རབ་ཏུ་སྤྲོས་པ་མེད་པའི་དབང་མཆོག་བྱིན་རླབས་ཆུ་བོ་ཞེས་བྱ་བ

From Rangjung Yeshe Wiki Texts
Revision as of 07:00, 21 November 2026 by Eric (talk | contribs) (Longchenpa Project: generated page (21 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-11-DA-012
Jump to navigation Jump to search

ཤིན་ཏུ་སྤྲོས་པ་མེད་པའི་དབང་ཆོག་ཡེ་ཤེས་ཆུ་བོ klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) དམ་ཚིག་གསུམ་བཀོད་ཅེས་བྱ་བ

Title རབ་ཏུ་སྤྲོས་པ་མེད་པའི་དབང་མཆོག་བྱིན་རླབས་ཆུ་བོ་ཞེས་བྱ་བ
Wylie rab tu spros pa med pa'i dbang mchog byin rlabs chu bo zhes bya ba
Catalogue title rab tu spros pa med pa'i dbang chog byin rlabs chu bo (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 12, pages 128–134 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.14
Citation Klong chen rab 'byams pa. rab tu spros pa med pa'i dbang chog byin rlabs chu bo. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 128–134. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅༅། །རབ་ཏུ་སྤྲོས་པ་མེད་པའི་དབང་མཆོག་བྱིན་རླབས་« »ཆུ་བོ་ཞེས་བྱ་བ་བཞུགས་སོ། །

« དཔལ་ལྡན་ཚོགས་གཉིས་རྫོགས་པའི་གཙོ། །ཀུན་བཟང་ཆོས་རྗེ་བླ་མ་ལ། །དད་བརྒྱའི་སྤྱི་བོས་ཕྱག་འཚལ་ཏེ། །རབ་ཏུ་སྤྲོས་མེད་དབང་ཆོག་ བྲི། །དེ་ལ་ཤིན་ཏུ་དབེན་པའི་གནས་བླ་གབ་མེད་པར། །ལྔ་ཚན་ལྔའི་མཎྜལ་ཚོགས་དང་གཏོར་མས་བརྒྱན་པ་སྟ་གོན་བྱས་ལ། ཉི་མ་རི་བོའི་རྩེར་ཤར་བའི་དུས་སུ་ཆོ་ག་དངོས་བྱ་བའི་རིམ་པ་ལ་བཞི་སྟེ། འཇུག་པ། དབང༌། ངོ་སྤྲོད། གཟེངས་བསྟོད་པའོ། །དང་པོ་ནི། བླ་མས་བུ་ཁྱོད་སུ་ཡིན། ཞེས་ལན་གསུམ་དྲིས་པའི་ལན་དུ། སློབ་མས། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ལགས། ཞེས་པ་གསུམ་བརྗོད་པ་དང༌། བླ་མས། དེ་ལྟར་ཡིན་ཕན་ཆད་སེམས་ཉིད་གདོད་མ་ནས་སྐྱེ་མ་མྱོང་བའི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིང་ཅེས་བརྗོད་པ་དང༌། སློབ་མས་ཐལ་མོ་སྦྱར་ཏེ། ཀྱེ་བླ་མ་རྡོ་རྗེ་འཛིན་པ་ཉིད། །བདག་ལ་རབ་ཏུ་དགོངས་སུ་གསོལ། །བདག་ནི་ཁམས་གསུམ་འཁོར་གནས་སུ། །ཡུན་རིང་གནས་པ་དྲན་ཉམས་ཏེ། །འཁོར་བ་ཉིད་ལས་བརྒལ་དོན་དུ། །བླ་མ་ལ་ཡང་ཞུ་བར་བགྱིད། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །བདག་ནི་ཡང་ནས་ཡང་འཁོར་བས། །རྡོ་རྗེ་སེམས་དཔའི་ཡེ་ཤེས་རང་བྱུང་ཉིད། །སྨད་དང་རྩ་བ་བཅས་པའི་སངས་རྒྱས་སེམས་ལས་བྱུང༌། །སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། བླ་མའི་ཐུགས་ཀར་ཅེ་རེ་བལྟར་བཅུག་པའི་མཚམས་སུ། བླ་མས། སེམས་གང་ཡིན་ཞེས་དྲག་ཤུལ་