནས་སྟོན་ཏེ། རང་བྱུང་རང་ཤར་གྱི་རྒྱུད་ལས། བླ་མའི་གདོང་ནས་འགྲོ་མི་བྱ། །ཅིའི་ཕྱིར་ཁྲེལ་ནས་རྒྱབ་ཕྱོགས་འདྲ། །ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། །བླ་མའི་གཞུག་ནས་འགྲོ་མི་བྱ། །ཅིའི་ཕྱིར་ཞབས་རྗེས་གནོན་པ་འོ། །དབུ་ཡི་གྲིབ་མ་མནན་མི་བྱ། །ཅིའི་ཕྱིར་ཁྱད་དུ་བསད་པ་ཡིན། །ངུ་འབོད་ཆེན་པོའི་དམྱལ་བར་ལྷུང་། །དབུ་སྐྲ་རྡོག་པས་བརྫི་མི་བྱ། །ཅིའི་ཕྱིར་སངས་རྒྱས་གཤུངས་དང་འདྲ། །ཐིག་ནག་འདྲི་བའི་དམྱལ་བར་སྐྱེ། །དབུ་སྔས་བཞུགས་གདན་བརྫི་མི་བྱ། །ཅིའི་ཕྱིར་སངས་རྒྱས་བླ་མེད་སྨད། །ཤལ་མ་རི་ལ་འཛེགས་པར་སྐྱེ། །སྐུ་ལ་མཐོ་ཡིས་གཞལ་མི་བྱ། །ཅིའི་ཕྱིར་ལག་པས་བརྒྱབ་དང་མཚུངས། །མདུང་ཐུང་སུམ་བརྒྱས་འཇོམས་པར་འགྱུར། །བླ་མའི་བཞེངས་ཕྱག་ཚུར་མི་བླངས། །མཐོ་རིས་ཐར་པའི་ལམ་སྣ་འགགས། །འདུ་ཤེས་མེད་པའི་དམྱལ་བར་སྐྱེ། །ཟབ་མོའི་མན་ངག་ཚིགས་གསུམ་ཡང་། །མཉན་ནས་དེ་ཡི་གོང་དུ་མིན། །ཤེས་རབ་འཆལ་བའི་འདམ་ལ་འཛུད། །བླ་མའི་ཞལ་དུ་མ་གསོལ་བར། །ལོངས་སྤྱོད་ཟས་ལ་ཕུད་བཅད་ན། །ཤ་ཁྲག་འབར་བའི་ལུས་སུ་སྐྱེ། །གཞན་ཡང་བཞེངས་ཚེ་བསྡད་པ་ན། །མགོ་ལུས་འབྲལ་བའི་གནས་སུ་སྐྱེ། །བཞུགས་ཚེ་གདན་ལ་བསྡད་པ་ན། །དམྱལ་བ་མགོ་འཕྱང་གནས་སུ་སྐྱེ། །དེ་རྣམས་སྐུ་ཡི་དམ་ཚིག་བཅུ། །ཉམས་ན་བསྐལ་པ་ཆེན་པོ་གཅིག །ཚ་གྲང་ལས་ཀྱི་དམྱལ་བར་སྐྱེ། །ཉམས་པ་བསྐང་ན་མཆོད་རྟེན་བཞེངས། །བུམ་པར་བླ་མའི་སྐུ་གཟུགས་བཞེངས། །མཆོད་ཅིང་བསྐོར་བ་རྒྱུན་མི་བཅད། ཅེས་སོ། །ངག་གི་སྒོ་ནས་དམ་བཅུ་སྲུང་། །བླ་མ་སངས་རྒྱས་ཀུན་ལས་ལྷག །དེ་ལ་རྟོག་བཅས་བྱ་མི་རུང་། །རྒྱབ་ནས་འཕྱ་གཏམ་ཟེར་བ་དེ། །སངས་རྒྱས་རྒྱབ་ཀྱིས་ཕྱོགས་པ་ཡིན། །འབྲས་བུ་མེད་པར་ངན་སོང་ལྟུང་། །ལུས་རུལ་འགུལ་འགགས་ནད་ཀྱིས་འདེབས། །བླ་མ་བླུན་ཞེས་བརྗོད་མི་རུང་། །བརྗོད་ན་སྐལ་པ་ཕྲ་མོ་གཅིག །བྱང་ཆུབ་ལམ་དང་འཕྲད་མི་སྲིད། །བླ་མ་ཟོག་ཆེ་བྱ་མི་རུང་། །རལ་གྲི་སོ་མས་ལྕེ་གཏུབ་ནས། །ལྐུགས་པའི་གནས་སུ་སྐྱེ་བར་འགྱུར། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཞེ་ལ་འབབ་པའི་ཚིག་མི་སྨྲ། །སྨྲས་ན་རི་འཐབ་བར་དུ་སྐྱེ། །ལེགས་པར་གསུངས་པའི་བཀའ་མི་བཅག །བཅག་ན་མནར་མེད་གནས་སུ་སྐྱེ། །ངག་ཚིག་བརླང་པོས་ཞེ་འགེམས་ན། །འོ་དོད་འབོད་པའི་གནས་ངན་དུ། །བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས། །སྨྲས་པའི་ཚིག་ལ་མི་གནས་པར། །སྡུག་བསྔལ་ལས་ལ་ཡུན་རིང་སྤྱོད། །སྒྲོ་སྐུར་མང་པོ་འདོག་པ་དེ། །དགེ་སློང་འབུམ་ཕྲག་བསད་དང་མཉམ། །མནར་མེད་དམྱལ་བ་ཁོ་ནར་ལྟུང་། ཁྱོད་བས་ང་བཟང་ཟེར་བ་དེ། །དམྱལ་བར་བསྐལ་པ་ཡུན་རིང་གནས། །དམོད་པའི་གཡོ་སྒྱུ་སྣ་ཚོགས་སྨྲ། །རྟག་ཏུ་སྐེ་བཅད་དམྱལ་བར་ལྟུང་། །དེ་ཡང་སྐུ་ཡི་དམ་ཚིག་ཡིན་སྐུ་ཡང་ཡིན་ལ་གསུང་ཡང་ཡིན་པ་ཤེས་པར་བྱ། མཆན། ཉམས་པ་སྐོང་ན་གཟུངས་སྔགས་འབུམ། །བྲིས་ལ་མཆོད་རྟེན་ནང་དུ་གཞུག །དྲིལ་བུ་ཟུང་འབྲེལ་མང་དུ་བཏགས། །ཞེས་སོ། །ཡིད་ཀྱི་སྒོ་ནས་དམ་བཅུ་སྲུང་། །བླ་མའི་དཀོར་ལ་བརྣབ་སེམས་བྱེད། །ཡི་དྭགས་གནས་སུ་བསྐལ་པ་གཉིས། །བཀྲེས་སྐོམ་མི་བཟད་མྱོང་བར་འགྱུར། །བླ་མ་དག་ལ་འགྲན་སེམས་བྱེད། །འཁོར་བའི་གཅོང་རོང་ཐར་མེད་དུ། །ཆོས་སྤྱོད་བརྩོན་ཡང་སྐྱེ་བར་འགྱུར། །ཞེ་འགྲས་པ་ཡི་སེམས་བྱེད་ན། །རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་འདོད་ཆགས་ཆེ། །སེམས་ན་ངན་སོང་ཀུན་དུ་འཁྱམས། །རྡོ་རྗེ་སློབ་དཔོན་ཞེ་སྡང་ཆེ། །སེམས་ན་དམྱལ་བ་དྲུག་ཅུར་འཚོད། །རྡོ་རྗེ་སློབ་དཔོན་འདུ་ཤེས་ཆུང་། །སེམས་ན་ངུ་འབོད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་བྲོད་པ་ཆེ། །སེམས་ན་མནར་མེད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་ང་རྒྱལ་ཆེ། །སེམས་ན་མཐའ་འཁོབ་གནས་སུ་སྐྱེ། །རྡོ་རྗེ་སློབ་དཔོན་ཁས་ཞན་དུ། །སེམས་ན་བླ་མེད་ལམ་མི་རྙེད། །རྡོ་རྗེ་སློབ་དཔོན་རྐྱེན་བཞིར་སེམས། རྐྱེན་བཞི་ནི། བླ་མ་འདི་འཇིག་རྟེན་གྱི་བྱ་བ་མི་མཁས་སྙམ་པ་དང་། རང་བས་ན་ཚོད་གཞོན་སྙམ་པ་དང་། བཟའ་ཚོ་དང་ཉེ་འབྲེལ་ཡིན་སྙམ་པ་དང་། རང་བས་རིགས་དམན་པ་ཡིན་སྙམ་པ་སྟེ་ལོག་པའི་འདུ་ཤེས་བཞིའོ། །མཆན། །རྟག་ཏུ་བསམ་ངན་མཚང་འབྲུ་བ། །ལྷ་ཀླུ་གདུག་པས་སྲོག་བཅད་ནས། །མྱུར་དུ་དམྱལ་བའི་གནས་སུ་ལྷུང་། །འདི་ཡང་སྐུ་ཡི་དམ་ཚིག་ཡིན་སྐུ་ཡང་ཡིན་ལ་ཐུགས་ཀྱང་ཡིན་པར་ཤེས་དགོས། མཆན། །ཉམས་པ་གསོ་ན་མཚན་གྱི་མཐར། །གསོལ་འདེབས་བསྟོད་པ་བྲིས་པ་འབུམ། །བཤགས་པའི་ཚིག་བྲིས་འབུམ་ཐེར་གཞུག །ལོ་ཟླ་དུས་མཆོད་རྒྱུན་དུ་བཟུང་། །ཞེས་སོ། དེ་ལྟར་ཉེས་དམིགས་ཤེས་པ་དང་ཉམས་ན་བཤགས་པ་གལ་ཆེའོ། །གལ་ཏེ་བླ་མ་གཤེགས་པའི་དུས་སུ་ཡང་དམ་ཚིག་སྲུང་དགོས་པ་ནི། དེ་ཉིད་ལས། གཤེགས་ན་འདས་པའི་མཆོད་པ་འབུལ། །བཞུགས་ན་མཉེས་པའི་མཆོད་པ་འབུལ། །གཤེགས་ནས་འདས་མཆོད་མི་འབུལ་ན། །རྩ་བའི་ཉམས་པ་ཆེན་པོ་སྟེ། །ངན་སོང་གནས་ནས་ཐར་མི་སྲིད། །དེ་དག་ཉམས་ན་བླ་མའི་སྐུ། །བརྒྱ་རྩ་བཞེངས་ལ་མཆོད་པ་གསུམ། །རྒྱུན་མི་ཆད་པ་ཟླ་དྲུག་འབུལ། །སྐུ་ཡི་མཆོད་པ་ཕྱག་འཚལ་འབུམ། །གསུང་གི་མཆོད་པ་བཤགས་པ་སྟོང་དྲི་མེད་བཤགས་རྒྱུད་སོགས། མཆན། །ཐུགས་ཀྱི་མཆོད་པ་མར་མེ་བརྒྱ། །དང་པོ་ཟླ་བ་དྲུག་ཏུ་འབུལ། །ཕྱིན་ཆད་དུས་ཀྱི་མཆོད་པ་བཟུང་། །ཞེས་སོ། །བླ་མ་བརྟུལ་ཞུགས་པའམ་ཁྱིམ་པ་ལྟ་བུ་ཡིན་ན། ཡུམ་དང་བླ་མར་བཀུར་སྟི་སོགས་འདྲ་འདྲ་དགོས་པ་དང་། རིགས་ཀྱི་སྲས་དང་སྲས་མོ་ལྟ་བུ་ལ་དེ་དང་ཕྱོགས་འདྲ་ཙམ་དང་། ནང་འདྲེས་ཀྱི་རྡོ་རྗེ་མཆེད་ལྕམ་ལ་ཡང་དེའི་སུམ་ཆ་ཙམ་ལུས་ཀྱིས་ཞེ་ས་དང་གུས་པ། ངག་གིས་ཆེ་བརྗོད་དང་བསྟོད་ཚིག །ཡིད་ཀྱིས་བརྩེ་གདུང་དང་དད་མོས་བཅས་དགོས་པ་ནི། དེ་ཉིད་ལས། བླ་མའི་ཡུམ་དང་སྲས་པོ་དང་། །མཆེད་ལྕམ་ལ་ཡང་རིམ་པ་ལྟར། །མཉམ་དང་འདྲ་དང་སུམ་ཆ་ཡི། །བཀུར་སྟི་རིམ་གྲོ་བརྩོན་པར་གྱིས། །ཉམས་ན་བཤགས་པ་བརྒྱ་རྩ་འབུལ། །ཞེས་སོ། །དེ་ལྟ་བུའི་ཉེས་པ་དེ་དཔེར་ན་རང་ལོ་བཅོ་ལྔ་ཙམ་ཡིན་པའི་དབང་དུ་བྱས་ན་ལན་གྲངས་བདུན་ནམ་བཅུ་ཙམ་འགྱོད་སྡོམ་དྲགས་པོས་བཤགས་ན་སོར་ཆུད་ལ། རང་གི་ལོ་གྲངས་ལས་བརྒལ་ན་བཤགས་ཡུལ་མེད་པ་ནི། དམ་ཚིག་བཀོད་པའི་རྒྱུད་ལས། གལ་ཏེ་བླ་མ་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་འབྱངས། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔས་མ་གནང་ངོ་། །ཞེས་ཉམས་པའི་ཉེས་དམིགས་དང་། ཚུལ་བཞིན་བསྲུངས་ནས་བརྟེན་པའི་ཕན་ཡོན་ནི། སྒྲོན་གསལ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་དུ་འཕགས་སོ། །ཞེས་དང་། རྒྱུད་ལས། གང་གིས་ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