ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ

From Rangjung Yeshe Wiki Texts
Revision as of 06:26, 3 March 2013 by Eric (talk | contribs) (Created page with "༄༅། །ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུ...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །


༄༅། །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་གསེར་གྱི་ཁམས་ལས་རང་བྱུང་རྫོགས་པའི་སངས་རྒྱས་ལྟེ་བ་ནས། །དམ་ཆོས་རྩིབས་སྟོང་ཀུན་ཏུ་བཀྱེ་ལ་ཚོགས་མཆོག་མུ་ཁྱུད་བཟང་འཁྲིལ་བ། །གྲགས་པའི་གཟི་རྒྱས་མཁའ་ལ་བསྐོར་ཏེ་ས་གསུམ་འགྲོ་བ་མ་ལུས་པ། །ཕྱོགས་ལས་རྣམ་རྒྱལ་ཆེན་པོར་འགོད་བྱེད་དཔལ་ལྡན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་བཞིན་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་འཁྲི་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །རྣམ་ཀུན་འོད་ཀྱི་རྦ་ཀློང་འཁྲུག་པ་འགྱུར་མེད་བཻ་ཌཱུརྻ་མཐིང་གའི་ངོས། །རིག་པ་བྱེ་བའི་ནོར་བུའི་ཕྲ་ཚོམ་ལུང་གི་པ་ཏྲར་སྦྱར་བའི་ཕུལ། །དཔེར་བྱ་བརྗོད་དང་བསམ་པར་མི་ནུས་མངོན་༼༢༽སུམ་དམ་པར་བདུད་རྩིའི་གཏེར། །བསྟན་པ་མུ་ཐི་ལ་ཡི་མཆོད་སྡོང་མཐུ་ཆེན་དེ་ལ་འདི་མཆོད་སྤྲིན། །གཏན་ཚིགས་བཟང་པོས་བོངས་འོས་ཀྱང་། །དལ་བར་བྱོལ་བས་མདོར་བསྡུས་འདི། །རྒན་པོས་རབ་བཀྲམ་གཏམ་གཞིའི་རྫས། །ཟོང་དུ་བཏང་ཡང་ཕྲག་དོག་མིན། །དེས་ན་ཆོས་ཀྱི་རྒྱལ་པོའི་མདུན། །མོལ་མཆིད་ཕུན་ཚོགས་འབྱུང་བ་ལ། །ཡིད་གཞུངས་བསམ་མནོའི་ཕ་མཐའ་བའི། །དཔྱད་གསུམ་དག་པ་འདི་འོས་སོ། །འདིར་བཤད་པར་བྱ་བ་ནི་སྟོན་པ་འཇིག་རྟེན་དུ་བྱོན་ཚུལ། དེས་བསྟན་པ་རིན་པོ་ཆེའི་སྒྲོམ་བཅས་ཚུལ། དེ་གཅེས་སྤྲས་སུ་མཛད་པའི་མཁན་པོ་ཇི་ལྟར་བྱོན་པ་ཆེ་ལོང་ཙམ་བརྗོད་པ་གསུམ་ལས། དང་པོ་ནི་ཞིང་གྲུབ་པའང་སངས་རྒྱས་ཀྱི་སྨོན་ལམ་དང་སེམས་ཅན་གྱི་ལས་རང་དུ་ཟད་པ་ལས། འདི་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཏེ། སྔོན་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ནམ་མཁའི་ཕྱོགས་འདི་ཉིད་དུ་གླིང་བཞི་ལ་དབང་བྱེད་པའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བུ་སྟོང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཡོད་པ་ཞིག་བྱུང་། མདུན་ན་འདོན་དེ་ལ་སྲས་བརྒྱད་ཅུ། སློབ་མ་བྲམ་ཟེ་སྟོང་ཞིག་ཡོད་པའི་སྲས་ཆེ་བ་བྲམ་ཟེ་རྒྱ་མཚོའི་སྙིང་པོ་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་གྲགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྤྲུལ་པ་ལ་རྒྱལ་པོ་འཁོར་དང་བཅས་པ་རང་རང་འཚང་རྒྱ་བའི་ཞིང་ལོ་བདུན་དུ་གདམ་བཅུག་པ་ལས། ཡབ་བྲམ་ཟེ་དང་སློབ་མ་དགུ་བརྒྱ་གོ་དགུས་གདམས་པ་འདི་ཡིན་ལ། དེའི་ནང་ནས་ཡབ་བྲམ་ཟེས་དེ་དག་གིས་སྤངས་པའི་སྙིགས་མ་ལྔ་བདོ་བ་འདི་བདམས་པས། རྒྱལ་བ་ཐམས་ཅད་ལས་ཉམ་ང་བ་རྣམས་ལ་བརྩེ་བ་འདི་ལྷག་པར་གྱུར་ཏོ། །༼༣༽དེའི་ཕྱིར་བསྐལ་པ་འདི་ལ་དེ་དག་འཚང་རྒྱ་བས་སངས་རྒྱས་སྟོང་འབྱུང་བ་ཡིན་ནོ། །ཡང་བསྐལ་པ་མཛེས་པར་སྣང་བ་ལ་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ཞིང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་། བཙུན་མོ་བདུན་འབུམ། སྲས་སྟོང་ཚང་བ། བཙུན་མོ་མ་སྨད་མ་དང་དཔེ་མེད་མའི་ཕང་དུ་ཁྱེའུ་ཆོས་སེམས་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བ་གཉིས་བརྫུས་ཏེ་འཁྲུངས་ལ། རྒྱལ་པོ་དེས་ལོ་བྱེ་བ་ཚང་བར་སངས་རྒྱས་འཁོར་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ནས། ཡབ་ཀྱིས་གཞོན་ནུ་འདི་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་ཡིན་ན་འདི་དག་ལས་ཐོག་མར་གང་འཚང་རྒྱ་བརྟག་པར་བྱའོ་སྙམ། དེ་ཐམས་ཅད་ཀྱི་མིང་བྲིས་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པར་བཅུག་མཆོད་པ་བྱས་ཏེ་ཐམས་ཅད་ཀྱི་མདུན་དུ་མིང་རིམ་གྱིས་ཕྱུང་བ་ན། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་བས་ས་གཡོས་སྒྲ་བསྒྲགས་ཏེ་འཁོར་བ་འཇིག་ཏུ་ལུང་བསྟན་ཏོ། །གཉིས་པ་རྣམ་པར་རྒྱལ་བ་གསེར་ཐུབ། དབང་པོ་ཞི་བ་འོད་སྲུང་། དོན་ཐམས་ཅད་གྲུབ་པ་བདག་ཅག་གི་སྟོན་པ། སྐ་རགས་ཅན་བྱམས་པ་ཞེས་པ་ནས། བློ་མཐའ་ཡས་གྲགས་མོས་པར་གྱུར་པའི་བར་དུ་ཤེས་པར་བྱའོ། །ཁྱེའུ་ཆོས་སེམས་ནི་དེ་ཐམས་ཅད་ཀྱི་གསང་བའི་བདག་པོ་ལག་ན་རྡོ་རྗེ། ཆོས་ཀྱི་བློ་གྲོས་ནི་དེ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོ་ཚངས་པ་ཆེན་པོ་གཙུག་ཕུད་ཅན། ཡབ་དེ་ནི་མར་མེ་མཛད་ཅེས་འབྱུང་ངོ་། །བསྐལ་པ་འདི་མཚོར་ཆགས་པའི་དུས་མཚོ་དེ་ལ་གསེར་གྱི་པདྨོ་སྟོང་བྱུང་བས་ལྷ་རྣམས་ཀྱིས་འདི་ལ་སངས་རྒྱས་སྟོང་འབྱུང་བར་ཤེས་ནས་བསྐལ་པ་བཟང་པོ་ཞེས་བཏགས་ཤིང་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་ཀྱང་བྱའོ། །དེའི་གནས་བསྐལ་གྱི་དང་པོ་ཡ་ཐོག་རིང་མོ་འདི་ཁའི་ཚེ་ལོ་བཞི་ཁྲིར་བབས་པ་ན་འཁོར་བ་འཇིག སུམ་ཁྲི་ལ་གསེར་ཐུབ། ཉི་ཁྲི་པ་ལ་འོད་སྲུང་། བརྒྱ་པ་ལ་ཤཱཀྱ་ཐུབ་པ། བྱམས་པ་བར་གྱི་ཁུག་པ་དང་པོའི་མར་འགྲིབ་ཀྱི་བརྒྱད་ཁྲི་ལ་འབྱུང་བས་དེ་བཞིན་གཞན་དག་ཀྱང་ངོ་། །མཛོད་ལས། མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་སོ། །ཚེ་ལོ་བརྒྱ་པ་ལ་བྱོན་པའི་སྟོན་པས་དང་པོར་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་གྱི་ཚོགས་བསགས། ༼༤༽མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ་གདུལ་བར་བྱ་བ་མཆོག་དམན་བར་མའི་སྣང་བས་ཚུལ་དུ་མར་གྱུར་ཀྱང་། སྤྱི་འགྲོ་དམན་པ་ཉན་ཐོས་ལ་སོགས་པ་དང་མཐུན་པར་གླེང་ངོ་། །དེ་ལ་སྟོན་པ་འདི་སྔོན་ཐེག་པ་ཆེན་པོའི་རིགས་ལ་གནས་པའི་དུས་ན། ལས་ཀྱི་ནུས་པས་དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞི་ལ་ཤིང་རྟ་འདྲེན་པའི་གྱད་གཅིག་ཏུ་སྐྱེས་སོ། །དེའི་ཚེ་ཟླ་བོ་སྟོབས་ཆུང་བ་ལ་སྲུང་མ་ཨ་ཝང་གིས་ཡང་ཡང་བསྣུན་པས་ཤིན་ཏུ་སྙིང་བརྩེ་བ་སྐྱེས་ཏེ་འདི་ལ་མ་སྣུན་ཅིག འདིའི་སྐལ་བ་ཡང་བདག་གིས་དྲང་བར་བྱའོ་ཞེས་སྨྲས་པས། དེ་རབ་ཏུ་ཁྲོས་ཏེ་དེ་ཉིད་ལ་བསྣུན་པས་ཚེ་འཕོས་ཏེ་ལྷར་སྐྱེས། རྒྱལ་པོ་རབ་གསལ་དུ་འཁྲུངས་པའི་དུས་གླང་པོ་ཆེ་འདུལ་སྦྱོང་མཁན་ལས་སངས་རྒྱས་ཀྱི་མཚན་ཐོས་པས་བྱང་ཆུབ་ཀྱི་ཐུགས་བསྐྱེད། དེ་ནས་ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔར་ཐུགས་བསྐྱེད་པ་ནས་གྲངས་མེད་དང་པོའི་འགོ་བརྩམས་ཏེ་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་མཆོད་པའི་བར་གྱིས་གྲངས་མེད་དང་པོ་རྫོགས། དེ་ནས་ས་དང་པོ་ཐོབ། དེ་ནས་གཉིས་པས་ས་བདུན་པ་ཐོབ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་ནས་བྲམ་ཟེ་རིན་པོ་ཆེ་ལས་རིག་བྱེད་བསླབས་ནས་ཡོན་འབུལ་བའི་ཕྱིར་ཡུལ་དབུས་ཀྱི་གྲོང་ཁྱེར་དག་ཏུ་སོང་བ་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པད་མོ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ནོ། །དེའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་ཏེ། ནམ་མཁའ་ལ་ལྷ་རྣམས་མེ་ཏོག་དང་རོལ་མོ་སིལ་སྙན་གླུ་དབྱངས་དང་བཅས་ཏེ་བཞུགས་པ་མཐོང་སྟེ། ཁྱེད་ཅི་བྱེད་དྲིས་པས། ཁྱོད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཞེས་ཟེར་རོ། །དེ་སྐྱི་བུང་ཞིག་བྱེད་ཅིང་། ཀྱེ་མ་སངས་རྒྱས་བྱུང་བ་ནི་རྙེད་པར་དཀའ་བས་བདག་གིས་སློབ་དཔོན་གྱི་ཡོན་ཕྱིས་གསབ་པར་བྱ་སྟེ། ཀར་ཤ་པ་ཎ་ལྔ་བརྒྱ་པོ་འདིས་སངས་རྒྱས་མཆོད་པར་བྱའོ་སྙམ་དུ་བསམ་ནས་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ལ་རྔན་པ། སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་བྱེད་པར་ཁས་བླངས་ཏེ་ཨུཏྤལ་ལྔ་ཉོས་ནས་དེ་སངས་རྒྱས་ལ་གཏོར་ཏེ། ཀྲིཥྞ་ས་རའི་པགས་པ་བཏིང་ནས་མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛོད་ལ། རི་དྭགས་ཀྱི་པགས་པ་འདི་ལ་ཞབས་འཇོག་པར་མཛོད་ཅིག་ཅེས་མཉེས་པར་བྱས་ཏེ། རལ་པ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས་མར་མེ་མཛད་ཀུན་ནས་སྤྱན་འདི་ལ་ཞབས་མི་འཇོག་གམ་ལུས་མི་སྟོན་ན་འདི་ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་ཡི་དམ་བརྟན་པོར་༼༥༽བཅས་པ་དང་། སྟོན་པས་ཞབས་བཞག་སྟེ་དགེ་སློང་དག་ཁྱེད་ཀྱིས་ཁྱེའུ་འདིའི་སྐྲ་ལ་རྡོག་པ་མ་འཇོག་ཅིག དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་མཆོད་གནས་ཡིན་ཏེ་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པས་དགའ་ཆེས་ཏེ་ཏ་ལ་བདུན་སྲིད་གཅིག་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་དུ་བྱས་སོ། །དེས་ས་བརྒྱད་པ་ཐོབ་སྟེ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ནས་རལ་པ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཅེས་ང་ལུང་བསྟན། །ཞེས་གསུངས་སོ། །དེ་ནས་རྣམ་པར་གཟིགས་མཆོད་པའི་བར་གྱིས་གྲངས་མེད་གསུམ་རྫོགས་ཏེ་ས་བཅུ་རྫོགས་པ་ཡིན་ཏེ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །ཉན་ཐོས་དག་དེ་ཐམས་ཅད་ཚོགས་ལམ་དུ་འདའ་བར་འདོད་དེ། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སྟོན་པ་དང་རང་སངས་རྒྱས་སྦྱོར་ལམ་དྲོད་ཐོབ་པའི་རྟེན་ལས་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་ཐོབ་པར་འདོད་པས་སོ། །གྲངས་མེད་འཛིན་པའི་ས་མཚམས་ཀྱང་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་བརྟན་ཁྱད་པར་འགྲོ་བ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་དང་། དཀོན་མཆོག་སྤྲིན་ལས། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱའི། ཐོག་མའི་སེམས་བསྐྱེད་པ་ན་བརྩམས་ཏེ་དེ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །བཟང་བ་དགེ་བའི་རྩ་བ་སྟོབས་ཅན་དང་། སྨོན་ལམ་གྱི་སྟོབས་ཅན་དང་། སེམས་བརྟན་ཏེ་བར་མ་དོར་མི་ལྡོག་པ་དང་། ཁྱད་པར་དུ་འགྲོ་བ་སྟེ་ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་མི་འཛིན་པ་ནམ་བྱུང་ནས་སངས་རྒྱ་བའི་བར་ལ་གྲངས་མེད་གསུམ་བརྩམ་མོ། །བསག་པར་བྱ་བའི་ཚོགས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་ཕྱེ་བའོ། །འོ་སྐོལ་གྱི་སྟོན་པ་སངས་རྒྱ་བ་མྱུར་བ་ཡིན་ལ་གཞན་གྲངས་མེད་སུམ་ཅུ་རྩ་གཉིས་དང་། སྨོན་ལམ་ཅི་ཙམ་རྫོགས་པའི་བར་འབྱམས་ཀླས་པ་སྟེ་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་བཞིན་ནོ། །ཐ་མ་སངས་རྒྱས་པའི་ཚུལ་ནི་རྒྱུད་བླ་མར། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་༼༦༽གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཞེས་པའི་མཛད་པ་དང་པོ་ནི་འོད་སྲུང་དགའ་ལྡན་ནས་འཕོ་བའི་དུས་རྒྱལ་ཚབ་ཏུ་དབང་བསྐུར་བ་དམ་པ་ཏོག་དཀར་པོ་ལྷ་རྣམས་ལ་ཆོས་སྟོན་པའི་མཐར། དེ་ལ་ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ལྷའི་རོལ་མོ་དག་ལས། བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་པ་ལ་སོགས་པས་བསྐུལ་བས་རིན་པོ་ཆེའི་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ནས། གྲོགས་པོ་དག་ཁོ་བོ་ནི་འཛམ་བུའི་གླིང་དུ་སངས་རྒྱར་འགྲོ་སྟེ། ཁྱེད་ལ་མ་ཕམ་པས་ཆོས་སྟོན་པར་འགྱུར་རོ། །ཞེས་རྒྱལ་ཚབ་ཏུ་བཀོད། ལྷའི་འཁོར་རྣམས་ཀྱིས་འཛམ་བུའི་གླིང་དེང་སང་རྟོག་གེ་བ་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིས་པས་གཤེགས་པའི་སྐབས་མ་ལགས་སོ་ཞེས་གསོལ་བ་ལ། ཉི་མའི་འོད་ཀྱིས་འོད་གཞན་ལྟར་ཟིལ་གྱིས་གནོན་པར་ནུས་སོ་ཞེས་གསུངས་ནས། བྲམ་ཟེའི་རིག་བྱེད་ནས་བྱུང་བ་ལྟར་གླང་པོ་ཆེན་པོའི་རྣམ་པར་བབས་ནས། དགུན་འདས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་སྟེ། ཇི་སྐད་དུ། གསེར་གྱི་དྲ་བས་ལེགས་གཡོགས་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་པའི། །གྱ་ནོམ་བདེ་བས་ཤིན་ཏུ་བདེ་གྱུར་ཏེ། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། །ཅེས་སོ། །དེ་ནས་ལྷུམས་དེར་རྒྱལ་སྲས་རྣམས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་རང་བྱུང་བར་ཟླ་བ་བཅུ་གཉིས་ལྷ་དང་མི་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་མཛད་དོ། །དེ་ནས་འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །ཞེས་གསུངས་པས་ས་གའི་ཉ་ལ་ལུམྦི་ནིའི་༼༧༽ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་བཙས་ཏེ། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། ཀླུས་ཁྲུས་གསོལ་བ་དང་། ཕྱོགས་རྣམས་སུ་གོམ་པ་བདུན་བདུན་བོར་ནས་སེངྒེའི་སྒྲ་བསྒྲགས་སོ། །དེའི་ཚེ་བཀྲ་ཤིས་པའི་དགེ་ལྟས་སུམ་ཅུ་རྩ་གཉིས་བྱུང་སྟེ། ཕྱོགས་ཐམས་ཅད་གསེར་འོད་ཀྱི་སྣང་བས་གཏམས་པ་དང་། ཡུལ་ཆེན་པོ་བཞིར་རྒྱལ་ཕྲན་བཞི་བཙས་པ་དང་། ཡ་རབས་ཀྱི་མི་ལྔ་བརྒྱ། གྲགས་འཛིན་མ་སོགས་བུ་མོ་བརྒྱད་བརྒྱ། འདུན་པ་སོགས་བྲན་ལྔ་བརྒྱ། བསྔགས་ལྡན་སོགས་རྟེའུ་ཁྲི། རྟེའུ་མོ་ཁྲི། བ་གླང་ཁྲི། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་། སྐྱེད་ཚལ་ལྔ་བརྒྱ་དང་། གཏེར་ལྔ་བརྒྱའང་བྱུང་བས་རྒྱལ་པོའི་དོན་ཐམས་ཅད་གྲུབ་པས་སྲས་ཀྱི་མཚན་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་བཏགས་སོ། །ལྟས་མཁན་རྣམས་ཀྱིས་ཁྱིམ་ན་གནས་ན་མཐའ་བཞི་ལས་རྣམ་པར་རྒྱལ་བའི་འཁོར་ལོས་བསྒྱུར་བ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །ཞག་བདུན་ན་ཡུམ་ཚེའི་དུས་བྱས། སྐྱེ་དགུའི་བདག་མོ་ལ་སོགས་པའི་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་སྐྱེད་བསྲིངས་ཏེ། དེ་ནས་སེར་སྐྱའི་གཞིར་བྱོན་པ་ན་ཤཱཀྱ་གཟུ་ལུམ་ཅན་རྣམས་ཐུབ་པ་བཞིན་གནས་པས་ཤཱཀྱ་ཐུབ་པ་དང་། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་ལ་སོགས་པས་ཕྱག་བྱས་པས་ལྷའི་ཡང་ལྷ་དང་། གླང་པོ་ཆེ་སྟོང་ཐུབ་ཅེས་པས་མཚན་བཞི་ཐོགས་སོ། །ཀུན་གྱི་བཤེས་གཉེན་དང་། སྲིད་སྒྲུབ་དང་། ཞང་པོ་ལྷར་བཅས་སོགས་ལས་ཡི་གེ་དང་། རྩིས་དང་། སྒྱུ་རྩལ་དང་། འཕོང་ལ་སོགས་པ་འཇིག་རྟེན་པས་བསླབ་པའི་གནས་སློབ་པའི་གྲྭར་བྱོན་ཐམས་ཅད་ལ་སློབ་དཔོན་བས་ལྷག་པར་བསྟན་ཏོ། །ཁབ་བཞེས་པར་ཞུས་པས་སྔར་མ་གནང་ཞིང་ནན་གྱིས་གསོལ་བས། ལྗན་ལྗིན་འདམ་གྱི་ཁྲོད་ནས་པདྨ་རྣམ་པར་རྒྱས། །མི་རྣམས་གང་བའི་ནང་ནས་རྒྱལ་པོ་མཆོད་པ་ཐོབ། །སྔོན་ཆད་རྒྱལ་བ་རྣམས་ཀྱང་བཙུན་མོའི་འཁོར་ནས་ནི། །མངོན་པར་བྱུང་ནས་ཞི་བ་ཐོབ་པ་ཡིན་སྙམ་དགོངས། །ཞལ་གྱིས་བཞེས་ཏེ་བཙུན་མོའི་ཕྱིར་དུ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་གྲགས་འཛིན་མ་རྒྱལ་བའི་རུ་མཚོན་དུ་བཞག་ནས་དགུང་ལོ་བཅུ་བདུན་པ་ལ་བཟོའི་གནས་ལ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བསྟན་ནས། སྦེད་མ། རི་དྭགས་སྐྱེས་ཏེ་བཙུན་མོའི་གཙོ་མོ་གསུམ་འཁོར་བུད་མེད་བཟང་མོ་དྲུག་ཁྲི་དང་བཅས་པ་བསུས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་རྩེ་དགས་རོལ་ཏོ། །དེ་ལ་ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་བསྐུལ་བ་ཆོས་ཉིད་༼༨༽ཡིན་པས་རོལ་མོའི་སྒྲ་སྐད་ལས། འཆི་མེད་མྱ་ངན་མེད་པར་སངས་རྒྱས་ནས། །སྐོམ་པས་རབ་གདུངས་བདུད་རྩིས་ཚིམ་བྱ་ཞེས། །སྔོན་གྱི་སྨོན་ལམ་ཚིག་མཆོག་དྲན་བགྱིས་ལ། །གྲོང་ཁྱེར་འདི་ནས་མྱུར་དུ་མངོན་པར་འབྱུང་། །ཞེས་སོགས་བསྐུལ་བ་གསན་ཞིང་། ཕྱོགས་བཞིར་རྒ་བ་དང་ན་བ་དང་འཆི་བ་དང་དགེ་སློང་གི་དངོས་པོ་གཟིགས་ནས་ཁྱིམ་ལ་སྐྱོ་བར་བསྟན། རབ་ཏུ་བྱུང་བའི་ཕྱིར་ཐབས་ཀྱིས་ཡབ་ལ་གནང་བ་ཞུས་ནས་ལྷ་རྣམས་ཀྱིས་གྲོགས་བགྱིས་ཏེ་བསྔགས་ལྡན་ལ་ཆིབས་ཏེ་སེར་སྐྱའི་ཡུལ་ནས་ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་སྤོང་བྱེད་ཀྱི་ཡུལ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་སླེབས། རྟ་དང་ན་བཟའ་འདུན་པ་དང་བཅས་སློགས་ཤིང་། རྒ་འཆི་མེད་པའི་གནས་མཆོག་འཆི་མེད་པ། །འཆི་མེད་བྱང་ཆུབ་དམ་པ་མ་ཐོབ་པར། །ང་ནི་སེར་སྐྱའི་གྲོང་ཁྱེར་མངོན་ཕྱོགས་ཏེ། །འགྲེང་འདུག་ཉལ་དང་འཆག་པར་མི་བྱའོ། །ཞེས་གསུངས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ངུར་སྨྲིག་བཞེས་ཏེ་རབ་བྱུང་གིས་བསྙེན་པར་རྫོགས་སོ། །རྟོག་གེ་བ་གདམ་ངག་ཆེ་བར་གྲགས་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་ཅི་ཡང་མེད་དང་སྲིད་རྩེའི་སྙོམས་འཇུག་གི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་དོ། །འདིས་ངེས་པར་མི་འབྱུང་ངོ་ཞེས་སུན་ཕྱུང་ནས། དེ་དག་གི་འཁོར་ལྔ་སྡེ་དང་འགྲོགས་ནས་ཆུ་ཀླུང་ནཻ་རཉྫྱ་ནའི་འགྲམ་དུ་ཕྱིན་ཏེ་ཟས་སྐོམ་བཅད་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་དཀའ་བ་ལོ་དྲུག་སྤྱད་དོ། །སྐུའི་མདངས་ནག་པོ་དང་རིད་པར་གྱུར་པས་དགེ་སྦྱོང་ནག་པོ་ཞེས་སྨྲེང་ངོ་། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་སེ་གོལ་གྱི་སྒྲས་བསླང་སྟེ་མི་གཡོ་བའི་ཏིང་ངེ་འཛིན་དེ་བསྐྱུར་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་ཕུལ་བའི་འོ་ཐུག་སྦྲང་རྩིའི་སྙིང་པོ་ཅན་གསོལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གསོས་ཤིང་། རྒྱུད་ལས། དེའི་ཚེ་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་གྱི་ལྷའི་ཁང་བཟང་དུ་གཤེགས་ནས། དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་ཙམ་དུ་དེ་གང་བར་འདུས་པ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ནོད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། སླར་སྤྲུལ་པའི་སྐུ་དེ་ལ་ཞུགས་ནས་འཚང་རྒྱ་བའི་ཚུལ་བསྟན་པས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་སངས་རྒྱ། །ཞེས་གསུངས། ལང་གཤེགས་ལས་ཀྱང་། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །༼༩༽འདོད་ཆགས་བྲལ་ཁྱོད་སངས་རྒྱའོ། །ཞེས་གསུངས་པ་ཐེག་པ་ཆེ་ཆུང་གི་ཁྱད་དུ་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་གའི་ཉ་ལ་ཆོས་ཀྱི་གཡེའི་དགོན་པ་མ་ག་དྷ་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོའི་སྤོ་ཨ་ཤྭ་ཏྠའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ་ཀླུ་ཆེན་ནག་པོས་མིག་ཐོབ་པས་སངས་རྒྱས་སུ་འགྱུར་བར་ཤེས་ལ། ལམ་དུ་རྩྭ་ཚོང་བཀྲ་ཤིས་ལ། བཀྲ་ཤིས་ང་ལ་རྩྭ་ཞིག་མྱུར་དུ་སྦྱིན། །དེ་རིང་ང་ལ་རྩྭ་ཡིས་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ཞི་བ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ནས་རྨ་བྱའི་མགྲིན་པའི་སྤུ་ལྟ་བུའི་རྩྭ་སྤར་གང་བླངས་ནས་བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་ཤིང་སྟོང་བྱུང་ཞིང་། སེངྒེའི་ཁྲི་སྟོང་བྱུང་བའི་གསུམ་ལ་བསྐོར་བ་མཛད་བཞི་པ་ལ་བཞུགས་སོ། །ལྔ་སྡེ་ནི་འདིས་དཀའ་བ་སྤྱོད་པ་ལས་ཉམས་སོ་སྙམ་ནས་དེ་སྤངས་ཏེ་ཀ་ཤིའི་ཡུལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སོང་ངོ་། །རྩྭའི་གདན་དེ་ལ་བཞུགས་ནས། གདན་འདིར་བདག་གི་ལུས་འདི་སྐམ་པའམ། །པགས་པ་རུས་པའི་ཚོགས་རྣམས་ཞིག་གྱུར་ཀྱང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་དོ། །དེ་ནས་སྲོད་ལ་བདུད་ལས་མ་རྒྱལ་བར་བདག་འཚང་རྒྱ་བར་མི་རིགས་སོ་སྙམ་ནས་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་འཇོམས་པའི་འོད་བཀྱེ་བས་སྟོང་གསུམ་ཁྱབ་པར་མཛད་པ་ལས། སེམས་ཅན་དག་པ་བསྐལ་མང་སྤྱད་སྤྱོད་པ། །ཟས་གཙང་སྲས་པོ་རྒྱལ་སྲིད་རབ་སྤངས་ཏེ། །ཕན་བྱེད་བདུད་རྩི་མངོན་པར་འདོད་པས་བྱུང་། །ཤིང་དྲུང་འོངས་ཀྱི་དེ་རིང་སྒྲིམ་པར་གྱིས། །ཞེས་བྱ་བ་འབྱུང་བ་དང་། སྡིག་ཅན་ལ་རྨི་ལམ་ངན་པ་སུམ་ཅུ་རྩ་གཉིས་བྱུང་ནས་བདུད་ཀྱི་དམག་དཀྲིགས་ཕྲག་བཅུ་འདུས་ཏེ། གནོད་སྦྱིན་གྲུལ་བུམ་དང་ནི་ལྟོ་འཕྱེའི་གཟུགས། །སྲིན་པོའི་གཟུགས་དང་ཤ་ཟ་ཡི་དྭགས་གཟུགས། །འཇིག་རྟེན་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་རྒྱུ་ཡིས་དེ་ནི་སྤྲུལ་པ་བྱས། །ཞེས་དང་། ཕྱོགས་རྣམས་ཀུན་ནས་རི་ཡི་ཕྲེང་བ་དང་། །མཁའ་ལས་བྲག་དང་མཚོན་གྱི་ཆར་པ་དང་། །རྡོ་རྗེ་འབར་བ་མངོན་པར་ཕབ་པ་ཡིས། །ཤཱཀྱའི་བུ་དེ་ཐལ་བར་བརླག་པར་བྱ། །ཞེས་འཇིགས་འཇིགས་སུ་སྨྲའོ། །ཤཱཀྱའི་རྒྱལ་པོ་རྟེན་ཅིང་འབྲེལ་འབྱུང་ཆོས། །དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་ཏེ། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོ་ཅན་དཔུང་ཚོགས་དག་གིས་བརྫི་བ་མེད། །ཅེས་བྱང་ཆུབ་སེམས་༼༡༠༽དཔའ་ལ་འཇིགས་པའི་བག་ཙམ་ཡང་མེད་ལ། བྱམས་པའི་ཐུགས་མངའ་བས་ཕས་ཀྱིས་འཕངས་པའི་མཚོན་ཆ་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་ཏོ། །ཡང་སྡིག་ཅན་གྱིས། སྔོན་ཆད་ཁོ་བོས་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ལ་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་དེ་ནི་ཕམ་པ་ཡིན། །ཞེས་རྒྱུ་ལམ་བསྒྲུབ་པ་ལ་སྐུར་པ་བཏབ་པས། རྒྱལ་པོའི་སྲས་ཀྱིས་ཕྱག་གཡས་ས་ལ་བརྡབས་ཏེ། ས་འདི་འགྲོ་བ་ཀུན་གྱི་དཔང་ཡིན་ཏེ། །རྒྱུ་དང་མི་རྒྱུ་ཉེ་རིང་མེད་པར་སྙོམས། །འདི་ནི་བདག་གི་དཔང་སྟེ་རྫུན་མེད་པས། །ས་ཁྱོད་འདི་ལ་བདག་གི་དཔང་བྱོས་ཤིག །ཅེས་གསུངས་པས། ས་རབ་ཏུ་གཡོས་ཤིང་སའི་ལྷ་མོ་ལུས་ཕྱེད་ཕྱུང་ནས། སྐྱེས་བུ་ཆེན་པོ་དེ་བཞིན་ཏེ། དོན་འདི་ལ་བདག་མངོན་སུམ་དུ་གྱུར་པ་ལགས་མོད་ཀྱི། བཅོམ་ལྡན་འདས་ཉིད་འཇིག་རྟེན་ཐམས་ཅད་ཀྱི་དཔང་ལགས་སོ་ཞེས་གསོལ་ལོ། །སྡིག་ཅན་དཔུང་དང་བཅས་པས་སྒྲ་དེ་ཐོས་པ་དང་། ནགས་སུ་སེངྒེའི་སྒྲ་སྒྲོག་ཝ་ཚོགས་དང་། །བྱ་རོག་རྡོ་འཕངས་མོད་ལ་བྱེར་བ་བཞིན། །དངངས་སྐྲག་སྙིང་འགས་ཙམ་དུ་ཐམས་ཅད་བྲོས། །ཞེས་པས། དེ་ནས་བྲོས་ཏེ་འདོད་པའི་དབང་ཕྱུག་མྱ་ངན་གྱི་ཁང་བུར་ཞུགས་སོ། །དེའི་ཚེ་གཙང་མའི་ལྷས་སྡིག་ཅན་ལ་རྣམ་པ་བཅུ་དྲུག་གིས་སྨད་ཅིང་། ཤིང་གི་ལྷས་བྱང་ཆུབ་སེམས་དཔའ་ལ་རྣམ་པ་བཅུ་དྲུག་གིས་བསྟོད་དོ། །དེ་ལྟར་བདུད་ཀྱི་དཔུང་ཆེན་པོའི་གཡུལ་ངོ་ལས་རྒྱལ་བས་རྒྱལ་བ་ཞེས་པའི་མཚན་ཐོབ་ཅིང་། ནམ་གུང་ལ་བྱང་ཆུབ་སེམས་དཔས་བསམ་གཏན་བཞི་བསྐྱེད། བཞི་པའི་རབ་མཐར་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ལ་བརྟགས་ཏེ། རིག་པ་གསུམ་བསྐྱེད་ནས་ནམ་གྱི་ཆ་སྨད་རྔ་བརྡུང་བ་ཙམ་གྱི་ཚོད་ལ་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཤིང་ཏ་ལ་བདུན་སྲིད་ཙམ་དུ་འཕགས་ཏེ་ལམ་གྱི་རྒྱུད་ནི་ཆད་དོ་ཞེས་པ་ལ་སོགས་པས་ཆེད་དུ་བརྗོད་དོ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྐྱེས་ཕུལ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་པ་ལྟར་ཁྱོད་སངས་རྒྱས་ཏེ། དཔེར་ན་མར་དང་མར་གྱི་ཉིང་ཁུ་མཚུངས་པ་བཞིན་ནོ་ཞེས་བསྔགས། སྡེ་བརྒྱད་ཀྱི་ཚོགས་ཆེན་པོས་མཆོད་དོ། །སངས་རྒྱས་ཞེས་བྱ་བ་ནི་སྐུ་གསུམ་མཛད་པ་དང་བཅས་པའི་རང་བཞིན་ཏེ། སངས་རྒྱས་མ་ཐག་ནས་སེམས་ཅན་ཇི་སྙེད་པའི་སྐུ། དེ་སྙེད་པའི་གསུང་། དེ་མཁྱེན་པའི་ཐུགས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་སམ། གསང་༼༡༡༽བ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། །། ༈ གཉིས་པ་དེས་བསྟན་པ་རིན་པོ་ཆེའི་སྒྲོམ་བཅས་པའི་ཚུལ་ནི། སངས་རྒྱས་ནས་ཞག་བདུན་ཕྲག་དང་པོ་ལ་ནི་ངས་འདིར་སྡུག་བསྔལ་མཐར་ཕྱུང་ངོ་སྙམ་ནས་སྐྱིལ་ཀྲུང་མ་བཤིག་པར་བྱང་ཆུབ་ཀྱི་བདེ་བ་བསྟེན་པ་ནི་ཆོས་ཉིད་དེ། སངས་རྒྱས་སྟོབས་བཅུ་མངའ་བ་རྣམས། །གང་དུ་སྨོན་རྫོགས་དབང་བསྐུར་བའི། །ས་ཡི་སྙིང་པོ་ཞག་བདུན་དུ། །རྒྱལ་བའི་སྐྱིལ་མོ་ཀྲུང་མི་བཤིག །ཅེས་སོ། །གཉིས་པ་ལ་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ཤིང་། གསུམ་པ་རྒྱ་མཚོའི་བར་དུ་འཆག བཞི་པ་སྟོང་གསུམ་རིང་དུ་འཆག ལྔ་པ་ཀླུ་བཏང་བཟུང་གི དྲུག་པ་ཤིང་ནྱཱ་གྲོ་དྷའི་དྲུང་དུ་ཀུན་ཏུ་རྒྱུ་དག་ལ། ཆོས་ཐོས་པ་དང་མཐོང་བ་བདེ། །དབེན་པར་དགའ་བ་བདེ་བ་ཡིན། །ང་རྒྱལ་ང་རྒྱལ་གང་འདུལ་བ། །དེ་ནི་བདེ་བ་ཡིན་སོགས་གསུངས། །བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་ཚོང་པ་ག་གོན་དང་བཟང་པོའི་སྤུན་གྱིས་བསོད་སྙོམས་ཕུལ་བ་ན། རྒྱལ་པོ་བཞི་ལས་རྡོའི་ལྷུང་བཟེད་བཞེས་ཏེ་གཅིག་ཏུ་བྱིན་གྱིས་བརླབས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་པ་ལ་སོགས་ཤིས་པ་བརྗོད་པ་གསུངས་ཏེ། དེ་གཉིས་སངས་རྒྱས་སུ་ལུང་བསྟན། དེ་ནས་འདི་སྙམ་དུ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་གནས་པར་བྱའོ་སྙམ། །ཞེས་དགོངས་ཤིང་། འཇིག་རྟེན་ཀུན་ལ་སྙིང་བརྩེ་མཐའ་ཡས་པ། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྡོད། །སྐྱེ་བོ་འདི་ཀུན་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །སྙམ་སྟེ་འོད་བཀྱེ་བས། སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས་གྲོགས་སྦྲན་ཏེ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པས་ཐལ་མོ་སྦྱར་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་ཀུན་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་པས་བསྐུལ་བས། ཅང་མི་གསུང་བར་གནང་སྟེ་སོང་ངོ་། །སྟོན་པ་ཡང་ཐུགས་ལས་ཆུང་བ་ལ་གཞོལ་བ་དང་། དེས་བརྒྱ་བྱིན་སྦྲན་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་༼༡༢༽པར་ཤེས་རབ་འོད་འབྱུང་གསོལ། །ཅེས་སོགས་གསོལ་བས་ཅང་མི་གསུང་པ་ལ། ཚངས་པས། ཀུན་ཏུ་འཚལ་བར་འགྱུར་པ་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས། ཚངས་པ་ང་ཡི་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས་བདེ་བླག་རྟོགས་མ་ཡིན། །ཞེས་གསུངས་པས། འཇིག་རྟེན་དུ་དབང་པོ་རཏལ་འབྲིང་རྣོན་པོ་དག་ཀྱང་མཆིས་པས། འབྲིང་པོ་དག་གི་ངོར་བསྟན་པར་ཞུས་ཏེ། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་སོགས་ཀྱིས་ཞལ་གྱིས་བཞེས་སོ། །ཐོག་མར་འདུལ་སླ་བ་སུ་ལ་ཆོས་བསྟན་སྙམ་པ་དང་། ལྷག་སྤྱོད་ལ་སྟོན་པར་དགོངས་པས་དེ་འདས་ཏེ་ཞག་བདུན་ལོན་པར་གཟིགས་སོ། །དེ་བཞིན་དུ་རིང་འཕུར་ལ་སྟེ་དེའང་འདས་ནས་ཞག་གསུམ་ལོན་པས་ད་ནི་ལྔ་སྡེ་ལ་བསྟན་པར་བྱའོ། །ཞེས་དགོངས་པས་མ་ག་དྷ་ནས་གསལ་ལྡན་དུ་བྱོན་པར་བཞེད་དེ། བྱང་དུ་རི་ག་ཡ་དང་། ལྟེང་རྒྱས་དང་། ཙན་ད་ལར་དང་། གྲོང་ཁྱེར་ཁ་ལོ་སྒྱུར་ནས་གངྒཱའི་འགྲམ་དུ་གཤེགས་ཏེ། མཉན་པས་གྲུ་བཙས་བླངས་ཏེ། ང་ལ་གྲུ་བཙས་མེད་ཅེས་མཁའ་ལ་གཤེགས་ནས་ལྔ་སྡེ་གང་དུ་གནས་སར་བྱོན་ནོ། །དེའི་ཚེ་ལྔ་སྡེས་རྒྱང་རིང་པོ་ནས་བྱོན་པ་མཐོང་ནས། དགེ་སྦྱོང་གོའུ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདིར་འོང་གི སུས་ཀྱང་བསུ་བར་མི་བྱ། ལྡང་བར་མི་བྱ། ཆོས་གོས་དང་ལྷུང་བཟེད་བླང་བར་མི་བྱ། སྟན་ལྷག་མ་འདི་ལ་འདོད་ན་འདུག་ཅིག་ཟེར་བའི་འོག་ཁྲིམས་བཅས་ཏེ། ཀཽ་དི་ནྱས་སེམས་ཀྱིས་ཁས་མ་བླངས་སོ། །དེར་བྱོན་པ་དང་ལྔ་སྡེས་གཟི་བརྗིད་མ་བཟོད་ནས་ཁྲིམས་དྲལ་ཏེ་སྟན་ལས་ལངས་ནས་ལ་ལ་བསུ། ལ་ལ་གདན་འདིངས། ལ་ལ་ཞབས་བཀྲུ་བའི་ཆུ་བཤམས་ནས། ཁྱོད་ལེགས་པར་བྱོན་ཏོ། །གདན་འདི་ལ་བཞུགས་སུ་གསོལ་ཅེས་གསོལ་བ་དང་། སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ་མགུ་བར་བྱ་བའི་ཕྱིར་གཏམ་མང་པོ་བྱས་ཏེ། ལྔ་སྡེས་ཚེ་དང་ལྡན་པ་གོའུ་ཏ་མ་དབང་པོ་གསལ་ལ་པགས་པ་ནི་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མ་ཟེར་ཅིག ཡུན་རིང་པོ་མི་བདེ་བར་གྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཁྱེད་ཅག་གིས་འོག་ཁྲིམས་འདི་ལྟར་མ་བཅས་སམ་ཞེས་བཀའ་བསྩལ་པས། འགྱོད་དེ་སྟོན་པའི་ཞབས་ལ་གཏུགས་ཏེ་ཉེས་པ་བཤགས་ནས་༼༡༣༽ཡང་དག་པའི་ལམ་ལ་ངེས་ཤེས་འདྲོངས་པས་ལྔ་སྡེ་དགེ་སློང་གི་དངོས་པོར་གྱུར་ཏེ། དེ་དག་ཁྱིམ་པ་བཞིན་དུ་བགོ་བ་ལ། ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ་ཞེས་བསླབ་པ་བཅས་སོ། །ཕལ་ཆེར་ལྔ་སྡེས་མཐོང་ལམ་ཐོབ་པ་དང་བསྙེན་པར་རྫོགས་སོ་ཟེར་ཏེ། ཆོས་ཀྱི་འཁོར་ལོའི་མདོ་རྒྱ་རོལ་ལ་སོགས་པར་དེའི་སྔོན་དུ་དགེ་སློང་དག་ཅེས་བྱུང་བས། ལམ་དེ་ཐོབ་པ་མ་ཡིན་ཀྱང་ལམ་དེ་ལ་ཡིད་ཆེས་པའོ། །ཆུ་སྟོད་ཀྱི་ཚེས་བཞི་ལ་སྟོན་པས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་སྙམ་པ་དང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སྔོན་གྱི་སངས་རྒྱས་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གཟིགས་ནས། ཕྱོགས་དེར་ཁྲི་སྟོང་བྱུང་བའི་གསུམ་ལ་བསྐོར་བ་མཛད། བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ལྔ་སྡེ་བཟང་པོ་དང་། སྡེ་ཆེན་པོ་བརྒྱད་དང་། ཕྱོགས་བཅུའི་སེམས་དཔའ་དག་ལྷགས་ནས་སྟོང་ཆེན་པོ་འདིའི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་ལུས་པར་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚངས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཕྱག་འཚལ་ནས་ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པ། ཉིན་མོར་བྱེད་པ་འདིའང་ཟིལ་གྱིས་གནོན་པ། སྔོན་གྱི་རྒྱལ་བ་གསུམ་གྱིས་བཞེས་པ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ། དེའི་ཚེ་རི་དྭགས་རུ་རུ་གསེར་གྱི་ཁ་དོག་ཅན་ཟུང་ནགས་ནས་ཐོན་ཏེ་འཁོར་ལོའི་རྩེ་མོ་ལ་མིག་རྩེ་གཅིག་ཏུ་ལྟ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ནམ་གྱི་ཆ་སྟོད་ལ་འཕགས་པའི་མི་སྨྲ་བར་བཞུགས། གུང་ཐུན་ལ་འབེལ་བར་གྱུར་པའི་གཏམ་དག་གསུངས། ནམ་གྱི་ཆ་སྨད་ལ་ལྔ་སྡེ་ལ་བོས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བར་མཛད་པས་སྟོང་ཆེན་འདི་ན་བདེན་བཞི་གཅིག་པུའི་མིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད་པ་ཅིག་ཅར་གྲགས་པར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་ཀྱང་གྲོགས་པོ་དག་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པ་འགའ་ཡང་མ་བསྐོར་བ་ཞིག་བསྐོར་བས་ལྷའི་རིགས་འཕེལ་ཞིང་། ལྷ་མ་ཡིན་གྱི་རིགས་ཉམས་སོ་ཞེས་སྒྲ་བསྒྲགས་སོ། །བཟླས་པ་དང་པོས་ཀོའུ་དི་ནྱ་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་སྐྱེས། གཉིས་པར་དེ་དགྲ་བཅོམ་པས་དཀོན་མཆོག་གསུམ་གྲུབ། ལྷག་མ་རྣམས་ལ་གཉིས་པ་ལ་ཆོས་ཀྱི་མིག གསུམ་པས་དགྲ་བཅོམ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དགེ་བཟང་གི་གཙུག་ལག་ཁང་བཞེངས། གྲགས་པ་སོགས་ཉེ་བའི་ལྔ་སྡེ་གྲོང་པའི་གཙོ་བོའི་ཁྱེའུ་ལྔ་བཅུ་ཀ་ཏྱ་ཎ་༼༡༤༽འཁོར་ལྔ་བརྒྱ་དང་བཅས་རབ་ཏུ་བྱུང་། དེ་ནས་མ་ག་དྷར་གཤེགས་ནས་བཟང་སྡེའི་ཚོགས་དྲུག་ཅུ། ལྟེང་རྒྱས་སུ་གཤེགས་ཏེ་འོད་སྲུང་རལ་པ་ཅན་སྤུན་གསུམ་འཁོར་སྟོང་དང་བཅས་པ། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་འཁོར་ལྔ་བརྒྱ་དང་བཅས་པ་བསྙེན་པར་རྫོགས་ཏེ་དགྲ་བཅོམ་ཐོབ། མཆོག་ཟུང་འཁོར་ལྔ་བརྒྱ་དང་བཅས་པའི་ཕྱེད་ལྗོངས་རྒྱུར་བཏང་། ཕྱེད་དང་འོད་སྲུང་རལ་པ་ཅན་འཁོར་བཅས་ཚོགས་པ་སྟོང་ཉིས་བརྒྱ་ལྔ་བཅུ་ལ་འདུས་པ་དང་པོ་ཞེས་གྲགས་སོ། །ཆོས་ཀྱི་འཁོར་ལོ་དེས་ནི་སྐྱེས་བུ་ཆུང་ངུའི་ལམ་ཞར་ལ་བསྟན་ཅིང་སྐྱེས་བུ་འབྲིང་གི་ལམ་གཙོ་བོར་བསྟན་ཏོ། །དེ་ལ་བདེན་པའི་དེ་ཉིད་ཀྱི་ཚུལ་ཞེས་ཀྱང་བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཚལ་ཕུལ་ལོ། །ལོ་དྲུག་པ་ལ་ཡབ་སྲས་མཇལ། ལོ་བཅུ་གསུམ་གྱི་བར་དུ་བསྟན་པ་ལ་སྐྱོན་མེད་ཅིང་། སོ་སོར་ཐར་པའི་མདོའང་བསྡུས་པ་འདོན་ནོ། །གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་འཁོར་རྣམ་པ་བཞི་དང་། ཁྱད་པར་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེངྒེའི་ཁྲི་བཤམས་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིང་བ་སྔོན་དུ་བཏང་ནས་སྐྱིལ་མོ་ཀྲུང་བཅས། སྐུ་དྲང་པོར་བསྲངས། དྲན་པ་སྔོན་དུ་བཞག་པར་མཛད་ནས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཐོག་མ་དང་། བར་དང་། མཐའ་མར་དགེ་བ་ལ་སོགས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་སྟོན་པར་མཛད་པ་དེའང་ཚིག་ལྷུར་ལེན་པ་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་འཕགས་པ་སྟོང་ཕྲག་བརྒྱ་པ་དང་། སྤྲོས་ཏེ་གོ་བ་བར་མ་ལ་དགའ་བ་རྣམས་ལ་དོན་ཐམས་ཅད་བསྡུས་ནས་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཤེས་རབ་ཁྲི་པ། འགོ་སྨོས་པས་གོ་བ་བསྡུས་པ་ལ་དགའ་བ་ལ་དེའི་ཡང་དོན་ཐམས་ཅད་བསྡུས་ནས་བརྒྱད་སྟོང་པ། ཚིགས་སུ་བཅད་པ་ལ་ཞེན་པ་རྣམས་ཀྱི་ཆེད་དུ་འབུམ་གྱི་དོན་ཐམས་ཅད་བསྡུས་ནས་ཡོན་ཏན་རིན་པོ་ཆེ་སྡུད་པ་གསུངས་པར་སེངྒེ་བཟང་པོ་འཆད་ལ། སྔོན་གྱི་བོད་སྟོན་དག་རྒྱས་པ་ལ་བྱེ་བ་ཕྲག་བརྒྱ་པ། འབུམ་ཕྲག་བརྒྱ་པ་ཞེས་ཀྱང་གསུངས་སོ། །དེ་བསྐོར་བའི་ཚེ་ལྷའི་བུ་དག་གིས་སྨྲས་པ། ཀྱེ་མ་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་ཆེད་དུ་བརྗོད་པས་སོ། །རྒྱུའི་ཐེག་པ་ཐམས་ཅད་དེར་འདུ་བས་འདི་ནི་སྐྱེས་བུ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་གྲགས་སོ། །དུས་ཀྱང་གནས་བརྟན་སྡེ་པའི་གཞུང་དང་བསྟུན་ན། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་བཅུ་དྲུག་པ་ལའོ། །ཆོས་ཀྱི་འཁོར་ལོ་གསུམ་པར་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་༼༡༥༽ལས་གསུངས་པའི་ཕྱི་མའང་འདིར་གཏོགས་ལ། རྒྱ་བོད་ཀྱི་མཁས་པ་མང་པོས་དེའི་ཕྱི་མ་སེམས་ཙམ་དུ་འགྲེལ་ཡང་འཐད་པར་མ་མཐོང་སྟེ། དེ་དང་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོར་གསུངས་པའི་བདེ་གཤེགས་སྙིང་པོ་སྦྱང་ཚུལ་གསུམ་བཤད་པའི་གསུམ་པ་འགྲིག དོན་དབུ་མ་པས་ལྟ་བ་ཀུན་ཟློག་ཅེས་བཞག་པའི་སྐབས། དེའི་དབང་ལས་འདིའི་གདུལ་བྱ་ལ་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་གསུངས། དེའི་དོན་ཐེག་པ་གང་དུ་ཞུགས་ཀྱང་མཐར་འདིར་ཞུགས་དགོས་པ་དགོངས་པ་ཡིན་ཏེ། དེར་མ་ཞུགས་ན་སངས་རྒྱ་བ་མི་སྲིད་པས་སེམས་ཅན་ཐམས་ཅད་སངས་རྒྱ་བའི་བཤད་པའང་དོན་མེད་པར་འགྱུར་བ་ཡིན་ནོ། །འཁོར་ལོ་གཉིས་པོ་བསྐོར་བ་ལ་དུས་དང་པོ་ལོ་བདུན། བར་པ་ལོ་ཉེར་བདུན་དང་སོ་གཅིག་ཟེར་བ་རིགས་པ་མ་ཡིན་ཏེ། དེའི་རིགས་སུ་གཏོགས་པ་དག་ཐོག་མ་དང་མྱ་ངན་ལས་འདའ་ཁའི་བར་དུ་གསུངས་པས་སོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ནི་རྡོ་རྗེ་ཐེག་པ་སྟེ། ཨུ་རྒྱན་ལ་སོགས་པའི་ཡུལ་དུས་སྣ་ཚོགས་པར་ཐོ་རེ་ལོང་ངེ་གསུངས་པ་ཡོད་ཀྱང་། གསང་སྔགས་ཐམས་ཅད་དུས་གཅིག་ཏུ་བསྐོར་བ་ནི་འབྲས་སྤུངས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཏེ། འདིའི་དུས་ཀྱང་སངས་རྒྱས་པའི་ཕྱི་ལོར་འདོད་པ་ནི་མདོ་སྡེ་གདམ་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་འཇམ་དཔལ་གྱིས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་དང་འགལ་བས་ནོར་བའོ། །དེར་དུས་ཀྱི་འཁོར་ལོ་གཅིག་པུ་མ་ཡིན་པ་གསང་སྔགས་ཐམས་ཅད་བསྟན་པར་དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་དང་། དེའི་དོན་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་བར། འདིར་ངེས་པར་དཔལ་ལྡན་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེན་པོར། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེངྒེ་ཞེས་བྱ་བ་ལ་རྒྱུད་སྣ་ཚོགས་ཉན་པར་འདོད་པ་རྣམས་ཀྱི་གསོལ་བ་བཏབ་པས། དཔྱིད་ཟླ་འབྲིང་པོའི་ཉ་ལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་༼༡༦༽དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་རྣམས་ལ། སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པ་དང་བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ་ཞེས་གསུངས་པས་སོ། །དཔལ་ལྡན་འབྲས་སྤུངས་ལའང་མན་ལུང་གུ་རུ་དངོས་སུ་བྱོན། དེས་ལོ་རྒྱུས་བྲིས་ཏེ་བོད་དུ་བསྐུར་བ་ལ་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས། སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ཞིག་གིས་འབྲས་སོ་བའི་ཆར་ཕབ། དེ་ལ་རྨངས་ལྷ་ལ་སོགས་པའི་སྡེ་བརྒྱད་དང་། སྟོད་མི་རྫུ་འཕྲུལ་ཐོབ་པ་དག་གིས་བཞེངས་ཤིང་། ཕྱིའི་ལྕགས་རི་འདི་ཤཱཀྱ་ཐུབ་པའི་བསྟན་པ་ལ་རྒྱལ་པོ་བ་ལ་མཻ་ཏྲི་ཞེས་པས་མཛད་ཟེར་བ་བྱུང་། དེ་ཚད་མར་མཛད། མཁས་པ་བུ་དོལ་ཡང་དེར་འཆད་པས་གྲགས་ཚོད་ནི་དེ་སྐད་ཆེ། ཡང་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། རྒ་ལོ་ཙཱ་བ་གཞོན་ནུ་དཔལ་གཉིས་ཀྱིས་ཨ་བྷ་ཡ་དང་ཙ་མིའི་གསུང་བསྐྱར་བར། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་འོག་མིན་དུ་ཐེག་པ་ཆེན་པོ་མ་ལུས་པ་གསུངས་ཤིང་ཁམས་གསུམ་འདིར་སེམས་ཅན་ཐམས་ཅད་ལ་གསང་སྔགས་སྟོན་པར་བཞེད་ནས་ཁམས་གསུམ་གྱི་གཙོ་བོ་ཚངས་པ་དང་། དབང་ཕྱུག་དང་། བརྒྱ་བྱིན་ལ་བསྟན་ན་ཁམས་གསུམ་ཀུན་ལ་དར་བར་འགྱུར་བར་དགོངས་ཏེ། འཛམ་བུ་གླིང་གི་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྐྱེ་བ་བཞེས་ནས་རབ་ཏུ་བྱུང་བ་དང་། དཀའ་བ་སྤྱད་པ་དང་། སངས་རྒྱས་པའི་ཚུལ་བསྟན་ནས། དབང་པོ་ཐ་མ་ལ་ཉན་རང་གི་ཐེག་པ། འབྲིང་ལ་ཕར་ཕྱིན་དང་མདོ་སྡེ་ཟབ་མོ་རྣམས་གསུངས་ནས་དབང་པོ་རྣོན་པོ་འདོད་ཆགས་ཅན་རྣམས་སྨིན་པར་བྱ་བའི་དོན་དུ་ལྷོ་ཕྱོགས་འབྲས་སྤུངས་སུ་གཤེགས་ཏེ། ལྷ་ཆེན་པོ་བཞི་ལ་སོགས་པ་སྣོད་དུ་རུང་བར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་ངོ་བོ་གཅིག་པར་བཞེངས་ནས། ལྷ་ཆེན་བཞི་ཤཾ་བྷ་ལའི་རྒྱལ་པོ་འཁོར་བཅས་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ནས་ཐེག་པ་ཆེན་པོ་གསང་སྔགས་མ་ལུས་པ་གསུངས་སོ། །དེའི་ཚེ་དབང་ཕྱུག་ཆེན་པོ་ལ་བུ་བརྒྱད་ཡོད་པའི་ཆུང་ཤོས་ནག་པོ་ཆེན་པོ་དབང་ཡོན་དུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ནས་དེ་ལ་བསྟན་པ་གཏད་ནས་སྔར་ཕྱི་རོལ་པའི་ནག་པོ་ཡིན་ཡང་། དེ་ཕྱིན་ཆད་སངས་རྒྱས་པའི་ནག་པོ་འཇིག་རྟེན་ལས་འདས་པ་ཡིན་ནོ། །དེ་ལྟར་དབང་བསྐུར་ནས་༼༡༧༽དཀྱིལ་འཁོར་མ་བསྡུས་པར་བཞག་པས་དེ་གང་གིས་མཐོང་བ་ཐམས་ཅད་གྲོལ་ལོ། །དེ་ལ་ལྷ་ཆེན་བཞི་ཕྲག་དོག་སྐྱེས་ནས་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་པ་ལས་ལྷའི་བཟོ་བོ་བི་ཤྭ་ཀརྨ་བཟོར་བཅུག་ནས་མཆོད་རྟེན་བརྩིགས་ནས་དེ་ལ་སྒོ་བཞག་གོ །དེ་ནས་གང་གིས་མཐོང་བ་རྣམས་ཀྱང་གྲོལ་ལོ། །དེ་ཡང་གསང་ནས་བཞག་པ་ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་བྱའོ། །དེ་ལ་ད་ལྟའང་སྐོར་བ་ཞག་བདུན་གྱི་བར་དུ་བྱས་ན་དངོས་གྲུབ་ཐོབ་བོ། །དེ་ལ་སྔོན་ལྷ་ཆེན་བཞི་ལ་དབང་བསྐུར་བའི་རྟགས་སུ་མཆོད་རྟེན་གྱི་ཕྱོགས་བཞི་ན་རྒྱང་གྲགས་ཙམ་དུ་ཤར་དུ་ཚངས་པ། ལྷོར་དབང་ཕྱུག ནུབ་ཏུ་ཁྱབ་འཇུག བྱང་དུ་གཞོན་ནུ་གདོང་དྲུག་དང་བཞི་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལ་བཞེངས་སུ་བཅུག་པ་ལ་ད་ལྟ་མུ་སྟེགས་རྣམས་མཆོད་པ་ཆེན་པོ་བྱེད་དོ་ཞེས་དང་། ཡུལ་དེའང་སྔོན་རྒྱལ་པོ་གསེར་མདོག་གི་དུས་རང་སངས་རྒྱས་ཀྱིས་འབྲས་སོ་བའི་ཆར་ཕབ་པས་དེ་སྐད་གྲགས་པ་ཡིན་གསུང་ངོ་། །འདི་འཐད་པ་བཟང་སྟེ། དྲི་མེད་འོད་ལས། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ནྱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གིས་རྣམ་པར་ཕྱེ་བའི་མཚན་ཉིད་ཅན་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་རྣམ་པར་སྤྲོས་སོ་ཞེས་གསུངས། རྒྱུ་སྐར་གྱི་དཀྱིལ་འཁོར་ཅེས་པའང་མཆོད་རྟེན་གྱི་ཕྱོགས་བཞིར་ཀ་བ་དྲུག་དྲུག ཟུར་ལ་བཞི་ཡོད་པས་དེའི་དབང་དུ་མཛད་ནས་ཐ་སྙད་དེ་སྐད་བཏགས་པ་ཡིན་ལ། རྒྱུ་སྐར་གྱི་དཀྱིལ་འཁོར་ཡང་དུས་དེ་ཉིད་དུ་སྤྲོས་པར་བཤད་པས་སོ། །ཞུ་བ་པོའང་། དེ་ལས་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ཤཾ་བྷ་ལའི་ཡུལ་ཀ་ལ་པའི་གྲོང་དུ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་འཁྲུངས་པ་ཟླ་བ་བཟང་པོ་ཞེས་དང་། ཡང་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ། །དེ་བཞིན་གཤེགས་པས་ཀྱང་ཆུ་བོ་སི་ཏཱའི་བྱང་ཕྱོགས་ཤམ་བྷ་ལ་ལ་སོགས་པ་ཡུལ་རྣམས་སུ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་སེམས་རྣམ་པར་དག་པ་སྐལ་བ་དང་ལྡན་པ་ཉིད་དུ་གནས་པར་གཟིགས་ནས་རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པ། རྡོ་རྗེའི་ཚིག་རབ་ཏུ་གསལ་བས་ཕྱེད་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་༼༡༨༽གཉིས་པ་ཡང་དག་པར་བསྟན་ཏོ་ཞེས་དང་། འདིའི་དུས་ནི་སྟོན་པ་དགུང་ལོ་དོན་དགུ་པ། རྒྱལ་པོ་དེས་རྒྱལ་སྲིད་བཟུང་ནས་ལོ་དགུ་བཅུ་རྩ་དགུ་པའོ། །སངས་རྒྱས་ནས་ལོ་བདུན་པ་ལ་སུམ་ཅུ་རྩ་གསུམ་དུ་ཡུམ་གྱི་དོན་མཛད་དེ་གསལ་ལྡན་དུ་ལྷ་ལས་བབས་པ་དང་། མཉན་ཡོད་དུ་མུ་སྟེགས་སྟོན་པ་དྲུག་ལ་བརྟེན་ནས་ཆོ་འཕྲུལ་ཆེན་པོ་བསྟན་པ་སོགས་མཛད་ནས་མྱ་ངན་ལས་འདའ་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཀུན་དགའ་བོ་གང་སུའང་རུང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་སྒོམ་མང་དུ་བྱས་པ་དེ་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་གི་བར་དུའང་འདུག་གོ །དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་སྒོམ་མང་དུ་བྱས་པས་དེ་བཞིན་གཤེགས་པ་བཞེད་ན། བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུའང་བཞུགས་སོ། །ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྐུལ་ཡང་། ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཟེར་རོ། །དེ་ནས་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས་ཟླ་བ་གསུམ་ནས་འདའ་བར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་ནི་སྤངས་སོ། །དེའི་ཚེ་ས་གཡོས། སྐར་མདའ་ལྟུང་། ཕྱོགས་ཚིག་གོ །བྲི་ཛིའི་ཤིང་ཤ་པའི་ཚལ་དུ་བྱོན་ཞིང་དེར་ས་གཡོས་པ་མྱུར་དུ་མྱ་ངན་ལས་འདའ་བའི་རྒྱུར་བསྟན་ནས། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་སུ་གཟུང་ལ། དེ་ལྟ་མིན་ན་མི་གཟུང་ངོ་སོགས་བཀའ་སྩལ། མགར་བའི་བུ་ཙུནྡས་བཤོས་གསོལ། ཟླ་བ་གསུམ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་སྟེ་རྩྭ་ཅན་དུ་བྱོན། སྐུ་དངོས་ཀྱི་གདུལ་བྱ་ཐ་མ་དྲི་ཟ་རབ་དགའ་དང་། ཀུན་ཏུ་རྒྱུ་རབ་བཟང་བཏུལ་དེ་དགེ་སློང་དག་དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་ལྟ་བ་ནི་རྙེད་པར་དཀའ་ཡི། དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དགེ་སློང་དག་རེ་ཞིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ་གསུངས་ནས་བསམ་གཏན་བཞི། གཟུགས་མེད་བཞི་འགོག་སྙོམས་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྙོམས་པར་༼༡༩༽ཞུགས་ནས། སླར་བསམ་གཏན་བཞི་ལ་ཞུགས་ཏེ་རབ་མཐའ་ལས་མྱ་ངན་ལས་འདས་སོ། །དེ་མ་ཐག་ས་གཡོས། སྐར་མདའ་ལྟུང་། ཕྱོགས་ཚིག ལྷའི་རོལ་མོའི་སྒྲ་བསྒྲགས། འོད་སྲུང་ཆེན་པོས་དེ་མཐོང་ནས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་དགེ་འདུན་རྣམས་མྱུར་དུ་སྐུ་གདུང་མ་ཉམས་པ་ལ་བལྟ་བའི་ཕྱིར་རིངས་པར་འགྲོའོ་ཞེས་བསྐུལ་ལོ། །དེའི་ཚེ་གྱད་རྣམས་ཀྱིས་གདུང་འཁོར་ལོས་སྒྱུར་བ་ལྟར་བྱས་ཏེ་ཞུགས་ལ་ཞེན་པར་འདོད་ཀྱང་མེ་མ་འབར་བས། མ་འགགས་པས་འོད་སྲུང་མ་སླེབ་པ་ཡིན་པར་ཤེས་ཏེ་སྨྲས་པ་དང་། འོད་སྲུང་སླེབས་ཏེ་སྒྲོམ་ཕྱེ་རས་དང་ཤིང་བལ་བསལ་ཏེ་སྐུ་མ་ཉམས་པ་ལ་ཕྱག་བྱས་སོ། །དེ་ནས་ཀུན་ཤེས་ཀོའུ་དི་ནྱ། སྐུལ་བྱེད། འོད་སྲུང་སྟོབས་བཅུ་པ། འོད་སྲུང་ཆེན་པོ་བཞིས་ཤིང་བལ་གྱི་འདབ་མ་གཞན་དང་རས་ཟུང་ལྔ་བརྒྱ་གཞན་གྱིས་ཀྱང་དཀྲིས་ཏེ་ལྕགས་ཀྱི་སྒྲོམ་བུར་བཅུག འབྲུ་མར་གྱིས་བཀང་། དྲི་ཞིམ་པའི་ཤིང་ཐམས་ཅད་སྤུངས་པས་མེ་རང་འབར་དུ་གྱུར་ཏེ། ཀུན་དགའ་བོས། རྣམ་པར་འདྲེན་པ་རིན་ཆེན་སྐུ་མངའ་བ། །རྫུ་འཕྲུལ་ཆེན་པོས་ཚངས་པའི་འཇིག་རྟེན་གཤེགས། །སངས་རྒྱས་སྐུ་ལ་རས་ཟུང་ལྔ་བརྒྱ་དང་། །ཆོས་གོས་སྟོང་སྙེད་ཀུན་ཏུ་དཀྲིས་གྱུར་པ། །ཉིད་ཀྱི་གཟི་བརྗིད་ཀྱིས་ནི་སྐུ་གདུང་དང་། །ཤིན་ཏུ་དཀྲིས་པ་རབ་ཏུ་ཚིག་པར་འགྱུར། །དེ་ལ་ཆོས་གོས་གཉིས་ནི་མ་ཚིག་པ། །ནང་རིམ་དང་ནི་ཕྱི་རིམ་འདི་རྣམ་གཉིས། །ཞེས་དང་། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡིས་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེའི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་གསུངས་སོ། །བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིན་པ་གསོད་དང་ཀཽ་ཤམྦི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །༼༢༠༽ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་དང་། མྱ་ངན་ལས་འདས་ཆེན་རྒྱ་གར་འགྱུར་ལས། དཔྱིད་ཟླ་ཐ་ཆུང་ས་གའི་ཚེས་བཅོ་ལྔའི་མཚན་མོའི་དགུང་ཐུན་ལ་འདས་པར་བཤད་དོ།། །། ༈ གསུམ་པ་དེ་གཅེས་སྤྲས་སུ་མཛད་པའི་མཁན་པོ་ཇི་ལྟར་བྱོན་པ་ཆེ་ལོང་ཙམ་འཆད་པ་ལ་སྡུད་པ་པོས་བསྡུས་ཚུལ། བསྟན་པའི་གཏད་རབས། ཐེག་ཆེན་ཇི་ལྟར་རྒྱས་པའི་ཚུལ་འཆད་པ་གསུམ་ལས། དང་པོ་ནི་སྟོན་པ་མ་འདས་གོང་ཙམ་དུ་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་བརྒྱད་ཁྲི། མོའུ་འགལ་གྱི་བུ་བདུན་ཁྲི། སྟོན་པ་འཁོར་ཁྲི་བརྒྱད་སྟོང་དང་བཅས་པ་དང་། གཞན་ཡང་ཕལ་ཆེར་གྲོངས་པས་ཚེ་བསྐལ་པ་མང་པོ་ཐུབ་པའི་ལྷ་རྣམས་སྟོན་པའི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་པས་སྡེ་སྣོད་གསུམ་མི་སྒྲོག་གོ་ཞེས་འཕྱ་བ་བསལ་བའི་ཕྱིར། འོད་སྲུང་ཆེན་པོས་དགེ་འདུན་འདུ་བ་ལ་གང་པོ་བཀོད་ནས། གང་པོས་རབ་མཐའི་བསམ་གཏན་ལ་ཞུགས་ཏེ་བལྟས་ནས་གཎྜྻཱི་བརྡུངས་པས། བ་ལང་བདག་མ་གཏོགས་པ་འདུས་སོ། །དེ་འབོད་པར་ཕྱིན་པས་སངས་རྒྱས་མྱ་ངན་ལས་འདས་པ་ཐོས་པས་དེའང་མྱ་ངན་ལས་འདས་སོ། །དེ་ནས་འོད་སྲུང་ཆེན་པོས་དགེ་སློང་དག་ཉོན་ཅིག ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང་། །དབང་ཅན་ཚོགས་ནས་དེ་སྲིད་འགྲོ་བར་བྱ། །ཇི་ལྟར་བསོད་ནམས་ལས་ཀྱི་གཞིར་གྱུར་པ། །ཤིར་ཤ་ཀ་ཡི་སེམས་མཆོག་བ་ལང་བདག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོངས་ཕྱིར་ཚོགས་ནས་བློ་གྲོས་བྱ། །ཞེས་ཁྲིམས་སུ་བཅས་ནས་སྨྲས་པ། འདིར་ཆོས་ཀྱི་ཚུལ་བཤད་ན་དགེ་སློང་མང་པོ་འོངས་ན་གཡེང་བར་བྱེད་པས་མ་ག་དྷར་འགྲོའོ་ཟེར་ནས་སློབ་པའི་དགེ་སློང་གཞན་ཟློག་ཅིང་ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐོས་ནས། ཀུན་དགའ་བོ་དགེ་འདུན་དང་བཅས་པ་ལྗོངས་རྒྱུ་ཞིང་སོང་། འོད་སྲུང་ཆེན་པོ་དྲང་པོ་ནས་སོང་སྟེ་རྒྱལ་པོའི་ཁབ་ཏུ་སོང་བ་དང་མ་སྐྱེས་དགྲས་མཐོང་སྟེ་སྟོན་པ་དྲན་ནས། གླང་པོ་ཆེ་ལས་ལྷུངས་པ་འོད་སྲུང་གིས་བཟུང་ནས་ཕྱིར་དེ་ལྟར་མི་བྱེད་པར་བཅས་ཏེ། ལྷའི་གནས་འདིར་ཆོས་ཀྱི་ཚུལ་༼༢༡༽བགྲོ་བར་འཚལ་ལོ་ཞེས་སྨྲས་པས་ལེགས་ཀྱི། བདག་གིས་ཡོ་བྱད་ཐམས་ཅད་སྦྱར་རོ། །དེ་ན་འདུས་ཏེ་ནྱ་གྲོ་དྷའི་ཕུག་ཏུ་རྒྱལ་པོས་ཡོ་བྱད་ཐམས་ཅད་སྦྱར་ནས་དབྱར་གནས་པར་ཁས་བླངས་ནས། འོད་སྲུང་ཆེན་པོས་ཀུན་དགའ་བོ་སྤྱོ་བས་འདུལ་བར་ཤེས་ནས་ཉེས་པ་བསྒྲགས་ཏེ་བསྐྲད་དོ། །དེས་བྲི་ཛིའི་གྲོང་དུ་སོང་ནས་བྲི་ཛིའི་བུས་གཡོག་བྱས་ཏེ་ཆོས་འཆད་པའི་ཚེ། དེས་མཁན་པོའི་སེམས་ལ་བརྟགས་ནས། གོའུ་ཏ་མ་བག་མེད་མ་མཛད་པར། །ཤིང་དྲུང་ཐིབས་པོ་བསྟེན་ན་མྱ་ངན་འདའ། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །དེ་ལྟར་སྤོང་བྱེད་བུ་ཡི་གདམ་ངག་ལས། །ཉིན་མོ་དང་མཚན་མོའི་ཐུན་དང་པོ་ལ་འཆག་པ་དང་འདུག་པས་སེམས་ཀྱི་སྒྲིབ་པ་སྦྱངས་ཏེ། གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་ནང་དུ་གློ་གཡས་པ་ཕབ་སྟེ་སྔས་ལ་མགོ་མ་བཞག་པ་ཁོ་ནར་དགྲ་བཅོམ་སྟེ། སླར་ནྱ་གྲོ་དྷའི་ཕུག་ཏུ་ཕྱིན་ནོ། །དེ་ནས་འོད་སྲུང་གིས་ཕྱི་མའི་དུས་ཀྱི་དགེ་སློང་བརྗེད་ངས་པ་རྣམས་ཀྱི་དོན་དུ། སྔ་དྲོ་ཚིགས་བཅད་དང་། ཕྱི་དྲོ་ལྷག་པར་བགྲོ་ཞིང་། དེ་ཡང་སྔར་མདོ་སྡེ་བསྡུ་བར་བགྲོས་པ་དང་། འོད་སྲུང་གིས་ཀུན་དགའ་བོ་ལ་སྤྲོ་བ་དྲིས། གསོལ་གཉིས་ཀྱི་ལས་ཀྱིས་མདོ་སྡེ་བསྡུ་བར་བསྐོས་ནས། སེངྒེའི་ཁྲི་དགྲ་བཅོམ་པ་བཞི་བརྒྱ་གོ་དགུས་སྣམ་སྦྱར་བཏིང་། དེ་ལ་ཀུན་དགའ་བོ་འདུག་སྟེ། འོད་སྲུང་གིས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དགའ་བོས། སྟོན་པའི་ཡོན་ཏན་དྲན་པས་ཁ་བྱང་ཆུབ་སྙིང་པོར་བལྟས་ཐལ་མོ་སྦྱར་ཏེ་སྒྲས་ཁྱབ་པར་ཆོས་ཡང་དག་པར་སྡུད་པའི་མན་ངག་བཞིན་དུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་དག་མ་ཐོས་པའི་ཆོས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སོགས་བསྡུས་པ་ན། ཀུན་ཤེས་ཀོའུ་དི་ནྱས། བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ། བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས། རུས་པའི་རི་ལས་བརྒལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་ཐར་པའི་སྒོ་ནི་ཕྱེ་སྟེ། འདི་བཤད་༼༢༢༽པས་བདག་དང་ལྷ་བརྒྱད་ཁྲིས་ཆོས་ཀྱི་མིག་ཐོབ། དེ་རིང་འདི་སྐད་ཐོས་ཞེས་བཤད་དེ། ཀྱེ་མ་ཐམས་ཅད་མི་རྟག་པར་ཁྱད་མེད་དོ། །ཞེས་སྨྲས་ནས་སྟན་ལས་བབས་ཏེ་འདུག་གོ །དེ་བཞིན་གཞན་རྣམས་ཀྱང་བསྟན་ལས་བབས་ཏེ་བདག་ཅག་གིས་ཆོས་བཤད་པ་མངོན་སུམ་དུ་མཐོང་བ་ལས་མི་རྟག་པའི་སྟོབས་ཀྱིས་བཅོམ་ལྡན་འདས་དེའང་ཐོས་པའི་ལམ་དུ་གཤེགས་པར་གྱུར་ཏོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་པས། ཀུན་དགའ་བོ་ཁྱོད་ཀྱི་ལུང་དེ་ཡིན་ནམ། དེས་བདག་གི་ལུང་དེ་ལགས་སོ། །ཁྱེད་ཅག་གི་ལུང་དེ་ལྟ་བུ་ལགས་སམ། དེ་ཁོ་ནའོ། །དེ་ནས་འོད་སྲུང་གིས་མདོ་སྡེ་དང་པོ་བསྡུས་ནས་གང་གིས་ཀྱང་མ་ཟློག་པས་ཆོས་སོ་སྙམ་ནས། ཀུན་དགའ་བོ་ལ་མདོ་སྡེ་གཉིས་པ་གང་དུ་བཤད། འདི་སྐད་ནས། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན་སྐྱེ་བའི་སྡུག་བསྔལ་དང་། སོགས་དང་། མདོ་སྡེ་གསུམ་པ་གང་དུ་བཤད། འདི་སྐད་ནས། དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ་ཞེས་སོགས་ཀུན་དགའ་བོས་བཟླས་པས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་པས་གཞུང་དུ་བྱས་ཏེ་ཕུང་པོ་དང་ལྡན་པ་ནི་ཕུང་པོར། སྐྱེ་མཆེད་དང་ལྡན་པ་ནི་སྐྱེ་མཆེད་དང་། རྟེན་འབྲེལ་དང་འཕགས་པའི་བདེན་པ་རིག་པ་དང་ལྡན་པ་ནི་གླེང་གཞི་དང་ལྡན་པར། ཉན་ཐོས་ཀྱི་བཤད་པ་མང་བ་དེ་ནི་ཉན་ཐོས་ཀྱི་བཤད་པར། སངས་རྒྱས་ཀྱི་ནི་སངས་རྒྱས་ཀྱི་བཤད་པར། བྱང་ཕྱོགས་དང་ལྡན་པ་ནི་ལམ་གྱི་ཡན་ལག་ཏུ། བརྗོད་པ་མང་བ་ནི་ཡང་དག་པར་བརྗོད་པའི་སྡེར། ཚིགས་བཅད་བརྗོད་པ་ནི་ཡང་དག་པར་ལྡན་པའི་མིང་དུ། ལུང་རིང་པོ་ནི་རིང་པོར། བར་མ་ནི་བར་མར། ཚིག་གཅིག་ལ་སོགས་པ་ནི་གཅིག་ལས་འཕྲོས་པའི་ལུང་ཞེས་བསྡུས་ཏེ་བཞག་གོ །དེ་ནས་འོད་སྲུང་གིས་ལུང་དེ་སྙེད་ཅིག་གམ། དེ་སྙེད་ལགས་ཏེ་འདི་ལས་ལྷག་པ་མེད་དོ་ཞེས་སྨྲས། ཁྲི་ལས་བབས་ཏེ་ས་ལ་འདུག་གོ །དེ་ནས་ཉེ་བར་འཁོར་ལ་སྤྲོ་བ་བྱས་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་འདུལ་བ་བསྡུ་བར་བསྐོས་ཏེ། ཉེ་བར་འཁོར་ཁྲི་ལ་བཞག་ནས་བཅོམ་ལྡན་འདས་ཀྱིས་བསླབ་གཞི་དང་པོ་གང་དུ་བཅས། ཝཱ་རཱ་ཎ་སཱིར་རོ། །གང་གི་དོན་དུ་ན་ལྔ་སྡེའི་དོན་དུ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་ཞེས་བཅས་སོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་མངོན་ཤེས་ཀྱིས་བལྟས་ཞེས་པ་ནས་ཆོས་སོ་སྙམ་སྟེ། བསླབ་གཞི་གཉིས་པ་གང་དུ་བཅས། ཝཱ་རཱ་ཎ་སཱིར་༼༢༣༽ལྔ་སྡེ་ལ་ཆོས་གོས་ཟླུམ་པོར་བགོ་བར་བྱའོ། །བསླབ་གཞི་གསུམ་པ་གང་དུ་བཅས། ཀ་རྣམ་གཞག་ཀའི་གྲོང་དུ་བཟང་སྦྱིན་ལ་མི་ཚངས་སྤྱོད་ཕམ་པར་བཅས་པ་ནས། ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། སྤང་ལྟུང་དང་། ལྟུང་བྱེད་དང་། སོར་བཤགས་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བྱེད་དང་། རྗེས་བཅས་དང་། སྤང་གནད་དང་། རབ་བྱུང་དང་། གསོ་སྦྱོང་དང་། དགག་དབྱེ་དང་། ཕྲ་མོ་དང་། གླེང་གཞི་དང་། མོས་པ་ནི་འདིའོ། །ཞེས་འདུལ་བ་བསྡུས་ནས་ཉེ་བར་འཁོར་ཁྲི་ལས་བབས་སོ། །དེ་ནས་འོད་སྲུང་གིས་མ་མོ་ཞེས་བྱ་བ་ནི་བདག་ཁོ་ནས་བསྡུ་བར་བྱ་སྟེ་གསོལ་གཉིས་ཀྱི་ལས་བྱས་ནས། མ་མོ་ལྟ་བུ་ནི་ཤེས་བྱའི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་སྟེ། འདི་ལྟ་སྟེ་དྲན་པ་ཉེ་བར་བཞག་པ་བཞི་དང་ཞེས་སོགས་སྔར་བཞིན་ནོ། །དེ་ནས་ལྷ་རྣམས་ཀྱིས་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་ཏེ་ལྷ་འཕེལ། ལྷ་མ་ཡིན་འགྲིབས་སོ་ཞེས་བསྒྲགས་ཤིང་། ལྔ་བརྒྱས་ཡང་དག་པར་བསྡུས་པ་ཞེས་པའི་མིང་དུ་གྱུར་ཏོ། །དེ་ནས་འོད་སྲུང་ཆེན་པོས། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་འཆོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་གསལ་བས་སྒྲོན་མར་ཡང་དག་ལྡན། །ཞེས་སྦྱར་རོ། །ཐེག་ཆེན་ནི་རྒྱལ་པོའི་ཁབ་ཀྱི་བི་མ་ལ་སྭ་བྷཱ་ཝ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་སོ། །སྔགས་རྣམས་ནི་གཙོ་བོར་ཕྱག་ན་རྡོ་རྗེས་བསྡུས་པ་ཡིན་ནོ། །དེ་ལ་བསྡུ་བ་དང་པོ་ཞེས་གྲགས་ཏེ་བཀའ་འཐོར་བ་བསྡུས་པ་ནི་འདི་ཁོ་ན་ཡིན་ནོ། །སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་ཡངས་པ་ཅན་པའི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྟེ། ཨ་ལ་ལ་དང་རྗེས་སུ་ཡི་རང་སྤྱོད་པ་དང་། རྟགས་པ་དང་ནི་ལཉྫ་དག་དང་ལམ་དང་ནི། །སོར་མོ་གཉིས་ཀྱིས་རུང་དང་དཀྲུགས་དང་གདིང་བ་དང་། །གསེར་དངུལ་བྱས་པ་འདི་ནི་བར་སྡོམ་ཡང་དག་བསྡུས། །ཞེས་པའོ། །དེ་གནས་བརྟན་གྲགས་པས་ཐམས་ཅད་འདོད་ལ་སོགས་པ་ཀུན་དགའ་བོའི་སློབ་མ་དགྲ་བཅོམ་པ་བདུན་བརྒྱ་བསྡུས་ནས། རྒན་རིམ་དུ་གྲགས་པས། ཚེ་དང་ལྡན་པ་དག་ཨ་ལ་ལའི་རུང་ངམ་ཞེས་སོགས་ཀྱིས་དགེ་སློང་ཁ་ཅིག་ཅེས་མིང་མ་ཕྱུང་བར་བཟླས་ཏེ། རབ་ཏུ་སྤྱོས་ཏེ་དེ་བདག་ཅག་གིས་དོར་བར་བྱའོ་ཞེས་གཞི་རྒྱས་པར་བརྗོད་དེ་ཕྱིར་ཕྱུང་ནས། གཎྜྻཱི་བརྡུངས་༼༢༤༽ནས་ཡངས་པ་ཅན་གྱི་དགེ་སློང་རྣམས་བསྡུས་ཏེ་རྒན་རིམ་དུ་ཡངས་པ་ཅན་གྱི་དགེ་སློང་ཞེས་མིང་ཕྱུང་སྟེ། གཞི་བཅུ་རྒྱས་པར་བརྗོད་དེ། ཐམས་ཅད་ཀྱིས་དེ་བདག་ཅག་གིས་དོར་བར་བྱའོ་ཞེས་བརྗོད་པས་བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་གྲགས་སོ། །འདི་ལ་བཀའ་བསྡུ་གཉིས་པར་གྲགས་ཀྱང་འདུལ་བའི་བསླབ་པ་འགའ་ཞིག་ལོག་པར་སྤྱད་པ་བསལ་བ་ཙམ་མོ། །རྒྱལ་པོ་དྷརྨཱ་ཨ་ཤོ་ཀ་ཤི་བ་དང་། དགྲ་བཅོམ་པ་རྣམས་ཀྱིས་ཐ་མལ་པ་དང་། ཟུར་ཆག་པ་དང་། བར་མར་འདོན་པའི་ཚིག་ལ་མངོན་པར་ཞེན་པ་འདུལ་བའི་དབང་གིས་ཕྱིར་རིམ་གྱིས་གཞུང་གཞན་དང་གཞན་དུ་སྦྱར་ཏེ། རྒྱ་ཆེན་པོའི་སྐད་དུ་སྦྱར་བའི་མདོ་སྡེ་ལ་སོགས་པ་ལྟ་བུ་སྟེ། བསྟན་པ་བཅོ་བརྒྱད་ཀྱི་བར་དུ་གྱུར་པ་ཡིན་ནོ། །གྱེས་པ་བཅོ་བརྒྱད་བཀའ་ཡིན་མིན་ལ་རྩོད་པས་ལོ་དྲུག་ཅུ་རྩ་གསུམ་དུ་དགེ་འདུན་ཕྱེ་ཞིང་འཁྲུགས་ལོང་དུ་གྱུར་པ་བསལ་བའི་ཕྱིར་རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས། པུ་ཎི་ཀ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜྻི་ཏ་ཁྲི་དྲུག་སྟོང་འདུས་ནས། གྱེས་པ་བཅོ་བརྒྱད་ཀྱི་གཞུང་བཀའ་ཡིན་ཏེ། ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་སེམས་སྟོན་པས་མདོ་སྡེ་ལ་འཇུག མྱང་འདས་དང་མཐུན་ཞིང་ལྷག་པའི་ཤེས་རབ་སྟོན་པས་ཆོས་ཉིད་དང་མི་འགལ་བའི་ཕྱིར་དང་། ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པའི་ཕྱག་རྒྱ་གསུམ་གྱིས་བཏབ་པའི་ཕྱིར་དང་། སངས་རྒྱས་ཀྱི་གཞུང་ལ་དོན་གཙོ་བའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱིས་རྣམ་པར་དབྱེ་བ་མཛད་པའི་ཕྱིར། དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་ཕྱིར་དང་། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཤད་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་འདྲེན་པ་མཐོང་བ་དེ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། དེའི་རྣམ་པར་གྲོལ་བའི་རས་ནི་གྱེས་པར་མི་འགྱུར་བའོ། །ཞེས་གསུངས་པས་བཀར་བསྒྲུབས་སོ། །དེའང་ཕུང་སྐྱེ་ཁམས་གསུམ་མམ་དུས་གསུམ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བས་ཐམས་ཅད་ཡོད་པར་སྨྲ་བ། སཾ་སྐྲི་ཏའི་སྐད་ཀྱིས་བརྗོད་ཅིང་སྡེ་པ་གཞན་གྱི་ཆོས་ལུགས་འབྱུང་བའི་གཞི་ཡིན་པས་གཞི་ཐམས་ཅད་ཡོད་པར་སྨྲ་བའོ། །མཁན་པོ་རྒྱལ་རིགས་བསླབ་པ་ལ་གུས་པའི་མཆོག་སྒྲ་གཅན་འཛིན་བཟང་པོ་སྣམ་སྦྱར་ཉེར་ལྔ་པ་ནས་དགུ་པ་ཡན་ཆད་ལ་རྟགས་ཨུཏྤལ་དང་། རིན་པོ་ཆེ་དང་། ཤིང་ལོ་འབྱུང་ངོ་། །དགེ་འདུན་ཕལ་ཆེན་༼༢༥༽པ་ནི་དགེ་འདུན་ཕལ་ཆེ་བ་ཡིན་པས་དགེ་འདུན་ཕལ་ཆེན་པ་སྟེ་གྱེས་དུས་དགེ་འདུན་མང་བས་སོ། །མཁན་པོ་བྲམ་ཟེའི་རིགས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་འོད་སྲུང་ཆེན་པོ། སྐད་ཐ་མལ་པ། སྣམ་ཕྲན་ཉེར་ལྔ་ནས་བདུན་ཡན་ཆད་ལ་རྟགས་དུང་ངོ་། །སྐྱེ་བོ་མང་པོས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པས་མང་བཀུར་བ། མཁན་པོ་དམངས་རིགས་འདུལ་བ་འཛིན་པ་ཉེ་བར་འཁོར། སྐད་ཟུར་ཆག་པ་ཨ་ཝ་བྷྲམ་ཤ སྣམ་ཕྲན་ཉེར་གཅིག་ནས་ལྔ་ཡན་ཆད་ལ་རྟགས་མེ་ཏོག་སོ་རྩི་ཀའོ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་གནས་བརྟན་པ། མཁན་པོ་རྗེ་རིགས་མཐའ་ཁོབ་འདུལ་བའི་མཆོག་ཀ་ཏྱ་ཡ་ན། སྐད་འབྲིང་དུ་འདོན་པ། སྣམ་ཕྲན་དང་རྟགས་མང་པོས་བཀུར་བ་དང་མཐུན་པར་གྲགས་སོ། །དེ་ལྟར་བཅོ་བརྒྱད་པོ་ལྟ་བའི་ཁྱད་པར་ཆེ་བས། ལྟ་བའི་བྱེ་བྲག་འབའ་ཞིག་གིས། །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་སོ། །དུལ་ལྷས། ཤར་དང་ནུབ་དང་གངས་རི་དང་། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ལོ་དྲི་མཁན་པོས། ཕལ་ཆེན་ལ་དྲུག ཡོད་སྨྲ་ལ་བཞི། མང་བཀུར་ལ་ལྔ། གནས་བརྟན་ལ་གསུམ་དུ་འདོད་དོ། །དེ་ནས་རྣམ་གཞག་གཞན་གྱི་བཀའ་བསྡུ་གསུམ་པ་བཤད་པ་ནི་རྣམ་པར་འཁྱམས་པའོ། །བསྡུ་བ་གསུམ་པ་འདིའང་ཕྲན་ཚེགས་ལས། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་རྒྱལ་པོ་ཀནིཥྐ་འབྱུང་བར་ལུང་བསྟན་པས་རྒྱལ་པོ་དེའི་སྲིད་སྐྱོང་བའི་རིང་ལ་ཡིན་པས། སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཙམ་ལའོ། །དེའི་ཕྱིར་བསྐལ་བཟང་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱར་གནས་པ་དང་། ཆོས་ལྟར་སྣང་བ་ནི་ལོ་ལྔ་བརྒྱར་ཏེ། སྟོང་གནས་པར་བཤད་པའང་འདི་ལ་དགོངས་ཏེ། ལྔ་བརྒྱ་དེ་སྲིད་བསྟན་པ་ཐ་དད་དུ་མ་གྱུར། དེ་ནས་ཚུལ་མང་པོར་བཤད་པས་སོམ་ཉིར་གྱུར་ཐམས་ཅད་ཀྱི་དགོས་ནུས་མཚུངས་པ་ཙམ་གྱིས་བཀར་བསྒྲུབས་པ་སྟེ། དོན་ཉན་ཐོས་ཀྱི་སྡེ་སྣོད་ཁོ་ན་དབྱིག་གཉེན་གྱི་དུས། ཡང་དག་༼༢༦༽བསྡུ་བའི་གཞི་ཉམས་ཕྱིར། །ཞེས་སྨོས་པས་ཀྱང་ཤེས་སོ། །དྲི་མེད་འོད་ལས། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ་ཞེས་པས་བཀའ་བསྡུ་དང་པོའི་དུས་ཉིད་དུ་གཞུང་ཡི་གེར་བཀོད་ཀྱང་། དུས་ཀྱི་དཔེ་འཕྱུགས་ནས་དང་པོའི་གཞུང་ལ་གཏུག་རྒྱུ་མ་བྱུང་བར་མངོན་ལ། གཞན་དག་ཡི་གེར་མ་བཏབ་ལ། བློ་ནས་བཏོན་པའི་སྐྱོན་ཡིན། གསུམ་པའི་དུས་ཡི་གེར་བཀོད་ཅེས་གྲགས་སོ།། །། ༈ གཉིས་པ་བསྟན་པའི་གཏད་རབས་ནི། སྟོན་པས་འོད་སྲུང་ཆེན་པོ་ལ་སྟན་ཕྱེད་བསྟབས། རྒྱལ་ཚབ་ཏུ་མངའ་གསོལ། དེ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལའང་བསྟན་པ་གཏད་པ་ཡིན་ལ། འོད་སྲུང་ནི་ཡུལ་མ་ག་དྷའི་བྲམ་ཟེའི་གྲོང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ནྱ་གྲོ་དྷའི་ཏོག་གི་བུས་ནྱ་གྲོ་དྷའི་ལྷ་ལ་གསོལ་བ་བཏབ་པ་ལས་སྐྱེས་པས་ནྱ་གྲོ་དྷ་ལས་སྐྱེས་སམ། རིགས་ལས་དྲས་ཏེ་འོད་སྲུང་། སེར་སྐྱ་བཟང་མོ་ཞེས་བྱ་བ་གསེར་གྱི་མདོག་ཅན་གྱི་བུད་མེད་མཛེས་མ་མཆིས་བྲང་དུ་བཀུག་ཀྱང་ཕན་ཚུན་ཕུ་ནུ་བཞིན་ལས་ཆགས་པའི་སེམས་སྐད་ཅིག་ཀྱང་མ་སྐྱེས་པ། ཕ་མ་ཤི་ནས་ཁྱིམ་གྲོང་པ་དོར་དགུ་བརྒྱ་གོ་དགུ གསེར་བྱེ་བ་དྲུག་ཅུ། གསེར་གྱི་ནས་རྫང་བརྒྱད་ཅུ་ཡོད་པ་རྩྭ་བཞིན་དུ་དོར་ནས་རས་ཀ་ཤི་ཡུག་ཟུང་ཐོགས་ཏེ། སེར་སྐྱ་བཟང་མོ་ནི་གཅེར་བུ་པ་དག་གི་དྲུང་དུ་བཏང་། རང་ཉིད་སྟོན་པ་མངོན་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་བུ་མང་མཆོད་རྟེན་གྱི་འགྲམ་དུ་བཞུགས་སར་ཕྱིན། མཐོང་མ་ཐག་ཏུ་དེ་ལ་སྟོན་པའི་འདུ་ཤེས་སྐྱེས་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་དུ་ཞུས་ཤིང་། བཅོམ་ལྡན་འདས་ཀྱིས་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ལ། ཁྱོད་ནི་ང་ཡི་ཉན་ཐོས་ཡིན་ནོ་ཞེས་ལན་འདེབས་པ་མཛད་པ་གསུམ་པའི་མཐར་བསྙེན་པར་རྫོགས་པ་ཐོབ་སྟེ་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཏུ་བསྔགས་སོ། །སྟོན་པའི་སྣམ་སྦྱར་ཕྱག་དར་ཁྲོད་པ་རང་གིས་གཟུང་། རས་ཀ་ཤི་ཀ་སྟོན་པ་ལ་ཕུལ་ལོ། །དེ་ཡང་སྟོན་པ་ལྷ་ནས་བབས་ཁར་ལྷ་མང་པོ་བདུད་རྩིའི་ཕྱིར་འཛམ་བུ་གླིང་དུ་འཕོས་པ་སྟོན་པ་དང་དགུང་མཉམ་ཙམ་མོ། །འོད་སྲུང་གིས་བཀའ་རྣམས་ལེགས་པར་བསྡུས་ཏེ་བསྟན་པ་བསྐྱངས་ལ། དེའི་ཡུན་ཡང་སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞུས་པའི་ལན་དུ། ཀུན་དགའ་བོ་དགེ་སློང་འོད་སྲུང་དང་ཁྱེད་གཉིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ་ཞེས་གསུངས་པ་གཉིས་ཀ་བསྡོམས་པ་མ་ཡིན། ཡིན་ན་ཉི་མ་གུང་༼༢༧༽པ་ལུང་བསྟན་པའི་དུས་དང་མི་འགྲིགས་པས་སོ་སོས་བཞི་བཅུ་ལྷག་ཙམ་རེའོ། །དེ་ལྟར་འོད་སྲུང་གིས་སྟོན་པའི་གསུངས་ཅི་ནུས་སུ་བསྒྲུབས་ཤིང་གདུལ་བྱ་མང་པོ་རྣམ་པར་གྲོལ་བ་ལ་བཀོད་ནས་བསྟན་པ་ལ་ཕན་གདགས་པ་མཛད་ནས་མྱ་ངན་ལས་འདའ་བར་དགོངས་ཏེ། བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་འདི་གནས་པར་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་གཟུང་། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདའ་དུས་བབ། །ཀུན་དགའ་བོ་ཤེས་པར་གྱིས་ཤིག སྟོན་པས་ང་ལ་བསྟན་པ་གཏད་ནས་འདས་སོ། །ངའང་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིག དེ་ནས་འོད་སྲུང་གིས་སྐུ་གདུང་གི་མཆོད་རྟེན་དང་ཚེམས་མཆེ་བ་རྣམས་མཆོད་དེ། ལྷོ་ཕྱོགས་ཀྱི་རི་བྱ་རྐང་ལ་འཛེགས་ཏེ་ཁ་ཕྱེ་བའི་དབུས་སུ་རྩྭ་བཏིང་། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ནས་བྱམས་པ་སངས་རྒྱས་ཀྱི་བར་དུ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད། རི་འབྱར་ཏེ་མ་སྐྱེས་དགྲས་མཐོང་བའི་སྐབས་ཕྱེ་བས། དེའི་ཚེ་མ་སྐྱེས་དགྲས་རྒྱལ་རིགས་ཀྱི་ཞང་པོ་རྒྱུད་འཆད་པ་རྨིས་ནས། སད་པ་དང་འོད་སྲུང་འདས་པ་ཐོས་ཏེ། ཀུན་དགའ་བོ་དང་ལྷན་ཅིག་རི་བྱ་རྐང་ལ་ཕྱིན། གནོད་སྦྱིན་གྱིས་རི་ཕྱེ་བ་དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེགས་པར་བརྩམས་པ་དང་། ཀུན་དགའ་བོས། འདི་ནི་བྱམས་པའི་གསུང་རབ་བྱུང་གི་བར་བྱིན་གྱིས་བརླབས་ཏེ། བྱམས་པའི་འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པས་འདིར་བྱོན་ནས། འདིའི་སྐུ་གདུང་ཕྱག་མཐིལ་དུ་བསྣམས་ནས་བསྟན་ཏེ། འདི་ནི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཡིན་ལ། འདིས་བགོས་པའི་སྣམ་སྦྱར་ཡང་སྟོན་པ་དེའི་ཡིན་ནོ། །འདི་ན་ནི་དེ་ལྟ་བུ་དགེ་སྦྱོང་སྦྱངས་པའི་ཡོན་ཏན་ལ་གནས་པ་ཅིའང་མེད་དོ་ཞེས་གསུངས་ཏེ། འོད་སྲུང་གི་སྤུར་དེ་ཆོ་འཕྲུལ་ཆེན་པོ་བསྟན་ནས་ལྷག་མ་མེད་པར་དབྱིངས་སུ་ཐིམ་པས། དེ་དག་གིས་སྦྱངས་པའི་ཡོན་ཏན་བླངས་ཏེ་དགྲ་བཅོམ་པ་ཐོབ་པར་འགྱུར་བས་བསྲེག་པར་མི་ནུས་སོ། །ཞེས་གདམས་ཏེ་ཕྱིར་ལོག་པ་ན་རི་ཁ་འབྱར་དེའི་རྩེར་སྐུ་གདུང་གི་མཆོད་རྟེན་བརྩིགས་སོ། །ཀུན་དགའ་བོ་ནི་སྟོན་པའི་ཁུ་བོ་བདུད་རྩི་ཟས་ཀྱི་བུ། །སྟོན་པ་སངས་རྒྱས་པའི་དུས་སྒྲ་གཅན་༼༢༨༽འཛིན་དང་གཉིས་དུས་མཉམ་དུ་བཙས། ལོ་དྲུག་ལོན་པ་ཡབ་སྲས་མཇལ་བའི་ཚེ། འོད་སྲུང་སྟོབས་བཅུ་པ་ལ་གཏད་དེ་ད་ལྟར་ཆོ་གས་ཚིགས་རིམ་ཅན་ནོས་ལ། སྟོན་པའི་རིམ་གྲོ་པ་ཐོས་པ་འཛིན་པའི་མཆོག་ཏུ་བསྔགས་པ་དེས་བསྟན་པ་ལོ་བཞི་བཅུ་ལྷག་ཙམ་བསྐྱངས་ཤིང་། དེའི་ཚེ་དགེ་སློང་ཞིག་གིས། གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་ཆུ་ལ་བྱ་གག་བཞིན། །ཆུ་ལ་བྱ་གག་མཐོང་བ་ལྟར། །བདག་ཉིད་གཅིག་པུའི་འཚོ་བ་དགེ །དེ་ཀུན་དགའ་བོས་ཐོས་ནས། སྟོན་པས་དེ་སྐད་མ་གསུངས་ཀྱི། །གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་སྐྱེ་དང་འཇིག་པ་ཡིན། །གང་ཟག་གཉིས་ལ་སྟོན་པ་ཡི། །ས་འདིར་སྒྲོག་པར་བཤད་པ་ནི། །མ་དད་ཞེ་སྡང་བློ་ཅན་དང་། །དད་ལ་ཕྱིན་ཅི་ལོག་གྱུར་པའོ། །མདོ་སྡེ་ལོག་པར་བཟུང་གྱུར་པས། །བ་ལང་འདམ་དུ་སོང་བ་བཞིན། །དེ་ནི་ཉེ་བར་འཇིག་འགྱུར་ཏེ། །རང་གི་འཆི་བློས་བློ་མེད་པ། །ཐོས་པ་མི་ཤེས་འབྲས་བུ་མེད། །ལོག་པར་ཤེས་པ་དུག་དང་འདྲ། །ཐོས་པ་ཡང་དག་ཉིད་ཤེས་པ། །བྲལ་བ་འབྲས་བུ་བློ་ལྡན་ཡིན། །ཞེས་བྱས་སོ། །དེས་དེའི་མཁན་པོ་ལ་སྨྲས་པས། ཀུན་དགའ་བོ་ནི་རྒས་གྱུར་ཏེ། །དེ་ཡི་དྲན་པའང་ཉམས་པར་གྱུར། །སྨྲས་པ། རྒས་པ་དག་གིས་གཟིར་གྱུར་པ། །ལུས་ཅན་དེ་ནི་དྲན་པ་ཉམས། །ཡང་དག་རྗེས་སུ་མི་དྲན་པ། །དེ་ནི་བློ་ནི་རྒས་པས་ནོན། །དེ་ཀུན་དགའ་བོས་ཐོས་ནས། དེ་ལ་སྨྲས་ན་འཐབ་མོར་འགྱུར། །དེའི་མཁན་པོའི་དྲུང་དུ་བདག་འགྲོ་བར་མི་རིགས་པས་མྱ་ངན་ལས་འདའ་བར་བྱའོ་སྙམ། རྙིང་པ་དག་ནི་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ཉིད་གཅིག་པུ་བསམ་གཏན་པ། །སྒོ་ང་ལས་སྐྱེས་བཞིན་དུ་གནས། །བདག་གི་གྲོགས་དང་མཛའ་བོ་ཀུན། །སྔོན་དུ་འདས་ཤིང་སོང་བར་གྱུར། །ཇི་ལྟར་བསམ་གཏན་གནས་དྲན་པ། །དེ་འདྲའི་བཤེས་གཉེན་འདི་ན་མེད། །དེས་ཤ་ནའི་གོས་ཅན་ལ། སྟོན་པས་འོད་སྲུང་ལ། དེས་ཀྱང་ང་ལ་བསྟན་པ་གཏད་དོ། །ང་ཡང་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག ཡུལ་བཅོམ་བརླག རི་མུ་རུན་དར། ཚོང་དཔོན་གྱི་བུ་ནཱ་ཏ་དང་ཕ་ཏས་གཙུག་ལག་ཁང་བརྩིགས་ནས་སྦྱིན་བདག་བྱེད་པར་ལུང་བསྟན་ནོ། །དེར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་རབ་ཏུ་བྱུང་ལ། དེ་ལ་བསྟན་པ་གཏོད་ཅིག་ཅེས་གདམས། མ་སྐྱེས་དགྲ་ལ་སྦྲན་ཏེ། དེ་དམག་དང་བཅས་པ་སྐྱེལ་བར། ཡངས་པ་ཅན་པ་ལ་ལྷས་སྦྲན་པས་དམག་དང་བཅས་པ་༼༢༩༽བསུར་འོངས་ནས་གངྒཱའི་དབུས་སུ་སླེབ་པ་ན། དྲང་སྲོང་ཞིག་འཁོར་ལྔ་བརྒྱ་དང་བཅས་པས་རབ་ཏུ་བྱུང་བར་ཞུས་པས། ཀུན་དགའ་བོས་གངྒཱའི་དབུས་སུ་གླིང་སྤྲུལ་ཏེ་དེར་བསྙེན་པར་རྫོགས། དེ་མ་ཐག་དགྲ་བཅོམ་པར་གྱུར་པས་དགྲ་བཅོམ་པ་ཉི་མ་གུང་པའམ་ཆུའི་དབུས་པ་ཞེས་གྲགས་སོ། །དེས་མཁན་པོའི་སྔོན་ཏུ་མྱ་ངན་ལས་འདའ་བར་གསོལ་བས། སྟོན་པས་ཁྱོད་ཁ་ཆེར་བསྟན་པ་རྒྱས་པར་ལུང་བསྟན་པས་དེ་བཞིན་གྱིས་ཤིག