ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་བཅུ་གཅིག་པ

From Rangjung Yeshe Wiki Texts
Revision as of 05:42, 28 July 2010 by Eric (talk | contribs)
Jump to navigation Jump to search

༈ སློབ་དཔོན་ཤྲཱི་སོགས་ཀྱིས་བཻ་རོ་ལ་བསྟན་པ་གཏད་པ།

དེ་ནས་ཉིན་རེ་བཞིན་དུ་ཕྱི་མ་བདུན་ལ་སོགས་པ་ལ་གསང་སྔགས་འབྲས་བུའི་ཆོས་ཉན༔ ནུབ་བཞིན་དུ་ཤྲཱི་སིདྷ་ལ་བསྟན་པའི་སྙིང་པོ་རྩོལ་མེད་རྫོགས་པ་ཆེན་པོའི་དོན་མན་ངག་རྣམས་ཉན་ཏེ༔ དེ་ཡང་སློབ་དཔོན་ཤྲཱི་སིང་ཧས་རང་གི་གཟིམས་ཁང་ནང་དུ༔ རྡོ་ཆེན་པོ་གསུམ་གྱི་སྟེང་དུ་རྫ་མ་གྲ་བར་བཅུག་སྟེ་བཞག༔ དེའི་ནང་དུ་ཤྲཱི་སིང་ཧ་བཞུགས༔ དེའི་ཁ་ཡུམ་ཆེན་མོའི་པོ་ཏི་གཅིག་གིས་བཅད༔ ཕུབ་ཀྱི་སྟེང་དུ་སླ་ང་ཆུས་བཀང་སྟེ་བཞག༔ རྫ་མ་ལ་བུག་པ་བཏོད་དེ་སྨྱུག་དོང་བཙུགས་ནས༔ དེའི་ནང་ནས་སློབ་དཔོན་གྱིས་ཆོས་བཤད་དོ༔ བཻ་རོ་དང་ལེགས་གྲུབ་གཉིས་ཀྱིས་ཕྱི་རོལ་ནས༔ ཤ་བའི་ཡིབ་ཞུ་རིང་པོ་རེ་གྱོན༔ ཁྲེས་པོ་རེ་ཁུར༔ འཁར་བ་རེ་ཐོགས་ཏེ༔ ནམ་གྱི་དགུང་ལ་ཉན་ནོ༔ ལེགས་གྲུབ་ཀྱིས་ཟླ་གྲིབ་མཚམས་སུ་དར་དཀར་ལ་ར་དཀར་མོའི་འོ་མས་མན་ངག་རྣམས་ཡི་གེར་བྲིས་སོ༔ བཻ་རོ་ཙ་ནས་མགོ་བསྟན་པ་ཙམ་གྱིས་མན་ངག་རྣམས་ཁོང་དུ་ཆུད་ཅིང་བསྟན་པ་ཐུགས་ལ་རྫོགས་སོ༔ དེ་ཡང་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག་བཤད༔ རྫོགས་པར་སྟོན་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ་བཤད༔ བསམ་གཏན་སྟོན་པའི་རྟགས་སུ་ཐིག་ལེ་དྲུག་པ་བཤད༔ ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ཁོའི་འོག་ཏུ་ཚུད་པའི་རྟགས་སུ་ཁྱུང་ཆེན་བཤད༔ ཐེག་པ་ཐམས་ཅད་ལ་ཁྱད་འདོན་པའི་རྟགས་སུ་མི་ནུབ་པའི་རྒྱལ་མཚན་བཤད༔ དེ་ནས་རིགས་ཀྱི་བུ་མགུ་འམ་གསུངས་པས༔ རྗེས་སུ་ཡི་རང་ལགས་ཞེས་ཟེར་རོ༔ ཡང་གྲུབ་མཐའ་ཐམས་ཅད་འདུས་པའི་རྟགས་སུ་ཡིད་བཞིན་ནོར་བུ་བཤད༔ ཆོས་དང་གང་ཟག་ལ་ཆེ་བའི་རྟགས་སུ་རྗེ་བཙན་དམ་པ་བཤད༔ ཐེག་པ་གོང་འོག་གི་སྐྱོན་དང་ཡོན་ཏན་ཤེས་པའི་རྟགས་སུ་ཡིད་དཔྱོད་རྒྱལ་པོ་བཤད༔ ཤེས་རབ་གསུམ་ལ་བརྟེན་དགོས་པའི་རྟགས་སུ་ཀུན་འདུས་རིན་པོ་ཆེ་བཤད༔ དེ་ནི་ཆུང་བ་བཞིའོ༔ ཤེས་པ་ཐམས་ཅད་གདམས་པ་ལ་རག་ལས་དགོས་པའི་རྟགས་སུ་བདེ་འབྱམས་བཤད༔ འབྲས་བུ་སྐུ་གསུང་ཐུགས་ལ་ཐུག་དགོས་པའི་རྟགས་སུ་སྲོག་གི་འཁོར་ལོ་བཤད༔ དཔེ་དོན་རྟགས་གསུམ་ལ་རག་ལས་དགོས་པའི་རྟགས་སུ་སེམས་ཀྱི་ཊཱི་ཀ་དང་ནམ་མཁའི་རྒྱལ་པོ་བཤད༔ དེ་ནི་འབྲིང་པོ་བཞིའོ༔ དྲང་དོན་ངེས་དོན་གཉིས་ཀྱིས་གཞན་དོན་བྱེད་དགོས་པའི་རྟགས་སུ་བདེ་བ་ཕྲ་བཀོད་བཤད༔ ཐེག་པ་ཐམས་ཅད་ཤན་འབྱེད་དགོས་པའི་རྟགས་སུ་སྤྱི་ཆིངས་བཤད༔ རིག་པ་དང་མི་འགལ་བར་བྱ་བའི་ཕྱིར་རྡོ་ལ་གསེར་ཞུན་བཤད༔ སྤྱོད་པ་དང་དམ་ཚིག་རྣལ་འབྱོར་པའི་སྲོག་ཡིན་པའི་ཕྱིར་རྩེ་མོ་བྱུང་རྒྱལ་བཤད༔ དེ་ནི་ཆེ་ཕྱོགས་བཞིའོ༔ ཆོས་འཆོལ་བ་དང་མ་འཆོལ་བ་ངོ་ཤེས་དགོས་པའི་ཕྱིར་རྨད་དུ་བྱུང་བ་བཤད༔ དེས་ཚིམ་མམ་ཟེར་བ་ལས༔ མ་ཚིམ་མན་ངག་འདི་རྣམས་ལ་སྟོན་པའི་ཞལ་ནས་གསུངས་པ༔ རྒྱུད་དང་མན་ངག་བཅས་པ་རྫོགས་པར་ཞུ་འཚལ་ཞེས་ཞུས་པས༔ རྒྱུད་བཅོ་བརྒྱད་མན་ངག་ངོ་སྤྲོད་དང་བཅས་པ་བཤད་ནས༔ ད་ཚིམ་མམ་བྱས་པས༔ ལེགས་གྲུབ་ཚིམ་ཟེར་ནས་རྒྱལ་པོ་ལ་ངོ་སོ་འདོད་ནས་ང་ཨ་མ་ཤི་བ་ལ་འཆད་ཟེར་ནས་སོང་བས་ལམ་དུ་ལོ་བཞི་བཅུ་ཞེ་བཞི་ལ་གཅན་འཕྲང་དང་པོས་བཀྲོང་བསམ་པ་ལམ་དུ་ལུས་སོ༔ བཻ་རོ་ཙ་ནས་གདེང་ཆོས་ལ་མཁས་པར་སྦྱངས༔ བླ་མས་ཚིམ་མམ་གསུངས་ཏེ༔ མ་ཚིམ་ཞུས་ཞག་གསུམ་ཁ་བུབ་ཏུ་ལག་པ་སྔས་སུ་བཅུག་ནས་ཉལ་ནས་འདུག་གོ༔ དེར་ཤྲཱི་སིང་ཧས༔ ཁྱོད་གྲོགས་པོ་སོང་བས་མ་དགའ་འམ་གསུངས་པས༔ བཻ་རོས་འདི་སྐད་ཞུས་པ༔ མགྲོན་པོ་ལམ་ཐུན་རང་རང་གནས་སུ་གྱེས་པ་ལ༔ དེ་ལ་མི་དགའ་བྱ་རྒྱུ་ཅི་ཞིག་མཆིས༔ ཞེས་སྨྲས་པས༔ རྗེའི་ཞལ་ནས༔ འོ་ན་ཁྱོད་ནའམ་གསུངས༔ བདག་ན་ལགས་ཞུས་པས༔ རྗེའི་ཞལ་ནས་ཁྱོད་ཅི་ན་གསུངས༔ བཻ་རོ་ཙ་ནས་ན་བ་བཞིའི་མགུར་དུ་ཞུས་པ༔ བདག་འདྲ་བཻ་རོ་ཙ་ན་ལགས༔ གཞན་གྱི་ནད་དེ་མ་མཆིས་ཏེ༔ ཐོས་ཏེ་མ་གོ་རང་སེམས་ན༔ མཐོང་སྟེ་མ་འཕྲད་རང་སེམས་ན༔ མྱོང་སྟེ་མ་ཚིམ་རང་སེམས་ན༔ ནད་གཞི་སེམས་སྡེ་བཅོ་བརྒྱད་པོའི༔ གདེང་མ་རྙེད་པས་རང་སེམས་ན༔ དེ་ལྟར་ནད་ཀྱིས་གདུངས་པ་ལ༔ ནད་མཐར་ཕྱིན་པའི་སྨན་ཞིག་ཞུས༔ ཞེས་ཞུས་པས༔ བླ་མ་དགྱེས་ཏེ་རྗེའི་ཞལ་ནས་ངས་ནི་ཀུན་བསྟན་ཟེར༔ ད་ཁྱོད་ཅི་ལ་སྡུག་པ་ཡིན་གསུངས༔ ཡང་བཻ་རོས་སྡུག་པ་བཅུ་གཅིག་གི་མགུར་ཞུས་པ༔ རང་བྱུང་ཡེ་ཤེས་བདེ་ཆེན་དེ༔ བག་ཆགས་མཐུག་པོའི་འཕྲང་ལ་སྡུག༔ ཕྱོགས་རིས་མེད་པའི་ལྟ་བ་དེ༔ ལས་ཤན་གཉིས་ཀྱི་འཕྲང་ལ་སྡུག༔ སྒོམ་པ་རྩོལ་མེད་རང་བབས་དེ༔ བྱིང་རྒོད་གཉིས་ཀྱི་འཕྲང་ལ་སྡུག༔ སྤྱོད་པ་བླང་དོར་བྲལ་བ་དེ༔ འདོད་རྩོལ་གཉིས་ཀྱི་འཕྲང་ལ་སྡུག༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ༔ བརྡའ་དོན་མ་ཕྲད་འཕྲང་ལ་སྡུག༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་རིག་གཉིས་ཀྱི་འཕྲང་ལ་སྡུག༔ དུས་གསུམ་སངས་རྒྱས་དགོངས་པ་དེ༔ ཐེ་ཚོམ་རྟོག་པའི་འཕྲང་ལ་སྡུག༔ རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ༔ དོན་དང་བྲལ་བའི་འཕྲང་ལ་སྡུག༔ སངས་རྒྱས་སྤྱོད་ཡུལ་རང་དབང་དེ༔ སྤྱི་བླུགས་ཚང་བའི་དབང་ལ་སྡུག༔ མན་ངག་སེམས་སྡེ་མ་བུ་འདི༔ ཟུག་ངུ་མ་བྲལ་འཕྲང་ལ་སྡུག༔ བཻ་རོ་ཙ་ན་འགྲོ་བ་ལ༔ འགྲོ་དང་འགྲོ་སྟེ་འཕྲང་ལ་སྡུག༔ ཅེས་ཞུས་པས༔ སློབ་དཔོན་ཆེན་པོ་ཤིན་ཏུ་དགྱེས་ཏེ་བཞད་དོ༔ སློབ་དཔོན་གྱིས་སྔར་གྱི་སྟེང་དུ་བྱང་སེམས་རྨད་དུ་བྱུང་བ་བཤད༔ དེས་ཚིམ་མམ་གསུངས་པས་མ་ཚིམ་ཞུས་སོ༔ ཡང་མདོ་རྩ་མདོ་ལུང་མདོ་འགྲེལ་གསུངས༔ སེམས་སྡེ་མ་བུ་བཤད༔ དེས་ཚིམ་མམ་གསུངས༔ མ་ཚིམ་ཞུས༔ ཡང་རྒྱ་མཚོ་ཀློང་བཤད༔ དེས་ཚིམ་མམ་གསུངས༔ མ་ཚིམ་ཞུས༔ ཀློང་ཁྲ་བོ་བཤད༔ ཀློང་སྡེའི་སྐོར་རྒྱུད་མན་ངག་དང་བཅས་པ་གསུངས་ནས༔ དེས་ཚིམ་མམ་གསུངས༔ མ་ཚིམ་ཞུས༔ ཡང་རྒྱུད་སྡེའི་སྐོར་རྒྱུད་དང་མན་ངག་ཟབ་ལ་རྒྱ་ཆེ་བ་གསུངས༔ དེས་ཚིམ་མམ་གསུངས༔ མ་ཚིམ་ཞུས༔ ཡང་ཞུས་པ༔ དེ་རྣམས་ཀྱི་དོན་རྩོལ་བ་མི་དགོས་པར་རང་གྲོལ་མངོན་སུམ་ད་ལྟ་ཉིད་དུ་མཐོང་བ་ཞིག་ཞུ་ཞེས་ཞུས་ནས༔ གསེར་ཕྱེ་བྲེ་གང་དང་པ་ཏྲ་བདུན་ཕུལ༔ ཕྱག་དང་སྐོར་བ་མང་དུ་མཛད་ནས་གསོལ་པ༔ དཔལ་ལྡན་སེང་གེའི་མགོ་ཅན་ཁྱེད༔ མཐའ་ཡི་བན་དྷེའི་མགོན་ལགས་གང་༔ དཀའ་བ་སྤྱད་དེ་མོས་པས་བཙལ༔ འབྲེལ་བས་ཞལ་མཇལ་ཐུགས་རྗེས་བཟུང་༔ བསྟན་པ་བཙས་ནི་ཡོངས་རྫོགས་བསྟན༔ དོན་དེ་རང་གྲོལ་མངོན་བསྟན་ཞུ༔ ཞེས་གསོལ་བ་བཏབ་པས༔ སློབ་དཔོན་ཤིན་ཏུ་དགྱེས་ཏེ་ཞལ་འཛུམ་མཛད་ནས༔ དྷ་ཧེ་ནའི་འདུ་ཁང་དང་པོར་གསལ་བྱེད་རིན་པོ་ཆེ་འབར་བ་ལ་བརྟེན་ནས༔ རྒྱལ་ཐབས་སྤྱི་བླུགས་ལ་སོགས་དབང་བདུན་ཡོངས་སུ་རྫོགས་པར་བསྐུར༔ ཐུག་ཕྲད་གསུམ་གྱི་རང་གྲོལ་མངོན་སུམ་དུ་ངོ་སྤྲོད༔ མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ༔ ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད༔ ཆེ་བ་ལྔ་ཡིས་དགོངས་པ་ཁྱད་པར་དུ་འཕགས་ཏེ༔ རྩོལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་དུ་གྱུར་རོ༔ དེར་རྩ་བའི་རྒྱུད་ལྔ༔ ཡན་ལག་གི་རྒྱུད་ཉེར་ལྔ་སྟེ་སུམ་ཅུ་ཐམ་པ༔ ཀློང་དགུ་ལ་སོགས་པ་སྤྲུལ་སྐུ་དགའ་རབ་ཀྱི་རྒྱལ་བའི་བཀའ་མན་ངག་བཅོ་བརྒྱད་དོ༔ རིག་འཛིན་གྱི་གཉེར་ཡིག་བཞི༔ ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ་དང་༔ ཤྲཱི་སིདྷ་ཉིད་ཀྱི་རྒྱན་འཕྲེང་འོད་གསུམ་དང་༔ བསམ་གཏན་ཉམས་ཀྱི་སྒྲོན་མ་རྣམས་གཉེར་དུ་གཏད་དེ༔ བསྐུལ་བ་རྐྱེན་གྱི་མན་ངག་ནི༔ ཤན་ཕྱེ་ལ་ཟླ་རྒྱུད་བཀྲོལ་བས༔ བརྒྱུད་པའི་གདམས་པ་མངོན་སུམ་བསྟན༔ དབེན་པར་རང་སེམས་གོམས་པར་གྱིས༔ སྨིན་པར་གྱིས་ཤིག་ཐུགས་ཀྱི་སྲས༔ ཞེས་གཏད་དོ༔ ཨེ་མ༔ པ་གོར་ད་རུང་གསོལ་བཏབ༔ ཨ་ཏི་སྤྱི་ཏི་ཡང་ཏི་དང་༔ ཏི་ལ་ཉག་གཅིག་བཞི་པོ་གནང་༔ དེ་ཚེ་ཛྙཱ་ན་སུ་ཏྲ་ལ༔ ཁ་སྐོང་དཔེ་རྒྱུད་ཐམས་ཅད་ཐོན༔ ཞེས་པ་ལུང་བསྟན་བཻ་རོས་ཀྱང་༔ དེའི་མཛད་མཐོང་སྤྲོས་པ་ཆོད༔ བི་མ་མི་ཏྲ་ཛྙཱ་ན་ཡང་༔ མཆོག་གི་བླ་མ་བཅུ་དྲུག་བསྟེན༔ ཨུ་རྒྱན་བོད་ཀྱི་ཡུལ་ན་བཞུགས༔ དོན་རྒྱུད་འགའ་ཡང་གསང་སྟེ་སྤེལ༔ པ་གོར་ད་རུང་གསོལ་བ་བཏབ༔ སྤྱིར་གྱི་མཁས་པ་ཐམས་ཅད་ཀྱི༔ ཐུགས་བཅུ་ཐམས་ཅད་རྩད་ནས་ཆོད༔ ཡང་སྒོས་མཁས་པ་ཤྲཱི་ཡི༔ ཐིག་ལེ་མཆོག་གི་སྐོར་རྣམས་དང་༔ རྨད་དུ་བྱུང་བའི་སྐོར་རྣམས་དང་༔ རབ་ཏུ་གསང་བ་ལ་ཟླ་གནང་༔ ཤྲཱི་ཉིད་ཀྱིས་ལུང་བསྟན་པ༔ བུ་ཁྱོད་དགའ་རབ་རྡོ་རྗེ་འཚོལ༔ ཐུགས་རྗེ་གཟིགས་པའི་ལས་འཕྲོ་ཡོད༔ དེ་སྐད་ཟེར་ནས་རྒྱ་གར་གྱི༔ རྡོ་རྗེ་གདན་དུ་ལྷན་རྩེར་ཕྱིན༔ དགའ་རབ་གར་བཞུགས་དྲིས་པ་ཡིས༔ དགའ་རབ་ཡལ་ཏེ་དུ་མ་སོང་༔ བོད་ཕྲུག་འཆལ་བ་ཅི་ཟེར་ལོ༔ བླ་མས་ལུང་བསྟན་ཕྱིར་མི་ལྡོག༔ ང་རང་སྐལ་བ་དམན་སྙམ་ནས༔ སྡུག་བསྔལ་ཆེ་སྟེ་མྱ་ངན་ནོན༔ ངུ་བྲང་བརྡུང་ཞིང་ཡོད་ཙ་ན༔ ཐོ་རངས་མཁའ་འགྲོས་ལུང་ཡང་བསྟན༔ ཨུ་རྒྱན་ཡུལ་དུ་སོང་ཞིག་ཟེར༔ པུས་ནུབ་ཆུ་ལ་ཟླ་གསུམ་བརྒལ༔ པདྨའི་འདམ་ལ་ཟླ་གསུམ་བརྒལ༔ གྲུ་གཟིངས་དག་ལ་ཞག་དགུ་ཕྱིན༔ ནུབ་མོ་ཆུ་གླེ་རེ་ལ་ཉལ༔ ཨུ་རྒྱན་མཐིལ་དུ་སླེབ་ཙ་ན༔ སློབ་དཔོན་དྲིས་པས་དུར་ཁྲོད་བཞུད་དོ་ཟེར༔ ཤིན་ཏུ་ཡི་མུག་ཆོ་ངེ་བཏབ༔ སྔར་ཤུལ་བརྒལ་ཏེ་ཚུར་སླེབ་ཚེ༔ པཎ་ཆུང་སྨྲ་བཅད་གསུམ་དང་ཕྲད༔ སློབ་དཔོན་དྲིས་པས་བཤད་མ་བཏུབ༔ བུད་མེད་གཅིག་དྲིས་གྲོངས་སོ་སྐད༔ སྐལ་མེད་བདག་འདྲ་སྙམ་གྱུར་ནས༔ ཡི་མུག་ག་ཆད་ཆོ་ངེ་བཏབ༔ ལུས་པོ་རྡེབ་ཅིང་སྐྲ་རྣམས་འབལ༔ དྲན་པ་གཏོར་ནས་ཡོད་ཙ་ན༔ བུ་མོ་གཞོན་ནུ་གཅིག་བྱུང་ནས༔ དགའ་རབ་དྲུང་དུ་ངས་སྐྱེལ་ཟེར༔ དེ་ལ་ཕྱག་བཙལ་སྐོར་བ་བྱས༔ གསེར་ཕྱེ་བྱིན་ནས་ལམ་མཁན་བཅོལ༔ དུར་ཁྲོད་ཆེན་པོར་རོལ་ཙམ་ན༔ ཤེལ་གྱི་ཁྱེའུ་ཆུང་ལོ་བརྒྱད་པ༔ མཁའ་འགྲོའི་དབུས་ན་བཞུགས་པ་མཐོང་༔ དེ་མ་ཐོག་ཏུ་ས་ལ་འགྱེལ༔ དྲན་པ་གཏོར་ནས་བློ་རྙེད་ཚེ༔ ཕྱག་བཙལ་སྐོར་བ་གྲངས་མེད་བྱས༔ གསེར་ཕྱེ་པ་ཏྲ་ཕྱག་ཏུ་ཕུལ༔ སློབ་དཔོན་ཐུགས་རྗེ་རེ་ཆུང་ན༔ པ་གོར་དཀའ་བ་དེ་ཙམ་སྤྱད༔ ཐུགས་རྗེ་སྤྱན་གྱིས་མ་གཟིགས་སམ༔ གྲོངས་ཟེར་སྡུག་བསྔལ་དཔག་མེད་བྱུང་༔ ཡུས་དང་གདུང་བ་མང་བརྗོད་པས༔ ལེགས་སོ་སྐལ་ལྡན་སྣོད་ཡིན་གསུངས༔ གདམས་པ་ཐམས་ཅད་རྫོགས་པར་གནང་༔ དགའ་རབ་དྲུང་དུ་ལོ་གསུམ་བསྡད༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞི༔ རྒྱ་མཚོ་མཐའ་ཡི་སྐད་ཀྱིས་གསུངས༔ ཉི་མ་གསང་རྒྱུད་འབུམ་ཕྲག་ལྔ༔ མཁའ་འགྲོ་མ་ཡི་སྐད་ཀྱིས་གསུངས༔ ཀློང་རྡོལ་མ་རྒྱུད་དུམ་བུ་བརྒྱད༔ ཅོ་ག་བྱ་ཡི་སྐད་ཀྱིས་གསུངས༔ ཀློང་ཡངས་ཕ་རྒྱུད་མ་ལུས་རྣམས༔ ཚངས་པ་ལྷ་ཡི་སྐད་ཀྱིས་གསུངས༔ མི་མངོན་དབྱིངས་སུ་ཡལ་ཏེ་གཤེགས༔ ཡང་ནི་བྱང་ཆུབ་ཤིང་དྲུང་ཡོང་༔ སློབ་དཔོན་ཤྲཱི་ཉིད་དང་མཇལ༔ དགའ་རབ་ཉིད་དང་མཇལ་ལམ་གསུངས༔ དཀའ་བ་ལུས་སྲོག་བློས་བཏང་བས༔ ཐུགས་རྗེ་རྫུ་འཕྲུལ་བདག་ལ་བསྟན༔ གདམས་པས་བདག་ལུས་ཤེལ་ལྟར་དག༔ ད་ནི་སྤྲོས་པ་གཅོད་དོ་ཞུས༔ ད་ནི་ཁྱོད་ཀྱང་བོད་དུ་སོང་༔ ང་ཡང་ལི་ཡུལ་ལམ་ཁ་རུ༔ ཟག་བཅས་ལུས་པོ་ཡལ་ལོ་གསུངས༔ གདུང་བས་གསོལ་བ་བཏབ་པ་ཡིས༔ སྤྱི་གཙུག་ཐོར་ཚུགས་ཁྲོད་ཉིད་ནས༔ ཀློང་ཡངས་མ་ཡི་རྒྱུད་རྣམས་ཀུན༔ གླེགས་བམ་བཀྲོལ་ཏེ་བདག་ལ་གཏད༔ དཔྲལ་གྱི་མིག་གམ་ཁོང་གི་སྙིང་༔ བསྟན་པའི་སྲོག་ཤིང་འདི་ཡིན་པས༔ རང་ཉམས་ལོངས་ལ་སྦོས་ཤིག་གསུངས༔ གཟེར་བུ་བདུན་གྱི་ཞལ་ཆེམས་བཞག༔ ཤེས་རབ་ཉི་མའི་ཟེར་ལ་ཆིབས༔ ནམ་མཁའ་འཇས་བཀང་ལི་ཡུལ་བཞུད༔ བདག་ནི་རྒྱུད་སྡེ་དུ་མ་རྣམས༔ སྔོན་གྱི་སྨོན་ལམ་སྦྱངས་ཤུགས་ཀྱིས༔ མི་བརྗེད་གཟུངས་ཐོབ་བློ་ལ་ཟིན༔ བརྗེད་ཐོ་ཏ་ལའི་ལོ་མ་ལ༔ གླེགས་བམ་དྲུག་ཅུ་རྩ་བཞི་རྣམས༔ མ་ཟིན་པ་རྣམས་ཡི་གེར་བཏབ༔ བོད་དུ་འགྲོ་བར་ཡང་ཆས་བྱས༔ དེ་ནས་བཻ་རོ་ཙ་ནས་རང་གྲོལ་དུ་ངོ་འཕྲོད༔ མངོན་སུམ་གཉིས་ཀྱི་ཚད་ལ་ཕེབས༔ བརྡའ་བྲལ་རང་གྲོལ་གྱིས་ཕྱོགས་མེད་ཀློང་དུ་གྲོལ༔ ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་ཆོད་དེ༔ ཆེ་བ་ལྔ་ཡིས་རང་སེམས་སངས་རྒྱས་ཀྱི་དོན་མངོན་དུ་གྱུར་ཏེ༔ སྣང་སྲིད་ཟིལ་གྱིས་ནོན༔ འཁོར་འདས་གཉིས་སུ་མེད་པར་དགོངས་པ་བདེ་ཆེན་མངོན་དུ་གྱུར་ཏེ༔ སློབ་དཔོན་ཤྲཱི་སིདྷ་ལ་དྲིན་དྲན་པ་དང་རང་གི་རྟོགས་པ་ཕུལ་བ༔ སྤྲུལ་པའི་གཤེགས་ཤུལ་རྡོ་རྗེའི་གདན༔ སྙིང་པོའི་དོན་རྫོགས་སྐལ་བཟང་རྗེ༔ ངེས་པ་ཡིན་པས་ངེས་དོན་བསྟན༔ བདག་རྒྱུད་རང་གྲོལ་སྐུ་དྲིན་ཆེ༔ ཞེས་གཏང་རག་ཕུལ་ལོ༔ ཡང་ཤྲཱི་སིདྷའི་ཞལ་ནས༔ མན་ངག་རིན་པོ་ཆེ་འདི་ནི་འཁོར་འདས་ཐམས་ཅད་གསལ་ཞིང་༔ སྙིང་པོ་མངོན་སུམ་དུ་མཐོང་བར་བྱེད་པས༔ མིག་གི་འབྲས་བུ་བཞིན་དུ་བཙའ་བར་གྱིས་ཤིག༔ ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་༔ ཐེག་པ་ཐམས་ཅད་ཀྱི་ཡང་རྩེ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་ཡིན་པས༔ སྲོག་གི་སྲོག་སྙིང་བཞིན་དུ་བཙའ་བར་གྱིས་ཤིག༔ ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འབྱུང་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བཙའ་བར་གྱིས་ཤིག༔ ཡང་དག་དང་༔ སྨན་དང་༔ ཕུར་པ་དང་༔ ཚེ་སྒྲུབ་ལ་སོགས་པ་རྣམས་གཞུང་བཞིན་དམ་ཚིག་དང་ལྡན་པར་བསྲུངས་ལ་ཐེ་ཚོམ་མེད་པར་སྒྲུབས་ཤིག༔ ཡང་དྲག་སྔགས་ལ་སོགས་པ་བསྟན་པ་བསྲུང་བའི་གཤིན་རྗེའི་བཞིའི་སྒྲུབ་པ་དང་༔ དུར་ཁྲོད་ཀྱི་མ་མོ་པུ་ཏྲ་གསུམ་ལ་སོགས་པ་རྣམས་བསངས་ལ་གནད་ནས་བསྐུལ་ཞིང་བསྟན་པ་སྐྱོང་བ་དང་༔ སྒྲུབ་པ་པོའི་བར་ཆད་སེལ་བ་དང་༔ དགོས་འདོད་སྒྲུབ་པའི་ལས་འཆོལ་ཞིག༔ ཅེས་གདམས་ངག་བཙའ་ལུགས་གཏད་དོ༔ དེ་ནས་ཤྲཱི་སིང་ཧས༔ བཻ་རོ་ལ་གདམས་ངག་རྫོགས་པས་བོད་དུ་འགྲོ་རན་ནོ་ཞེས་མགུར་བཞེངས་པ༔ གདུགས་ཤིག་ལོན་ནོ་ཁྲི་གདུགས་ཉི་མ་ཁྱོད༔ གླིང་ཁམས་གཞན་དུ་སྒྲོན་མེ་མཛད་རེ་རན༔ དགུང་ཞིག་ལོན་ནོ་ཉ་ཆེན་ཟླ་བ་ཁྱོད༔ གླིང་ཁམས་གཞན་དུ་སྒྲོན་མེ་མཛད་རེ་རན༔ དཔག་ཆེན་འོད་མའི་འདོམ་རྫོགས་ཁེངས་པ་དེ༔ གང་ལ་དམིགས་པའི་འབེན་ལ་བརྡེག་རེ་རན༔ རྒྱུད་ལུང་མན་ངག་རྟོགས་པའི་བཻ་རོ་ཁྱོད༔ མངའ་རིས་བོད་དུ་བསྟན་པ་སྒྲོག་རེ་རན༔ ཞེས་གསུངས་སོ༔ ཡང་བཻ་རོས་མགུར་བཞེངས་པ༔ དགུང་ལ་ཤར་གྱི་ཁྲི་གདུགས་རིན་པོ་ཆེ༔ གོས་མེད་དབྱར་ནས་འཁྱགས་ཀྱིས་ཁྲི་གདུགས་རིན་པོ་ཆེ༔ ལྡུམ་རའི་ནང་ནས་སྐྱེས་པའི་ནས་འབྲས་འོངས་མོ་ཆེ༔ ཚད་པའི་སྐོམ་གྱིས་གདུངས་པས་འབྲས་ཆང་བཅུད་མ་ཆུང་༔ འཚོ་བྱེད་སྨན་གྱི་རྒྱལ་པོ་རིན་པོ་ཆེ༔ འདུ་བ་རྣམ་བཞིས་གདུངས་ཀྱིས་སྨན་མཆོག་སྟོབས་མ་ཆུང་༔ འབྲས་ཆང་དིང་མས་བཀང་བའི་རྒྱ་རྫ་རིན་པོ་ཆེ༔ བཙན་པོའི་ཁ་དྲག་སྐྱེལ་མ་རིན་པོ་ཆེ༔ ཁ་ཞན་ཁྱིམ་ན་འཇིགས་ཀྱིས་སྐྱེལ་མ་རྩལ་མ་ཞན༔ རྒྱ་གར་ཤྲཱི་སིང་ཧ་རིན་པོ་ཆེ༔ དད་ལྡན་འཁོར་བར་འཁྱམས་སོ་ཐུགས་རྗེ་མ་ཆུང་མཛོད༔ ཅེས་མགུར་བཞེངས་པས༔ ཡང་ཤྲཱི་སིང་ཧས༔ གདམས་ངག་རྫོགས་པས་འགྲོ་དོན་གྱིས་ཤིག་པར་མགུར་བཞེངས་པ༔ མ་ཞོ་བུས་འཐུང་འབྲལ་བར་མི་ཕོད་ཀྱང་༔ མར་ཞོ་བསྐམས་སོ་བེ་ཡར་ཁོ་ཐག་ཆོད༔ བུང་བ་མེ་ཏོག་བཅུད་འཇིབ་འབྲལ་བར་མི་ཕོད་ཀྱང་༔ མེ་ཏོག་བསྐམས་སོ་སྦྲང་མ་ཁོ་ཐག་ཆོད༔ ཆང་མ་འབྲས་ཆང་འཚག་པ་འབྲལ་བར་མི་ཕོད་དེ༔ འབྲས་ཆང་ཅུར་ཐག་ཆད་དོ་ཆང་མ་ཁོ་ཐག་ཆོད༔ སློབ་དཔོན་གདམས་ངག་ཅན་དང་འབྲལ་བར་མི་ཕོད་ཀྱང་༔ རྒྱུད་ལུང་མན་ངག་རྫོགས་སོ་རང་སེམས་ཁོ་ཐག་ཆོད༔ ཅེས་གསུངས་ཏེ༔ སློབ་དཔོན་སྤྱན་ཆབ་ཕྱུང་བས༔ བཻ་རོ་ཙ་ན་ཡིད་ཆེས་ཁོ་ཐག་ཆོད་ནས༔ ཕྱག་དང་སྐོར་བ་བྱས་ཞབས་སྤྱི་བོར་བླངས་ཏེ༔ གསེར་གྱི་ཕྱེ་ཁྱོར་གང་དང་གསེར་གྱི་པ་ཏྲ་གཅིག་ཕུལ་ཏེ༔ འགྲོ་བར་ཆས་ནས་མགུར་བཞེངས་པ༔ ཨེ་མ་ཧོཿངོ་མཚར་ཡ་མཚན་ཆེ༔ ཞལ་ནས་ཅི་གསུང་བདུད་རྩི་འཛག༔ བྱམས་མགོན་ཐུགས་རྗེ་རིན་པོ་ཆེ༔ ཉོན་མོངས་ནད་ཀྱིས་གདུངས་པའི་འགྲོ་བ་ལ༔ དྲི་མེད་བདུད་རྩི་སྨན་གྱིས་བསིལ་བར་མཛད༔ བྱང་ཆུབ་ལག་ཏུ་གཏད་པའི་དྲིན་པོ་ཆེ༔ སྐྱེ་བ་ཕྱི་མ་མི་འབྲལ་འགྲོགས་པར་སྨོན༔ ཞེས་སྨོན་ལམ་བཏབ་ནས་འགྲོ་བ་ལ༔ ཤྲཱི་སིདྷས་ཞལ་བཀོད་མགུར་དུ་གསུངས་པ༔ དཔེར་ན་རྒྱལ་པོའི་དཀོར་མཛོད་རིན་ཆེན་ལ༔ རྐུན་མ་དག་གིས་བརྐུས་ཏེ་བྲོས་གྱུར་པ༔ རྗེས་བཅད་རྙེད་ན་རིན་ཆེན་སྲོག་དང་བྲལ༔ དེ་དང་འདྲ་བར་རྡོ་རྗེ་གདན་འོག་ནས༔ མཁས་པས་གབ་པའི་མན་ངག་རིན་ཆེན་རྣམས༔ རུ་སྤྲོད་རྒྱ་ཡིས་བཏབ་ཀྱང་མ་བཙན་ནས༔ ང་ཡིས་བླངས་ནས་བཻ་རོ་ཁྱོད་ལ་གཏད༔ ཁྱོད་ཀྱི་གྲོགས་པོ་གཅན་འཕྲང་དང་པོས་བསད༔ ཁྱོད་ཀྱང་ཟིན་ན་རིན་ཆེན་སྲོག་དང་བྲལ༔ རྐང་མགྱོགས་བསྒྲུབས་ལ་བོད་དུ་མྱུར་བར་སོང་༔ ཞེས་གསུངས་ནས༔ གསེར་ཕྱེ་ཞིག་གནང་སྟེ༔ ཁྱོད་ཀྱི་གྲོགས་པོ་ཡང་བོད་དུ་མ་སྙོགས་པར་གཅན་འཕྲང་དང་པོར་བསད་དམ་ཟེར༔ ཁྱོད་ཀྱི་རྐང་མགྱོགས་ཀྱི་དཔོན་ཀུ་ཧ་ར་དྷ་དུ་དང་༔ ཀུ་མཱ་ར་ཙ་བྱ་བ་གཉིས་ཡོད་ཀྱིས༔ དེ་གཉིས་གང་རྙེད་པ་ཅིག་ལ་གསེར་ཕྱེ་རྔན་པར་བྱིན་ལ་གྲོགས་པོ་གྱིས་ཤིག༔ ཁྱོད་རང་ཡང་ཀུ་ཤ་ལྕགས་ཀྱི་དོང་པོ་ཅན་བྱ་བ་ཡོད་ཀྱིས༔ དེར་སོང་ལ་རེ་མ་ཏཱི་རྐང་གསུམ་གྱི་རྐང་མགྱོགས་བསྒྲུབས་ལ་བོད་དུ་སོང་ཞིག༔ དེས་བར་ཆད་མེད་པར་བོད་དུ་བསྟན་པ་རྒྱས་པར་འགྱུར་རོ༔ ཞེས་ལུང་བསྟན་ནོ༔ དེ་ནས་དགའ་རབ་འཇམ་དཔལ་ལ་སོགས་པ་རུ་གོང་མ་ཐམས་ཅད་དང་མཇལ་ནས་ཆོས་ཐམས་ཀྱང་སྐད་ཅིག་ལ་གསུངས་ཤིང་༔ སྐད་ཅིག་ལ་ཁོང་དུ་ཆུད༔ དགོངས་པ་གཉིས་སུ་མེད་པར་གྱུར་ཏེ༔ བསྟན་པ་ཐམས་ཅད་ཐུགས་ལ་ལྷག་མ་མེད་པར་རྫོགས་སོ༔ དེར་རུ་གོང་མ་རྣམས་ཀྱིས་ཀྱང་བོད་དུ་གཤེགས་ལ་འགྲོ་དོན་གྱིས་ཤིག་པར་ལུང་བསྟན་ཏོ༔

བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ སློབ་དཔོན་ཤྲཱི་སིང་ཧ་ལ་སོགས་པས༔ བཻ་རོ་ལ་བསྟན་པ་ཐམས་ཅད་ཡོངས་སུ་རྫོགས་པར་གཏད་པའི་སྐབས་ཏེ་བཅུ་གཅིག་པའོ༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