བརྒྱ་ཕྲག་སྟོང་གི་ཆར་ཡང་མི་འགྲོ་ལ། །བསྙེན་སྒྲུབ་བཟླས་པ་ས་ཡ་དུང་ཕྱུར་ལས། །བླ་མར་གསོལ་འདེབས་ལན་གསུམ་བརྩོན་གྱུར་ན། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཉེ་ཞིང་། །གང་ཞིག་རྫོགས་རིམ་བསྐལ་པར་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་ཙམ་གྱི། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཐ་མ་ཟང་ཟིང་གི་དངོས་པོ་ཕུལ་བའི་ཕན་ཡོན་ཀྱང་། རྡོ་རྗེ་མེ་ལྕེའི་རྒྱུད་ལས། བླ་མ་ཉིད་དང་བླ་མའི་འཁོར། །ཉེ་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་སྟོང་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མང་བས། །བསོད་ནམས་འདིར་ནི་ཆར་མི་ཕོད། །ཅེས་དང་། གཞན་བླ་མའི་ཞལ་ནས་འདི་ལྟར་གྱིས་ཞེས་པའི་ལས་དང་བྱ་བ་གང་བཅོལ་ཡང་དཀའ་ཚེགས་སོགས་ལ་བཟོད་དེ་དང་དུ་ལེན་ནུས་ན་དེའི་ཕན་ཡོན་ཡང་། མདོ་དགོངས་འདུས་ལས། བཀའ་ཟུར་མི་གཅོག་ཆོས་བསྲུངས་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཅེས་སོ། གཞན་ཡང་བཀའ་བཀྱོན་དྲག་པོས་ཚར་བཅད་པ་དང་། ཕྱག་འཇུག་གནང་བའང་རང་གི་ལས་ངན་འཛད་པའི་དོན་དང་། གདོན་བགེགས་འདུལ་བའི་ཐབས་ཡིན་པས་བཀའ་དྲིན་ཆེ་སྙམ་པ་མ་གཏོགས་ལོག་པར་མི་བལྟ། རྒྱུད་དོན་མདོར་བསྡུས་ལས། དེ་ཕྱིར་བླ་མའི་རྣམ་ཐར་ལ། །ལོག་ལྟ་སྐྱེས་ན་ཐར་ལམ་འགག །འགྲོ་འདུལ་ཐབས་མཁས་སྤྱོད་པས་ཏེ། །བརྡའ་དང་ཐབས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཅི་མཛད་ལེགས་མཐོང་ལས་མཛད་སྤྱོད་གང་ལ་རྟོག་དཔྱོད་མི་མང་། བརྟགས་ཤིང་དཔྱད་ཚེ་རང་རེ་སོ་སྐྱེ་བློ་མིག་མ་དག་པས། དཔེར་ན་བདག་ཅག་གི་སྟོན་པའི་གསང་གསུམ་བསམ་གྱིས་མི་ཁྱབ་པ་ལའང་མཐོང་ཚུལ་མི་འདྲ་བ་དུ་མ་དང་། ཁྱད་པར་དུ་ཕྱི་རོལ་མུ་སྟེགས་པ་དང་ལྷས་བྱིན་སོགས་ཀྱིས་གང་མཛད་གང་སྤྱོད་སྐྱོན་དུ་མཐོང་བའི་གཏམ་རྒྱུད་དང་། སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་ལའང་ད་ལྟའི་བར་དུ་ཆགས་སྡང་ལོག་རྟོག་མི་བཟད་པའི་བདུད་ཀྱི་ཁེངས་ཚིག་མང་པོ་སྒྲོག་ན་གཞན་ལྟ་ཅི། རང་རྒྱུད་ལ་ཆོས་ཀྱི་སྣང་བ་གོང་འཕེལ་མ་བྱུང་གི་བར་དུ་དག་པའི་སྣང་བ་སྐྱེ་དཀའ་ལ། ཁྱད་པར་དུ་ད་ལྟ་དུས་དབང་གིས་ལས་ངན་འགྲོ་བ་མང་པོ་དུས་གཅིག་ལ་འཚོགས་པའི་དུས་ཡིན་པར་གསུངས་པ་དུས་ལ་བབས་པ་ལྟ་བུས་བཟང་པོ་ལ་ངན་པའི་སྐྱོན་བཀལ། ངན་པ་ལ་བཟང་པོར་སྒྲོ་བཏགས། ཐམས་ཅད་ལོག་ལམ་དུ་ཞུགས་པའི་མཐུ་དང་། བདུད་ཐབས་མཁས། ཆོས་ལ་བར་ཆད་མང་། ལམ་ཡང་དག་པ་ལ་ཞུགས་ནས་གནས་ལུགས་དོན་གྱི་རྣལ་འབྱོར་ལ་གཞོལ་བ་དག་ལ་ཐེ་ཚོམ་སོགས་བདུད་ཀྱི་བར་ཆད་མང་དུ་འབྱུང་བར་འགྱུར་བ་ནི། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། གསང་སྔགས་རྣལ་འབྱོར་བརྩོན་པ་ན། །བདུད་རྣམས་མོས་པ་བསྒྱུར་བ་ཡིས། །དམ་ཚིག་ཉེས་པ་རྣམ་པར་བརྩམ། །དེ་བས་རབ་ཏུ་བསྒྲིམ་པར་བྱ། །ཞེས་སོ། དེ་ལྟ་བུའི་དམ་ཚིག་ཉམས་པའི་རྒྱུ་དང་རྐྱེན་ནི། མཁའ་འགྲོ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པ། །བརྗེད་ངས་དྲན་པ་མི་གསལ་དྲུག །འདི་དྲུག་དམ་ཚིག་ཉམ་པའི་རྒྱུ། །ཞེས་གསུངས་པས། རྒྱུན་དུ་དྲན་ཤེས་བག་ཡོད་ལ་གནས་པས་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་དགོས་པ་ནི། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏང་ཡང་སླའི། །འཆི་བའི་སྲོག་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། བླ་མ་དང་མཆེད་གྲོགས་ཀྱི་མཛད་སྤྱོད་འཁྲུལ་པ་ལྟ་བུ་མཐོང་ཐོས་བྱུང་བའི་ཚེ། རང་གི་ལོག་ལྟའི་བློ་མིག་མ་དག་པའི་སྐྱོན་གྱིས་ལམ་གྱི་བར་ཆད། དམྱལ་བར་འགྲོ་བའི་སྔ་ལྟས་སུ་ཤེས་པས་དྲན་པ་བརྟེན། ཁོང་གི་མཛད་སྤྱོད་ཅི་དང་ཅི་ལྟ་བུ་ལ་སྐྱོན་ཡོད་པ་ཕར་ཞོག །རྨ་བྱས་བཙན་དུག་ཟོས་ན་བཀྲག་མདངས་ལྷག་པར་རྒྱས་པ་ལྟར་ངོ་མཚར་ཆེ་སྙམ་པའི་བརྟུལ་ཞུགས་ལ་གནས་པར་བྱ་དགོས་པ་ནི། རྒྱུད་དོན་མདོར་བསྡུས་ལས། རང་སྣང་བསམ་པ་མ་དག་པས། །མིག་སྐྱོན་ཅན་གྱིས་གངས་ཉིད་ལ། །རྒྱུན་དུ་ནག་པོར་མི་སྲིད་ཀྱང་། །ནག་པོར་དངོས་སུ་མཐོང་དང་མཚུངས། །ཞེས་གསུངས་པ་ལྟར་རང་སྐྱོན་དུ་ཤེས་པར་བྱས་ལ་དག་སྣང་སྦྱོང་། ཞི་བ་ལྷས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པའི། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཐབས་དུ་མའི་སྒོ་ནས་རང་གི་བསམ་སྤྱོད་ལ་བརྟགས་ཤིང་བླན་པས་ཟིན་པ་གལ་ཆེ་ལ་ལས་དང་པོ་པས་རྣམ་རྟོག་ངན་པ་གང་བྱུང་སྤང་དགོས་སོ། །སྦས་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་རྣམས་ཀྱི་མཛད་སྤྱོད་མི་ངེས་པ་དང་། ལྟ་སྣང་ཙམ་གྱིས་བཟང་ངན་སུས་ཀྱང་ཤེས་མི་འགྱུར། ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་བ་གཡུང་པོ་སྡིག་སྤྱོད་ཤན་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །ཅེས་སོ། སྤྱིར་དམ་པ་རྣམས་ཀྱི་མཛད་སྤྱོད་བཟང་ངན་ལ་སུས་ཀྱང་ཡིན་མིན་ཁ་ཚོན་གཅོད་དཀའ། ཇོ་བོ་སྨྲྀཏི་ཛྙཱ་ནའི་རྣམ་ཐར་སོགས་སྦས་ཚུལ་དང་དགོས་ཆེད་ཀྱི་མཛད་པར་ཤེས་ནས་དད་པ་དང་དག་སྣང་སླར་མ་འཕེལ་རུང་བཏང་སྙོམས་སུ་བཞག །རང་དང་བླ་མ་སྨིན་གྲོལ་གྱིས་སྦྲེལ་ཟིན་ཕྱིན་ཆད་རྩ་བའི་བླ་མ་དངོས་མིན་ཡང་ལོག་ལྟ་སྐྱེས་ན་རྩ་བའི་ལྟུང་བ་འབྱུང་ངེས། ཁྱད་པར་དུ་བཀའ་དྲིན་སུམ་ལྡན་ནམ་རྩ་བའི་བླ་མ་ལ་དག་སྣང་འདི་ལྟར་བྱ། །བཀའ་བརྒྱུད་གོང་མ་དག་གི་ཞལ་ནས། མཚན་ལྡན་གྱི་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་ཤན་པ་མཛད་ན་ཡང་། །དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་འཇུག་ཡིན་པའི་བརྡའ། །རྫུན་གྱིས་གཞན་མགོ་བསྐོར་ན་ཡང་། །བརྡའ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་སྣ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོའི་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུང་བརྡེག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་དང་། ཡང་རྒྱུད་དོན་མདོར་བསྡུས་པ་ལས། མི་བརྒྱ་དུས་གཅིག་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །བཙུན་མོ་བརྒྱ་ལ་རོལ་ན་ཡང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་པ་ལྟར་སངས་རྒྱས་རྣམས་ཀྱིས་རྫུན་མི་གསུང་པས་ན་ཚིག་འདི་རྣམས་གོ་བ་ཆགས་ངེས་བྱས་ནས་དྲན་པས་ཟིན་པར་བྱས་ཏེ། སྤང་བླང་ལམ་དུ་ཁྱེར་ན་དེའི་མཐུས་མོས་གུས་ལམ་དུ་ལྷོངས་པ་ཞེས་རང་རྒྱུད་ཀྱི་ལོག་ལྟའི་མིག་སྐྱོན་ཅི་ཙམ་དག་པ་དེ་ཙམ་གྱི་བླ་མ་དང་མཆེད་ལྕམ་གྱི་ཡོན་ཏན་མཐོང་སྟེ། ཅི་ལྟར་བརྟགས་ཀྱང་ལོག་ལྟ་མི་སྐྱེ་བའི་དུས་བླ་མ་སངས་རྒྱས་སུ་མཐོང་སྟེ་