དེས་དེ་བཞིན་བགྱིའོ་ཞེས་ཁས་བླངས་ཏེ་ཀུན་དགའ་བོ་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་སྐུ་གདུང་གི་ཕྱེད་མ་སྐྱེས་དགྲ། ཕྱེད་ཡངས་པ་ཅན་པས་ཁྱེར་ཏེ་ཡངས་པ་ཅན་དང་སྐྱ་ནར་བུར་མཆོད་རྟེན་བརྩིགས་སོ། །ཤ་ནའི་གོས་ཅན་གྲགས་པ་དགྲ་བཅོམ་པ་སྡེ་སྣོད་གསུམ་ལ་མཁས་པ་སྟེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས། རྒྱལ་པོ་དེའང་འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་འབྱུང་། བརྒྱ་དང་ལྔ་བཅུར་འཚོ། ལོ་བརྒྱད་ཅུ་རྩ་བདུན་དུ་མཆོད་རྟེན་མཆོད་པར་བསྟན། དེས་སྐུ་གདུང་གི་མཆོད་རྟེན་བདུན་ནས་སངས་རྒྱས་ཀྱི་རིང་བསྲེལ་ཕྱུང་སྟེ་འཛམ་བུའི་གླིང་གི་སའི་ཕྱོགས་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱེ་བ་བརྒྱད་ཁྲི་བཞི་སྟོང་བྱེད་པར་སྟོན་པས་ལུང་བསྟན་པ་བཞིན་གནོད་སྦྱིན་ཤིང་རྟ་ཞེས་པས་གྲོགས་བགྱིས་ཏེ་བྱས། དེ་ལ་དགྲ་བཅོམ་པ་རྣམས་ཀྱིས། མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་བརྒྱན་གྱུར་ཏེ། །ཞེས་བསྔགས་སོ། །དེ་དག་གི་རབ་ཏུ་གནས་པ་བགྱིས་ཤིང་ཉེར་སྦས་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །ཉེར་སྦས་ནི་ལུང་ཕྲན་ཚེགས་ལས། ང་འདས་ནས་ལོ་བརྒྱ་ན་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་རབ་ཏུ་བྱུང་ནས་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་སྟོན་པས་ལུང་བསྟན་པ། གྲགས་པ་ལས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་སྟེ། བདུད་སྡིག་ཅན་གྱིས་དེ་འཁོར་ལ་ཆོས་སྟོན་པ་ན་སྤྲུལ་པ་བསྟན་ནས་འཁོར་རྣམས་གཡེངས་སུ་བཅུག་ནས་འབྲས་བུ་ཐོབ་པའི་གེགས་བྱས་པས། དེས་རོ་གསུམ་མེ་ཏོག་གི་ཕྲེང་བར་སྤྲུལ་ཏེ་དེའི་མགོ་ལ་བཏགས་པས་སྡིག་པའི་སེམས་སྐྱེས་ན་རོ་དྲི་ང་བ། དགེ་བའི་སེམས་སྐྱེས་ན་མེ་ཏོག་ཉིད་དུ་སྣང་བ་དེ་ལྟ་བུའི་ཅོད་པན་སུས་ཀྱང་འབོར་མ་ནུས་པ་དེ་ཉིད་ལ་བཏུད་དེ་ཕྱིན་ཆད་སྡིག་སེམས་མི་འཆའོ་ཞེས་གྲགས་སོ། །ཕུག་སྲིད་དུ་ཁྲུ་བཅོ་བརྒྱད། རྒྱར་ཁྲུ་བཅུ་གཉིས་པ་ལ། དེའི་གདམ་ངག་བདུན་གྱིས་༼༣༠༽དགྲ་བཅོམ་པ་ཐོབ་པ་རྣམས་ཀྱི་ཐུར་མ་སོར་བཞི་པས་བཀང་བས་ཁེངས་སོ། །སྟོན་པ་མྱ་ངན་ལས་འདས་ནས་དགྲ་བཅོམ་པའི་འཁོར་འདི་ལས་མང་བ་མ་བྱུང་ངོ་། །དེས་དྷི་དྷི་ཀ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །འཕགས་པ་དྷི་དྷི་ཀའང་དགྲ་བཅོམ་པ་སྡེ་སྣོད་གསུམ་ལ་མཁས་པ་དེས་མ་ག་དྷ་དམར་བུ་ཅན་གྱི་འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་ལ། འཕགས་པ་ནག་པོའང་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་སྟེ་བསྟན་པ་ཡོངས་སུ་བསྐྱངས་ཤིང་ལེགས་མཐོང་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །འགའ་ཞིག་ལས་ཁ་ཆེར་ལེགས་མཐོང་བྱུང་སྟེ། ཕ་དང་མ་དག་ལས་དེ་ལ་སེངྒེ་ཞེས་བྱ་བའི་མིང་དུ་གྲུབ། འཕགས་པ་ནག་པོ་ལས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་སྡེ་སྣོད་གསུམ་པར་གྱུར་ཅིང་། བྱང་གི་ཕྱོགས་ནས་རྒྱལ་པོ་ཀ་ནིཥྐ་ཞེས་བྱ་བ་སེངྒེ་ལྟ་བའི་ཕྱིར་ཁ་ཆེར་ཞུགས་སོ། །དེ་ལ་འཕགས་པ་སེངྒེས་ཆོས་བསྟན་ཏོ། །དེས་དེ་ལ་ཆོས་ཐོས་ནས་བྱང་དུ་ལོག་སྟེ་ཀ་ནིཥྐའི་མཆོད་རྟེན་དང་། སྟོན་པའི་བསྟན་པར་བཀུར་སྟི་ཆེར་བྱས་ལ་བསྡུ་བ་གསུམ་པའི་སྦྱིན་བདག་བྱས་སོ་ཞེས་བྱུང་ལ། ལེགས་མཐོང་ཚུན་ནི་ལུང་ཕྲན་ཚེགས་ལས་གསལ་བར་བྱུང་ཞིང་། བུ་སྟོན་གྱི་ལང་གཤེགས་འགྲེལ་པར་དྷི་དྷི་ཀ་ནས་བི་བྷ་ག་ལ། དེས་བཙུན་པ་བུདྡྷ་ནན་ཏི་ལ། དེས་བུདྡྷ་མི་ཏ་ལ། དེས་སློབ་མ་དགེ་སློང་རྩིབས་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། དེས་ཨཱརྻ་དེ་ཝ་ལ། དེས་རཱ་ཧུ་ལ་ལ། དེས་ས་གྷ་ནནྟ་ལ། དེས་དགེ་སློང་དགྲ་བཅོམ་པ་ལ། དེས་གྷ་ལ་ཤ་ལ། དེས་ཀུ་མ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བནྡྷུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ན་ཤ་ལ། དེས་སེངྒེ་ཞེས་བྱུང་ངོ་གསུངས་ཀྱང་། དེང་སང་ཡོད་པའི་འགྲེལ་པ་གཉིས་ན་དེ་མི་སྣང་གསུངས་ལ། འདི་ལ་ལེགས་མཐོང་མ་བྱུང་བས་ལུང་བཞིན་དུ་བྱས་ན་སྔ་མ་འཐད་ཅིང་། ལེགས་མཐོང་དང་སེངྒེ་དོན་གཅིག་པར་བྱས་ན་ཀླུ་སྒྲུབ་ལ་བསྟན་པ་གཏད་པ་དུས་འགྲིག འགྲེལ་པ་དེར་ཡོད་ཀྱང་མདོ་དེ་གའི་ལུང་བརྒྱུད་ཙམ་ཡིན་སྲིད་དོ། །དེས་ན་རང་ལུགས་ཀླུ་སྒྲུབ་ཡན་ལ་བདུན་ནོ། །ཁྱད་པར་དུ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་བསྟན་པ་བསྐྱངས་ཏེ། སུམ་ཅུ་རྩ་གསུམ་ན་གནས་བརྟན་ལམ་ཆེན་པ། གངས་ཅན་ན་གནས་བརྟན་མི་ཕྱེད་པ། ནུབ་བ་ལང་སྤྱོད་ན་གསེར་ཅན། བྱང་སྒྲ་མི་སྙན་ན་བ་ཀུ་ལ། ཤར་ལུས་འཕགས་ན་བ་ར་དྷྭ་ཛ། ཟངས་གླིང་ན་དུས་ལྡན་ཆེན་པོ། སིངྒ་གླིང་ན་རྡོ་རྗེ་མོའི་བུ། པྲི་ཡངྐུའི་གླིང་ན་སྒྲ་གཅན་འཛིན། ཆུ་བོ་ཡ་མུ་ནའི་གླིང་ན་བཟང་པོ། རི་བི་ཧུ་ལ་ན་༼༣༡༽སྦེད་བྱེད། ངོས་ཡངས་ཀྱི་རི་ལ་ཀླུའི་སྡེ། ལོ་མ་བདུན་པའི་རི་ལ་ནགས་གནས། བྱ་རྒོད་ཕུང་པོ་ལ་ལམ་ཕྲན། ཁ་ཆེར་གསེར་བེའུ། ཏི་སེ་ལ་ཡན་ལག་འབྱུང་། དྲང་སྲོང་ཤེལ་ནགས་ལ་མ་ཕམ་པ་སྟེ་རེ་རེའང་དགྲ་བཅོམ་པ་མང་པོས་བསྐོར་ཏེ་བཞུགས་ལ། རྒྱ་ནག་ཏུ་ཐང་ཐའེ་ཙུང་གི་དུས་དང་། སེ་ཆེན་དང་། གོང་མ་ཡེ་དབང་གི་དུས་མི་ཀུན་གྱི་མངོན་སུམ་དུ་བྱོན་ཟེར། གཞན་ཕལ་གྱིས་མི་མཐོང་འཇའ་ལུས་པ་ལྟ་བུའོ། །དགའ་བའི་བཞིན་གྱི་རྟོགས་བརྗོད་ལས། གནས་བརྟན་ཆེན་པོ་དེ་དག་གང་དུ་དཀོན་མཆོག་གསུམ་གྱི་གཙུག་ལག་ཁང་གསར་དུ་བྱེད་པ་དེར་སྤྲུལ་པའི་སྐུས་བྱོན་ནས་བྱིན་གྱིས་རློབ་པར་ཡང་མཛད་ལ། མཐར་ཚེ་ལོ་ཡར་འཕེལ་བའི་མི་རྣམས་ཀྱི་ལོ་དྲུག་བརྒྱ་ཐུབ་པ་ན་དེ་དག་ཡུལ་དབུས་སུ་འདུས་ཏེ་སྐུ་གདུང་རྣམས་ལ་མཆོད་པ་མཛད་དེ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ་ཞེས་གསུངས། དེ་ལྟར་སྟོན་པ་བཞུགས་དུས་འཛམ་བུའི་གླིང་གི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་ནི་བསྟན་པ་ལེགས་པར་དར་ལ། ཁ་ཆེར་དེའི་ཚེ་གྲོང་ཁྱེར་མེད་པས་སྟོན་པ་འདས་ནས་ལོ་བརྒྱ་ན་ཉི་མ་གུང་པས་བསམ་གཏན་དང་མཐུན་པའི་གནས་མལ་གྱི་མཆོག་ཁ་ཆེར་བསྟན་པ་འཇོག་གོ་ཞེས་ལུང་བསྟན་པ་བཞིན། ཀུན་དགའ་བོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུར་ཉེ་བ་ན། དགྲ་བཅོམ་པ་ཉི་མ་གུང་པས་ལུང་བསྟན་པའི་དུས་ལ་བབ་པར་ཤེས་ནས་ཁ་ཆེར་སོང་སྟེ། དེ་མཚོར་ཡོད་པའི་ལུང་པ་དགུའི་མདོར་སྐྱིལ་མོ་ཀྲུང་གཅིག་གིས་མནན་པས། ཀླུ་འཁྲུགས་ཏེ་ས་གཡོས་རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་ཡང་མ་གཡོས། མདའ་མཚོན་གྱི་ཆར་ཕབ་པ་མེ་ཏོག་ཏུ་བསྒྱུར་བས། ཀླུ་རྣམས་ངོ་མཚར་ནས་བཀའ་ཅི་སྩོལ་ཟེར་བ་དང་། ང་སྟོན་པས་ལུང་བསྟན་པས་གནས་འདིར་འོངས་ཀྱི་ང་ལ་འདི་བྱིན་ཅིག སྐྱིལ་མོ་ཀྲུང་གིས་གང་ནོན་པ་དེ་ཕུལ་ལོ། །འཁོར་ཅི་ཙམ་མངའ། འཁོར་དགྲ་བཅོམ་པ་ལྔ་བརྒྱའོ། །དེ་ལ་གཅིག་མ་ཚང་ནའང་འཕྲོག་གོ་ཟེར་བ་དང་། གནས་བརྟན་གྱིས་སྦྱིན་བདག་གནས་ས་ལེན་པ་ཡོད་པས་ཁྱིམ་བདག་ཀྱང་གཞུག་པར་བྱའོ་ཞེས་བགྲོས་ནས། དེར་སྒྱུ་མ་མཁན་སྒྱུ་མའི་གྲོང་ཁྱེར་བྱེད་དུ་བཅུག་ནས་ཕུན་སུམ་ཚོགས་ལ་མི་འཇིག་པར་བྱིན་གྱིས་བརླབས། དེར་སྐྱེ་བོའི་ཚོགས་བཅུག་ཅིང་རི་སྤོས་ངད་ལྡན་ལས་གུར་གུམ་བླངས་ཏེ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐྱེ་བར་བྱིན་གྱིས་བརླབས་ཏེ། གྲོང་ཁྱེར་གཅིག་ལའང་མི་ཁྱིམ་འབུམ་ཕྲག་སུམ་ཅུ་སོ་དྲུག་ཙམ་ད་ལྟའི་བར་དུ་ཡོད་ཟེར། གཞན་གྲོང་ཁྱེར་དུ་མ་ཡོད་པ་ཡུལ་ཤིན་ཏུ་ཉམས་དགའ་བའོ།། །། ༼༣༢༽༈ གསུམ་པ་ཐེག་ཆེན་ཇི་ལྟར་དར་བའི་ཚུལ་བཤད་པ་ལ། རྒྱུའི་ཐེག་ཆེན་དར་བའི་ཚུལ་དང་། འབྲས་བུའི་ཐེག་ཆེན་དར་བའི་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོའི་སྲོལ་འབྱེད་པའི་ཤིང་རྟ་ཆེན་པོ་གཉིས་སུ་གྲགས་པ་ལས་དང་པོ་ནི། ལངྐར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་སོ། །འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་ཟབ་མོ་ལྟ་བའམ་མཐའ་བྲལ་དབུ་མའི་སྲོལ་འབྱེད་དུ་ལུང་བསྟན་པ་ནི་ཀླུ་སྒྲུབ་སྟེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་གྱི་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྒྱལ་པོ་ལ་བསྡོ་བའི་འབྱོར་བ་དང་ལྡན་པ་ཞིག་ལ་བུ་མེད་ནས། ལྷས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཡོང་བར་རྨི་ལམ་དུ་ལུང་བསྟན་པ་བཞིན་ཆོས་སྟོན་བྱིན་པས། ཟླ་བ་བཅུ་ན་ཁྱེའུ་ཕུན་སུམ་ཚོགས་པ་ཞིག་བཙས་ཏེ། ནམ་མཁའ་ནས་ཀླུ་སྒྲུབ་ཅེས་བསྒྲགས་པས་མཚན་དེ་ལྟར་བཏགས། མཚན་མཁན་ལ་བསྟན་པས་མཚན་བཟང་མོད་ཀྱི་ཞག་བདུན་གྱི་ཚེ་ལས་མེད་དོ་ཞེས་ཟེར་བས་ཐབས་མེད་དམ་དྲིས་པས། བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར་བ་དེ་བཞིན་བྱས་ཏེ་ལོ་བདུན་དུ་ཉེ་བ་ན་བུའི་རོ་ཕ་མས་མཐོང་མི་བཟོད་དེ། འཁོར་དང་བཅས་པ་ལྗོངས་རྒྱུར་བཏང་བ་མཐར་གྱིས་ན་ལནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་སྒོར་སོན་ཏེ་དེར་རིག་བྱེད་བསྒྲགས་པ་ན་ནང་དུ་བོས་ཏེ་དྲིས་པས་རྒྱུ་མཚན་གསོལ་ཏོ། །རབ་ཏུ་འབྱུང་ནུས་སམ། ནུས་ཞུས་ཏེ་རབ་ཏུ་བྱུང་། རྨ་བྱ་ཆེན་མོ་ཡི་དམ་དུ་ཕོག་ཅིང་བདུན་པའི་ཚེ་གཟུངས་མཚན་རིལ་བཏོན་པས་གྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བར་གྱུར་ཏེ་ཐུན་མོང་གི་དངོས་གྲུབ་བརྙེས། མཁན་པོ་འདི་ཉིད་ཀྱི་དྲུང་དུ་བསྙེན་པར་རྫོགས། འཕགས་པ་འཇམ་པའི་༼༣༣༽དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ཐམས་ཅད་ལ་མཁས་པའི་མཆོག་ཏུ་གྱུར་ཏོ། །དེ་ནས་མཁན་པོ་ལོ་བཅུ་གཉིས་སུ་མཚམས་ལ་བཞུགས་པར་བཞེད་ནས་དགེ་འདུན་གྱི་གཉེར་ཀླུ་སྒྲུབ་ལ་གཏད། དེའི་ཚེ་དཔལ་བི་པའི་གསོལ་བ་ནར་མ་ཞིག་ཆག་པས་ལོ་བཅུ་གཉིས་སུ་མུ་གེ་ཉམ་ང་བ་བྱུང་ལ། མི་ཕལ་ཆེར་ཤི་ཡང་དགེ་འདུན་རྣམས་ཀླུ་སྒྲུབ་ཀྱིས་གསེར་འགྱུར་མཛད། དེ་བཙོངས་པའི་རིན་གྱིས་ནོངས་པ་མེད་པར་བྱས་སོ། །དེ་ནས་མཁན་པོས་མཚམས་གྲོལ་བའི་ཚེ་མི་རུས་ཕུང་ངེ་བ་གཟིགས་པས་ཅི་ཉེས་གསུངས། རྒྱུ་མཚན་ཞུས་པས། ངའི་དགེ་འདུན་ལ་སྐྱོན་མེད་དམ་གསུངས། འདི་ལྟར་བགྱིས་པས་མ་ནོངས་སོ། །དེ་ལྟར་བྱེད་མི་དགོས་ང་ལ་འདི་ལྟ་བུའི་ཐབས་ཡོད་པ་ཡིན་ཏེ། རི་མོའི་བ་ལས་འོ་མ་བཞོས་པས་ཟད་པ་མེད་པ་འབྱུང་ངོ་། །ཁྱོད་ཀྱིས་དགེ་འདུན་ལོག་པའི་འཚོ་བ་ལ་བཀོད་འདུག་པས་སྡིག་སྦྱོང་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། མཆོད་རྟེན་བྱེ་བ་བཞེངས་ཤིག་ཅེས་བསྒོ། དེའི་ཚེ་སློབ་དཔོན་གནས་ནས་ཕྱུང་ཞེས་ཕལ་ཆེར་ཟེར་ཏེ། མཁན་པོ་དེ་ནས་རིང་པོར་མ་ལོན་པར་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པ་ས་ར་ཧའོ། །དེས་ནཱ་ལེནྡྲ་སློབ་དཔོན་ལ་གཏད་དེ། དེས་དེར་ཡུན་རིང་དུ་བསྟན་པ་བསྐྱངས་པ་དང་འགལ་བས་མི་འཐད་དོ། །དེའི་ཚེ་དགེ་སློང་བདེ་བྱེད་ཀྱིས་རིག་པའི་རྒྱན་ཅེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་པ་ཞིག་བརྩམས་ནས་ཕྱི་ནང་ཐམས་ཅད་སུན་འབྱིན་པ་སློབ་དཔོན་གྱིས་བཏུལ་ལོ། །གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ལ་གཏད། སློབ་དཔོན་ཆོས་འཆད་རེས་ཀྱིས་ཁྱེའུ་གཉིས་འོང་བ་གར་སོང་གཟིགས་པས་ས་འོག་ཏུ་ལོག་གོ །དེ་གཉིས་ལ་དྲིས་པས། ཀླུའོ། །ཀླུའི་འདམ་ཁྱེར་ཤོག་བསྒོས་པས་ཁས་བླངས། དེ་གཉིས་ཀྱིས་ཀླུའི་རྒྱལ་པོ་འཇོག་པོ་ལ་ཞུས་པས། དེ་ན་བའི་སྨན་པར་ཀླུ་སྒྲུབ་སྤྱན་དྲངས། དགོས་པ་ཁྱད་པར་ཅན་གཟིགས་ནས་དེར་གཤེགས་སོ། །ཀླུའི་རྒྱལ་པོ་ནད་དྲག་པའི་གཏང་རག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་རྣམས་བླངས་ཏེ་ཕྱིས་བྱོན་པར་གསོལ་བ་ལ་མཆོད་རྟེན་བྱེ་བ་ཚར་ནས་བྱོན་པར་ཞལ་གྱིས་བཞེས་པས་འབུམ་གྱི་ཞབས་ནས་དུམ་ཅིག་ཀླུས་མ་སྐུར་གཏའ་མར་བཟུང་། ཀླུའི་འཇིམ་པ་ལ་མཆོད་རྟེན་ཕལ་ཆེར་བཞེངས། ཅུང་ཟད་ཀླུ་ཡུལ་མི་འདབ་པའི་ཕྱིར་མ་བཞེངས་སོ། །རྡོ་རྗེ་གདན་ལའང་རྡོ་རྗེའི་དྲ་མིག་བསྐོར་བ་ལ་སོགས་པ་མཛད་ཅིང་། བལ་ཡུལ་འཕགས་པ་ཤིང་ཀུན་ལ་སོགས་པ་དེས་ཕྱག་བྲིས་སུ་མཛད་པའི་གྲངས་སུ་གཏོགས་ལ། བལ་པོ་དག་ཀླུ་ཡུལ་དུ་དེ་ནས་བྱོན་ཟེར་རོ། །དེའང་༼༣༤༽སེམས་བསྐྱེད་པ་དང་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པ་ཐོག་མར་མཛད་ནས། མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པར་གྱུར་ཏེ། དེས་རིག་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། མདོ་ལུགས་ལ་སྐུ་ཚེ་འདི་ཉིད་ལ་ས་བརྒྱད་པ་ཐོབ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གར་བུ་ལྟ་བུ་གཏམ་གྱི་ཚོགས་དང་། རིགས་པའི་ཚོགས་དང་། བསྟོད་པའི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱིས་གསལ་བར་ཕྱུང་སྟེ་སློབ་མའི་མཆོག་ཤཱཀྱ་བཤེས་གཉེན་ལ་ནཱ་ལེནྡྲ་གཏད་དེ་དཔལ་གྱི་རི་ལ་གཤེགས་སོ། །དེར་ཨཱརྻ་དེ་ཝ་ལ་སོགས་པ་རྗེས་སུ་བཟུང་། མཐར་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་གཅིག་ལ་མས་གོས་སྲུབས་མེད་པ་ཞིག་སྦྱིན་པས། འདི་ང་རྒྱལ་སྲིད་འཛིན་པའི་དུས་སུ་དགོས་ཟེར་བ་ལ། མས་ཁྱོད་ཀྱི་རྒྱལ་སྲིད་འཛིན་པ་མི་འོང་། ཡབ་དང་སློབ་དཔོན་ཀླུ་སྒྲུབ་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པས་གྲུབ་སྟེ། སློབ་དཔོན་དང་སྲོག་གཅིག་པ་ཡིན་ཟེར། དེས་དཔལ་གྱི་རི་ལ་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དྲུང་དུ་ཕྱིན་ཏེ་དབུ་བསླངས་པས་ཆོད་གསུངས་ཏེ། རལ་གྲིས་གཅོད་པས་མ་ཆོད་པ་ན་སློབ་དཔོན་ན་རེ། །ངས་རྩ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོད་གསུངས་ནས་བཅད་པས་སྐེའི་རྩ་བ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་ཚིགས་བཅད་བྱུང་། དབུ་དེས་ཁྱེར་ཕྱིན་པ་གནོད་སྦྱིན་མོས་ཕྲོགས་ཏེ་དཔག་ཚད་གཅིག་ཏུ་དོར། དབུ་དང་སྐུ་ལུས་གཉིས་ཀ་མི་ཉམས་ལ་ལོ་རེ་བཞིན་ཉེར་སོང་ནས་མཐར་འབྱར་ནས་སླར་བསྟན་པ་དང་འགྲོ་བའི་དོན་མཛད་ཅེས་གྲགས་ལ། རིམ་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཤཱཀྱ་བཤེས་གཉེན་གྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ལ། དེའི་སློབ་མ་འབར་བའི་གཙོ་བོ་མཚན་དེ་ཝ་ཀ་ར་དེས་ཀླུ་སྒྲུབ་ཀྱང་མཇལ་ནས་རིག་པའི་གནས་ཐམས་ཅད་ལ་མཁས་པར་གྱུར་བས་ཤོད་ཅིག་པར་དཔོན་སློབ་གཉིས་ཀས་གདམས་ཏེ། ནཱ་ལེནྡྲར་འཆད་ཉན་བྱེད་པའི་དུས་མུ་སྟེགས་མང་པོ་རྩོད་པས་ཕམ་པར་བྱས་པས་ཐམས་ཅད་ཀྱིས་རྒྱལ་བའི་ལྷར་མཚན་གསོལ་ཅེས་ཨ་བྷྱ་༼༣༥༽གསུངས། དེས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་བརྙེས་ཏེ་གདུགས་ཡུ་བ་མེད་པ་ནམ་མཁའ་ལ་འཇོག་ཤེས། ཌཱ་མ་རུ་ནམ་མཁའ་ལ་འཕངས་པས་མུ་སྟེགས་རྣམས་ཀྱི་རྩོད་པ་བཟློག་ནུས་པ་ཡོད་པས་མངོན་པའི་ང་རྒྱལ་སྐྱེས་ཏེ་བླ་མ་གཉིས་ཀྱི་བཀའ་བཅག