ཅན་གསུམ་དྲིས་པས། བརྗོད་མ་ཤེས་པའི་རིག་པ་སྟོང་པ་ནི། ཡེ་ཤེས་དབབ་» «པའོ།» «། གཉིས་པ་དབང་ལ་གསུམ་ལས། སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པའི་དབང་ནི། སློབ་མ་རྣམས་སེང་གེའི་ལྟ་སྟངས་བསྟུན་ལ་ཤར་ཕྱོགས་སུ་བལྟས་ཏེ། ཚིག་ཕྱིར་སེམས་གཞོལ་བས་བསམ་དུ་གཞུག་ཅིང༌། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག» «།ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ། སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་གཅིག་བཞུགས་ཤིང༌། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ་དང༌། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་མཆོངས་ཤིག» «།ཨ་ཨ་ཨ། ཞེས་བརྗོད། ཡང་སློབ་མ་རྣམས་ལྷོར་བལྟས་ལ། གླང་པོ་ཆེའི་འདུག་སྟངས་བསྟུན་ཏེ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག» «།ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱན་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང༌། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང༌། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ། སྟག་མོའི་མཆོངས་སྟངས་ཀྱིས་མཆོངས་ཤིག» «།ཨ་ཨ་ཨ། ཞེས་བརྗོད་ནས། ནུབ་ཏུ་བལྟས་ཏེ་དྲང་སྲོང་གི་འདུག་སྟངས་བསྟུན་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག» «།ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང༌། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང༌། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ཉིད་སྟོན་ཏོ། །བུ་ཁྱོད་དཔལ་ཆེན་གྱི་རྔམ་སྟབས་ཀྱིས་ལྟོས་ལ། ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག» «།ཨ་ཨ་ཨ། ཞེས་པ་གསུམ་བརྗོད་ནས། བྱང་དུ་བལྟས་ཏེ། ཙོག་པུ་ལས་ལག་སོར་འཇུག་རྡོར་བསྒོངས་པ་བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་འདུག་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག» «།བྱང་ཕྱོགས་ལས་རབ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་སངས་རྒྱས་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང༌། རང་རང་གི་སྟོན་པ་ལས་ཆོས་ཉན་ཞིང༌། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་གྱི་འཁྱུག་སྟངས་ཀྱིས་སོང་ཞིག» «།ཨ་ཨ་ཨ། ཞེས་བརྗོད་དོ། »།«དེ་དག་ནི་སྤྲུལ་པའི་སྐུར་གྲོལ་བར་བྱེད་པའི་དབང་ ངོ༌། །ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པའི་དབང་ནི། སློབ་མ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་པ་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་རྣམས་ཉོན་ཅིག» «།དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན། རྒྱན་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་གསལ་བ། བར་དུ་མཉམ་ཉིད་མི་གཡོ་བ་ཉིད་ན། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། དགྲ་བཅོམ་པ༌། ཟག་པ་ཟད་པ། རིག་པ་དང་ཞབས་སུ་ལྡན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་མང་པོས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་སོང་ཞིག» «།ཨ་ཨ་ཨ། ཞེས་བརྗོད་དོ། །ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་དབང་ནི། སློབ་མ་རྣམས་སེང་གེའི་འདུག་སྟངས་བསྟུན་པ་ལ། བླ་མས། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་རྣམས་ཉོན་ཅིག» «།དེ་ལས་ཀྱང་འདས་པའི་ཕ་རོལ་ན། རང་གི་སེམས་ཉིད་བསམ་ངོ་དང་བྲལ་ཞིང༌། ཚད་མེད་དཔག་ཏུ་མེད་ཅིང་དམིགས་སུ་མེད་པ། སྟོང་ཉིད་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱ་བ་བཞུགས་པས། དེར་བུ་ཁྱོད་ཁྱུང་ནམ་མཁར་ལྡིང་བའི་འགྲོས་ཀྱིས་མཐོ་སར་འདུག་ཅིག» «།དྲང་སྲོང་གི་ལྟ་སྟངས་ཀྱིས་གནས་པར་གྱིས་ ཤིག» «།གླང་ཆེན་གྱི་ཉལ་སྟབས་ཀྱིས་སྙོམ་པར་ཉོལ་ཞིག» «།ལྕགས་སྡོང་གི་འདྲིལ་སྟངས་ཀྱིས་ཁ་«སྦུབ«་ལ་མཐའ་དྲིལ་ཞིག» «།སྐྱེས་བུའི་རྒྱངས་ཐབས་ཀྱིས་གན་རྐྱལ་དུ་རྒྱོངས་ཤིག» «།ཝ་མོའི་ཟུར་འགྲོས་ཀྱིས་སློག་ལ་སོང་ཞིག» «།བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་བསྒྱུར་བཟློག་གིས་སྤུངས་ཤིག» «།གྱད་ཀྱི་དོར་སྟབས་ཀྱིས་ངལ་བསོས་ལ་ས་ནོན་ཞིག» «།འབུ་སྲིན་གྱི་ནུར་འགྲོས་ཀྱིས་དབྱིངས་རིག་མ་ཆགས་པར་གྱིས་ཤིག» «།སྟག་མོའི་མཆོངས་སྟངས་ཀྱིས་ཉམས་སྣང་ལ་རྩལ་སྦྱོངས་ཤིག» «།གཡང་མོའི་སྤྲུགས་སྟངས་ཀྱིས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་དུས་གཅིག་ལ་ངོ་བོར་སྤྲུགས་ཤིག» «།སེང་གེའི་འགྱིང་ཚུལ་གྱིས་དབྱིངས་རིག་ལ་ས་ཟུང་ཞིག» «།ཨེ་མ་སྐལ་ལྡན་སེམས་གྱི་བུ་གཅིག» «།སེམས་ཉིད་སྟོང་པར་གནས་པས་གཞི་ཟུང་ཞིག» «།སེམས་ཉིད་རིག་སྟོང་དུ་གནས་པས་གནད་ཚུད་ཅིག» «།སེམས་མ་འགག་པར་འགྱུར་བས་རྩལ་སྦྱོངས་ཤིག» «།སེམས་ཉིད་ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག» «།སེམས་ཉིད་ཀུན་ལ་ཁྱབ་པས་རྟགས་ཚོལ་ཞིག» «།སེམས་ཉིད་ཅིག་ཆར་དུ་མྱུར་བས་ལ་ཟློས་ཤིག» «།སེམས་ཉིད་སྣ་ཚོགས་མ་འདྲེས་པར་ཤན་ཕྱེས་ཤིག» «།སེམས་ཉིད་སྣ་ཚོགས་པར་འཕེལ་བས་མ་ཞེན་ཅིག» «།ཡེ་ཤེས་ལས་སླར་མ་ལྡོག་ཅིག» «།སྐུ་ལས་སླར་མ་ལྡོག་ཅིག» «།ཐིག་ལེ་ལས་སླར་མ་ལྡོག་ཅིག» «།ཅེས་བརྗོད་ལ་དེ་དག་གི་དོན་བཤད་དེ། དེ་ལྟར་གསུམ་ཡང་གཞི་སྣང་དང་གཞིའི་དབང་སྟེ། འདི་དང་བར་དོ་རང་བཞིན་སྤྲུལ་པ་སྐུ་གསུམ་གང་རུང་དུ་གྲོལ་བར་བྱེད་པའི་དབང་ངོ༌། ། གསུམ་པ་ངོ་སྤྲད་པ་ནི། བརྗོད་པ་དང་པོ་སྤྲུལ་སྐུ། གཉིས་པ་ལོངས་སྐུ། གསུམ་པ་ཆོས་སྐུའི་ལྟ་སྟངས་བསྟུན་