མ་ཎི་ཡི་བསྟན་བཅོས་བཞུགས།

From Rangjung Yeshe Wiki Texts
Revision as of 10:40, 14 February 2013 by Eric (talk | contribs)
Jump to navigation Jump to search
{{{1}}}

༄༅། །མ་ཎི་ཡི་བསྟན་བཅོས་བཞུགས། །[1]

༄༅། །ཨོཾ་མ་ཎི་པད་མེ་ཧཱུྃ། ཀརྨ་པཀྴི་སྟོད་ནས་བྱོན། །གསུང་ཡི་གེ་དྲུག་མའི་ཉི་མ་ཤར། །འདི་འདོན་མཁན་ཡོད་ན་ད་རེས་འདོན། །གླིང་བཞིའི་ཉི་མ་ཤར་ལགས་ཀྱང་། །མིག་མེད་ལོང་བས་མཐོང་བ་མེད། །ད་རེས་ཉི་མ་ནུབ་ནས་ཤར། །སངས་རྒྱས་བསྟན་པ་ནུབ་ནས་བྱུང་། །མིག་མེད་ལོང་བའི་དཔལ་དུ་ཤར། །ལྟོས་ཤིག་ལྟོས་ཤིག་ད་རེས་ལྟོས། །ད་རེས་མཐོང་བ་དོན་ལྡན་ཡིན། །ལ་སྟོད་ནས་བྱོན་པའི་ལམ་དུ་གསུངས། །ཨོཾ་མ་ཎི་པད་མེ་ཧཱུྃ། འགྲོ་བའི་མགོན་པོ་བླ་མ་རིན་པོ་ཆེ། །ང་བླ་མ་དང་འབྲལ་བ་མེད་པར་འགྲོགས། །བླ་མ་ལ་གསོལ་བ་ཡང་ཡང་དུ་འདེབས། །དྲིན་ཅན་བླ་མ་ཡིས་བྱིན་གྱིས་བརློབས། །འབྲལ་མེད་ཏིང་འཛིན་ཅིག་ཟས་སུ་ཟོས། །འབྲལ་མེད་ཏིང་འཛིན་ཅིག་གོས་སུ་གོན། །འབྲལ་མེད་ཏིང་འཛིན་ཅིག་ཉམས་སུ་བླངས། །གོས་སྲབ་མཐུག་གཉིས་ལ་ཁྱད་པར་མེད། །གོས་སུ་གཏུམ་མོའི་བདེ་དྲོད་གོན། །རྣམ་ཤེས་རླུང་གི་རྟ་ཕོ་བཞོན། །འོག་རྟ་ཡོད་མེད་ཁྱད་པར་མེད། །གསུང་ངོ་། །ཨོཾ་མ་ཎི་པད་མེད་ཧཱུྃ། ལྷན་ལ་ཉམ་ཆུང་ལྷ་འདྲེ་རྣམས། །བར་ཆད་རྩོམ་དུ་བྱུང་བ་ལ། །ཀརྨ་པཀྴི་བདག་ཉིད་ནི། །རྟ་རྒོད་འཕགས་པས་དེའུ་སྐྱུར། །ལྷན་ལྷ་ཉག་ཆུང་ལྷ་འདྲེ་རྣམས། །བར་ཆད་རྩོམ་གྱི་འདུག་པ་ལས། །ཕྱག་ན་རྡོ་རྗེ་ལས་སྐྱེས་འཚོ། །ཞལ་ཅིག་ཕྱག་གཉིས་གཡས་པ་ནི། །གཡོན་པ་སྡིག་འཛུབ་རྡོ་རྗེ་གཡས། །ལྷན་ལྷ་ཉག་ཆུང་ལྷ་འདྲེ་རྣམས། །ཟིལ་གྱིས་མནན་ཅིང་དབང་དུ་བསྡུས། །གཞན་སྣང་ཁ་དོག་སྔོན་པོར་མཐོང་། །འགྲོ་བ་འདྲེན་མཛད་རྡོ་རྗེ་འཆང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བ་འདྲེན་མཛད་ཏཻ་ལོ་ལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བ་འདྲེན་མཛད་ནཱ་རོ་པ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བ་འདྲེན་མཛད་ལྷོ་བྲག་པ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བ་འདྲེན་མཛད་གུང་ཐང་པ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བ་འདྲེན་མཛད་སྒམ་པོ་པ། །འགྲོ་དྲུགྎ བྱིན་གྱིསྎ འགྲོ་བ་འདྲེན་མཛད་དུས་གསུམ་མཁྱེན། །འགྲོ་དྲུགྎ བྱིན་གྱིསྎ འགྲོ་བ་འདྲེན་མཛད་འགྲོ་བའི་མགོན། །འགྲོ་དྲུག་སེམསྎ བྱིན་གྱིས་བརླབྎ འགྲོ་བ་འདྲེན་མཛད་སྤོང་བྲག་པ། །འགྲོ་དྲུགྎ བྱིན་གྱིས་ྎ །འགྲོ་བ་འདྲེན་མཛད་ཀརྨ་མ་པ། །འགྲོ་དྲུགྎ བྱིན་གྱིསྎ འགྲོ་བ་འདྲེན་མཛད་ཨུ་རྒྱན་པ། །འགྲོ་དྲུག་སེམསྎ བྱིན་གྱིསྎ འགྲོ་བ་འདྲེན་མཛད་ཆོས་ཀྱི་རྗེ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བཀའ་བཞི་བརྒྱུད་པའི་བླ་མ་རྣམས། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པ་འདི་འབྲུག་ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་གསུམ་ལ་བཀའ་བརྒྱུད་རྣམས་ཞལ་གཟིགས་པའི་དུས་སུ་མཛད། སངས་རྒྱས་རྣམས་ཀྱི་ཆེ་བ་སྟོན། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྟོགས་ལྡན་རྣམས་ཀྱི་ཆེ་བ་བཏོན། །ཏཻ་ལོ་པ་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གྲུབ་ཐོབ་རྣམས་ཀྱི་ཆེ་བ་བཏོན། །ནཱ་རོ་པ་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པརྎ ལོ་ཙྪ་རྣམས་ཀྱི་ཆེ་བ་བཏོན། །ལྷོ་བྲག་པ་ལ་གསོལ་བ་འདེབས། །འགྲོ་དྲུགྎ བྱིན་གྱིསྎ རས་པ་རྣམས་ཀྱི་ཆེ་བ་བཏོན། །མི་ལ་མཆོག་ལ་གསོལ་བ་འདེབས། །འགྲོ་དྲུགྎ བྱིན་གྱིསྎ ཕྱག་རྒྱ་ཆེན་པོའི་ཆེ་བ་བཏོན། །སྒམ་པོ་བ་ལ་གསོ་ལ་བ་འདེབས། །འགྲོ་དྲུགྎ བྱིན་གྱིསྎ ཞྭ་ནག་ཅན་གྱི་ཆེ་བ་བཏོན། །དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །འགྲོ་དྲུག་ྎ བྱིན་གྱིསྎ མཁས་པ་རྣམས་ཀྱི་ཆེ་བ་བཏོན། །རས་ཆེན་པ་ལ་གསོལ་བ་འདེབས། །འགྲོ་དྲུགྎ །བྱིན་གྱིསྎ བླ་མ་རྣམས་ཀྱི་ཆེ་བ་བཏོན། །སྤོང་བྲག་པ་ལ་གསོལ་བ་འདེབས། །འགྲོ་དྲུགྎ བྱིན་གྱིསྎ དགོན་པ་ཕྱོགས་མེད་འདེབས་པའི་མི། །རི་ཁྲོད་རྣམས་ཀྱི་ཆེ་བ་བཏོན། །ཀརྨ་མ་པ་ལ་གསོལ་བ་འདེབས། །འགྲོ་དྲུགྎ བྱིན་གྱིསྎ སེམས་དཔའ་རྣམས་ཀྱི་ཆེ་བ་བཏོན། །རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །འགྲོ་དྲུགྎ སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འདི་ཤངས་པའི་བསྐོར་བ་པ་མང་བྱུང་དུས་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། མཚུར་ཕུའི་དགོན་པ་འདི་ཉིད་ནི། །ཆུ་བོ་བརྒྱ་འདུས་ཀྱི་མགོ་བོ་འདྲ། །གྲུབ་ཐོབ་རྣམས་ཀྱི་འདུས་ས་ཡོད། །སྐལ་ལྡན་རྣམས་ཀྱི་སྨིན་ས་ཡོད། །འགྲོ་དྲུག་བྱང་ཆུབ་ཐོབ་པ་ཡོད། །རྒྱབ་རི་པད་མ་སྤུངས་པ་འདྲ། །ས་ར་ཧ་ཡིས་བྱིན་གྱིས་བརླབས། །མདུན་རི་ཡིད་བཞིན་ནོར་བུ་འདྲ། །སྒྲོལ་མ་སྔོན་མོས་བྱིན་གྱིས་རློབ། །ཕུ་ནི་གསེར་གྱི་མཎྜྻལ་འདྲ། །རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས། །མདའ་ནི་པད་མ་ཁ་གྱེས་འདྲ། །མ་མགོན་གཉིས་ཀྱིས་བྱིན་གྱིས་བརླབས། །ལུང་པ་བྱང་ཆུབ་རྒྱུད་ལམ་འདྲ། །ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས། །དེ་འདྲའི་དབེན་གནས་མཚུར་ཕུ་དེ། །དག་པ་རྣམས་ཀྱི་བསྒོམ་ས་ཡིན། །མ་དག་པ་ཡི་གྲོང་ཡུལ་ཡིན། །དེ་ལྟར་ཀུན་གྱི་གོ་བར་མཛོད། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། རང་བྱུང་རྡོ་རྗེའི་གཏམ་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་རྣམས་ལ་ཟློ་བ། སྙིགས་མའི་དུས་འདིར། བདུད་དང་ལྷ་འདྲེ་མང་པོའི་བར་ཆད་འབྱུང་བའི་དོགས་ཡོད་པའི་ཕྱིར་ན། ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོ་བསྒོམས་ཤིག །དེ་ལྟར་གོ་བར་གྱིས་ལ་མ་ཎི་པད་མེ་དྲོངས། སེམས་ཅན་རྣམས་ལ་སྦྱིན་པར་ཐོང་། ཚོགས་གཉིས་བསགས་ན་སྒྲིབ་གཉིས་བྱང་བ་ཡིན་པས་ཀུན་གྱིས་གོ་བར་མཛོད། བཀྲ་ཤིས་དཔའ་འབར་རབ་འབར་སྙིང་རྗེ་ཆེ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། རྡོ་རྗེ་འཆང་གི་ལུང་། རང་བྱུང་རྡོ་རྗེའི་གཏམ། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ལ་ཟློ་བ། ད་ལྟའི་དུས་འདིར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཀུན་གྱིས་བསྒོམས་ཤིང་། མ་ཎི་པད་མེ་འདི་བགྲངས་ན། སྡུག་བསྔལ་ཐམས་ཅད་ལས་གྲོལ་ཐར་ཞིང། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ན། དེ་ལྟར་ཀུན་གྱིས་གོ་བར་གྱིས། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། དབེན་གནས་ཆེན་མོ་ཕུག་མོ་ཆེ། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །མ་དང་མཁའ་འགྲོ་འདུ་བའི་ས། །རྒྱབ་རི་མཆོད་རྟེན་བརྩེགས་པ་འདྲ། །མདུན་རི་གླང་ཆེན་ཉལ་བ་འདྲ། །ཕུ་ནི་རིན་ཆེན་སྤུངས་པ་འདྲ། །མདའ་ནི་ཕྱག་རྒྱ་བསྣོལ་བ་འདྲ། །ལུང་པ་བྱང་ཆུབ་རྒྱུན་ལམ་འདྲ། །དེ་འདྲའི་དབེན་གནས་ཕུག་མོ་ཆེ། །བསྒོམ་ཆེན་རྣམས་ཀྱི་བསྒོམ་ས་ཡིན། །རི་པ་རྣམས་ཀྱི་འདུས་ས་ཡིན། །དེ་ལྟར་ཀུན་གྱིས་གོ་བར་མཛོད། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། །འགྲོ་དོན་ཐུགས་རྗེ་ཆེན་པོས་བྱེད། །བློ་ཆུང་རྣམས་ལ་རག་མ་ལུས། །བར་ཆད་སྟོང་པ་ཉིད་ཀྱིས་སེལ། །ཡི་དམ་ལྷ་ལ་རག་མ་ལུས། །ཕོ་ཉ་སྟེང་གི་ལྷ་ཡིས་བྱེད། །སྙན་སྒྲོགས་མི་ལ་རག་མ་ལུས། །སྒོ་བསྲུངས་དཔའ་བོ་མཁའ་འགྲོ་བྱེད། །ཐེ་རང་རྣམས་ལ་རག་མ་ལུས། །ཕྱོགས་མཚམས་ཁྲོ་བོ་བཅུ་ཡིས་བསྲུང་། །སྡིག་ཅན་མི་ལ་རག་མ་ལུས། །རག་མ་ལུས་པ་ལྔ་ལྡན་པ། །སྐུ་ལྔའི་ཡེ་ཤེས་མཚོན་པ་ཡིན། །མཚོན་བྱ་མཚོན་བྱེད་མེད་པ་ཡིན། །ཡི་དམ་ལྷ་ཚོགས་གྲུབ་པ་ཡིན། །སྣང་ཡུལ་ཐམས་ཅད་གྲུབ་མ་ཡིན། །མ་གྲུབ་མ་འདྲེས་སོ་སོར་གསལ། །མ་གྲུབ་མེད་པར་གྲུབ་པ་ཡིན། །རྟོགས་རྒྱུ་མེད་པ་རྟོགས་པ་ཡིན། །དོན་དམ་བློ་ལས་འདས་པ་ཡིན། །གཉིས་མེད་ཡེ་ཤེས་རྟོགས་པ་ཡིན། །ཀུན་ཁྱབ་སེམས་ཅན་འདྲེན་པ་ཡིན། །བར་ཆད་བདུད་རྣམས་སེལ་བ་ཡིན། །ཀུན་གྱི་བག་ཆགས་འཕྱག་བྱེད་པ། །མ་བསྒྲིབས་དོན་དམ་རྟོགས་པ་ཡིན། །རྩ་བ་ཅིག་བསྡུས་བྲིས་པ་ཡིན། །བསྡུ་རྒྱུ་མེད་པའི་ངང་ཡིན་པས། །ཐམས་ཅད་ཁྲོལ་ལ་ལྷོད་ཀྱིས་ཀློད། །རྟོག་པ་ཀུན་ཁྱབ་རང་བྱུང་ཡེ་ཤེས་རྒྱལ་བའི་རྒྱལ་དུ་ཤོག །སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་གསུངས། ཨོཾ་མ་ཎི་པད་མེ་ཧཱུྃ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འཁོར་བའི་སེམས་ཅན་སྙིང་རེ་རྗེ། །སེམས་ཅན་མ་དག་གདུལ་བྱ་རྣམས། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །དོན་དམ་ཆོས་སྐུ་བློ་ལས་འདས། །འཛིན་མེད་རང་གྲོལ་ཆེན་པོ་ཡིན། །དོན་རྟོགས་བཀའ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀུན་ཁྱབ་རྒྱལ་བའི་དགོངས་པ་ལ། །བློ་ལས་འདས་ཤིང་བརྗོད་དུ་མེད། །ཀུན་རྫོབ་སེམས་ཅན་སྣང་བ་ལ། །རྟོགས་ཤིང་ཡོད་པ་འདྲ་བར་སྣང་། །རྟོགས་བྱ་རྟོགས་བྱེད་མེད་པ་ཡིན། །གོ་བར་གྱིས་ཤིག་བསྒོམ་ཆེན་རྣམས། །བཀྲ་ཤིས་དཔལ་འབར་དོན་རྟོགས་རྒྱལ་བའི་རྒྱལ་དུ་ཤོག སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལའོ། །ཨོཾ་མ་ཎི་པད་མེད་ཧཱུྃ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྟོང་གསུམ་འཇིག་རྟེན་འདི་ཉིད་ནི། །མ་ཎིའི་འབྲུག་སྒྲ་རྒྱུན་མི་ཆད། །སྐལ་ལྡན་རྣམས་ལ་བྱིན་གྱིས་རློབས། །ཞིང་ཁམས་རྣམ་དག་འདི་ཉིད་དུ། །ཟབ་མོའི་ཆོས་སྒྲ་རྒྱུན་མི་ཆད། །ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོངས་རྫོགས་སྤྱན་རས་གཟིགས་དབང་ལ། །འགྲོ་དྲུག་དད་པས་གསོལ་འདེབས་ན། །བདེ་ཆེན་གནས་སུ་དྲངས་སུ་གསོལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །མ་ཎི་གྱེར་དང་། ངན་སོང་གནས་ནས་ཐོན་པ་ཡིན། །རང་བྱུང་རྡོ་རྗེས་རྟ་ལོ་ལ་བཀྲ་ཤིས་གསར་མར་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། ཆོས་སྐུ་མཉམ་མེད་ནམ་མཁའ་ལ། །ལོངས་སྐུ་ཡེ་ཤེས་སྤྲིན་ཚོགས་འཁྲིགས། །སྤྲུལ་སྐུ་བདེ་ཆེན་ཆར་རྒྱུན་བྱུང་། །སེམས་ཅན་གཏི་མུག་རྨོངས་པ་ལ། །བདེ་བ་ཆེན་པོའི་ཡེ་ཤེས་ཉིད། །མཉམ་པར་རྟོགས་པར་མཛད་པ་ཡི། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བདེ་ཆེན་ཡེ་ཤེས་ནམ་མཁའ་ལ། །མཉམ་ཉིད་ཡེ་ཤེས་སྤྲིན་ཕུང་འཁྲིགས། །ཤེས་རབ་ཆེན་པོའི་ཆར་རྒྱུན་གྱིས། །སེམས་ཅན་བར་དོ་ཐམས་ཅད་ལ། །ཡེ་ཤེས་ཆེན་པོ་རྟོགས་བྱེད་པའི། །ཏཻ་ལོ་པ་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེས་འགྲེའོ །རྟོགས་པ་འཛིན་མེད་ནམ་མཁའ་ལ། །ཡེ་ཤེས་རྟོགས་པའི་སྤྲིན་ཚོགས་འཁྲིགས། །ངར་འཛིན་མེད་པའི་ཆར་རྒྱུན་བྱུང་། །བྱོལ་སོང་ལ་སོགས་འགྲོ་བ་ལ། །གཉིས་མེད་ཡེ་ཤེས་རྟོགས་མཛད་པའི། །ནཱ་རོ་པ་ལྎ འགྲོ་དྲུགྎ བྱིན་གྱིསྎ བདེ་བ་ཆེན་པོའི་ནམ་མཁའ་ལ། །ཤེས་རབ་ཆེན་པོའི་སྤྲིན་ཚོགས་འཁྲིགས། །བདུད་རྩི་ཆེན་པོའི་ཆར་རྒྱུན་འབེབས། །ཐམས་ཅད་སེམས་ཉིད་རྟོགས་མཛད་པའི། །ལྷོ་བྲག་པ་ལྎ འགྲོ་དྲུགྎ བྱིན་གྱིསྎ སྟོང་པའི་འོད་གསལ་ནམ་མཁའ་ལ། །འོད་གསལ་བ་ཡི་སྤྲིན་ཚོགས་འཁྲིགས། །མཛད་པ་འཕྲིན་ལས་ཆར་རྒྱུན་བྱུང་། །ཐམས་ཅད་སྟོང་ཉིད་རྟོགས་མཛད་པའི། །གུང་ཐང་པ་ལ་གསོལྎ འགྲོ་དྲུགྎ བྱིན་གྱིསྎ རྫོགས་པ་ཆེན་པོའི་ནམ་མཁའ་ལ། །འཛིན་པ་མེད་པའི་སྤྲིན་ཚོགས་འཁྲིགས། །ཡེ་ཤེས་ཆེན་པོའི་ཆར་རྒྱུན་བབས། །འགྲོ་དྲུག་བདེ་བར་རོལ་མཛད་པའི། །སྒམ་པོ་བ་ལྎ འགྲོ་དྲུགྎ བྱིན་གྱིས་བརླབྎ སྟོང་པ་ཕྱག་ཆེན་ནམ་མཁའ་ལ། །བདེ་བ་ཆེན་པོའི་སྤྲིན་ཚོགས་འཁྲིགས། །བར་དོའི་སྡུག་བསྔལ་སེལ་བ་ཡི། །མཉམ་པ་ཉིད་ཀྱི་ཆར་རྒྱུན་བྱུང་། །གཉིས་མེད་བདེ་བར་འདྲེན་མཛད་པའི། །དུས་གསུམ་མཁྱེན་ལྎ འགྲོ་དྲུགྎ བྱིན་གྱིསྎ དབྱིངས་ཀྱི་བདེ་ཆེན་ནམ་མཁའ་ལ། །འཆར་འགག་མེད་པའི་སྤྲིན་ཚོགས་འཁྲིགས། །ཤུགས་བྱུང་ཆེན་པོའི་ཆར་རྒྱུན་བྱུང་། །ཐམས་ཅད་སྡུག་བསྔལ་སེལ་མཛད་པའི། །རས་ཆེན་པ་ལྎ འགྲོ་དྲུགྎ བྱིན་གྱིསྎ གསལ་སྟོང་འཛིན་མེད་ནམ་མཁའ་ལ། །ཞེན་པ་མེད་པའི་སྤྲིན་ཚོགས་འཁྲིགས། །རང་སྣང་སྟོང་པའི་ཆར་རྒྱུན་བྱུང་། །སེམས་ཅན་བདེ་བར་འཁོད་པ་ཡི། །སྤོམ་བྲག་པ་ལ་གསོལྎ འགྲོ་དྲུགྎ བྱིན་གྱིསྎ གསལ་སྟོང་འགག་མེད་ནམ་མཁའ་ལ། །ཞེན་མེད་འཛིན་མེད་སྤྲིན་ཚོགས་འཁྲིགས། །སེམས་ཅན་དུག་སེལ་ཆར་རྒྱུན་བྱུང་། །འགྲོ་དྲུག་ཐམས་ཅད་འདྲེན་མཛད་པའི། །ཀརྨ་པ་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །བཀའ་བརྒྱུད་རྣམས་ལ་གསོལ་བཏབ་པས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །ཀུན་ཀྱང་ཕྱག་ཆེན་རྟོགས་པར་ཤོག །བཀྲ་ཤིས་གསར་མར་རྟ་ལོ་ལ་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །འགྲོ་དྲུག་ཀུན་ལ་བྱིན་གྱིས་བརློབས། །འཁོར་བའི་སེམས་ཅན་སྡུག་རེ་བསྔལ། །ཉོན་མོངས་ཐམས་ཅད་བསལ་ནས་ཀྱང་། །བདེ་བའི་གནས་སུ་དྲངས་སུ་གསོལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག འདི་གོང་གི་དུས་དེར་གསུངས་སོ། །ལོ་ཀི་ཤྭ་རི་ལ་ན་མོ། བོད་ཀྱི་ཁམས་འཛམ་བུའི་གླིང་ཐམས་ཅད་ཀྱང་། ཐུགས་རྗེ་ཆེན་པོ་ཉིད་ཀྱི་སྤྲུལ་པས་གང་ཞིང་། སེམས་ཅན་རེ་རེའི་དྲུང་ན། ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པའི་ཕྱིར་ན། ཐམས་ཅད་ཀུན་ཀྱིས་ཐུགས་རྗེ་ཆེན་པོ་བསྒོམས་ཞིང་། མ་ཎི་པད་མེ་བགྲངས་ན། འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་ཞིང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ཡིན་པས། ཀུན་གྱིས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ། དད་པ་དང་མུས་གུས་ཁྱད་པར་ཅན་གྱིས་ཤིག བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ཨོཾ་མ་ཎི་པད་མེད་ཧཱུྃ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བར་ཆད་བདུད་དུ་ལངས་ན་ཡང་། །ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །ཐམས་ཅད་བདེ་ལ་འཁོད་པར་ཤོག །རྒྱལ་བ་རྒྱ་མཚོ་ཐུགས་རྗེ་ཅན། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །ཀུན་ཀྱང་དགྲ་རུ་ལངས་ན་ཡང་། །ཡེ་ཤེས་ཆེན་པོའི་ཐུགས་རྗེ་ཡིས། །ཐམས་ཅད་སྙིང་རྗེ་ལྡན་པར་ཤོག །རྒྱལ་བ་རྒྱ་མཚོ་ཡེ་ཤེས་སྤྱན། །མ་རིག་མུ ན་པ་འཐིབས་གྱུར་ན། །ཡེ་ཤེས་ཆེན་པོའི་མར་མེ་ཡིས། །ཐམས་ཅད་གསལ་བ་ཉིད་དུ་ཤོག །རྒྱལ་བ་རྒྱ་མཚོ་ཤེས་རབ་སྤྱན། །རང་རིག་ཤེས་རབ་འཐིབས་གྱུར་ན། །མཉམ་ཉིད་བདེ་བ་ཆེན་པོའི་ཤེས་རབ་ཀྱིས། །ཀུན་ཀྱང་ཤེས་རབ་ལྡན་པར་ཤོག །རྒྱལ་བ་རྒྱ་མཚོ་བྱམས་པ་ཅན། །རང་རིག་སྤྲོ་ཉིད་ཐུང་གྱུར་ན། །སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས། །ཐམས་ཅད་བྱམས་པ་ལྡན་པར་ཤོག །རྒྱལ་བ་རྒྱ་མཚོ་བརྩོན་འགྲུས་ཅན། །རང་རིག་ལེ་ལོས་གཡེལ་གྱུར་ན། །བརྩོན་འགྲུས་ཆེན་པོའི་ཏིང་འཛིན་གྱིས། །ཐམས་ཅད་བརྩོན་འགྲུས་ལྡན་པར་ཤོག །རྒྱལ་བ་རྒྱལ་མཚོ་ཐམས་ཅད་ཀྱིས། །མ་རིག་མུན་པ་བསལ་ནས་ཀྱང་། །ཡེ་ཤེས་བདེ་བའི་ལམ་འདྲེན་ཤོག །རིན་པོ་ཆེ་རང་བྱུང་རྡོ་རྗེས་རྒྱལ་བ་རྒྱ་མཚོའི་སྨོན་ལམ་བཏབ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །མ་ཎི་ཐམས་ཅད་ཀུན་གྱིས་བགྲངས་ཤིང་བཟླས་ན། སེམས་ཅན་ཐམས་ཅད་འཁོར་བའི་འདམ་ལས་རྒྱལ་བར་གྱུར་པ་ཡིན་པས་ན། ཐམས་ཅད་ཀུན་གྱིས་དྲོངས་ཤིག རྒྱལ་བ་རྒྱ་མཚོ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །དམྱལ་བའི་གནས་ན་སྙིང་རེ་རྗེ། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །དབྱེར་མེད་སེམས་ཀྱི་སྣང་ངོ་ལ། །རང་རིག་སེམས་ཀྱི་ཆོ་འཕྲུལ་དུ། །སངས་རྒྱས་གནས་སུ་དྲངས་སུ་གསོལ། །ཐུགས་རྗེ་ཅན་གྱི་ཞིང་ཁམས་སུ། །མྱུར་དུ་བླ་མེད་ཕྱིན་ནས་ཀྱང་། །བརྩེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །འགྲོ་དྲུག་མྱུར་དུ་འདྲེན་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ཨོཾ་མ་ཎི་པད་མེ་ཧཱུྃ། མཉམ་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས། །བདག་གཞན་འགྲོ་དོན་ལྷུན་གྲུབ་པའི། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མཁའ་ལྟར་དག་པའི་དབྱིངས་ཉིད་ནས། །སྤྲོས་པའི་མཐའ་བྲལ་ཆོས་ཀྱི་སྐུ། །ཏཻ་ལོ་པ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བདེ་བ་ཆེན་པོའི་དབྱིངས་ཉིད་ནས། །ཐུགས་རྗེས་གཞན་དོན་སྐུ་སྤྲུལ་པའི། །ནཱ་རོ་པ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྐྱེས་མཆོག་སྐྱེས་བུ་དམ་པའི་མཆོག །བླ་མེད་འགྲན་ཟླ་བྲལ་བའི་མཆོག །ལྷོ་བྲག་པ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྤྲོས་བྲལ་དག་པའི་དབྱིངས་ཉིད་ནས། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་པ། །གུང་ཐང་པ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །འགྲོ་དོན་ཤུགས་ལས་འབྱུང་པ་ཡི། །སྒམ་པོ་བ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སེང་གེ་སྒྲ་ཡི་རྣམ་པར་འཕྲུལ། །དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྙིང་པོ་མཐར་ཐུག་རྟོགས་པའི་ངང་། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །འགྲོ་བའི་མགོན་ལ་གསོལ་བ་འདེབས། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །དོན་དམ་ཕྱག་ཆེན་མཐོང་བ་ཡི། །མཁའ་འགྲོས་བྱིན་བརླབས་རྣལ་འབྱོར་པ། །སྤོང་བྲག་པ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བཀའ་རྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །མཚུར་ཕུར་ལུག་ལོ་ལ་གསུངས། ཨོཾ་མ་ཎི་པད་མེ་ཧཱུྃ། བདེ་ཆེན་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྙིགས་མའི་དུས་སུ་སྤྲུལ་པའི་སྐུ། །བདེ་ཆེན་ཡང་དག་རྫོགས་པ་ཡི། །དོན་དམ་ཡོངས་རྫོགས་ཀརྨ་པ། །འགྲན་གྱི་དོ་མེད་རིན་པོ་ཆེ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀུན་གྱི་མཆོག་གྱུར་རིན་ཆེན་གྱི། །བསྟོད་པ་ཅུང་ཞིག་བཀོད་པར་བྱ། །སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བདེ་ཆེན་ཡེ་ཤེས་ངོ་སྤྲོད་ཅིང་། །འཁོར་བའི་ལོག་རྟོག་མ་ལུས་ཀུན། །འཇོམས་མཛད་བླ་མ་རིན་པོ་ཆེ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ས་ར་ཧ་ཡི་རྣམ་འཕྲུལ་ཉིད། །རྫོགས་ཆེན་ཡེ་ཤེས་ཀློང་དུ་གྱུར། །ཐེག་པ་ཆུང་ངུའི་སེམས་ཅན་རྣམས། །བདེ་ཆེན་ལམ་ལ་འཇུག་མཛད་པའི། །རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་རྣམ་པར་འཕྲུལ། །སྙིགས་མའི་དུས་སུ་འགྲོ་བའི་མགོན། །ཀུན་གྱི་མཆོག་གྱུར་རིན་པོ་ཆེ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་བའི་མགོན་པོ་རིན་ཆེན་ལ། གསོལ་བ་འདི་བཏབ་བསོད་ནམས་ཀྱིས། །བདེ་ཆེན་ཡེ་ཤེས་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེད་ཧཱུྃ། སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་རྒྱུད་ལས། ཐུགས་རྗེ་ཆེན་པོའི་འོད་ཟེར་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི་གྲངས་དང་མཉམ་པར་འཕྲུལ་ཞིང་། སེམས་ཅན་རེ་རེའི་ཙ་ན་ཡང་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པ་ཡིན་པའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ལ་དད་ཅིང་མ་ཎི་འདྲེན་པ་ཐམས་ཅད་ཀྱིས་འདི་ལྟར་དུ་བགྲང་བར་བྱའོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །ཁམས་གསུམ་ལོག་རྟོག་སྣ་ཚོགས་ལ། །མ་ལུས་བྱེད་པའི་སེམས་ཅན་རྣམས། །བདེ་བའི་གནས་སུ་དྲང་དུ་གསོལ། །སྤྱན་རས་གཟིག་དབང་ཐུགས་རྗེའི་བདག །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འཁོར་བའི་གནས་ནས་དྲངས་ནས་ཀྱང་། །བདེ་བའི་གནས་སུ་ཁྲིད་མཛད་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཁམས་གསུམ་སེམས་ཅན་མ་ལུས་པ་དང། །ཉོན་མོངས་གང་གི་དབང་གྱུར་པའི། །ལོག་པར་རྟོག་པའི་སེམས་ཅན་རྣམས། །བདེ་བའི་ལམ་དུ་དྲང་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཁམས་གསུམ་སེམས་ཅན་ཐམས་ཅད་ཉིད། འཁོར་བའི་གནས་ནས་དྲངས་ནས་ཀྱང་། །བདེ་བའི་གནས་སུ་ཁྲིད་མཛད་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་གང་གི་དབང་གྱུར་པ། །ལོག་པར་རྟོགས་པའི་སེམས་ཅན་རྣམས། །བདེ་བའི་གནས་སུ་དྲང་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །དུག་ལྔ་རགས་པར་གྱུར་པ་ལ། །སྙིང་རྗེ་ཆེན་པོའི་ཡེ་ཤེས་ཀྱིས། །ཡེ་ཤེས་ལྔ་རུ་བསྒྱུར་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེ་བདག །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འཐབ་རྩོད་ལོག་པར་བྱེད་པ་རྣམས། །ཐམས་ཅད་ཐུགས་རྗེས་གཟིགས་ནས་ཀྱང་། །མྱ་ངན་འདས་པའི་ས་ཐོབ་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །སྐུ་མདོག་དཀར་བའི་རྣམ་དག་ནི། །རྣམ་པར་སྣང་མཛད་ངོ་བོར་གྲུབ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །རང་བཞིན་སྟོང་པ་ཐུགས་ཆུད་པས། །རྡོ་རྗེ་སེམས་དཔའི་ངོ་བོར་གྲུབ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །རིན་ཆེན་རྒྱན་གྱིས་བརྒྱན་པར་ནི། །རིན་ཆེན་འབྱུང་ལྡན་ངོ་བོར་གྱུར། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །པད་མ་དཀར་པོ་འཛིན་པས་ནི། །སྣང་བ་མཐའ་ཡས་ངོ་བོར་གྲུབ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །གཡས་ན་ཕྲེང་བ་བསྣམས་པ་ནི། །དོན་ཡོད་གྲུབ་པའི་ངོ་བོ་ཉིད། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛོད་དུ་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཁྱེད་ལ་གསོལ་བ་འདི་བཏབ་པས། །དུག་ལྔ་རང་བྱུང་རྣམ་དག་པ། །ཡེ་ཤེས་ལྔ་ཉིད་གྲུབ་པར་ཤོག །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །ལུག་ལོ་ལ་མཚུར་ཕུར་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཕྱི་སྣོད་འཇིག་རྟེན་ཁམས་རྣམས་ཀུན། །རི་བོ་ཏ་ལར་བྱིན་གྱིས་རློབས། །ནང་བཅུད་སེམས་ཅན་མ་ལུས་པ། །སྤྱན་རས་གཟིགས་སུ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བདེ་བ་ཆེན་པོར་བྱིན་གྱིས་རློབས། །བཀྲ་ཤིས་དཔལ་འབར་ཁམས་གསུམ་སེམས་ཅན་རྫོགས་པའི་སངས་རྒྱས། འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག ཨོཾ་མ་ཎི་པད་མེ་ཧཱུྃ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །ཤིན་དུ་འདོད་ཆགས་གྱུར་པ་རྣམས། །སྙིང་རྗེ་ཡེ་ཤེས་ཆེན་པོ་ཡིས། །ཀུན་ཀྱང་འདོད་ཆགས་རང་ཞིར་ཤོག །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཞེ་སྡང་གྱུར་པ་རྣམས། །སྙིང་རྗེ་ཡེ་ཤེས་ཆེན་པོ་ཡིས། །ཀུན་ཀྱང་ཞེ་སྡང་རང་གྲོལ་ཤོག །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་གཏི་མུག་གྱུར་པ་རྣམས། །སྙིང་རྗེ་ཡེ་ཤེས་ཆེན་པོ་ཡིས། །ཀུན་ཀྱང་གཏི་མུག་རང་སངས་ཤོག །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཤིན་ཏུ་ང་རྒྱལ་གྱུར་པ་རྣམས། །སྙིང་རྗེ་ཡེ་ཤེས་ཆེན་པོ་ཡིས། །ཀུན་ཀྱང་ང་རྒྱལ་རང་ཞི་ཤོག །རྒྱལ་བ་རྒྱ་མཚོའི་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཕྲག་དོག་གྱུར་པ་རྣམས། །སྙིང་རྗེ་ཡེ་ཤེས་ཆེན་པོ་ཡིས། །ཀུན་ཀྱང་ཕྲག་དོག་རང་གྲོལ་ཤོག །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཚིག་རྩུབ་རྣམས། །དུག་ལྔའི་རང་བཞིན་རྣམ་དག་ནས། །ཡེ་ཤེས་ལྔ་ཉིད་གྲུབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག སྤྲེའུ་ལོ་ལ་མཚུར་ཕུར་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་རྨད་བྱུང་སྤྱན་རས་གཟིགས། །འགྲོ་བ་མ་ལུས་འདྲེན་མཛད་པའི། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་མངའ་བདག་སྤྱན་རས་གཟིགས། །འགྲོ་བ་མ་ལུས་འདྲེན་མཛད་པའི། །འགྲོ་བའི་མགོན་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་བདག་ཉིད་སྤྱན་རས་གཟིགས། །འགྲོ་བ་མ་ལུས་འདྲེན་མཛད་པའི། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཐུགས་རྗེའི་མངའ་བདག་འགྲོ་བའི་མགོན། །ཁམས་གསུམ་སེམས་ཅན་མ་ལུས་པ། །བདེ་བའི་གནས་སུ་དྲང་དུ་གསོལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །སྙིགས་མའི་སེམས་ཅན་གདུལ་དཀའ་བ། །ཐམས་ཅད་བདེ་བའི་གནས་སུ་དྲོངས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པས། །ནམ་མཁའི་མཐོང་ལ་ཡར་བལྟས་པས། །སྐྱེ་མེད་འགག་མེད་ཏུར་གྱིས་དྲན། །འོད་གསལ་ཟུང་འཇུག་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །རི་བོ་ཆེ་ལ་ཕར་བལྟས་པས། །བདེ་སྡུག་མེད་པའི་ཉམས་ཅིག་ཤར། །གཡོ་འགུལ་མེད་པ་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །ཆུ་བོའི་གཞུང་ལ་མར་བལྟས་པས། །རྒྱུན་ཆད་མེད་པ་ཏུར་གྱིས་དྲན། །འཕེལ་འགྲིབ་པའི་དོན་ཅིག་རྟོགས། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །ཕྱི་སྒྱུ་མའི་ལུས་ལ་བལྟས་པའི་ཚེ། །མི་རྟག་པ་དེ་ཏུར་གྱིས་དྲན། །སྐྱེ་ཤི་མི་འཇིགས་ཀློང་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །ཕྱི་སྣང་བའི་དཔེ་ལ་ཕར་བལྟས་པས། །ཐམས་ཅད་སྒྱུ་མར་ཏུར་གྱིས་དྲན། །ཐམས་ཅད་ཆོས་སྐུར་ཤེས་པ་ཡིས། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །འདི་ལྟའི་དབྱངས་ཆུང་དམ་པ་འདི། །སྒྱུ་མ་ཙམ་དུ་དེ་སྐད་ལོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ཨོཾ་མ་ཎི་པད་མེ་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་སྐུའི་བདག་ཉིད་ཀུན་དུ་བཟང་། །མོས་གུས་གདུང་བས་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ལོངས་སྐུའི་བདག་ཉིད་སྤྱན་རས་གཟིགས། །མོས་