ཟག་ཟད་སྡེ་ལ་ནཱ་ལེནྡྲ་གཏད། སྤྱོད་པ་ལ་བྱོན་པས། མུ་སྟེགས་ཀྱི་རྣལ་འབྱོར་མ་མ་སྨད་གཉིས་ལ་བཟའ་ཤིང་གི་རྭ་བ་ཡོད་པ་ལ་དཔལ་འབྲས་བསླངས་པས། བུ་མོས་ཁྱོད་རྣལ་འབྱོར་པ་ནུས་པ་ཅན་ཅིག་འདུག་པས་ཁྱོད་རང་ཕོབ་དང་ངས་དྲང་གི་ཟེར། སློབ་དཔོན་གྱིས་ཏིང་ངེ་འཛིན་དང་ལྟ་སྟངས་བྱས་པས་ས་ལ་འབྱར་གྱིས་བབས་སོ། །བུ་མོ་དེས་ལྟ་སྟངས་བྱས་པས་སླར་གྱེན་ལ་ལོག་པས། མ་ན་རེ། དེ་ལྟར་མ་བྱེད་ཤིང་ཐོག་ཕོབ་ལ་རྣལ་འབྱོར་པ་ལ་དྲོངས་ཟེར། སློབ་དཔོན་སྐྱེངས་པས་ད་ང་མི་འདོད་བྱས་པས། བུ་མོ་ན་རེ། ང་རྒྱལ་ཅན་ཞིག་འདུག་གི་ཞག་གསུམ་ན་ངས་སྔགས་ཀྱི་སྦྱོར་བས་ཁྱོད་གསད་པར་བྱའོ། །སྲུང་བ་དྲག་ཏུ་གྱིས་ཤིག་ཟེར། སློབ་དཔོན་བྲེད་ནས་ས་མཱ་དྷཱི་ལ་སྙོམས་པར་ཞུགས་པས་ཞག་གསུམ་ལོན་ཙ་ན་ཅིའང་མ་བྱུང་། ད་མ་ཚུགས་པ་ཡིན་སྙམ་སྟེ་བཞེངས་ནས་སྤྱོད་པ་ལ་བྱོན་པ་དང་ཐིག་ལེ་ཁྲག་ཏུ་གཟགས་ནས་བསྙུངས། སློབ་མས་ཅི་ཕན་དྲིས་པར་རྒྱ་མཚོའི་ལྦུ་བ་ཕན་ཟེར། སློབ་མ་རྐང་མགྱོགས་གྲུབ་པ་ཞིག་གིས་བླངས་ཏེ་འོངས་པ་དང་། བུ་མོ་དེས་དེ་སློབ་དཔོན་གྱིས་གསོལ་ན་གསོས་ལ། དེར་མོ་ལ་གནོད་པར་གོ་ནས་སློབ་མ་གཉིས་ཀྱི་དྲུང་དུ་ཕྱིན་ནས་གར་ཕྱིན་དྲིས་པས་བཤད་དོ། །དེ་ན་རེ་ཁྱེད་གཉིས་དད་པ་དང་ལྡན་པ་བླ་མ་ལ་གུས་པ་ལ། སློབ་དཔོན་གྲོངས་ནས་ཞག་གསུམ་ལོན། ད་དེས་ཅི་བྱེད་བྱས་པས། ཕོ་ནས་ལོག་པ་ན་སློབ་དཔོན་གྱིས་སྨན་ལོན་ནམ་གསུངས། ལོ་རྒྱུས་ཞུས་པས། ད་རེས་བླ་མའི་བཀའ་བཅག་པའི་སྐྱོན་ཡིན་གྱིས་འཆི་སྟེ། ང་ཞག་བདུན་ལ་སློབ་དཔོན་ལ་བཤགས་པ་བྱས་ཏེ་གྲོང་འཇུག་བྱས་ལ་འོང་གི་དེའི་བར་ལ་ཕུང་པོ་སྲུངས་ཤིག་ཅེས་བསྒོས། མུ་སྟེགས་ཀྱི་རྣལ་འབྱོར་མས་བརྟགས་པས་གྲོང་འཇུག་བྱས་ན་མོ་ལ་གནོད་པར་གོ་ནས། ཉིན་བར་གྱི་རིང་ལ་གྲོང་ཁྱེར་གྱི་དབུས་ན་རོ་ཡོད་བྱས། མཚན་མོ་ཅེ་སྤྱང་དུ་སྤྲུལ་ནས་སྒོ་ཐམས་ཅད་བྲད་པས་དངངས་ནས་རཱ་ཙས་ཕོ་ཉར་བཏང་སྟེ་བཙལ་བས་སློབ་དཔོན་གྱི་སྤུར་རྙེད། སློབ་མ་ན་རེ་སློབ་དཔོན་གྲོང་འཇུག་བྱས་ནས་འོང་གི་བཞག་པར་ཞུ་བྱས་པས། མ་ཉན་པར་དུར་ཁྲོད་དུ་བསྐྱལ་བ་ཅེ་སྤྱང་གིས་ཟོས། ཞག་བདུན་ལོན་པ་ན་སྔར་ཤུལ་དུ་འཇའ་ཚོན་འཁྱིལ་ལེ་བྱུང་ནས་འཇུག་པའི་གནས་མེད་དེ་གླིང་བུའི་སྒྲ་ལྟ་བུ་༼༣༦༽ལས་ད་རེས་མུ་སྟེགས་ཀྱི་རྣལ་འབྱོར་མས་བར་དུ་བཅད་པས་མཆོག་གི་དངོས་གྲུབ་མ་ཐོབ། སྐྱེ་བ་ཕྱི་མ་ཞིག་རྒྱ་གར་གྱི་ཡུལ་དབུས་གྲ་བྱེ་ལར་སྐྱེས་ནས་མཆོག་གི་དངོས་གྲུབ་ཐོབ་པར་བྱའོ་ཞེས་གྲགས་ཏེ་མི་སྣང་ངོ་། །ཕྱི་མ་ནི་མཻ་ཏྲི་པའོ། །དེ་ལྟ་བུ་འབར་བའི་གཙོ་བོའམ་སྤྱོད་འཆང་མགོན་པོའམ་རྒྱལ་བའི་ལྷས་གནས་བརྟན་ཆེན་པོ་དཔལ་ལྡན་ཆོས་སྐྱོང་དང་ཞི་བ་ལྷ་ལ་སོགས་པའི་མཁན་པོ་མཛད་དོ། །སློབ་དཔོན་འཕགས་པ་བཅུད་ལེན་གྲུབ་པས་མ་གྲོངས། ཤཱཀྱ་མཻ་ཏྲི་ནི་གྲོངས་ཏེ་སིངྒ་ལའི་རྒྱལ་པོའི་ལྡུམ་རའི་ནང་དུ་མཚོ་ཡོད་ལ། དེ་ལ་པདྨ་མང་པོ་ཡོད་པ་ཉིན་ཁ་ཕྱེ་ནུབ་ཟུམ་མོ། །པདྨ་གཅིག་ཉིན་ཡང་ཁ་མ་ཕྱེ་བར་ལྡུམ་ར་གཉེར་པས་རྒྱལ་པོ་ལ་བསྙད་དོ། །རྒྱལ་པོས་དེ་ལ་གཉེར་ཁ་ཆེར་གྱིས་ཤིག་ཅེས་གདམས་ཏེ་ནང་རེ་བཞིན་ལྟའོ། །དེ་ནས་ཞག་བདུན་ལོན་པའི་ཉིན་པདྨ་ཁ་ཕྱེ་སྟེ་ནང་ན་ཁྱེའུ་ཤིན་ཏུ་མཛེས་པ་ལོ་བརྒྱད་པའི་ཚོད་ཅིག་ཟིལ་བ་ཁྲོམ་མེ་འདུག་སྟེ། འདི་ལ་མངལ་གྱི་ལག་པས་རེག་པར་མི་རིགས་པས་པཉྩྨ་ལི་ཀའི་གོས་ཀྱི་ཁུང་དུ་གཏམས་ཏེ་སྤྱན་དྲང་ངོ་ཟེར། ལམ་ཁར་ཁྱེའུ་ན་རེ་འཕགས་པ་ཀླུ་སྒྲུབ་གང་ན་བཞུགས་ཟེར། ད་རུང་འཛམ་བུ་གླིང་ན་བཞུགས། ས་ཕྱོགས་འདི་ན་མི་བཞུགས་བྱས་སོ། །དེ་ནས་རྒྱལ་པོས་སྲས་སུ་བཟུང་སྟེ་ཡུན་རིང་ཞིག་བསྐྱངས་པས་སྐྱེད་ཀྱང་ཤིན་ཏུ་དྲག་གོ །དེ་ནས་ཡབ་ཡུམ་ལ་ཀླུ་སྒྲུབ་ཀྱི་སྤྱན་སྔར་རབ་ཏུ་བྱུང་བར་ནན་གྱིས་ཞུས་པས་གནང་སྟེ། དཔལ་གྱི་རིར་བྱོན་ཏེ་བསྙེན་པར་རྫོགས། མགོན་པོ་ངག་གི་དབང་ཕྱུག་བསྒྲུབས་པས་རང་དང་གཞན་གྱི་གཞུང་ལུགས་ཐམས་ཅད་ལ་མཁས་པ་ཆེན་པོར་གྱུར་ཏོ། །དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ས་བརྻ་མ་བྱི་ཏ་ཀྲ་ཡ་ཞེས་པ་ལ་བུ་མ་ཏི་ཙི་ཏྲ་ཞེས་བྱ་བ་སྐྱེས་ཏེ། དེ་ཆུང་ངུའི་དུས་ནས་མས་ཅི་བསྒོ་བ་ཉན། མའི་བྲན་བཞིན་བྱེད་པས་མ་ཁོལ། དེར་བྱིས་པ་དེ་མུ་སྟེགས་ཞི་བའི་ལུགས་ཀུན་ཤེས་པར་བྱས་ནས། རྒྱ་གར་ནུབ་ཕྱོགས་སུ་སོང་སྟེ་དབང་ཕྱུག་ཆེན་པོའི་ལྷ་རྟེན་གྱི་རྩར་ས་སྡེ་བཙུགས་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྩོད་པའི་མཆོག་མ་ལོངས་པ་དེ་སྲིད་མི་ལྡང་བར་དམ་བཅས་ནས་རྟེན་དེའི་རྩ་ན་རྫིང་བུ་ཞིག་འདུག་པ་དེར་ཉལ་ནས་ཞག་བདུན་དུ་དབང་ཕྱུག་ཆེན་པོའི་སྔགས་བགྲངས་པས་ཞག་བརྒྱད་འགྲོ་བའི་ནངས་པར་ཞལ་མཐོང་། ཁྱོད་དངོས་གྲུབ་ཅི་འདོད་ཟེར། དེས་བདག་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྩོད་པ་ཞུ་ལགས་སོ་ཞེས་བརྗོད་པས། ངས་མངལ་སྐྱེས་ཀྱིས་མི་ཐུབ་པར་བྱིན་གྱིས་བརླབས་ཀྱི། རྫུས་སྐྱེས་བྱུང་ན་ཤིན་ཏུ་ཐུབ་དཀའོ། །དེའི་རྩར་ཚངས་པ་བཀུག་ནས་༼༣༧༽འདི་རྩོད་པ་བྱེད་པའི་དུས་སུ་ནེ་ཙོ་པཎྜྻི་ཏར་སྤྲུལ་ནས་འདིའི་གྲོགས་གྱིས་ཤིག ཁྱབ་འཇུག་བཀུག་ནས་ཐོད་ལེ་ཀོར་པཎྜྻི་ཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག ཨུ་མ་དེ་ཝི་བཀུག་སྟེ་སྲིང་མོ་པཎྜྻི་ཏར་སྤྲུལ་ལ་འདིའི་གྲོགས་ཀྱིས་ཤིག་ཅེས་བསྒོའོ། །དེ་ནས་ང་རང་ཡང་འདིའི་ལུས་ལ་ཞུགས་ནས་འདི་རྒྱལ་བར་བྱའོ་ཞེས་ཞལ་གྱིས་བཞེས་སོ། །དེས་ལྷོ་དང་ཤར་གྱི་ཁོ་རང་གི་སྡེ་པ་མུ་སྟེགས་ཞི་བ་མ་གཏོགས་ཕྱི་ནང་ཐམས་ཅད་ཕམ་པར་བྱས་ཏེ་ཞི་བའི་སྡེ་པར་བཙུད། མའི་རྩར་ཕྱིན། མ་སངས་རྒྱས་པ་ལ་གུས་པས་ཇོ་མོ་སྒྲོལ་མ་ལ་མཎྜྻལ་ཕུལ་བ་ལ། འདི་ལྟར་བྱེད་པ་གཞན་ག་ན་ཡོད། དེས་ཡུལ་དབུས་ན་པཎྜྻི་ཏ་མཁས་པ་བཞུགས་པས་འདི་འདུལ་གྲང་སྙམ་ནས། རྒྱ་གར་ཤར་དང་ལྷོ་ནི་སངས་རྒྱས་པའི་བསྟན་པ་རྟ་དཀར་མོའི་ཟེ་བ་ཙམ། ཡུལ་དབུས་སོགས་ནི་རྟའི་སྤུ་ཙམ་མོ་ཞེས་གདམས་པས། དེས་དེ་རྣམས་ཚར་བཅད་དོ་སྙམ་སྟེ་རྐང་པ་འཁྲུད་འཕྲོ་བཅད་ནས་ནཱ་ལེནྡྲའི་ཕྱོགས་སུ་སོང་ངོ་། །དེ་དང་ཉེ་བ་ལམ་ཁ་བྲལ་ཞིག་འདུག་པར་ཤིང་གཅིག་ལ་བུ་མོ་ས་པ་དི་ནི་བྱ་བ་ཤིང་ཐོག་ཟ་གིན་འདུག་པ་ལ་ནཱ་ལེནྡྲའི་ལམ་གང་ཡིན་དྲིས་པས། རྨོངས་པ་མཐའ་ཁོབ་ཀྱི་མི་སྒྲ་མི་ཤེས་པ་ནཱ་ལེནྡ་བྱ་བ་ཡིན་ཟེར་ལམ་བསྟན་པས་སྤུ་ཟིང་བ་ཞིག་བྱུང་། ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན། དེར་ཕྱིན་པས་དཔལ་ནཱ་ལེནྡྲ། བོད་ཀྱི་སྐད་དུ་ན་རྒྱུན་སྟེར་ཞེས་བྱ་བ་དེར་སླེབས། དེ་ན་གཙུག་ལག་ཁང་ཆེན་པོ་བཅུ་བཞི། གླིང་ཕྲན་བརྒྱད་ཅུ་རྩ་བཞི། རྟེན་བྱིན་རླབས་ཅན་མང་པོ་དང་། པཎྜྻི་ཏ་ལྔ་བརྒྱ། མཐར་བི་མང་པོ་ཞུགས་ཤིང་འདུག་པ་ལ་སུས་ཀྱང་ཁོང་དང་རྩོད་མ་ནུས། དེར་ཁོས་ནངས་མ་རེ་བཞིན་ཚ་བའི་གྲལ་དུ་འོངས་ནས་མགོ་ལ་དབྱུག་པ་རྡེག་ཅིང་། དགེ་སྦྱོང་དག་མགོ་བོ་འདི་ག་ནས་འོངས་ཟེར། ཐེམ་པ་ལ་བཞོན་ནས་ང་ཕྱིར་འགྲོའམ་ནང་དུ་འགྲོ། བྱིའུ་ཆང་པར་བཅུག་ནས་འདི་འཆིའམ་མི་འཆི་ཟེར་ཡང་ལན་འདེབས་མི་ནུས་སོ། །དེར་དགེ་འདུན་རྣམས་བགྲོས་པས། དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས། དེ་མ་ཡིན་པས་ཁོའི་རྩོད་པ་མི་ཟློག དེ་ནི་ཤིན་ཏུ་ཐག་རིང་ཞིང་བགྲོད་པར་དཀའ་ནས་ཐམས་ཅད་ཡིད་ཁོང་དུ་ཆུད་དོ། །ནུབ་གཅིག་མཁན་པོའི་རྨི་ལམ་དུ་མི་ནག་པོ་ཆེན་པོ་ཞིག་བྱུང་ནས། ངའི་སྤྱི་བོར་མུ་སྟེགས་ཀྱིས་སེང་ལྡེང་གི་ཕུར་བུ་ལ་སའི་སྙིང་པོ་ལན་འབུམ་བཏབ་པས་ངའི་ནུས་པ་མནན་གྱི། དེ་ཕྱུངས་ལ་བདེ་མཆོག་དང་མགོན་པོའི་སྙིང་པོ་མང་དུ་བཏོན་ལ་ཁྲུས་གྱིས་ཤིག་ཐུགས་ཀ་ནས་བྱ་རོག་ཅིག་འོང་གི་དེའི་མགུལ་བར་ཡི་གེ་ཐོགས་ལ་དཔལ་གྱི་རི་ལ་ཕྱིན་ནས་ཀླུ་སྒྲུབ་སྤྱན་དྲངས་ཏེ་འོང་ཞེས་རྨིས་པ་ཇི་ལྟར་བསྒོ་བ་བཞིན་བྱས་པས་དེ་ཁོ་ན་བཞིན་བྱུང་ནས་ཏ་ལའི་ལོ་མ་ལ། ཨེ་མ་༼༣༨༽རྨ་མེད་པར་ནི་གྲོལ་བ་འབའ་ཞིག་གིས་ནི་འཁྲུག་བྱེད་དམ། །ཁྱོད་ལས་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བའི་ཤིང་རྟ་མྱུར་དུ་དྲོངས། །ཐམས་ཅད་འཁུར་དཀའི་དུས་ཀྱི་དུབ་པས་ཁྱུ་མཆོག་རྣམས་ཀྱང་གསོལ་འདེབས་ན། །ཡུན་རིང་གནས་ཀྱི་ལྷ་མི་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་བྲིས་ཏེ་བྱ་རོག་དེའི་སྐེ་ལ་བཏགས་པ་དང་བྱ་རོག་དེ་འཕུར་ནས་སློབ་དཔོན་གྱི་གཏོར་སྟེགས་སྟེང་དུ་བབས་ཏེ་སྐད་གྲགས་པས་གཟིགས་ནས། ཨཱརྻ་དེ་ཝས་བྱང་བུ་དེ་བཀྲོལ་ཏེ་བཀླགས་པས། ནཱ་ལེནྡྲར་མུ་སྟེགས་ཀྱི་སྟོན་པས་སངས་རྒྱས་པ་ལ་རྩོད་པ་བྱུང་། དེ་ཟློག་པར་སྤྱན་འདྲེན་པར་དགོངས་ནས་ང་འགྲོ་གསུངས། གལ་ཏེ་ཁོ་བོས་ཐུབ་པར་འདུག་ན་ང་འགྲོ། སློབ་དཔོན་འོ་བརྒྱལ་ཞུས་ཏེ། སློབ་དཔོན་གྱིས་ཕྱི་པ་བཟུང་། ཨཱརྻ་དེ་ཝས་ནང་པ་བཟུང་སྟེ་རྩོད་པས་ཨཱརྻ་དེ་ཝ་རྒྱལ། མུ་སྟེགས་ངན་པ་དེ་ཁྱེར་བྱས་ཏེ་མཆིལ་ལྷམ་སློབ་དཔོན་ལ་འཕངས། དེར་དྲན་པ་རྙེད་ནས་འགྱོད་དེ་ཆད་པ་ཞུས་པས་ཉེས་པ་མི་འོང་གསུངས། ཅིས་ཀྱང་མཛད་པར་ཞུས་པས། ལམ་དུ་མུ་སྟེགས་ཞི་བར་སྨྲ་བའི་སྡེ་པ་འབུམ་ཡོད་པས་དེ་ཐུལ་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཆུག་གསུངས། ལམ་དུ་ཤིང་གི་ལྷ་མོ་སྤྱན་སློང་བ་ལ་གཅིག་སྦྱིན་པར་བཏང་། དེར་སློབ་དཔོན་གྱི་བཀའ་བཞིན་དུ་ལམ་གྱི་ཞི་བའི་སྡེ་པ་རྩོད་པས་བཏུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། དེ་ནས་ནཱ་ལེནྡྲར་ན་བཟའ་རྣམས་ལྷུང་བཟེད་དུ་བཅུག ལྷུང་བཟེད་ཤིང་ཁུར་གྱི་གསེབ་ཏུ་སྦས་ནས་ལུས་ལ་ཐལ་བ་བྱུགས། ཤིང་ཚོང་དུ་བརྫུས་ནས་བ་ལང་རྫི་དང་འགྲོགས་ནས་ཕྱིན། དེར་མུ་སྟེགས་ཀྱི་སྟོན་པ་དེས་ནང་པ་ཕྱིར་མི་གཏོང་ཕྱི་པ་ནང་དུ་མི་གཏོང་བར་འདུག་པ་ལ། ང་ཤིང་ཚོང་པ་ཞིག་ཡིན་མ་བཏང་ན་ང་ལྟོགས་ནས་འགྲོ་བྱས་པས་བཏང་ངོ་། །དེར་སློབ་དཔོན་གྱིས་ལྷུང་བཟེད་ཆོས་གོས་ཐོགས་ཏེ། སློབ་དཔོན་ཀླུ་སྒྲུབ་ནི་མ་བྱོན། སློབ་མ་ཨཱརྻ་དེ་ཝ་ཡོང་ནས་ཡོད་དོ་བྱས་པས། ནཱ་ལེནྡྲ་པ་རྣམས་དགའ་ཆེས་ཏེ་གདུགས་དང་རྒྱལ་མཚན་རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་སྒོའི་ནང་ནས་བསུས་སོ། །ནངས་པར་ཆུ་ཞོ་གཅིག་དང་མར་སྲང་གཅིག་བསྐུར་ཏེ་ཁྲུས་དང་སྐུ་མཉེ་བྱེད་པར་ཞུ་བྱས་པས། སློབ་དཔོན་གྱིས་ཆུ་བྲེ་གསུམ་མར་སྲང་ཕྱེད་ནང་དུ་ལོག་སྟེ། དགེ་འདུན་གྱི་ཡོ་བྱད་ཆུད་ཟ་བར་ཕངས་བྱས་པས་རྒྱལ་སྲས་ཐབས་ལ་མཁས་པར་གོ །དེ་གྲལ་སྨད་དུ་བཞུགས་པ་ལ་ཁོ་བྱུང་ནས་སྔར་བཞིན་ཟེར་བ་ལ། སློབ་དཔོན་གྱིས་ལག་པ་ནས་བཟུང་སྟེ། མགོ་འདི་སྐེ་ལས་སྐྱེ། ཁོ་ན་རེ་སྔ་ན་མེད་པའི་མི་མིག་གཅིག་པ་ཞིག་འདུག་༼༣༩༽ཟེར། དེ་ལ་སློབ་དཔོན་གྱིས། བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །ཚངས་པ་འཇིག་རྟེན་མཐོང་ཡང་དེ་ཉིད་ག་ལ་མཐོང་། །ཨཱརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས། ཁོ་ཐེམས་པ་ལ་བཞོན་ནས་སྔར་བཞིན་ཟེར་བ་ལ། ཁྱོད་རང་གི་འདོད་པ་ལ་རག་ལས་བྱས་པས། དེར་ཁོ་ན་རེ། ཁྱོད་དང་ང་གཉིས་རྩོད་པ་བྱའོ། །སུ་ཕམ་པ་རང་རང་གི་ལྟ་བ་འདོར་རོ་ཞེས་ཟེར། རྩོད་པ་བྱེད་པའི་ས་ཕྱོགས་སུ་སྔ་རྒོལ་ཕྱིར་རྒོལ་དཔང་པོའི་ཁྲི་བཤམས། སྣུམ་དང་བྱི་ལ་ནག་ཚངས་པ་གཅེར་བུ་དང་ཀོ་བ་རུལ་པ་སྟ་གོན་བྱས་ཏེ། དཔང་པོ་རྒྱལ་པོ་དང་ཕྱི་ནང་གི་པཎྜྻི་ཏ་གསུམ་གསུམ། རྒྱལ་ན་གཟེངས་བསྟོད། ཕམ་ན་སྨ་འབེབ་པའི་ཚོགས་ཆེན་པོ་འདུས་སོ། །རྩོད་པ་བྱེད་པའི་དུས་སུ་ཁོས་དང་པོར་ཐོད་ལེ་ཀོར་པཎྜྻི་ཏར་བསྒྱུར་ཏེ། ངའི་འདིའི་ལན་ཐོབ་ཅིག་ཟེར་བ་ལ། སོ་ཕག་གི་ཐང་ལ་སྣུམ་བྱུགས་པས་རི་མོ་མ་བྱུང་། དེ་ནས་ནེ་ཙོ་བཏོན་པས་བྱི་ལས་སྐེ་བཅད། དེར་ཁོ་ན་རེ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ། དཔལ་གྱི་རི་ལ་སྡིག་སྦྱོང་བྱེད་པའི་སྒོམ་ཆེན་གཅིག་བཞག་ནས་ཡོད་བྱས་པས། དེར་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་འབྱང་ངམ་ཟེར་བ་ལ། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་ཅང་འོང་ངམ། ལན་མེད། དེར་སྲིང་མོ་བཏོན་བྱུང་བས་ནག་ཚངས་པ་གཅེར་བུས་དེད་པས་ངོ་ཚ་ནས་བྲོས་སོ། །དེར་རྩོད་པས་མ་ཐུབ་པས་དབང་ཕྱུག་ཆེན་པོ་ལུས་ལ་ཞུགས་སུ་རེ་སྟེ་མ་ཞུགས་པས་ཁོ་ཕམ་སྟེ་གྱེན་དུ་བལྟས་པ་དང་གདུགས་ཀྱི་འོག་ཏུ་ཀོ་རུལ་འདུག་པ་མཐོང་ནས་བཅད་དེ་བསྐྱུར་བ་དང་། དབང་ཕྱུག་ཁོའི་ལུས་ལ་ཞུགས་ཏེ་རྩོད་པས། དང་པོར་དེ་ན་གནས་པ་རྣམས་ཀྱིས་གོ བར་དུ་ཅུང་ཟད་རེ་ལས་མ་གོ ཐ་མར་སྔར་མ་གྲགས་པ་འབའ་ཞིག་གིས་རྩོད་པས་སློབ་དཔོན་རྒྱལ་ཡང་སུས་ཀྱང་མ་གོ དེར་ཁོ་བརྒྱ་བྱིན་མིག་སྟོང་ཡོད་པར་སྤྲུལ་པ་སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། དེར་ཁོས་ཁ་ནས་མེ་ཕྱུང་བ་དང་། སློབ་དཔོན་གྱིས་ཞབས་ནས་ཆུ་ཕྱུང་སྟེ་མེ་བསད་པས་དེར་སློབ་དཔོན་རྒྱལ་བར་བསྔགས་པ་དང་། ཁོ་ན་རེ་ཁྱེད་ལ་དཔང་པོ་ཡོ་བས་མུ་སྟེགས་ཞི་བར་སྨྲ་བའི་སྡེ་པའི་བ་ལང་རྫིའི་རྩར་རྩོད་དོ་ཟེར་ཁོ་རང་གི་ཕྱོགས་སུ་ཡོང་རེ་བས། སློབ་དཔོན་གྱིས་གླིང་བུའི་སྒྲས་བ་ལང་རྫིའི་སེམས་བཟུང་བས་དེས་ཀྱང་སློབ་དཔོན་རྒྱལ་བར་བྱས། དེར་ཁོ་བར་སྣང་ལ་བྲོས་པ་དེད་ནས། དེ་ནས་མ་བྲོས་ཤིག་རླུང་སྤུ་གྲི་བྱ་བ་ཡོད་ཀྱི། དེས་ལུས་དུམ་བུར་༼༤༠༽འགྲོའོ་བྱས་པས། དེ་ཡོད་པར་ཅིས་ཤེས་ཟེར། ཁྱོད་རང་གི་རལ་པ་ཆོད་པ་སྐྱུར་དང་བྱས་པས་སྐྲ་རྡུལ་ཕྲ་རབ་བཞིན་སོང་ངོ་། །དེ་མཐོང་ནས་བྲེད་དེ་མར་ལོག་དེ་མིན་ན་ཁོ་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་འགྲོ་བ་ཡིན། དེར་རྒྱལ་པོས་ཁོ་འཁོར་བཅས་བཙོན་དུ་བཟུང་སྟེ་དབུ་རྩེར་བཅུག་པས་ཁོ་ལྕེབ་སྙམ། པོ་ཏི་གཅིག་གི་གླེགས་ཐག་བཀྲོལ་བས། དེ་ན་མི་གཡོ་བའི་ཡི་གེ་བཅུ་པ་ལ་ཕན་ཡོན་ཆེན་པོ་བཤད་འདུག