ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱིས་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས།

From Rangjung Yeshe Wiki Texts
Revision as of 17:43, 13 February 2013 by Eric (talk | contribs)
Jump to navigation Jump to search
{{{1}}}

༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱིས་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཉི་མ་མ་རིག་མུན་པའི་གཡུལ་ལས་རྒྱལ། །སྙིང་རྗེའི་ཟླ་བ་ཉོན་མོངས་ཚ་བའི་གདུང་བ་འཕྲོག །ཡོན་ཏན་གཟའ་སྐར་ཆོས་དབྱིངས་ནམ་མཁའི་ཕ་མཐའ་འདྲེན། །སྟོན་པ་མཚུངས་མེད་རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །དག་པའི་ས་ལམ་རིམ་པ་བསྒྲོད་ཟིན་ཀྱང་། །ད་དུང་ས་བཅུ་མགོན་པོའི་ཚུལ་བཟུང་ནས། །སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འཛིན། །དགའ་ལྡན་གནས་བཞུགས་མི་ཕམ་མགོན་ལ་འདུད། སྤྲོས་བྲལ་དོན་དམ་ཟབ་མོའི་གནས་ལུགས་རྟོགས། །རབ་དགའི་སར་གནས་རྒྱལ་བའི་སྲས་ཀྱི་གཙོ། །ཕྱི་ནང་རྟོག་གེའི་ཚོགས་རྣམས་ཟིལ་གྱི་མནན། །འཕགས་མཆོག་ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ། །རྒྱལ་བས་ལུང་བསྟན་དྲང་ངེས་རྣམ་པར་འབྱེད། །ས་གསུམ་འོད་བྱེད་ལ་གནས་མཁས་པའི་མཆོག །རྒྱལ་བ་བྱམས་པའི་ཐུགས་སྲས་འགྲན་ཟླ་བྲལ། །འཕགས་པ་ཐོགས་མེད་དེ་ལ་ཕྱག་འཚལ་ལོ། །ཀླུ་གྲུབ་ཐོགས་མེད་གཉིས་ཀྱི་དགོངས་པའི་གནད། །མི་འགལ་གཅིག་ཏུ་དྲིལ་ནས་རྒྱལ་བ་དང་། རྒྱལ་ཚབ་བྱམས་པའི་དགོངས་པ་འགྲེལ་མཛད་པ། །ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ཕྱག་འཚལ། །གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པ་ནི། །སྣུམ་ཟད་མར་མེ་བཞིན་དུ་གྱུར་པའི་ཚེ། །ལུང་རིག་མན་ངག་མར་གྱི་ཉིང་ཁུ་ཡི། །གསོལ་མཛད་ཆོས་གྲགས་རྒྱ་མཚོའི་ཞབས་ལ་འདུད། །སྐྱེས་ཆེན་དེ་ཡི་བཀའ་དྲིན་ལ་བརྟེན་ནས། །རྒྱལ་བའི་གསུང་རབ་ཟབ་མོའི་གནད་རྣམས་ལ། །ཐོས་བསམ་བསྒོམ་པའི་བློ་མིག་ལེགས་བྱེ་ནས། །གསལ་བར་མཐོང་ཕྱིར་བསྟན་བཅོས་འདི་བརྩམ་མོ། །ཚུ་རོལ་མཐོང་བའི་སྐྱེ་བོ་བློ་ཆུང་ཕལ་ཆེར་གྲུབ་མཐའ་ཕལ་པ་ལ་ཆགས་ནས། །ཐེག་མཆོག་ལམ་བཟང་གསལ་བར་སྟོན་པའི་འཕགས་པའི་གསུང་རྒྱུན་ཟབ་མོ་མི་ཉན་ཅིང་། །ཅུང་ཟད་ཉན་ཀྱང་དགོངས་དོན་ཟབ་དོན་ཟབ་མོ་དཔག་པར་མ་ནུས་འདི་ནི་དྲང་དོན་ཡིན་ཞེས་སྤང་། །དེ་དག་ཕྱོགས་ལྟུང་དབང་གི་སྙིང་པོ་དོན་གྱི་ལམ་བཟང་མཆོག་ལ་བཀྲི་བར་མི་ནུས་མོད། །རང་གི་ཡིད་ལ་གསལ་བར་དྲན་ཕྱིར་གཞུང་འགྲེལ་བརྩམ་པར་བྱེད་ལ་སྤྲོ་བ་བསྐྱེད། །དེ་ཡང་འདིར་གང་འཆད་པར་བྱ་བའི་ཆོས་ནི། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔ་ལས། ངེས་དོན་མཐར་ཐུག་པ་སྙིང་པོའི་དོན་སྟོན་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ། །དེ་ཡང་རྒྱ་གར་ཡུལ་དབུས་སུ། ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་བསྟན་པ་ནུབ་ཏུ་ཉེ་བའི་ཚེ། དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཀྱིས་རྒྱལ་རིགས་དང་བསྡོང་བའི་སྲས་འཕགས་པ་ཐོགས་མེད་དང་། བྲམ་ཟེའི་རིགས་དང་བསྡོང་བའི་སྲས་སློབ་དཔོན་དབྱིག་གཉེན། དཔོན་སློབ་དེ་གཉིས་ཀྱིས་ཐེག་པ་གོང་འོག་གི་མངོན་པའི་ཆོས་རྣམས་དར་རྒྱས་སུ་མཛད་པ་ཡིན་ནོ། །དེ་སློབ་དཔོན་ཐོགས་མེད་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་བྱ་རྐང་གིས་བྲག་ཕུག་ཏུ་ལོ་བཅུ་གཉིས་བསྒྲུབ་པ་མཛད་པས། རྗེ་བཙུན་བྱམས་པ་དང་དངོས་སུ་མཇལ་ནས། བྱམས་པའི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་ལྷའི་ཡུལ་དུ་བྱོན། མི་ལོ་ལྔ་བཅུར་བྱམས་པ་ལས་ཆོས་གསན། བྱམས་ཆོས་སྡེ་ལྔ་ཐུགས་ལ་བཟུང་ནས་སླར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་དབྱིག་གཉེན་ལ་སོགས་སློབ་མ་རྣམས་ལ་རྒྱ་ཆེར་བཤད། ས་སྡེ་པའི་དངོས་གཞི། རྣམ་རིག་གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་གྲངས་བསྡུ་བ་སྟེ་ས་སྡེ་ལྔའོ། །སྡོམས་ཐེག་བསྡུས་དང་བསླབ་བསྡུས་གཉིས་རྣམ་པ་གཉིས་ལ་སོགས་པ་བསྟན་བཅོས་མང་པོ་བརྩམས། ཐེག་པ་ཆེན་པོའི་བསྟན་པ་ནམ་ལངས་བ་ལས་ཉི་མ་ཤར་བ་ལྟ་བུ་མཛད། སློབ་དཔོན་དབྱིག་གཉེན་ཀྱིས་ཐེག་ཆེན་སྟོན་པའི་བསྟན་ཆོས་པྲ་ཀ་སུམ་ཅུ་པ་སོགས་རང་རྒྱུད་དུ་བརྩམ་དང་ལྔ། སྤྱོད་པ་རྒྱ་ཆེན་སོགས་གཞན་རྒྱུད་དུ་བརྩམ་པ་གསུམ་མོ། །མཆན། ར་ཎ་སྡེ་བརྒྱད་མཛད། དེའི་སློབ་མ་བཀའ་ཆེན་བཞི་ལ་མཁས་པ་རང་དང་མཉམ་པ་བཞི་བྱུང་བ་ནི། འདུལ་བ་རང་དང་མཉམ་པ་ཡོན་ཏན་འོད། མངོན་པ་རང་དང་མཉམ་པ་ཁ་ཆེ་བློ་བརྟེན། ཕར་ཕྱིན་རང་དང་མཉམ་པ་འཕགས་པ་གྲོལ་སྡེ། ཚད་མ་རང་དང་མཉམ་པ་ཕྱོགས་ཀྱི་གླང་པོ་རྣམས་ཀྱིས། བཀའ་ཆེན་བཞིའི་དགོངས་འགྲེལ་བསྟན་བཅོས་མང་པོ་བརྩམ་ཞིང་། སློབ་མ་རྣམས་ལ་རྒྱ་ཆེར་བཤད་པས། དིང་སང་གི་བར་དུ་དར་ཞིང་རྒྱས་པ་ཡིན་ནོ། །མངོན་རྟོགས་རྒྱན་ལ་སོགས་པ་བྱམས་ཆོས་གཞན་རྣམས་ལ་སློབ་དཔོན་དབྱིག་གཉེན་ཀྱིས་འགྲེལ་པ་མཛད། རྒྱུད་བླ་མ་འདི་ཐེག་པ་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཞིང་། ཤིན་ཏུ་ཟབ་པར་དགོངས་ནས། ཐོགས་མེད་རང་ཉིད་ཀྱིས་འགྲེལ་པ་མཛད། འགྲེལ་པ་དེ་ཉན་ཐོས་སྡེ་པ་ལ་སོགས་གྲུབ་མཐའ་སྨྲ་བ་ཕལ་ཆེར་གྱིས་བློར་མི་ཤོང་བར་དགོངས་ནས། རེ་ཤིག་མཆོད་རྟེན་གཅིག་གི་ནང་དུ་གཏེར་ལ་སྦས་སོ། །དུས་ཕྱི་མངའ་བདག་མཻ་ཊི་པས། མཆོད་རྟེན་དེ་ལ་བསྐོར་བ་མཛད་པས། གས་པའི་སེར་ག་གཅིག་ནས་འོད་ཟེར་བྱུང་བ་གཟིགས། དེར་ཅི་ཡོད་དགོངས་ནས་བལྟས་པས། རྒྱུད་བླ་མ་ཐོགས་འགྲེལ་དང་བཅས་པའི་དཔེ་ཆ་ཐོན། བསྟན་བཅོས་དེ་རི་ཁྲོད་དབང་ཕྱུག་གིས་བཞེད་པ། སྙིང་པོ་དོན་གྱིས་རབ་རྣམས་དང་། དགོངས་པ་མཐུན་པར་གཟིགས་ནས་ཤིན་ཏུ་དད་པར་གྱུར། དེའི་ལུང་གསན་པར་བཞེད་ནས། རྒྱལ་ཚབ་མི་ཕམ་པ་ལ་གསོལ་བ་གདབས་པས། སྤྲིན་གྱིས་མཐོང་ནས་རྗེ་བཙུན་བྱམས་པ་ཤེལ་ཀྱིས་མཆོད་རྟེན་དབུ་རྒྱན་དུ་བྱས་པ་གཅིག་བྱོན་ནས། རྒྱུད་བླ་མའི་ལུང་གནང་། དེ་ནས་རྗེ་མཻ་ཊི་པས་སློབ་མ་རྣམས་ལ་རྒྱུད་བླ་མ་ཐོགས་འབྲེལ་དང་བཅས་པ་རྒྱ་ཆེར་བཤད། མཻ་ཊི་པའི་སློབ་མ་པཎྜྻི་ཏ་དགའ་བའི་གྲགས་པས་ཐོགས་འགྲེལ་ཀྱི་དཔེ་ཁྱེར་ནས། རྒྱ་གར་ཁ་ཆེའི་ཡུལ། གྲོང་ཁྱེར་དཔེ་མེད་དུ་ཕྱིན་ནས་མཁས་པ་ཆེན་པོ་སད་ཛཱ་ན་ལ་བཤད། དེས་བོད་ཀྱིས་ལོ་རྩྭ་བ་རྔོག་བློ་ལྡན་ཤེས་རབ་དང་། བཙན་ཁ་འོ་ཆེ་གཉིས་ལ་བཤད། དེ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ནས་དར་བར་མཛད་པ་ལགས་སོ། །དེ་ནས་རིམ་པ་བཞིན་བརྒྱུད་དེ། གསང་ཕུའི་ཆོས་རྗེ་འཇམ་དབྱངས་ཤཱཀྱ་གཞོན་ནུ་ལ། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེས་གསན་ནས་རྒྱུད་བླ་མ་ཐོགས་འགྲེལ་དང་བཅས་པ་ལ་བསྡུས་དོན་གྱི་འགྲེལ་པ་མཛད། ཀརྨ་པ་དཀོན་མཆོག་གཞོན་ནུ་ལ་སོགས་སློབ་མ་རྣམས་ལ་རྒྱ་ཆེར་བཤད་ནས། ཤིན་ཏུ་དར་བར་མཛད། ཀུན་མཁྱེན་ཇོ་ནང་བ་ལ་ཡང་གཞན་སྟོང་གི་དགོངས་པ་བཤད་པས། དང་པོ་ངེས་ཤེས་མ་སྐྱེས་ཀྱང་། ཕྱིས་སྦྱོར་བ་ཡན་ལག་དྲུག་པ་ལ་ཐམས་ཅད་མཛད་པས་ཉམས་རྟོགས་ཐུན་མོང་མ་ཡིན་པ་འཁྲུངས། འཁོར་ལོ་ཐ་མའི་མདོ་རྣམས་དང་། རྒྱུད་བླ་མ་ཐོགས་འགྲེལ་དང་བཅས་པ་སོགས་ངེས་དོན་གྱིས་བསྟན་བཅོས་རྣམས་ལ་གཟིགས་རྟོགས་མཛད་པས། ཆོས་རྗེ་རང་བྱུང་བའི་བཞེད་པ་དང་མཐུན་པར་ངེས་ཤེས་སྐྱེས་ནས། གཞན་སྟོང་གི་གྲུབ་མཐའ་བཟུང་བ་ཡིན་ནོ། །ཆོས་རྗེ་རང་བྱུང་བ་ནས། དྲུང་འཛམ་གླིང་བ་ལ་སོགས་པ་གོང་མ་རྣམས་ལ་རིམ་པ་བཞིན་དུ་བརྒྱུད་ནས། ཆོས་རྗེ་རིན་པོ་ཆེ་ཆོས་གྲགས་རྒྱ་མཚོ་ལ་བདག་གིས་ཞུས་པ་ཡིན་ནོ།། ༈ །།ད་ནི་གཞུང་དོན་རང་བྱུང་རྡོ་རྗེའི་བསྡུས་དོན་སོར་བཞག་ནས་བཤད་པར་བྱ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་འདི་ལ་གཉིས། ལོ་རྩྭ་བས་བཀོད་པའི་མཚན་ཕྱག་དང་། བསྟན་བཅོས་དངོས་སོ། །དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་ཡ་ན་ཨུད་ཏ་ར་ཏན་ཏྲ་ཤ་ཏྲ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ཡང་རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་པར་སྦྱར་བ་སཾ་ཊི་ཏའི་སྐད་དུ། བསྟན་བཅོས་འདི་ཡི་མིང་ལ། མཧཱ་ཡ་ན་ཨུད་ཏ་ར། ཞེས་སོགས་སྟེ། དེ་ལ་མཧཱ་ནི་ཆེན་པོ། ཡ་ན་ནི་ཐེག་པ། ཨུད་ཏ་ར་ནི་བླ་མ། ཏན་ཏྲ་ནི་རྒྱུད། ཤ་ཏྲ་ནི་བསྟན་བཅོས་སོ། །བསྟན་བཅོས་དངོས་ལ་གསུམ། ལུས་རྣམ་བཞག་དང་། རྡོ་རྗེའི་གནས་བདུན་རྒྱས་བཤད་དང་། ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ། ལུས་དངོས་བསྟན་པ་དང་། རང་གིས་མཚན་ཉིད་བསྟན་པ་དང་། གོ་རིམ་བརྗོད་པའོ། །དང་པོ་ལུས་དངོས་བསྟན་པ་ནི། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། བསྟན་བཅོས་ཀུན་ཀྱི་ལུས་ནི་མདོར་བསྡུས་ན། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་བྱ་བ་གསུང་སྟེ། སངས་རྒྱས་ཀྱི་དོན་དང་། ཆོས་ཀྱི་དོན་དང་། ཚོགས་དགེ་འདུན་ཀྱི་དོན་དང་། ཁམས་རིགས་ཀྱི་དོན་དང་། བྱང་ཆུབ་སྐུ་གསུམ་ཀྱི་དོན་དང་། བྱང་ཆུབ་ཐོབ་པའི་ཡོན་ཏན་ཀྱི་དོན་དང་། རྒྱལ་བའི་འཕྲིན་ལས་ཀྱི་དོན་སྟེ། རྡོ་རྗེའི་གནས་བདུན་པོ་འདི་ནི་བསྟན་བཅོས་འདི་ཡི་ལུས་མདོར་བསྡུས་སོ། །དེ་ཡང་རྟོགས་པར་བྱ་བའི་དོན་བདུན་ནི་རྡོ་རྗེ་སྟེ་དེ་དང་འདྲ་བའི་ཕྱིར་ཏེ། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་ན། བརྗོད་དུ་མེད་པའི་རང་བཞིན་སོ་སོ་རང་གི་རིག་པར་བྱ་བའི་དོན་ནོ། །དོན་དེ་བརྗོད་པའི་མིང་ཚིག་ཡི་གེ་གང་ཡིན་པ་དེ་དག་ནི་གནས་ཞེས་བརྗོད་དོ། །དེ་ཡི་རྟེན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་རང་གི་མཚན་ཉིད་བསྟན་པ་ནི། འདི་དག་རང་མཚན་ཉིད་ཀྱི་རྗེས་འབྲེལ་བ། གོ་རིམ་ཅི་བཞིན་གཟུང་ཀྱི་རྒྱལ་པོའི་མདོར། གླིང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། ཞེས་བྱ་བ་གསུང་སྟེ། དེ་ཡང་གཟུང་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ཡི་གླིང་གཞིའི་ལེའུ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། རྡོ་རྗེའི་གནས་གསུམ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཁམས་བདེ་གཤེགས་སྙིང་པོ་དང་། དེ་སྒྲིབ་བྲལ་དུ་གྱུར་པའི་བྱང་ཆུབ་དང་། བྱང་ཆུབ་ཀྱི་ཡོན་ཏན་དང་། ཡོན་ཏན་དེ་དག་དང་ལྡན་པའི་སངས་རྒྱས་ཀྱི་འཕྲིན་ལས་དང་། རྡོ་རྗེའི་གནས་ལྷག་མ་བཞི་ནི། བློ་ལྡན་བྱང་ཆུབ་སེམས་པའི་ཆོས་དང་། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཁྱད་པར་བསྟན་པ་ལས་ཤེས་པར་བྱའོ། །མདོ་དེ་ལས་ཅི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་ནི་སངས་རྒྱས་དཀོན་མཆོག་གི་དོན་ཏོ། །ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཞེས་པ་ནི་ཆོས་དཀོན་མཆོག་གི་དོན་བསྟན་ཏོ། །སློབ་མའི་ཚོགས་ཞི་ཞིང་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་པ་ནི་དགེ་འདུན་དཀོན་མཆོག་གི་དོན་བསྟན་ཏོ། །དེའི་རྗེས་ཐོག་ཏུ་དག་པའི་ཡོན་ཏན་ཀྱི་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་བསྟན་པས་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དོ། །དེའི་རྗེས་ཐོག་ཏུ་བྱང་ཆུབ་སེམས་པའི་སྙིང་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་བསྟན་པས། སངས་རྒྱས་ཀྱི་བྱང་ཆུབ་གསལ་བར་མཛད་དོ། །དེ་བསྟན་པའི་རྗེས་ལ་དེ་བཞིན་གཤེགས་པའི་འཕྲིན་ལས་བླ་ན་མེད་པར་བསྟན་པས། སངས་རྒྱས་ཀྱི་འཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་གསལ་བར་མཛད་དོ། །དེ་ནི་མདོ་སྡེ་གཅིག་ལ་ཅི་ལྟར་འབྱུང་བའི་ཚུལ་ཡིན་ལ། གཞན་མདོ་སྡེ་དུ་མ་ལས་འབྱུང་བ་ནི། དཀོན་མཆོག་བརྩེགས་པའི་མདོ། ལྷག་པའི་བསམ་པ་བརྟེན་པའི་ལེའུ་ལས། རྡོ་རྗེའི་གནས་དང་པོ་གསུམ་བསྟན་ཏེ། མདོ་དེ་ལས་ཅི་སྐད་དུ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། མིག་གི་ལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་ཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་བདུན་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱི་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་གསུངས་སོ། །རྡོ་རྗེའི་གནས་བཞི་པ་ཁམས་བདེ་གཤེགས་སྙིང་པོ་ནི། འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོ་ཡི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་སྟེ། ཅི་སྐད་དུ་མདོ་དེ་ལས། ཤ་རིའི་བུ་དོན་དམ་པ་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཚིག་བླ་དྭགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི། ཆོས་ཀྱིས་སྐུའི་ཚིག་བླ་དྭགས་སོ། །ཅེས་གསུངས་སོ། །རྡོ་རྗེའི་གནས་ལྔ་པ་ཡང་མདོ་དེ་ཉིད་ལས་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱིས་སྐུའི་ཚིག་བླ་དྭགས་སོ། །ཞེས་སོ། །རྡོ་རྗེ་གནས་དྲུག་པ་ཡང་མདོ་དེ་ལས་ཤེས་པར་བྱ་སྟེ། ཅི་སྐད་དུ། ཤཱ་རི་བུ་དེ་བཞིན་གཤེགས་པས་བསྟན་པའི། ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་གང་དག་དང་། རྣམ་པ་དབྱེ་བ་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་གསུངས་སོ། །རྡོ་རྗེའི་གནས་བདུན་པ་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལས་འཇུག་པ་བསྟན་པའི་རྗེས་སུ་འབྲང་ནས་རྟོགས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་གོ་རིམ་བརྗོད་པ་ནི། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཐོབ་སོགས། སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། །ཞེས་བྱ་བ་གསུང་སྟེ། དེ་ཡང་སངས་རྒྱས་ཀྱིས་ཆོས་གསུངས། དེ་ལ་བརྟེན་ནས་ཆོས་ཉམས་སུ་ལེན་པའི་དགེ་འདུན་ཚོགས་པ་འབྱུང་། དེ་དག་ལས་བདེ་བར་གཤེགས་པའི་སྙིང་པོ་ཀུན་གཞི་ཡེ་ཤེས་སེམས་ཅན་ཀྱི་ཁམས་རྟོགས་ཤིང་ཐོབ་པ་འབྱུང་། ཡེ་ཤེས་དེ་རྟོགས་ཤིང་སྒྲིབ་པ་གསུམ་བྱང་བས་བྱང་ཆུབ་འཐོབ། བྱང་ཆུབ་དེ་ལ་སྟོབས་བཅུ་ལ་སོགས་པ་ཡོན་ཏན་རྣམས་མངོན་ཏུ་འགྱུར། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་དུ་བྱུང་བའོ། །གཉིས་པ་རྡོ་རྗེའི་གནས་བདུན་རྒྱས་བཤད་ལ་བཞི། རྟོགས་བྱའི་གཞི་དང་། རྟོགས་པའི་བྱང་ཆུབ་དང་། ཡན་ལག་ཡོན་ཏན་དང་། བྱེད་པའི་རྐྱེན་འཕྲིན་ལས་སོ། །དང་པོ་ལ་གཉིས། རྟོགས་བྱའི་འབྲས་བུ་དཀོན་མཆོག་དང་། རྒྱུ་ཁམས་སོ། །དང་པོ་ལ་བཞི་སྟེ། སངས་རྒྱས་དང་། ཆོས་དང་། དགེ་བདུན་དང་། སྐྱབས་གསུམ་ཀྱིས་རྣམ་དབྱེ་བསྟན་པའོ། །དང་པོ་སངས་རྒྱས་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་མདོར་བསྟན་ནི། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ཐེབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་འཛད་དེ་ལ་འདུད། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་ཡོན་ཏན་བརྒྱད་དང་ལྡན་པར་བསྟན་པ་དང་། དེའི་བསྒྲུབ་བྱེད་བརྗོད་པའོ། །དང་པོ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་ཀྱིས་རྟོག་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པ་སངས་རྒྱས་ཉིད། །འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང་། ལྷུན་གྱིས་གྲུབ་པ་དང་། གཞན་རྐྱེན་གྱི་མངོན་པར་རྟོགས་པ་མ་ཡིན་པ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ནུས་པ་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པའོ། །གཉིས་པ་དེའི་བསྒྲུབ་བྱེད་བརྗོད་པ་ནི། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱིས་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་ཀྱིས་རྐྱེན་གྱི་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤངས་ཕྱིར་རོ། །ཞེས་བྱ་བ་གསུང་སྟེ། དེ་ལ་སངས་རྒྱས་ཉིད་ནི་འདུས་མ་བྱས་པ་སྟེ། ཐོག་མ་སྐྱེ་བ་མེད་པ་དང་། དབུས་སུ་གནས་པ་མེད་པ་དང་། ཐ་མ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཡིན་ཏེ། འབད་རྩོལ་གྱིས་རྣམ་པར་རྟོགས་པ་དང་། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡང་། སངས་རྒྱས་ཀྱི་ཆོས་ཀུན་དང་ལྡན་པའི་སྐུ་ཡིན་པའི་ཕྱིར་རོ། །གཞན་གྱི་སྒྲ་ལ་སོགས་པའི་རྐྱེན་གྱིས་རྟོགས་པ་མིན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རང་བྱུང་དུ་རྟོགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་དང་ལྡན་པ་ཡིན་ཏེ། དེ་ལྟ་བུའི་འདུས་མ་བྱས་པ་ལ་སོགས་པ་རྣམ་པ་གསུམ་རྟོགས་པའི་ཕྱིར། ཐུགས་རྗེ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་རྟོགས་པར་བྱེད་པའི་ལམ་གཞན་ལ་སྟོན་པའི་ཕྱིར་རོ། །ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། ཡེ་ཤེས་དང་ཐུགས་རྗེ་དེ་ལྟ་བུ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱི་སྡུག་བསྔལ་དང་ཉོན་མོངས་མཐའ་དག་སྤང་བར་མཛད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་ནི། དང་པོ་གསུམ་གྱིས་རང་དོན་ཏེ། ཕྱི་མ་གསུམ་གྱི་གཞན་དོན་ཡིན། །ཞེས་བྱ་བ་གསུང་སྟེ། སངས་རྒྱས་ནི་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ནི་འདུས་མ་བྱས་པ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། རང་རིག་རང་བྱུང་དུ་རྟོགས་པའོ། །གཞན་དོན་ཕུན་སུམ་ཚོགས་པ་ནི། གཞན་དོན་བསྒྲུབ་པའི་མཁྱེན་བརྩེ་ནུས་པ་གསུམ་དང་ལྡན་པའོ། །གཉིས་པ་ཆོས་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུ་ཡང་། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། སྟོང་དང་རབ་རིམ་རྣམ་པར་འཛོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། ཞེས་བྱ་བ་གསུང་སྟེ། རྟོགས་སྤྱོད་ཡུལ་དུ་བྱས་ནས་བློས་བརྟག་པའི་ཡོད་པ་དང་། མེད་པ་དང་། ཡོད་མེད་གཉིས་ཀ་དང་། དེ་གཉིས་ཀ་མ་ཡིན་པ་སྟེ། མུ་བཞི་གང་དུ་ཡང་མ་དམིགས་ཏེ། མིང་ཚིག་ཡི་གེས་བརྗོད་དུ་མེད་པའི་ཕྱིར་ཏེ། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ཅི་ལྟ་ཅི་སྙེད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། དམིགས་པའི་ཡུལ་ཐམས་ཅད་ལ། ཆགས་པ་དང་། སྡང་བ་དང་། འཁྲུལ་པའི་གཏི་མུག་མཐའ་དག་སེལ་བར་བྱེད་པ་ཉི་མ་ལྟ་བུའོ། །གཉིས་པ་རྒྱས་བཤད་ནི། བསམ་མེད་གཉིས་མེད་རྟོག་མེད་པ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་བྱ་བ་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དག་པ་དང་། མངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུའོ། །ཆགས་བྲལ་ཉིད་ནི་འགོག་པ་དང་། ལམ་གྱིས་བདེན་པ་དག་གིས་བསྡུས། །གོ་རིམ་ཅི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིགས་བྱ། །ཞེས་བྱ་བ་གསུང་སྟེ། གང་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་དང་། གང་གི་འདོད་ཆགས་དང་བྲལ་བའི་རྒྱུ་ལམ་གྱིས་བདེན་པ་སྟེ། དེ་གཉིས་ནི་ཆོས་དཀོན་མཆོག་ཡིན་ནོ། །དེ་ལ་འགོག་པའི་བདེན་པ་ནི། ཡོན་ཏན་གསུམ་དང་ལྡན་པ་སྟེ། བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པའོ། །ལམ་ཀྱིས་བདེན་པ འང་ཡོན་ཏན་གསུམ་དང་ལྡན་པ་སྟེ། དག་པ་དང་། གསལ་བ་དང་། གཉེན་པོའི་ཕྱོགས་ཉིད་དོ། །དེ་དག་གི་རྒྱུ་མཚན་རྒྱས་པར་བཤད་པ་ནི། བརྟགས་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །འགོག་པའི་བདེན་པ་ཆོས་ཀྱིས་སྐུ་དེ་ནི། བསམ་དུ་མེད་པ་སྟེ། རྣམ་རྟོགས་གིས་བརྟག་བྱ་མིན་པའི་ཕྱིར་དང་། སྒྲ་ཚིགས་གིས་བརྗོད་དུ་མེད་པའི་ཕྱིར་དང་། འཕགས་པ་འབའ་ཞིག་གིས་མཁྱེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞི་བ་ཆོས་ཀྱི་སྐུ་དེ་ལས་དང་ཉོན་མོངས་པ་གཉིས་བྱེད་པ་དང་། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པ་ཉིད་དེ་དག་སོགས་གསུམ་པོ་དེ་ནི་ཉི་མ་དང་ཆོས་མཚུངས་སོ། །དེ་ཡང་ཅི་སྐད་དུ། ཐོགས་འགྲེལ་ལས། དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །དེ་རང་བཞིན་ཀྱིས་འགག་པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་དང་། ལས་གཉིས་ཀུན་ཏུ་སྤྱོད་པ་མེད་པའི་ཚུལ་ཀྱིས་སྡུག་བསྔལ་གཏན་འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །ཆོས་འགའ་ཞིག་ཞིག་པའི་ཕྱིར་ནི། སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཞེས་གསུངས་སོ། །སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་། སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་ཀྱིས་ཉི་མ་དང་འདྲ་བར་རིགས་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཐུན་པ་ནི། ཉེ་བའི་ཉོན་མོངས་པ་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པ་ནི། ཤེས་བྱ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པ་ནི་དེ་ཁོ་ན་ཉིད་མཐོང་བའི་གེགས་ཀྱིས་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལས། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །གཉིས་པ་རྒྱས་བཤད་ནི། ཇི་ལྟ་ཇི་སྙེད་ནང་གིས་ནི། །ཡེ་ཤེས་གཟིག་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །དེ་ཡང་དགེ་འདུན་དཀོན་མཆོག་ནི། རིག་གྲོལ་ཀྱི་ཡོན་ཏན་གཉིས་དང་ལྡན་པའོ། །དེ་ལ་དབྱེ་ན། ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་དང་། ཐེག་ཆེན་འཕགས་པ་གསུམ། ཉན་ཐོས་ལ་དབྱེ་ན། སྐྱེས་བུ་ཟུང་བཞིའམ། གང་ཟག་ཡ་བརྒྱད། སྐྱེས་བུ་ཟུང་བཞི་ནི། རྒྱུན་ཞུགས་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་གཉིས། ཕྱིར་འོང་ཞུགས་པ་དང་ཕྱིར་འོང་འབྲས་གནས་གཉིས། ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པ་དང་དགྲ་བཅོམ་འབྲས་གནས་གཉིས་ཏེ། ཟུང་བཞི་དེ་དག་སོ་སོར་བསྒྲང་བས་གང་ཟག་ཡ་བརྒྱད་དོ། །རང་རྒྱལ་ལ་དབྱེ་ན། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས། ཚོགས་སྤྱོད་ལ་དབྱེ་ན། ཚོགས་སྤྱོད་ཆུང་ངུ་དང་། ཚོགས་སྤྱོད་ཆེན་པོ་གཉིས་རྣམས་ཡོད་དོ། །ཐེག་ཆེན་འཕགས་པ་ལ་དབྱེ་ན། བྱང་སེམས་འཕགས་པ་དང་། སངས་རྒྱས་འཕགས་པ་གཉིས། བྱང་སེམས་འཕགས་པ་ལ་དབྱེ་ན། ས་དང་པོ་བ་དང་། ས་གཉིས་བ་ལ་སོགས། ས་བཅུ་པ་རྣམས་སོ། །ཐེག་པ་གསུམ་གྱི་ཚོགས་ལམ་བ་དང་སྦྱོར་ལམ་པ་རྣམས་ནི་སོ་སོའི་སྐྱེ་བོ་ཡིན་པས། འཕགས་པའི་དགེ་འདུན་དུ་མི་བསྒྲང་ངོ། །དེ་ལ་རིག་པའི་ཡོན་ཏན་ནི། བདེན་པ་མཐོང་བའོ། །གྲོལ་བའི་ཡོན་ཏན་ནི་བསྒྲིབ་པ་ལས་གྲོལ་བའོ། །འདིར་ཐེག་པ་ཆེན་པོའི་དགེ་འདུན་ཀྱི་དབང་དུ་བྱས་ནས། རིག་པའི་ཡོན་ཏན་ལ་ཆོས་ཉིད་ཇི་ལྟར་གཟིགས་པ་དང་། ཆོས་ཅན་ཇི་སྙེད་པ་གཟིགས་པ་སྟེ། དེ་གཉིས་ཀ་ཡང་རང་གི་སོ་སོ་རང་རིག་པའི་ཡེ་ཤེས་ལ་བཞག་གོ །དེ་ལ་ཆོས་ཉིད་ཇི་ལྟ་བ་གཟིགས་བའི་དབང་དུ་བྱས་ནས་བཤད་པ། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ཡང་། རང་བཞིན་གྱིས་ནི་ཡང་དག་ཕྱིར། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་ཆོས་ཉིད་གདོད་མ་ནས་ཞི་བ། རང་བཞིན་གྱི་ཡོངས་སུ་དག་པ། བདེ་གཤེགས་སྙིང་པོ་ཡོད་པ་དང་། འཁྲུལ་སྣང་གློ་བུར་གྱིས་ཉོན་མོངས་པ་རྣམས་ནི། རྨི་ལམ་དང་སྒྱུ་མ་བཞིན་གདོད་མ་ནས་མེད་པར་གཟིགས་པའོ། །ཆོས་ཅན་ཇི་སྙེད་མཁྱེན་བའི་དབང་དུ་བྱས་ནས་བཤད་པ། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཡོད་པ། མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། ཞེས་བྱ་བ་གསུངས་ཏེ། ཤེས་བྱ་མུ་དང་མཐའ་མེད་པ་རྟོགས་ཤིང་། དེ་ཡང་ཐམས་ཅད་མཁྱེན་པའི་ཆོས་ཉིད། བདེ་གཤེགས་སྙིང་པོ། སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་པའོ། །རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཐེག་ཆེན་འཕགས་པ་རྣམས་ཀྱི་རྟོགས་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཉེ་ཚེ་བའི་ཡེ་ཤེས་ཀྱིས། མཐོང་བ་ལ་ལྟོས་ནས། ཁྱད་པར་དུ་འཕགས་པའི་ཡིན་ཏེ། ཉོན་མོངས་པའི་བསྒྲིབས་པས་ཆགས་པ་མེད་པའི་ཕྱིར་དང་། ཤེས་བྱའི་བསྒྲིབས་པས་ཐོགས་པ་མེད་པའི་ཕྱིར་རོ། །འཕགས་པ་ཕྱིར་མི་ལྡོག་པ། ས་དང་པོ་ཡན་ཆད་ལ་གནས་པ་རྣམས་ནི། ཡེ་ཤེས་གཟིགས་པ་དེ་ལྟ་བུ་དང་ལྡན་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བའི་ཕྱིར། ལུས་ཅན་ཀུན་གྱིས་སྐྱབས་ཡིན་ནོ། །དེ་ལ་དགོངས་ནས་འདིར། ཡེ་ཤེས་གཟིགས་པ་དག་པ་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་བཤད་དོ། །བཞི་པ་སྐྱབས་གསུམ་ཀྱི་རྣམ་དབྱེ་བསྟན་པ་ལ། སྐྱབས་གསུམ་དུ་བཞག་པའི་རྒྱུ་མཚན། ཆོས་དང་དགེ་འདུན་གཉིས། མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་པ། མཐར་ཐུག་གི་སྐྱབས་དངོས་བསྟན་པ། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དེ་ལ་དང་པོ་ནི། སྟོན་པའི་བསྟན་པ་སློབ་དོན་དུ། །ཐེག་གསུམ་པ་དང་བྱེད་གསུམ་པ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་བྱ་བ་གསུང་སྟེ། སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་ངོ་བོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །སྟོན་པའི་བསྟན་པ་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་རྟེན་འབྲེལ་ཀྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་དང་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི། །ཡོན་ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲ་རྗེས་སུ་རྟོགས་པའི་ཕྱིར། ཞུགས་པའི་ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །གཉིས་པ་ཆོས་དང་དགེ་འདུན་གཉིས་མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་པ་ནི། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་ཀྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་བྱ་བ་གསུང་སྟེ། དེ་ཡང་བསྟན་པ་ལུང་གིས་ཆོས་དང་། བསྒྲུབ་པ་རྟོགས་པའི་ཆོས་གཉིས་ལ། ལུང་ནི་མདོ་མདོ་སྡེ་དབྱངས་སྙད་ལུང་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །མཆན། ལ་སོགས་པ་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ། །དེ་དག་ཀྱང་ལམ་མངོན་པར་རྟོགས་པའི་མཐར་ཐུག་པའི་ཚེ། གཟིངས་ལྟ་བུར་སྤང་བར་བྱ་བ་ཡིན་ནོ། །རྟོགས་པའི་ཆོས་ནི། རྒྱུ་ལམ་ཀྱིས་བདེན་པ་དང་། འབྲས་བུ་འགོག་པའི་བདེན་པ་གཉིས། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་ལ། འདུས་བྱས་གང་ཡིན་པ་དེ་ནི་མི་བདེན་པ། མི་རྟག་པ། རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། རྟེན་གྱི་སྐྱབས་གནས་མ་ཡིན་ནོ། །འགོག་པའང་། ཉན་ཐོས་ཀྱི་ཚུལ་གྱི་མར་མེའི་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་ཀྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སམ། སྐྱབས་མ་ཡིན་པར་འོས་པ་མ་ཡིན་ནོ། །ཐེག་པ་གསུམ་ཀྱི་དགེ་འདུན་རྣམས་ཀྱང་། རྟག་ཏུ་འཁོར་བའི་འཇིགས་པ་དང་བཅས་པའི་ཕྱིར་རྟེན་གྱིས་སྐྱབས་མ་ཡིན་ནོ། །འཁོར་བ་སྤངས་པའི་དགྲ་བཅོམ་པ་རྣམས་ཀྱང་། ཉོན་མོངས་པའི་བག་ཆགས་མ་སྤངས་པའི་ཕྱིར། ལས་ཀྱི་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲི་གདེང་བའི། གཤེད་མའི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེ་ན་དེ་དག་ཀྱང་གཏན་དུ་བདེ་བའི་ངེས་པར་འབྱུང་བ། ཐོབ་པ་མ་ཡིན་ནོ། །དེ་དག་ཀྱང་། འཇིག་པ་མེད་པ་ཁྱུ་མཆོག་གི་གནས་ཐོབ་པར་བྱ་བའི་ཕྱིར། ཞུགས་པར་འགྱུར་བ་ཡིན་ཏེ། །འདི་ལྟ་སྟེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །དེའི་ཕྱིར་དེ་ཡང་ཡང་དག་པའི་སྐྱབས་ཚོལ་བ་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །གསུམ་པ་མཐར་ཐུག་གི་སྐྱབས་དངོས་བསྟན་པ་ནི། དམ་པའི་དོན་དུ་འགྲོ་བ་ཡི། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ཚོགས་ཀྱང་དེའི་མཐར་ཐུག་ཡིན། ཞེས་བྱ་བ་གསུང་སྟེ། །དོན་དམ་པའི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། སྐྱེ་འགག་མེད་པའི་ཐུབ་པ་འགོག་ལམ་བདེན་པ་གཉིས་ཀྱི་མཚན་ཉིད། འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་གྱི་ཆོས་ཀྱི་སྐུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པས་འགྱུར་བའི་ཕྱིར་ན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ན། ཕྱི་མི་མཐའ་ཡི་མུ་དང་མཉམ་པར་མི་ཟད་པའི་སྐྱབས་རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་སངས་རྒྱས་གཅིག་པུ་ཉིད་དོ། །བཞི་པ་དཀོན་མཆོག་གི་སྒྲ་དོན་བཤད་པ་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱིས། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཞེས་བྱ་བ་གསུངས་སྟེ། དཀོན་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བ་བརྗོད་དེ། དེའང་འབྱུང་བ་དཀོན་པ་ནི། བསྐལ་པ་མང་པོར་ཡང་དགེ་བའི་རྩ་བ་མ་བསག་པ་རྣམས་དེ་དག་དང་འཕྲད་བ་མི་འཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི། རྣམ་པ་ཐམས་ཅད་དུ་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པ་ནི། མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱིས་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱིས་རྒྱན་དུ་གྱུར་པ་ནི། འགྲོ་བ་ཐམས་ཅད་ཀྱིས་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་བཅོས་མ་ཐམས་ཅད་ལས་མཆོག་ཡིན་པ་བཞིན། དཀོན་མཆོག་གསུམ་ཡང་། རྐང་གཉིས་དམ་པ་རྣམས་ཀྱི་མཆོག་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དང་། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །གཞན་དུ་མི་འགྱུར་བ་ནི། བསྟོད་སྨད་ལ་སོགས་པའི་རྐྱེན་གྱི་རྣམ་པར་མི་འགྱུར་བ་སྟེ་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་བྱའི་འབྲས་བུ་དཀོན་མཆོག་བཤད་ནས།། ༈ །།གཉིས་པ་རྟོགས་བྱའི་རྒྱུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་བཤད་པ་ལ། ཁམས་རྒྱུ་རྐྱེན་བཅས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཁམས་དངོས་ཀྱི་ངོ་བོ་བཤད་པ་གཉིས། དང་པོ་ལ། ཐམས་ཅད་མཁྱེན་པའི་ཡུལ་དུ་བསྟན་པ་དང་། དེ་བསམ་གྱིས་མི་ཁྱབ་པའི་ཚུལ་རྒྱས་པར་བཤད་པ་གཉིས། དང་པོ་ནི། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། གང་ལས་དཀོན་མཆོག་དགེ་བ་གཉིས་འབྱུང་བ། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་བྱ་བ་གསུང་སྟེ། །དྲི་མ་དང་བཅས་པ་སེམས་ཅན་གྱི་དེ་བཞིན་ཉིད་དང་། དྲི་མ་མེད་པ། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་སངས་རྒྱས་དེའི་ཡོན་ཏན་དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཏེ་རྒྱུ་རྐྱེན་བཞི་པོ་དེ་ལ་བརྟེན་ནས་དཀོན་མཆོག་གསུམ་འབྱུང་བ་ཡིན་ནོ། །རྒྱུ་རྐྱེན་བཞི་པོ་དེ་ནི། དོན་དམ་གཟིགས་པ་སངས་རྒྱས་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱིས། སོ་སོ་སྐྱེ་བོ་རྣམས་ཀྱི་བསམ་པའི་ཡུལ་ལས་འདས་པའི་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་དཀོན་མཆོག་གསུམ་འབྱུང་བའི་རྒྱུའམ་རིགས་རྣམ་པ་བཞི་པོ་དེ་བསམ་གྱིས་མི་ཁྱབ་བའི་རྒྱུ་མཚན་བཤད་པ་ནི། དཀོན་མཆོག་གསུམ་པོ་འདིའི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིན་ནི་བསམ་མི་ཁྱབ། ཞེས་བྱ་བ་གསུང་སྟེ། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཉོན་མོངས་པའི་སྦུབ་ལས་མ་གྲོལ་བའི་ཁམས་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི། དེ་ཉིད་སངས་རྒྱས་ཀྱི་སར་སྒྲིབ་བྲལ་དུ་གནས་ཡོངས་སུ་གྱུར་པའི་མཚན་ཉིད། །དེ་བཞིན་གཤེགས་པའི་ཆོས་ཀྱིས་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཆོས་སྐུ་དེ་སྒྲིབ་པ་དང་བྲལ་བས། ཆོས་སྐུ་དེ་ཉིད་ལ་ཡོད་པ། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་མངོན་དུ་གྱུར་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུའི་འཕྲིན་ལས་བཅུ་ལ་སོགས་པ་སངས་རྒྱས་ཀྱིས་ཆོས་དེ་དག་རང་རང་གི་འཕྲིན་ལས་ཏེ། རྒྱུན་འཆད་པ་མེད་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པའོ། །གནས་བཞི་པོ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པའི་ཕྱིར་རྟོགས་པར་དཀའ་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། ཞེས་བྱ་བ་གསུང་སྟེ། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། རང་བཞིན་རྣམ་པར་དག་པའང་ཡིན་ལ། ཀུན་ནས་ཉོན་མོངས་པའི་དྲི་མ་དང་བཅས་པ་ཡང་ཡིན་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི། སྔར་ནས་དྲི་མས་ཀུན་ཏུ་ཉོན་མོངས་པར་ཡང་མ་གྱུར་ལ། ཕྱིས་རྣམ་པར་དག་པར་འགྱུར་བའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་པའོ། །སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ་སོའི་སྐྱེ་བོ་ཡི་གནས་སྐབས་ནའང་། ཆོས་ཉིད་དེ་བཞིན་ཉིད་དང་དབྱེར་མེད་པ། འཁོར་འདས་སྔ་ཕྱི་ཁྱད་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་པའོ། །རྒྱལ་བའི་མཛད་པ་ནི་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་གདུལ་བྱ་རྣམས་ཀྱིས་བསམ་པ་དང་འཇུག་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་པའོ། །བྱེ་བྲག་ཏུ་ཁམས་ཀྱི་ངོ་བོ་བཤད་པ་ལ་བཞི་སྟེ། ཁམས་ཀྱི་དོན་མདོར་བསྟན་པ་དང་། དགོངས་དོན་རྒྱས་པར་བཤད་པ་དང་། ངོ་བོ་མི་འགྱུར་ཡང་དྲི་མ་སྦྱོངས་བ་དཔེས་བསྟན་པ་དང་། ཁམས་བསྟན་པའི་དགོས་པའོ། །དང་པོ་ལ། རྡོ་རྗེའི་གནས་བཞིའི་བསྡུས་དོན་དང་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་པའི་གཏན་ཚིག་བཀོད་པ་གཉིས། དང་པོ་ནི། རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། གོ་རིམ་ཅི་བཞིན་གནས་གཅིག་ནི། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་བྱ་བ་གསུང་སྟེ། །རྟོགས་བྱ་བདེ་གཤེགས་སྙིང་པོ་དང་། རྟོགས་པ་བྱང་ཆུབ་དང་། རྟོགས་པའི་ཡན་ལག་སངས་རྒྱས་ཀྱི་ཡོན་ཏན་དང་། རྟོགས་པར་བྱེད་པའི་ཐབས་འཕྲིན་ལས་ཏེ། རྣམ་པ་བཞི་ལས། གནས་དང་པོ་བདེ་གཤེགས་སྙིང་པོ་ནི་དག་པར་བྱ་རྒྱུ་ཡིན་ལ། གནས་ཕྱི་མ་གསུམ་ནི། དག་པར་བྱེད་པའི་རྐྱེན་ཡིན་ནོ། །གཉིས་པ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བྱ་བ་གསུང་སྟེ། སེམས་ཅན་ཐམས་ཅད་ལ་རྫོགས་སངས་རྒྱས་ཀྱི་ཆོས་སྐུ་འཕྲོ་བ་སྟེ། སེམས་ཉིད་མ་བཅོས་པ་བསྒོམ་པས་ཆོས་སྐུ་མངོན་དུ་འགྱུར་བའི་ཕྱིར་དང་། སེམས་ཅན་གྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་དབྱེར་མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཟག་མེད་སེམས་ཀྱི་ས་བོན་རིགས་ཡོད་པའི་ཕྱིར། དེ་དག་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །དགོངས་དོན་རྒྱས་བཤད་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། ཞེས་བྱ་བ་གསུང་སྟེ། དོན་རྣམ་པ་བཅུ་ལ་དགོངས་ནས། དེ་ཁོ་ན་ཡེ་ཤེས་དམ་པའི་ཡུལ། དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པར་བཞག་པར་རིག་པར་བྱའོ། །དོན་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ངོ་བོའི་དོན་དང་། རྒྱུ་ཡི་དོན་དང་། འབྲས་བུའི་དོན་དང་། ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། གནས་སྐབས་ཀྱིས་རབ་དུ་དབྱེ་བའི་དོན་དང་། ཀུན་ཏུ་འགྲོ་བའི་དོན་དང་། མི་འགྱུར་བའི་དོན་དང་། དབྱེ་བ་མེད་པའི་དོན་ཏོ། །རྒྱས་བཤད་ལ་བརྒྱད། ངོ་བོ་དང་རྒྱུའི་རྒྱས་བཤད། འབྲས་བུ་དང་ལས་ཀྱི་རྒྱས་བཤད། ལྡན་པ་བཤད། འཇུག་པ་བཤད། གནས་སྐབས་བཤད། ཀུན་ཏུ་འགྲོ་བ་བཤད། མི་འགྱུར་བ་བཤད། དབྱེ་བ་མེད་པའི་ཡོན་ཏན་གྱི་དོན་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ནི། རིན་ཆེན་ནམ་མཁའ་ཆུ་དག་བཞིན། རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །མཐུ་དང་གཞན་དུ་མི་འགྱུར་དང་། །རླན་པའི་ངོ་བོ་རང་བཞིན་ཕྱིར། །འདི་དག་ཡིད་ནི་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཞེས་བྱ་བ་གསུང་སྟེ། །དེ་བཞིན་གཤེགས་པའི་ཁམས་ནི་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་རྣམ་པར་དག་པའི་ཡོན་ཏན་དང་། ཆོས་མཐུན་པ་ཉིད་དུ་རིགས་པར་བྱའོ། །དེ་ཡང་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་སྟེ། དེ་རྟོགས་ཤིང་བསྒོམ་པས་བསམ་པའི་དོན་འགྲུབ་པ་སོགས་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར། རང་གི་ངོ་བོ་ནམ་མཁའ་དང་ཆོས་མཐུན་ཏེ། རྐྱེན་གྱི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཆུ་བོ་དང་ཆོས་མཐུན་ཏེ་སེམས་ཅན་ལ་སྙིང་བརྩེ་བའི་རླན་དང་ལྡན་པའི་ཕྱིར་རོ། །དེ་དག་སྤྱིའི་མཚན་ཉིད་ཀྱི་དབང་དུ་བྱས་ན། རྟག་ཏུ་རང་བཞིན་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་དྲི་མ་མེད་པ་དང་ཆོས་མཐུན་པར་རིག་པར་བྱའོ། །སོ་སོར་བཤད་པ་ལ། སྤང་བྱ་བཞི་ལྡན་གྱི་སེམས་ཅན་བསྟན། སྲིད་ཞིའི་གཉེན་པོ་བཞི་དང་སྦྱར་བ། དེ་རྒྱལ་བའི་སྲས་སུ་འགྱུར་ཚུལ་ལོ། །དང་པོ་ནི། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམས་བཞི། །ཞེས་བ་བྱ་བ་གསུང་སྟེ། མདོར་བསྡུ་ན། སེམས་ཅན་ཀྱི་ཚོགས་ན། སེམས་ཅན་ཀྱིས་རྣམ་པ་འདི་གསུམ་ཡོད་དེ། སྲིད་པ་འདོད་པ་དང་། སྲིད་པ་དང་བྲལ་བར་འདོད་པ་དང་། དེ་གཉིས་ཀ་མངོན་པར་མི་འདོད་པའོ། །དེ་ལ་སྲིད་པ་འདོད་པ་ནི་རྣམ་པ་གསུམ་སུ་རིག་པར་བྱ་སྟེ། ཐར་པའི་ལམ་དང་། ཞི་འདྲེས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་གྱི་སེམས་ཅན་འཁོར་བ་ཉིད་འདོད་ཀྱིས། མྱ་ངན་ལས་འདས་བའི་མི་འདོད་པ་གང་ཡིན་པ་དང་། ཆོས་འདི་པ་ནང་པ་སངས་རྒྱས་པ་ལ་གཏོག་ཀྱང་ཉན་ཐོས་སེན་དྷ་པ་ལྟ་བུ་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་དག་གོ །དེ་ལ་སྲིད་པ་དང་བྲལ་བར་འདོད་པ་ནི་རྣམ་པ་གཉིས་ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐབས་ལ་ཞུགས་པའོ། །དེ་ལ་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་རྣམ་པ་གསུམ་སྟེ། འདི་ལས་ཕྱི་རོལ་དུ་གྱུར་པ་ཙ་ར་ཀ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་རྣམས་པ་དུ་མའི་མུ་སྟེགས་པ་མང་པོ་དང་། དེ་དག་དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད་ལ་དད་པ་ཡོད་ཀྱང་ངེས་པར་བཟུང་བས་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། དོན་དམ་པ་ལ་མི་མོས་པ་གང་ཟག་ཏུ་ལྟ་བ་དང་། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་བློས་བྱས་མཚན་འཛིན་གྱི་ལྟ་བའོ། །ཐབས་ལ་ཞུགས་པའང་རྣམ་པ་གཉིས། ཉན་ཐོས་ཀྱི་ཐེག་པ་དང་། མཐུན་པར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པར་ཞུགས་པའོ། །དེ་གཉིས་ཀ་མངོན་པར་མི་འདོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཏེ། གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང་། མུ་སྟེགས་པ་ལ་སོགས་པ་ལྟར་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་མ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་ཐབས་ཉེ་ཚེ་བ་ལ་ཞུགས་པའང་མ་ཡིན་ཏེ། འོན་ཀྱང་འཁོར་བ་དང་མྱ་ངན་ལ་འདས་པ་མཉམ་པ་ཉིད་རྟོགས་པའི་ལམ་དུ་ཞུགས་པ་མི་གནས་པའི་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན། ཉོན་མོངས་པ་མེད་པའི་འཁོར་ལ་བརྟེན་པའི་སྦྱོར་བ་ཅན། སྙིང་རྗེ་དང་ལྷག་པའི་བསམ་པ་བརྟན་པས་རབ་ཏུ་གནས་པ་རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པ་འདོད་ཆེན་པ་དང་དེར་ངེས་པར་ལྷུང་བའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱིས་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་མ་ངེས་པའི་སེམས་ཅན་ཀྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་བ་འདོད་པ་ཐབས་ལ་ཞུགས་པ་དང་། དེ་གཉིས་ཀ་མངོན་པར་མི་འདོད་པ་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །དེ་རྣམས་ལས་གཞན། འདོད་ཆེན་པ་དང་། མུ་སྟེགས་པ་དང་། ཉན་ཐོས་པ་དང་། རང་སངས་རྒྱས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པའི་ཁམས་མི་རྟོགས་པ་དང་། མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་འདི་བཞི་ཡོད་དེ། འདི་ལྟ་སྟེ། བདག་རྟག་པ་གཅིག་པུ་རང་དབང་ཅན་དུ་ལྟ་བ་དང་། འཁོར་བའི་སྡུག་བསྔལ་འཇིག་ནས་སེམས་ཅན་ཀྱི་དོན་དུ་སྲིད་པར་སྐྱེ་བ་མི་ལེན་པ་དང་། སེམས་ཅན་ཀྱི་དོན་ལ་ལྟོས་པ་མེད་པར་རྒྱབ་ཀྱིས་ཕྱོགས་པའོ། །དེ་དག་ཀྱང་འདོད་ཆེན་པ་དང་། མུ་སྟེགས་པ་དང་། ཉན་ཐོས་དང་། རང་རྒྱལ་རྣམས་ལ་གོ་རིམ་བཞིན་དུ་ཡོད་པའི་སྒྲིབ་པ་བཞིའོ། །གཉིས་པ་སྲིད་ཞིའི་གཉེན་པོ་དང་སྦྱར་བ་ནི། དག་རྒྱུ་ལྷག་པར་མོས་པ་ལ་སོགས་པའི་ཆོས་ནི་རྣམ་བཞི་ཉིད། ཞེས་བྱ་བ་སྟེ། སྒྲིབ་པ་དང་པོའི་གཉེན་པོ་ནི། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པའོ། །གཉིས་པའི་གཉེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །གསུམ་པའི་གཉེན་པོ་ནི་ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ནི་བསྒོམ་པའོ། །བཞི་པའི་གཉེན་པོ་ནི་སྙིང་རྗེ་ཆེན་པོ་བསྒོམ་པའོ། །གསུམ་པ་སྟེ། རྒྱལ་བའི་སྲས་སུ་འགྱུར་ཚུལ་ནི། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་བྱ་བ་གསུང་སྟེ། དེའང་ཐེག་པ་ཆེན་པོ་ལ་མོས་པ་ནི། མངལ་གྱི་ས་བོན་དང་མཚུངས་སོ། །བདག་མེད་རྟོགས་པའི་ཤེས་རབ་ནི་བསྐྱེད་པར་བྱེད་པའི་མ་དང་མཚུངས་སོ། །བསམ་གཏན་གྱི་བདེ་བ་ནི་མ་ཡི་མངལ་དང་མཚུངས་སོ། །སྙིང་རྗེ་ཆེན་པོ་ནི་ནར་སོན་པར་བྱེད་པའི་མ་མ་དང་མཚུངས་སོ། །གཉིས་པ་འབྲས་བུ་དང་ལས་ཀྱི་རྒྱས་བཤད་ལ། སྤྱིར་བསྟན་པ་དང་བྱེ་བྲག་དུ་བཤད་པ་གཉིས། དེ་ལ་དང་པོ་ནི། གཙང་བདག་བདེ་དང་རྟག་ཉིད་ཀྱིས། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །ཞེས་བྱ་བ་གསུང་སྟེ། དེ་ཡང་གཙང་བ་དམ་པ་དང་། བདག་དམ་པ་དང་། བདེ་བ་དམ་པ་དང་། རྟག་པ་དམ་པའི་ཡོན་ཏན་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཞི་ནི། སྒྲིབ་པ་སྦྱོང་ནས་དག་པའི་འབྲས་བུའོ། །བདེ་བར་གཤེགས་པའི་རིགས་སམ་ཁམས་ཡོད་པའི་བྱེད་ལས་ནི། འཁོར་བའི་སྡུག་བསྔལ་གྱིས་སུན་ནས་ཡིད་དབྱུང་བ་དང་། ཞི་བ་མྱ་ངན་ལ་འདས་པ་ཐོབ་པར་འདོད་པའི་འདུན་པ་དང་། དེ་ཐོབ་པར་སྨོན་པའོ། །བྱེ་བྲག་ཏུ་བཤད་པ་ལ། འབྲས་བུ་བཤད་པ་དང་ལས་བཤད་པའོ། །དང་པོ་འབྲས་བུ་ལ། མཚན་ཉིད་བཞི་ལྡན་བསྟན་པ་དང་། དེ་རྒྱུ་གཉིས་ཀྱིས་བཤད་པ་དང་། མཐའ་གཉིས་སྤངས་ཚུལ་ལོ། །དེ་ལ་དང་པོ་ནི། འདི་དག་འབྲས་ནི་མདོར་བསྡུས་ན། །ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། །ཞེས་བྱ་བ་གསུང་སྟེ། མོས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གི་འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཅི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞིར་ལྟའོ། །དེ་ལ་འདིར་ཕྱིན་ཅི་ལོག་བཞི་ནི། ཆོས་ཀྱི་སྐུ་གཙང་བ་ལ། མི་གཙང་བར་ལྟ་བ་དང་། བདག་དམ་པ་ལ་བདག་མེད་པར་ལྟ་བ་དང་། བདེ་བ་ལ་སྡུག་བསྔལ་བར་ལྟ་བ་དང་། རྟག་པ་ལ་མི་རྟག་པར་བལྟ་བའོ། །དེ་བཞི་ལས་བཟློག་པའི་གཉེན་པོ་ཕྱིན་ཅི་མ་ལོག་པ་བཞི་ནི། ཆོས་ཀྱིས་སྐུ་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་དུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་རྣམས་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་མཐོང་བ་གང་ཡིན་པ་དེ་ནི་གོང་དུ་བཤད་པའི་ཆོས་པ་ལ་སོགས་པ་དག་རྒྱུ་བཞིའི་འབྲས་བུ་ཡིན་པ་རིགས་པར་བྱའོ། །གང་དག་འཁྲུལ་སྣང་གློ་བུར་བའི་འཁོར་བ་ལ་གཙང་བདག