གུས་གདུང་བས་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུམ་དབྱེར་མེད་ཆོས་ཀྱི་རྗེ། །སེང་གེ་སྒྲ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་མ་ཎི་པད་མེ་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་སྐུའི་མཆོག་གྱུར་བླ་མ་རྗེ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ལོངས་སྐུའི་མཆོག་གྱུར་བླ་མ་རྗེ། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྤྲུལ་སྐུའི་མཆོག་གྱུར་བླ་མ་རྗེ། །ཤཱཀྱ་ཐུབ་ལ་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུམ་མཆོག་གྱུར་བླ་མ་རྗེ། །འགྲོ་བའི་མགོན་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱང་ཆུབ་སེམས་ཀྱི་འཕྲིན་ལས་ཀྱིས། །སྤྱན་རས་གཟིགས་ཀྱི་བྱིན་བརླབས་ཀྱིས། །འགྲོ་དྲུག་སེམས་ཅན་བདེ་བ་ལ། །མྱུར་དུ་འཁོད་པར་མཛད་དུ་གསོལ། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །སྤྲེའུ་ལོ་ལ་མཚུར་ཕུའི་དབེན་གནས་ཁྱུང་རྫོང་དུ་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྣམ་འཕྲུལ་སྤྱན་རས་གཟིགས་དབང་ལ། །བདག་ནི་གུས་པས་གསོལ་བ་འདེབས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བདེ་བའི་གནས་སུ་དྲང་དུ་གསོལ། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ནམ་མཁའི་མཐོང་ལ་ཡར་བལྟས་པས། །འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེ། །མཐའ་དབུས་མེད་པ་ཀློང་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །རི་བོ་ཆེ་ལ་ཕར་ལྟས་པས། །ལྷུན་གྱིས་གྲུབ་པ་འདུས་མ་བྱས། །གཡོ་འགུལ་མེད་པ་ཀློང་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །རྒྱ་མཚོ་ཆེ་ལ་ཕར་བལྟས་པས། །དག་ཅིང་གསལ་ལ་རྙོག་པ་མེད། །བདེ་བ་ཆེན་པོ་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པས། །སྒྲུབ་གནས་པད་མ་ཁྱུང་རྫོང་དུ། །ཉམས་ལ་ཤར་ནས་བླངས་པ་ཡིན། །སྐལ་ལྡན་རྣམས་ཀྱིས་གོ་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་པའི་བརྒྱན་དུ་ཤོག །ཨོཾ་མ་ཎི་པད་མེད་ཧཱུྃ། སངས་རྒྱས་རྣམས་ལ་གསོལ་བ་འདེབས། །གྲུབ་ཐོབ་རྣམས་ཀྱིས་བྱིན་གྱིས་རློབས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ཕྱག་རྒྱ་ཆེན་པོའི་དོན་ཅིག་རྟོགས། །རྟོགས་རྒྱུ་མེད་པའི་དོན་ཅིག་ཡིན། །མ་བཅོས་གཉུག་མ་མངོན་དུ་གྱུར། །བཅོས་རྒྱུ་མེད་པའི་དོན་ཅིག་རྟོགས། །བདེ་བ་ཆེན་པོའི་ངོ་བོ་ཡིན། །ཆེ་ཆུང་མེད་པ་མངོན་དུ་གྱུར། །མཐོན་དམན་མེད་པའི་དོན་ཅིག་རྟོགས། །ཉོན་མོངས་མེད་པའི་དོན་ཅིག་རྟོགས། །དུག་ལྔ་མི་འཇིགས་མངོན་དུ་གྱུར། །ངོ་བོ་གསུམ་གྱི་དབྱངས་ཆུང་འདི། །སྒྲུབ་གནས་བཀྲ་ཤིས་ཁྱུང་རྫོང་དུ། །ཉམས་ལ་ཤར་ནས་བླངས་པ་ལགས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སྤྲེའུ་ལོ་ལ་ཁྱུང་རྫོང་དུ་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། བླ་མ་རྣམས་ལ་གསོལ་བ་འདེབས། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །ཡིད་ལ་མཆོག་གི་བྱིན་གྱིས་རློབས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །ལྟ་སྒོམ་སྤྱོད་གསུམ་འབྲས་བུ་བཞི། །ཀློང་དུ་གྱུར་པའི་རྣལ་འབྱོར་བདག །ལྟ་བ་ལྟ་རྒྱུ་མེད་པ་ལ། །སྤྲོས་དང་བྲལ་བའི་སེམས་ཉིད་འདི། །རང་གྲོལ་རང་གསལ་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །སྒོམ་པ་བསྒོམ་རྒྱུ་མེད་པ་ལ། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། །སྤྲོས་དང་བྲལ་བ་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །སྤྱོད་པ་སྤྱོད་རྒྱུ་མེད་པ་ལ། །འཛིན་མེད་རང་སར་གྲོལ་བ་ཡི། །མཉམ་རྗེས་མེད་པ་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །འབྲས་བུ་རེ་དོགས་མེད་པ་ལ། །བདེ་ཆེན་ཡེ་ཤེས་མངོན་དུ་གྱུར། །ད་ཡོང་རྣལ་འབྱོར་ཉམས་རེ་དགའ། །བསམ་གྱིས་མི་ཁྱབ་མཐར་ཐུག་དོན། །འོད་གསལ་ཕྱག་རྒྱ་ཆེན་པོ་ནི། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་དེ་ཉིད་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སྤྲེའུ་ལོ་ལ་ཁྱུང་རྫོང་དུ་གསུངས་སོ། །ཨོཾ་མ་ཎི་པད་མེ་ཧཱུྃ། གཞི་ནི་མ་བཅོས་གཉུག་མའི་ངང་། །ལམ་ནི་ས་བཅུ་ཕ་རོལ་བཅུ། །འབྲས་བུ་མ་ཡེངས་ཕྱག་ཆེན་དང་། །དེ་ལྟ་བུའི་གདམས་ངག་དེ། །འབྲལ་མེད་ཅིག་ཏུ་ཉམས་སུ་ལོང་། །ལྟ་བ་ཕྱོགས་རིས་མེད་པ་ལ། །བསྒོམ་པ་ཡེངས་སུ་མེད་པ་ཡིན། །སྤྱོད་པ་དགག་སྒྲུབ་མེད་པ་ཡིན། །དེ་ལྟ་བུ་ཡི་གདམས་ངག་དེ། །འབྲལ་མེད་ཅིག་ཏུ་ཉམས་སུ་ལོང་། །ཆོས་སྐུ་བརྗོད་ལས་འདས་པ་ལ། །ལོངས་སྐུའི་ཚོགས་དེ་ཀུན་ལ་ཁྱབ། །སྤྲུལ་སྐུ་སེམས་ཅན་འགྲོ་དོན་མཛད། །དེ་ལྟ་བུ་ཡི་གདམས་ངག་དེ། །འབྲལ་མེད་ཅིག་ཏུ་ཉམས་སུ་ལོང་། །དེ་གསུམ་དབྱེར་མེད་ངོ་བོ་དེ། །སྒྱུ་མ་ལྟ་བུའི་ངང་ལ་ཞོག །སྒྱུ་མ་དམིགས་སུ་མེད་པ་ཡི། །འོད་གསལ་ཟུང་འཇུག་ངོ་བོའི་དོན། །དེ་ལྟ་བུ་ཡི་བྲལ་མེད་དེ། །ཐམས་ཅད་རྫོགས་པའི་ཕ་རོལ་ན། །འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མ་ཆོས་སྐུའི་ངང་། །ཡེ་ནས་རྫོགས་པའི་ཕྱག་ཆེན་ཉིད། །དེ་ལྟ་བུ་ཡི་གདམས་ངག་དེ། འབྲལ་མེད་ཅིག་ཏུ་ཉམས་སུ་ལོང། །ཁྱུང་རྫོང་དུ་གསུངས། ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །སློབ་དཔོན་པདྨ་དབང་གི་ལྷ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱིས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ།། བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཚད་མེད་ཐུགས་རྗེའི་འཕྲིན་ལས་ཀྱིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ། །སྐྱེ་ཞིང་བདེ་ལེགས་འབྱུང་བར་ཤོག །བཀྲ་ཤིས་འདི་སྤྲེའུ་ལོ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་མཚུར་ཕུའི་དབེན་གནས་ཁྱུང་རྫོང་དུ་སྒོམ་པ་དར་མ་དབང་ཕྱུག་ལ་གསུངས་སོ།། །། ༈ ཡི་གེ་དྲུག་མའི་སྔགས་པ་བཞུགས། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། བྱང་ཆུབ་སེམས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །པད་དཀར་ཀུ་མུ་ཏ་དང་ཟླ་བའི་འོད་འདྲ་ཞིང་། །ནམ་མཁའ་ས་གཞི་དག་པའི་ཆུ་ལྟ་བུ། །དྲི་ཟ་ཚངས་དབྱངས་ཀ་ལ་པིང་ཀའི་སྒྲ། །འདི་དག་མཚུངས་མིན་ཁྱད་འཕགས་ཐུགས་རྗེ་ཅན། །མགོན་པོ་སྤྱན་རས་གཟིགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་འགྲོ་རྣམས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་མཆོད་པར་བརྗོད་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་བྱར་གྱུར་པ་རྣམས་ལ་ཕན་ཡོན་བསྒྲགས་པ། ཟ་མ་ཏོག་གི་མདོ་ཆེན་པོ་ལས་བསྔགས་པ་དཔག་ཏུ་མེད་དེ། དེ་ཉིད་བརྗོད་པར་དཀའ་མོད་ཀྱིས། མདོར་བསྡུས་པ་འདི་ལྟ་སྟེ། བརྩེ་བ་དང་ལྡན་པ། འཁོར་བར་བྱ་དཀའ་བའི་སྤྱོད་པ་འཛིན་པ་ཅན། སེམས་ཅན་དམྱལ་བའི་མེ་ལྕེ་རབ་ཏུ་ཞི་བར་བྱེད་པ། ཡི་དྭགས་ཀྱི་གདུང་བ་ཐམས་ཅད་བསིལ་བར་མཛད་པ། དུད་འགྲོའི་གཏི་མུག་ཐམས་ཅད་སེལ་བ། མི་རྣམས་འཇིགས་པ་བརྒྱད་ལས་སྐྱོབ་པ། ལྷ་མ་ཡིན་གྱི་རྩོད་པ་ཞི་བར་མཛད་པ། ལྷ་རྣམས་ཀྱི་ལྟུང་བའི་སྡུག་བསྔལ་ཕྱག་གིས་ངེས་པར་འཛིན་པ། ནམ་མཁའ་སྐུ་ཅན། རྣམ་པར་དག་པའི་དབྱངས་མངའ་བ། སྙིང་རྗེའི་ཤུགས་ཅན། ཏིང་ངེ་འཛིན་གྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ། དྲན་པ་ཙམ་གྱིས་འཁོར་བའི་འཇིགས་པ་སེལ་བ། ཐུགས་རྗེ་ཆེན་པོའི་གསུང་གིས་མཐར་ཕྱིན་པ་ནི། ཨོཾ་མ་ཎི་པད་མེ་ཧཱུྃ། ཞེས་བྱ་བ་འདི་ཡོངས་སུ་འཛིན་པ་གོང་གི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་དོ། །ཉེས་པ་ཐམས་ཅད་འཇོམས་པར་བྱེད་དོ། །རྣ་ལམ་དུ་གྲགས་པས་ཀྱང་སྡིག་པའི་ཕུང་པོ་རི་རབ་ཙམ་འཇོམས་པར་བྱེད་ན། འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་བྱ་བ་འདི་མདོ་ལས་ཅི་ལྟར་བྱུང་བ་བཞིན་དུ། སྤྱན་རས་གཟིགས་ཀྱིས་འཕྲིན་ལས་ཀྱི་ཕྱོགས་བསྟོད་ཅིང་། ཆ་ཙམ་སྒྲུབ་པར་བྱེད་པ། རང་བྱུང་རྡོ་རྗེ་ཞེས་བྱ་བས་བརྗོད་པ་ཡིན་པས། སྐྱེ་དགུ་རྣམས་ཀྱིས་ཐུགས་རྗེའི་མངའ་བདག་དྲན་པར་བྱས་ཏེ། ཡི་གེ་དྲུག་པའི་སྒྲ་དབྱངས་བསྒྲགས་པ་ལ་བརྩོན་པ་དང་། རྗེས་སུ་འཛིན་པ་རྣམས་ལ་ཡང་རྗེས་སུ་ཡིད་རང་པ་གྱིས་དང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ལྕགས་ཕོ་ཁྱིའི་ལོ་ཟླ་བ་བཞི་པའི་ཉི་ཤུ་གསུམ་གྱི་ཉིན་པར་གདན་ས་མཚུར་ཕུ་ནས་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net