དཔལ་ཆེན་རང་བྱུང་རྡོ་རྗེའི་རྣམ་ཐར་བཞུགས།

From Rangjung Yeshe Wiki Texts
Revision as of 08:21, 13 February 2013 by Eric (talk | contribs)
Jump to navigation Jump to search

༄༅། །དཔལ་ཆེན་རང་བྱུང་རྡོ་རྗེའི་རྣམ་ཐར་བཞུགས་པ་ལགས་སོ། །

ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། ཨེ་མ་ཧོ། དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི། །མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པས། །ཉིད་ལས་བྱོན་པའི་གྲུབ་ཆེན་བརྒྱད་ལ་སོགས། །ཀུན་ཀྱི་ནང་ནས་བརྫུས་སྐྱེས་སློབ་དཔོན་ཉིད། །པདྨ་རྒྱལ་པོས་བྱིན་བརླབས་དུས་མཐའ་ཡི། །རྣལ་འབྱོར་བདག་དང་གཞན་པ་ཡི། སྐལ་ལྡན་འབྱུང་ཞེས་མཛད་པ་པོ། །ཨུ་རྒྱན་དབང་ཕྱུག་བླ་མ་རྗེ་ལ་འདུད། །ཡུན་རིང་དབང་གིས་འཁོར་བ་ཐོག་མེད་ནས། །བདག་བློ་དམུ་རྒོད་མ་རིག་འཐིབས་པོས་བསྒྲིབ། །དེ་ཕྱིར་ཡུན་རིང་དོན་མཆོག་མ་རྟོགས་ཀྱང་། །བསྟན་པ་འདི་འདི་རྩོད་ལྡན་དང་པོའི་དུས། །རྫོགས་ལྡན་དང་པོ་ཨེནྟྲ་བྷཱོ་ཏི་ཡི། །རྗེས་འཇུག་མཐོང་ན་ཡིད་དུ་འོང་བ་ནས། །དྲིན་ཆེན་འཛམ་གླིང་ཡོངས་གྲགས་ཡན་ཆོད་དུ། །བསམ་གྱིས་མི་ཁྱབ་ཏིལ་སྦྱང་ནང་ནས་ནི། །ལོ་རེ་བཞིན་དུ་ཏིལ་ཕྱུངས་ཟད་ཙམ་ན། །ཟད་པ་མཐའ་ཡས་བསམ་གྱིས་མི་ཁྱབ་པར། །ཡང་དག་དོན་ལ་འཕོ་འགྱུར་མ་བྱུང་གསུང་། །དུས་མཐའི་རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །དུས་ན་སྒྲིབ་གཡོགས་འཐིབས་པོས་བསྒྲིབས་པའི་ཕྱིར། །སྔ་ཕྱིའི་དུས་རྣམས་རྒྱས་པར་མ་དྲན་ཡང་། །སྔོན་མས་བསྐུལ་ཕྱིར་ཅུང་ཟད་ཙམ་གཅིག་བྲིས། །དེ་ལ་སྔོན་གྱི་དུས་ན་རྒྱ་གར་གྱི་ཡུལ་དུ་སྐྱེས་པ་ཡིན་པ་མང་པོ་གཅིག་དྲན་པར་འདུག དཔང་པོ་མེད་པའི་ཕྱིར་བཟླས་ཀྱང་ཐེ་ཚོམ་ཅན་རྣམས་ཡིད་ཆེས་པར་མི་འགྱུར། སྐབས་སུ་ཅུང་ཟད་ལས། ཤྲཱི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ། མཁན་པོ་ཉི་མའི་སྙིང་པོ་དང་། སློབ་དཔོན་ཨ་ཀ་ར་སི་ཏི་གཉིས་ཀྱི་དྲུང་དུ་དགེ་ཚུལ་བྱས་ཤིང་། ཡུལ་གཞན་ཞིག་ཏུ་ཕྱིན་པས་སློབ་དཔོན་གཅིག་དང་མཇལ། སློབ་དཔོན་དེས་ཀླུ་སྒྲུབ་ཞེས་གྲགས་པ་དེ་ཡིན་པ་འདྲ། དེའི་རྗེས་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མ། དཔལ་རྟ་མགྲིན་ལ་ནུས་པ་ཐོབ་ཅིང་། སྤྲུལ་པ་སྣ་ཚོགས་སྟོན་ནུས་པ་གཅིག་ཡིན་པར་སྣང་། གཞན་ཡང་དེའི་དུས་སུ་རྫུ་འཕྲུལ་དང་ནུས་པ་སྣ་ཚོགས་པས་འགྲོ་བའི་དོན་བྱེད་པ་དང་། འགའ་དང་འགའ་ཞིག་དྲན་པར་འདུག་སྟེ། མང་པོ་བརྗོད་པས་ཡིད་ཆེས་པར་སུ་ཞིག་འགྱུར། ཁྱད་པར་དུ་ཡང་དེའི་དུས་སུ་ངན་ལམ་རྒྱལ་བ་མཆོག་དབྱངས་ཞེས་གྲགས་པ་དེ་དང་དུས་མཚུངས་པ་ཡིན་པ་འདྲ། ཡང་གཉུག་མ་སྐྱེ་འགག་མེད་པའི་ངང་ནས་གཟུགས་སྐུའི་འཕྲིན་ལས་སྣ་ཚོགས་སུ་སྟོན་པ་ལས། བར་སྐབས་གཅིག་ཏུ་རྒྱ་གར་གྱི་རྣལ་འབྱོར་པ། འདར་མ་བོད་དེ་ཞེས་བྱ་བ་དེ་དང་དུས་མཚུངས་པ་ཡིན་པ་འདྲ། དེ་ཡང་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་ཅིང་། གདུལ་བྱ་མི་རྣམས་ལ་སྣང་བ་བསམ་གྱིས་མི་ཁྱབ་པ་སྟོན་པ་དེ་ལྟ་བུ་གཅིག་བྱུང་བ་ཡིན་པ་འདྲ། གཞན་ཡང་དེ་མ་གཏོགས་པ་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། མཆོག་ཐོབ་པའི་གྲུབ་ཆེན་བརྒྱད། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་གྲངས་ལས་འདས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ། རྗེ་ཀ་མ་ལ་ཤི་ལ་དེ་དང་འབྲེལ་བ་ཡོད་པས། དེའི་སློབ་མ་རང་ཡང་ཡིན་ཞིང་། གདམས་པ་ཅུང་ཟད་ཐོབ་པ་ཡིན་པ་འདྲ། དོན་མེད་པ་མང་པོས་ཅི་ཞིག་བྱ། གཞན་ཡང་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་པུ་ཏོ་བ་ཆེན་པོ་དེ་ཡིན་སྙམ་པ་ཡང་བྱུང་། དེའི་དུས་སུ་ཁ་རག་སྒོམ་ཆུང་ཞེས་གྲགས་པ་དེ་དང་ཡང་དུས་མཚུངས་པ་ཡིན་པ་འདྲ། དེའི་བག་ཆགས་ཀྱི་ལྷག་མས་དིང་སང་ཡང་ཁ་རག་པའི་གདམས་པ་རྣམས་མཐོང་བ་ཙམ་གྱིས་གོ་བ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་བར་འདུག །དེ་མ་གཏོགས་པ་ཡང་སྣེ་ཟུར་བ་ཆེན་པོ་ཞེས་གྲགས་པ་དེ་དང་ཡང་འབྲེལ་བ་གཅིག་ཡོད་པ་འདྲ། གཞན་ཡང་དེ་མ་གཏོགས་པ་ཡང་འགའ་དང་འགའ་ཞིག་དྲན་པར་འདུག་སྟེ། དཔང་པོ་མེད་པའི་ཕྱིར་སུ་ཞིག་ཡིད་ཆེས་པར་འགྱུར། གཞན་ཡང་དཔལ་ལྡན་དུས་གསུམ་མཁྱེན་པ་དང་། རིན་པོ་ཆེ་ཀརྨ་པ་དང་ཐ་དད་མེད་པ་དེ་ཉིད་སྐབས་སྐབས་སུ་རང་ཉིད་ཡིན་སྙམ་པ་བྱུང་། གཞན་ཡང་དཔལ་ལྡན་དུས་གསུམ་མཁྱེན་པའི་གདམས་ངག་རྣམས་རང་བཞིན་གྱིས་ཤེས་ཤིང་རང་བཞིན་གྱིས་གོ་བ་དང་ཤེས་པ་བྱུང་། དེ་མ་གཏོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲིས་བྱིན་གྱིས་བརླབས་པ། རྒྱ་གར་གྱི་རྣལ་འབྱོར་ཆོས་ཀྱི་དབང་ཕྱུག་ཞེས་བྱ་བ་གཅིག་ཏུ་གྱུར་ནས། གར་འགྲོ་གར་འདུག་ཆ་མེད་པར་གདུལ་བྱ་རྣམས་ལ་དག་པའི་སྣང་བ་དཔག་ཏུ་མེད་པ། །སྟོན་པ་གཅིག་བྱུང་བ་འདྲ། གཞན་ཡང་འགྲོ་བའི་མགོན་པོས་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ལྡན་པས་གཟིགས་པ། ཀརྨ་པ་ཆེན་པོ་དེ་ཉིད་ཀྱིས་གདམས་པ་རླུང་སེམས་ཀྱི་གནད་མཐོང་བ་དང་ཐོས་པ་ཙམ་གྱིས་ཤེས་ཤིང་ཕྱོགས་མེད་གོ་བ་ལ་སོགས་པ་འདུག་སྟེ། དེའི་དོན་གྱིས་ད་ལྟར་ཡང་དུས་གསུམ་མཁྱེན་པའི་གདན་ས་རྣམས་གསོའི་ཞིང་སྐུ་གསུམ་ངོ་སྤྲོད་ཀྱི་གནད་ཀྱིས་སྨིན་ཅིང་གྲོལ་བའི་ལམ་ཁྱད་པར་ཅན་སྟོན་པ་སྟེ། དེའི་དོན་གྱིས་དེང་སང་ཡང་ཕྱོགས་མེད་དུ་སེམས་ཅན་གྱི་དོན་བྱེད་པ་སྟེ། གདུལ་བྱ་མི་རྣམས་ཐམས་ཅད་གྱིས་རླུང་སེམས་ཀྱི་གནད་ཕྱོགས་མེད་དུ་གོ་ཞིང་རྟོགས་ནས་མཁྱེན་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་སྔར་འདས་པའི་སྐྱེ་བ་སོང་ནས། །ཡང་བར་དེའི་རྣམ་པར་ཐར་པ་ནི། ལུག་ལོ་ཟླ་བ་གཅིག་པའི་དུས་ནས་ཅུང་ཟད་ཁམས་མ་བདེ་བ་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡང་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་དང་ཆོས་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། འཇའ་ཚོན་གྱི་ལུས་ནམ་མཁའ་ལ་འཕགས་ཏེ། སྟེང་ལྷའི་ཡུལ་དུ་ཕྱིན་པ་དང་། ལྷའི་སྒྲ་སྙན་དང་རོལ་མོ་སྣ་ཚོགས་པས་བསུ་བ་བྱེད་ཅིང་། ལྷའི་གདུགས་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྣང་བ་འདུག་ཅིང་དེར་འདུག་པས། སེམས་ཅན་རྣམས་ལ་སྙིང་རྗེ་ཚད་མེད་པ་བསྒོམ་ཞིང་། སྐྱེ་བ་མེད་པའི་ངང་ནས་འགག་པ་མེད་པའི་རྩལ་སྦྱོང་ཞིང་གནས་པའི་དུས་སུ། ཞིང་སྐྱོང་འགྲོ་མ་ཉི་ཤུ་རྩ་ལྔ་འོངས་ནས། ཉམས་ཀྱི་སྣང་བ་ལ་འདི་སྐད་ཟེར་ཞིང་འདུག་གོ །ཁྱེད་དལ་འབྱོར་གྱི་མི་ལུས་བླང་རེ་རན། །སངས་རྒྱས་ཀྱི་བསྟན་པ་བཟུང་རེ་རན། །འགྲོ་དྲུག་གི་ཕ་མ་བྱ་རེ་རན། །དུས་ལ་བབ་བོ་ས་མ་ཡ། དེ་སྐད་ཟེར་ཞིང་འདུག་པ་མཐོང་ནས། འདི་འཁྲུལ་པའི་སྣང་བ་ཡིན་སྙམ་པ་བྱུང་ནས། རྣམ་རྟོག་བཤིགས་ཀྱང་མཁའ་འགྲོ་མ་རྣམས་འགྲོ་རུ་མ་འདོད། ཁོང་རྣམས་ཀྱི་ལན་གཞལ་བ་དེ། ཁྱེད་འོངས་པ་གང་ནས་འོངས་པ་ཡིན། །ཁྱེད་རྣམས་འདི་རུ་ཅི་བྱེད་འོངས། །དལ་འབྱོར་མི་ལུས་བླང་དུ་ཕ་མ་མེད། །སངས་རྒྱས་བསྟན་པ་བཟུང་དུ་ཤེས་རབ་མེད། །འགྲོ་དྲུག་གི་ཕ་མ་བྱ་རུ་ལས་འཕྲོ་མེད། ལུང་བསྟན་གྱི་རྒྱལ་ཚབ་གཞན་དུ་ཚལ་ལོ། །དེ་སྐད་ཅེས་སྨྲས་པ་ཡིས། ཁོང་རྣམས་ན་རེ། ངེད་འོངས་པ་མི་ཡུལ་མཐིལ་ནས་འོངས། །ཡིན་པ་ཞི་ཞིང་སྐྱོང་གི་མཁའ་འགྲོ་ཡིན། མི་ཁྱོད་ལ་བསྐུལ་མ་མི་འཚལ་སྟེ། །འགྲོ་དྲུག་གི་དོན་དུ་བསྐུལ་དུ་འོངས། ཟེར་ནས་རང་རང་གི་མིང་དང་སྲོག་གི་སྙིང་པོ་ཕུལ་བ་ནི། གསང་བ་རྡོ་རྗེ་ཐོག་འབེབས་མ། །གཙུག་ན་རྡོ་རྗེ་དཔལ་འབར་མ། །མཐའ་ན་རྡོ་རྗེ་སྟོབས་མོ་ཆེ། །ལག་ན་རྡོ་རྗེ་མཐུ་རྒྱལ་མ། ཁ་ན་རྡོ་རྗེ་དུང་སྒྲ་མ། ངེད་ཞིང་སྐྱོང་གི་གཙོ་མོ་ཆེན་མོ་ལྔ། །བདག་ཉིད་ཆེན་མོ་རྡོ་རྗེ་གྲགས་མ། །གངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་། །དཔལ་ལྡན་རྡོ་རྗེ་ཧ་རི་ཡ་མ་སྐྱོང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། བདུད་འདུལ་གཙོ་མོ་ཆེན་མོ་བཞིའི། །གཏུད་ལ་འགྲོ་བཟང་མ། །མི་གཡོ་རྡོ་རྗེ་གླང་བཟང་མ། །བཀྲ་ཤིས་རྡོ་རྗེ་ཚེ་བསྲིང་མ། །སྟག་གཟིག་རྡོ་རྗེ་ཁྱུང་མགོ་མ། །ཆོས་སྲུངས་གཙོ་མོ་ཆེན་མོ་བཞི། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་ཆེ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་གྲག་མོ་རྒྱལ། །གདོན་འདུལ་གཙོ་མོ་ཆེན་མོ་བཞི། །ས་ཏྲི་རྡོ་རྗེ་འབྲི་བཟངས་མ། ཏཱག་ཤ་དུང་གི་རྡོ་རྗེ་སྒོ་མོ་ཆེ། །ཆགས་སོ་རྡོ་རྗེ་སྟོབས་མོ་ཆེ། །གྷ་གྷ་རྡོ་རྗེ་རོལ་མོ་གྲི། །སྒོ་བཞི་སྲུང་བའི་གཙོ་མོ་བཞི། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོངས། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །མ་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ། གཡུ་ཡི་སྐེད་སྙན་རྡོ་རྗེ་སི་ལེ་མ། །ཡིད་འགྱུར་གྱི་གཙོ་མོ་ཆེན་མོ་བཞི། །ངེད་ཀྱིས་ཁྱེད་ཏེ་མ་ཁུལ་ན། །རོགས་ཀྱང་མང་དུ་སྦྲན་ནོ་སྐད། །རོགས་ཅི་ལྟར་སྦྲོན་བགྱིས་པས། །སྦས་པའི་ཡུལ་གཞི་བསྲུང་བ་ཡི། །གཙོ་མོ་ཆེན་མོ་བཞི་དང་ནི། །ཆོས་སྐྱོང་མགོན་པོ་བེར་ནག་ཅན། དེས་ཀྱང་ཁུལ་བར་མ་གྱུར་ན། །བར་སྣང་ལྷ་བྲན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་བར། །འཇིག་རྟེན་སྲིད་པ་གང་ཡང་ཁུལ། །དེ་སྐད་ཟེར་ཞིང་འདུག་ཐོས་ནས། །འོ་ན་རོགས་བོས་དང་བྱས་པས། །བུད་མེད་ཆེན་མོ་བཞི་འོངས་ནས། །བཞི་ནི་རྡོ་རྗེ་ས་དྲི་ཡིན། །དེ་འོག་ལི་བཙུན་རྡོ་རྗེ་བུ་སྐྱོང་མ། །དེ་འོག་རྡོ་རྗེ་ཕུ་ཆུ་སྨན་གཅིག་མ། །དེ་འོག་རྡོ་རྗེ་གཡུ་ཆུང་ལགས། །སྦས་པའི་ཡུལ་བཞི་བསྲུང་བའི་གཙོ་མོ་བཞི། །ཆོས་སྐྱོང་མགོན་པོ་བེར་ནག་ཅན། །མྱ་ངན་མི་འདའ་སྐུ་དང་གྲིབ་མར་སྟོད། །དེ་སྐད་ཟེར་ཞིང་འདུག་ལགས་པས། །བསྐུལ་འདེབས་ཀྱི་ཚིགས་དེ་འདི་སྐད་དུ། །འགྲོ་དྲུག་གི་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་ན་ཉོན་རེ་མོངས། །སེམས་ཅན་གྱི་འགྲོ་དོན་བྱ་རེ་རན། །ཞེས་པའི་ཚིགས་དེ་སྐད་ཟེར་ཞིང་སྣང་བའི་དུས་སུ། བག་ཆགས་དང་འཕྲུལ་པ་ཡིན་སྙམ་ནས། རྣམ་རྟོག་བཤིགས་ཀྱང་འགྲོར་མ་འདོད། དེ་ཡང་ཡང་བསྐུལ་གྱིན་འདུག་པའི་ཚེ། ཁོ་བོས་ལན་གཞལ་པ། བདག་འཛིན་གྱི་རྣམ་རྟོག་བྲག་བས་སྲ། ང་རྒྱལ་རི་བོ་གནམ་བས་མཐོ། འདི་ལ་ཐོས་པའི་གཟོང་བཙུགས་ནས། །བསྒོམ་པའི་སྒྱོགས་གཅིག་བརྒྱབ་ལགས་ཀྱང་། །འཇིག་པ་བེས་སེར་ག་ཡང་ངས་མ་མཐོང་། །འགྲོ་དྲུག་ཀུན་སྐུ་ཁམས་ཅི་བདེར་བཞུགས། །ཞིང་སྐྱོང་ཀུན་ཅི་ལྟར་དགྱེས་དགྱེས་མཛོད། །ཅེས་སྨྲས་པས། བར་སྣང་གི་ལྷ་བྲན་མན་ཆད་དང་། །ས་འོག་གི་ཀླུ་དང་ལྟོ་འཕྱེ་ཡན་ཆད་ཐམས་ཅད་ཚོགས་ནས། ཕྱག་ཕྱོགས་མེད་པ་ཐམས་ཅད་ནས་ཕུལ་ཏེ། ཡང་འདི་སྐད་དུ། གསོན་དང་རྒྱལ་སྲས་ལྷ་ཡི་བུ། །ལྷ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད། །ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཉོན་རེ་མོངས། །མི་སྐྱེ་ཤིའི་སྡུག་བསྔལ་བསམ་ལས་འདས། །བྱོལ་སོང་གླེན་རྨུགས་ཀྱི་སྡུག་བསྔལ་རྒྱ་རེ་ཆེ། །ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་ལས་འདས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་སུན་ཡིས་ཐེབས། །སངས་རྒྱས་ཀྱི་བསྟན་པ་སུན་ཁས་འཛིན། འགྲོ་དྲུག་གི་ཕ་མ་སུ་ཁས་བྱེད། །དཀོན་མཆོག་གི་དབུ་འཕང་སུ་ཁས་བསྟོད། །ཀྱི་ཧུད་ཀྱི་ཧུད་སྡུག་རེ་བསྔལ། །ཟེར་ཞིང་སྡུག་བསྔལ་བྱེད་པ་མཐོང་། དེ་ནས་ཁོང་རྣམས་སྡུག་བསྔལ་བའི་ཡུལ་དུ་མཐོང་ནས། ཁོང་རྣམས་ལ་ལན་གཞལ་བ་ནི། སྤྱིར་རྒྱལ་བའི་ཞིང་ཁམས་བསམ་མི་ཁྱབ། སྒོས་ཁྱད་པར་འཛམ་བུའི་གླིང་ཤེད་ནས། །དགེ་བཤེས་གྲང་ལས་འདས་པ །ཆོས་མཛད་བསམ་གྱིས་མི་ཁྱབ་པས། །ལུང་བསྟན་གྱི་རྒྱལ་ཚབ་གཞན་དུ་ཚོལ། །འགྲོ་དྲུག་གི་ཕ་མ་དེ་རུ་ཚོལ། །སངས་རྒྱས་ཀྱི་བསྟན་པ་ཆོས་མཛད་ཚོ་ཡིས་སྲུངས། །དཀོན་མཆོག་གི་དབུ་འཕང་ཞིང་སྐྱོང་ཚོ་ཡིས་སྟོད། །འགྲོ་དྲུག་གི་ཕ་མ་དགེ་བཤེས་ཚོ་ཡིས་མཛོད། །ཁྱེད་རང་ཚོ་ཅི་ལྟར་དགའ་དགའ་གྱིས། །ཁོ་བོས་དེ་སྐད་ཅེས་སྨྲས་པས། ཡང་མཁའ་འགྲོ་རྣམས་ཀྱིས་འདི་སྐད་དུ། དགེ་བཤེས་ཚོ་ཕྲག་དོག་ཆེ་བ་དང་། །ཆོས་པ་ཚོ་འགྲན་སེམས་ཆེ་བ་ཡིས །འགྲོ་དྲུག་ཚོ་རྒྱུད་ངན་རིངས་པ་དང་། །ཕན་པའི་ཐབས་ཀྱང་མི་གདའ་བས། །མི་ཁྱོད་ལ་བསྐུལ་མ་ཅིས་ཀྱང་འདེབས། མཁའ་འགྲོ་མ་རྣམས་ཀྱིས་དེ་སྐད་ཟེར་བ་དང་། ཁོང་རྣམས་ཀྱི་ལན་གཞལ་བ། དལ་འབྱོར་གྱི་མི་ལུས་བླངས་པ་མི་བདོག་ལགས། །མཚན་ལྡན་གྱི་བླ་མ་རྙེད་པར་དཀའ། །སྙིགས་དུས་ཀྱི་མངལ་དེ་གྲིབ་རེ་ཆེ། །འདས་མ་འོངས་ཀྱི་སེམས་ཅན་ལ་འགྲོ་དོན་བྱ་བ་དཀའ། །ལར་ཁྱེད་དེ་སྐད་ཟེར་བའི་ཏིང་ཤེད་ལ། །རིགས་ལྡན་གྱི་ཕ་མ་རྙེད་སྲིད་ནས། །མཚན་ལྡན་གྱི་བླ་མ་དང་མཇལ་བ་ན། །ཞིང་སྐྱོང་ཀུན་ཀྱིས་ཆོས་སྐྱོང་བྱེད་ལགས་ན། །དབང་དང་བསྲེ་བ་རྫོགས་པར་ཞུ། །བརྡ་དང་བྱིན་རླབས་རྫོགས་པར་ཞུ། །ཁོ་བོས་དེ་སྐད་ཅེས་སྨྲས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཞེངས་ནས། །ལྷ་དབང་བསམ་གྱིས་མི་ཁྱབ་པ་བསྐུར། །ཨཱ་ལི་ཀཱ་ལིའི་གླེགས་བམ་མང་དུ་བཀོད་ནས། །རིག་པ་ཡེ་ཤེས་ལྔའི་དབང་འདི་སྐད། །དབང་པོ་ལྔ་ལ་ངོ་སྤྲད་ནས་ཕ་རོལ་དུ་ཕྱིན་པའི་དོན་དབང་ཡིན་སྐད། སྐྱེ་མེད་དོན་རྟོགས་ཀྱི་དབང་འདི་ནི། །ཚིགས་སུ་བསྐུར་དུ་ཚིགས་ལམ་ཆད། །བར་ཡིས་མཚོན་དུ་བརྡ་ལམ་ཆད། །དཔེ་ཡིས་མཚོན་དུ་དཔེ་ལམ་ཆད། །འཁྲུལ་པས་མཚོན་དུ་འཁྲུལ་ལམ་ཆད། །དབང་འདི་སུས་ཀྱང་བསྐུར་དུ་མི་འདོད་པས། །ངེད་ཀྱིས་ཞལ་ཆེམས་མཚོན་མ་བཏུབ། །རང་ལ་ལྷང་ངེ་ལྷམ་མེར་འཆར། །ས་ལེ་སིང་ངེ་ཧྲིག་གེར་འཆར། །ཝ་ལེ་ཁྱུག་གེ་ལམ་མེར་འཆར། །འཁོར་འདས་ཀྱི་སྣང་བ་མ་ནུབ་ཀྱང་། །སངས་རྒྱས་ཀྱི་འཕྲིན་ལས་རྫོགས་པར་འབྱུང་། །སེམས་ཅན་གྱི་འགྲོ་དོན་དེ་རུ་གྲུབ། ཅེས་གསུངས་ནས། དབང་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་ནི། ཐམས་ཅད་མགྲིན་གཅིག་ཏུ་བསྡེབས་ནས། འདི་སྐད་དུ། །གདུགས་དང་ཞ་བུ་བསིལ་ཡབ་དང་། །རིག་པ་དངས་པར་བྱེད་པ་འདི། །དབུ་གདུགས་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསེར་ཉ་ཡེ་ཤེས་སྤྱན་དང་གསལ་བ་ཡི། །ཉི་ཟླ་ལྟ་བུས་མ་རིག་མུན་པ་སེལ་མཛད་པ། སྤྱན་གཉིས་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྙན་དྲིལ་པིང་ཝང་གླིང་བུ་རོལ་མོའི་སྒྲ། །རིག་པ་གཟིངས་བསྟོད་ལྟ་བུར་གྱུར་པ་ཡི། སྙན་དྲིལ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་ྎ དབུ་ལ་ཤང་སྤོས་དྲི་ཞིམ་རྣམ་པ་སྣ་ཚོགས་དང་། །དབང་པོ་དག་ཅིང་གསལ་བར་གྱུར་པ་འདི་ཡི། ཤང་སྤོསྎ བཀྲ་ཤིས་དམ་པ་དེས་ཀྱང་ྎ ཚེམ་དུང་རུས་པ་མཁྲེགས་པར་བྱེད་པ་ཡི། སྨན་དང་རྩི་རུ་གྱུར་པ་གང་ཡིན་པ། ཚེམ་དུང་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པྎ ལྗགས་ལ་པད་མ་སྦྲང་རྩི་དང་། །ཚིགས་དང་སྙན་ངག་བདེ་བར་འགྱུར་པ་ཡི། །ལྗགས་པད་མ་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་པྎ མགུར་བུམ་རིན་ཆེན་སྣོད་དང་ནི། བདུད་རྩི་ཞལ་ཟས་སྐོམ་པ་སེལ་ཡིན་བའི་མཆོག འགུར་བུམ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པྎ ཕྱག་འཕྲུལ་ཡི་གེ་བྲི་དང་བཟོ་རྒྱུད་སྣ་ཚོགས་དང་། །དགོས་འདོད་སྣ་ཚོགས་འབྱུང་བར་བྱེད་པ་ཡི། ཕྱག་འཕྲུལ་ལྟ་བུའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་ྎ ཐུགས་ལ་དཔལ་བེའུ་སྔ་མ་ཕྱི་མཐའ་དྲན། །བརྗེད་པ་མེད་པའི་རིག་པ་གསལ་བ་དང་། ཐུགས་དེ་དཔལ་འབར་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་པ་དེས་ཀྱང་ྎ །སྐུ་ནི་རྒྱལ་མཚན་སྟག་གཟིག་གོས་དང་ལྡན། །མི་ནུབ་རྒྱལ་མཚན་ལྟ་བུའི་ནོར་རྫས་དང་། །སྐུ་ནི་རྒྱལ་མཚན་ལྟ་བུའི་བཀྲ་ཤིས་གང་ལགས་པ། བཀྲ་ཤིས་དམ་པྎ ཞབས་འཁོར་ལོ་རྟ་དང་ལོངས་སྤྱོད་སྣ་ཚོགས་དང་། །ཆོས་ཀྱི་འཁོར་ལོ་གྱུར་པའི་ལོངས་སྤྱོད་ཀྱིས། །ཞབས་འཁོར་ལོ་ལྟ་བུར་གྱུར་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཟེར་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད་ཅིང་དགྱེས་པའི་ང་རོ་དབྱངས་སུ་བརྗོད་ཅིང་འདུག་པ་མཐོང་ངོ་། །རེ་ཡང་རེ་སྟེ་བྱུང་ཡང་བྱུང་། །རིན་ཆེན་འཇའ་ཡི་ལམ་སྣ་བདོག དལ་འབྱོར་མི་ལུས་བླང་བདོག །མང་ཡུལ་བཀྲ་ཤིས་ཀྱི་གུང་ཐང་ན། །མ་ཇོ་མོ་བཀྲ་ཤིས་ཀྱི་གཡུ་ཆུང་མ། །གངས་ཞུར་མོ་གནས་པའི་མདུན་ཤེད་ན། །འོམ་ལུང་བཀྲ་ཤིས་ཀྱི་མཁན་ཐང་ན། །ཕ་ཐིག་ལེ་འོད་གསལ་གྱི་ཁང་པ་བདོག །རྩ་ཕུ་རིན་ཆེན་གྱི་མཆེ་བ་གངས། ཕུ་གསུམ་འདོམས་པའི་ཀློང་ཤོད་ན། རྩ་རླུང་མི་ལའི་འཁྲུངས་ས་བདོག །ལྷོ་རི་སྨུག་ལ་དམར་བའི་མདངས་ཆགས་པ། །བྱང་རི་དཀར་ལ་དམར་བའི་མདངས་དང་ལྡན་པ། མ་དགོས་འདོད་ལུས་ཀྱི་སྒྲོམ་བུ་བདོག །ཟེར་ཞིང་འདུག་པའི་དུས་སུ། འཇའ་ཚོན་ཁ་དོག་སྣ་དགུ་ལ་བྱས་པ་འདི་ནར་གྱིས་བྱུང་ནས། ཁོང་ཐམས་ཅད་འགྲོ་ཡིན་འདུག་པ་མཐོང་ངོ་། །དེའི་སྟེང་ལ་ཕྱིན་པས། ཤེལ་གྱི་ཁང་པ་གནམ་སྒོ་ཡོད་པ་ཕྱོགས་བཞི་སྟེང་དུ། དཀར་ལ་དྭངས་པ། འོག་སྨུག་ནག་ཏུ་བྱས་པ། ཕྱོགས་ཐམས་ཅད་འཇའ་ཚོན་དུ་ཤིག་གེ་འདུག་པ། དེ་འདྲ་བའི་ཁང་པའི་ནང་ན་ཡོད་ཙམ་ན། འདོད་ཆགས་ཁྲག་གི་རྦ་རླབས་བྱུང་ཟེར་ནས་ཐམས་ཅད་བྲོས་ཤིང་འདུག་པ་མཐོང་། དེར་གནམ་ཁུང་དགུ་པ་སྐས་དགུ་བཙུགས་པའི་སྐད་ཅིག་འཛེགས་ནས་ཕྱིན་པ་དང་། གནམ་ཁུང་ཆུང་ངུ་ནས་ཡར་མ་ཐར་བས། ལས་ཀྱི་རྣམ་སྨིན་ཐར་ལམ་དཀའ་ཟེར་བའི་སྒྲ་གཅིག་བྱུང་བ་ཡིས། ནག་རྨུག་ཏུ་སོང་ནས་བརྒྱལ། དྲན་བ་མདོ་ལོང་མདོ་ལོང་བྱུང་ཡིས། ནག་ལ་མུན་པ་ལྗི་ཞིང་འཐིབས་པ། ཁམས་ཅུང་འཚུབ་པ། དུས་ད་ལྟ་དྲན་ཡང་ཁམས་ཅུང་འཚུབ་དེ་ནས