བདེ་དང་རྟག་པར་ལྟ་བ་ནི་ཕྱིན་ཅི་ལོག་ཏུ་ཤེས་པར་བྱའོ། །གཉིས་པ་དེ་རྒྱུ་གཉིས་ཀྱི་བཤད་པ་ནི། འདི་ནི་རང་བཞིན་དག་ཕྱིར་དང་། །བག་ཆགས་སྤང་ཕྱིར་གཙང་བ་ཡིན། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱིས་རང་བཞིན་ཕུང་པོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། འཁོར་བ་དང་ནི་མྱ་ངན་འདས། མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཞེས་བྱ་གསུང་སྟེ། མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། སྤྱིའི་མཚན་ཉིད་རང་བཞིན་ཀྱི་ཡོངས་སུ་དག་པ་དང་། ཁྱད་པར་གྱིས་མཚན་ཉིད་དྲི་མ་མེད་པས་ཡོངས་སུ་དག་པས་སོ། །རྒྱུ་རྣམ་པ་གཉིས་ཀྱིས་བདག་གིས་ཕ་རོལ་ཕྱིན་པར་རིགས་པར་བྱའོ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང་། ཉན་ཐོས་ཀྱིས་མཐའ་སྤང་བས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་རྣམ་པ་གཉིས་ཀྱི་བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ཐམས་ཅད་སྤང་པས་བག་ཆགས་གི་འཚམས་སྦྱོར་བ་སྤང་བའི་ཕྱིར་དང་། སྡུག་བསྔལ་འགོག་པའི་རྣམ་པ་ཐམས་ཅད་མངོན་དུ་བྱས་པས་ཡིད་ཀྱིས་རང་བཞིན་གྱི་ལུས་འགག་པ་མངོན་དུ་བྱས་པའི་ཕྱིར་རོ། །རྒྱུ་གཉིས་ཀྱི་རྟག་པའི་ཕ་རོལ་ཕྱིན་པར་རིག་པར་བྱ་སྟེ། འཁོར་བ་མི་རྟག་པ་མི་དབྲི་བས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང་། མྱ་ངན་ལས་འདས་པ་རྟག་པ་མི་སྣོན་པས་རྟག་པའི་མཐར་མ་ལྷུང་བའི་ཕྱིར་རོ། །གསུམ་པ་མཐའ་གཉིས་སྤང་ཚུལ་ནི། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟན་ནས། །འཕགས་པ་འཁོར་བའི་མྱ་ངན་འདས་མི་འགྱུར། །ཞེས་བྱ་བ་གསུང་སྟེ། ཐེག་ཆེན་འཕགས་པ་རྣམས་ནི། བདག་ཏུ་འཛིན་པའི་བདག་སྲེད་མ་ལུས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་པའི་ཕྱིར། སྲིད་པ་གསུམ་དུ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་མི་འགྱུར་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་འདོད་པའི་སྲེད་པ་དང་ལྡན་པའི་ཕྱིར། ཞི་བ་མྱ་ངན་ལ་འདས་པ་ཕྱོགས་གཅིག་པར་ཡང་མི་འགྱུར་བའོ། །གཉིས་པ་བྱེད་ལས་བསྟན་པ་ནི། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པ་མེད་པར་འགྱུར། །ཞེས་བྱ་བ་གསུང་སྟེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཐེག་པ་ཆེན་པོའི་རིགས་མེད་ན་འཁོར་བའི་སྡུག་བསྔལ་མཐོང་ཡང་སྐྱོ་བ་མི་འགྱུར་བ་དང་། མྱ་ངན་ལ་འདས་པའི་ཕན་ཡོན་མཐོང་ཡང་། དེ་ལ་དོན་དུ་གཉེར་བ་དང་སྨོན་པའི་བློ་མི་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལའང་འཁོར་བ་ལ་སྐྱོ་བ་དང་། ཐར་པ་ལ་འདོད་པ་སྐྱེ་བ་ནི་ཁམས་བདེ་གཤེགས་སྙིང་པོས་བྱེད་ལས་སུ་རིག་པར་བྱའོ། །དེའི་ཕྱིར་སྲིད་དང་མྱ་ངན་འདས་ལ་དེ། །སྡུག་བདེ་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་བྱ་བ་གསུང་སྟེ། འདི་སྐད་དུ་ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུང་པ་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ། དུས་གཞན་ལས་དགོངས་ནས་གསུང་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་རང་བཞིན་ཀྱི་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགལ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ནོ། །གསུམ་པ་ལྡན་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ་ནི། རྒྱ་མཚོ་ཆེ་བཞིན་དཔག་མེད་པ། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་ལྡན་པ་ཡི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་། །ཐུགས་རྗེས་ཁམས་ནི་བསྡུས་པའི་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡི་འདི། །རྒྱ་མཚོ་དང་ནི་མཚུངས་པར་བསྟན། །དྲི་མེད་གནས་ལ་མངོན་ཤེས་དང་། །ཡེ་ཤེས་དྲི་མེད་དེ་ཉིད་དང་། །རྣམ་དབྱེར་མེད་ཕྱིར་མར་མེ་ཡི། །སྣང་དང་དྲོད་མདོག་ཆོས་མཚུངས་ཅན། །ཞེས་བྱ་བ་གསུང་སྟེ། དེ་ཡང་ལྡན་པ་ཞེས་བྱ་བའི་དོན་ལ། ཁམས་བདེ་བར་གཤེགས་པའི་སྙིང་པོ་རྒྱུ་དང་ལྡན་པའི་དབང་དུ་བྱས་པ་དང་། འབྲས་བུ་དང་ལྡན་པའི་དབང་དུ་བྱས་པ་གཉིས། དང་པོ་རྒྱུ་དང་ལྡན་པ་ནི། རྒྱ་མཚོ་ཆེ་བཞིན་ཞེས་སོགས་ཚིག་རྐང་གཉིས་ཀྱི་མདོར་བསྟན་ནས། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་། ཞེས་སོགས་ཚིག་རྐང་བཞིའི་རྒྱས་པར་བཤད་པ་སྟེ། གོ་རིམ་ཅི་ལྟ་བར་གནས་གསུམ་པོ་རྣམས་རྒྱ་མཚོའི་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ། །གནས་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འགྲུབ་པའི་རྒྱུ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ནི་ཐེག་པ་ཆེན་པོ་ལ་མོས་པ་སྒོམ་པར་བལྟའོ། །སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་ནི་ཤེས་རབ་དང་། ཏིང་ངེ་འཛིན་གྱི་སྒོ་སྒོམ་པའོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་སྒོམ་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པ་ནི། སྣོད་དང་ཆོས་མཐུན་པ་སྟེ། དཔག་ཏུ་མེད་པ། ཟད་མི་ཤེས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་བསྒོམ་པ་ནི། རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། དེ་ནི་རྣམ་པར་རྟོགས་པ་མེད་པའི་ཕྱིར་རོ། །མཐུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྒོམ་པ་ནི། ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་བརླན་པའི་རང་བཞིན་གྱིས་རོ་གཅིག་པ་དང་ལྡན་པའི་ཕྱིར་རོ། །ཆོས་གསུམ་པོ་དེ་དག་རྒྱུ་གསུམ་པོ་དེ་དང་། འབྲེལ་བ་དང་ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ། །གཉིས་པ་འབྲས་བུ་དང་ལྡན་པ་ནི། དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་མདོར་བསྟན་ནས། དྲི་མེད་གནས་ལ་མངོན་ཤེས་དང་། །ཞེས་སོགས་རྒྱས་པ་བཤད་པ་སྟེ། གོ་རིམ་ཅི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཁམས་འབྲས་བུ་དང་ལྡན་པའི་དབང་དུ་བྱས་ཏེ། ལྡན་པའི་དོན་དུ་རིགས་པར་བྱའོ། །གནས་གསུམ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་ཡེ་ཤེས་དང་། ཟག་པ་ཟད་པའོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་སྣང་བ་དང་ཆོས་མཚུངས་པ་སྟེ། དེ་དག་ནི་དོན་ཉམས་སུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཟག་པ་ཟད་པའི་ཡེ་ཤེས་ནི་གྲོལ་བ་དང་ཆོས་མཐུན་པ་སྟེ། དེ་ནི་ལས་དང་ཉོན་མོངས་པའི་བུད་ཤིང་མ་ལུས་པར་བསྲེག་པ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ཟག་པ་ཟད་པ་ནི། མདོག་དང་ཆོས་མཐུན་པ་སྟེ། དེ་ནི་ཤིན་ཏུ་དྲི་མ་མེད་པའི་རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །འོད་གསལ་བ་ནི་དེ་གཉིས་ཀ་གློ་བུར་པ་ཉིད་ཀྱི་རང་བཞིན་ཏེ། དེ་སྤངས་པའི་ཕྱིར་རོ། །ཡང་དག་པར་ཕྱིན་ཅི་མ་ལོག་པའི་སྤྲོས་པ་མེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །ལྔ་པ་གནས་སྐབས་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དེ་ལ་དང་པོ་མདོར་བསྟན་ནི། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་བྱ་བ་གསུང་སྟེ། ཉོན་སྒྲིབ་མ་དག་པའི་སེམས་ཅན་གྱི་གནས་སྐབས་དང་། ཉོན་སྒྲིབ་དག་ལ། ཤེས་སྒྲིབ་མ་དག་པ། བྱང་ཆུབ་སེམས་དཔའི་གནས་སྐབས་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ། ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས་སྐབས་སོ། །གཉིས་པ་རྒྱས་བཤད་ནི། ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཉིད། །ཞེས་བྱ་བ་གསུང་སྟེ། ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། བྱེད་ལས་དང་། ཡོན་ཏན་ལྡན་པ་དང་། བློའི་འཇུག་ཚུལ་ཏེ་དོན་དྲུག་གི་སྒོ་ནས་བཤད་པའི་ཟག་པ་མེད་པའི་ཁམས་དེ་ནི། གནས་སྐབས་གསུམ་དུ་མིང་གསུམ་ཀྱི་བསྟན་ཏེ། མ་དག་པའི་གནས་སྐབས་སུ་སེམས་ཅན་གྱི་ཁམས་དང་། དག་ལ་མ་དག་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་ཁམས་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་དེ་བཞིན་གཤེགས་པའི་ཁམས་ཞེས་བརྗོད་དོ། །དྲུག་པ་ཀུན་ཏུ་འགྲོ་བ་ལ། ངོ་བོ་དང་། རྣམ་དབྱེ་གཉིས། དང་པོ་ངོ་བོ་ནི། ཅི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། དེ་བཞིན་ཤིན་ཏུ་འགྲོ་བ་ཉིད། ཞེས་བྱ་བ་གསུང་སྟེ། ཅི་ལྟར་ནམ་མཁའ་ནི། གསེར་དང་། ཟངས་དང་། ས་སོགས་པ་སྣོད་བཟང་ངན་འབྲིང་གསུམ་ཀུན་ཏུ་རྗེས་སུ་སོང་བ་ལྟར། སེམས་ཀྱི་རང་བཞིན་དྲི་མ་མེད་པའི་དབྱིངས་འདི་ཡང་། གང་ཟག་མཆོག་དམན་འབྲིང་གསུམ་ཀུན་ལ་ཁྱབ་པ་ཉིད་དོ། །གཉིས་པ་རྣམ་དབྱེ་ནི། དེ་སྤྱིའི་མཚན་ཉིད་ཉེས་པ་དང་། ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། གཟུགས་ཀྱིས་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། ཞེས་བྱ་བ་གསུང་སྟེ། སོ་སོའི་སྐྱེ་བོ་དང་། འཕགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི། སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། ཉེས་པ་དང་། ཡོན་ཏན་དང་། ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པའི་གནས་སྐབས་གསུམ་ཀར་ཡང་རྗེས་སུ་སོང་ལ། རྗེས་སུ་འཇུག་པ། མཚུངས་པ། དུས་ཐམས་ཅད་དུ་ཁྱད་པར་མེད་པར་གྱུར་པ་སྟེ། གོ་རིམ་ཅི་ལྟ་བ་བཞིན་ས་དང་ཟངས་དང་གསེར་གྱི་སྣོད་དང་ནམ་མཁའ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་དེའི་ཕྱིར་ན། སེམས་ཅན་གྱི་ཁམས་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་ཁམས་ཉིད་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། །འདི་ནི་དོན་གྱི་གཉིས་སུ་མེད་དེ། ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །བདུན་པ་མི་འགྱུར་བའི་དོན་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། མདོར་བསྟན་ནི། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཅི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་བྱ་བ་གསུང་སྟེ། ཆགས་སོགས་ཉེས་པ་རྣམས་ནི་བློ་བུར་བ་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་ཞིང་། སྟོབས་སོགས་ཡོན་ཏན་རྣམས་ནི། གདོད་མ་ནས་སེམས་ཀྱི་རང་བཞིན་ཉིད་དུ་ལྡན་པས། སེམས་ཉིད་ཀྱི་དབྱིངས་ནི། ཅི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་དུ་འགྱུར་བ་མེད་པ་ཉིད་དོ། །རྒྱས་བཤད་ལ། མ་དག་པའི་གནས་སྐབས་དང་། མ་དག་ལ་དག་པའི་གནས་སྐབས་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་མི་འགྱུར་བའི་ཚུལ་གསུམ་མོ། །དང་པོ་མ་དག་པའི་གནས་སྐབས་ལ་བཞི། དྲི་མས་མ་གོས་པ་དང་། སྐྱེ་འཇིག་སྣང་བ་དང་། འཇིག་པས་མི་གནོད་པ་དང་། རྟེན་ཅིང་འབྱུང་བ་རྒྱས་བཤད་དོ། །དང་པོ་དྲི་མས་མ་གོས་པ་ནི། ཅི་ལྟར་ནམ་མཁའ་ཀུན་སོང་ལ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་ཡིན་པའི་ཕྱིར་རོ། །དེ་ལྟར་ཟག་པ་མེད་པའི་མངོན་པར་ཤེས་པ་དང་། ཡེ་ཤེས་དང་སྤངས་པས་བསྡུས་པའི་མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན། ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ཉིད་སོ་སོ་མ་ཡིན་པ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ལྡན་པ་ནི་ལྡན་པ་ཞེས་བྱའོ། །བཞི་པ་འཇུག་པ་ལ། དོན་དངོས་དང་། དེའི་རྒྱུ་མཚན་བཤད་པ་གཉིས། དེ་ལ་དང་པོ་དོན་དངོས་ནི། སོ་སོ་སྐྱེས་འཕགས་རྫོགས་སངས་ཀྱིས། །དེ་བཞིན་ཉིད་དབྱེ་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །ཞེས་བྱ་བ་གསུང་སྟེ། དེ་ལ་སོ་སོའི་སྐྱེ་བོ་ནི། ཐེག་པ་གསུམ་གྱི་ལམ་ལ་མ་ཞུགས་པ་ནས་བཟུང་སྟེ། ཚོགས་ལམ་པ་དང་སྦྱོར་ལམ་པ་ཕྱིན་ཆད་རྣམས་སོ། །འཕགས་པ་ནི། མཐོང་ལམ་པ་དང་། སྒོམ་ལམ་པ་ལ་སོགས་པ་རྣམས་སོ། །རྫོགས་པའི་སངས་རྒྱས་ནི་ས་བཅུ་ལ། གནས་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །གསུམ་པོ་དེ་དག་རྒྱལ་བའི་སྙིང་པོ་དེ་བཞིན་ཉིད་ལ་འཇུག་ཚུལ་གྱི་དབྱེ་བ་རྣམ་པ་གསུམ་དེ་ཉིད་གཟིགས་པས་གདུལ་བྱ་སེམས་ཅན་རྣམས་ལ་བསྟན་པའོ། །གཉིས་པ་རྒྱུ་མཚན་བཤད་པ་ནི། སོ་སོའི་སྐྱོ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཅི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །ཞེས་བྱ་བ་གསུང་སྟེ། དེ་བཞིན་ཉིད་ལ་འཇུག་ཚུལ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པར་ཕྱིན་ཅི་མ་ལོག་པར་སྤྲོས་པ་མེད་པ་སྟེ། གོ་རིམ་བཞིན་ནོ། །དེ་ལ་ཕྱིན་ཅི་ལོག་ནི་བྱིས་པ་རྣམས་ཀྱི་སྟེ། འདུ་ཤེས་དང་། སེམས་དང་། ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །བཟློག་པ་ཕྱིན་ཅི་མ་ལོག་པ་ནི། །འཕགས་པ་རྣམས་ཀྱི་གོས་པ་མེད། །ཞེས་པའོ། །གཉིས་པ་སྐྱེ་འཇིག་སྣང་བ་ནི། ཅི་ལྟ་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིགས། །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཞེས་པའོ། །གསུམ་པ་འཇིགས་པས་མི་གནོད་པ་ནི། ཅི་ལྟར་ནམ་མཁའ་མེ་རྣམས་ཀྱི། །སྔོན་ཆད་ནམ་ཡང་འཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་འཚིག །ཞེས་པ་ལ། མེ་ནི་དུས་མཐའ་བསྐལ་པ་འཇིག་པའི་མེ་དང་། མནར་མེད་དམྱལ་བའི་མེ་དང་། ཐ་མལ་པ་བུད་ཤིང་ལས་བྱུང་བའི་མེ་གསུམ་མོ། །སེམས་ཀྱི་དབྱིངས་འདི་ནི། རྒས་པ་དང་། ན་བ་དང་། འཆི་བ་གསུམ་གྱིས་མི་འཇིག་ཤིང་འགྱུར་བ་མེད་པའོ། །བཞི་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་བཤད་ལ། །དེས་བསྟན་པ་དང་། དོན་བསྟན་པ་དང་། དཔེ་དོན་སྦྱར་ཏེ་བཤད་པ་དང་། སྐྱེ་བའི་ཚུལ་བསྟན་པ་དང་། ངོ་བོ་སྐྱེ་འགག་མེད་པ་བཤད་པ་དང་། དེ་ལ་དྲི་མས་དག་པ་བཤད་པ་དང་། སྐྱེ་འཇིག་བྲལ་བའི་ཚུལ་བསྡུ་བ་དང་བདུན། དང་པོ་དཔེ་བསྟན་པ་ནི། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །སའི་ཁམས་ལ་གནས་མ་ཡིན། །ཞེས་པའོ། །གཉིས་པ་དོན་བསྟན་པ་ནི། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཞེས་པའོ། །གསུམ་པ་དཔེ་དོན་སྦྱར་ཏེ་བཤད་པ་ནི། ས་དང་འདྲ་བར་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲ་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་ལྟ། །རང་བཞིན་ནམ་མཁའི་ཁམས་བཞིན་དུ།། དེ་གཞིའི་ཅན་མིན་གནས་པ་མེད། །ཞེས་པའོ། །བཞི་པ་སྐྱེ་བའི་ཚུལ་བསྟན་པ་ནི། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱིས་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། ལས་དང་ཉོན་མོངས་རབ་ཏུ་བསྐྱེད། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། དེ་འཇིག་པ་དང་ཆགས་ལ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །ཞེས་པའོ། །ལྔ་པ་ངོ་བོ་སྐྱེ་དགག་མེད་པ་བཤད་པ་ནི། སེམས་ཀྱི་རང་བཞིན་ནམ་མཁའ་ཡི། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། ཚོགས་པ་མེད་ཅིང་སྐྱེ་བ་དང་། །འཇིག་དང་གནས་པ་ཡོད་མ་ཡིན། །ཞེས་པའོ། །དྲུག་པ་དེ་ལ་དྲི་མས་མ་གོས་པ་བཤད་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །བློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །བདུན་པ་སྐྱེ་འཇིགས་དང་བྲལ་བའི་ཚུལ་བསྡུ་བ་ནི། ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན་ཏེ། །འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་འཚིག་མི་འགྱུར། །དུས་མཐའ་དམྱལ་བ་ཐ་མལ་པའི། །མེ་གསུམ་འཆི་དང་ན་བ་དང་། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་དང་འདྲ་བར་ཤེས་པར་བྱ། །ཞེས་བྱ་བ་གསུང་སྟེ། །སེམས་ཉིད་ཀྱི་ངོ་བོ་རང་བཞིན་གྱི་འོད་གསལ་བ་འདི་ནི། ལས་དང་ཉོན་མོངས་ཆུའི་ཚོགས་ལྟ་བུ་རྣམས་ཀྱི་འགྲུབ་པ་མ་ཡིན་ཏེ། དང་པོ་རྒྱུའི་མ་སྐྱེད་པའོ། །འཆི་བ་དང་། ན་བ་དང་། རྒས་པའི་མེ་མི་ཟད་པ་རྣམས་ཀྱིས་ཀྱང་མི་འཚིག་སྟེ། ཐ་མ་རྐྱེན་གྱིས་མི་འཇིག་པའོ། །འཆི་བ་དང་ན་བ་དང་། རྒ་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུ་གསུམ་གྱི་མེ་གསུམ་དང་འདྲ་བར་རིག་པར་བྱ་སྟེ། སྐྱེ་མཆེད་དྲུག་བདག་གིས་མེད་པར་བྱེད་པ་དང་། སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པ་དང་། འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཁམས་མ་དག་པའི་གནས་སྐབས་ན་ཡང་། །འཆི་བ་དང་། ན་བ་དང་། རྒ་བའི་མེ་གསུམ་པོ་འདི་དག་གི་མི་འགྱུར་བ་ཉིད་ལས་བརྩམ་སྟེ། འདི་སྐད་ཅེས་བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་། སྐྱེ་བ་བྱ་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགག་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ། རྒ་བའམ། འཆི་བའམ། འཆི་འཕོ་བ། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། འདུས་བྱས་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ། བརྟན་པ། ཞི་བ། གཡུང་དྲུང་ངོ་ཞེས་གསུངས་སོ། །གཉིས་པ། མ་དག་ལ་དག་པ་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་བཞི། བླང་དོར་རྟོགས་པའི་ཚུལ་དང་། ཉོན་མོངས་ཀྱི་སྐྱེ་འཆི་མེད་པའི་དོན་དང་། རྟོགས་པས་རོལ་པ་སྟོན་པ་དང་། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་བླང་དོར་རྟོགས་པའི་ཚུལ་ནི། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །འདི་ཡི་རང་བཞིན་དེ་བཞིན་ཉིད་རྟོགས་ཏེ། སྐྱེ་སོགས་འཕོངས་དང་བྲལ་ཡང་དེའི་རྒྱུ། །བློ་ལྡན་འགྲོ་ལ་སྙིང་རྗེ་སྐྱེ་ཕྱིར་བརྟེན། །ཞེས་པའོ། །གཉིས་པ། ཉོན་མོངས་པའི་དབང་གི་སྐྱེ་འཆི་མེད་པའི་དོན་ནི། འཕགས་པས་འཆི་དང་ན་བ་དང་། རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གི་སྐྱེ། དེ་ལ་དེ་མེད་ཕྱིར་དེ་མེད། །ཞེས་བྱ་བ་གསུང་སྟེ། མ་དག་པའི་གནས་སྐབས་ཀྱི། འཆི་བ་དང་། ན་བ་དང་། རྒ་བའི་མེ་འདི་བུད་ཤིང་ལྟ་བུའི་ཉེ་བར་ལེན་བ་ནི། ཚུལ་བཞིན་མ་དག་ཡིན་པའི་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། དག་མ་དག་གཉིས་ལྡན། དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིད་ཀྱིས་རང་བཞིན་གྱི་ལུས་ཐོབ་པ་རྣམས་ལ། ལས་ཉོན་གྱིས་དབང་གི་སྐྱེ་རྒ་ན་འཆི་མེད་དེ། བྱང་ཆུབ་སེམས་དཔའ་དེ་ལ་ཟག་བཅས་ཀྱིས་ལས་དང་། ཉོན་མོངས་པ་དེ་མེད་པའི་ཕྱིར་ལས་ཉོན་གྱི་སྐྱེ་རྒ་ན་འཆི་དེ་མེད་པ་ཉིད་དོ། །དེ་ལྟ་མོད་ཀྱི་སྙིང་རྗེ་ཆེན་པོའི་རྒྱུ་ལ་བརྟེན་ནས་འགྲོ་བ་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་སྐྱེ་རྒ་ན་འཆི་སོགས་སུ་སྟོན་པ་ཡིན་ནོ། །གསུམ་པ་རྟོག་པས་རོལ་པ་སྟོན་པ་ནི། ཅི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཞེས་བྱ་བ་གསུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བའི་ཀུན་ཏུ་སྦྱོར་བ་ཅན་ཏེ། བསམ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་སྙིང་རྗེའི་ཁམས་གསུམ་དུ་ཡང་དག་པར་སྦྱོར། སྐྱེ་བ་ཡང་ཉེ་བར་སྟོན་ལ། རྒ་བ་དང་། ན་བ་དང་། འཆི་བ་ཡང་ཉེ་བར་སྟོན་ཏོ། །དེ་དག་ལ་སྐྱེ་རྒ་ལ་སོགས་པ་རང་མཚན་པ་ནི་མེད་དོ། །ཟག་པ་མེད་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་འབྱུང་བ་མེད་པ་ཡང་དག་པ་ཅི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ། །བཞི་པ་དེ་ལས་འཕྲོས་པའི་དོན་ལ། རྨད་དུ་བྱུང་བ་དང་། གཞན་དོན་ལ་ཞུགས་པ་གཉིས་ཀྱི་ས་དང་པོ་བཤད། འཇིག་རྟེན་དུ་སྤྱོད་པ་དང་། དཔེ་དོན་སྦྱར་བ་གཉིས་ཀྱི་ས་དྲུག་པ་བཤད་མཉམ་རྗེས་འདྲེས་པས་ས་བརྒྱད་པ་བཤད། འབད་པ་དང་བྲལ་བ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་གཉིས་ཀྱི་ས་དགུ་པ་བཤད་གཞན་དོན་ཚད་མེད་པ་དང་། མཐར་ཐུག་པའི་ཡོན་ཏན་དང་། སངས་རྒྱས་དང་ཁྱད་པར་འབྱེད་ཚུལ་གསུམ་གྱི་ས་བཅུ་པ་བཤད་པའོ། །དེ་ལ་དང་པོ་རྨད་དུ་བྱུང་བ་ནི། རྒྱལ་སྲས་འགྱུར་མེད་ཆོས་ཉིད་ནི། །རྟོགས་ནས་མ་རིག་མདོང་རྣམས་ཀྱི། སྐྱེ་བ་ལ་སོགས་དག་དུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །ཞེས་བྱ་བ་གསུང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་བཞི་སྟེ། སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གི་ཐོག་པའོ། །དེ་ཡང་སེམས་དང་པོ་བསྐྱེད་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ལ་དགོངས་ཏེ། ས་དང་པོ་རབ་ཏུ་དགའ་བ་ལ་ཐོག་མ་མེད་པའི་དུས་ནས། སྔོན་མ་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའོ། །གཉིས་པ་གཞན་དོན་ལ་ཞུགས་ཚུལ་ནི། འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་། །བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བའི་ཡི། །གཉེན་གྱི་ཐབས་དང་སྙིང་རྗེའི་མཆོག །ཞེས་པའོ། །གསུམ་པ་འཇིག་རྟེན་དུ་སྤྱོད་པ་ནི། དེ་ཡང་སྤྱོད་པ་ལ་ཞུགས་པ་ནི། ས་གཉིས་པ་དྲི་མ་མེད་པའི་ས་ནས་བཟུང་སྟེ། རིང་དུ་སོང་བའི་བར་གྱི་ས་ལ་ཉོན་མོངས་པས་མ་གོས་པའི་སྤྱད་པ་ལ་སྤྱོད་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ལ་དགོངས་ནས། དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཞེས་གསུང་པའོ། །བཞི་པ་དཔེ་དོན་སྦྱར་བ་ནི། ཅི་ལྟར་པདྨ་ཆུ་ནང་དུ། །སྐྱེས་ཀྱང་ཆུའི་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། །ཞེས་པའོ། །ལྔ་པ་མཉམ་རྗེས་འདྲེས་པ་ནི། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་ཞི་བའི་བསམ་གཏམ་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་ཞུགས་པ་ཡིན། །ཞེས་བྱ་བ་གསུང་སྟེ། ས་བརྒྱད་པ་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་ཐོབ་པའི་སྦྱོར་བ་ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་ཕྱིར། མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏེ། ཐབས་སྣ་ཚོགས་ཀྱི་གཞན་དོན་བསྒྲུབ་པའི་བརྩོན་འགྲུས་མེ་བཞིན་དུ་འབར་བ་དང་། ཉོན་མོངས་པ་ཉེ་བར་ཞི་བའི་བསམ་གཏན་རྣམ་པར་དག་པ་ལ། མཉམ་པར་བཞག་པ་གཉིས་མི་འགལ་བས། མཉམ་རྗེས་འདྲེས་པའོ། །དྲུག་པ་འབད་པ་དང་བྲལ་བ་ནི། སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། །ཞེས་བྱ་བ་གསུང་སྟེ། ས་དགུ་པ་ལེགས་པའི་བློ་གྲོས་ལ་གནས་པ་ནི། རྣམ་རྟོག་ཐམས་ཅད་དང་བྲལ་ཡང་། །སྔོན་གྱི་འཕེན་པའི་དབང་གི་གདུལ་བྱ་རྣམས་འབད་མེད་དུ་སྨིན་པ་བྱེད་པའོ། །བདུན་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ནི། བསམ་གཏན་དང་གཟུགས་སྐུ་དག་ནི། །སྤྱོད་དང་སྤྱོད་ལམ་ཀྱིས་ཀྱང་རུང་། གང་གི་ཅི་ལྟར་གང་གིས་འདུལ། །དེས་དེ་དེ་ལྟ་ཉིད་དུ་ཤེས། ཞེས་བྱ་བ་གསུང་སྟེ། དེ་ལ་བསྟན་པ་ནི། གང་ལ་གང་འདུལ་གྱི་ཆོས་བསྟན་པའོ། །གཟུགས་སྐུ་ནི། གང་ལ་གང་འདུལ་གྱི་སྐུ་བསྟན་པའོ། །སྤྱོད་པ་ནི་གདུལ་བྱ་ཆགས་ཆེན་ལ། འདོད་ཆགས་གི་སྤྱོད་པ་སྟོན་པ་སོགས་སོ། །སྤྱོད་ལམ་ནི། སྤྱོད་ལམ་རྣམ་བཞི་གང་གིས་ཀྱང་འགྲོ་དོན་འབྱུང་བའོ། །བརྒྱད་པ་གཞན་དོན་ཚད་མེད་པ་ནི། དེ་ལྟར་ནམ་མཁའ་མཐའ་ཀླས་ཀྱིས། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོག་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཞེས་པ་ནི་གཞན་དོན་ཚད་མེད་པའི་ཚུལ་ལོ། །དགུ་པ་མཐར་ཐུག་པའི་ཡོན་ཏན་ནི། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་གང་དག་སྒྲོལ་བ་ལ། །འཇིག་རྟེན་འདི་ན་མཉམ་པ་ཉིད། །ཞེས་པའོ། །བཅུ་པ་སངས་རྒྱས་དང་ཁྱད་པར་འབྱེད་ཚུལ་ནི། དེ་ལྟ་མོད་ཀྱིས་ས་རྡུལ་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཞེས་བྱ་བ་གསུང་སྟེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། རྗེས་ཐོབ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་འདྲ་ཡང་། མཉམ་བཞག་སྟོབས་སོགས་ཀྱི་ཡོན་ཏན་བྱེ་བ་ཕྲག་དྲུག་བཅུ་རྩ་བཞི་དང་མི་ལྡན་པས། ས་ཆེན་པོ་དང་རྡུལ་ཕྲན་ནམ། རྒྱ་མཚོ་ཆེན་པོ་དང་། བ་གླང་རྨིག་རྗེས་ཀྱི་ཆུ་གཉིས་ཀྱི་ཁྱད་པར་དང་འདྲ་བར་བཤད་དོ། །གསུམ་པ་ཤིན་ཏུ་དག་པའི་གནས་སྐབས་ལ་དྲུག །རྣམ་པར་དག་པའི་གཏན་ཚིག་བསྟན། སྐྱེ་འཆི་ན་རྒས་མེད་པའི་དམ་བཅའ། དེའི་རྟག་བརྗོད་དེ་རྒྱས་པར་བཤད། དེའི་དོན་བསྡུ། སྒྲུབ་བྱེད་རྒྱས་པར་བརྗོད་པའོ། །དེ་ལ་དང་པོ་རྣམ་པར་དག་པའི་གཏན་ཚིགས་བསྟན་པ་ནི། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་ཡི་མུར་ཐུག་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། །ཞེས་པའོ། །དེའི་དོན་རྒྱས་པར་བཤད་པ་ལ། གཉིས་པ་སྐྱེ་རྒ་ན་འཆི་མེད་པའི་དམ་བཅའ་ནི། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །ཞེས་པའོ། །གསུམ་པ་དེའི་རྟག་བརྗོད་པ་ནི། དེ་ནི་རྟགས་དང་བརྟེན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་པའོ། །བཞི་པ་དེ་རྒྱས་པར་བཤད་པ་ནི། དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །འཆི་འཕོ་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱི། །གཡུ་དྲུང་ཕྱིར་ན་རྒ་བ་མེད། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ས་ལ་གནས་པའི་ཁམས་རང་བཞིན་གྱི་འོད་གསལ་བ་གློ་བུར་དྲི་མ་མཐའ་དག་དང་བྲལ་བ་དེ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་སུ་སྐྱེ་བ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་མ་ཡིན་ཏེ་བརྟེན་པའི་ཕྱིར་རོ། །མ་རིག་པའི་བག་ཆགས་ཕྲ་མོའི་ནད་ཀྱི་གནོད་པ་མ་ཡིན་ཏེ་ཞི་བའི་ཕྱིར་རོ། །ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡོངས་སུ་སྨིན་པའི་རྒ་བ་ཡང་མ་ཡིན་ཏེ། རྐྱེན་གཞན་གྱི་གཡོ་བ་མེད་པ་གཡུང་དྲུང་གིས་ཚེ་ཐོབ་པའི་ཕྱིར་རོ། །ལྔ་པ་དེའི་དོན་བསྡུ་བ་ནི། དེ་ལ་ཚིག་གཉིས་དེ་བཞིན་གཉིས། གཉིས་དང་གཉིས་ཀྱི་གོ་རིམ་བཞིན། འདུས་མ་བྱས་ཀྱི་དབྱིངས་ལ་ནི། རྟག་པ་ལ་སོགས་དོན་ཤེས་བྱ། ཞེས་བྱ་བ་ནི་གོང་དུ་བཤད་པ་དེ་ཉིད་དོ། །དྲུག་པ་སྒྲུབ་བྱེད་རྒྱས་པར་བརྗོད་པ་ནི། མི་ཟད་ཡོན་ཏན་དང་ལྡན་ཕྱིར། གཞན་འགྱུར་མིན་བདག་རྟག་པའི་དོན། མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་བརྟེན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །ཞེས་བྱ་བ་གསུངས་ཏེ། མར་མེ་ཤི་བ་བཞིན་ཕུང་པོ་ལྷག་མེད་དུ་འདའ་བ་ཡང་མ་ཡིན་ཏེ། ཟད་པ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐྱེ་བ་གཞན་བླང་ནས་གཞན་དུ་འགྱུར་བ་ཡང་མ་ཡིན་ཏེ། དེ་ནི་རྟག་པའི་དོན་ནོ། །ཅི་སྲིད་མཐའ་དང་མུ་མེད་པར་ཡང་འཇིག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བརྟེན་པ་ཡིན་ནོ། །གཉིས་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་ཉེ་བར་ཞི་བ་ཡིན་ནོ། །རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་པའི་ཡོན་ཏན་གདོད་མ་ནས་ལྷུན་གྱིས་གྲུབ་པ་དེ་མངོན་དུ་གྱུར་པའི་ཕྱིར། འཇིག་པ་མེད་པའི་གཡུང་དྲུང་ཞེས་བྱའོ། །བརྒྱད་པ་ཡོན་ཏན་དབྱེར་མེད་བཤད་པ་ལ་ཟག་མེད་ཀྱི་མིང་གི་རྣམ་གྲངས་བཞི་དང་། དོན་གྱིས་རྣམ་གྲངས་བཞི་བསྟན། གཉིས་མེད་ཀྱི་ཡོན་ཏན་བཤད། ཐར་པའི་དོན་བསྟན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྟན། སངས་རྒྱས་ཉིད་མྱ་ངན་ལས་འདས་པ་དང་གཅིག་པར་བསྟན་པའོ། །དེ་ལ་དང་པོ་ཟག་མེད་ཀྱི་རྣམ་གྲངས་བཞི་ནི། གང་ཕྱིར་དེ་ནི་ཆོས་སྐུ་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད་ཞེས་བྱ་བ་གསུངས་སྟེ། དེ་ཡང་སངས་རྒྱས་ཀྱི་ཁམས་དེ་ནི་ཆོས་སྐུ་ཡང་ཡིན། དེ་བཞིན་གཤེགས་པ་ཡང་ཡིན། འཕགས་པའི་བདེན་པ་ཡང་ཡིན། དོན་དམ་པ་ཡང་ཡིན། མྱ་ངན་ལ་འདས་པ་ཡང་ཡིན་དེའི་ཕྱིར་བཟོད་མ་ནས་ཞི་བ། མྱ་ངན་ལས་འདས་པ་ཉི་མ་ལྟ་བུ། དེ་ལས་གཞན་དུ་སངས་རྒྱས་འོད་ཟེར་ལྟ་བུ་ཡོད་པ་མ་ཡིན་ནོ། །གཉིས་པ་དོན་གྱི་རྣམ་གྲངས་བཞི་བསྟན་པ་ནི། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱིས་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་བྱ་བ་གསུང་སྟེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་ཆོས་སྐུ་ཟེར་བའི་རྒྱུ་མཚན་ནི། སངས་རྒྱས་ཀྱི་ཆོས་བགྲངས་ལས་འདས་པ་རྣམས་དང་དབྱེར་མེད་དུ་ཡོད་པ་སྟེ། རིན་པོ་ཆེ་གསེར་དང་དབྱེར་མེད་དུ་ཡོད་པའི་སངས་རྒྱས་ཀྱི་སྐུ་ལ་གསེར་སྐུ་ཅེས་བརྗོད་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཅེས་བྱ་བ་ནི། ཆོས་སྐུ་སངས་རྒྱས་ཀྱི་རིགས་དེ་ཅི་ལྟ་བ་བཞིན་རྟོགས་ཤིང་ཐོབ་པའི་དོན་ནོ། །རྣམས་ཀྱིས་ཇི་ལྟར་མཐོང་བ་བཞིན་དུ་བདེན་པ་མི་བརྫུན་པ། མི་བསླུ་བའི་ཆོས་ཉིད་ཡིན་པའོ། །མྱ་ངན་ལ་འདས་པ་ཡིན་པའི་ཕྱིར་དོན་ནི། འཁྲུལ་སྣང་གློ་བུར་གྱི་དྲི་མ་རྣམས་གདོད་མ་ནས་མ་གྲུབ་པ་སྤྲིན་དང་རྨི་ལམ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་མེད་པ། བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པས་བརྒྱུད་དེ་འོང་ལ། ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་གཉིས་མེད་ཀྱི་ཡོན་ཏན་བཤད་པ་ནི། རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཞེས་པའོ། །བཞི་པ་ཐར་པའི་དོན་བསྟན་པ་ནི། གཞན་དང་གཞན་ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། །དེས་གཞན་ངེས་འཛིན་མེད་པར་གྱུར། །རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང་། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས །ཞེས་པའོ། །ལྔ་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྟན་པ་ནི། ཇི་ལྟར་རི་མོའི་འབྲི་བྱེད་པ། །གཞན་དང་གཞན་ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། དེས་གཞན་ངེས་འཛིན་མེད་པར་གྱུར། །དེ་ནས་འདི་ལ་ཁྱེད་ཀུན་གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡི་རས་འདི་བྱིན་པ་དང་། །དེ་ནས་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལས། །གཅིག་གཅིག་ཡུལ་གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འབྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་ཀུན་མཆོག་ལྡན་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པ་འདི་དག་རེ་རེ་ལའང་སངས་རྒྱས་ཀྱི་སྤྱོད་ཡུལ་མཐའ་ཡས་པ་རྣམ་པའི་རབ་ཏུ་དབྱེ་བ་ཐ་དད་པའི་ཕྱིར། ཚད་མེད་པར་རིག་པར་བྱ་སྟེ་གྲངས་དང་མཐུ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །དེ་ནི་རྣམ་པ་ཀུན་ཞེས་པའི་དོན་ནོ། །སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ན་རྣམ་པར་དག་པ་མཆོག་ཉིད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་བསྒོམ་པས། མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་ཆད་པ། རང་གི་ངང་གིས་འཇུག་པའི་ལམ་ཐོབ་པ་ལ་བརྟེན་ནས། ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཡང་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྒྱ་མཚོ་གྲངས་མེད་པ་དག་གིས། ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་པས་ན། ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་གྲུབ་བོ། །བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་ལྐོག་ཏུ་མ་འགྱུར་པའི་ཤེས་པ་ལ་བརྟེན་པས་ན། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་བོ། །དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་པས་ན། རྣམ་པར་དག་པ་མཆོག་གིས་ཡོན་ཏན་ཉིད་ཡང་དག་པར་འགྲུབ་བོ། །གང་གི་ཕྱིར་སའི་ཡེ་ཤེས་རྟེན་བཞི་པོ་འདི་དག་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་མཐོང་བ་མེད་པ་དེའི་ཕྱིར། དེ་དག་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་ཕྱིར་དབྱིངས་ལས་རིང་དུ་གྱུར་པ་ཡིན་ནོ་ཞེས་བྱའོ། །དྲུག་པ་སངས་རྒྱས་ཉིད་མྱ་ངན་ལས་འདས་པ་དང་གཅིག་པ་བསྟན་པ་ནི། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་དག་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་གང་དང་ཡེ་ཤེས་གང་དང་རྣམ་པར་གྲོལ་བ་གང་གིས་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་། དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དག་ནི། གོ་རིམ་ཇི་ལྟ་བ་གསུམ་དང་རྣམ་པ་གཅིག་གིས་ཉི་མ་དང་ཆོས་མཐུན་པ་རྣམ་པ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མུན་པ་སེལ་བ་ཉེ་བར་གནས་པའི་ཕྱིར་འོད་གསལ་བ་དང་ཆོས་མཚུངས་སོ། །དེའི་རྗེས་ལས་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི། ཤེས་བྱའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ལ་འཇུག་པས་ན། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །དེ་གཉིས་ཀའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི། ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་ཀ་ཡང་ཆོས་ཀྱི་དབྱིངས་དང་དབྱེ་བ་མེད་པའི་རང་བཞིན་ཉིད་ཀྱི་གསུམ་པོ་དེ་རྣམ་པར་དབྱེ་བ་མེད་པ་དང་ཆོས་མཚུངས་སོ། །གང་གིས་ཕྱིར་ཐོག་མ་མེད་པ་ནས་ཉེ་བར་གནས་པའི་རང་བཞིན་དགེ་བའི་ཆོས་དང་ལྡན་པའི་ཁམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེའི་ཕྱིར། ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མངོན་དུ་བྱེད་པར་མི་འཐད་དེ། འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། །ངོ་བོ་མི་འགྱུར་ཡང་དྲི་མ་སྦྱོང་བ་དཔེས་བསྟན་པ་ལ་ལྔ་སྟེ། གོང་འོག་གི་མཚམས་སྦྱོར་དང་། དཔེ་དགུའི་དྲི་མ་དང་བཅས་པའི་རྒྱལ་བའི་སྙིང་པོ་བསྟན་པ་དང་། དྲི་མ་སྦྱོང་བའི་ཚུལ་དང་ཅི་ལྟར་རྟོགས་པའི་རིམ་པ་དང་། སྙིང་པོ་ཉིད་བསྟན་པའོ། །དང་པོ་གོང་འོག་གི་མཚམས་སྦྱོར་ནི། དེ་ལྟར་རྒྱལ་བའི་སྙིང་པོ་ཡི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ན་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཕྱི་མའི་མཐའི་མུ་དང་མཚུངས་པ། རྟག་པའི་ཆོས་ཉིད་རིག་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས། དོན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་གཞག་པ་བཤད་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་མ་འབྲེལ་པའི་རང་བཞིན་གྱི་ཉོན་མོངས་པའི་སྦུགས་ཉིད་དང་། ཐོག་མ་མེད་པ་ནས་ཉེ་བར་གནས་པ་འབྲེལ་པའི་རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས། དཔེ་དགུའི་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམ་པ་ནི་མདོ་ཅི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །གཉིས་པ་དྲི་བཅས་སྙིང་པོ་བཤད་པ་ལ། དཔེ་དོན་སྤེལ་བ་དང་། སོ་སོར་བརྗོད་པ་གཉིས་ཀྱིས་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་དཔེ་དོན་སྤེལ་བ་ནི། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཤུན་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཅི་ལྟ་བར། གློ་བུར་ཉོན་མོངས་དྲི་མས་སྒྲིབ་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་པའོ། །གཉིས་པ་སོ་སོར་བརྗོད་པ་ནི། དྲི་མ་པདྨ་སྲོག་ཆགས་སྦུན་བ་མི་གཙང་ས་འབྲས་གོས་རུལ་དང་། །སྡུག་བསྔལ་འབར་བས་མངོན་པར་གདུངས་བའི་བུད་མེད་ས་ཡི་ཁམས་དང་མཚུངས། སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཅེས་པའོ། །གཉིས་པ་དཔེ་དགུ་རྒྱས་བཤད་ལ། པདྨ་དང་སངས་རྒྱས་ཀྱི་དཔེ་དོན། དེ་བཞིན་དུ་བུང་བ་དང་སྦྲང་རྩི། སྦུན་པ་དང་འབྲས། མི་གཙང་བ་དང་གསེར། ས་དང་གཏེར། ཤུན་པ་དང་མྱུ་གུ་གོས་རུལ་དང་སྐུ། མི་མོ་དང་འཁོར་བསྒྱུར། ས་འདམས་དང་གསེར་གྱི་སྐུ་སྟེ་ཐམས་ཅད་དཔེ་དང་དོན་དང་བྱེད་ལས་གསུམ་གསུམ་མདོར་བསྟན་རྒྱས་བཤད་དུ་ཡོད་དོ། །དེ་ལ་དང་པོ་པདྨའི་སྦུབས་ན་སངས་རྒྱས་ཀྱི་སྐུ་ཡོད་པ་བཞིན། ཉོན་མོངས་པ་འདོད་ཆགས་བག་ལ་ཉལ་གྱིས་སྦུབས་ན། སྙིང་པོ་རྟོགས་པ་ཆོས་སྐུ་ཡོད་པ་བསྟན་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ལ་མདོར་ནི། ཇི་ལྟར་མདོག་ངན་པདྨའི་ཁང་གནས་པ། མཚན་སྟོང་གི་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལ། སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། སྒྲིབ་མེད་ཕྱི་མཐའི་མུར་གནས་སྙིང་རྗེ་ཡི། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཅེས་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། །དེའི་ཁང་གནས་ལྷ་མིག་དག་པས་མཐོང་ན་འདབས་མ་གཅོད་བྱེད་ལྟར། །ཆགས་སྡང་སོགས་དྲི་སྦུགས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེ་ཐུབ་པས་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། །ཞེས་པའོ། །གཉིས་པ་སྦྲང་མའི་ཚང་དུ་སྦྲང་རྩི་ཡོད་པ་བཞིན། །ཉོན་མོངས་པ་ཞེ་སྡང་བག་ལ་ཉལ་གྱི་སྦུགས་ན། བསྟན་པ་ཆོས་སྐུ་ངེས་དོན་ཟབ་མོ་ཡོད་པར་བསྟན་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡི། །མཐོང་ནས་ཐབས་ཀྱིས་དེ་དང་སྲོག་ཆགས་ཚོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོ་ཀུན་མཁྱེན་སྤྱན་གྱིས་ནི། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་ལ། །གཏན་ནས་རབ་ཏུ་སྤོང་བ་མཛད་པ་ཡིན། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉེར་མིས། །སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། །དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། །ཞེས་པའོ། །གསུམ་པ་སྦུན་པའི་སྦུབས་ན་འབྲས་ལ་སོགས་པའི་སྙིང་པོ་ཡོད་པ་བཞིན། ཉོན་མོངས་པ་གཏི་མུག་བག་ལ་ཉལ་གྱི་སྦུབས་ན། བསྟན་པ་ཆོས་སྐུ་དྲང་དོན་སྣ་ཚོགས་པ་ཡོད་པར་བསྟན་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་ལོངས་སྤྱོད་མི་འགྱུར་བས། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་འབྱེད། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་ས་ལུ་བྲ་བོ་ནས་བྲུའི་སྙིང་པོ་སྦུན་ལས་མ་བྱུང་གྲ་མ་ཅན། །ལེགས་པར་མ་བསྒྲུབས་མི་རྣམས་ཀྱིས་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབ་ལས་མ་གྲོལ་བས། །ཉོན་མོངས་འབྲུ་བས་ཉེན་པའི་འགྲོ་ལ་ཆོས་ཀྱིས་དགའ་བའི་རོ་སྟེར་འགྱུར་བ་མིན། །ཞེས་པའོ། །བཞི་པ་མི་གཙང་བའི་ནང་ན་གསེར་ཡོད་པ་བཞིན། ཉོན་མོངས་པ་ཀུན་ལྡང་དྲག་པོའི་སྦུབས་ན། སྙིང་པོ་དེ་བཞིན་ཉིད་ཡོད་པར་བསྟན་པ་སྟེ། དེ་ལའང་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་པའི་གནས་སུ་ལྷུང་གྱུར་ལ། །མི་འཇིགས་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་སྟེ། །ལྷ་མིག་རྣམ་དག་དང་ལྡན་ལྷ་ཡིས་དེར། །མཐོང་ནས་འདི་ན་མི་ལ་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱོངས་ཏེ་རིན་ཆེན་གྱི། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་འདམ་བྱིང་སེམས་ཅན་ཡོན་ཏན་ནི། གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་ལྗན་ལྗིན་རུལ་པའི་ནང་དུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པ་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་རྒྱལ་བས་ཉོན་མོངས་མི་གཙང་ཆེན་པོར་ལྷུང་འགྱུར་རྫོགས་སངས་རིན་པོ་ཆེ། སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་བསྟན་ཏོ། །ཞེས་པའོ། །ལྔ་པ་ནི་སའི་འོག་ནས་རིན་པོ་ཆེའི་གཏེར་ཡོད་པ་བཞིན། མ་རིག་བག་ཆགས་ཀྱི་ས་ཡི་སྦུབ་ན། སྙིང་པོ་རང་བཞིན་གནས་རིགས་ཡོད་པར་བསྟན་པ་སྟེ། དེ་ལའང་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཏེ། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་འང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་ཏུ་སྐྱེ་དགུའི་འདི་མྱོང་ངོ། ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། །རིན་ཆེན་སྟེར་བདག་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམས། །ཞེས་པའོ། །དྲུག་པ་ཤུན་པའི་ནང་དུ་ལྗོན་ཤིང་གི་མྱུ་གུ་ཡོད་པ་བཞིན། ཉོན་མོངས་པ་མཐོང་སྤང་གིས་སྦུབས་ན། རྒྱས་གྱུར་གྱིས་རིགས་ཡོད་པ་བསྟན་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ་ནི། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱིས། པག་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཆུ་དང་ཉི་མའི་འོད་དང་རླུང་དང་ས་དུས་ནམ་མཁའི་རྐྱེན་རྣམས་ཀྱིས། །ཏ་ལ་དང་ནི་ཨ་མྲའི་འབྲས་སྦུབས་གསེབ་ནས་ཤིང་སྐྱེ་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང་། །དེ་བཞིན་དགེ་རྐྱེན་དེ་དང་དེ་ཡི་ཆོས་མཐོང་འཕེལ་བར་འགྱུར་བ་ཡིན། །ཞེས་པའོ། །བདུན་པ་གོས་རུལ་ནང་དུ་རིན་པོ་ཆེའི་སྐུ་ཡོད་པ་བཞིན། ཉོན་མོངས་པ་བསྒོམ་སྤང་གིས་སྦུབས་ན། སྙིང་པོ་ངོ་བོ་ཉིད་སྐུ་ཡོད་པར་བསྟན་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་རུལ་དྲི་ངན་གྱིས་ནི་བཏུམ་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་དེ་མི་ལ་སྨྲ་བ་ལྟར། །དེ་བཞིན་ཐོག་མེད་རྣམ་པ་སྣ་ཚོགས་ཀྱིས། ཉོན་མོངས་ཀྱིས་བཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་ཏེ། །ཐར་བར་བྱ་བའི་དོན་དུ་ཐབས་སྟོན་མཛད། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་བཏུམ་པ། །ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་རུལ་གྱིས་བཏུམས་འཁོར་བའི་ལམ་ལ་གནས་པ་ཁམས། །དུད་འགྲོ་ལ་ཡང་གཟིགས་ནས་ཐར་པ་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ། །ཞེས་པའོ། །བརྒྱད་པ་བུད་མེད་ཀྱི་ལྟོ་ན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡོད་པ་བཞིན། མ་དག་ས་བདུན་ལ་བརྟེན་པའི་དྲི་མའི་སྦུབས་ན། ཡོངས་སུ་རྫོགས་པའི་སྐུ་ཡོད་པར་བསྟན་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་གནས་སུ་ནི་འདུག་འགྱུར་ལ། །མངལ་གྱི་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་གཟུགས་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བ་སྡུག་བསྔལ་གཞི་ལ་གནས། །ཞེས་པའོ། །དགུ་པ་ས་འདམ་གྱི་ནང་ན་གསེར་ཞུན་མའི་སྐུ་ཡོད་པ་བཞིན། དག་པ་ས་གསུམ་ལ་བརྟེན་པའི་དྲི་མའི་སྦུབ་ན། སྙིང་པོ་སྤྲུལ་པའི་སྐུ་ཡོད་པར་བསྟན་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། ཇི་ལྟར་ནང་གིས་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན། མཐོང་ནས་དེ་ཤེས་པ་དག་ནང་གིས་གསེར། །སྦྱོང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཞེས་པའོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་དྲི་མ་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས། །ཞི་དེ་རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར། །དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། ཆོས་འཆད་ཚུལ་གྱིས་བརྟེག་སྤྱད་བསྒྲུབ་པས་སྒྲིབ་པ་དག་ནི་སེལ་བར་མཛད། །ཞེས་པའོ། །གསུམ་པ་དཔེ་དགུའི་དོན་བསྡུ་བ་ནི། པདྨ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་རུལ་བུད་མེད་ཀྱི། མངལ་དང་ས་ཡི་སྦུབས་ན་ཡང་། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་པའོ། །གསུམ་པ་དྲི་མ་སྦྱོང་ཚུལ་ལ་ལྔ་སྟེ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་དང་། དོན་བསྡུ་བ་དང་། གང་ཟག་གང་གི་རྒྱུད་ལ་ཡོད་པ་དང་། དྲི་མ་དགུ་དཔེ་དོན་སྦྱར་ནས་བཤད་པའོ། །དེ་ལ་དང་པོ་སྤྱིར་བསྟན་པ་ནི། སེམས་ཅན་ཁམས་ཀྱིས་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་གྱི་རིན་ཆེན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱིས་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་ནི་བདག་ཉིད་གཅིག་པ་དང་དེ་བྱུང་གི་འབྲེལ་པ་གང་ཡང་མེད་དེ། གློ་བུར་གྱི་དྲི་མ་རྣམས་ནི་མེད་བཞིན་དུ་སྣང་བ་སྤྲིན་དང་རྨི་ལམ་ལྟ་བུ་ཡིན་ཞིང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་ནི་རྟག་པ། བརྟེན་པ་ཞི་བ། གཡུང་དྲུང་གི་བདག་ཉིད་དུ་གདོད་མ་ནས་གནས་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ། བག་ལ་ཉལ་གསུམ། ཀུན་ལྡང་དྲག་པོ་དང་བཞི། མ་རིག་བག་ཆགས་དང་ལྔ། ཐེག་པ་ཐུན་མོང་བའི་མཐོང་སྤང་བ། བསྒོམ་སྤང་གཉིས་དང་བདུན། མ་དག་ས་བདུན་གྱི་དྲི་མ་དང་བརྒྱད། དག་པ་ས་གསུམ་གྱི་དྲི་མ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་དང་དགུ་སྟེ། དེ་དག་ཀྱང་། ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་ལྡང་དྲག་དང་བག་ཆགས་དང་། །མཐོང་བསྒོམ་ལམ་སྤང་མ་དག་དང་། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེ་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་ཀྱིས་ནི། དབྱེ་བ་བྱེ་བ་མཐའ་ལས་འདས། །ཞེས་བྱ་བ་གསུངས་ཏེ། མདོར་བསྡུ་ན་ཉོན་མོངས་པ་དགུ་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང་བཞིན་གྱི་རྣམ་པར་དག་པ་ལ་སྒྲིབ་བྱེད་དུ་སངས་རྒྱས་ཀྱི་གཟུགས་ལ་སྒྲིབ་བྱེད་པདྨའི་སྦུབས་ལ་སོགས་པ་ལྟར་གློ་བུར་ཉིད་དུ་ཡོད་དོ། །དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱིས་ཉོན་མོངས་པ་དང་། ཞེ་སྡང་བག་ལ་ཉལ་ཀྱིས་མཚན་ཉིད་ཀྱིས་ཉོན་མོངས་པ་དང་། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཀྱིས་ཉོན་མོངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་དང་། མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་བས་སྤང་བར་བྱ་བ་དང་། མ་དག་པའི་ས་ལ་བརྟེན་པ་དང་། དག་པའི་ས་ལ་བརྟེན་པའོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་མི་གཡོ་བའི་འདུ་བྱེད་ལ་སོགས་པའི་རྒྱུ་གཟུགས་དང་། གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་བ་དེ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། །འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ལ་སོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་བསྒྲུབ་པར་བྱེད་པ། མི་སྡུག་པ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། འདོད་ཆགས་དང་། །ཞེ་སྡང་དང་། གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་ཅེས་བྱའོ། །དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལས་འགྲུབ་པའི་རྒྱུ་དྲི་མ་མེད་པའི་ཡིད་ཀྱི་ལུས་བསྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་བར་བྱ་བ་གང་ཡིན་བ་དེ་དག་ནི། མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་ཞེས་བྱའོ། །སློབ་པ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་ལ། དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་བ་དེ་དག་ནི། མཐོང་བས་སྤང་བར་བྱ་བ་ཅེས་བྱའོ། །འཕགས་པའི་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ་ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཅེས་བྱའོ། །མ་དག་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ས་བརྒྱད་པ་ལ་སོགས་པ་དག་པ་ས་གསུམ་བསྒོམ་བའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། མ་དག་པའི་ས་ལ་བརྟེན་པ་ཅེས་བྱའོ། །མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམ་པའི་ཤེས་པ་མི་མཐུན་པའི་ཕྱོགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། དག་པའི་ས་ལ་བརྟེན་པ་ཅེས་བྱའོ། །གསུམ་པ་དོན་བསྡུ་བ་ནི། ཆགས་སོགས་ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ན་ནི་གོ་རིམ་བཞིན། པདྨའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག་གིས་ཡང་དག་བསྟན། །ཞེས་པའོ། །བཞི་པ་གང་ཟག་གང་གི་རྒྱུད་ལ་ཡོད་པ་ནི། དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་དང་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཞེས་བྱ་བ་གསུངས་ཏེ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ནི་འདུག་གསུམ་བག་ལ་ཉལ་གསུམ་དང་། དེ་དག་གི་ཀུན་ལྡང་དྲག་པོ་དང་། བཞི་ཡོད་པས་མ་དག་པ་ཉིད་དོ། །ཉན་རང་དགྲ་བཅོམ་པ་རྣམས་ཀྱང་མ་རིག་བག་ཆགས་ཀྱི་ས་དང་བཅས་པས་མ་དག་པ་ཉིད་དོ། །སློབ་ལམ་པ་རྣམས་ཀྱང་མཐོང་སྤང་དང་བསྒོམ་སྤང་གཉིས་དང་བཅས་པས་མ་དག་པ་ཉིད་དོ། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མ་དག་ས་བདུན་ལ་བརྟེན་པའི་སྒྲིབ་པ་དང་། དག་པ་ས་གསུམ་ལ་བརྟེན་པའི་སྒྲིབ་པ་དང་བཅས་པས་མ་དག་པ་ཉིད་དོ། །ལྔ་པ་དྲི་མ་དགུ་དཔེ་དོན་སྦྱར་ནས་བཤད་པ་ནི། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང་། །ཕྱི་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་སྡུག་བསྔལ་བསྐྱེད་པར་བྱ། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕ་རོལ་སྦུན་པས་སྒྲིབ་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། མ་རིག་སྒོ་ངའི་སྦུབས་ཀྱིས་སྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། དེ་བཞིན་ཆགས་དང་བཅས་རྣམས་ཀྱིས། །འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་སྒྲིབ་པས་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་པ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། བསྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་རུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། ཏིང་ངེ་འཛིན་གྱི་གཞོམ་བྱ་མིན། དེ་ལྟར་ཆགས་སོགས་དྲི་མ་དགུ། །པདྨ་ལ་སོགས་དག་དང་མཚུངས། །ཞེས་པའོ། །བཞི་པ་ཇི་ལྟར་རྟོགས་པའི་རིམ་པ་ལ་བཞི། རྟོགས་རྒྱུ་མདོར་བསྟན། དེ་ཉིད་རྒྱས་པར་བཤད། དད་པས་རྟོགས་པར་བསྟན། མ་རྟོགས་པའི་གང་ཟག་བསྟན་པའོ། །དང་པོ་རྟོགས་རྒྱུ་མདོར་བསྟན་པ་ནི། རང་བཞིན་གསུམ་གྱི་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་དང་ཆོས་མཚུངས་སོ། །འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་གཟུགས་དང་། སྦྲང་རྩི་དང་། འབྲས་བུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་གྱི་རང་བཞིན་དུའོ། །གཏེར་དང་ཤིང་དང་རིན་པོ་ཆེའི་སྐུ་དང་། འཁོར་ལོས་བསྒྱུར་བ་དང་། གསེར་གྱི་གཟུགས་ཀྱི་དཔེ་ལྔས་ནི། སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ཀྱི་རང་བཞིན་དུའོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ལ། ཆོས་སྐུ་རྣམ་གཉིས་དང་། དེ་བཞིན་ཉིད་དང་། བསྐྱེད་བྱེད་གཉིས་དང་། བསྐྱེད་བྱ་གསུམ་བཤད་པའོ། །དེ་ལ་དང་པོ་ཆོས་སྐུ་རྣམ་གཉིས་བཤད་པ་ལ། ཆོས་སྐུ་རྣམ་གཉིས་དངོས་དང་། དེ་དཔེ་དོན་སྦྱོར་བའོ། །དང་པོ་ནི། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་བྱ་བ་གསུང་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། རྟོག་པ་ཆོས་སྐུ་དང་། བསྟན་པ་ཆོས་སྐུའོ། །རྟོག་པ་ཆོས་སྐུ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ལོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ཏེ་རྟོག་པར་བྱའོ། །དེ་ཐོབ་པའི་རྒྱུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ནི། གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་རྣམ་པར་རིག་པར་འགྱུར་རོ། །དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །བསྟན་པ་ཆོས་སྐུ་ཡང་རྣམ་པར་གཉིས་ཏེ། ཕྲ་བ་དང་རྒྱ་ཆེ་བའི་ཆོས་རྣམ་པར་འཇོག་པའི་ཚུལ་གྱིས་དབྱེ་བ་ལས་ཏེ། འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པ་དང་། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་དང་། དབྱངས་ཀྱི་སྙན་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་ལ་སོགས་པ་རྣམ་པ་དུ་མར་སྣ་ཚོགས་པའི་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པའོ། །གཉིས་པ་དཔེ་དོན་སྦྱར་བ་ནི། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩིའི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུན་སྙིང་བཞིན་ཤེས་བྱ། །ཞེས་བྱ་བ་གསུངས་སྟེ། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་། སྦྲང་རྩི་དང་སྙིང་པོའི་དཔེ་འདི་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས། སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ལས་ཕྱི་རོལ་ཏུ་གྱུར་པའི་གཟུགས་མེད་པ་བཞིན་ནོ། །གཉིས་པ་དེ་བཞིན་ཉིད་བསྟན་པ་ནི། རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། གཟུག་དང་མཚུངས་པར་བརྗོད་པ་ཡིན། ཞེས་བྱ་བ་གསུངས་ཏེ། སེམས་གང་ཡིན་པ་དེ་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང་། རང་བཞིན་གྱི་འོད་གསལ་བ་ཉིད་ཀྱིས་རྣམ་པར་མི་འགྱུར་བ་བརྟན་པ་དེ་གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱི་དེ་བཞིན་ཉིད་ཅེས་བརྗོད་དོ། །དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱིས་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་པར་མེད་དུ་ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་བཞིན་གཤེགས་པ་ཅེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གིས་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ་བསྐྱེད་བྱེད་གཉིས་ནི། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་ནི་རྣམ་གཉིས་ཤེས་བྱ་སྟེ། ཐོགས་མེད་རང་བཞིན་གནས་པ་དང་། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་པའོ། །བཞི་པ་བསྐྱེད་བྱ་གསུམ་བཤད་པ་ནི། རིགས་འདི་གཉིས་ལས་སངས་རྒྱས་ཀྱིས། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ལ་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང་། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། རྫོགས་ལོངས་འཁོར་ལོས་བསྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། སྤྲུལ་པ་གསེར་གྱིས་གཟུགས་ལྟ་བུ། །ཞེས་པའོ། །དེ་ལྟར་གཏེར་དང་ལྗོན་ཤིང་དང་། རིན་པོ་ཆེའི་སྐུ་དང་། འཁོར་ལོས་བསྒྱུར་བ་དང་། གསེར་གྱིས་གཟུགས་ཏེ། དཔེ་ལྷག་མ་ལྔ་འདི་དག་གིས་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ཏེ། །དེ་བཞིན་གཤེགས་པའི་ཁམས་སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོ་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ནི་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་འདིར་རྒྱུའི་དོན་ཏོ། །གང་གི་ཕྱིར་དེ་ལ་ཡང་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཁམས་གྲུབ་པའི་སྙིང་པོ་གྱུར་པ་ཡོད་མོད་ཀྱི། སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ། །གསུམ་པ་དད་པས་རྟོག་པར་བསྟན་པ་ནི། རང་བྱུང་རྣམས་ཀྱིས་དོན་དམ་དེ། །དད་པ་ཉིད་ཀྱི་རྟོགས་བྱ་ཡིན། །ཞེས་པའོ། །བཞི་པ་མི་རྟོགས་པའི་གང་ཟག་ནི། ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་བྱ་བ་གསུངས་ཏེ། མདོར་བསྡུ་ན་གང་ཟག་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་བཞག་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའོ། །ལྔ་པ་སྙིང་པོ་ཉིད་བསྟན་པར་ལ་གཉིས། ངོ་བོ་བསྟན་པ་དང་། སྟོང་མི་སྟོང་གིས་ཚུལ་བསྟན་པའོ། །དེ་ལ་དང་པོ་ངོ་བོ་བསྟན་པ་ནི། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་གསུངས་ཏེ། དེ་ལ་བདེ་གཤེགས་སྙིང་པོའི་ངོ་བོ་གང་ཡིན་པ་ངོས་འཛིན་པ་ལ། བོད་འདིར་འདོད་ཚུལ་མི་འདྲ་བ་འགའ་བྱུང་སྟེ། བླ་མ་དགའ་ལྡན་པ་རྣམས་ནི་སེམས་བདེན་པ་སྟོང་པའི་སྟོང་ཉིད་མེད་དགག་ནི་བདེ་གཤེགས་སྙིང་པོ་ཡིན་ནོ་ཞེས་ཟེར། བླ་མ་ས་སྐྱ་པ་རྣམས་ནི་སེམས་གསལ་བ་དང་སྟོང་པ་ཟུང་དུ་འཇུག་པ་བདེ་གཤེགས་སྙིང་པོ་བཞེད། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེའི་གསུངས་ལས་ནི། ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བསླད། །ཐ་སྙད་མང་པོ་བརྗོད་གྱུར་ཀྱང་། །བརྗོད་པ་འདི་ཡི་དོན་མི་རྟོག །ཞེས་གསུངས་སོ། །གང་གིས་ཕྱིར་རང་བཞིན་གྱི་ཡོངས་སུ་དག་པ། དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱས་བ་ཀུན་ནས་ཉོན་མོངས་པ་ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་ཆོས་བཞག་པར་བྱ་བ་ཅུང་ཟད་ཙམ་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ནི་འདིའི་ཆོས་ཉིད་དང་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་སྟོང་མི་སྟོང་གིས་ཚུལ་བསྟན་པ་ནི། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་བ་ཡིན་ལ། རྣམ་པར་དབྱེར་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱིས་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་མི་སྟོང་ངོ། །བཞི་པ་ཁམས་བསྟན་པའི་དགོས་པ་བཤད་པ་ལ་གཉིས། དྲིས་ལན་གྱི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་དྲིས་ལན་གྱིས་མདོར་བསྟན་པ་ནི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པར་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་གསུམ། བཀའ་བར་པར་ཇི་ལྟར་བསྟན་པའི་ཚུལ། ཐ་མར་ཁམས་བསྟན་པའི་རྒྱུ་མཚན། དེ་རྒྱས་བཤད་དོ། །དེ་ལ་དང་པོ་བཀའ་བར་པར་ཇི་ལྟར་བསྟན་པའི་ཚུལ་ནི། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱིས་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ནས། །ཞེས་པའོ། །གཉིས་པ་ཐ་མར་ཁམས་བསྟན་པའི་རྒྱུ་མཚན་ནི། སླར་ཡང་བླ་མའི་རྒྱུད་འདིར་ནི། ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་པའོ། །གསུམ་པ་རྒྱས་བཤད་ལ་དྲུག །ཞུམ་པའི་སྐྱོན། བདག་གཞན་མཉམ་པར་མ་ཤེས་པའི་སྐྱོན། ཁམས་མ་ཤེས་ནས་ལོག་པར་འཛིན་པའི་སྐྱོན། སྤངས་གཉེན་ལ་བསྐུར་བའི་སྐྱོན། མཉམ་པ་ཉིད་མི་རྟོགས་པའི་སྐྱོན། སྐྱོན་ལྔ་བྲལ་བའི་ཡོན་ཏན་ནོ། །དེ་ལ་དང་པོ་ཞུམ་པའི་སྐྱོན་ནི། འདི་ལྟར་དེ་ནི་མ་ཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །ཞེས་པའོ། །གཉིས་པ་བདག་གཞན་མཉམ་པར་མ་ཤེས་པའི་སྐྱོན་ནི། གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་ལ་དམན་པའི་འདུ་ཤེས་རབ་ཏུ་འཇུག །ཅེས་པའོ། །གསུམ་པ་ཁམས་མ་ཤེས་ནས་ལོག་པར་འཛིན་པའི་སྐྱོན་ནི། དེ་ལྟར་སེམས་དཔའ་དེ་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མི་འཛིན་ཅིང་། །ཡང་དག་དོན་ནི་རིགས་མི་འགྱུར། །ཞེས་པའོ། །བཞི་པ་སྤངས་གཉེན་ལ་སྐུར་བའི་སྐྱོན་ནི། བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་དག་མིན། །ཡང་དག་ཉེས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཞེས་པའོ། །ལྔ་པ་མཉམ་པ་ཉིད་མི་རྟོགས་པའི་སྐྱོན་ནི། ཡང་དག་མིན་པའི་ཉེས་འཛིན་ཅིང་། །ཡང་དག་ཡོན་ཏན་སྐུར་འདེབས་པས། བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་མཐོང་བྱམས་པ་འཐོབ་མི་འགྱུར། །ཞེས་པའོ། །དྲུག་པ་སྐྱོན་ལྔ་བྲལ་བའི་ཡོན་ཏན་ནི། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེས་ཕྱིར་དེ་ལས་ནི། ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱམས་ལ། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཞེས་བྱ་བ་ལ། བླ་མ་ས་སྐྱ་པཎ་ཆེན་ལ་སོགས་པ་མཁས་པ་འགའ་ཞིག་ན་རེ། སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ནི། ངེས་དོན་སྒྲ་ཅི་བཞིན་པ་མ་ཡིན། དྲང་དོན་དགོངས་པ་ཅན་ཡིན། དེའི་དགོངས་གཞི་གང་ཡིན་ན་སྟོང་པ་ཉིད་ཡིན། དགོས་པ་ནི། བདག་ཉིད་ལ་བརྙས་པ་སོགས་སྐྱོན་ལྔ་སྤངས་པའི་ཕྱིར་ཡིན། དངོས་ལ་གནོད་བྱེད་ནི། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་སེམས་ཅན་གྱི་རྒྱུད་ལ་ཡོད་པར་འདོད་ན། མུ་སྟེགས་པ་དག་བདག་རྟག་པ་གཅིག་པུ་རང་དབང་ཅན་ཡོད་པར་འདོད་པ་དང་མཚུངས་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནི་མི་མཚུངས་སྟེ། མུ་སྟེགས་པ་ནི་བདག་ཏུ་འཛིན་པའི་སྤྲོས་པ་ཅན་ཡིན་འདིར་བདེ་གཤེགས་སྙིང་པོ་ནི། གཞུང་འདི་ཉིད་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བར་དམ་པའི་བདག །ཞེས་གསུང་པ་ལྟར། མུ་སྟེགས་བཞིན་བདག་ཏུ་ཡང་མི་འཛིན། ཉན་ཐོས་བཞིན་བདག་མེད་དུ་ཡང་མི་འཛིན་པས། དེ་དག་གིས་བཏགས་པའི་སྤྲོས་པ་དང་བྲལ་བར་ཐོགས་འགྲེལ་ལས་གསུངས་སོ། །སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་པ་མི་འདོད་ན། །འདི་ལྟར་དེ་ནི་མ་ཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །ཞེས་སོགས་གསུངས་པའི་སྐྱོན་ལྔ་སོ་ན་གནས་པར་འགྱུར་རོ། །ཡང་བླ་མ་དགའ་ལྡན་བ་དག་ན་རེ། བཀའ་བར་པ་ལས་རྨི་ལམ་དང་སྒྱུ་མ་བཞིན་ཆོས་ཐམས་ཅད་སྟོང་པར་བཤད་ནས། སླར་ཡང་རྒྱུད་བླ་མ་འདིར་བདེ་གཤེགས་སྙིང་པོ་ཡོད་པར་བཤད་པ་ནི་བཟློས་པའི་སྐྱོན་དུ་འགྱུར་ཏེ། སེམས་སྟོང་པ་ཉིད་བདེ་གཤེགས་སྙིང་པོ་ཡིན་པའི་ཕྱིར་སྙམ་ན་དེ་ལྟ་མོད་ཀྱི་སེམས་ཞུམ་པ་ལ་སོགས་པ་ཉེས་པ་ལྔ་སྤངས་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་ཅེས་གསུངས་པ་ཡིན་ནོ། །ཞེས་པའི་བཤད་པ་མཛད་དོ། །སེམས་ཅན་གྱི་རྒྱུད་ལ་སེམས་བདེན་པས་སྟོང་བའི་སྟོང་ཉིད་དེ་སྟོབས་སོགས་ཡོན་ཏན་རྣམས་དང་དབྱེར་མེད་དུ་ཡོད་པ་ནི་མི་བཞེད་དོ། །ཡང་བདེ་གཤེགས་སྙིང་པོ་ནི་སེམས་བདེན་པས་སྟོང་པའི་སྟོང་ཉིད་མེད་དགག་རྐྱང་པ་ཡིན་ནོ་ཞེས་ཟེར་མོད། དེ་ལ་ཡོན་ཏན་གྱི་རྣམ་པ་ཅི་ཡང་མེད་པས། བདེ་གཤེགས་སྙིང་པོ་ཆོས་སྐུ་དང་དོན་གཅིག་པར་བཤད་པ་དང་འགལ་ཏེ། ཆོས་སྐུའི་དོན་ལ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །ཞེས་གསུང་པའི་ཕྱིར་རོ། །འོ་ན་བདེ་གཤེགས་སྙིང་པོ་གང་ལ་ཟེར་ན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་ལྟ་བུ་འདི་ཉིད་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གིས་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་ཚིགས་སུ་བཅད་པ་དང་པོའི་དོན་གྱིས་བསྡུས་པའི་བཤད་པ་རྫོགས་སོ།། ༈ །།སྤྱི་དོན་གཉིས་པ་རྟོགས་པ་བྱང་ཆུབ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་བསྟན་པ་དང་། སྡོམ་གྱིས་ཚིགས་བཅད་དོ། །དང་པོ་ངོ་བོ་བསྟན་པ་ནི། དག་ཐོབ་བྲལ་བ་རང་བཞིན་དོན། །དེ་རྟེན་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ཇི་ལྟ་ཉིད། །ཅེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི། གོ་རིམ་ཅི་ལྟ་བ་བཞིན་དུ་དོན་བརྒྱད་པོ་འདི་དག་བསྟན་ཏེ། འདི་ལྟ་སྟེ། ངོ་བོའི་དོན་དང་། རྒྱུའི་དོན་དང་། འབྲས་བུ་དོན་དང་། ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། རྟག་པའི་དོན་དང་། བསམ་གྱིས་མི་ཁྱབ་པའི་དོན་ཉིད། དེ་ལ་ཁམས་གང་ཞིག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་རྣམ་པར་དག་པ་ནི། གནས་ཡོངས་སུ་གྱུར་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །གཉིས་པ་སྡོམ་གྱི་ཚིག་བཅད་ནི། ངོ་བོ་རྒྱུ་དང་འབྲས་བུ་དང་། ལས་དང་ལྡན་དང་འཇུག་པ་དང་། དེ་རྟག་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ས་ནི་རྣམ་པར་བསྡུས། ཞེས་པའོ། །གཉིས་པ་རྒྱས་བཤད་ལ་བདུན་ཏེ། །ངོ་བོ་དང་རྒྱུ་བཤད་འབྲས་བུ་དང་། ལྡན་པ་དང་། འཇུག་པ་དང་། རྟག་པ་དང་། བསམ་གྱིས་མི་ཁྱབ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་དང་རྒྱུ་མདོར་བསྟན་པ་དང་། དེ་རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞི་གློ་བུར་གྱིས་ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་ཐོབ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་བཞི། ངོ་བོ་ཉིད་དང་། ཡོན་ཏན་ལྡན་ཚུལ་དང་། སྒྲིབ་པའི་དོན་དང་། བྲལ་བའི་རྒྱུའོ། །དེ་ལ་དང་པོ་ངོ་བོ་ཉིད་ནི། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་པའོ། །གཉིས་པ་ཡོན་ཏན་ལྡན་ཚུལ་ནི། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱིས། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཞེས་པའོ། །གསུམ་པ་སྒྲིབ་པའི་དོན་ནི། རང་བཞིན་གྱིས་ནི་མ་གྲུབ་དང་། །ཁྱབ་དང་གློ་བུར་བ་ཉིད་ཀྱིས། ཉོན་མོངས་ཤེས་བྱའི་སྒྲིབ་པ་དེ། །སྤྲིན་དང་འདྲ་བར་བརྗོད་པ་ཡིན། །ཞེས་པའོ། །བཞི་པ་བྲལ་བའི་རྒྱུ་ནི། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཞེས་པའོ། །གཉིས་པ་འབྲས་བུ་ལ་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དེ་ལ་དང་པོ་མདོར་བསྟན་ནི། དྲི་མེད་ཆུ་ལྡན་རིམ་རྒྱས་པདྨ་ཁེང་པའི་མཚོ་བཞིན་དང་། །སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ལྟ་བུ་དང་། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི། །དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་ཉིད་དོ། །ཐུབ་པའི་ཁྱུ་མཆོག་སྦྲང་རྩིའི་སྙིང་པོ་དང་། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། ཅེས་པའོ། །གཉིས་པ་རྒྱས་བཤད་ལ་གསུམ། མཉམ་བཞག་དང་རྗེས་ཐོབ་ཀྱི་འབྲས་བུ། དུས་གསུམ་དག་པའི་འབྲས་བུ། དེ་དཔེ་དོན་དགུ་དང་སྦྱར་བའོ། །དེ་ལ་དང་པོ་མཉམ་གཞག་དང་རྗེ་ཐོབ་ཀྱི་འབྲས་བུ་ནི། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱིས། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡིན། ཡེ་ཤེས་འབྲས་བུ་ཡིན་པར་བྱ། ཞེས་པའོ། །གཉིས་པ་དུག་གསུམ་དག་པའི་འབྲས་བུ་ནི། འདོད་ཆགས་རྡུལ་ནི་སྤངས་ཕྱིར་དང་། །གདུལ་བ་བྱ་བའི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་ཏེ། །ཆུ་དག་རྫིང་དང་མཚུངས་པ་ཡིན། །ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་སྤྲིན་ལས་རྣམ་གྲོལ་བས། །འགྲོ་བ་ཡེ་ཤེས་འོད་ཟེར་གྱིས། །མུན་པ་སེལ་ཕྱིར་སངས་རྒྱས་ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །ཞེས་པའོ། །གསུམ་པ་དེ་དཔེ་དོན་དགུ་དང་སྦྱར་བ་ནི། མི་མཉམ་མཉམ་པའི་ཆོས་ཕྱིར་དང་། །དམ་ཆོས་རོ་ནི་སྦྱིན་མཛད་དང་། །ཤུན་པ་དང་ནི་བྲལ་ཕྱིར་དེ། །བདེ་གཤེགས་སྦྲང་རྩིའི་སྙིང་པོ་བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། །དབུལ་བ་སེལ་བར་བྱེད་ཕྱིར་དང་། །རྣམ་གྲོལ་འབྲས་བུ་སྦྱིན་བྱེད་ཕྱིར། །གསེར་དང་གཏེར་དང་ལྗོན་པ་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང་། །རྐང་གཉིས་བདག་པོ་མཆོག་ཕྱིར་དང་། །རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། དེ་ནི་རིན་ཆེན་རྒྱལ་གསེར་བཞིན། །ཞེས་བྱ་བ་གསུངས་ཏེ། གནས་ཡོངས་སུ་གྱུར་པའི་ངོ་བོ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་རྒྱུ་ཅན། བྲལ་བའི་མིང་ཅན་གྱིས་འབྲས་བུ་གང་ཡིན་པ་དེའི་ལས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །དེ་ལ་རང་དང་གཞན་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་ཐར་བའི་ཕྱིར། སྒྲིབ་པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་རང་གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། གང་ཞིག་དེའི་སྟེང་དུ་འཇིག་རྟེན་ཅི་སྲིད་པར་ལྷུན་གྱིས་གྲུབ་པས་སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང་། བསྟན་པ་ལ་དབང་འབྱོར་པ་གཉིས་ཀྱིས་འཇུག་པ་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །གསུམ་པ་ལས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཟག་པ་མེད་ཁྱབ་འཇིགས་མེད་ཆོས་ཅན་ཏེ། བརྟན་ཞི་རྟག་པ་འཕོ་བ་མེད་པའི་གནས། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱིས། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོག་པའི་རྒྱུར་འགྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ངོ་བོ་ཉིད་སྐུ་དང་འབྲེལ་པའི་ལས་དང་། གཟུགས་སྐུ་གཉིས་དང་འབྲེལ་བའི་ལས་སོ། །དེ་ལ་དང་པོ་ངོ་བོ་ཉིད་སྐུ་དང་འབྲེལ་བའི་ལས་ནི། མདོར་ན་ཡེ་ཤེས་གཉིས་པོ་ཡིས། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང་། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི།་རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར། །འདུས་མ་བྱས་པའི་གནས་ཉིད་ཕྱིར། །ཉོན་མོངས་རྣམས་ནི་བག་ཆགས་དང་། །བཅས་པ་འགག་ཕྱིར་ཟག་མེད་དེ། །ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་བརྗོད། །གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིགས་མེད་ཉིད་ནི་བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །འཇིགས་པ་རྣམ་བཞིར་ཤེས་བྱ་སྟེ། །བརྟན་སོགས་དག་ལ་བཟློགས་ཕྱིར་རོ། །མྱགས་དང་རྣམ་འགྱུར་ཆད་པ་དང་། །བསམ་མི་ཁྱབ་སྒྱུ་འཕོ་བ་སྟེ། །དེ་མེད་ཕྱིར་ན་བརྟན་ཞི་དང་། །རྟག་དང་འཕོ་མེད་ཤེས་པར་བྱ། །ཞེས་པའོ། །གཉིས་པ་གཟུགས་སྐུ་གཉིས་དང་འབྲེལ་པའི་ལས་ནི། དྲི་མེད་ཤེས་དེ་དཀར་པོ་ཡིས། །ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་པའོ། །བཞི་པ་ལྡན་པ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་དང་པོ་མདོར་བསྟན་པ་ནི། བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །རབ་ཏུ་ཞི་ཁྱབ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐོགས་མེད་རྩུབ་རིག་སྤངས། །བལྟ་བཟུང་མེད་དགེ་སངས་རྒྱས་དྲི་མ་མེད། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ། དོན་གཉིས་དབྱེར་མེད་དུ་ལྡན་པ་བསྟན། དེ་བསམ་གྱིས་མི་ཁྱབ་པར་བཤད། རྟག་བརྟན་ཞི་བ་གཡུང་དྲུང་གི་དོན་བསྟན། ཆོས་སྐུ་ཁྱད་ཆོས་རྒྱས་པར་བཤད་པའོ། །དེ་ལ་དང་པོ་དོན་གཉིས་དབྱེར་མེད་དུ་ལྡན་པ་བསྟན་པ་ནི། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱིས་དོན་བསྟན་ཏེ། རང་གཞན་དོན་བརྟེན་དེ་ལ་ནི། བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཞེས་བྱའོ། །གཉིས་པ་དེ་བསམ་གྱིས་མི་ཁྱབ་པར་བཤད་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ཡུལ་ཅན་རྣམས་ཀྱིས་ནི། །བསམ་གྱིས་མི་ཁྱབ་པར་རྟོག་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་ནང་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་པའོ། །གསུམ་པ་རྟག་བརྟན་ཞི་བ་གཡུང་དྲུང་གི་དོན་བསྟན་པ་ནི། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་པ་མེད་ཕྱིར་བསྟན་པ་ཡིན། །གཉིས་མེད་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །ཞེས་པའོ། །བཞི་པ་ཆོས་སྐུའི་ཁྱད་ཆོས་རྒྱས་པ་བཤད་པ་ནི། རབ་ཞི་འགོག་པའི་བདེན་པའི་ཕྱིར། །ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོག་མེད་དེ། །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོག་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། །རྩུབ་པའི་རེག་དང་བྲལ་བ་ཡིན། །དེ་གཟུགས་མེད་ཕྱིར་བལྟར་མེད་དེ། །མཚན་མ་མེད་ཕྱིར་བཟུང་དུ་མེད། །དགེ་བ་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་མ་སྤངས་ཕྱིར་རོ། །ཞེས་པའོ། །ལྔ་པ་འཇུག་པ་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་མདོར་བསྟན་ལ། ངོ་བོ་གང་རྟོག་པ་དང་། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་རྒྱུན་མི་འཆད་པའོ། །དེ་ལ་དང་པོ་ངོ་བོ་གང་རྟོག་པ་ནི། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོག་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡི་མཐོང་། །གཉིས་པ་ཆོས་སྐུ་ནི། གཞལ་མེད་གང་གིས་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམས་སྤངས་པའོ། །གསུམ་པ་ལོངས་སྐུ་ནི། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །ཞེས་པའོ། །བཞི་པ་སྤྲུལ་སྐུ་རྒྱུན་མི་འཆད་པ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡིས་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། དབྱེ་བའི་གཞི་དང་། དེ་ལ་སྐུ་གསུམ་དུ་དབྱེ་བ་དང་། མཚན་ཉིད་ལྔ་དང་ཡོན་ཏན་ལྔ་ལྡན་གྱི་ངོ་བོ་ཉིད་སྐུ་བཤད། རང་བཞིན་ཐུགས་རྗེ་ལྷུན་གྲུབ་སོགས་ཡོན་ཏན་ལྔ་ལྡན་གྱི་ལོངས་སྐུ་བཤད། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྤྲུལ་སྐུ་བཤད། ཁྱད་པར་གསུངས་པའི་འཕྲིན་ལས་གོ་རིམ་དང་བཅས་པ་བཤད། ཟབ་པ་དང་རྒྱ་ཆེ་བའི་དོན་དང་། བརྟེན་དང་རྟེན་པ་བསྟན་པའོ། །དེ་ལ་དང་པོ་དབྱེ་བའི་གཞི་ནི། །རང་འབྱུང་རྣམས་ཀྱིས་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་འགྱུར་བ། །ཞེས་པའོ། །གཉིས་པ་དེ་ལ་སྐུ་གསུམ་དུ་དབྱེ་བ་ནི། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱིས། །ཆོས་ཀྱི་རབ་ཕྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཞེས་པའོ། །གསུམ་པ་མཚན་ཉིད་ལྔ་དང་ཡོན་ཏན་ལྔ་ལྡན་གྱི་ངོ་བོ་ཉིད་སྐུ་བཤད་པ་ནི། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱའི་སྙོམས་འཇུག་གིས། །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། རྣམ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱི་ནི། ཟབ་པའི་ཕྱིར་ན་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་པའོ། །བཞི་པ་རང་བཞིན་ཐུགས་རྗེ་ལྷུན་གྲུབ་སོགས་ཡོན་ཏན་ལྔ་ལྡན་གྱི་ལོངས་སྐུ་བཤད་པ་ནི། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཆད་ཕྱིར་དང་། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་སྐོང་ཕྱིར། །ཡིད་བཞིན་ནོར་མཐུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི་འཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོ་མི་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པ་སྣང་། །ཞེས་པའོ། །ལྔ་པ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྤྲུལ་སྐུ་བཤད་པ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམ་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོ་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཅི་སྲིད་གནས་པར་སྟོན། །ཞེས་པའོ། །དྲུག་པ་ཁྱད་པར་གསུང་གི་འཕྲིན་ལས་གོ་རིམ་དང་བཅས་པ་བཤད་པ་ནི། མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པས། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། མྱ་ངན་འདས་ལ་རབ་འཇུག་མཛད། ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྦྱིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་པའོ། །བདུན་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ནི། ཟབ་དང་མཐུན་ནི་སྣ་ཚོགས་དང་། །བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་གྲངས་བཞིན་ཟབ་པ་དང་། །རྒྱ་ཆེའི་བདག་ཉིད་ཆེས་ཤེས་བྱ། །འདི་ནི་དང་པོའི་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ཞེས་པའོ། །བརྒྱད་པ་བརྟེན་དང་རྟེན་པར་བསྟན་པ་ནི། ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། །ཞེས་པའོ། །དྲུག་པ་རྟག་པའི་དོན་བཤད་པ་ལ། མདོར་བསྟན་པ་དང་། གཟུགས་སྐུ་རྟག་པའི་རྒྱུ་མཚན་བདུན་དང་ཆོས་སྐུ་རྟག་པའི་རྒྱུ་མཚན་གསུམ་གྱིས་རྒྱས་བཤད་དང་། དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟགས། ཞེས་པའོ། །གཉིས་པ་གཟུགས་སྐུ་རྟག་པའི་རྒྱུ་མཚན་བདུན་ནི། ལུས་དང་སྲོག་དང་ལོངས་སྤྱོད་རྣམས། །བཏང་ནས་དམ་ཆོས་འཛིན་ཕྱིར་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོ་དམ་བཅས་མཐར་ཕྱིན་ཕྱིར། །སངས་རྒྱས་ཉིད་ནི་གཙང་བ་དང་། །དག་པའི་ཐུགས་རྗེ་རབ་འཇུག་ཕྱིར། །རྫུ་འཕྲུལ་རྐང་པ་སྟོན་པ་ནི། །དེ་ཡིས་གནས་པར་སྤྱོད་པའི་ཕྱིར། །མཁྱེན་པས་འཁོར་དང་མྱ་ངན་འདས། །གཉིས་སུ་འཛིན་ལས་གྲོལ་བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱིས། །བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་ན། །འཇིག་རྟེན་ཆོས་ཀྱིས་གོས་མེད་ཕྱིར། །ཞེས་པའོ། །གསུམ་པ་ཆོས་སྐུ་རྟག་པའི་རྒྱུ་མཚན་གྱི་རྒྱས་བཤད་ནི། འཆི་མེད་ཞི་བའི་གནས་ཐོབ་པ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་གྱིས། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱིས་ནི། །སྐྱབས་ལ་སོགས་པ་འཐད་ཕྱིར་རོ། །ཞེས་པའོ། །བཞི་པ་དོན་བསྡུ་བ་ནི། དང་པོ་ཡི་ནི་རྒྱུ་བདུན་གྱིས། །གཟུགས་ཀྱི་སྐུ་ནི་རྟག་ཉིད་དེ། ཕྱི་མ་གསུམ་གྱིས་སྟོན་པ་ནི། །ཆོས་ཀྱི་སྐུ་ཡི་རྟག་པ་ཉིད། །ཅེས་པའོ། །བདུན་པ་བསམ་གྱིས་མི་ཁྱབ་པ་བཤད་པ་ལ་བཞི་སྟེ། བསམ་གྱིས་མི་ཁྱབ་པའི་དོན་བརྗོད་པ་དང་། གཏན་ཚིག་བརྒྱད་རིམ་པར་བཤད་པ་དང་། རྒྱུ་དྲུག་གིས་དོན་བསྡུ་བ་དང་། དེ་རྟོག་པར་དཀའ་བའོ། །དེ་ལ་དང་པོ་བསམ་གྱིས་མི་ཁྱབ་པའི་དོན་བརྗོད་པ་ནི། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིའི་མ་བསྡུས་ཕྱིར། །རྒྱལ་ཡུམ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་པའོ། །གཉིས་པ་གཏན་ཚིག་བརྒྱད་རིམ་པར་བཤད་པ་ནི། བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་རྟག་བྱ་མིན་ཕྱིར་དེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །ཞེས་པའོ། །གསུམ་པ་རྒྱུ་དྲུག་གིས་དོན་བསྡུ་བ་ནི། རྒྱུ་ལྔ་དག་གིས་འཕྲ་བའི་ཕྱིར། །ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །དྲུག་པས་དེ་ཡིས་དངོས་མིན་ཕྱིར། །གཟུགས་སྐུ་བསམ་གྱིས་མི་ཁྱབ་བོ། །ཅེས་པའོ། །བཞི་པ་རྟོག་པར་དཀའ་བ་ནི། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་སོན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། དྲང་སོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིགས་མིན། །རྟོག་པའི་བྱང་ཆུབ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།དེའི་ཡན་ལག་ཡོན་ཏན་བསྟན་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གསུམ། དོན་དམ་ཀུན་རྫོབ་དང་། དག་ཐོབ་གཉིས་དང་། སྡོམ་གྱིས་ཚིག་བསྟན་པའོ། །དང་པོ་དོན་དམ་ཀུན་རྫོབ་ནི། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་པའོ། །གཉིས་པ་དག་ཐོབ་གཉིས་ནི། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་ཆོས་ཀྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་པའོ། །གསུམ་པ་སྡོམ་གྱིས་ཚིགས་བསྟན་པ་ནི། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིག་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམས་གཉིས་ཆུ་ཟླ་བཞིན། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་དྲུག་སྟེ། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་སྟོབས་བཅུ་བཤད་པ་དང་། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མི་འཇིགས་པ་བཞི་དང་། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། །བཤད་པ་དཔེ་དང་སྦྱར་བ་གཉིས་ཀྱིས་མཚན་བཟང་བཤད་པ་དང་། དེ་མདོ་དང་སྦྱར་བ་དང་། དཔེ་དོན་སྦྱར་བ་རྒྱས་བཤད་དོ། །དེ་ལ་དང་པོ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་སྟོབས་བཅུ་བཤད་པ་ལ། སྟོབས་བཅུ་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་སྟོབས་བཅུ་བསྟན་པ་ནི། གནས་དང་གནས་མིན་ལས་རྣམས་ཀྱིས། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་བསྟན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཅེས་པའོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། སྦྱིན་པའི་རྒྱུ་ལས། འབྲས་བུ་ལོངས་སྤྱོད་འབྱུང་བ་ནི་གནས་ཡིན། ཚུལ་ཁྲིམས་བསྲུང་བའི་རྒྱུ་ལས། འབྲས་བུ་བདེ་འགྲོ་མཐོ་རིས་སུ་སྐྱེ་བ་ནི་གནས་ཡིན། རྒྱུ་དེ་ལས་ངན་འགྲོར་སྐྱེ་བ་ནི་གནས་མ་ཡིན་པ་སོགས་མངོན་སུམ་དུ་མཁྱེན་པའོ། །སྟོབས་བཅུ་ཕྱི་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །གཉིས་པ་བཤད་པ་ནི། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བ་མོས་པ་སྣ་ཚོགས་དང་། །ཉོན་མོངས་རྣམ་བྱང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་ཞེས་པའོ། །གསུམ་པ་དཔེ་དང་སྦྱར་བ་ནི། མི་ཤེས་གོ་ཆ་རྩིགས་བརྟན་དང་། །ཤིང་རྣམས་འབིགས་དང་གཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། ཞེས་པའོ། །གཉིས་པ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱི་མི་འཇིག་པ་བཞི་ལ། མི་འཇིགས་པ་བཞི་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་མི་འཇིགས་པ་བཞི་བསྟན་པ་ནི། ཆོས་ཀུན་རྫོགས་པར་ནུབ་པ་དང་། གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་པའོ། །གཉིས་པ་བཤད་པ་ནི། བདག་གཞན་ཤེས་བྱའི་དངོས་པོ་རྣམ་ཀུན་ཤེས་བྱ་ཤེས་མཛད་ཕྱིར། །སྤངས་དངོས་སྤོངས་དང་སྤངས་མཛད་ཕྱིར་དང་བསྟེན་བྱ་བསྟེན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་གཞན་དོན་བདེན་གསུངས་ཕྱིར་དྲང་སོང་གང་དུ་འང་ཐོག་པ་མེད། །ཞེས་པའོ། །གསུམ་པ་དཔེ་དང་སྦྱར་བ་ནི། རི་དྭགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སེང་གེ་ཡང་། །ལེགས་གནས་ལྟོས་མེད་བརྟེན་པའི་རྩལ་དང་ལྡན་པར་གནས། །ཞེས་པའོ། །གསུམ་པ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མ་འདྲེས་པའི་ཆོས་བཅོ་བརྒྱད་བཤད་པ་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་བསྟན་པ་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུག་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟག་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་གྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱིས། །ཡེ་ཤེས་གཟིག་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་མིན། །ཞེས་པའོ། །གཉིས་པ་བཤད་པ་ནི། འཁྲུལ་དང་ཅ་ཅོ་བསྙེལ་དང་ཐུགས་ཡོ་ཐ་དད་ཀྱིས་ནི་འདུ་ཤེས་དང་། ངང་གིས་བཏང་སྙོམས་དྲང་སྲོང་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང་། དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །ཤེས་བྱའི་དོན་ཀུན་གཟིགས་པ་རྣམ་གྲོལ་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཡི་རྗེས་སུ་འཇུག་པ་དང་། །དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་སྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱི་བརྙེས། ཞེས་པའོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ས་སོགས་ལ་ཡོད་ཆོས་ཉིད་གང་ཡིན་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དེ་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་འཇིག་རྟེན་ན་ནི་ཐུན་མོང་ཏེ། །མ་འདྲེས་ཉིད་ནི་སྡུག་བསྔལ་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། །ཞེས་བྱ་བ་གསུངས་སྟེ། དེ་ཡང་སྐུའི་སྤྱོད་ལམ་ལ་འཁྲུལ་པ་མི་མངའ། །གསུངས་ལ་ཅ་ཅོ་མི་མངའ། །ཐུགས་ལ་འཁྲུལ་པ་མི་མངའ་བ་སོགས་བཅོ་བརྒྱད་པོ་འདི་རྣམས་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་ཁྱད་ཆོས་ཡིན་གྱིས། །ཉན་ཐོས་དང་། རང་སངས་རྒྱས་སོགས་གང་ལ་ཡང་མེད་པས་དེ་དག་དང་མ་འདྲེས་པའི་ཆོས་ཞེས་བྱའོ། །བཞི་པ་དཔེ་དང་སྦྱར་བ་གཉིས་ཀྱིས་མཚན་བཟང་བཤད་པ་ལ། མཚན་བཟང་བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་མཚན་བཟང་བཤད་པ་ནི། ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་དང་ཞབས་ལོང་མི་མངོན་དང་། སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་པ་དང་། ལྤགས་འཇམས་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡ་འདྲ་གསང་། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེ་དང་འདྲ་བ། །ཐལ་གོང་བར་མེད་རྒྱས་པ་དང་། །དཔུས་མགོ་ལེགས་ཟླུམ་ཕྱག་འཇམ་ལ། །ཟླུམ་ཞིང་མཐོན་དམན་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པ་ཡི། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། དཀར་དང་ཚེམས་ཐག་བཟང་བ་དང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ལ་པིང་ཀ་ཡིས། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་པ། །གཙུག་གཏོར་དབུ་ལྡན་དག་ཅིང་སྲབ་པ་དང་། ལྤགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་པ་དང་། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་ཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་པའོ། །གཉིས་པ་དཔེ་དང་སྦྱར་བ་ནི། ཇི་ལྟར་སྤྲིན་མེད་མཁའ་ལ་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་པའོ། །ལྔ་པ་མདོ་དང་སྦྱར་བ་ནི། ཡོན་ཏན་དྲུག་ཅུ་རྩ་བཞི་སོགས། འདི་དག་སོ་སོར་རྒྱུར་བཅས་ཏེ། །གོ་རིམ་ཅི་བཞིན་རིན་ཆེན་གྱིས། །མདོ་ཡི་རྗེས་འབྲངས་ཤེས་པར་བྱ། །ཅེས་པའོ། །དྲུག་པ་དཔེ་དོན་སྦྱར་བ་རྒྱས་བཤད་ལ་ལྔ། ཡོན་ཏན་སྤྱིའི་དཔེ་དོན་སྦྱར་བཤད་དང་། བྱེ་བྲག་ཏུ་སྟོབས་བཅུའི་སྦྱར་བཤད། མི་འཇིགས་པ་བཞིའི་སྦྱར་བཤད་དང་། དཔེ་འགོད་པའི་དོན་དང་། མ་འདྲེས་པའི་སྦྱར་བཤད་དོ། །དེ་ལ་དང་པོ་ཡོན་ཏན་སྤྱིའི་དཔེ་དོན་སྦྱར་བཤད་ནི། མི་ཕྱེད་པ་དང་མི་ཞན་དང་། །མཚུངས་པ་མེད་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་པ། །ཆུ་ཡི་ཟླ་བ་དཔེས་བསྟན་ཏོ། །ཅེས་པའོ། །གཉིས་པ་བྱེ་བྲག་ཏུ་སྟོབས་བཅུའི་སྦྱར་བཤད་ནི། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང་། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། ཕུག་དང་བཞིག་དང་བཅད་ཕྱིར་རོ། །བརླིང་དང་སྙིང་བརྟན་མི་ཕྱེད་པས། །དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། གང་ཕྱིར་སྙིང་པོ་བསྟན་པའི་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པའི་སྟོབས་བཅུ་ནི། མི་མཐུན་པའི་ཕྱོགས་ཀྱི་གཞིག་ཅིང་འགོག་པར་མི་ནུས་པས། རྡོ་རྗེ་ཕ་ལམ་དང་འདྲ་བ་ཉིད་དོ། །དེ་ཡང་འགྱུར་བ་མེད་པས་བརླིང་བ་སྟེ། སྙིང་པོ་གདོད་མ་ནས་གནས་པ་དེ་ཉིད་མངོན་དུ་གྱུར་པའི་ཕྱིར། །དེ་ནི་རྐྱེན་གཞན་གྱི་མི་ཕྱེད་པའི་ཕྱིར་བརྟེན་པ་ཉིད་དོ། །འདིར་མི་མཐུན་པའི་ཕྱོགས་ནི་རྣམ་པ་གསུམ་སྟེ། ཤེས་བྱའི་བསྒྲིབ་པ་གོ་ཆ་ལྟ་བུ་དང་། སྙོམས་འཇུག་གིས་སྒྲིབ་པ་རྩིག་པ་ལྟ་བུ་དང་། ཉོན་མོངས་པའི་སྒྲིབ་པ་ལྗོན་ཤིང་ལྟ་བུ་དང་གསུམ་མོ། །དེ་ལ་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུ་ཕུག་ཅིང་སྟོབས་བདུན་པ་སོགས་གསུམ་གྱིས་ནི། སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་བཤིག་ལ། སྟོབས་བཅུ་པ་ནི། ཉོན་མོངས་པའི་སྒྲིབ་པ་ལྗོན་ཤིང་ལྟ་བུ་རྩད་ནས་བཅད་པའི་ཕྱིར་རོ། །གསུམ་པ་མི་འཇིག་པ་བཞིའི་སྦྱར་བཤད་ནི། འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར། བརྟེན་ཕྱིར་རྩོལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། ཀུན་མངོན་མཁྱེན་པས་གང་ལས་ཀྱང་། འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་ཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱིས། །ས་ལ་རྒལ་གཟིགས