དུ་བཅུག་ལ། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་རྣམས། སེམས་ཉིད་ངོ་བོ་སྟོང་ལ་རང་བཞིན་ཡེ་ཤེས་ལྷག་མཐོང་གི་དོན་ཉོན་ཅིག» «།སེམས་ཉིད་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གཞི་ཡེ་ཤེས་ལྔར་བསྒྱུར་ཞིག» «།སེམས་ཉིད་བདེ་སྟོང་ཡེ་ཤེས་ཟང་ཐལ་གྱིས་མ་རིག་པ་སོལ་ཅིག» «།སེམས་ཉིད་བློ་རིམ་དུ་འཇུག་པའི་ཐེག་པ་ཐ་དད་ཀྱི་མཐའ་ཐིག་ལེ་ཉག་གཅིག་ཏུ་བསྡུས་ཤིག» «།སེམས་ཉིད་སྟོང་པ་མཐའ་བྲལ་ཐིག་ལེ་ཡོངས་རྫོགས་ལ་ཆོས་ཀྱི་ཕུགས་གཏོད་ཅིག» «།སེམས་ཉིད་ཟུང་འཇུག་རང་སྣང་ལྷུག་པས་དོན་གྱི་གནད་ཁྲོལ་ཞིག» «།སེམས་དབྱིངས་རིག་རྣམ་དག་སྨིན་མཚམས་འོད་གསལ་ལ་རླུང་རིག་གཅུད་ལ་བོར་ཞིག» «།གང་ཞེ་ན། མགྲིན་པ་ཨན་ཙམ་དགུག» «།མིག་གྱེན་ལ་ལོག» «།རླུང་རང་སོར་བཅད། ལག་པ་གཡས་པས་མིག་མནན། མིག་གཡོན་པ་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་འཕེལ་ལོ། །སེམས་ཉིད་ཆོས་སྐུ་མ་བཅོས་རང་བྱུང་རྣལ་མ་ལ། ཕྱི་ནང་གཅིག་ཏུ་གཞི་ཕོབ་ཅིག» «།སེམས་ཉིད་མ་འདྲེས་ཡོངས་རྫོགས་ཉག་གཅིག་ཕྱོགས་བྲལ་ལས་སླར་མ་ལྡོག་ཅིག» «།སྤྲུལ་སྐུར་སོང་ཞིག» «།ལོངས་སྐུར་སོང་ཞིག» «།ཆོས་སྐུར་སོང་ཞིག» «།ཆོས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག» «།ལོངས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག» «།སྤྲུལ་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག» «།ཅེས་པ་གསུམ་བརྗོད་དུས། བར་པ་ལ་མགྲིན་པ་དྲང་ཐད་ལ་བཞག» «།མིག་ཅུང་ཟད་དབབ»་«ཅེས་གོ་བརྗེའོ། །ཐ་མ་མགྲིན་པ་བསྟོད། མིག་གྱེན་ལ་བལྟ། ཞེས་གོ་བརྗེའོ། །མིག་ཀྱང་སྐྱེས་པ་ལ་གཡས། བུད་མེད་ལ་གཡོན་དུ་བརྗོད་པར་བྱའོ། ། བཞི་པ་གཟེངས་བསྟོད་པ་ནི། དབང་འདི་ཐོབ་ནས་རིག་པ་ཡེ་ཤེས་ཀྱི་རང་གདངས་ཞི་བ་ལོངས་སྐུའི་ཞིང་ལ་སྤྱོད་པར་དབང༌། མ་རིག་པ་གཞི་ལ་སངས་ནས་སྒོ་གསུམ་འཆིང་བའི་རྒྱ་ལས་གྲོལ་བ་ཐོབ། ཡེ་ཤེས་ལྷུན་གྲུབ་གྱི་གཞི་སྣང་ཀ་དག་ཏུ་ཐིམ་ནས་ནང་དབྱིངས་ལྷུན་གྲུབ་ཀྱི་ཡེ་ཤེས་ལ་སྤྱོད། འབད་ན་ཚེ་འདིར་གྲོལ་ཞིང༌། མ་འབད་ཀྱང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་དུ་སངས་རྒྱའོ། །ཞེས་བརྗོད་དོ། །དེ་ནས་ཚོགས་ཀྱི་དགའ་བ་དང༌། རྡོ་རྗེའི་གླུ་བཀྲ་ཤིས་ཀྱི་བར་དུ་བྱའོ། །དགེ་བ་འདི་ཡིས་འགྲོ་བ་ཀུན། །དབང་མཆོག་རྒྱལ་པོའི་ས་ཐོབ་ཤོག» «།བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀྱིས། ། རྟག་ཏུ་བཀྲ་ཤིས་བྱེད་པར་ཤོག» «།རབ་ཏུ་སྤྲོས་པ་མེད་པའི་དབང་ཆོག་བྱིན་རླབས་ཆུ་བོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ། མེ་ཏོག་བརྩེགས་པའི་སྐྱེད་མོས་ཚལ་དུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.

Part of the Longchenpa Collected Works (about this project).