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་བ་ལ་ཉེ་བ་ཡིན་ཞིང་། མཐར་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དུ་ཐག་ཆོད་པ་དང་གནས་ལུགས་ཀྱི་རྟོགས་པ་མངོན་སུམ་དུ་རྟོགས་པ་དུས་མཚུངས་སོ། །དེ་ལྟར་དད་པས་ཉེ་བར་བླངས་པའི་ལམ་ཟབ་མོའི་མཐུས། བླ་མའི་བྱིན་བརླབ་ཉི་འོད་ལྟ་བུས་བདག་རྒྱུད་ཀྱི་མུན་པ་སངས་ཏེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་སྒོ་ཕྱེ། ཇི་ལྟ་ཇི་སྙེད་ཀྱི་ལྷག་མཐོང་མངོན་དུ་གྱུར་ཏེ། ཐུན་མོང་སྔགས་ཀྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པ་ལ་བརྟེན་ནས། མཐར་ཐུག་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ་ནི་ངེས་པའོ། །མདོར་ན་རང་ལུགས་ལ་ཐེག་པ་འོག་མ་ལྟར་ཐོས་བསམ་སོགས་དང་། སྔགས་ཕྱི་པ་ལྟར་སྤང་བླང་། སྔགས་ནང་པ་ལྟར་རྩ་རླུང་ཐིག་ལེ་སོགས་རྩོལ་སྒྲུབ་ཀྱི་ཐེག་པ་ལ་བརྟེན་པ་མ་ཡིན་པར། གོང་སྨྲོས་ལྟར་བཅུད་དང་ལྡན་པའི་རྡོ་རྗེའི་བླ་མ་མཉེས་པ་གསུམ་གྱི་སྒོ་ནས་མིག་འབྲས་ལྟར་བསྟེན་ཅིང་ཅི་མཛད་ལེགས་མཐོང་གི་དད་པ་དང་མོས་གུས་ཁོ་ནའི་སྟོབས་ཀྱིས་ཚེ་འདིར་གྲོལ་བར་རྒྱུད་ལུང་མན་ངག་ཞལ་མཐུན་ཅིང་། གསར་རྙིང་གི་གྲུབ་པའི་དབང་ཕྱུག་དམ་པ་རྣམས་ཀྱི་རྣམ་ཐར་གྱིས་ཀྱང་ཚད་མར་གྲུབ་བོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་རིམ་པ་ཐོ་ཙམ་བསྟན་ཟིན་ཏོ། །ད་ནི་དྲུག་པ་ལམ་གྱི་ཡན་ལག་འདའ་ཀ་མའི་གདམ་པ་མ་བསྒོམ་པར་སངས་རྒྱ་བ་ཟབ་ལམ་འཕོ་བའི་ཁྲིད་ལ། གང་ཟག་གི་རིམ་པ་ལྟར། དབང་པོ་དང་བརྩོན་འགྲུས་རབ་ཀྱི་རབ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་དང་། རབ་ཀྱི་འབྲིང་རང་ལུགས་ཟག་མེད་རྡུལ་ཕྲན་དུ་དེངས་པ་དང་། རབ་ཀྱི་ཐ་མ་འཆི་སྲིད་ཆོས་སྐུར་གྲོལ་བ་ཡང་དག་སངས་རྒྱས་དང་། ཡང་ན་བར་དོར་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འབྲིང་མན་ཆད་རིག་པའི་རྩལ་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པ་རྣམས་བར་དོ་འམ་སྐྱེ་བ་གཅིག་ལས་མི་འགོར་བར་སངས་རྒྱ་བ་ནི་ལམ་འདིའི་ཁྱད་ཆོས་ཡིན་ལ། གང་ལྟར་ལམ་དུ་ཞུགས་པ་རྣམས་ཀྱིས་ལེ་ལོའི་དབང་གིས་ཉམས་སུ་མ་ལོན་པ་དང་། བརྩོན་ཀྱང་ལམ་མཐར་མ་ཕྱིན་པར་འཆི་བ་བྱུང་ན་ཟབ་ལམ་འཕོ་བའི་གདམ་པ་འདི་གལ་ཆེ། དེ་ལ་སྦྱང་བ་དང་། ལས་ལ་སྦྱར་བ་གཉིས་སོ། དང་པོ་བླ་མས་སློབ་མའི་ཚངས་བུག་བཙལ་ཏེ་ལུས་དྲང་པོར་འདུག་བཅུག་ལ། གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས་ཧཾཿ བརྗོད་པའི་རྐྱེན་གྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངང་ལས། ཁྱེད་རང་རྣམས་ཀྱི་གཞི་ལུས་ཀྱི་ཕུང་པོ་གདོས་བཅས་ཤ་ཁྲག་གི་རྣམ་པ་གང་ཡང་མི་དམིགས་པར་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལུས་དབུས་དྲང་པོར། རྩ་དབུ་མ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ་ཡར་སྣེ་སྤྱི་བོར་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཧ་རེར་ཡོད་པ། མར་སྣེ་གསང་བར་ཟུག་པའི་སྙིང་གི་ཐད་རྩ་དབུ་མའི་ནང་དུ་འོད་ལྔའི་ཐིག་ལེ་རྒྱ་སྲན་ཙམ་གྱི་དབུས་སུ་རྣམ་པར་ཤེས་པའི་ངོ་བོ་ཨ་ཡིག་མཐིང་ག་གསལ་ལ་འཚེར་བ་ཞིག་གསལ་གདབ། སྤྱི་བོར་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཞལ་ཞི་མ་ཁྲོ་ཆགས་གར་དགུའི་ཉམས་དང་ལྡན་པ་ཁྲོ་བོའི་ཆས་ཀུན་རྫོགས་པ། ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་ཐུགས་ཀར་འཛིན་ཅིང་ཞབས་གཉིས་གྱད་ཀྱིས་དོར་སྟབས་སུ་བསྒྲད་པའི་པང་དུ་ཡུམ་གནམ་ཞལ་དབྱིངས་ཕྱུག་སྐུ་མདོག་མཐིང་སྐྱ་རྒྱན་ཆ་ཡབ་དང་འདྲ་བ་དང་མཉམ་པར་སྦྱོར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་མོས། སྤྲོ་ན་ཚིག་བཅད་ཀྱིས་གསལ་གདབ་པ་ནི་འཕོ་བ་མཁའ་སྤྱོད་བདེ་ལམ་ལྟར་གསོལ་འདེབས་དང་བཅས་རྟགས་མ་ཐོན་བར་སྦྱང་འཚལ། འཕོ་བའི་གདམ་པ་འདི་ནི་མྱུར་ལམ་ཁྱད་པར་ཅན་ཡིན་པས་དབང་པོ་ཐ་མ་བས་ཀྱང་དད་པ་རྩེ་གཅིག་གིས་ཞག་བདུན་བར་སྦྱངས་ན་རྟགས་ཐོན་ངེས། རྟགས་ནི་མགོ་ན་བ། ཀླད་པ་འཕར་སྙམ་བྱེད་པ། ཚངས་བུག་རྡོལ་ནས་ཁྲག་དང་ཆུ་སེར་བྱུང་བ། འཇག་མ་འདར་གྱིས་ཚུགས་པ་སོགས་འབྱུང་ངོ་། །ཧ་ཅང་མགོ་ན་བ་དང་སྐྱུག་ལོག་པ་སོགས་བྱུང་ན་རྐང་པ་གཉིས་ཀྱི་མཐིལ་ཕན་ཚུན་བརྡེག་པ་དང་། རླུང་རིག་ལྟེ་འོག་ཏུ་གཏད་ན་སེལ་ལོ། །གཉིས་པ་ལས་ལ་སྦྱར་བ་ནི། བླ་མ་ཡང་ཏིག་གི་ཐོད་རྒལ་རྒྱབ་ཡིག་སོགས་ལས་གསུངས་པ་ལྟར་ཐིམ་རིམ་དང་པོའི་དུས་ནུས་ན་རང་གི་དང་། མི་ནུས་ཚེ་གཞན་མཆེད་གྲོགས་སོགས་དམ་ཚིག་གཙང་བ་ཞིག་ལ་སྦྱང་བའི་དུས་ལྟར་དང་བར་དོ་གསལ་འདེབས་སོགས་བྱ་བཅུག་གོ །འཕོ་བ་མ་བསྒོམ་སངས་རྒྱ་བའི་ཁྲིད་ཀྱི་རིམ་པ་ཐོ་ཙམ་བསྟན་ཟིན་ཏོ། །ད་ནི་རྩ་བའི་བཞི་པ་འགགས་བསྡམ་ཞིང་ཆིངས་སུ་བཅིང་བ་ནི། དེ་ལྟར་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྙེད་ཀྱང་སྐད་ཅིག་ཙམ་མི་རྟག་པར་འཆི་བ་ལ་བསམས་ནས་བརྩོན་འགྲུས་ཀྱི་རྟ་ཕོ་བང་ཁ་བསྟོད། ལྷ་མའི་བདེ་བ་དོན་དུ་གཉེར་བ་ནི་སྡུག་བསྔལ་དུ་མའི་འབྱུང་ཁུངས་སུ་ཤེས་པས་ངེས་འབྱུང་གི་ལྕག་གིས་བྲབ། དགྲ་གཉེན་ཆགས་སྡང་གི་ལས་ལ་ཟད་པའི་དུས་མེད་པས་བྱམས་དང་སྙིང་རྗེ་བསྒོམ་ཞིང་བཟོད་པའི་གོ་གྱོན། འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་ཡིན་པ་ལ་ཡིན་ཚུལ་ཤེས་པའི་ཤེས་བཞིན་གྱི་མིག་གིས་བལྟ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ཡོན་ཏན་རྒྱ་མཚོ་ལྟ་བུ་བསྒྲུབ་འདོད་ཀྱི་འདུན་པ་སུས་ཀྱང་ལྡོག་པར་མི་ནུས་པའི་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་རལ་གྲི་རྣོན་པོས་སྲིད་པའི་མདུད་པ་དམ་པོ་བཅད་དེ་ཡང་དག་པའི་ལམ་ལ་བྲོད་པ་བསྐྱེད། བླ་མ་དང་གདམ་ངག་ཆོས་དང་གང་ཟག་གི་བར་དུ་འཛོལ་མི་ཤོར་བའི་རྟག་བརྟན་འགྱུར་མེད་ཀྱི་དད་པས་ས་བཟུང་། ཐབས་གསུམ་གྱི་སྒོ་ནས་ཏིང་ངེ་འཛིན་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུགས་ངེས་བྱ། ཐུན་མོང་མ་ཡིན་པའི་དཀོན་མཆོག་བཞི་པ་བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པའི་དད་པས་སྐྱབས་སུ་འགྲོ །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག ཁྱད་པར་གྱི་རྫོགས་རིམ་ལ་བརྟེན་ནས་གནས་སྐབས་བཞི་དང་ཉོན་ཤེས་ཀྱི་སྡིག་སྒྲིབ་སྦྱང་། ཐུན་མོང་དང་ཁྱད་པར་གྱི་ཚོགས་གསོག་ལ་བརྟེན་ནས་སངས་རྒྱས་སྐུ་གཉིས་ཀྱི་རྟེན་འབྲེལ་བསྒྲིག །བླ་མའི་རྣལ་འབྱོར་ལ་བསྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་ལ་ཐེ་ཚོམ་མེད་པའི་དད་པ་བརྟན་པོས་ལམ་གྱི་སྲོག་འཛིན། ཟབ་ལམ་འཕོ་བ་ལ་བརྟེན་ནས་དག་པའི་ཞིང་དུ་མཚམས་སྦྱོར་བ་སྟེ། ཁྲིད་རྐང་བཅུ་གསུམ་པོ་རིམ་པར་ཉམས་སུ་ལེན། དེ་ལ་དང་པོ་རྣལ་འབྱོར་སྣོད་རུང་དུ་བྱ་བ་ནས་བཟུང་རྣམ་པ་ཙམ་མ་གཏོགས་སྐྱབས་འགྲོ་རྡོར་སེམས་སོགས་ཐམས་ཅད་བླ་མའི་རྣལ་འབྱོར་ཡིན་པར་ཤེས་པར་བྱ། བླ་མ་ཡང་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དངོས་ཡི༡ན་ཚུལ་ལུང་དང་བཅས་བསྐྱར་བལྡབ་ཀྱི་ཚུལ་དུ་ཇི་སྐད་བཤད་པ་ལྟར་ཐག་གཅད། བཀའ་དྲིན་ནི་སངས་རྒྱས་སྟོང་ལས་ལྷག༢་པའི་ངེས་ཤེས་བསྐྱེད། དེ་ཡང་རེ་འགའ་བ་མ་ཡིན་པར་བསམ་རྒྱུ་བླ་མ་ལས་མེད་པའི་མོས་གུས༣། བྱིན་རླབས་མྱུར་དུ་འཇུག་པའི་ཐབས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༤་པ་བཞི་པོ་འདི་བླ་མའི་རྣལ་འབྱོར་ལམ་གྱི་དངོས་གཞི། ཡོད་དེས་ཆོག་མེད་དེས་ལུས་ཡིན་པས་རང་འདྲའི་ཆོས་དྲེད་རྣམས་ལ་ཕན་དུ་རེ་ནས་ཡང་བསྐྱར་དུ་བཀོད་པའོ། །དེས་ལམ་ཐུན་མོང་ཁ་ཚང་དོན་དྲིལ་གྱི་ཚུལ་དུ་བསྟན་ཟིན་ཏོ། །སྐུ་གསུམ་རྒྱལ་བ་ཉི་མའི་གཉེན་གཅིག་པུས། ཁམས་གསུམ་འདུལ་བྱེད་བགྲང་ཡས་འཇུག་སྒོའི་ལམ། །སྙིང་པོའི་བཅུད་དྲིལ་ཡེ་ཤེས་བླ་མའི་སར། །སྐད་ཅིག་གཅིག་གིས་གྲོལ་བྱེད་རྫོགས་པ་ཆེ། ༡ །སྡེ་གསུམ་བཀའ་གཏེར་ཟབ་རྒྱས་ནོར་བུའི་དབྱིག །མན་ངག་སྙིང་ཏིག་ལུགས་སྲོལ་བཞི་བྱོན་པའི། །དྲི་མེད་བཤེས་གཉེན་ཐུགས་ཏིག་རྩལ་སྤྲུགས་སུ། །སིཾ་ཧེ་ཤྭ་རའི་ཟབ་ཏིག་འདི་ཁོ་ན། ༢ །སྣང་མཛད་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས། །སྔ་འགྱུར་བཀའ་བབས་བདུན་གྱི་འཁོར་ལོས་སྒྱུར། །ཉི་ལྟར་ཡོངས་གྲགས་རྩོད་པ་ཀུན་བྲལ་བ། ཁྱབ་བདག་འཁོར་ལོའི་མགོན་པོ་བསྟན་འགྲོའི་དཔལ། ༣ ཁོ་བོ་སྔོན་སྦྱངས་མ་དམན་སྨིན་གྲོལ་བཅུད། །གདམ་པའི་སྣོད་དུ་སྐལ་པ་བཟང་པོ་རུ། །རྗེས་སུ་བཟུང་ནས་འཆད་སྤེལ་རྩོམ་པ་ཡི། །རྡོ་རྗེའི་གསུང་གིས་གནང་བ་ཡང་ཡང་བྱིན། ༤ །དེ་ཡི་རྩོམ་གཞི་གོང་འོག་སྡེབ་ལུགས་སོགས། །བཀའ་འདྲི་ཞུས་ཚེ་རྩ་ཐོ་བཅས་གནང་ནས། །སྨིན་གྲོལ་སྐོར་རྣམས་རང་བློས་གང་དཔོག་གིས། །བྲིས་ཏེ་སྤྱན་འབེབས་ཞུས་ཚེ་དགྱེས་བཞིན་དུ། ༥ །དག་སྦྱོར་གྱིས་ལ་པར་དུ་བཀོད་ན་ལེགས། །ཞེས་པའི་དབུགས་དབྱུང་དང་བཅས་མ་གཏོགས་པར། །ཀུན་སློང་ངན་པ་གྲགས་སྙན་རེ་བ་དང་། །ཧམ་པ་ཆེ་བས་གཟུ་ལུམ་རས་ཆོད་མིན། ༦ །འོན་ཀྱང་སྙིགས་དུས་བདག་འདྲའི་སོ་སྐྱེ་ཡིས། །འདའ་དཀའ་རྡོ་རྗེ་གསུམ་གྱི་བསྲུང་མཚམས་ལ། །འཇུག་དང་སྲུང་བ་ཉིན་སྐར་ཙམ་ཟད་ཀྱང་། །ཐུགས་འགལ་བཀའ་ཟུར་བཅག་སྙམ་མེད་ངེས་སྙམ། ༧ །དེ་ཕྱིར་བསྟན་འགྲོར་ཕན་དུ་རེ་བ་ཡི། །ལྷག་བསམ་ཟླ་ལྟར་དཀར་བའི་ལག་རྗེས་སུ། །ཡིད་འཕྲོག་ཚིག་གི་འཇའ་རིས་བཀྲ་མིན་ཡང་། །དམར་ཁྲིད་ལག་ལེན་གོ་བདེའི་ཚུལ་དུ་བགྱིས། ༨ །བསྒྲིམས་ཤིང་བསྒྲིམས་པས་འགལ་འདུ་ཟུར་ཟའི་ཚིག །དཔྱད་ཅིང་དཔྱད་ན་ཆགས་སྡང་འཕེལ་བའི་རྒྱུ། །དེ་འདྲ་མ་ཡིན་གདམ་པའི་གནད་འགགས་ལ། །རང་བཟོ་བྱས་པའི་ཚིག་བསླད་མེད་དོ་སྙམ། ༩ །འོན་ཀྱང་དོན་ལ་མི་ཤེས་ནོར་འཁྲུལ་སོགས། །མཆིས་ན་དམ་པ་རྣམས་ཀྱི་སྤྱན་སྔར་བཤགས། །འདི་དང་གཏན་དུ་སྒྲིབ་པར་མི་འགྱུར་བའི། །དག་ཚངས་དྲི་མེད་དབུགས་དབྱུང་སྩལ་དུ་གསོལ། ༡༠ །ལེགས་པའི་ཆ་མཆིས་གྱུར་ན་དུས་གསུམ་དུ། །བྱོན་དང་བཞུགས་གྱུར་འབྱོན་པའི་བླ་མ་རྣམས། །ཐུགས་ཀྱི་དགྱེས་པ་ཆེན་པོ་གཡོ་བཞིན་དུ། །མཁྱེན་ནུས་བརྩེ་བས་རྗེས་སུ་འཛིན་གྱུར་ཅིག ༡༡ །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་། །མཉེས་པ་གསུམ་གྱིས་རྟག་ཏུ་མཆོད་བྱས་ནས། །ཟབ་རྒྱས་གདམ་པའི་སྨིན་གྲོལ་མཆོག་ཐོབ་ཤོག ༡༢ །བཟང་ངན་ལས་ཀྱི་འབྲེལ་པས་བསྡུས་པ་ཡི། །གཟུགས་ཅན་གཟུགས་མེད་སྐྱེ་འགྲོ་གང་སུ་དག །ཐམས་ཅད་ལམ་མཆོག་འདི་ཡི་སྣོད་གྱུར་ཏེ། །བྱང་སེམས་རིག་པ་འཛིན་པ་ཉིད་གྱུར་ཅིག ༡༣ །རྒྱལ་བསྟན་རིན་ཆེན་ལུང་རྟོགས་བསྟན་འཛིན་རིས་མེད་སྐྱེས་བུ་དམ་པ་རྣམས། །གོང་ནས་གོང་འཕེལ་མཁས་དང་བཙུན་པའི་གྲགས་དཀར་སྙན་པས་ས་གསུམ་གཡོ། །བསྒྲུབ་བརྩོན་མཐར་ཕྱིན་རྣལ་འབྱོར་རིག་འཛིན་ཕོ་མོས་འཛིན་མའི་ཁྱོན་གང་ནས། །མཁན་སློབ་ཆོས་རྒྱལ་དུས་སྟོན་ལྟར་གསལ་བཀྲ་ཤིས་སྣང་བ་རྟག་འཆར་ཤོག ༡༤ །ཇི་སྲིད་འཁོར་བའི་སེམས་ཅན་གཅིག་ཀྱང་མ་ལུས་མངོན་པར་བྱང་ཆུབ་བར། །དེ་སྲིད་གདམ་པ་འདི་ཡང་མི་ནུབ་མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ། །ལྷུན་པོ་ལྟར་བརྟན་སྐལ་མེད་ཡིད་སྲུབ་སྡེ་ཚོགས་རབ་ཏུ་ཕམ་བྱས་ཏེ། །སྐལ་བཟང་སྐལ་ལྡན་ལམ་བཟང་ཐེག་རྩེར་བསྒྲོད་བཟང་ངལ་མེད་མཐར་ཕྱིན་ཤོག ༡༥ །དེ་ལྟར་ཐུན་མོང་སྔོན་འགྲོའི་ཁྲིད་ཡིག་རིག་པ་འཛིན་པའི་ཞལ་ལུང་ཞེས་བྱ་བའི་སྔོན་འགྲོའི་ཆོས་འདི་རྣམས་གནད་དུ་སོང་ན་ལམ་ཁ་ཚང་ལ་ཁྱེར་བདེ་བ། མཆོག་ཐུན་མོང་གི་དངོས་གྲུབ་གཞན་ལ་རག་ལས་མི་དགོས་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ཁོ་ན་ཉམས་ལེན་གྱི་སྙིང་པོར་བྱེད་པ་གལ་ཆེ་བས་སྐལ་ལྡན་རྣམས་ཀྱིས་ཐུགས་ལ་འཇོག་པར་ཞུ། དེ་ནས་རིམ་པར་ཁྱད་པར་གྱི་ཁྲིད་ལ་འཇུག་སྟེ་ཚེ་འདིར་བཙན་ས་ཟིན་པ་ཞིག་བྱ་དགོས་སོ། །དེ་ལྟར་ཐུན་མོང་སེམས་སྦྱོང་བདུན་ཟངས་ཡིག་ཅན་གྱི་དགོངས་པ་ལ་ཁུངས་བཅོལ། རང་ཉམས་སུ་གང་འཕྲོད་པའི་ཚིག་སྣ་བསྒྱུར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྲིད་རྣམས་གཙོ་བོ་འཁོར་ལོའི་མགོན་པོའི་གསུང་ཇི་ལྟ་བ་ལ། མཚུངས་མེད་བླ་མ་དམ་པ་རྣམས་ཀྱི་ཉམས་ཁྲིད་ཞལ་རྒྱུན་གང་ཟིན་དང་། དམིགས་གསལ་རང་བློ་གང་འཕྲོད་ཕན་སེམས་ཀྱི་ཀུན་ནས་བསླངས་ཏེ་གྲུབ་པར་བགྱིས་ནས། སྔར་རྡོ་རྗེ་འཆང་ཞལ་བཞུགས་པའི་སྐབས་སྤྱན་འབེབས་ཞུས་ཚེ་ཞུ་དག་གྱིས་ལ་པར་དུ་བཀོད་དགོས་པའི་གནང་བ་ཐོབ་ཀྱང་རེ་ཞིག་བཏང་སྙོམས་སུ་ལྷག །ཕྱིས་དགའ་བ་ཞེས་པ་ཆུ་འབྲུག་གི་ལོ་ཆོ་འཕྲུལ་ཆེན་པོའི་དམར་ཕྱོགས་ལ་རྗེ་བླ་མ་དགོང་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཚུལ་བསྟན་པའི་ལོ་དེའི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཐ་སྐར་ཟླ་བར་འདིའི་ཆ་ལགས་དང་བཅས་པ་བྲིས་ཤིང་། སླར་ཡང་ཡང་དཔྱད་དེ་གྲུབ་པར་བགྱི་བ་པོ་ལམ་འདིའི་གང་ཟག་རྣམས་ཀྱི་གྲལ་མཐར་སྐྱེས་པའི་དུས་མཐའི་རྣལ་འབྱོར་ཙམ་པོ་པ། དོན་བརྒྱུད་བྱིན་རླབས་ཀྱི་སྣང་བ་ཅུང་ཟད་སྙིང་ལ་ཐོབ་པའི་མིང་གི་ཅོད་པན་སྤྱི་བོར་བཅིངས་པ་ཀུན་བཟང་བདེ་ཆེན་རྒྱལ་པོ་རིག་འཛིན་སྣ་ཚོགས་རང་གྲོལ་དུ་འབོད་པ་དོན་ལ་གདོལ་སྤྱོད་པོས་བཀྲ་ཤིས་དུང་དཀར་འཁྱིལ་འདྲའི་རི་ཞོལ་བཀྲ་ཤིས་དགའ་བའི་སྐྱེད་ཚལ་དུ་བཀྲ་ཤིས་དགེ་བའི་ཚེས་ནས་བརྩམ་སྟེ་སྨྲས་རིམ་བཞིན་ལམ་འདིའི་རང་སློབ་ཏུ་གྱུར་པ་ཤཱཀྱའི་དགེ་སློང་པདྨ་ཤེས་རབ་བཟང་པོས་ཡི་གེའི་རིས་སུ་འདུ་བྱས་ཏེ་ལེགས་པར་གྲུབ་པར་བགྱིས་པའི་དགེ་བས་འདུན་ཞིང་སྨོན་པའི་གནས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།