་རྩལ་ལྡན་ནོ། །ཞེས་བྱ་བ་གསུངས་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་འཇིགས་པ་བཞི་དང་ལྡན་པ་སྟེ། འཁོར་གྱིས་ནང་དུ་ཆོས་གསུངས་པའི་ཚེ་བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་འདས་མ་འོངས་ད་ལྟར་དུས་གསུམ་གྱི་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་ངོ་ཞེས་གསུངས་པ་ལ། ཁྱེད་ཀྱི་འདི་ལྟ་བུ་མི་ཤེས་སམ་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། བདག་ནི་ཆགས་སོགས་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་པ་སྤངས་པ་ཡིན་ནོ་ཞེས་གསུངས་པ་ལ། འདི་ལྟ་བུ་གཅིག་མ་སྤངས་སོ་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། ལམ་འདི་ཉམས་སུ་བླངས་པས་ཁམས་གསུམ་འཁོར་བ་ལས་གྲོལ་ནས་ཐར་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལ། ལམ་འདིས་འཁོར་བ་ལ་ངེས་པར་འབྱིན་མི་ནུས་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། འདི་ནི་འཆིང་བ་ཐམས་ཅད་ལས་གྲོལ་བའི་རྟེན་དུ་ཐར་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལ། ད་དུང་གྲོལ་བ་མིན་ཞེས་ཆོས་མཐུན་གྱི་རྒོལ་བའི་འཇིགས་པ་མེད་པས་འཁོར་གྱིས་ནང་དུ་སེང་གེའི་སྒྲ་སྒྲོག་པའོ། །བཞི་པ་དཔེ་འགོད་པའི་དོན་ནི། འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེས་ནི་རྣམ་པ་ལྔ། ཞེས་པའོ། །ལྔ་པ་མ་འདྲེས་པའི་སྦྱར་བཤད་ནི། འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །མཚན་ཉིད་ལས་འདས་ནམ་མཁའ་བཞིན། །ཞེས་པའོ། །གསུམ་པ་དོན་བསྡུ་བ་གསུམ། ཆོས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་དང་། གཟུགས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་དང་། དེའི་དོན་མཐོང་བའི་ཚུལ་ལོ། །དེ་ལ་དང་པོ་ཆོས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་ནི། དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་ནི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང་། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པའོ། །གཉིས་པ་གཟུགས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་ནི། མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་ཅུ་རྩ་གཉིས་ཤེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །ཞེས་པའོ། །གསུམ་པ་དེའི་དོན་མཐོང་བའི་ཚུལ་ནི། དག་ལས་རིང་དང་ཉེ་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། །དེ་ལ་མཐོང་བ་རྣམ་པ་གཉིས། ཞེས་བྱ་བ་གསུངས་ཏེ། བདེ་བར་གཤེགས་པའི་སྙིང་པོ་རྣམ་པར་དག་པ་ཆོས་སྐུ་དྲི་མ་མེད་པ་རྟོགས་པ་ལ་རིང་བ། སོ་སོ་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་དུ་རྒྱལ་བའི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ་མཐོང་བ་ནི་སངས་རྒྱས་སྤྲུལ་པའི་སྐུ་སྟེ་ཆུ་ནང་དུ་ཟླ་བའི་གཟུགས་མཐོང་བ་ལྟ་བུའོ། །སྙིང་པོ་ཆོས་སྐུ་དྲི་མ་དང་བྲལ་བ་རྣམ་པར་དག་པ་མཐོང་བ་ལས་ཉེ་བ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱལ་བའི་དཀྱིལ་འཁོར་དུ་མཐོང་བའི་སྐུ་དེ་ནི་ལོངས་སྤྱོད་རྫོགས་པ་ཅེས་བྱ་བ་སྟེ། ནམ་མཁའ་མཐོང་བའི་ཟླ་གཟུགས་ལྟ་བུའོ། །ཡོན་ཏན་དྲུག་ཅུ་རྩ་བཞི་བསྟན་པ་སྟེ་ལེའུ་གསུམ་པའོ།། ༈ །།རྟོག་པར་བྱེད་པའི་རྐྱེན་འཕྲིན་ལས་འཇུག་པའི་ཚུལ་ལ་གསུམ་མདོར་བསྟན། རྒྱས་པར་བཤད། དཔེ་དང་སྦྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། སྤང་གཉེན་ཕུལ་དུ་བྱུང་བའོ། །དེ་ལ་དང་པོ་འཕྲིན་ལས་ལྷུན་གྲུབ་པ་ནི། གདུལ་བྱའི་ཁམས་དང་གདུལ་བྱའི་ཐབས་དང་ནི། གདུལ་བྱའི་ཁམས་ཀྱི་གདུལ་བྱའི་བྱ་བ་དང་། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱི་གྲུབ་པར་འཇུག །ཅེས་པའོ། །གཉིས་པ་སྤང་གཉེན་ཕུལ་དུ་བྱུང་བ་ནི། ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྒྲུབ་ཏེ་མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམས་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱིས་དྲ་བ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྣམ་པར་མི་རྟོག་པ་དང་། ཡུལ་དུ་མི་འགལ་བར་འཇུག་པ་གཉིས་ཀྱི་བསྟན་པ ། དེ་བཤད་པའོ། །དེ་ལ་དང་པོ་རྣམ་པར་མི་རྟོག་པ་དང་ཡུལ་དུ་མི་འགལ་བར་འཇུག་པ་གཉིས་ཀྱི་བསྟན་པ་ནི། གང་གིས་གང་གིས་འདུལ་བ་ཡིས། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མིན་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །གདུལ་བྱའི་ཁམས་ནི་གང་ཞིག་གིས། །གདུལ་བྱའི་ཐབས་མང་གང་གང་གིས། །གདུལ་བྱའི་གང་ལ་གང་དུ་ནི། །གང་ཚེ་ཡུལ་དང་དུས་དེ་དག །ཅེས་པའོ། །གཉིས་པ་དེ་བཤད་པ་ལྔ། བསྟན་པ་དང་། བཤད་པ་དང་དཔེ་དང་། དེ་སྦྱར་བཤད་དང་། རྒྱུ་གསུམ་གྱི་རྒྱུན་མི་འཆད་པའོ། །དེ་ལ་དང་པོ་བསྟན་པ་ནི། ངེས་འབྱིན་དེ་ཡི་རྟོན་པ་དང་། །དེ་འབྲས་དེ་ཡི་ཡོངས་འཛིན་དང་། །དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་མེད་ཕྱིར་རོ། །ཞེས་པའོ། །གཉིས་པ་བཤད་པ་ནི། ངེས་པར་འབྱིན་པ་ས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེ་སྒྲིབ་ཡས་མཐའ་ཉོན་མོངས་དང་། །ཉེ་བའི་ཉོན་མོངས་བག་ཆགས་དང་། །དུས་ཀུན་ཏུ་ནི་དེ་འཇོམས་པའི། །རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན། །ཞེས་བྱ་བ་གསུང་སྟེ། འདིའི་བརྗོད་བྱ་གནས་དྲུག་ནི་ངེས་པར་འབྱིན་པ་དང་། རྒྱུ་དང་། འབྲས་བུ་དང་། སེམས་ཅན་ཡོངས་སུ་འཛིན་པ་དང་། དེའི་སྒྲིབ་པ་དང་། སྒྲིབ་པ་འཇོམས་པའི་རྐྱེན་རྣམས་སོ། །གསུམ་པ་དཔེ་ནི། གནས་དྲུག་པོ་ནི་འདི་དག་རྣམས། །གོ་རིམ་ཇི་བཞིན་རྒྱ་མཚོ་དང་། །ཉི་མ་དང་ནི་ནམ་མཁའ་གཏེར། སྤྲིན་དང་རླུང་བཞིན་ཤེས་པར་བྱ། །ཅེས་པའོ། །བཞི་པ་དེ་སྦྱར་བཤད་ནི། ཤེས་ཆུ་ཡོན་ཏན་རིན་ཆེན་དང་། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེན་མཐའ་དང་དབུས་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་གཏོར་བ་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་ཟད་རླུང་དང་འདྲ། །ཅེས་བྱ་བ་གསུངས་ཏེ། དེ་ལ་ས་བཅུ་ནི། རྗེ་བཙུན་བྱམས་པས་མཛད་པའི་དབུས་མཐའ་རྣམ་འབྱེད་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་པ་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། དབང་ནི་རྣལ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུ་མི་མཐུན་ཕྱོགས་རྣམས་ཀྱིས། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་ཤིང་། དབྱིག་གཉེན་གྱི་དེའི་འགྲེལ་པ་ལས། འདི་ལྟ་སྟེ། ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོག་སྟེ། དེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །གཉིས་པ་ལ་ནི་མཆོག་གི་དོན་དུ་རྟོགས་ཏེ། དེས་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གི་ཐམས་ཅད་དུ་ཡོངས་སུ་སྤྱད་པ་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་སྙམ་མོ། །གསུམ་པ་ནི་དེའི་རྒྱུ་མཐུན་པ་དོན་གྱིས་མཆོག་ཏུ་རྟོགས་ཏེ། དེས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོབ་པ་མཆོག་ཏུ་རིགས་ནས། དེའི་ཕྱིར་མེའི་འོབས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཡང་བདག་ཉིད་མཆོང་ངོ། བཞི་པ་ནི་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོག་སྟེ། འདི་ལྟར་ཆོས་ལ་སྲིད་པ་ཡང་ལྡོག་གོ །ལྔ་པ་ལ་ནི་རྒྱུད་ཐ་དད་མེད་པའི་དོན་དུ་རྟོག་སྟེ། སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་རྟོགས་སོ། །དྲུག་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ། གང་ཀུན་ནས་ཉོན་མོངས་པར་འགྱུར་པའམ། རྣམ་པར་དག་པར་གྱུར་པའི་ཆོས་དེ་གང་ཡང་མེད་པར་རབ་ཏུ་རྟོག་པའི་ཕྱིར་རོ། །བདུན་པ་ལ་ནི་ཐ་དད་པ་མེད་པའི་དོན་དུ་རྟོག་སྟེ། མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱིས་མཚན་མ་ཐ་དད་པ་མི་འབྱུང་བའི་ཕྱིར་རོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་རྟོག་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ན་ཡང་བྲི་བའམ་འཕེལ་བར་མི་མཐོང་བའི་ཕྱིར་རོ། །དབང་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བའོ། །དེ་ལ་ས་བརྒྱད་པ་ཉིད་ལ་ཆོས་ཀྱི་དབྱིངས་དབང་དང་པོ་དང་། གཉིས་པའི་གནས་ཉིད་དུ་རབ་ཏུ་རྟོགས་སོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོག་སྟེ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །བཅུ་པ་ལ་ནི་ལས་ལ་དབང་བའི་ས་ཉིད་དུ་རྟོག་སྟེ། ཇི་ལྟར་བཞད་པ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ས་ཐོབ་པའི་འཕགས་པ་རྣམས་ནི། ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་ངང་ལ་མ་གཡོས་པར་ཀུན་ཏུ་འགྲོ་བའི་དོན་ལ་རྟོག་པ་ལ་སོགས་པ་འབྱུང་བས་དེ་དག་འགལ་བར་སེམས་པ་ནི། ངེས་དོན་མ་རྟོག་པ་རྣམས་ཀྱི་ཁ་སྐད་ཡིན་ནོ། །ས་བཅུ་པོ་དེ་དག་ནི། རྒྱ་མཚོ་དང་མཚུངས་ཏེ་ཡེ་ཤེས་ཆུ་བོ་ལྟ་བུ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་ནོར་བུ་རིན་པོ་ཆེ་ལྟ་བུ་དུ་མ་དང་ལྡན་པའི་ཕྱིར་རོ། །རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཉི་མ་དང་མཚུངས་ཏེ། ཕན་པ་དང་བདེ་བའི་མཐའ་ཡས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་གཞི་ཡིན་པའི་ཕྱིར་རོ། །འབྲས་བུ་སྐུ་གསུམ་གྱི་བདག་ཉིད་བྱང་ཆུབ་ཆེན་པོ་ནི་ནམ་མཁའ་དང་མཚུངས་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པས་རྒྱ་ཆེ་བ་དང་མཐའ་དང་དབུས་མེད་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ནི་རིན་པོ་ཆེའི་གཏེར་དང་མཚུངས་ཏེ། སངས་རྒྱས་ཀྱི་ཆོས་གང་གཱའི་བྱེ་མ་སྙེད་རྣམས་དང་ཆོས་ཉིད་དང་ལྡན་པའི་ཕྱིར་རོ། །ཁམས་བདེ་གཤེགས་སྙིང་པོ་དེ་སྒྲིབ་པར་བྱེད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ནི་སྤྲིན་དང་མཚུངས་ཏེ། ཡང་ནས་ཡང་དུ་གློ་བུར་དུ་འབྱུང་བའི་ཕྱིར་དང་། མ་རིག་པ་དང་ལྡན་པའི་ཤེས་རྒྱུད་ལ་ཁྱབ་པའི་ཕྱིར་དང་། དོན་ལ་གྲུབ་པ་མེད་པ་སྒྱུ་མ་དང་། རྨི་ལམ་ལྟ་བུ་ཡིན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ནི་རླུང་ཤུགས་དྲག་པོ་དང་མཚུངས་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤྲིན་ཚོགས་སྟུག་པོ་ལྟ་བུ་གཏོར་ཞིང་འཇོམས་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་གསུམ་གྱིས་རྒྱུན་མི་འཆད་པ་ནི། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་རྒྱུན་མི་འཆད། །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཛད་པ་འཕྲིན་ལས་རྒྱུན་མི་འཆད་པ་མི་སྲིད་དེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་མ་རིག་པའི་དབང་གིས་ཐོག་མ་མེད་པའི་དུས་ནས། ཁམས་གསུམ་དུ་འཁོར་ཞིང་། རིགས་དྲུག་གི་ཁ་བརྒྱུད། སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་དག་གཟིགས་ཤིང་། ཐེག་པ་ཆེན་པོའི་རིགས་ཀྱིས་ནུས་པ་རྒྱས། བཟོད་བརླགས་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས། འཇིག་རྟེན་མཐའ་དག་ལ། ཕན་བདེ་བསྒྲུབ་པའི་སྙིང་སྟོབས་ཆེན་པོ་དང་ལྡན་པས། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་འཁོར་བ་ནས་འདྲེན་པའི་གོ་ཆ་བགོས། དེའི་ཆེད་དུ་མཁྱེན་བརྩེ་ནུས་མཐུན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས། བསྒྲུབ་ནས་དེ་གྲུབ་པ་ཡིན་པ་དང་། བདག་དང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཆོས་ཉིད་ཅན་དུ་མཚུངས་པར་གཟིགས་པ་དང་། སེམས་ཅན་ཐམས་ཅད་སྒྲོལ་བའི་མཛད་པ་ད་དུང་ཡོངས་སུ་མ་རྫོགས་པའི་ཕྱིར། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་མཛད་པ་འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །དེ་ལ་འདིར་འཁོར་བ་ལ་མཐའ་ཡོད་དམ་མེད་ཟེར་བ་ལ། འཁོར་བ་ཐོག་མའི་མཐའ་ནི་ཕྱི་རོལ་མུ་སྟེགས་ལ་ལ་དག་ཡོད་པར་འདོད། ནང་པ་སངས་རྒྱས་པ་ལ་ཉན་ཐོས་སྡེ་པ་དང་། ཐེག་ཆེན་པ་གང་གི་ལུགས་ལ་ཡང་འཁོར་བ་ལ་ཐོག་མའི་མཐའ་མེད་པར་འདོད། ཕྱི་མའི་མཐའ་ལ་འཁོར་བ་སྤྱི་མཐའ་མེད་དེ་འཁོར་བ་སྟོང་པའི་དུས་མེད་པའི་ཕྱིར། སྒོས་མཐའ་ཡོད་དེ་སེམས་ཅན་རེ་རེའི་ཐར་པ་ཐོབ་པ་ནི་དེའི་འཁོར་བའི་མཐའ་ནི་དེར་ཟད་པའི་ཕྱིར་རོ། །ལ་ལ་ན་རེ་སེམས་ཅན་གང་ཡང་སངས་མི་རྒྱས་པ་རྟེན་དུ་འཁོར་བར་གནས་པ་གཅིག་ཀྱང་མི་སྲིད་པའི་ཕྱིར། སེམས་ཅན་ཐམས་ཅད་སངས་རྒྱས་པར་འགྱུར་བ་ཡིན་ལ་འཁོར་བ་སྤྱིའི་མཐའ་ཡང་ཡོད་པ་ཉིད་དོ་ཅེས་ཟེར་རོ། །གསུམ་པ་དཔེ་དང་སྦྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པ་ལ་གཉིས། དཔེ་དོན་མདོར་བསྟན་པ་དང་། དེ་ཉིད་རྒྱས་བཤད་དོ། །དེ་ལ་དང་པོ་དཔེ་མདོར་བསྟན་པ་ནི། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་པའོ། །གཉིས་པ་དེ་ཉིད་རྒྱས་བཤད་ལ། དཔེ་དགུ་དང་སྦྱར་བཤད། དེའི་དོན་བསྡུ་བ། ཆོས་མི་མཐུན་སྤངས་པའི་སྒོ་ནས་བསྟན་པའོ། །དང་པོ་དཔེ་དགུ་དང་སྦྱར་བཤད་ལ་བདུན། སྐུ་དང་། གསུང་དང་། དེས་ཁྱབ་པ་དང་། སྤྲུལ་པ་སྤྲོ་བ་དང་། ཡེ་ཤེས་འཇུག་ཚུལ་དང་། སྐུ་གསུང་ཐུགས་ཀྱི་གསང་བ་དང་། ཐུགས་རྗེ་ཆེན་པོ་འཇུག་ཚུལ་ལོ། །དང་པོ་སྐུ་ལ་བཞི། སྣང་ཚུལ་བྱེད་ལས། དེ་གཞན་དོན་དུ་འགྱུར་ཚུལ། གསུམ་གྱི་དཔེས་བསྟན་པའོ། །སྣང་ཚུལ། དོན་དུ་འགྱུར་བ། མི་རྟོག་ཀྱང་དོན་བཤད་པ་གསུམ་གྱི་དོན་བཤད། དཔེ་དོན་རྒྱས་བཤད་དང་། སྣང་ཚུལ་གྱིས་རྒྱུ་མཚན་བསྟན་པའོ། །དེ་ལ་དང་པོ་སྣང་ཚུལ་ནི། ཇི་ལྟར་བཻ་ཌཱུའི་དག་པ་ཡིས། །རང་བཞིན་ས་སྟེང་འདི་གྱུར་ཏེ། །དག་ཕྱིར་ལྷ་ཡི་དབང་པོ་དེ། །ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་དང་། །ལྷ་གནས་དེ་ལས་གཞན་དག་དང་། དེ་ཡི་གཞལ་ཡས་སྣ་ཚོགས་དང་། །ལྷ་རྫས་རྣམ་མང་དེར་མཐོང་ངོ། །ཞེས་པའོ། །གཉིས་པ་བྱེད་ལས་ནི། དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་འགྱུར་ཏེ། །ངེད་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང་། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་འགྱུར། །ཞེས་པའོ། །གསུམ་པ་དོན་དུ་འགྱུར་བ་ནི། དེ་དག་དགེ་བའི་ལས་དེས་ནི། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། དོན་ཆེན་གྱིས་ནི་ཉེ་བར་གནས། ཞེས་པའོ། །གཉིས་པ་དོན་ལ་སྣང་ཚུལ་ནི། དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམ་པ་ཡིས། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་དང་ལྡན་པ། །ཆགས་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ཀྱིས་གསུངས་པ་དང་། །མི་གསུངས་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །ཞེས་པའོ། །དེ་གཞན་དོན་དུ་འགྱུར་བ་ནི། །དེ་མཐོང་ནས་ཀྱང་སྟོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླང་གནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །མི་རྟོག་ཀྱང་དོན་བྱེད་པ་ནི། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོགས་མེད་ཡང་བ་མེད་པ་ཉིད། །དེ་ལྟར་ན་ཡང་འཇིག་རྟེན་ནང་། །དོན་ཆེན་པོ་ནི་ཉེ་བར་གནས། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། ཞེས་པའོ། །གསུམ་པ་འདི་དོན་རྒྱས་བཤད་ནི། ཇི་ལྟར་ས་ཀུན་ཉམས་ངའི་གནས་གཞན་དང་བྲལ་དྲི་མེད་བཻ་ཌུརྻ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ། །དག་ཕྱིར་དེ་ནི་ལྷ་བདག་གནས་སོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། རིམ་གྱིས་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརཏལ་བཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། དག་པའི་བཻཌུརྻ་འདྲ་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར། རང་དགའ་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་བསྐྱེད་བར་བྱེད། ཅེས་པའོ། །བཞི་པ་སྣང་ཚུལ་གྱི་རྒྱུ་མཚན་ནི། ཇི་ལྟར་བཻ་ཌུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོས་སྐུ་ཡི་གཟུག་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོགས་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་ལྟ། ཞེས་པའོ། །གཉིས་པ་གསུང་ལ་དྲུག །དཔེ་འགོད་པ་དང་། དོན་བསྟན་པ་དང་། དཔེ་དོན་གྱིས་བྱེད་ལས་མདོར་བསྟན་དང་། རྒྱས་བཤད་དང་། ཁྱད་པར་བརྗོད་པ་དང་། གསུང་གི་འཇུག་ཚུལ་མི་འགལ་བར་བསྟན་པའོ། །དང་པོ་དཔེ་འགོད་པ་ནི། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱིས། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔ་བོའི་བསྐུལ་བྱེད་ལྟར། །ཞེས་པའོ། །གཉིས་པ་དོན་བསྟན་པ་ནི། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱིས། །རྔ་སྒྲ་རང་གིས་ལས་ལས་བྱུང་། །དེ་བཞིན་འཇིག་རྟེན་ཐུབ་པས་ཆོས། གསུངས་པ་རང་གི་ལས་ལས་བྱུང་། །ཞེས་པའོ། །གསུམ་པ་དཔེ་དོན་གྱི་བྱེད་ལས་མདོར་བསྟན་པ་ནི། འབད་གནས་ལུས་དང་སེམས་བྲལ་བའི། །སྒྲ་དེ་ཇི་ལྟར་ཞི་བསྒྲུབ་ལྟར། །དེ་བཞིན་འབད་སོགས་དང་བྲལ་བ་ཡི། །ཆོས་འདི་ཞི་བ་བསྒྲུབ་པར་བྱེད། །ཅེས་པའོ། །བཞི་པ་རྒྱས་བཤད་ནི། ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུན་བྱུང་མི་འཇིགས་སྦྱིན་པ་ནི། ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་རྩེད་མོ་སེལ་བ་བཞིན། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད། །ཅེས་པའོ། །ལྔ་པ་ཁྱད་པར་བརྗོད་པ་ནི། གང་ཕྱིར་སྐྱེས་ཀུན་ས་ཉིད་དང་། །ཕན་བདེ་ཚུལ་ཁྲིམས་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། །སིལ་སྙན་རྣམས་ནི་ཁྱད་པར་འཕགས། །ལྷར་ནི་ལྷ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱིས་རྣར་མི་འགྲོ། །སངས་རྒྱས་རྔ་སྒྲ་འཁོར་བ་ཡི། །ས་འོག་འཇིག་རྟེན་དག་ཏུ་འགྲོ། །ལྷར་ནི་ལྷ་ཡིས་སིལ་སྙན་བྱེ་བ་མང་། །འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང་། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག །ལྷར་ནི་མཛེས་ཤིང་ཡིད་འོངས་སིལ་སྙན་སྒྲ། །སེམས་ཀྱི་དགོད་པ་འཕེལ་བར་བྱེད་པའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུངས། །ཏིང་འཛིན་སེམས་གཏོད་བསམ་པ་སྐུལ་བྱེད་ཉིད། །མདོར་ན་མ་ལུས་འཇིག་རྟེན་ཁམས་རྣམས་སུའང་། །ལྷ་དང་ས་ཡི་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་བ། དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། །ཅེས་པའོ། །དྲུག་པ་གསུང་གི་འཇུག་ཚུལ་མི་འགལ་བར་བསྟན་པ་ནི། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་ཤིང་། །ཐམས་ཅད་ལྷ་ཡི་རྣ་བར་ཡང་། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། ཞིབ་མོས་ཡེ་ཤེས་སྤྱོད་ཡུལ་དང་། །ཉོན་མོངས་མེད་ཡིད་འགའ་ཞིག་གིས། །རྣ་བའི་ལམ་དུ་འགྱུར་བ་ཡིན། །ཞེས་པའོ། །གསུམ་པ་གསུང་གི་དཔེ་ཁྱབ་པ་ལ་ལྔ། སྤྲིན་གྱི་དཔེ་བསྟན་པ་དང་། དོན་བརྗོད་པ་དང་། སྣོད་ཀྱི་འགྱུར་ཚུལ་དང་། འབད་མེད་དུ་འཇུག་པ་དང་། སྡུག་བསྔལ་སེལ་བའོ། །དེ་ལ་དང་པོ་སྤྲིན་གྱི་དཔེ་བསྟན་པ་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱུན་དུ་འབབས་པ་ལྟར། །ཞེས་པའོ། །གཉིས་པ་དོན་བརྗོད་པ་ནི། དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར་སྤྲིན་གྱི་འབེབས་པ་ལྟར། །དེ་བཞིན་རྩེ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་། །མི་འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཏོག་རྒྱུ། །ཅེས་པའོ། །གསུམ་པ་སྣོད་ཀྱི་འགྱུར་ཚུལ་ནི། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་དེ་ལ་འཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་བཅུའི་ཆར། །རབ་ཡང་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུ་ཀྱི་གནས་ཀྱིས་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་བར་འགྱུར། །ལྟོས་པ་མེད་པར་འཇུག་པས་ནི། །ཐེག་པ་མཆོག་ལ་དང་པོ་དང་། །བར་མ་དང་ནི་སྡང་བ་ཡིས། །ཕུང་པོ་གསུམ་ནི་མི་དག་དང་། །རྨ་བྱ་དང་ནི་ཡི་དྭགས་འདྲ། །དཔྱིད་མཐའ་སྤྲིན་མེད་པ་ན་མི་དང་མཁའ་མི་རྒྱུ་བའི་བྱ་དག་དང་། དབྱར་ཚེ་ས་ལ་ཆར་བབ་པ་ན་ཡི་དྭགས་དག་ནི་སྡུག་པ་ལྟར། །སྙིང་པོའི་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང་། །ཆོས་འདོད་པ་དང་ཆོས་ལ་སྡང་བ་འཇིག་རྟེན་ན་ནི་དཔེ་དེ་ཉིད། །ཅེས་པའོ། །བཞི་པ་འབད་མེད་དུ་འཇུག་པ་ནི་ཐེགས་པ་རབ་འབེབས་རྡོ་ཚན་དང་ནི་རྡོ་རྗེའི་མེ་ནི་འབེབས་པ་ན། །སྲོག་ཆགས་འཕྲ་དང་རི་སུལ་སོང་བ་དག་ལ་ཇི་ལྟར་སྤྲིན་ལྟོས་མེད། །འཕྲ་དང་རྒྱ་ཆེན་ཐིགས་ཐབས་ཚུལ་གྱི་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །ཉོན་མོངས་དག་རྒྱུར་བདག་ལྟའི་བག་ཆགས་དག་ལ་རྣམ་པ་ཀུན་ལྟོས་མེད། །ཅེས་པའོ། །ལྔ་པ་སྡུག་བསྔལ་སེལ་བ་ལ་གསུམ། སྡུག་བསྔལ་བ་དང་། འགྱུར་བ་རྟོག་པ་དང་། བདེན་བཞིའི་ཚུལ་མཐོང་བའོ། །དང་པོ་སྡུག་བསྔལ་སེལ་བ་ནི། འཁོར་བའི་སྐྱེ་འཆི་ཐོག་མཐའ་མེད་དེར་འགྲོ་བའི་ལམ་ནི་རྣམ་པར་ལྔ། མི་གཙང་བ་ལ་དྲི་ཞིམ་མེད་པ་བཞིན། །འགྲོ་ལྔ་དག་ན་བདེ་བ་མེད། །དེ་སྡུག་རྟག་ཏུ་མེ་མཚོན་ཁ་བ་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་དེ་རབ་ཞི་བྱེད་རབ་ཏུ་འབེབས། །ཞེས་པའོ། །གཉིས་པ་འགྱུར་བ་རྟོག་པ་ནི། ལྷ་ལ་འཆི་འཕོ་མི་ལ་ཡངས་ཚོལ་སྡུག་བསྔལ་ཞེས་བྱར་རྟོག་པའི་ཕྱིར། ཤེས་རབ་ལྡན་པ་ལྷ་མིའི་བྱང་ཆུབ་མཆོག་ལ་མངོན་པར་འདོད་མེད་དེ། །ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ལས། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ། །གསུམ་པ་བདེན་བཞིའི་ཚུལ་མཐོང་བ་ནི། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤངས་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤངས་བྱ་རེག་པར་བྱ་ཞིང་བསྟན་པར་བྱ། །ཅེས་པའོ། །བཞི་པ་སྤྲུལ་པ་སྤྲོ་བ་ལ་བཞི། དཔེ་དོན་མདོར་བསྟན་པ་དང་། དེ་བཤད་པ་དང་། མཐོང་བའི་རྒྱུ་བསྟན་པ་དང་། སྤྲུལ་སྐུའི་མཛད་པ་བཅུ་གཉིས་བཤད་པའོ། །དེ་ལ་དང་པོ་དཔེ་དོན་མདོར་བསྟན་ནི། ཇི་ལྟར་ཚངས་པ་ཚངས་པ་ཡི། གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་གིས་སྟོན་པར་མཛད། །ཅེས་པའོ། །གཉིས་པ་དེ་བཤད་པ་ནི། ཇི་ལྟར་ཚངས་རྟག་གཞལ་ཡས་ཁང་ལས་མི་གཡོ་འདོད་ཁམས་བཞུགས་པ་སྟེ། །ལྷ་རྣམས་ཀྱིས་མཐོང་དེ་མཐོང་དེ་ཡང་ཡུལ་ལ་དགའ་བ་སྤོངས་བྱེད་ལྟར། །དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལ་མི་བསྐྱོད་འཇིག་རྟེན་ཀུན་ཏུ་སྟེ། །སྐལ་ལྡན་གྱིས་མཐོང་དེ་ཡིས་མཐོང་དེ་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །ཅེས་པའོ། །གསུམ་པ་མཐོང་བའི་རྒྱུ་བསྟན་པ་ནི། སྔོན་གྱིས་རང་ཉིད་སྨོན་ལམ་དང་། །ལྷ་རྣམས་ཀྱིས་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པས་འབད་མེད་སྣང་། །རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ། །ཞེས་པའོ། །བཞི་པ་སྤྲུལ་སྐུའི་མཛད་པ་བཅུ་གཉིས་བཤད་པ་ནི། འཕོ་དང་ལྷུམས་འཇུག་བལྟམས་དང་ཡབ་ཀྱི་ཁབས་གཤེགས་དང་། །དགྱེས་རོལ་བ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང་། བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དག །བསྟན་ནས་ཐུབ་པ་བསྐལ་མེད་མིག་གི་ལམ་མི་འགྱུར། ཞེས་པའོ། །ལྔ་པ་ཡེ་ཤེས་འཇུག་ཚུལ་ལ་དྲུག །མདོར་བསྟན་པ་དང་། འཇུག་པའི་བྱ་བ་དང་། ཡེ་ཤེས་སྤྲོ་བའི་ཚུལ་དང་། དུ་མར་འཇུག་ཚུལ་བསྟན་པ་དང་། འཇུག་པའི་རིམ་པ་བཤད་པ་དང་། ཁྱད་པར་འཕགས་པའི་ཚུལ་ལོ། །དེ་ལ་དང་པོ་མདོར་བསྟན་པ་ནི། ཇི་ལྟར་ཉི་མས་གདུང་བས་དུས་ཅིག་ཚེ་ཉིད་ལ། །པད་སོགས་རྒྱས་དང་ཀུ་མུད་ཏ་ནི་རབ་ཟུམ་བ། ཆུ་སྐྱེས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། །ཉི་མ་རྟོག་མེད་འདིར་ནི་འཕགས་པའི་ཉི་དེ་བཞིན། །ཞེས་པའོ། །གཉིས་པ་འཇུག་པའི་བྱ་བ་ནི། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་གཅིག་ཆར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མའི་དམ་ཆོས་འོད་ཟེར་དག །འདུལ་བྱའི་སྐྱེ་བོ་པད་མ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཅེས་པའོ། །གསུམ་པ། ཡེ་ཤེས་སྤྲོ་བའི་ཚུལ་ནི། ཆོས་དང་གཟུགས་ཀྱི་སྐུ་དག་གིས། །བྱང་ཆུབ་སྙིང་པོའི་མཁའ་ཤར་བ། །ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། །ཅེས་པའོ། །བཞི་པ་དུ་མར་འཇུག་ཚུལ་བསྟན་པ་ནི། གང་ཕྱིར་གདུལ་བྱ་དག་པ་ཡིས། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཅར་འཆར། །ཞེས་པའོ། །ལྔ་པ་འཇུག་པའི་རིམ་པ་བཤད་པ་ནི། རྟག་ཏུ་ཐམས་ཅད་ལ་ཁྱབ་པ། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མའི་གདུལ་བྱ་ཡིས། །རི་ལ་ཇི་ལྟར་འོས་པར་འབབ། །ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདིར། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱི་འབབས། །ཞེས་པའོ། །དྲུག་པ་ཁྱད་པར་འཕགས་པའི་ཚུལ་ནི། ཞིང་ཀུན་ནམ་མཁའི་མཐའ་སྤྲོ་ཉི་མ་ལ་མེད་ལ། །མི་ཤེས་མུན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེའི་བདག་ཉིད་སྣ་ཚོགས་མདོག་བཀྱེའི་འོད་ཚོགས་ཀྱིས། །གསལ་བ་དང་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད། །སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང་བ་དང་། །གཏི་མུག་གིས་མདོངས་སྲིད་པའི་མཚོར་ལྷུང་ལྟ་བའི་མུན་པས་སྒྲིབ་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། །ཞེས་པའོ། །དྲུག་པ་སྐུ་གསུང་ཐུགས་ཀྱི་གསང་བ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། རྙེད་པར་དཀའ་བའི་ཚུལ་གྱིས་ཐུགས་དགོས་འདོད་འབྱུང་བ་དང་། དཔེ་དོན་གསུང་གིས་གསང་བ་བསམ་གྱིས་མི་ཁྱབ་པ་དང་། དཔེ་དོན་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའོ། །དེ་ལ་དང་པོ་ཐུགས་ཀྱི་གསང་བ་བསྟན་པ་ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་གཅིག་ཆར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱིས་ནི། །བསམ་ཀུན་སོ་སོའི་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང་། །དེ་ནི་དེ་ལ་རྣམ་མི་རྟོག །ཅེས་པའོ། །བཤད་པ་ནི། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། ཞེས་པའོ། །རྙེད་པར་དཀའ་བ་ནི། གང་ཕྱིར་རྒྱ་མཚོ་ས་འོག་གནས་དེ་ལ་འདོད་པས། །ཇི་ལྟར་ནོར་བུ་བཟང་པོ་འགྲོ་འདིར་རབ་ཏུ་དཀའ། །དེ་བཞིན་འགྲོ་བ་ཀུན་ཏུ་སྐལ་ངན་ཉོན་མོངས་ཟིན། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀའ་ཤེས་པར་བྱ །ཅེས་པའོ། །གཉིས་པ་གསུང་གི་གསང་བའི་དཔེ་ནི། ཇི་ལྟར་སྒྲ་བརྙན་གྱིས་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་དང་མི་གནས་ལྟར། །ཞེས་པའོ། །དོན་ནི། དེ་བཞིན་དེ་བཞིན་གཤེགས་པའི་གསུངས། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་ཐར་རྟོག་མེད་བཟོ་མེད་ཅིང་། །ཕྱི་དང་ནང་དང་གནས་མ་ཡིན། །ཞེས་པའོ། །གསུམ་པ་སྐུའི་གསང་བའི་དཔེ་ནི། ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་པ། །མིག་གིས་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་དང་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟར་མིན། །ཞེས་པའོ། །དོན་ནི། དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟ་མིན། །ཞེས་པའོ། །བདུན་པ་ཐུགས་རྗེ་ཆེན་པོ་འཇུག་ཚུལ་ལ་གཉིས་ཏེ། དཔེ་དང་། དོན་ནོ། །དང་པོ་དཔེ་ནི། ཇི་ལྟར་ས་ལས་སྐྱེས་པ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟེན་དང་ཡང་འགྱུར་ལྟར། །ཞེས་པའོ། །གཉིས་པ་དོན་ནི། དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། །ཞེས་པའོ། །དོན་བསྡུ་བ་ལ། འབད་པ་མེད་པའི་དོན། དགོས་པ་བསྟན་པ་དོན་བསྡུ་དངོས། དོན་བསྡུ་དང་པོ་གཏན་ཚིག་དགོད་པ། སྐབས་དོན་བརྗོད་པ། དཔེ་དགུ་བསྟན་པ། དཔེ་དགུ་བཤད་པའོ། །དེ་ལ་དང་པོ་འབད་པ་མེད་པའི་དོན་ནི། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ནི་བསྟན་པ་ཡིན། །ཞེས་པའོ། །གཉིས་པ་དགོས་པ་བསྟན་པ་ནི། གང་དུ་དཔེ་དགུ་འདི་དག་ནི། །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡི་ནི་མིང་ཉིད་ཀྱིས། །དེ་ཡིས་དགོས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། བློ་ལྡན་མྱུར་དུ་སངས་རྒྱས་ཀྱིས། སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། ཞེས་པའོ། །གསུམ་པ་དོན་བསྡུ་དངོས་ནི། དེ་དོན་བཻ་ཌཱུར་བརྒྱ་བྱིན་གྱིས། གཟུགས་བརྙན་ལ་སོགས་དཔེ་དག་ནི། །རྣམ་པ་དགུ་བརྗོད་དེ་ལ་ནི། །དེ་ཡི་བསྡུས་དོན་ངེས་པར་བཟུང་། །སྟོན་དང་གསུངས་དང་ཁྱབ་པ་དང་། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང་། །ཐུགས་གསུང་སྐུ་ཡི་གསང་བ་དང་། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །ཅེས་པའོ། །བཞི་པ་གཏན་ཚིགས་དགོད་པ་ནི། འབད་རྩོལ་རྒྱུད་ཀུན་རབ་ཞི་བ། རྣམ་པར་རྟོག་པ་མེད་པའི་ཐུགས། དྲི་མེད་བཻ་ཌཱུར་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །ལོངས་སྤྱོད་ཞི་བ་དམ་བཅའ་སྟེ། །རྟོག་མེད་ཐུགས་ནི་གཏན་ཚིགས་སོ། །རང་བཞིན་དོན་ནི་གྲུབ་དོན་དུ། །དཔེ་ནི་བརྒྱ་བྱིན་གཟུགས་སོགས་བཞིན། །ཞེས་པའོ། །ལྔ་པ་སྐབས་དོན་བརྗོད་པ་ནི། འདིར་ནི་སྐབས་དོན་འདི་ཡིན་ཏེ། །སྟོན་པ་ལ་སོགས་རྣམ་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ་བ། །འབད་པ་མེད་པར་རབ་འཇུག་པའི། །ཞེས་པའོ། །དྲུག་པ་དཔེ་དགུ་བསྟན་པ་ནི། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིགས། །ཞེས་པའོ། །བདུན་པ་དཔེ་དགུ་བཤད་པ་ནི། རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདམ་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མར་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུངས་དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུ་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞི་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་པའོ། །ཆོས་མི་མཐུན་སྤངས་པའི་སྒོ་ནས་བཤད་པ་ལ། སྐྱེ་འགག་སྣང་ཚུལ། ཆོས་མི་མཐུན་གྱི་དཔེར་བརྗོད། ཐུགས་རྗེ་ལས་འབྲས་བུ་འབྱུང་བའི་དོན་བསྟན་པའོ། །དེ་ལ་དང་པོ་སྐྱེ་འགག་སྣང་ཚུལ་ནི། དགེ་བ་བཻ་ཌཱུརྻ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་པ་ནི་མི་བཟློག་པའི། །དད་པའི་དབང་པོ་བལྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ཡི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག །ཅེས་པའོ། །གཉིས་པ་ཆོས་མི་མཐུན་གྱི་དཔེ་བརྗོད་པ་ནི། དཔེ་འདི་རྣམས་ཀྱིས་བསྡུས་པ་ཡིས། དོན་ནི་འདི་ཡིན་རིམ་པ་ཡང་། །སྔ་མ་ཕྱི་མས་ཆོས་མི་མཐུན། །སྤངས་པའི་སྒོ་ནས་བརྗོད་པ་ཡིན། །སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་མེད་མིན་པ་དེ་འདྲ་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲ་མིན། །ཚངས་ཆེན་བཞིན་ཏེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲ་མིན། །སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །འབྱུང་བ་དེ་དང་འདྲ་བ་མིན། ནམ་མཁའ་དང་འདྲ་དགེ་བ་ཡིས། །གཞི་མིན་དེ་དང་འདྲ་བ་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །ཅེས་པའོ། །གསུམ་པ་ཐུགས་རྗེ་ལས་འབྲས་བུ་འབྱུང་བའི་དོན་བསྟན་པ་ནི། སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དག་པའི་ལམ་ལས་བསམ་གཏན་དང་། །ཚད་མེད་པ་དང་གཟུགས་མེད་འབྱུང་། །འཕྲིན་ལས་ཀྱི་ལེའུ་བཞི་པའོ།། ༈ །།གསུམ་པ་བསྟན་ཆོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གསུམ་སྟེ། ཕན་ཡོན་དང་། ཇི་ལྟར་མཛད་པ་དང་། བསྔོ་བ་དོན་བསྡུ་དང་བཅས་པའོ། །དང་པོ་ལ། བསམ་གྱིས་མི་ཁྱབ་པའི་དོན་བརྗོད། ཡོན་ཏན་མདོར་བསྟན། སྦྱིན་པ་ལས་ཁྱད་པར་འཕགས་པ། ཚུལ་ཁྲིམས་ལས་ཁྱད་པར་འཕགས་པ། བསམ་གཏན་ལས་ཁྱད་པར་འཕགས་པ། དེའི་རྒྱུ་མཚན་བརྗོད། ཕན་ཡོན་ཤིན་ཏུ་རྒྱས་བཤད་དོ། །དེ་ལ་དང་པོ་བསམ་གྱིས་མི་ཁྱབ་པའི་དོན་བརྗོད་པ་ནི། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་པའོ། །གཉིས་པ་ཡོན་ཏན་མདོར་བསྟན་ནི། བློ་ལྡན་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱིས་བསོད་ནམས་ཟིལ་གྱིས་གནོན། །ཞེས་པའོ། །གསུམ་པ་སྦྱིན་པ་ལས་ཁྱད་པར་འཕགས་པ་ནི། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུ་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལས་ཚིགས་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་པའོ། །བཞི་པ་ཚུལ་ཁྲིམས་ལས་ཁྱད་པར་འཕག་པ་ནི། བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱིས་འབད་པ་མེད་པ་ཚུལ་ཁྲིམས་དྲི་མེད་བསྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་པའོ། །ལྔ་པ་བསམ་གཏན་ལས་ཁྱད་པར་འཕགས་པ་ནི། གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་པའོ། །དྲུག་པ་དེའི་རྒྱུ་མཚན་བརྗོད་པ་ནི། གང་ཕྱིར་སྦྱིན་བས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོངས་བྱེད་ལ། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོངས་དེ་ཡི་ཕྱིར། འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། ཞེས་པའོ། །བདུན་པ་ཕན་ཡོན་ཤིན་ཏུ་རྒྱས་བཤད་ལ་ལྔ། བྱང་ཆུབ་མྱུར་དུ་འཐོབ་པ། བྱང་ཆུབ་སེམས་ཀྱི་རྟེན་དུ་གྱུར་བ། ཚོགས་གཉིས་རྫོགས་པ། ཞར་ལ་ཚོགས་གཉིས་ཀྱི་ངེས་པ་བསྟན་པ། སྒྲིབ་པ་གཉིས་སྤོང་པའོ། །དེ་ལ་དང་པོ་བྱང་ཆུབ་མྱུར་དུ་འཐོབ་པ་ནི། གནས་དང་དེ་ཡི་གྱུར་པ་དང་། །དེ་ཡི་ཡོན་ཏན་དོན་གྲུབ་སྟེ། །རྒྱལ་བ་ཡིས་ནི་མཁྱེན་པའི་ཡུལ། །རྣམ་བཞི་ཇི་སྐད་བརྗོད་འདི་ལ། །བློ་ལྡན་ཡོད་དང་ནུས་ཉིད་དང་། །ཡོན་ཏན་ལྡན་པས་མོས་པ་ན། །མྱུར་དུ་དེ་བཞིན་གཤེགས་པ་ཡིས། །གོ་འཕང་འཐོབ་པའི་སྐལ་ལྡན་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལ་གནས་ནི་བདེ་བར་གཤེགས་པའི་སྙིང་པོ་སྟེ་ལེའུ་དང་པོར་བསྟན་པའོ། །དེའི་གྱུར་པ་ནི། དེ་སྒྲིབ་བྲལ་དུ་གྱུར་པའི་བྱང་ཆུབ་སྟེ་ལེའུ་གཉིས་པར་བསྟན་ཏོ། དེའི་ཡོན་ཏན་ནི། བྱང་ཆུབ་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་སོགས་པ་སྟེ་ལེའུ་གསུམ་པར་བསྟན་ཏོ། དེའི་དོན་བསྡུ་བ་ནི། རྒྱལ་བའི་འཕྲིན་ལས་ཏེ་ལེའུ་བཞི་པར་བསྟན་ཏོ། །བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཞིག་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་པར་དད་པས་མོས་པ་དང་། དེ་སྒྲིབ་བྲལ་དུ་གྱུར་པའི་བྱང་ཆུབ་ཐོབ་ནུས་པར་མོས་པ་དང་། དེ་ཐོབ་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་སོགས་དང་ལྡན་པ་དང་། འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་ལ། དད་པས་མོས་པ་ལ་བརྟེན་ནས་མྱུར་དུ་བྱང་ཆུབ་ཐོབ་བ་ཡིན་ནོ། །གཉིས་པ་བྱང་ཆུབ་སེམས་ཀྱི་རྟེན་དུ་འགྱུར་བ་ནི། བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའི་ཡོན་ཏན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་པ་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །ཞེས་པའོ། །གསུམ་པ་བྱང་ཆུབ་སེམས་ཀྱི་རྟེན་དུ་འགྱུར་བ་ནི། དེ་ནི་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །ཅེས་པའོ། །བཞི་པ་ཚོགས་གཉིས་རྫོགས་པ་ནི། བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། བསོད་ནམས་ཕ་རོལ་ཕྱིན་པ་ལྔ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤངས་ཕྱིར། །སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །བསྒོམ་བྱུང་བརྩོན་གྲུས་ཀུན་ཏུ་འགྲོ། །ཅེས་པའོ། །ལྔ་པ་ཞར་ལ་ཚོགས་གཉིས་ཀྱི་ངེས་པ་བསྟན་པ་ནི། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། སྤོངས་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་པའོ། །གཉིས་པ་ཇི་ལྟར་མཛད་པ་ལ། གང་ལ་བརྟེན་ནས་མཛད་པ་དང་། །རྒྱལ་བའི་བཀའ་ངོས་བཟུང་བ་དང་། དེ་དང་མཐུན་པ་ཐམས་ཅད་བླང་བྱར་བསྟན་པ་དང་། རྒྱལ་བའི་བཀའ་མཆོག་ཡིན་པས་དེ་དང་མི་འགལ་བར་བྱ་བ་དང་། འགལ་བའི་ཉེས་པ་བསྟན་པའོ། །དེ་ལ་དང་པོ་གང་ལ་བརྟེན་ནས་མཛད་པ་ནི། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པས་བལྟ་བ་བཞིན། །དེ་བཞིན་དོན་ཆེན་ཆོས་སྤོབས་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །ཅེས་པའོ། །གཉིས་པ་རྒྱལ་བའི་བཀའ་ངོས་བཟུང་བ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་སུ་ཀུན་ནས་ཉོན་མོངས་སྤོངས་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུངས་ཡིན་བཟློག་པ་གཞན། །ཞེས་པའོ། །གསུམ་པ་དེ་དང་མཐུན་པར་ཐམས་ཅད་བླང་བྱར་བསྟན་པ་ནི། གང་ཞིག་རྒྱལ་བའི་སྟོན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་པའོ། །བཞི་པ་རྒྱལ་བའི་བཀའ་མཆོག་ཡིན་པས་དེ་དང་མི་འགལ་བར་བྱ་བ་ནི། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་པའོ། །ལྔ་པ་འགལ་བའི་ཉེས་པ་བསྟན་པ་ལ་གསུམ། ཆོས་སྤོང་གི་རྒྱུ་ངོས་བཟུང་བ་དང་། ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་དང་། ཆོས་སྤོངས་མཚམས་མེད་པ་བས་ལྗི་བར་བསྟན་པའོ། །དེ་ལ་དང་པོ་ཆོས་སྤོང་གི་རྒྱུ་ངོས་བཟུང་བ་ནི། །ཉོན་མོངས་རྨོངས་བདག་རྣམས་ཀྱི་འཕགས་ལ་སྐུར་པ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱངས། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། བློ་དམན་ཕྱིར་དང་དཀར་པོའི་ཆོས་བྲལ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་འཕོངས་པས་སྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟན་ཕྱིར་དང་། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བོ་རྣམས་ཀྱིས་ཆོས་སྤོངས་བྱེད། །ཅེས་པའོ། །གཉིས་པ་ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་ནི། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱི་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མི་སྦྲུལ་དགྲ་དང་རྡོ་རྗེ་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། ཞེས་པའོ། །གསུམ་པ་ཆོས་སྤོང་མཚམས་མེད་པ་བས་ལྗི་བར་བསྟན་པ་ནི། གང་ཞིག་ཡང་ཡང་སྡིག་གྲོགས་བསྟན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པ་ཡིས། །དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་གང་ལ་ཡོད། །ཅེས་པའོ། །གསུམ་པ་བསྔོ་བ་དོན་བསྡུ་དང་བཅས་པ་ལ་གཉིས། བསྔོ་བ་སྨོན་ལམ་དང་། བསྟན་བཤད་ཀྱིས་དོན་བསྡུ་བའོ། །དེ་ལ་དང་པོ་བསྔོ་བ་སྨོན་ལམ་ནི། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་འཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདི་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པའོ། །གཉིས་པ་བསྟན་བཤད་ཀྱི་དོན་བསྡུ་བ་ནི། གང་ལ་རྒྱུ་མཚན་གང་ཕྱིར་ནི། ཇི་ལྟར་བུ་ནི་གང་བཤད་དང་། །རྒྱུ་མཐུན་པ་ནི་གང་ཡིན་ཏེ། །གཉིས་ཀྱི་བདག་ཉིད་དག་པ་ཡིས། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །གཉིས་ཀྱི་འབྲས་བུ་བསྟན་པ་ཡིན། །འཁོར་གྱིས་དཀྱིལ་འཁོར་བཟོད་པ་དང་། །བྱང་ཆུབ་ཐོབ་པ་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། ཞེས་པའོ། །ཕན་ཡོན་གྱིས་ལེའུ་སྟེ་ལྔ་པའོ།། ༈ །།འདི་ནི་བྱམས་པ་བདག་ཉིད་ཆེན་པོའི་བསྟན་བཅོས་ལྔ་གའི་རྗེས་སུ་མཛད་པར་ངེས་སོ། །ཐེག་མཆོག་བླ་ན་མེད་པ་གསལ་སྟོན་པ། །བསྟན་བཅོས་འདི་ནི་བླ་མེད་སངས་རྒྱས་སྐུ། །མངོན་སུམ་སྟོན་ཕྱིར་རྒྱས་སྲས་ཀུན་གྱིས་བརྟེན། །དེ་ཕྱིར་འདི་ལ་བདག་ཀྱང་དུས་ཀུན་ཏུ། །རང་ལ་གནས་པའི་རྒྱལ་བའི་ཡེ་ཤེས་དེ། །གསལ་སྟོན་འདི་ལ་སྔ་རབ་བྱོན་པ་ཡིས། བློ་ལྡན་ཤེས་རབ་ཕྱ་གཙང་དན་བག་སོགས། །རྣམ་དབྱེ་མཛད་པ་ཐེག་པ་སྤྱི་དང་མཐུན། །འདིར་ནི་བླ་ན་མེད་པ་སངས་རྒྱས་པར། །གོ་ཕྱིར་བསྡུས་དོན་ཅུང་ཟད་མི་མཐུན་པ། །ཡོད་ཀྱང་རྒྱལ་བའི་མདོ་ཉིད་དཔང་བྱས་ནས། །བླ་ན་མེད་པའི་རྒྱན་གྱུར་བསྡུས་དོན་བཀོད། །དགེ་བས་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས། །རྡོ་རྗེའི་གནས་བདུན་སྒྲིབ་མེད་མངོན་གྱུར་ནས། །ཡེ་ཤེས་རང་བྱུང་ཤེས་རབ་རྡོ་རྗེ་ཡི། །སྒྲིབ་གསུམ་བཅོམ་ནས་བྱམས་མགོན་ལྟར་གྱུར་ཅིག ཐེག་པ་བླ་ན་མེད་པ་སྟོན་པའི་རྒྱུད་བླ་མའི་བསྡུས་དོན་གྱི་བཤད་པ། སེམས་དཔའ་རང་བྱུང་རྡོ་རྗེས་སྦྱར་བའོ། །འཕགས་པ་མགོན་པོ་བྱམས་པས་མཛད་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འགྲེལ་པ་དང་བཅས་པ་ནི། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎ་ཊི་ཏ་མཁས་པ་ཆེན་པོ་སད་ཛ་ན་དང་། ལོ་ཙྪ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། །ཡན་ལག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་བ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས། ཆོས་བསྐོར་རིམ་པ་གསུམ་དུ་བསྐོར་བ་ལས། །འཁོར་ལོ་གསུམ་པ་ངེས་དོན་མདོ་རྣམས་ཀྱིས། །དགོངས་འགྲེལ་མི་ཕམ་མགོན་པོས་མཛད་པའི་གཞུང་། །ཐེག་པ་ཆེན་པོ་བླ་མའི་རྒྱུད་འདི་ལ། །ས་གསུམ་འོད་བྱེད་ལ་གནས་རྒྱལ་བའི་སྲས། །སློབ་དཔོན་ཐོགས་མེད་ཉིད་ཀྱི་འགྲེལ་པ་མཛད། །སྙིང་པོས་དོན་མཐོང་སྐལ་བ་མི་ལྡན་པའི། །གདུལ་བྱ་ཕལ་ཆེར་དེ་ལ་མི་མོས་ཤིང་། །སྣ་ཚོགས་ཐབས་ཀྱིས་འགོག་པར་བྱེད་པ་མཐོང་། །མ་བྱོན་སངས་རྒྱས་དྲུག་པ་སེང་གེའི་མཚན། །ཀརྨ་པར་གྲགས་རང་བྱུང་རྡོ་རྗེ་ཡིས། དེ་ཡི་དགོངས་དོན་རྒྱ་ཆེར་བཤད་པ་མཛད། །ཚུལ་དེ་མཐོང་ནས་བདག་ཀྱང་སྤོབས་པ་སྐྱེས། །འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདི། སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ལྟ་བུ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བླ་མ་བཀྲ་ཤིས་འོད་ཟེར་ཞེས་བྱ་བས་རྩ་བའི་བསྒྱུར་བྱེད་ཅེས་པ་གཞུང་དང་། རང་བྱུང་རྡོ་རྗེས་མཛད་པའི་བསྡུས་དོན་སྦྱར་ནས་དཀའ་བའི་གནས་རྣམས་ལ་འགྲེལ་པའང་ཅུང་ཟད་ཙམ་རེ་མཛད་པའོ། །ས་མོ་ཕག་གི་ལོ་སྟོན་ཟླ་དང་པོའི་ཡར་ངོའི་ཚེས་གྲངས་བཟང་པོ་ལ་ལ་རྩ་རྡོ་རྗེའི་གདན་དུ་སྦྱར་བའི་ཡི་གེ་པ་ནི་འོད་ཟེར་བཟང་པོའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བསྟན་བཅོས་འདི་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་དང་། དཔལ་ལྷ་མོ་དང་། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་པ་ཆོས་སྐྱོང་བའི་བསྲུང་མ་རྣམས་ལ་བཅོལ་ཞིང་གཏད་པས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་མི་ཉམས་པར་བསྲུངས་ཤིག །མཾ་གྷ་ལ་བྷ་ཝནྟུ། ཤུབྷཾ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི། མཚུངས་མེད་སྤྲུལ་སྐུ་ཆེན་པོ་འཛམ་གླིང་མཁས་པའི་གཙུག་རྒྱན་ཆེན་པོ་བཀྲ་ཤིས་འོད་ཟེར་བས་མཛད་པའོ། །འདི་ལྟར་བསྒྲུབ་པའི་དགེ་ཚོགས་རྒྱ་མཚོའི་མཐུས། །བདག་གཞན་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །དགའ་ལྡན་གནས་སྐྱེ་མི་ཕམ་ཞལ་མཐོང་ཞིང་། །ཐེག་མཆོག་ཆོས་སྤྱོད་བླ་མེད་སངས་རྒྱས་ཤོག །དགེའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net