རྣལ་འབྱོར་བཞིའི་རིམ་པ

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))

LONGCHENPA-PECIN-11-DA-027
Jump to navigation Jump to search

གཞི་ལམ་འབྲས་བུའི་གནས་གསལ་བ klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) ཟབ་མོ་པྲ་ཁྲིད

Title རྣལ་འབྱོར་བཞིའི་རིམ་པ
Wylie rnal 'byor bzhi'i rim pa


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 27, pages 244–273 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.29
Citation Klong chen rab 'byams pa. rnal 'byor bzhi'i rim pa. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 244–273. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །རྣལ་འབྱོར་བཞིའི་རིམ་པ་བཞུགས་སོ། །«རྣལ་འབྱོར་བཞིའི་རིམ་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་འོད་གསལ་ལྷུན་གྲུབ་འདུས་མ་བྱས། །མཁའ་ལྟར་རྣམ་དག་ཆོས་དབྱིངས་བྱང་ཆུབ་སེམས། །རང་བྱུང་ཡེཤེས་ལྷུན་གྱིས་གྲུབ་དབྱིངས་སུ། །འདུ་འབྲལ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །དོན་གྱི་སྙིང་པོ་བྱང་ཆུབ་ཆོས་སྐུ་ལ། །རྩོལ་ཞིང་སྒྲུབ་མེད་རེ་དོགས་བྲལ་ན་ཡང༌། །དབྱིངས་དེར་རབ་འཇུག་གསང་ཆེན་ངེས་པའི་ལམ། །རྣལ་འབྱོར་བཞི་ཡི་ཚུལ་གྱིས་བརྗོད་པར་བྱ། །དེ་ལ་གང་གིས་ཉམས་སུ་ལེན་པའི་མན་ངག་དང༌། ཇི་ལྟར་ཉམས་སུ་བླང་བའི་རིམ་པ་གཉིས་ལས། དང་པོ་ནི། འཁོར་བར་བློ་ལོག་ནས་ཐར་པ་དོན་དུ་གཉེར་བའི་དད་པ་རབ་དང་ལྡན་པ་དེས། སྔོན་དུ་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཞིང་མཆོད་པ་དང༌། གདམས་པའི་སྙིང་པོ་རྫོགས་པར་བྱས་ལ། འཁོར་བའི་འབྲེལ་པ་ཚེ་འདིའི་བྱ་བ་ཐམས་ཅད་སྤངས་ཏེ། རྒྱུས་མེད་པའི་ཡུལ་ལམ། ལུང་སྟོངས་ཆེན་པོ་འམ། རི་ངོགས་དབེན་པའམ། ནགས་ཚལ་འཐིབས་པའམ། རྒྱ་མཚོའི་གླིང་ལ་སོགས་པར་ཕྱིན་ལ། གཅིག་པུར་སྒྲུབ་པ་ལ་བརྩོན་པར་བྱ་སྟེ། ཐལ་འགྱུར་ལས། དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོང་བར་བྱ། །འཁོར་བའི་འབྲེལ་པ་ཀུན་སྤངས་ནས། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་སོ། །དེའང་བྱ་བ་དགུ་ཕྲུགས་སུ་བཏང་ནས་བསྒྲུབ་སྟེ། ལུས་ཀྱི་ཕྱིའི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་ཚོང་སོ་ནམ་ལ་སོགས་པའི་ཆེད་དུ་འགྲོ་འདུག་སྒུལ་བསྐྱོད། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་ལ་སོགས་པ། གསང་བ་མཚན་བཅས་ཀྱི་རིམ་པ་ཕྱག་རྒྱ་དང་གར་ལ་སོགས་པ་བཏང་ནས། ལུས་ལྟ་སྟངས་ལས་མི་གཡོ་བར་བྱའོ། །ངག་གི་ཕྱི་འཁྲུལ་གཏམ་གླེང་བརྗོད། ནང་ཆོས་ཀྱི་གླེང་བརྗོད། གསང་བ་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་ངག་གི་བརྗོད་པ་ཐམས་ཅད་སྤངས་ལ། ཅི་ཡང་མི་བརྗོད་པར་ལྐུགས་པ་ལྟ་བུ་བྱའོ། །སེམས་ཀྱི་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས་སུ་འཕྲོ་བ། ནང་ཆོས་ཀྱི་བསམ་བློ་བཏང་བ། གསང་བ་ལྷ་ཡི་བསྐྱེད་རིམ་ལ་སོགས་པ་ཡིད་ལ་བྱེད་པའི་ཆོས་རྣམས་སྤངས་ལ། ཅི་ཡང་མི་རྟོག་པའི་ངང་ལས་མི་གཡོ་བར་བྱའོ། །མདོར་ན་སྙིང་པོ་དོན་གྱི་སྒྲུབ་པ་ལ་ཞུགས་ནས། སེམས་ཉིད་དོན་གྱི་ངོ་བོ་སྐྱོང་བ་ལས་སྐད་ཅིག་ཀྱང་མ་ཡེངས་མ་འཆུགས་པར་བྱས་ལ། ལྟ་སྒོམ་སྤྱོད་འབྲས་ཀྱི་རྩལ་གསུམ་རང་རྫོགས་སུ་འགྱུར་བ། ཉམས་ལེན་གནད་ཀྱི་དྲོད་རྟགས་ཐོབ་པ། ཚེ་འདིའི་འཁྲུལ་པ་ལ་སྐད་ཅིག་ཀྱང་མ་ཤོར་བ། དངོས་འཛིན་འཁྲུལ་པའི་རི་བོ་ཞིག་པ། གནས་ལུགས་དོན་གྱི་ཟད་སར་སྐྱོལ་བ་ཞིག་དགོས་པའོ། །དབེན་པར་འདུག་ནས་རིག་པ་དངས་སྙིགས་ཕྱེད་དུས། ཅི་ཡང་དྲན་ནས་ཅི་བྱེད་ལ་སྟོར་བ་འབྱུང་བས། འདུག་ཚུགས་པར་བྱས་ལ་བསྒྲུབ་དགོས། ད་རེས་ཀྱི་འདི་ལས་སྟབས་ལེགས་པ་མེད་པས། འཁོར་འདས་ཤན་འབྱེད་པའི་ས་མཚམས་སུ་བབས་པ་ལ་སྙིང་རུས་བསྐྱེད་ནས་ཉམས་ལེན་ལ་འབུངས་པ་གལ་ཆེ། འཇིག་རྟེན་གྱི་བྱ་བ། ཐུན་མོང་གི་ཆོས་སྤྱོད། ཐ་མལ་གྱི་སྣང་བ། གང་དང་ཅི་ཡང་རུང༌། ཆེ་བཞག །ཆུང་«བསྐྱུར«་ལ། དམ་བཅའ་བརྟན་པོ་བྱས་ཏེ་བསྒྲུབ་དགོས་སོ། །དེའང་བག་ཆགས་ངན་པས་སྒོམ་རྗེས་སུ་སྙེག་པས། སོ་སོ་སྔར་གང་བྱེད་ཀྱི་བྱ་བཞག །བཟོ་རིག་དང་ཡོན་ཏན། འཁོར་གཡོག་དང་ཟས་ནོར། གྲགས་པ་ལོ་འདོད་ལ་སོགས་པ་ཆོས་སྒྲུབ་པའི་བར་དུ་བཏང་བས། དྲན་པས་བཟུང་ལ། སྔར་ཇི་ཙམ་བྱས། སྤྱད། བསྐྱངས། བྱས་ཀྱང་སྙིང་པོ་མི་འདུག་པས། ད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཆོས་མིན་གྱི་ཕྱོགས་སུ་སྐད་ཅིག་ཀྱང་མ་སོང་བ་ཞིག་བྱ་བསམ་པའི་ཞེ་བཅད་ཆེན་པོས་སྙིང་རུས་བསྐྱེད་ལ་བསྒྲུབ་བོ། །ཕོ་མོ་གང་གིས་བསྒྲུབས་ཀྱང་སྙིང་རུས་ཆེ་བ་ཁོ་ན་གལ་ཆེའོ། ། འདི་རྣམས་ཆོས་མཐར་ཕྱིན་པར་བྱེད་པ་ལ་མེད་ཐབས་མེད་པའི་ཆིངས་ཡིན་པས། གཅིག་པུར་འདུག་ཚུག་པའི་ཉམས་ལེན་ལ་འབད་པ་གལ་ཆེའོ། །དོན་གཉིས་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ལ་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་རྣལ་འབྱོར་དུ་བྱའོ། །དང་པོ་ལ་གསུམ་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། མན་ངག་རི་བོ་ཅོག་བཞག» «།དགོངས་པ་ཁམས་གསུམ་ཡོངས་གྲོལ་ལོ། །དང་པོ་ནི། རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་བ་རང་བྱུང་གི་ཡེ་ཤེས་ཏེ། ངོ་བོ་གང་དུ་འང་མ་གྲུབ་པ། རང་བཞིན་གསལ་ལ་དག་པ། ཐུགས་རྗེ་ཅིར་ཡང་འཆར་བ་སྟེ། རིག་སྟོང་ཀ་དག་ཆེན་པོའི་དབྱིངས་ན། སྣང་སྲིད་འཁོར་འདས་ཐམས་ཅད་རོལ་པ་དང༌། རྒྱན་དང་རྩལ་ཙམ་དུ་རང་སྣང་རང་ཤར་རང་གྲོལ་བར་གནས་སོ། །དེ་ཡང་རིག་པའི་རང་གཟུགས་སྟོང་གསལ་ཟང་ཐལ་ཆེན་པོ་ཅིར་ཡང་མ་གྲུབ་པའི་ངང་ནས། ལྷུན་གྲུབ་འོད་ལྔའི་རྩལ་ལས། ཕྱི་ཡུལ་སྣང་ལུས་དང་བཅས་པར་གྲུབ་པས་རང་སྣང་གི་རྒྱན་དུ་ཤར། ཡེ་ཤེས་ཀྱི་རོལ་པར་ཤར། འགག་མེད་ཀྱི་རྩལ་དུ་ཤར་ཡང༌། སྣང་ལ་བདེན་པར་མ་གྲུབ་པ། །དཔེ་རྨི་ལམ་གྱི་སྣང་བ་ཡུལ་མེད་རང་སྣང་གི་རྩལ་དང་རྒྱན་དང༌། རོལ་པར་ཤར་བ་བཞིན་ནོ། །ཐུགས་རྗེ་རིག་པའི་རྩལ་ལས་ནང་སེམས་དང་སེམས་བྱུང་ཚོགས་བརྒྱད་ཀྱི་ཤེས་པར་གྲུབ་སྟེ། རིག་པའི་རྩལ་དུ་ཤར། ཐུགས་རྗེའི་རོལ་པར་ཤར། རང་བྱུང་གི་རྒྱན་དུ་ཤར་ཡང༌། རང་ངོ་བདེན་པར་མ་གྲུབ་པས། དཔེ་རྨི་ལམ་གྱི་ཤེས་པ་ལྟར་དུ་དེར་ཤར་ཡང་ཤར་ས་ནས་རང་གྲོལ། རང་དག །རང་ཡལ་བ། རང་ཤར་གྱི་རྩལ་དང་རྒྱན་དང་རོལ་པར་སྣང་བའོ། །དེའི་ཕྱིར་ཕྱིའི་ཡུལ། བར་ལུས། ནང་སེམས་དང་བཅས་པ་ཐམས་ཅད་གཞི་མེད་རང་སྣང་སྟོང་པའི་ཆོ་འཕྲུལ་ཙམ་དུ་ཤར་བ་ལས། བདེན་པ་དང༌། གྲུབ་པ་རྩྭའི་རྩེ་མོ་ཙམ་ཞིག་ཀྱང་མེད་དོ། །མི་བདེན་ལ་སྣང་བ་ནི། རིག་པའི་འཆར་ཚུལ་མ་འགགས་པ་ལས་རྩལ་དང་རྒྱན་དང་རོལ་པར་སྣང་སྟེ། ནོར་བུའི་ངོ་བོ་གང་དུའང་མ་ཆད་ལ། རྩལ་དང་རྒྱན་དང་རོལ་པར་འདོད་དགུ་འབྱུང་བ་ནི། ནོར་བུ་ལ་ཡོད་ཏན་ཆེ་བའི་བདག་ཉིད་རྫོགས་པ་ལས་སྣང་བ་བཞིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་དང་པོའང་རིག་པ་ལས་ཤར། ད་ལྟའང་རིག་ངོར་སྣང༌། མཐར་ཡང་རིག་པར་གྲོལ་བས། རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་རྣམ་པར་དག་པ་ཞེས་བྱ་སྟེ། རིག་པ་ལ་རིག་ལྔ་ཡོད་པས་ཕུང་པོ་ལྔར་ཤར། འོད་ལྔ་ཡོད་པས་འབྱུང་ལྔ་ཡུམ་དུ་ཤར། ཡེ་ཤེས་ལྔ་ཡོད་པས་ཉོན་མོངས་པ་ལྔར་ཤར་ཏེ། སྣང་བ་འཁྲུལ་བར་སྣང་ཡང༌། དོན་རྣམ་དག་ཏུ་གནས་ཏེ། མེད་པ་གསལ་སྣང་གི་རང་བཞིན་དུ་སངས་རྒྱས་པ་ནི། གཉིས་མེད་དོན་གྱི་ལྟ་བ་སྟེ། སེང་གེ་རྩལ་རྫོགས་ལས། ཉོན་མོངས་ལྔ་ལས་ཡེ་ཤེས་ལྔ། །ཡུལ་ལྔ་ལས་ནི་འོད་ལྔའི་སྐུ། །ཕུང་པོ་ལྔ་ལས་སངས་རྒྱས་ལྔ། །འབྱུང་བ་ལྔ་ལས་ཡུམ་ལྔར་རྟོགས། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང༌། །གཉིས་མེད་ལྟ་བའི་རང་ལུས་ཡིན། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རིགས་དང་རིགས་ཀྱི་བདག་པོར་གྲོལ། ཞེས་པ་དང༌། སྣོད་བཅུད་ཡེ་ནས་སྟོང་པ་སྟེ། དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་སོ། །གཉིས་པ་རི་བོ་ཅོག་བཞག་གི་མན་ངག་ནི། གང་སྣང་ཆོས་ཉིད་ཀྱི་རོལ་པར་རྟོགས་པས། བཟང་ངན་དབྱེ་བསལ་དང༌། ཡིན་མིན་གྱི་རྩིས་གདབ་མི་བྱ་བར། ཅོག་གཞག་རང་མལ་འགྱུར་མེད་དུས་བཟུང་སྟེ། ལྟ་བའི་རང་མལ་མཐོང་བས་ཡིད་དཔྱོད་བློ་ཡི་ཐེ་ཚོམ་དང་འགལ་འཁྲུལ་མེད་པར་ཐག་ཆོད་པས་བློ་བདེ་བ་རི་བོ་འཕོ་འགྱུར་མེད་པ་ལྟ་བུ་སྟེ། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། »།«ཡིད་དཔྱོད་ཚིག་གིས་འགྲུས་ས་མེད། །ཅེས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས་ཕྱི་ཆོས་ཅན་ལ་བལྟས་པས་སྣང་ལ་རང་བཞིན་མེད་པར་མཐོང༌། ནང་ཆོས་ཉིད་ལ་བལྟས་པས་སྟོང་པ་ངོས་བཟུང་མེད་པར་མཐོང༌། གསང་བ་རང་རིག་ལ་བལྟས་པས་སྟོང་གསལ་ཀ་ནས་དག་པར་མཐོང་སྟེ། ལྟ་བ་ལ་ཟློས། འཁྲུལ་གཞི་ཁུངས་རྡིབ། ཆོས་སྐུ་རང་མལ་ཟིན་པ་ཞེས་བྱའོ། །དེའང་ལྟ་ལུགས་ནི། དང་པོ་ཡུལ་དུ་ལམ་གྱིས་སྣང་དུས་ཆོས་ཅན་སྤྱི་ལ། ཤེས་རབ་ཀྱི་མིག་ཅོག་བཞག་གིས་ཤེས་པ་ཆེར་བལྟས་པས། མེད་ལ་སྣང་བ་དཔྱད་ར་ཞིག་པ་སྒྱུ་མ་འམ་རྨི་ལམ་གྱི་སྣང་བ་ལྟར་མཐོང་བས། འཁྲུལ་སྣང་དོན་ལ་མེད་པར་རྟོགས་པས་ཁམས་གསུམ་དུ་བཟློག་པ་མེད་པར་ཤེས་པ«ས་བློ་«བདེའོ། །དེ་ནས་ཡུལ་སོ་སོའི་བྱེ་བྲག་ལ་འདི་དང་འདིའོ་སྙམ་དུ་ངེས་དུས་ཆོས་ཅན་དུམ་བུ་པ་སྟེ། རྡོ་རྗེའི་མིག་གང་ཤེས་ཐད་ཀ་དེར་ཅོག་བཞག་ལ་བཏང་བས། ཡུལ་མེད་སྟོང་པའི་ཆོ་འཕྲུལ་དུ་མཐོང་བས། རིག་སྟོང་རང་སྣང་གི་རོལ་པར་རྟོགས་ཏེ། འཁྲུལ་འཛིན་ཡུལ་མེད་སྟོང་པར་མཐོང་བས་རིག་པ་ལ་ལས་དང་བག་ཆགས་མེད་པར་མཐོང་བས་«བླ»ོ«་བདེའོ། །རང་ཤར་ལས། ཆོས་ཅན་མཚན་མར་སྣང་བ་ལ། །མིག་དང་དབང་པོ་མ་འགགས་པས། ། སེམས་ཀྱི་ལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡིས། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་ངོ་བོ་ལ། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བ་འོ། །ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་གང་གོམས་ པ། །འདིས་ནི་སྣང་སྟོང་གཉིས་སུ་མེད། །ཅེས་སོ། །ནང་ཆོས་ཉིད་ནི་དེ་ལྟར་ཕྱི་ཡུལ་མེད་དུ་ཕྱམ་གྱིས་སོང་སྟེ། རྗེས་སྟོང་པར་རང་གནས་གཅིག་ཏུ་གནས་པ་སྟེ། བར་མེད་སྟོང་པའི་ངང་ལ་ཅེར་གྱིས་བལྟས་པས་མེད་པའང་མ་ཡིན་ཡུལ་སྣང་རྣམས་ཁྲ་ལམ་མེ། ཡོད་པའང་མ་ཡིན་ངོས་གཟུང་མེད་པར་སང་ངེ༌། ཕྱི་ནང་རིས་མེད་སྒྱུ་མ་རང་སྣང་དུ་རྟོགས་པས་གཟུང་འཛིན་ཞིག་པའི་རང་སྣང་ཆོས་ཟད་བློ་འདས་སུ་རྗེན་ནེ་བྱུང་སྟེ་ཆོས་སུ་འཛིན་པ་ཡལ་བའི་དུས་སོ། ། ཐལ་འགྱུར་ལས། ནང་ནི་ཆོས་ཉིད་ལ་བལྟས་པས། །ངོ་བོ་རང་བཞིན་སྒྱུ་མར་མཐོང༌། »།«ཞེས་སོ། །གསང་བ་རིག་པ་ལ་བལྟ་བ་ནི། དེ་ལྟར་འཇོག་བྱེད་ཀྱི་རིག་པ་རང་ངོ་ལ་ཆེར་གྱིས་བལྟས་པས། རྟེན་མེད་ཟང་ཁ། རྗེས་མེད་རང་ཡལ། ཕྱམ་ཕྱམ་རིས་མེད། འདི་ཡིན་འདི་མིན་གྱི་རྩིས་གདབ་མེད་པ་རང་གསལ་རྗེན་པར་སལ་ལེ་གཅིག་མཐོང་བས། དེ་ཁོ་ན་རང་བྱུང་གི་ཡེ་ཤེས་ཆོས་སྐུ་རང་མལ་དུ་གསལ་བ་ཞེས་བྱ་སྟེ། གསང་བ་རྒྱལ་པོའི་ལྟ་བ་ཆོས་ཉིད་མངོན་སུམ་གྱི་ཡེ་ཤེས། དབྱིངས་སྟོང་པའི་ངང་ན་རིག་པ་རང་གསལ་དུ་གནས་པས། དབྱིངས་རིག་འདུ་འབྲལ་མེད་པའི་དོན་ཏེ། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། »།«དབྱིངས་རིག་གཉིས་ལས་མ་འདས་སོ། །ཞེས་སོ། །དེ་ལྟར་ངོ་བོ་རིག་པའི་སྐུ་དེ་ཅོག་བཞག་རང་མལ་ལས་མ་གཡོས་པར་བཞག་དུས། གང་ཡངམ་སྤངས་པར་འཁོར་བའི་འཁྲུལ་པ་རང་སངས། ཅི་ཡང་མ་བསྒྲུབས་པར་མྱང་འདས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ། སྤང་«བླ«ང་དང་བྱ་རྩོལ་མེད་པར་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་ཏེ། ཁྱུང་ནམ་མཁར་ལྡིང་པའི་འགྲོས་ཀྱིས་ས་གཅོད་པ་ལྟར་འཁོར་འདས་ཀྱི་ས་གཅད་ནས། ཆོས་སྐུ་རང་བྱུང་གི་ཡེ་ཤེས་རང་ས་ཟིན་པར་བྱེད་དོ། །འདི་ནི་ལྟ་བའི་ཕྱི་རྒྱ་རླབས་ཀྱིས་གཅོད་པ་ཞེས་བྱ་སྟེ། དཔེར་ན་དབུས་ཀྱི་རི་བོ་མཆོག་རབ་ཀྱི་རྩེ་མོ་ནས་གླིང་བཞི་དུས་གཅིག་ལ་མཐོང་བ་ལྟར་རྫོགས་པ་ཆེན་པོའི་ངོས་ནས་བལྟས་པས་ཐེག་པ་རིམ་པ་དགུའི་ལྟ་དགོངས་ཐམས་ཅད་རང་ལུགས་སུ་མཐོང་ལ། ཐེག་པ་དགུས་འདིའི་དོན་མི་མཐོང་བས་རི་བོ་ཅོག་བཞག་གི་དགོངས་པ་ཞེས་བྱ་བ། མི་འགྱུར་བས་རིག་པ་རང་སོར་བཞག་པས་ཀྱང་རི་བོ་ཅོག་བཞག་གོ །འདི་ཉིད་རྟོགས་པས་ཕྱི་མ་ལ་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཕྱིར། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱའོ། །གསུམ་པ་ཁམས་གསུམ་ཡོངས་གྲོལ«་གྱི»་«ལྟ་བ་ནི། དེ་ལྟར་རྟོགས་ཐོག་ནས་རྩལ་སྦྱངས་པས། ལྟ་བ་རང་བྱུང་གི་ཡེ་ཤེས་ཀྱི་དོན་རང་ཐོག་ཏུ་ཕེབས་ཏེ། ཆོས་ཐམས་ཅད་ཡེ་ནས་གྲོལ་བས་བསྐྱར་ནས་མི་གྲོལ་མི་རྩོལ་མི་འབད་པར་ངང་གིས་རྟོགས་ཏེ། དགོངས་པ་ཆོས་ཉིད་ལས་མི་གཡོ་བས་ཁམས་གསུམ་ཡོངས་གྲོལ་ཞེས་བྱའོ། །དེའི་ཚེ་ཉོན་མོངས་པ་ནི་མ་སྤངས་ལ་མི་གནས་པར་རང་གནས་སུ་དག་སྟེ། མཁའ་ལ་སྤྲིན་དེངས་པའམ། ཆུའི་རྙོག་རང་སངས་པ་ལྟར་དག་སྟེ། དང་པོ་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མར་འཁྲུལ་མི་སྲིད་པའི་གནད་མངོན་དུ་གྱུར་པའོ། །འདིའི་དུས་ན་རྣལ་འབྱོར་པ་དེ་ལ་ཆོས་བོར་བ་ཞེས་བཏགས་ཏེ། ཆེད་དུ་ཡིད་ལ་བྱ་བའི་ཆོས་མེད་པའི་ཕྱིར་རོ། །དེ་ཡང་དགོ»ང«ས་པ་ཀློང་ཡངས་པས་ལྟ་བ་ལམ་དུ་བྱེད་པའི་རྣལ་འབྱོར་བསྟན་ཟིན་ཏོ། །དོན་གཉིས་པ་སྒོམ་པ་རྣལ་འབྱོར་དུ་བྱ་བ་ལ་གསུམ་སྟེ། སྒོམ་པ་ཉིན་མཚན་ཁ་སྦྱོར། མན་ངག་རྒྱལ་མཚོ་ཅོག་བཞག། དགོངས་པ་སྣང་སྲིད་གཞི་བཞག་གོ །དང་པོ་ནི། དུ་མ་བཤད་ཀྱང་བསམ་གཏན་གྱི་ཐུན་བཞིར་བསྡུས་ནས་བསླབ་པ་ལ། ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ། རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ། བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པའོ། །དང་པོ་ནི། བཅུད་ལེན་རྣམ་པ་སོ་སོའི་དམིགས་པ་དང་བཅས་པ་སྟེ། མཆོག་ཏུ་ཟབ་པ་དངུལ་ཆུ་དང༌། རླུང་གི་རྣལ་འབྱོར་ལས། དངུལ་ཆུ་ནི། རིལ་བུ་བརྟེན་ལ་དམིགས་པ་གཏུམ་མོའི་འབར་འཛག་ལས་ཏིང་ངེ་འཛིན་ཟས་སུ་ཟ་བའོ། །རླུང་གི་འབྱུང་བ་རྒྱུན་གཅོད་དེ། ལུས་ཙོག་པུར་འདུག་ལ། རླུང་རོ་ཕྱིར་ཕུལ་ནས། ཕོ་བར་ཡེ་ཤེས་ཀྱི་རླུང་བདུད་རྩིའི་དངས་མ་དཀར་དམར་ཆིལ་གྱིས་ཁེངས་པ་ལ་དམིགས་པ་གཏད་ལ་སྟེང་འོག་གི་རླུང་ཁ་སྦྱར་ཏེ་བཟུང༌། དལ་བུས་ཕྱིར་འཕངས། ནང་དུ་རྔུབ་དུས་བརྟན་གཡོའི་སྣོད་བཅུད་ཐམས་ཅད་དྭངས་མ་དཀར་དམར་གྱི་རྣམ་པ་སྣ་བུག་ནས་བྱུང་ནས་ལུས་ཁེངས་པ་ལ་སེམས་བཟུང་བས། བདེ་བ་གསལ་བ་མི་རྟོག་པའི་ཏིང་ངེ་འཛིན་ལྷུན་གྲུབ་ཏུ་སྐྱེས། ཟས་གོས་ཀྱི་ཞེན་པ་དང་བྲལ་ལོ། །ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཤིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། ། ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པ་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བ་གདུང་བ་ཆོད་པ་འོ། །ཞེས་སོ། །གོས་ཀྱི་ཞེན་པ་གཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ནི། ལུས་ཙོག་པུར་འདུག་ལ། ལྟེ་བ་ནས་རྃ་ནས་ཙམ་འབར་བས་རྩ་དབུ་མའི་ནང་ན་སྤྱི་བོའི་ཧྃ་ལ་རེག» «།དངས་མ་དམར་པོས་ལུས་བསྲེག །དཀར་པོ་བབས་པས་བདེ་བ་རྒྱས་པར་བསམས་ལ། རླུང་ལྟེ་བར་ཁ་སྦྱར། འོག་རླུང་དྲག་ཏུ་འཐེན་ལ་བཟུང༌། ཕྱིར་དལ་བུས་འཕངས་ཤིང༌། རྃ་གྱིས་མེ་དྲག་ཏུ་སྤར་བས་དྲོད་སྐྱེ། དངས་མས་བདེ་བ་སྐྱེ། གོས་ཀྱི་ཞེན་པ་དང་བྲལ་ལོ། །འདི་དག་གི་དུས་སུ་རླུང་ལ་ཤིས་པའི་ཁ་ཟས་དང༌། ཐིག་ལེ་འབར་འཛག་གི་རྟེན་འབྲེལ་བསྟུན་པར་བྱ་སྟེ། ཐལ་འགྱུར་ལས། གོས་ཀྱི་རྟེན་འབྲེལ་འདི་ལྟ་སྟེ། »།«རླུང་དང་རྟེན་འབྲེལ་ཟབ་མོས་བྱ། ། རླུང་གིས་འཕེན་ཞིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། ། དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་བྱེད། ། ཅེས་སོ། །རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ནི། སྔོན་འགྲོ་དངོས་གཞི་གཉིས་ལས། སྔོན་འགྲོ་ནི། ཉི་མ་འགར་དལ་བར་བྱས་ལ། སེམས་ཀྱི་བྱུང་ཚོར་ཅི་འགྱུ་ཐམས་ཅད་མ་ཡེངས་པར་ངོས་བཟུང་བས། རྨི་ལམ་གསལ་བར་འགྱུར་ཏེ། སྔར་ཞེན་གྱི་བག་ཆགས་ཤས་ཆེར་རྨི་ན། བསྒྱུར་དཀའ་སླ་འབྲིང་པོ། ད་ལྟའི་ཤས་ཆེར་རྨི་ན་ཤིན་ཏུ་སླ་བ། སྔར་མ་ཕྱིན་པའི་ཡུལ་དང་སྣང་བ་ཤས་ཆེར་རྨི་ན་དཀའ་བ། དེ་གསུམ་འདྲེས་མར་རྨི་ན་ཤིན་ཏུ་དགའ་བ་ཡིན་པས་ཉིན་དུས་འདུན་པ་དེ་དང་མཚུངས་པས་བསྟུན་པ་གཅེས་སོ། །དངོས་གཞི་ལ། སྦྱང་བ། བསྒྱུར་བ། བཅད་པ། གནད་ཀྱི་མན་ངག་དང་བཞི་ལས། སྦྱང་བ་ནི། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་དངོས་སུ་བསྒོམས་ཞིང༌། ངག་ཏུའང་རྨི་ལམ་ཡིན་སྒྱུ་མ་ཡིན་ཞེས་བརྗོད་པས། རྨི་ལམ་དུ་རྨི་ལམ་ཟིན་ངེས་སོ། །ཟིན་ལུགས་གཉིས་ཏེ། འཇམ་ཟིན་དང༌། རྩུབ་ཟིན་ནོ། །འཇམ་ཟིན་ནི། རྐྱེན་ལ་མ་ལྟོས་པར་རྨི་ལམ་ཟིན་པའོ། །རྩུབ་ཟིན་ནི། གཡང་ངམ། ཁྱི་འམ། དགྲ་འམ། ཆུ་ལ་སོགས་པའི་དངངས་སྐྲག་གཅིག་གིས་རྐྱེན་བྱས་པས། རྨི་ལམ་དུ་འདུག་སྙམ་དུ་ཟིན་པའོ། །དེ་ནས་རྨི་ལམ་ཡིན་གང་ཡང་མི་བདེན་ནོ་སྙམ་པ་བདེན་མེད་དང༌། འཛིན་མེད་དང༌། སྟོང་པར་ལམ་ལམ་ཤར་ཤར་སྦྱང་ངོ༌། །བསྒྱུར་བ་ནི། ཉིན་པར་མེ་ལོང་དུ་ལྷ་སྐུའི་གཟུགས་བརྙན་འཆར་དུ་བཅུག་ལ། སྣང་བ་ཐམས་ཅད་ལྷ་སྐུར་བསྒྱུར་བ་དང། དེ་བཞིན་དུ་མགོ་དང་ལག་པ་དང༌། རྐང་པ་ཡོ་བྱད་ཀྱི་རྣམ་པ་སྤོས་པའི་གཟུགས་བརྙན་ཤར་བས་དཔེ་བསྒྱུར་ལ། སེམས་ཀྱི་རོལ་པར་བསྒྱུར་ཏེ། གཅིག་ལས་མང་པོར་བསྒྱུར། མང་པོ་གཅིག་ཏུ་བསྒྱུར། སེམས་ཅན་དང་ལྷ་སྐུ་ལ་སོགས་སྤྲུལ་བསྒྱུར་དུ་མ་བྱས་ལ། བདེན་མེད་རྨི་ལམ་སྒྱུ་མར་རྩལ་བསྒྱུར་ཞིང༌། དགག་སྒྲུབ་དང་ཆགས་སྡང་དང༌། ཆོས་བརྒྱད་ཐམས་ཅད་མགོ་སྙོམས་སུ་བདེན་མེད་སྟོང་པར་བསྒྱུར་རོ། །བཅད་པ་ནི། ཕྱི་ནང་བཅད། སྟོང་པ་ཟང་ཀར་ཐག་བཅད། ནང་རིག་པ་གཞི་མེད་སྟོང་པར་ལ་བཟླ་ཞིང༌། ཡིད་ལ་མི་བྱེད་པའི་ངང་ལ་བསྒོམས་པས། རྨི་ལམ་ཇེ་ཆུང་ལས་མཐའ་གཏན་ནས་ཆད་ཅིང་འགག་པའོ། །གནད་ཀྱི་མན་ངག་ལ། དཀྲུགས། གཅུད། བོར། བསྐྱིལ། བཟློག་པ་དང་ལྔ་ལས། འདུན་པས་རྩལ་སྣང་དཀྲུགས་པ་ནི། ཉིན་དུས་སྐད་ཅིག་ཀྱང་མ་ཡེངས་པར་རྨི་ལམ་གྱི་སྣང་བ་དཀྲུགས་ཤིང༌། རླུང་སེམས་དཀྲུགས་ལ་རིང་དུ་འཕངས་དལ་བར་གཟུང༌། དྲག་ཏུ་བསྡམས་པས་རྨི་ལམ་ལྷོངས་ཏེ། ཟིན་པར་སླ་བའི་གནད་དོ། །ལུས་གནད་གཅུན་པ་ནི། སེང་གེའི་ཉལ་ལུགས་གཅུན་པས་རླུང་སེམས་གཅུད་ལ་འབོར་བར་ནུས་པས། རྨི་ལམ་བསྒྱུར་སྦྱོང་སླ་བའི་གནད་དོ། །གནད་ལ་བོར་བ་ནི། མ་ཟིན་ན་སྙིང་ནང་དུ་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་དམར་པོ་ལ་སེམས་གཏད་དོ། ། ཡང་མགྲིན་པར་གཏད་ལ་དེའི་ངང་དུ་ཉལ་བས་ངེས་པར་རླུང་སེམས་གནད་ལ་ཐེབས་སོ། །མིག་མ་བཙུམ་པས་རྨི་ལམ་གསལ་དྭངས་ཕྱེད་པའི་གནད་ དོ། །བསྐྱིལ་བ་ནི། ལུང་དལ་བུས་ནང་དུ་བཟུང་ལ་རྨི་ལམ་དྭངས་ལ། བསྒྱུར་འགག་བཏུབ་པའི་གནད་དོ། །བཟློག་པ་ནི། ཉལ་དུས་གངཡང་ཡིད་ལ་མི་བྱེད་པར་རྟོག་མེད་དུ་མ་ཡེངས་པས་རྨི་ལམ་ཆད་པའི་གནད་དོ། །འདི་དག་རང་གནད་གལ་པོ་ཆེར་བཀོད་པའོ། །དེ་ལྟར་བསྒོམས་པས་རྨི་ལམ་ཐོག་མར་མང་བ་ལ། བརྩོན་འགྲུས་རབ་ལ་བརྗེད་ངས་ཏེ་འགག» «།འབྲིང་ལ་ཉུང་ལ་གསལ། ཐ་མ་ལ་བག་ཆགས་བཟང་པོར་གནས་འགྱུར་བ། སངས་རྒྱས་ཀྱི་ཞིང་ཁམས་དག་པར་ཕྱིན་པ་དང༌། སྔར་མ་མཐོང་བའི་བྱ་དང་ཤིང་དང་ཡུལ་ལ་སོགས་པ་ངོ་མཚར་ཅན་མཐོང་བ་དང༌། དཀྱིལ་འཁོར་བྲི་བ་དང༌། བྲིས་པ་མཐོང་བ་ལ་སོགས་པ་རྨིའོ། །དེའང་སེམས་རང་གནས་སུ་སོང༌། རྟོག་པ་ཉུང་ངུར་སོང་བ་དང་རྨི་ལམ་ཡང་ཇེ་ཉུང་ཇེ་གསལ་དུ་གནས་པ་ཡིན་ཏེ། ཉིན་མོའི་སེམས་འདི་ཀ་བཙན་ཐབས་སུ་གཉིད་པས་རྨི་ལམ་དུ་ཤར་བ་ལས་གཞན་ནི་མེད་དོ། །དེ་ཡང་རིག་པ་ལ་སྣང་བ་མི་འགགས་པས་ཉིན་དུས་སྒོ་ལྔ་མཚན་དུས་ཡིད་ཆོས་ལ་སྣང་བ་གཉིས་དང༌། གཞན་ཡང་འཁོར་བ་དང་འདས་པའི་སྣང་བ་ཐམས་ཅད་གཅིག་ཡོང་དུས་གཅིག་སངས་པ་ལྟར་གནས་པ་ནི། རང་སྣང་འགག་མེད་དུ་ཤར་བའི་གནད་ལས་བྱུང་བའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། »།« རྟགས་དང་ཟིལ་གྱིས་མནན་པ་དང༌། »།«བག་ཆགས་གསུམ་པོ་ངོས་བཟུང་བྱ། ། དེ་ནས་གནད་ལ་འབེབས་དུས་སུ།།སྦྱང་དང་བསྒྱུར་དང་བཅད་པ་དང༌།།» «དཀྲུགས་དང་གཅུད་དང་གནད་ལ་དབབ། །བསྐྱིལ་བཟློག་ལས་ཀྱི་གནས་བྱས་པས། །ལས་ཀྱི་རྨི་ལམ་མཐར་ཟད་ཏེ། །བག་ཆགས་འཁྲུལ་པ་དྲུང་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། »།«རབ་ལ་ཆད་དང་འབྲིང་ལ་» «ཤེས།» «།ཐ་མ་འགྱུར་བར་ངེས་པ་སྟེ། »།«འདི་དག་རྨི་ལམ་ཐོག་མར་མང༌། །རབ་ལ་བརྗེད་ངས་ཐ་མ་འགག» «།འབྲིང་ལ་ཤིན་ཏུ་གསལ་བ་དང༌། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱིས་ཚད་ལ་ཕེབས། །ཞེས་སོ། །བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། འོད་གསལ་དང་སྒྱུ་ལུས་གཉིས་ལས། འོད་གསལ་སྒོམ་པ་ནི། ཉིན་དུས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ། སྙིང་གར་འོད་ལྔའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་བས། དང་པོ་དམིགས་པ་འོད་ལྔར་གསལ་བ་ལས། དངོས་གཞི་དེ་ཡང་མེད་པར་རྟོག་མེད་སྟོང་གསལ་དུ་ཕྱམ་གྱིས་འཆར་ཏེ། དེ་ཉིད་སྒོམ་པ་ལས་ནམ་མཁའ་འོད་དང་ཐིག་ལེ་མང་པོ་སྣང་ཞིང་གསལ་སྟོང་གི་ཏིང་འཛིན་སྐྱེའོ།། མཚན་དུས་སུ་སེང་གེའི་ཉལ་ལུགས་བྱས་ལ་གཉིད་དང་རྨི་ལམ་གྱི་མཚམས་སུ་རྣམ་རྟོག་མེད་པ་རང་གནས་ཀྱི་རིག་པ་དར་ཅིག་ཤར་བ་སྟེ། རྟོག་མེད་ཀྱི་འོད་གསལ་རྟག་ཏུ་ཡོད་པ་ངོས་བཟུང་ལ་ཉལ་བས། རྨི་ལམ་འོད་གསལ་དུ་ནུབ་སྟེ། ཤེས་པ་སྟོང་གསལ་གྱི་རང་གདངས་མ་ཞིག་པ། ཉེ་འཁོར་གྱི་སྣང་བ་མ་འགགས་པ་མཐོང་བ། གཉིད་སད་རྒྱུ་ཡོད་པ། མ་རྨུགས་པར་སིང་ངེ་བ་འབྱུང་ངོ༌། །དེའང་རིག་པ་སྟོང་གསལ་དེ་ཉིད་གཞིའི་འོད་གསལ་ཡིན་ལ། ངང་ལ་གནས་པ་དེ་ཉིད་ལམ་གྱི་འོད་གསལ་ལ། མཐར་ཐུག་གི་ཆོས་སྐུ་འབྲས་བུའི་འོད་གསལ་ཏེ། རང་རིག་ཐིག་ལེ་ཉག་ཅིག་ལ་སྔ་ཕྱི་འཕོ་འགྱུར་མེད་དོ། །ཐལ་འགྱུར་ལས། གཉིད་ཀྱི་བསམ་གཏན་ལ་སྦྱངས་ནས། །» «འབྱོངས་པས་ཉིན་དང་མཚན་མེད་པར། །ཕྱི་རོལ་སྣང་བ་གསལ་བ་དང༌། །» «འདིས་ནི་འོད་གསལ་ཆེན་པོ་འགྲུབ། »།«ཅེས་སོ། །དེའང་བྱང་ཆུབ་ཀྱི་སེམས་རང་གསལ་དུ་གནས་དུས། འཁོར་བའི་སེམས་ཀུན་ཏུ་རྟོག་པའི་དྲི་མ་མེད་དེ། རང་བཞིན་སྟོང་གསལ་གྱི་ངང་གདངས་ཆོས་ཉིད་དོན་གྱི་དབྱིངས་སུ་གསལ་བའི་ཕྱིར་རོ།།ཡུམ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ་ལགས་སོ། །ཞེས་སོ། །སྒྱུ་ལུས་ནི། ཕྱི་ཡུལ་སྣང་ཐམས་ཅད་སྒྱུ་མའི་སྣང་བ། ནང་རང་གི་ལུས་སེམས་ཀྱང་སྒྱུ་མའི་སྣང་བ། ཅི་སྣང་ཅི་ཤར་ཐམས་ཅད་ཟང་ཐལ་ཆུའི་ཟླ་བ་ལྟ་བུུ་ར་རི་འལ་འོལ་སྣང་ལ་རང་བཞིན་མེད་པར་བསྒོམ་སྟེ། དང་པོའང་ཡེ་ཤེས་ཀྱི་འོད་ལ་བག་ཆགས་པས་སྣང་ལ། ད་ལྟའང་འབྱུང་ལྔ་ལུས་དང་ཡུལ་སྣང་ཐམས་ཅད་རང་སྣང་རང་གྲོལ་དུ་གསལ་ཞིང༌། མཐར་ཡང་འོད་གསལ་སྒྱུ་མར་དག་དགོས་པས་གང་སྣང་མར་མེའི་གྲིབ་མ་ལྟར་སྒོམ་ཞིང༌། བདེན་མེད་ཀྱི་སྣང་བ་འཛིན་མེད་དུ་སྦྱངས་ཏེ། ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ཏུ་སྦྱང༌། །དེ་ཉིད་འབྱོངས་པའི་ལུས་ཉིད་ཀྱང༌།།གྲིབ་མའི་རྣམ་པ་ལྟ་བུར་གྱུར། །དེ་ནས་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། ད་ལྟ་ཐམས་ཅད་རང་སྣང་སྒྱུ་མར་སྦྱངས་པས། གང་ལའང་འཛིན་ཞེན་མེད་པ་དང༌། ལུས་ལ་གྲིབ་མ་མེད་པ་དང༌། བར་དོར་ཡེ་ཤེས་སྒྱུ་མ་མངོན་དུ་གྱུར་ཏེ་གྲོལ་བའི་དགོས་པ་ཡོད་དོ། །» «འདིའི་གདམས་ངག་ལ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། སྙིང་ག་ན་འོད་ཀྱི་གོང་བུ་ལས་ཡར་འཕྲོས། དུང་ཁང་ན་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཕོག་པ་ལས། འོད་ཡར་འཕྲོ་མར་འཕྲོར་སྦྱངས་ལ་སེམས་བཟུང༌། དེ་ནས་ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ་སྙིང་ནང་གི་འོད་གཅིག་པུ་ལ་སེམས་གཏད། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ་ལ། ལུས་སེང་གེའི་འགྱིང་ཚུགས་སུ་འདུག་པའི་སྨིན་མཚམས་ནས་གཞུ་གང་གི་ནམ་མཁའ་ལ་ཨ་དཀར་པོ་ལྷིང་ངེ་བ་གཅིག་ལ་སེམས་བཟུང་བས་སྟོང་གསལ་དུ་འཆར་རོ། །ཉིན་པར་སྣང་བ་རྒྱ་ཡིས་བཏབ་པ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་འདུན་པ་སྦྱང་ངོ༌། །གནད་འདི་བཞི་ནི། རྨྀ་ལམ། སྒྱུ་ལུས། འོད་གསལ། གསུམ་འཛོམ་སྦྱོང་བ་གཅེས་སོ། དེ་ཐམས་ཅད་ཀྱི་སྐབས་སུ། ཡོད་པ་ཆེད་དུ་མི་སྤང༌། མེད་པ་ཆེད་དུ་མི་བསྒྲུབ། །» «ཡོད་པ་ལ་མངོན་པར་མི་ཞེན། །མེད་པ་ལ་འདོད་བློས་མི་བསྒྲུབ། འདས་པའི་རྗེས་མི་གཅད། །མ་འོངས་པའི་སྔུན་མི་བསུ། །ད་ལྟར་གྱི་བག་ཆགས་གཉེན་པོ་རང་རྒྱུད་པ་མ་བརྟེན་པས། སྣང་བ་སྣང་ས་ནས་གྲོལ། དངོས་པོར་འཛིན་པ་དག །འགྱུ་བ་འགྱུ་ཐོག་ནས་གྲོལ། རང་ཡལ་རྗེས་མེད། སྣང་ཤེས་གཉིས་མེད་དུ་གྲོལ། ཆུ་ལ་ཆུ་ཐིམ་པ་ལྟར་དུ་ཐ་«དད་«རིས་དང་བྲལ། བདག་ཏུ་ལྟ་བའི་ཡུལ་ལས་འདས་པས། བག་ཆགས་འཁྲུལ་པའི་རྩ་བ་དག་པའི་རྣལ་འབྱོར་ལ་གནས་པ་ཞེས་བྱ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་གཅོད། མ་འོངས་པའི་སྔུན་མ་བསླང༌།» «ད་ལྟའི་ཤེས་པ་སོ་མ་ལ་བཞག་ནས། སྔ་ཕྱི་མེད་པར་འདྲེས་ནས། གཅིག་འདུས་ངོ་བོ་ཉིད་ཅེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་རྟོགས་པའི་རྣལ་འབྱོར་རོ། །ཞེས་སོ། །གཞན་ཡང་དམིགས་པ་རྟ«ེན»་«ཅན་ལ་བསླབ་པ་དང༌། རྟེན་མེད་ལ་བསླབ་པ་གཉིས་ལས། རྟེན་ཅན་ནི་གཟུགས་སྒྲ་དྲི་རོ་རེག་གི་ཡུལ་ལ་སེམས་མདུང་ཚུགས་སུ་གཏད་པས། རང་གནས་མི་རྟོག་པའི་ཏིང་ངེ་འཛིན་འགྲུབ་སྟེ། ཐལ་འགྱུར་ལས། མིག་གཟུགས་སྒྲ་དང་དྲི་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིངས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་ནི་རྣམ་པ་སྣ་ཚོགས་པའོ། །སྒྲ་ནི་པི་ཝཾ་བུམ་ལྡིར་དང༌། »།«རྒྱུད་མངས་རྫ་རྔ་གླིང་བུ་དང༌། ། ཕེད་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང༌། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བས་སོ། །རིག་ནི་མཁས་པས་ཁྲི་སྟེང་འདུག །བཞུ་བསྣོལ་བ་ཡི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་ པ་འོ། །ཞེས་སོ། །ཤིང་ལོ་འགའ་ཞིག་རྒྱ་གར་གྱི་ནགས་ན་ཡོང་བ་ལུས་ལ་རེག་པས་ཏིང་ངེ་འཛིན་སྐྱེ་འོ་ཞེས་སྔོན་རབས་ཀྱི་བླ་མ་དག་བཞེད་ཀྱང༌། ངེས་པའི་དོན་དུ་བྱས་ན། ཕྱག་རྒྱ་མཚན་དང་ལྡན་པའི་རྩ་འདབ་འཕྲད་པ་དེ། བདེ་སྟོང་མི་རྟོག་པའི་ཡེ་ཤེས་དངོས་འཆར་བའོ། །དེ་ཡང་རྩ་རླུང་ཐིག་ལེ་ལས་སུ་རུང་བའི་བདེ་བ་ཆེན་པོ་ནི།» «ཐིག་ལེ་དངས་མའི་ཀློང་དུ་ཡེ་ཤེས་སྦ་ཞེས་བྱ་སྟེ། ཀུན་རྫོབ་ཀྱི་ཐིག་ལེ་དབབ་པ། རྡོ་རྗེའི་བུམ་པར་གཟུང་བ། རང་གནས་སུ་བཟློག་པ། རྩ་ལ་དགྲམ་པ། རླུང་དང་བསྲེ་བ། སྟོང་ཉིད་དུ་བསྐྱལ་བ། ལུས་སེམས་གོ་བཟློག་པའི་ཐབས་རྣམས་ལག་ཁྲིད་ལྟར་བྱ་སྟེ། དེ་ཉིད་ལས། རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡིས། །རིག་མ་མཚན་ཉིད་རྫོགས་པ་ནི། །དགུག་པའི་སྦྱོར་བ་ངེས་བརྩམས་ནས། །བརྟེན་བྱ་ཉིད་དང་རྩ་རྣམས་དང༌། །དམིགས་པ་དག་གི་ལུས་རྫོགས་བྱ། །དེ་ནས་ཀུན་རྫོབ་ཐིག་ལེ་ཉིད། །དབབ་ཅིང་གཟུང་དང་བཟློག་པ་དང༌། །རྩ་ལ་གདབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བྱ་ཞིང་བློ་རྗེས་བཅད། །ལུས་དང་སེམས་གཉིས་གོ་ལོག་བྱ། །ཞེས་སོ། །འདིའི་ལག་ཁྲིད་རླུང་དང་ཆགས་པའི་པྲ་ཁྲིད་དུ་གསུངས་པ་བཞིན་ནོ། །དམིགས་པ་རྟེན་མེད་ལ་བསླབ་པ་ལ། ཉེར་གཅིག་གསུངས་ཀྱང་བདུན་དུ་འདུ་བས། དེའི་སྒོམ་ཚུལ་དང་པོ་མཚན་མ་ཨ་དཀར་ལ་སེམས་བཟུང་བ་ནི། བླ་མའི་རྣལ་འབྱོར་གྱི་རྗེས་ལ། རང་གི་སྣ་རྩེར་ཨ་དཀར་པོ་གཅིག་བསམས་ལ། རླུང་ཕར་སོང་དུས་ཨ་ཡང་ཇེ་རིང་དུ་སོང༌། ཚུར་རྔུབ་དུས་ཨ་ཡང་བྱུང་ནས་སྔར་ཤུར་དུ་གནས་པ་ལ་སེམས་སྦྱོང་ཚ་བ་ཤས་ཆེ་ན་ཨ་དེ་གྲང་རེག་ཏུ་བསྒོམ། གྲང་ཤས་ཆེ་ན་ཚ་རེག་ཏུ་བསྒོམས་པས། སྐྱེ་མེད་བསམ་ཡུལ་ལས་འདས་པའི་ཉམས་འཆར་རོ། །སྒོམ་ཚུལ་གཉིས་པ་བར་ཆད་སེལ་བའི་ཡི་གེ་ཕཊ་ལ་སེམས་བཟུང་བ་ནི། ལུས་སེམས་དར་ཅིག་ཀློད་ལ། ཤེས་པ་ཡེངས་པའི་མཚམས་སུ་ཕཊ་དྲག་པོ་ཐུང་བ་བརྗོད་པས། སྔ་ཕྱི་ད་ལྟའི་དྲན་རྟོག་གིས་མ་བསླད་པའི་རིག་པ་གསལ་དངས་ཕྱེད་པ་འཆར་བས། དེ་ཆོས་སྐུར་ངོས་བཟུང་ལ་བསྒོམ་མོ། །དེ་ལྟར་ཕཊ་ཀྱིས་ཉམས་སུ་བླངས་པས་རང་བཞིན་ཡོངས་སུ་དག་པའི་ཏིང་ངེ་འཛིན་སྐྱེའོ། །གསུམ་པ་ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་བཟུང་བ་ནི། ཧ་དྲག་ལ་ཐུང་བ་བརྗོད་ལ། སྔར་བཞིན་གཟུང་འཛིན་སྤྲོས་པ་དང་བྲལ་བའི་དོན་རྒྱུད་ལ་སྐྱེའོ། །བཞི་པ་ལྷ་མ་ཡིན་རྩོད་པ་བྱེད་པ་ལ་སེམས་བཟུང་བ་ནི། ཕྱོགས་མཐོ་སར་ཙོག་པུར་འདུག་ལ། ལྟེ་བར་རྃ་ལ་སེམས་གཏད་ལ། ལུས་སྒུལ་བསྐྱོད་བྱ། མགོ་དལ་བུས་སྒྲིལ། དེ་ནས་ཇེ་དྲག་ལ་སྒྲིལ་བས། ཇི་ཞིག་ན་སྣང་བ་ཐམས་ཅད་དམར་ལམ་ལམ། སེར་ལྡེང་ལྡེང༌། སྔོ་གྱ་གྱུར་སོང་བ་ལས། སང་སེང་དང་ཁྲལ་ཁྲོལ་ལས། ཅིར་ཡང་མ་གྲུབ་པར་རང་འགག་ལ་འགྲོ་སྟེ། མཐོང་སྣང་རང་སར་གྲོལ་བའི་ཉམས་སྐྱེའོ། །ལྔ་པ་ཡི་གེ་ཧཱུྃ་ལ་སེམས་བཟུང་བ་ནི། ཧཱུྃ་རིང་པོ་དབྱངས་དང་བཅས་བརྗོད་དུས།» «སེམས་སྟོང་གསལ་དུ་རང་གནས་པའི་ཉམས་སྐྱེའོ། །དྲུག་པ་སྟོང་ཉིད་རིམ་གྱིས་པ་ལ་སེམས་གཟུང་བ་ནི། དང་པོར་ལུས་ཀྱི་བྱེ་བྲག་སོ་སོར་གསིལ། མིང་དུ་མས་གཞིག་མགོ་གཅིག་པུ་ལ་ཡང་མིང་དོན་ཆ་ཤས་མང་པོ་བཏགས་པས་ཅིར་ཡང་མ་གྲུབ་པ་བཞིན་དུ། ཕྱི་སྣང་བའང་གཞིག་པས་ཆོས་ཐམས་ཅད་མིང་ཙམ། མིང་བཏགས་པ་ཙམ་ལས་དོན་ལ་མེད་པར་རྟོགས་པའི་ངང་ལ་གློད་ནས་བཞག་པས། སྟོང་ཉིད་བསམ་ངོ་དང་བྲལ་བའི་ཉམས་སྐྱེའོ། །བདུན་པ་སྟོང་ཉིད་ཅིག་ཅར་ལ་སེམས་གཟུང་བ་ནི། ཅི་སྣང་དེ་རང་ཡལ་དུ་སངས་སངས་བསྒོམས་པས། དང་པོ་སྣང༌། གཉིས་པ་སྟོང༌། གསུམ་པ་གང་དུ་འང་མ་གྲུབ་པའི་ཉམས་འཆར་རོ། །འདི་དག་ཐམས་ཅད་བསླབ་དགོས་པ་མ་ཡིན། གང་མོས་ལ་སེམས་གཟུངས་བས་ཐབས་ཀྱི་ཡན་ལག་ཏུ་བཤད་པའོ། །ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་དག །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡིས་ངག་གི་དྲི་མ་དག །རྃ་ལ་སེམས་ནི་སུས་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱང༌། །ཡི་གེ་ཧ་ལ་སེམས་གཏད་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡིས་ལུས་ངག་གནོད་པ་སྤང༌། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་བཟློག །སྟོང་ཉིད་ཧད་པོར་སུས་བསྒོམ་པ། །དྲན་པ་རྣམསས་ནི་ཅིག་ཆར་སྟོང༌། །ཞེས་སོ། །དེ་དག་ལ་ལྷ་དང་མིའི་སེམས་འཛིན་ཞེས་བཤད་དོ། །ལས་དང་པོ་པ་དམིགས་པ་ལ་སེམས་འཛིན་དུས། ལྷ་དང་མིའི་སེམས་འཛིན་ནོ། ། ཏིང་ངེ་འཛིན་སྐྱེས་པའི་ངང་ལ་སྒོམ་དུས་བྱང་ཆུབ་སེམས་དཔའི་བསམ་གཏན་ནོ། །བརྟན་པ་ཀློང་དུ་གྱུར་དུས་བདེ་བར་གཤེགས་པའི་དགོངས་པའོ། །འདི་དག་ན«ི་སྔ་ཕྱ«ིའི་རིམ་པས་ཆ་ལ་བཏགས་ཏེ། དོན་སེམས་འཛིན་ཀློང་དུ་གྱུར་ན་དགོངས་པ་རང་གནས་སུ་གཅིག་པའོ། །ཕལ་གྱིས་སོ་སོར་ཕྱེ་ཡང་དོན་ལ་མ་འབྲེལ་བས། འདི་ཁོ་ནའོ། །གཉིས་པ་མན་ངག་རྒྱ་མཚོ་ཅོག་བཞག་ནི་མི་སྒོམ་ན་ཕར་ཞོག །སྒོམ་ཚད་ལ་མིག་མི་འཛུམ་པར་བལྟ་བ་གནད་ཡིན། དེ་ཡང་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཆུའི་སྒྲོན་མ་ལ་ཟུག་པས། ཤེས་པ་མིག་ལ་གཏད་དུས། གསལ་བ་ཟང་ཐལ་ཆེན་པོའི་གདངས་འཆར་བའི་ཕྱིར་རོ། །མིག་རྒྱ་མཚོར་བཞག་སྟེ། སྣང་བའི་གཟུགས་བརྙན་ཆུ་ནང་དུ་ཤར་བའི་ཉམས་ལྟར་གསལ་བ་དེ་རང་དངས་སུ་འཇོག་པ་དེ་གནད་གལ་པོ་ཆེའོ། །དཔེར་ན་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་གཟུགས་བརྙན་བཀྲ་སལ་ལེ་བ་སྣང་ཡང༌། རྒྱ་མཚོ་ལས་མ་གཡོས་པས་སྣང་ཡུལ་དུ་ཡོད་ལ། གཟུང་ཡུལ་དུ་མེད་པ་ལྟར། མིག་གིས་ཧྲིག་གེ་ཤེས་པ་སང་ངེ་བལྟས་དུས་ཕྱིའི་སྣང་བ་རྣམས་མ་འགག་པར་སྣང་ཡང་ཤེས་པ་སྣང་ཐོག་ཏུ་མ་ཤོར་བར་རྟོག་མེད་རང་གསལ་དུ་སལ་ལེ། སྣང་བས་ཤེས་པ་མ་བསླད། ཤེས་པས་སྣང་བ་ལ་མ་བཟུང༌། སྣང་ཤེས་འབྲེལ་མེད་དུ་ཕར་ཆད་ཚུར་ཆད་ལ་ཕྱམ་མེ་རང་གསལ་དུ་གནས་པ་ནི། སྒོམ་པའི་མན་ངག་རྒྱ་མཚོ་ཅོག་བཞག་སྟེ། ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་བཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུ་ཡེ་ཤེས་བསམ་པ་ཀུན་སྤང་སྟེ། །འགྱུ་བྱེད་མེད་ན་སྒོམ་པའི་རྒྱལ་པོ་མཆོག །དམིགས་པ་ཕྱོགས་དག་མི་འཛིན་ན། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །འཛིན་བྱེད་གསལ་ཆ་མ་འགག་ གསལ། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །སྒོམ་དུས་ཚོགས་དྲུག་གི་སྣང་བ་འགགས་ན། ཉན་ཐོས་འགོག་པའི་སྒོམ་དུ་གོལ་བ་ཡིན་ནོ། ། གསལ་བ་རིས་ཅན་དུ་འཛིན་ན་བསམ་གཏན་ལྷའི་སྒོམ་པར་གོལ་བ་ཡིན་ནོ། ། སྟོང་པ་ཕྱལ་ཆད་དུ་སོང་ན་མུ་སྟེགས་ཆད་པའི་སྒོམ་དུ་གོལ་བ་ཡིན་ནོ། །བདེ་བར་སེམས་ཆགས་སུ་སོང་ན་འདོད་ལྷ་ཡིད་ཀྱི་སྒོམ་པར་གོལ་བ་ཡིན་ནོ། ། བཏང་སྙོམས་ལྟེངས་པོར་སོང་ན་གཏི་མུག་སེམས་ཆགས་ཀྱི་སྒོམ་པར་གོལ་བ་ཡིན་ནོ། །གུད་ཆ་རང་བདེར་ཞེན་ན་འདོད་པ་རང་སའི་ཤེས་པར་གོལ་བ་ཡིན་ནོ། །དེ་ཐམས་ཅད་ནི་མཐར་འཛིན་གྱི་དྲི་མས་གོལ་བ་ཡིན་ཏེ། ཐལ་འགྱུར་ལས། རིས་ཅན་གསལ་བ་མ་ཡིན་དང༌། །གུད་ཆ་སྟོང་པར་མ་སོང་དང༌།།བདེ་བ་རྒྱུན་ཆགས་མ་ཡིན་དང༌། །བཏང་སྙོམས་ལྟེངས་པོར་མ་སོང་དང༌། །སྦྱངས་པ་ལོག་ཆར་མ་སོང་དང༌། །འཛིན་ཆ་ནང་དུ་འགྱུ་བདེ་དང༌། ཞེས་པ་དང༌། ཡི་གེ་མེད་པ་ལས། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། ཅེས་སོ། །མ་གོལ་བ་ནི། སྐྱོན་དེ་རྣམས་མེད་པའི་རིག་པ་རང་གསལ་རྒྱ་ཡན་ཡོངས་གྲོལ་ཕྱལ་པ་ཐ་མལ་དུ་མ་ཤོར་བ་སྟེ། ཡུལ་སྣང་ལ་འཛིན་རྟོག་མེད་པར་གསལ་བ་སྟེ། ཐལ་འགྱུར་ལས། དབང་པོའི་སྒོ་རྣམས་གསལ་བ་ལ། »།«ཡིད་ཀྱི་རྟོག་པར་མ་འགྱུས་པ། །ཤེས་པ་ཉིད་ལ་སྐྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །མ་གོལ་གནས་པའི་སྒོམ་པ་འོ། །ཞེས་སོ། །གསུམ་པ་དགོངས་པ་སྣང་སྲིད་གཞིར་བཞག་པ་ནི། དེ་ལྟར་བསྒོམས་པ་ལས་སྣང་སྲིད་ཀྱི་ཆོས་ཡུལ་སེམས་སུ་སྣང་བ་ཐམས་ཅད་རང་སྣང་གཞིར་བཞག་ཆེན་པོའི་རང་མལ་གནས་ཏེ། གཟུང་འཛིན་མཉམ་ཉིད་ཆོས་སྐུར་ནུབ་པས། ཐུན་མཚམས་བར་མེད་ཆེན་པོ་གཅིག་ཏུ་འདྲེས་པ་ཞེས་བྱའོ། །འདིའི་དུས་ན་ཉོན་མོངས་པ་ལ་ཆོས་ཉིད་ཀྱི་རྒྱས་ཐེབས་པས། ཡེ་ཤེས་སུ་ཤར་བ་ཞེས་བྱ་སྟེ། འཇིམ་པར་བཀོས་ཕོར་གྱིས་རྒྱས་ཐེབས་པས་ཚ་ཚར་ཀྲོང་ཀྲོང་འཆར་བ་ལྟར། ཤེས་པ་གང་ཤར་ཡེ་ཤེས་སུ་འཆར་བའོ། །འདིའི་དུས་ཀྱི་རྣལ་འབྱོར་པ་དེ་ཆོས་ལ་གནས་པའི་དུས་ཤེས་བྱ་སྟེ། གང་སྣང་གི་ཆོས་ལ་རང་མལ་གྱི་སྒོམ་པ་རང་ཆས་སུ་གནས་པའི་ཕྱིར་རོ། །སྒོམ་པ་ལམ་དུ་བྱེད་པའི་རྣལ་འབྱོར་བསྟན་ཟིན་ཏོ། །དོན་གསུམ་པ་སྤྱོད་པ་རྣལ་འབྱོར་དུ་བྱ་བ་ལ་གསུམ་སྟེ། སྤྱོད་པ་སྣང་བ་དབང་བསྒྱུར། མན་ངག་སྣང་བ་ཅེར་བཞག །དགོངས་པ་སྣང་སྲིད་གཞིར་བཞེངས་སོ། །དང་པོ་ལ་གསུམ་སྟེ། ལས་དང་པོ་པའི་སྤྱོད་པ། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ། བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པའོ། ། དང་པོ་ནི། ཆོས་ལ་ཐོག་མར་ཞུགས་པ་རྣམས་ཀྱིས་སྒོ་གསུམ་སྡོམ་ཞིང་ཉིན་མཚན་གྱི་ཆ་ལ་ཐུན་མོང་གི་ཆོས་སྤྱོད་ཕྱག་དང༌། བསྐོར་བ་དང། ཐོས་བསམ་ལ་སོགས་པ་ལ་འབད་པས། ཆོས་སུ་ཅི་འགྲོ་དགེ་བསྒྲུབ་སྡིག་པ་ལས་ལྡོག །སེམས་རབ་ཏུ་འདུལ། ཆོས་སྤྱོད་བཅུ་ལ་སོགས་པ་སྤྱད་པར་བྱའོ། །ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོག་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་འདོན་བྱེད་པ་དང༌། ། དེ་སེམས་པ་དང་སྒོམ་པ་སྟེ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །ཞེས་སོ། །འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ནི། རྣལ་འབྱོར་བས་སྐབས་སུ་ཉམས་ལེན་གྱི་རྩལ་སྦྱོང་དང་བོགས་འབྱིན་དུ་བྱ་སྟེ། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་འབྱེད་ན། ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང༌། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བ་བཤད། ། ཅེས་སོ། །འབྱེད་ལུགས་ནི། དབང་གོང་མ་འམ། སྔོན་འགྲོར་བསྟན་པ་བཞིན་བྱའོ། །བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་ཉེར་གཅིག་ཡོད་ཀྱང༌། འདིར་བདུན་བྱ་བ་ལས། དང་པོ་སྒོ་མོ་ཀུན་ནས་བསྡུད་པ་བུང་བ་ཚང་འཚོལ་བ་ལྟ་བུའི་སྤྱོད་པ་ནི། ཐོས་པས་སྤང་བླང་དང་ཆོས་དང་ཆོས་མ་ཡིན་པ་ཤན་ཕྱེད། བསམ་པས་དོན་ཡིད་ལ་བྱ་ཞིང་ཉོན་མོངས་པ་མགོ་མནན། བསྒོམས་པས་གནས་ལུགས་ཀྱི་ཐོག་ཏུ་དབབ་ཅིང་ཉོན་མོངས་པ་རྩ་བ་དྲུངས་ནས་འདོན་ནོ། །དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་སྤྱོད་པ་ནི། ཐི་བྱ་དེ་སྔོན་དུ་མི་ལ་སོགས་པས་མི་གནོད་པའི་སྒྲོ་འདོགས་གཅད་པར་ཚང་བཅས་ནས། ཕྱིས་ཐེ་ཚོམ་མེད་པར་ཚང་དུ་འཇུག་པ་ལྟར། ཆོས་རྣམས་སྒྲོ་འདོགས་བཅད་ནས་རང་ཡིད་ཆེས་པ་གཅིག་ལ་ཡི་དམ་དུ་བཟུང་ནས་བསྒྲུབ་པར་ཞུགས་ཏེ། དེ་ལའང་ལྟ་སྒོམ་གྱི་གནད་ཁ་ཚང་ཞུས། ཐེ་ཚོམ་མེད་པར་ཞུན་ཐར་བཅད་ནས་སྒོམ་པ་ཡིན་གྱི། མཐོ་རིས་ཤིག་ཐོབ་པ་ཙམ་ཉམས་སུ་བླང་མི་རུང་བས། སྒྲོ་འདོགས་ཤིན་ཏུ་ཆོད་པའི་གནད་ཐམས་ཅད་ལེན་པ་གཅེས་པ་ཡིན་ནོ། །དེའི་གྲོགས་སུ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་པ་ནི། རི་དྭགས་སྨས་མ་དེ་རྨའི་གནོང་གིས་མི་ལ་འབྲོས་པ་ལྟར། རྣལ་འབྱོར་པ་དེ་ཡང་གདམས་པ་ནི་ཡོད། འཁོར་བ་སྤོང་བའི་གནོང་གིས་མི་མེད་པའི་རིའམ། ལུང་སྟོང་ལ་སོགས་པར་གཅིག་པུར་ཉམས་སུ་ལེན་པ་ཡིན་ནོ། །དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི། ངག་སྨྲ་བ་བཅད་དེ་སུ་དང་ཡང་མི་སྨྲ་བར་བྱའོ། །དེ་ལྟར་བྱས་པས་དྲན་པ་རེངས་པ་སྨྱོན་པ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེམས་དགག་སྒྲུབ་དང་བྲལ། ངག་རང་རྡོལ་འབྲེལ་མེད་དུ་འབྱུང༌། ལུས་སྦ་གསང་ངོ་ཚ་དང་བྲལ། དྲན་རྟོག་རིས་མེད་གཏད་ཡལ་དུ་འགྲོའོ། །འདིའི་དུས་སུ་གཙང་དམེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་བ་ཞར་ལ་འབྱུང་སྟེ། ཟས་བཟང་ངན་མེད་པར་ལོངས་སྤྱོད། གོས་འདམ་ཁ་མེད་པར་གོན། སྣང་བ་གཟའ་གཏད་མེད་པར་འགྲོ་བའོ། །དེ་ལྟར་དྲུག་རྫོགས་པ་ལས་ཟིལ་གྱིས་མི་གནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་དེ་རྩལ་གསུམ་རང་ལ་རྫོགས་པས་ཕར་ཐམས་ཅད་ཟིལ་གྱིས་གནོན། ཚུར་གང་གིས་ཀྱང་མི་གནོན་པ་ལྟར། རྣལ་འབྱོར་པ་དེ་ཡང་ལྟ་སྒོམ་སྤྱོད་པའི་ཡོན་ཏན་རྫོགས་པས། ཕར་སྣང་བ་ཐམས་ཅད་ལ་དབང་བསྒྱུར་ཞིང་ཟིལ་གྱིས་མནན་ནོ། །ཚུར་གང་གིས་ཀྱང་ཟིལ་གྱིས་མི་གནོན་ཉམ་ང་བ་དང༌། བག་ཚ་བ་མེད་པས་ཟང་ཐལ་ཆེན་པོར་སྤྱོད་པའོ། །འདི་ཕན་ཆད་སྣང་བ་ལ་རང་དབང་བསྒྱུར་བས། མ་དད་པ་དད་པར་བསྒྱུར་བ་དང༌། །བསད་པ་གསོ་ནུས་པའི་ཡོན་ཏན་འཆར་རོ། །སྤྱོད་པ་དེ་དག་ལ་མིང་དུ་བཏགས་ན་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱ་སྟེ། ཕྱི་སྣང་བ་ལ་ནང་གི་རིག་པ་ཤར་གྲོལ་ཆོས་ཉིད་དུ་དབང་བསྒྱུར་བས་སོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ ཡིས། །འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤང༌། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངང་ནི་རྣམ་པར་སྤང༌། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། ། གསང་བའི་སྔགས་ཀྱི་ཐེ་ཚོམ་གཅོད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང༌། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་དམེ་བའི་རྣམ་རྟོག་སྤང༌། ཞེས་སོ། །གཉིས་པ་སྣང་བ་ཅེར་བཞག་གི་མན་ངག་ལ། གང་སྣང་ལ་ཅེར་གྱིས་བཞག་པས། ཅེར་ས་དེར་གྲོལ་བ་ནི། སྣང་བ་ཅེར་བཞག་གི་ཐབས་ཏེ། ཆོས་ཅན་དུམ་བུ་ལ་བསླབས་པས་གཟུགས་བརྙན་ཡོངས་སུ་དག །ཆོས་ཅན་སྤྱི་ལ་བསླབས་པས་རང་བཞིན་ཡོངས་སུ་དག་པ་ནི། ཅེར་གྲོལ་མཐོང་སར་ཡལ་བའི་གནད་ལས་བྱུང་བའོ། །དོན་ལ་གང་སྣང་རང་ཐོག་ཏུ་ཆོད་པས་འཁྲུལ་སྣང་འཛིན་མེད་དུ་དག་པའི་མན་ངག་གོ །གནད་འདིའི་དགག་སྒྲུབ་ཆགས་སྡང་རེ་དོགས་ཐམས་ཅད་ལ་ཅེར་བཞག་གི་རྒྱས་བཏབ་པས་རང་ཆོད་དུ་ཡལ་ཏེ། གྲོགས་སྤྱོད་པས་ཞེས་བྱ་བས་མཆོག་ཏུ་ཟབ་བོ། །སྤྱིར་གྲོལ་ལུགས་བཞི་སྟེ། ཡེ་གྲོལ་ནམ་མཁའ་ལྟ་བུ་བཅིངས་པ་མེད་པའི་གནད་ཀྱིས་གྲོལ་ཞེས་བཏགས་པ་དང༌། རང་གྲོལ་«སྦྲུ«ལ་མདུད་ལྟ་བུ་གཉེན་པོ་གཞན་མེད་པར་རང་གིས་རང་གྲོལ་བར་བསྟན་པ་དང༌། ཤར་གྲོལ་དབའ་རླབས་ལྟ་བུར་ཤར་བ་དེ་རང་གྲོལ་ཏེ། སྐད་ཅིག་སྔ་ཕྱི་ལ་ལྟོས་པ་མེད་པ་དང༌། ཅེར་གྲོལ་ཆུ་ཟླ་ལྟ་བུ་མཐོང་སྣང་རང་བཞིན་མེད་ལ་མཐོང་མཁན་རིས་མེད་དུ་ཡལ་བའམ། རྡོ་ཚན་ལ་ཁ་བ་བབས་པ་ལྟར་མཐོང་སར་ལྷན་ལྷན་གྲོལ་བའོ། །དོན་ལ་སྣང་ཐོག་ཏུ་རིག་པ་རྗེས་མེད་འཛིན་མེད་དུ་ཡལ་བ་ལ་ཅེར་གྲོལ་ཞེས་བཏགས་པའི། གྲོལ་ལུགས་བཞི་པོ་འདིས་གང་ཤར་སྦྱོང་བར་དག་པ་ཞེས་བྱའོ། །གསུམ་པ་དགོངས་པ་སྣང་སྲིད་གཞི་བཞེངས་ནི། དེ་ལྟར་སྤྱད་པས་རིག་པའི་ངང་ནས་ཤར་གྲོལ་གྱི་རྩལ་བཞེངས་ཏེ། ཕྱི་སྣང་བའི་སྟེང་དུ་གྲོལ་བ་ཡང༌། སྣ ང་བ་སྣོད། སྲིད་བ་བཅུད། གཉིས་ལ་འཆར་སྒོ་མ་འགགས་པར་ཤར་བ་དེ་ཅེར་ཤར། ཐད་ཀ་དེར་ཡལ་བ་དེ་ཅེར་གྲོལ། དེའི་ངང་དངས་ཤར་བས་གནས་པ་ལ་མི་གནོད། གནས་པས་འཆར་བ་ལ་མི་འགགས་པ་ནམ་མཁའ་ཡངས་པའི་དབྱིངས་རུམ་ལྟ་བུ་ལ་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ཞེས་བྱའོ། །འདིའི་དུས་ན་ཉོན་མོངས་པ་ཡེ་ཤེས་སུ་གནས་འགྱུར་ཏེ། ཉོན་མོངས་སུ་འཆར་བདོ་བ་དེ་ཤར་ས་ན་རང་གྲོལ་རང་དངས་ཆེན་པོར་ཤིག་ཤིག་བྱུང་བས་ཕྱི་སྣང་ཐོག་ཏུ་བཞག་པས། ནང་རིག་ཐོག་ཏུ་གྲོལ་བ་ལ་རིགས་དང་རིགས་ཀྱི་བདག་པོར་གྲོལ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཞེས་སོ། ། རྣལ་འབྱོར་པ་དེ་ཡང་ཆོས་ལ་སྤྱོད་པའམ་གནས་པ་ཞེས་བྱ་སྟེ། སྣང་བ་ཅེར་བཞག་གི་ཆོས་དང་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་ལ་གནས་པའི་ཕྱིར་རོ། །སྤྱོད་པ་ལམ་དུ་བྱེད་པའི་རྣལ་འབྱོར་བསྟན་ཟིན་ཏོ། །དོན་བཞི་པ་འབྲས་བུ་རྣལ་འབྱོར་དུ་བྱ་བ་ལ་གསུམ་སྟེ། འབྲས་བུ་རང་བཞིན་རྣམ་དག །མན་ངག་རིག་པ་ཅོག་བཞག །དགོངས་པ་སྲིད་གསུམ་ཀ་དག་གོ །དང་པོ་ནི། རིག་པ་ཡེ་དག་ལྷུན་གྲུབ་རང་མལ་ཆོས་སྐུ་དགོངས་པ་འདུ་འབྲལ་མེད་པ་རང་རྫོགས་དྲི་མེད་རྣམ་དག་ཏུ་རྟག་པར་ཡོད་པ་དེ་འབྲས་བུའི་ངོ་བོ་ཡིན་ལ། བླ་མས་ངོ་སྤྲད། རང་གིས་དེ་ལྟར་རྟོགས་པ་ནི་འབྲས་བུ་རང་ངོ་ཤེས་པ་ཞེས་བྱ་སྟེ། དེ་དང་མི་འབྲལ་བར་དེའི་ངང་ལ་གནས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱའོ། །དེ་ཡང་ཐོབ་བྱ་སྔོན་དུ་རང་ལ་འདུག་པར་རྟོགས་པས་རེ་དོགས་མེད་པར་རང་མལ་དུ་བློ་བདེ་བའི་གདེང་དང་བཅས་པ་ལ་འབྲས་བུ་རྣལ་འབྱོར་དུ་བྱེད་པ་ཞེས་བརྗོད་དོ། །བློ་རྩལ་རབ་ཀྱི་གཞིར་འབྲས་བུ་འབྱུང་ བའོ། །དབང་རྣམ་པར་ཕྱེ་བ་ལས། འབྲས་བུ་རང་རྫོགས་སྨོན་ལམ་བྲལ་བ་ལས། །རྣམ་དཔྱོད་དུས་ལ་ལྟོས་པ་ཡོངས་རེ་འཁྲུལ། །ཞེས་སོ། །འདི་ལ་རྒྱལ་པོ་གདན་ས་ཟིན་པས་མི་འགྱུར་བ། བློན་པོ་བཙོན་དུ་ཟིན་པས་མི་འགྱུར་བ། དམངས་ཆམ་ལ་ཕེབས་པས་མི་འགྱུར་བ་གསུམ་ལས། དང་པོ་ནི། འབྲས་བུ་ཆོས་སྐུ་རང་མལ་དུ་ཤེས་པ་ལ་རྒྱལ་པོ་གདན་ས་ཟིན་པ་ཞེས་བྱ་སྟེ། རིག་པ་རྒྱལ་པོ་ལྟ་བུའི་གདན་ས་ཆོས་སྐུའི་རང་མལ་ལས་མ་གཡོས་པར་ཟིན་དུས། འཁྲུལ་ཕྱིར་མི་འགྱུར་ཏེ། འཁྲུལ་པ་རང་སར་དག་པའི་ཕྱིར་རོ། །དོན་གྱི་འབྲས་བུ་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ། །དཔེར་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྒྱལ་པོའི་ཁྲི་ལ་འདུག་སྟེ། དེ་རྒྱལ་ས་ཐོབ་པས་མི་འགྱུར་ཞིང་དབང་བསྐུར་བ་ལྟར། རྣལ་འབྱོར་པས་བླ་མས་རིག་པ་ཆོས་སྐུར་ངོ་སྤྲད་ནས། འཕྲོད་དེ་ཆོས་སྐུའི་རང་མལ་ན་རང་གསལ་འཛིན་མེད་ཟང་ཐལ་དུ་གནས་པ་དེ། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་རྟོགས་པས་འཁོར་བ་གཞི་མེད་ཀྱི་དབྱིངས་སུ་དག་སྟེ་འགྱུར་བ་མེད་པའོ། །བློན་པོ་བཙོན་དུ་བཟུང་ནས་མི་འགྱུར་བ་ནི། དཔེར་ན་བཀའ་བློན་བཙོན་དུ་ཟིན་ནས་རྒྱལ་པོ་ཡང་ཉན་དགོས་པ་ལྟར། ཡིད་ཀྱི་འགྱུ་བ་རང་ཤར་རང་དངས་ཁུངས་ཆོད་བཙོན་དུ་ཟིན་པས་རིག་པ་ཁ་ཡན་དུ་མ་ཤོར་བར་ཆོས་སྐུ་རང་མལ་དུ་ངང་གིས་གནས་པ་སྟེ། དྲན་རྟོགས་ཤར་གྲོལ་གྱི་རྒྱས་ཐེབས་པས་ཆོས་ཉིད་དོན་གྱི་དགོངས་པ་ལ་འགྱུར་བ་མེད་པར་རང་དབང་ཐོབ་པའོ། །ཤར་ཡང་ཆོས་སྐུའི་ཀློང་ནས་ཤར། །གྲོལ་ཡང་ཆོས་སྐུའི་ཀློང་དུ་གྲོལ། །གནས་ཀྱང་ཆོས་སྐུའི་ཀློང་དུ་གནས། །ཡིད་ཀྱི་འགྱུ་བ་ཅི་འགྱུས་ཀྱང༌། །ཐད་ཀར་རང་ཆོས་ཡེ་ཤེས་རྩལ། །ཡེ་ཤེས་ཀློང་དུ་རང་འགྱུར་གསལ། །དོན་ལ་འགྱུས་དང་མ་འགྱུས་མེད། །རླུང་གི་རྟ་བྱས་རིག་པའི་གདངས། །རིག་པ་བཅིངས་པས་རླུང་དང་བྲལ། །རིག་པ་ཆོས་སྐུ་རང་མལ་ཉལ། །བློན་པོ་བཙོན་དུ་ཟིན་ཞེས་བརྗོད། ། སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །གནད་དུ་དྲིལ་ན་དེ་ལས་མེད། །ཅེས་པ་ནི། དོན་གྱི་ཆིངས། གནད་ཀྱི་གཟེར། གསང་བའི་འཕྱོང༌། ཡང་གབ་»སྦ«ས་པའི་མིག་འབྱེད་དུ་བཀོད་པའོ། །དམངས་ཆམ་ལ་ཕབ་སྟེ་མི་འགྱུར་བ་ནི། རྒྱལ་པོ་གཅིག་གིས་དམངས་རྣམས་དམག་གིས་བཅོམ་ནས་ཆམ་ལ་ཕབ་དུས་འགྱུར་བ་མེད་པ་ལྟར། སྒོ་ལྔའི་རྣམ་ཤེས་རང་གདངས་སུ་མ་འགགས་པ་ལ་མི་རྟོག་པར་བཞག་པས། གཟུང་བའི་ཡུལ་ལྔ་ལ་དྲན་རྟོག་མི་འཕྲོ་བར་ཆམ་ལ་ཕེབས་ཏེ། རིག་སྟོང་ཆོས་སྐུ་རང་མལ་ལས་འགྱུར་བ་མེད་པའོ། །ཇེ་ཞིག་ན་རྣམ་ཤེས་ཡུལ་དང་བཅས་པ་སྟོང་པས་འཁོར་བའི་མིང་མེད་དོ། །དེ་ལ་རིག་པ་ཆོས་སྐུར་ཐག་ཆོད་ནས། གཟུགས་སྒྲ་དྲི་རོ་རེག་གི་ཤེས་པ་གང་ཤར་གྱི་རང་དུས། མིག་གམ། རྣ་བ། སྣ། ལྕེ། ལུས་ཀྱི་སྒོ་དེ་ཀར་མདུང་ཚུགས་སུ་གཏད་པས། འགྱུ་བ་རང་ཡལ། རིག་པ་རང་གསལ། དྲན་རྟོག་ཆམ་ལ་ཕེབས་ཏེ། དབང་པོ་དགག་སྒྲུབ་མི་དགོས་པར་རང་གྲོལ་ཚོགས་དྲུག་ལྷུག་པའི་མན་ངག་ཏུ་བྱུང་བའོ། །གནད་འདི་གལ་ཆེ་བར་ཡོད་པས་ལེགས་པར་གཏན་ལ་ཕེབས་སོ། ། རྒྱལ་བློན་དམངས་གསུམ་གང་ཆམ་ལ་ཕབས་ཀྱང་རིག་པ་ཆོས་སྐུར་རྗེན་སང་ངེ་བ་ཞིག་འོང་བ་དེ་ངོས་བཟུང་བས་འབྲས་བུ་རང་ཡལ་དུ་ཤར་བ་ཞེས་བྱ་སྟེ། རིག་པ་ངོ་ཤེས། འགྱུ་བ་དག་སངས། རྣམ་ཤེས་གཏན་ཡལ་བ་ནི། འབྲས་བུ་དེ་ལ་མིང་དུ་གདགས་ན། རང་བཞིན་རྣམ་པར་དག་པའི་འབྲས་བུ་ཞེས་བྱ་སྟེ། བྱས་པའི་རྩོལ་བས་ཐོབ་པ་མ་ཡིན། ཡེ་ནས་གནས་པའི་དོན་རང་ཐོག་ཏུ་ངོ་འཕྲོད་པས་རང་ས་ཟིན་པ་ཞེས་བྱའོ། །གཉིས་པ་མན་ངག་རིག་པ་ཅོག་བཞག་ལ། ཕྱིའི་ཡུལ་ལྔ་སྣང་དུས་སྒོ་ལྔའི་རྣམ་ཤེས་ཅོག་བཞག་ཏུ་བྱ་བ་དང༌། ནང་དྲན་རིག་འཆར་དུས་ཡིད་ཀྱི་ཤེས་པ་ཅོག་བཞག་ཏུ་བྱ་བ་དང༌། གསང་བ་རིག་པ་རང་གནས་སུ་དངས་དུས་རང་མལ་ཆོས་སྐུའི་ཅོག་བཞག་གི་ཐབས་གསུམ་ལ་བསླབ་པར་བྱ་སྟེ། ཤེས་པའི་གནད་ཐམས་ཅད་དེ་གསུམ་དུ་མ་འདུས་པ་གང་ཡང་མེད་དོ། །དོན་ལ་སྣང་ཤེས་གང་བྱུང་ཅོག་བཞག་རང་དངས་སུ་སྟོང་པའོ། །སེམས་སྣང་བའི་རང་འགྲོས་ལ། ཡུལ་རིག་པའི་འཆར་ཚུལ་ལ། རིག་པ་རང་མལ་ཆོས་ཀྱི་སྐུ་ལ། ཕྱལ་པ་བར་མེད་རྒྱ་ཡན་ལ། རང་བབ་རྣལ་མའི་འདུག་ཚུལ་ལ། རྗེན་ནེ། ཡེར་རེ། ཟང་ཐལ་ལ་ལ། ཕྱམ་ཆལ་ལ་ལ། དག་སངས་སངས། གཞི་རང་མལ་ཆོས་སྐུའི་རང་གཟུགས་སུ་འདུག་པ། བློ་རང་མལ་ཆོས་སྐུའི་འཆར་ཚུལ་དུ་འདུག་པ། ཡུལ་རང་སྣང་ཆོས་སྐུའི་སྟོང་གཟུགས་སུ་འདུག་པ། ཕྱལ་བ་བར་མེད་ཆོས་སྐུའི་རང་མལ་དུ་འདུག་པ། ཟང་ཐལ་དྲི་མེད་ཆོས་སྐུའི་རང་ངོར་འདུག་པ། ཆོས་ཟད་བློ་འདས་ཆོས་སྐུའི་ཡིན་ལུགས་སུ་འདུག་པ། ཨ་ལ་ལ་ཨེ་མ་ཧོ་ལེགས་པར་རྟོགས་སོ། །དགའ་ཡལ་ལ་ལ་འཛུམ་ཤིག་ཤིག་རྣལ་འབྱོར་བས་སྣང་བ་ཆོས་སྐུར་ཤར་བ་ལགས་སོ། །གསུམ་པ་དགོངས་པ་སྲིད་གསུམ་ཀ་དག་གི་དུས་ཙམ་ན། ཕྱི་ནང་བར་གསུམ། ལུས་ངག་ཡིད་གསུམ་རྒྱ་ཡན་ཡངས་གྲོལ་ཆེན་པོར་ཤར་བས། ལས་དང་བག་ཆགས་ལས་འདས་ཏེ། ཁམས་གསུམ་ལ་ཟློས། འཁོར་བ་དོང་ སྦྲུག །འཁྲུལ་པ་དག་སངས་ཏེ། གཞི་འབྲས་ཆོས་སྐུའི་དགོངས་པར་ལྷུན་གྱིས་གྲུབ་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱའོ། །ཆོས་ཟད་དོ། །བློ་འདས་སོ། །ལས་ཟིན་ཏོ། །ནམ་མཁའ་ལྟར་དག་པའི་སྒོ་ཐོབ་བོ། །ཆོས་སྐུའི་གླིང་དུ་ཕྱིན་པས་ཕྱིར་མི་ལྡོག་གོ །འཁོར་བའི་རྒྱ་མཚོ་བརྒལ་ཟིན་ཏོ། །འདིའི་དུས་ན་ཉོན་མོངས་པ་ནི་དབྱིངས་སུ་གྲོལ་ཏེ། གཟུང་འཛིན་གྱི་འཆིང་བ་ཆད་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུའོ། །རྣལ་འབྱོར་པ་དེ་ལ་ཆོས་ཟད་པ་ཞེས་བྱ། ཆོས་བོར་བ་ཞེས་བྱ། ཆོས་ལས་འདས་པ་ཞེས་བྱའོ། །དོན་ལ་རིག་པ་རང་ས་ཟིན་པས་ཕྱིར་མི་ལྡོག་པ་ལས་འབྲས་བུ་ཞེས་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་འབྲས་བུར་ཤེས་པར་གྱིས་ཤིག །ཅེས་སོ། །འབྲས་བུ་ལམ་དུ་བྱེད་པའི་རྣལ་འབྱོར་བསྟན་ཟིན་ཏོ། །དེ་ལྟར་རྣལ་འབྱོར་བཞི་ཡང་གང་ལ་གང་མོས་པའི་ལམ་དུ་བསྟན་གྱིས། སྒོམ་དུས་གཅིག་ལ་མ་ཚང་བར་གཅིག་བསྟན་པ་ནི་མ་ཡིན་ཏེ། གང་རུང་རེ་རེས་ཀྱང་ལམ་ཚང་ལ་མ་ནོར་པའི་ཆ་རྐྱེན་རྫོགས་པར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་རྫོགས་པ་ཆེན་པོའི་སྒོའི་ཆོས་ཀྱི་རྣམ་གྲངས་ནམ་མཁའི་ལྟར་རྒྱ་ཆེ་ཞིང་ཐབས་དང་ལམ་གྱི་གོ་སྐབས་ཡངས་པ་ཡིན་ནོ། །ཚུལ་འདི་ངེས་དོན་སྙིང་པོའི་གདམས་པ་སྟེ། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། །བླ་མའི་དྲིན་གྱིས་རྟོགས་པའི་རྣལ་འབྱོར་པ། །སྣ་ཚོགས་རང་གྲོལ་བཟང་པོས་ལེགས་པར་བཀོད། །ཕྱི་རབས་རྗེས་སུ་འཇུག་པའི་སྐལ་ལྡན་གྱིས། །ཡི་གེ་འདི་ལ་གུས་པས་གཅེས་སྤྲས་མཛོད། །བདག་གིས་ཉམས་མྱོང་ངེས་པའི་གནད་རྣམས་དང༌། །རྒྱུད་ལུང་མན་ངག་བཅུད་ཀྱི་ཡང་སྙིང་ལགས། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འབད་མེད་ཡོངས་གྲོལ་ཆོས་ཀྱི་རྒྱལ་པོ་ཤོག །རྣལ་འབྱོར་བཞིའི་རིམ་པ་ཞེས་བྱ་བ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ། །དགེའོ། །དགེའོ། ། དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).