་དྲན་པ་གསལ་བར་སོང་བའི་ཚེ། རེས་འགའ་ཆུའི་རྦ་རླབས་སྤྱོད་པ་འདྲ། རེས་འགའ་རི་ཡིས་མནན་པ་འདྲ་རེས་འགའ་ཚ་ཞིང་བསྲེགས་པ་འདྲ། རེས་འགའ་གྲང་ཞིང་བསྐྱོད་པ་འདྲ། རང་རིག་འཐོམ་པའི་རླུང་ཡང་མེད། ཉོན་མོངས་ཀྱི་གདུག་རྩུབ་དེ་ན་འདྲ་དུས་ད་ལྟ་དྲན་ཡང་སྙིང་རླུང་ལྡང་། །ཞེས་པ་དེ་ཡན་ཆོད་ནི་བར་མ་དོ་ཡིན་ནོ། །ད་ལྟ་བ་རྣམ་པ་གསུམ་ནི་གཅིག་ནི་མགོན་པོ་བྱམས་པའི་དྲུང་ན་། བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ཞེས་བྱ་བར་གྱུར་ནས། ལྷའི་ལོ་ཁྲི་ཕྲག་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་མགོན་པོ་བྱམས་པའི་རྗེས་སུ་བྱང་ཆུབ་སེམས་དཔའི་ཚུལ་འཛིན་སྟེ། གདུལ་བྱ་འབྲེལ་བ་ཡོད་ཚད་ཀྱང་དེར་འདྲེན་པར་གསུངས་པའོ། །ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། །མུན་པ་རབ་ཏུ་གསལ་བ་ཞེས་བྱ་བ་ན། བྱང་ཆུབ་སེམས་དཔའི་ཚུལ་ཅན། རྒྱལ་པོ་པད་མ་རྣམ་པར་རོལ་པ་ཞེས་བྱ་བར་གྱུར་ནས། འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་གཅིག་ཡིན་པར་འདུག །འཛམ་བུའི་གླིང་འདི་ཉིད་ན། རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གཅིག་ན། པཎ་ཊི་ཏ་ལོ་ཀ་འགིར་ཏི་ཞེས་བྱ་བར་གྱུར་ནས། གདུལ་བྱ་འགའ་ཙམ་ལ་ཕན་ཐོགས་པར་འདུག །དེ་ནི་ད་ལྟར་བ་གསུམ་ལགས་སོ། །དཔལ་ལྡན་དུས་གསུམ་མཁྱེན་པ་དང་། རིན་པོ་ཆེ་ཀརྨ་པར་དབྱིངས་སུ་བསྟན་ལ་སོགས་པ་ངེས་ཡོད་པ་ན། སྦུངས་རི་ན་བཞུགས་པའི་དུས་སུ་ད་སྟེ་ལོ་བརྒྱ་ཙམ་ན། དུས་གསུམ་མཁྱེན་པའི་སྐུའི་ངོ་བོ། ས་ར་ཧ་པའི་ཐུགས་ཀྱི་སྤྲུལ་པ་གཅིག་འོང་ནས། དུས་གསུམ་མཁྱེན་པའི་བསྟན་པ་རྒྱས་པར་བྱེད་ཞེས་གསུངས་པ་དང་། དཔལ་ལྡན་དུས་གསུམ་མཁྱེན་པས་ཞྭ་ནག་ཅན་གསུམ་འབྱུང་ཞེས་གསུང་པ་དང་། ཡང་རིན་པོ་ཆེ་པས་སློབ་མ་འགའ་ལ། རང་རེ་ཡང་གངས་ཞུར་མོའི་ཕྱོགས་སུ་འབྱོན་ཞིང་དུས་ཚོད་ཙ་ན་རང་རེ་ལ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་འབྱུང་ཡང་ཤེས། གསུང་བ་ལ་སོགས་པ་དོན་གཅིག་སྟེ། དེའི་ཕྱིར་ན་རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། རྗེ་དམ་པ་རིན་པོ་ཆེ་བཞུགས་པའི་གནས་ནས། མཁའ་འགྲོ་མ་རྣམས་ཀྱིས་ཡང་ཡང་དུ་བསྐུལ་ཞིང་། ཕ་མ་གཉིས་ལ་རྟེན་འབྲེལ་བསྟན་པ་སྟེ། ལོ་གཉིས་ཙམ་གསུམ་ཙམ་ནས་དམ་པའི་གདམས་པ་ལ་བློ་སྦྱང་ཞིང་། རྗེ་དམ་པའི་གདན་སར་ཕྱིན་བའི་དུས་སུ། དམ་པ་རིན་པོ་ཆེའི་དག་པའི་སྣང་བ་དཔག་ཏུ་མེད་པ་ཡུན་རིང་དུ་བྱུང་ཞིང་། རང་ཅག་བྱིན་རླབས་ཞུགས་པ་ཡིན་སྙམ་བ་བྱུང་བའོ། །དེ་ནས་བླ་མ་ཨུ་རྒྱན་པའི་དྲུང་དུ་ཕྱིན་བའི་དུས་སུ། བླ་མའི་ཞལ་ནས་ཁྱེད་བྱུང་བ་དང་ངེད་ལ་དག་པའི་སྣང་བ་མང་པོ་བྱུང་གསུང་བ་ལ་སོགས་པ། རྟེན་འབྲེལ་ཤིན་ཏུ་འགྲིག་ཅིང་ཅུང་ཟད་བསྒོམས་པའི་དུས་སུ། ཆོས་ཐམས་ཅད་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུར་མ་གཡོས་པར་ཤེས་པ་ལ་སོགས་པ་བྱུང་ཞིང་། ལོ་དྲུག་དང་བདུན་ཙམ་ནས་མཁན་པོ་ཀུན་ལྡན་ཤེས་རབ་ལ་རབ་ཏུ་བྱུང་ཞིང་། འགྲོ་བ་དང་འདུག་པ་ལ་སོགས་པ་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་། ཐམས་ཅད་སྒྱུ་མ་ལྟ་བུའི་བློར་དྲན་པ་དང་། དེ་ལ་སོགས་པའི་ཡང་དག་པའི་དོན་ཡིད་ལ་མི་བྱེད། དེ་ཉིད་ཀྱི་ངང་ལས་སྒྱུ་མ་ཙམ་དུ། ཡང་རིན་པོ་ཆེ་རྒོད་ཚང་པའི་བཞུགས་གནས་ན་ཡོད་ཙམ་ན། མི་ནག་པོ་ཆེན་པོ་དར་ནག་གི་འཇོལ་བེར་ཅན་གཅིག་དང་། ཀླུ་རྒྱལ་སྔགས་ཀྱི་བདག་པོ་དང་། མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པ་བྱུང་། འགྲོ་རན་ཟེར་བ་ལ་སོགས་པར་འདུག་ནས་འོངས་པ་སྟེ། དེ་ནས་འོངས་པའི་དུས་སུ་བསྟན་པས་ཕྱིན་ཙམ་ན། ལྷ་འདྲེ་འགའ་ཞིག་གིས་བར་དུ་གཅོད་པ་བྱེད་ཅིང་འདུག་པ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བཟློག་པའོ། །དེ་ནས་མཚུར་ཕུར་ཕྱིན་བླ་མ་རས་པའི་བཞུགས་གནས་ན་ཡོད་པའི་དུས་སུ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གྲུབ་ཐོབ་མང་པོ་དང་བཅས་པས་བསྐོར་བ་ཡིད་ཀྱི་ཡུལ་ན་གསལ་བར་བྱུང་བ་ནི། བླ་མའི་བྱིན་རླབས་བཞུགས་པའི་བརྡ་ཡིན་པར་གོ །ཡང་བཀྲ་ཤིས་གསར་མ་ན་བཞུགས་པའི་དུས་སུ། བླ་མ་དར་མ་སྒང་པ་ལ་གཏོར་མའི་བྱིན་རླབས་བྱས་པའི་ཚེ། རྡོ་རྗེ་འཆང་དང་ཏེ་ལོ་ན་རོ་ལ་སོགས་པ་གྲུབ་ཐོབ་བརྒྱུད་པའི་བླ་མ་གཉིས་སུ་མེད་པའི་སྣང་བ་ཤར་བའི་དུས་སུ། འགྲོ་བ་འདྲེན་མཛད་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་བྱས་པའོ། །ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། ནུབ་གཅིག་གཏོར་མ་གཅིག་བཏང་བ་ཙམ་ན། དཔལ་མགོན་པོ་ལྕམ་དྲལ་དྲེགས་པ་ཅན་ཕོ་དགུ་དང་མོ་དགུ་རུ་བཅས་པ་བྱུང་ཞིང་། དཔལ་དུས་གསུམ་མཁྱེན་པའི་གདན་ས་བསྲུང་ཞིང་བསྐྱང་བ་དང་། དེ་ལ་སོགས་པ་རྫུ་འཕུལ་སྣ་ཚོགས་སྟོན་ཞིག་འདུག་པ་ནི། དུས་སྐལ་པའི་བར་འགྲིབ་ཏུ་སོང་བས་མི་དགེ་བ་རྩུབ་འཁྲུག་སྣ་ཚོགས་པ་འོང་བའི་བརྡར་འདུག །ཡང་མཚུར་ཕུ་ན་ས་གཡོས་ཆེན་པོ་ཞག་གཅིག་ལ་ཡང་མང་པོ་གཡོའི་རྒྱུན་མ་ཆད་པ་བྱུང་ཞིང་། ཟླ་བ་གཅིག་གི་བར་དུ་དེ་ལྟར་དུ་བྱུང་བ་ནི། ཅུང་ཟད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གོ་བའི་སྔ་ལྟས་ཙམ་དུ་འདུག །དེ་ནས་ཡང་མཚུར་ཕུ་ན་འདུག་པའི་དུས་སུ། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། གཡས་རྡོ་རྗེ་ཐོ་བ་ཅན། གཡོན་བསྡིག་འཛུབ་མཛད་པ་དེ་ལྟ་བུ་ཉམས་ལ་ཤར་བས། ལྷ་འདྲེའི་ཚོགས་དབང་དུ་སྡུད་ཅིང་ཟིལ་གྱིས་མནན་པའི་བརྡར་གོ །ཡང་མཚུར་ཕུ་ན་འདུག་པའི་དུས་སུ། སྤྲེལ་ལོ་ཟླ་བ་གསུམ་པའི་ཉི་ཤུ་ལྔའི་དུས། ནམ་སྲོད་ཀྱི་དུས་སུ་དཔལ་མགོན་པོ་མེ་རླུང་སུབ་མའི་ནང་ན་བཞུགས་པ། སྐུ་ལ་དར་ནག་གི་འཇོལ་བེར་ནོར་བུ་རིན་པོ་ཆེས་བརྒྱན་པ་གསོལ་བ། ཕྱག་གཡས་བ་དན་དཀར་པོ་རྩེ་གསུམ་པ་བསྣམས་པ། གཡོན་ན་ཐོད་ཁྲག་ཐོགས་པ་གཅིག །འཁོར་དཔག་ཏུ་མེད་པས་བསྐོར་བ་ཡིད་ཀྱི་ཡུལ་དུ་གསལ་བ་གཅིག་བྱུང་། དེའི་དུས་སུ་གཏོར་མ་བཏང་ཞིང་གསོལ་བ་བཏབ་པའི་དུས་ན། དཔལ་མགོན་པོའི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་ཅི་སྲིད་གནས་ཀྱི་བར་དུ། ཁྱེད་ཀྱི་བུ་སློབ་ཡོན་བདག་ལ་སོགས་པ་ཐམས་ཅད་ངེད་ཀྱིས་བསྲུང་བ་ཡིན་གསུང་བ་སྙམ་བྱེད་པ་གཅིག་བྱུང་། དེའི་དུས་སུ་དཔལ་མགོན་པོ་འཁོར་དང་བཅས་པ་རྣམས་ལ། ཧཱུྃ་གཏུམ་ཆེན་དྲག་པོ་ཁྲོས་པ་སྲིན་པོའི་གཟུགས། ཞེས་པའི་བསྟོད་པ་མཛད་དོ། །ཡང་མཚུར་ཕུ་ན་འདུག་པའི་དུས་སུ། སྤྲེལ་ལོ་ཟླ་བ་གསུམ་པའི་ཉི་ཤུ་བརྒྱད་ཀྱི་ནུབ་མོ་སྲོད་ཀྱི་དུས་སུ། ནམ་མཁའི་དབྱིངས་ནས་ཡེ་ཤེས་ཀྱི་མགོན་པོ་ནག་པོ་བེར་ནག་ཅན། སྐུ་མདོག་སྨུག་ནག་ཏུ་འདུག་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་བ་གཅིག་གསལ་བར་བྱུང། དེའི་མདུན་ན་སྲས་མཆོག་ནག་པོ་བེར་ནག་ཅན་བཞུགས་འདུག །དེའི་འཁོར་དུ་རྣམ་ཐོས་སྲས་ཀྱིས་འགོ་བྱས་ནས་ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས་པ་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་བསྐོར་བ་དེ་ལྟ་བུ་གསལ་བ་གཅིག་བྱུང་། དེའི་དུས་སུ་ཧཱུཾ་ཡབ་གཅིག་ལེགས་ལྡན་ནག་པོ་ཆེན་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། །ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཐོད་པ་ཁྲག་གིས་བཀངས་བ་བསྣམས་པ། སྐུ་ལ་ཉི་མ་དང་ཟླ་བ་དང་སྐར་ཕྲན་གྱིས་བརྒྱན་པ། དེ་ལྟ་བུ་ལ་འཁོར་ནག་མོ་འབུམ་སྡེ་དང་བཅས་པས་བསྐོར་བ་གསལ་བ་གཅིག་བྱུང་། དེ་ནས་གཏོར་མ་བཏང་པས་གསོལ་བ་བཏབ་པའི་དུས་སུ། དཔལ་ལྷ་མོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ང་ཡིས་བསལ་གསུང་བ་གཅིག་རྨིས། དེའི་དུས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་མཆོག་གྱུར་ལྷ་མོ་ཡི། །ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་སྔགས་འཆང་རང་བྱུང་རྡོ་རྗེ་མཚུར་ཕུ་ན་བཞུགས་པའི་དུས་སུ་སྤྲེལ་ལོ་ཟླ་བ་དང་པོའི་ནུབ་གཅིག་གི་དུས་སུ་དཔལ་ལྷ་མོ་རི་མ་ཏི་དུས་གཞི་ལྷ་མོ་བཅས་པ་གཅིག་གསལ་བར་བྱུང་ནས་ནག་མོ་རྫུ་འཕྲུལ་ཅན་ལ་སོགས་པས་བསྟོད་པ་མཛད། མཚུར་ཕུར་སྤྲེལ་ལོ་ཟླ་བ་གསུམ་པའི་གནས་ངག་གི་དུས་སུ་དཔལ་མགོན་པོ་བེར་ནག་ཅན་སྐུ་ལ་བེར་ནག་གསོལ་བ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་ཐོད་ཁྲད་བསྣམས་པ་གསལ་བ་གཅིག་བྱུང་བ་དང་། གཞན་ཡང་ལྷ་མོ་རེ་མ་ཏི་ཞལ་གཅིག་ཕྱག་བཞི་མ་གསལ་བ་གཅིག་བྱུང་། དེའི་དུས་སུ་ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། དཔལ་མགོན་པོ་གར་ཁྱུག་ཁྱུག་བྱེད་པ་གཅིག་གསལ་བར་བྱུང་། དེ་ནས་གཏོར་མ་བཏང་ནས་གསོལ་བ་བཏབ་པས། མ་མགོན་གཉིས་ཀྱི་ཞལ་ནས་འགྲོ་བའི་དོན་བྱེད་པའི་དུས་ལ་བབ་པ་ཡིན། གསུང་བ་སྙམ་བྱེད་པའི་དུས་སུ། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ནི། ཞེས་པ་ལ་སོགས་པའི་བསྟོད་པ་མཛད། ཡང་མཚུར་ཕུ་ན་བཞུགས་པའི་དུས་སུ། སྤྲེལ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུའི་ནུབ་མོ། རང་ཅག་དང་གཞན་ཡང་རོགས་གཉིས་དང་གསུམ་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ཡིན་བྱ་བ་གཅིག་ཏུ། བླ་མ་བྲམ་ཟེ་ཆེན་པོ་ཚོལ་དུ་ཕྱིན་བས། གཞན་རོགས་གཉིས་ནི་རིའི་ལྷོ་ཕྱོགས་སུ་ཚོལ་དུ་སོང་ཞིང་། བདག་ཤར་ཕྱོགས་དེ་ཉིད་ན་ཐང་བདེ་ཞིང་ཡངས་པ་གཅིག་ཏུ་བསྡད་ཙམ་ན་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ། དེ་ནས་རང་ཅག་གིས་ཐོ་མང་པོ་རྩིགས་ཅིང་། དེ་རྣམས་ཀྱི་དཀྱིལ་དུ་མཉམ་པར་བཞག་ཅིང་འདུག་པ་ལ། ནམ་མཁའ་ནས་དབྱངས་ཀྱི་སྒྲ་ཅུང་ཟད་གཅིག་གྲགས་པ་ལ། རིགས་ཀྱི་བུ་ཁྱོད་ཡར་ཉོན་དང་། བླ་མ་བྲམ་ཟེ་ཆེན་པོ་ནི། རང་གི་སེམས་ཉིད་ཡིན་ལགས་པས། །ཞེས་པ་ལ་སོགས་པ་བླ་མ་བྲམ་ཟེ་ཆེན་པོ་དང་མཇལ་ལུགས་རྣམས་ལོགས་སུ་གསལ་ལོ། །རྣལ་འབྱོར་དབང་ཕྱུག་རང་བྱུང་རྡོ་རྗེ་བདག །འདས་དང་སྔ་ཕྱི་ལེགས་པར་མི་དྲན་ཡང་། །དད་ལྡན་ཤཱཀྱའི་དགེ་སྦྱོང་དར་བརྩོན་གྱི། །ནན་ཏན་ཆེན་པོས་ལོ་གསུམ་སྔོན་རོལ་ནས། །ཡང་དང་ཡང་དུ་བསྐུལ་ཕྱིར་ཡི་གེར་བཀོད། །འདི་བྱས་དགེ་བས་འགྲོ་དྲུག་མ་ལུས་ཀུན། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཆོས་རྗེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་འཁྲུངས་རབ་དང་། ཞལ་གྱིས་གཟིགས་ཚུལ་འདི་རྣམས། མཚུར་ཕུའི་དབེན་གནས་ཆེན་པོ་ཁྱུང་རྫོང་དཔལ་གྱི་དགོན་པར་གསལ་བར་བཀོད་པ་ལགས་སོ། དཔལ་ཆོས་རྗེ་རང་བྱུང་རྡོ་རྗེའི་རྣམ་པར་ཐར་པ་བཞུགས་པ་ལགས་སོ། །རྫོགས་སོ།། །།ཞུས་སོ།།