འདི་ལ་ཕན་ཡོན་འདི་ཙམ་ཡོང་མི་འཐད་སྙམ་པ་དང་། མི་གཡོ་བའི་སྐུ་གཅིག་བྱུང་སྟེ་ད་རུང་ཆོས་བདེན་པ་ལ་ཡིད་མི་ཆེས་སམ་ཟེར་འགྲམ་ལྕག་གཅིག་བརྒྱབ་པས་ཁོ་བརྒྱལ། བརྒྱལ་བ་སངས་ནས་པོ་ཏིའི་གླེགས་ཐག་རྣམས་བཀྲོལ་ཏེ་རིམ་པ་བཞིན་བལྟས་པས་མ་ཁོལ་ལུང་བསྟན་པའི་མདོ་མཐོང་ནས་རང་ཉིད་དེའི་གདུལ་བྱར་ཤེས། གཞན་ཡང་སངས་རྒྱས་ཀྱི་གསུང་ལ་དད་པ་ཆེན་པོ་སྐྱེས་ཏེ། སློབ་དཔོན་ལ་བདག་རབ་ཏུ་འབྱིན་པར་ཞུ་བྱས་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ་རབ་ཏུ་བྱུང་ངོ་། །དེར་ཁོང་ཕྱི་པའི་སྒྲ་ཚད་ལ་མཁས་པའི་སྟོབས་ཀྱིས་ནང་པའི་གཞུང་ལུགས་རྣམས་ཀྱང་ཕལ་ཆེར་ཚེགས་མེད་པར་ཤེས་ཏེ་མཁས་པ་ཆེན་པོར་གྱུར་ཏེ། དེ་ནས་རྨི་ལམ་དུ་ཤར་ཕྱོགས་བྷཾ་ག་ལའི་གྲོང་ཁྱེར་སྲང་ཁ་ནས་མཁའ་འགྲོ་མ་ཞིག་བཞུགས་ཏེ། དེས་ཁྱོད་བྱིན་གྱིས་བརླབ་པར་འགྱུར་རོ་ཟེར་རོ། །དེར་བྱོན་པས་རྒན་མོ་ཤི་ལ་ཁད་དབུགས་ལྷེབ་ལྷེབ་པ་གཅིག་འདུག ཕྱག་དང་བསྐོར་བ་བྱས་ཙ་ན། དེས་དྲི་ཆེན་དྲི་ཆུ་བྱིན་དེ་ཟོས་པ་དང་། ནམ་མཁའ་ལ་ལིང་སོང་བ་དང་། མཁའ་འགྲོ་མ་བྱི་ལའི་གདོང་པ་ཅན་ཞིག་ཏུ་སོང་ངོ་། །ཤིག་སྲོ་ཀུན་ཀྱང་རུས་པའི་རྒྱན་དུ་སོང་། དེས་བྱིན་གྱིས་བརླབས་པས་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་དུས་གཅིག་ལ་ཐུགས་སུ་ཆུད་པ་མཚན་ཡང་བྷ་བི་ལ་དང་། དཔའ་བོ། རྟ་དབྱངས་ཞེས་བྱ་བ་ལ་སོགས་པ་མང་ངོ་། །སློབ་དཔོན་ཨཱརྻ་དེ་ཝས་བཞི་བརྒྱ་པ་དང་། གཞན་ཡབ་སྲས་དེ་གཉིས་ཀྱིས་ལེགས་པར་བཤད་པ་དུ་མ་མཛད་ཅིང་བསྟན་པ་རྒྱས་པར་བྱས་སོ། །རྒྱལ་བའི་ལྷའི་སློབ་མ་པཎྜྻི་ཏ་ཆེན་པོ་ཞི་བའི་ལྷའི་ལོ་རྒྱུས་ལ་ངོ་མཚར་ཅན་གྱི་གཏམ་བདུན་ཞེས་གྲགས་ཏེ། ལྷག་པའི་ལྷ་མཉེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་ཅན་བཏུལ་ལོ། །དེ་ལ་དང་པོ་ནི་ལྷོ་ཕྱོགས་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆ། གཞོན་ནུའི་ཚེ་རིག་པ་མང་པོ་བསླབས། ཁྱད་པར་༼༤༡༽འཇམ་དཔལ་རྣོན་པོ་བསྒྲུབས་པས་ཞལ་གཟིགས། ཡབ་འདས་ཏེ་སང་རྒྱལ་པོར་དབང་བསྐུར་བའི་དོ་ནུབ་རྨི་ལམ་ན། རང་ཉིད་སྡོད་རྒྱུའི་ཁྲི་ལ་རྗེ་བཙུན་འཇམ་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་ཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་རྨིས་པས། རྒྱལ་སྲིད་གཟུང་མི་བཏུབ་པར་ཤེས་ཏེ་བྲོས་ནས་ནཱ་ལེནྡྲར་པཎྜྻི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ལྷ་ཞེས་བཏགས་སོ། །དེར་ནང་གི་ཀུན་སྤྱོད་འཕགས་པ་ལ་ཆོས་གསན་ཅིང་དེ་ལ་མཉམ་པར་འཇོག་པ་དང་། བསྟན་བཅོས་ཟབ་མོ་རྩོམ་པ་མཛད་ཀྱང་། ཕྱིའི་སྤྱོད་ལམ་ཟ་ཉལ་བཤང་བ་མ་གཏོགས་གཞན་གྱིས་མ་རིག་པས། བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་གྲགས་ཤིང་གཞན་རྣམས་ཀྱིས་ཕྱིའི་སྤྱོད་པ་ལ་དཔག་ནས་རབ་ཏུ་བྱུང་བའི་བྱ་བ་འཁོར་ལོ་གསུམ་ཡིན་པ་ལ། འདི་གང་དང་ཡང་མི་ལྡན་པས་དད་པས་བྱིན་པ་ལོངས་སྤྱོད་པར་མི་རུང་བས་བསྐྲད་པར་བྱ། དེའང་མདོ་འདོན་རེས་བྱས་པས་རང་འབུད་ལ་འགྲོ་སྙམ་བགྲོས་ནས་མདོ་འདོན་པར་བསྐུལ་ལོ། །ཁས་བླངས་པ་དང་ཐེ་ཚོམ་དུ་གྱུར་ལ། སང་སྐྱེ་བོའི་དབུས་སུ་ཁྲི་མཐོན་པོ་བཤམས་པ་ལ། ཕྱག་གིས་མནན་ནས་སྟེང་དུ་བྱོན། དེར་སྔར་མ་གྲགས་པ་འདོན་ནམ་གྲགས་པ་འདོན་གསུངས་པས། མ་གྲགས་པ་འདོན་པར་ཞུས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་པའི་མཚམས་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུང་གྲགས་པའི་སྒོ་ནས་རྫོགས་པར་བཏོན་ཏེ་གཤེགས་སོ། །དེ་གཟུངས་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤློ་ཀ་བདུན་བརྒྱ་དང་། སྟོང་དང་སྟོང་ལྷག་ཙམ་སྟེ་གསུམ་བྱུང་བས་ཐེ་ཚོམ་ཞིང་། བསླབ་པ་ཀུན་ལས་བཏུས་པ་ཡང་། །ཡང་དང་ཡང་དུ་བལྟ་བར་བྱ། །ཞེས་དང་། ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །ཞེས་པའང་མ་ཤེས་པས་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་ནས། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བ་མཇལ། དེ་དག་ཞུས་པས། བསླབ་བཏུས་དང་མདོ་ཀུན་ལས་བཏུས་ཁོ་བོའི་གྲྭ་ཁང་གི་གདུང་གསེབ་ན་པཎྜྻི་ཏའི་ཡི་གེ་ཕྲ་མོ་བྲིས་པ་ཞིག་ཡོད། སྤྱོད་འཇུག་ཤློ་ཀ་སྟོང་ཚང་བ་དེ་ཡིན་ཞེས་ལུང་བསྟན། དེ་དག་གི་བཤད་པ་དང་སྒྲུབ་པའི་ལུང་ཡང་གནང་ངོ་། །དེ་ནས་ཤར་ཕྱོགས་སུ་བྱོན་ཏེ་འཁྲུག་༼༤༢༽པ་བྱེད་པ་ཞིག་གི་འཐབ་ཟླ་མཛད་བཏུལ་ལོ། །ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་པ་ན་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་ཡོད་པའི་འཁོར་དུ་བསྡད་པ་དང་། རེ་ཞིག་ཡུལ་ངན་ཆེན་པོ་བྱུང་ནས་བཟའ་བཏུང་ཆད་དེ་ཉོན་མོངས་པར་གྱུར་ནས་སུ་སློང་ནུས་པ་སློབ་དཔོན་དུ་བཀོད་ཅི་བསྒོ་བ་ཉན་པར་བྱས་པ་དང་། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་བླངས་ཏེ་བྱིན་གྱིས་བརླབས་པས་ཐམས་ཅད་ཚིམ་པར་མཛད་ནས་ཡ་མཚན་ཅན་གྱི་ལྟ་བ་ལས་བཟློག་སྟེ་ཐུབ་པའི་བསྟན་པ་ལ་བཙུད་དོ། །སྤྲང་པོ་སྟོང་ཞིག་བྲུ་བ་ཚ་བས་ཉེན་ཏེ་ཤི་ལ་ཁད་པ་ན་སློབ་དཔོན་གྱིས་འཚོ་བ་སྦྱར་ཞིང་ཆོས་བསྟན་ཏེ་བདེ་བ་ལ་བཀོད། ཤར་ཕྱོགས་ཨ་རི་བི་ཤ་ནའི་རྒྱལ་པོ་ལ་མ་ལ་ཙའི་གནོད་པ་བྱ་བ་འཚོ་བ་མ་ཕྱིད་པ་ཁ་ཅིག་རྒྱལ་པོ་ལ་འཁྲིལ་ནས་ནོར་སྦྱིན་དགོས། མི་བྱིན་ན་རྒྱལ་པོ་གསོད་དུ་ཡོང་བས་དེའི་སྐུ་སྲུང་མཛད། སློབ་དཔོན་ལ་རྗེ་བཙུན་གྱི་ཕྱག་རྒྱར་བཅངས་པའི་ཤིང་གི་རལ་གྲི་ཞིག་ལས་མེད་པ་གྲོགས་ཀྱིས་མཐོང་སྟེ། རྒྱལ་པོ་ལ་མི་འདི་སྒྱུ་ཅན་ཞིག་སྟེ་ལག་ཆ་ལ་གཟིགས་ཤིག་ཅེས་གསོལ་བས། རྒྱལ་པོ་ཁྲོས་ཏེ། ཁྱོད་ཀྱིས་རལ་གྲི་ཕྱུངས་ཤིག་ཅེས་སྨྲས་པས་ལྷ་ཉིད་ལ་གནོད་པར་འགྱུར་རོ། །གནོད་ཀྱང་སླའི་ངེས་པར་ཕྱུངས་ཤིག་ཟེར། འོ་ན་ལྷས་སྤྱན་ཡ་གཅིག་བཀབ་སྟེ་གཅིག་གིས་གཟིགས་ཤིག་ཅེས་གསོལ་བས། དེ་ལྟར་བྱས་ཏེ་རལ་གྲི་ཕྱུང་པས་དེའི་འོད་ཟེར་མ་བཟོད་དེ་མིག་གཅིག་ཞར་བ་དང་། བཟོད་པར་གསོལ་སྐྱབས་སུ་སོང་སྟེ་ཆོས་ལ་བཙུད་དོ། །དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ་ཨུ་ཙུཥྨའི་སྤྱོད་པ་ཞེས་བྱ་བ་སྤྲང་པོའི་ཆ་བྱད་གཅེར་བུ་འཁྲུད་མ་ཕོ་བའི་རྩིགས་མས་འཚོ་བར་བྱེད་པ་དག་གི་ནང་དུ་ཞུགས་སོ། །ཁ་རི་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་ལ་ཧས་འཁྲུད་མ་ཕོ་བའི་ཆུ་འཐོར་བ་སློབ་དཔོན་ལ་ཕོག་པས་ཁོལ་བ་མཐོང་། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་ཤང་ཀ་ར་དེ་ཝ་ཞེས་བྱ་བས། གནངས་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་འདྲི་བས། དེ་བཤིག་མ་ནུས་ན་ཆོས་ལྷ་རྟེན་བསྲེགས་ནས་དགེ་བདུན་རྣམས་ཕྱི་རོལ་པའི་སྒོར་འཇུག་དགོས་ཞེས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་དགེ་འདུན་འདུས་ཏེ་བསྙད་པས་བཤིག་པར་ཁས་ལེན་པ་མ་བྱུང་། རྒྱལ་པོ་མྱ་ངན་དུ་གྱུར་པ་ན་བྲན་མོས་སྔར་མཐོང་བ་དེ་བཤད་པས་ཚོལ་ཅིག་གསུང་། ཕྱོགས་ཀུན་ཏུ་བཙལ་བས་ལྗོན་ཤིང་ཞིག་གི་དྲུང་ནས་རྙེད་དེ། དོན་དེ་ཞུས་པས་ངས་ནུས་ཀྱི་ཆུ་བུམ་པ་གང་། རས་ཡུག་གཉིས། མི་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། །སང་དགོངས་ཀ་ཐིག་གདབ་སྟེ་སོང་། ༼༤༣༽ཐམས་ཅད་ཐེ་ཚོམ་དུ་གྱུར་ཏོ། །གནངས་སྔ་དྲོ་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན། སློབ་དཔོན་གྱིས་ཏིང་ངེ་འཛིན་མཛད་པས་འཚུབ་མ་ཆེན་པོ་ལངས་ཏེ་རྨེག་མེད་དུ་ཁྱེར། ཤིང་དང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལ་ཐུག་པར་ལྡེག དེར་ཚོགས་པའི་མི་རྣམས་ཀྱང་བདས། མུ་སྟེགས་ཀྱི་སྟོན་པའང་རྣམ་པར་འཐོར། ཕྱོགས་ཐམས་ཅད་མུན་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་གྱི་སྨིན་མཚམས་ནས་འོད་བྱུང་སྟེ་རྒྱལ་པོ་དང་བཙུན་མོ་ལམ་བསྟན་ཏེ། གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་རས་གསར་པ་གཡོགས་ཏེ་མེས་བསྲོས་ཏེ་བདེ་བར་བྱས་སོ། །དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིག་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས་ད་ལྟའི་བར་དུའང་ཡུལ་དེ་ལ་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །དེ་ལྟ་བུའི་སློབ་དཔོན་རྣམས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་འདོད་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དངོས་བསྟན་ལྷག་པའི་ཤེས་རབ་རྣམ་པར་འགྲེལ་བ་རྩ་བ་ཤེས་རབ་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་ཀླུ་སྒྲུབ་ཉིད་ལས་ཐོས་པ་བཞིན་འགྲེལ་པ་མཛད། དེ་ནས་རིང་ཞིག་ན་མཁས་པ་ཆེན་པོ་ལེགས་ལྡན་འབྱེད་རང་ཉིད་རྟོག་གེ་ལ་མཁས་པ་སྟོན་པར་བཞེད་ལ། དེ་ལྟར་བཤད་པས་དབུ་མའི་དོན་ཡང་མི་ཉམས་པར་དགོངས་ནས་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལ་གཟིགས་ནས། དེ་ལ་ཟུར་ཟ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་ཞེས་བྱ་བ་བརྩམས། བོད་ཀྱི་བགྲེས་པོ་དག་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་དངོས་སུ་རྩོད་པ་མཛད་པས། སངས་རྒྱས་བསྐྱངས་ཀྱིས་ལེགས་ལྡན་འབྱེད་མ་ཐུབ་པར་སྐྱེ་བར་ཕྱི་མར་དེ་ལས་རྒྱལ་བར་སྨོན་ལམ་བཏབ་སྟེ་ཟླ་བ་གྲགས་པར་འཁྲུངས། དེའི་ཚེ་ལེགས་ལྡན་འབྱེད་དང་གཉིས་རྩོད་པས་ཟླ་གྲགས་རྒྱལ། ལེགས་ལྡན་འབྱེད་དེའི་སློབ་མར་ཞུགས་སོ་ཟེར་བ་ནི་གཏན་མི་འཐད་དེ། ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོང་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་གསུངས་པས་སོ། །དབུ་མའི་བརྒྱུད་ལུགས་རང་རྒྱུད་པ། ཐུབ་པ་འཇམ་དབྱངས། སྒྲ་གཅན་འཛིན། ཀླུ་སྒྲུབ། སངས་རྒྱས་བསྐྱངས། དེ་ཝ་ཤརྨ། ལེགས་ལྡན་འབྱེད། སྤྱན་རས་གཟིགས་བརཏལ་ཞུགས། སངས་རྒྱས་ཡེ་ཤེས། ཡེ་ཤེས་སྙིང་པོ། ༼༤༤༽ཞི་བ་འཚོ། ཀ་མ་ལ་ཤཱི་ལ། བློ་གྲོས་ཆེན་པོ། མི་ཕམ་བཤེས་གཉེན། ཛ་ཡ་ཨཱ་ནནྟ། པ་ཚབ་ཉི་མ་གྲགས། ཐལ་འགྱུར་པ། ཀླུ་སྒྲུབ་ནས་ཨཱརྻ་དེ་ཝ། ཟླ་བ་གྲགས་པ། བཙུན་པ་དེ་ཝ་ཙནྡྲ། རྒྱལ་རིགས་འཇམ་དཔལ་གྲགས་པ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སརྫ་ན། ཇོ་བོ་ཧ་སུ་མ་ཏི། པ་ཚབ་ཉི་མ་གྲགས་སོ་ཞེས་བྱུང་ཞིང་། ཨཱརྻ་དེ་ཝ་མྱ་ངན་ལས་འདའ་ཁའི་སློབ་མ་ཡིན། དེས་བསྟན་པ་ཡུན་རིང་དུ་བསྐྱངས་པས་ཟླ་གྲགས་ཀྱིས་དེ་ལ་དངོས་སུ་ཐུག་པར་རིགས་ལ། གཞན་དཔའ་བོ་དང་ཕྱོགས་གླང་གིས་དེ་བཞིན་གཤེགས་པ་ལ་སྤེལ་མར་བསྟོད་པ་མཛད་པས་ཐོག་མཉམ་པ་དངོས་སུ་གྲུབ། འཇུག་པ་རང་འགྲེལ་ལས། དབྱིག་གཉེན་དང་ཕྱོགས་གླང་དང་དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་སྔར་བྱོན་པ་ཞེས་གསུངས་པས། དེ་དག་ཟླ་གྲགས་ལས་སྔ་བར་ཤེས། འགའ་ཞིག་ཏུ་ཀླུ་སྒྲུབ་འདས་ནས་ལོ་བཞི་བརྒྱ་ན་ཟླ་གྲགས་འཁྲུངས། བཞི་བརྒྱར་བཞུགས་ཞེས་པ་ལ་ཕྱེད་ལྷག་པ་དང་། བཀའ་གདམས་པ་ཀུན་ཀླུ་སྒྲུབ་རང་གི་སློབ་མ་ཟླ་གྲགས། དེས་ལོ་བཞི་བརྒྱ། དེའི་སློབ་མ་རིག་པའི་ཁུ་བྱུག་དེས་ལོ་སུམ་བརྒྱ། དེའི་སློབ་མ་ཇོ་བོ་ཡིན་པར་བཞེད་དེ། ཕྱི་མ་འདི་ལ་ལོ་གྲངས་ཉིས་བརྒྱས་ཉུང་བའི་སྐྱོན་སྣང་། དེས་ན་ཟླ་གྲགས་ཀྱི་སློབ་དཔོན་ཨཱརྻ་དེ་ཝ་ཡིན་ལ། དེས་དག་སྣང་གིས་ཀླུ་སྒྲུབ་མཇལ་བས་གསང་འདུས་འཕགས་ལུགས་པ་རྣམས་ལྟར་དེའི་དངོས་སློབ་ཀྱང་ཡིན་ནོ། །དེ་བཞིན་ལེགས་ལྡན་འབྱེད་ཀྱང་བསྙེན་པར་རྫོགས་ས་ཀླུ་སྒྲུབ་རང་ཡིན་ལ་བཤད་རྒྱུན་སྔ་མ་ཁོ་ནའོ། །སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་འགའ་ཞིག་ཏུ་ཤེས་རབ་སྒྲོན་མེར་མི་འཐད་པར་སྨོས་པ་དང་། དེ་སླར་ཟླ་བ་གྲགས་པས་འཐད་པར་བསྒྲུབས་ཤིང་། རང་རྒྱུད་ཀྱི་སྦྱོར་བ་བཀོད་པ་མི་འཐད་པ་ཙམ་བརྗོད་པ་ལ་ཐལ་རང་རྩོད་ཅེས་པར་ཟད་ལ། ཐལ་རང་དེ་ནས་གྱེས་པ་ཡིན། གཞན་སློབ་དཔོན་དེ་དག་ཐོག་སྔ་ཕྱི་ཆེན་པོ་ཡོད་པ་གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་ཞེས་གསུངས་དགོས་བྱུང་བས་ཤེས་སོ། །གཞན་ཡང་རང་རྒྱུད་པ་དང་ཐལ་འགྱུར་པ་མི་མཐུན་པ་ཆེན་པོ་སྐད་ཟེར་བའང་རང་གིས་རང་རྒྱུད་འཇོག་ལུགས་ཀྱི་བློའི་སྐྱོན་ཡིན། ལུགས་གཉིས་བར་དུ་བདག་བཟློག་ཁྱེར་ལ་ཐལ་རང་དུ་གྱེས་པ་ཙམ་ལས་མཐར་ཐུག་ལ་མི་མཐུན་པ་མེད། དེས་ན་ཀུན་རྫོབ་ཁས་ལེན་ཚུལ་གྱིས་ཐལ་འགྱུར་པ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པ། རང་རྒྱུད་པའི་སློབ་དཔོན་ལེགས་ལྡན་འབྱེད་ལ་མདོ་སྡེ་སྤྱོད་པ། ཡེ་ཤེས་སྙིང་པོ་དང་བོ་དྷི་སཏྭ་ལ་སོགས་པ་ལ་རྣལ་འབྱོར་སྤྱོད་པ་ཞེས་རྣམ་པར་ཕྱེ་བ་ཡིན་ནོ། །༼༤༥༽སློབ་དཔོན་ལེགས་ལྡན་འབྱེད་ནི་རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཆེན་པོ་དེས་དབུ་མ་སྙིང་པོ་རྩ་འགྲེལ་མཛད་ཅེས་སྨྲེང་ལ། དབུ་མ་རིན་ཆེན་སྒྲོན་མར་རྟོག་གེ་འབར་བའང་བདག་གིས་བྱས་ཟེར་བས། དེ་ལེགས་ལྡན་ཕྱི་མ་ཇོ་བོ་རྗེའི་བླ་མ་ཡིན། དང་པོས་མཛད་ན་རང་རྒྱུད་ཀྱི་རྩ་བར་རིགས་ལ། དེར་མི་འདྲེན་པས་བརྟག་པར་རིགས་སོ། །དེའི་སློབ་མ་དཔལ་སྦས། དེའི་སློབ་མ་ཡེ་ཤེས་སྙིང་པོ་དེས་བདེན་གཉིས། དེའི་སློབ་མ་ཞི་བ་འཚོ་ཞེས་བྱ་བ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་མ། རྒྱལ་པོས་མཛད་པའི་བཀའ་ཡང་དག་པའི་ཚད་མར་ཟ་ཧོར་གྱི་བིཀྵུ་ཆེན་པོ་པ། ཡུལ་ཁ་སར་ཎར་འཁྲུངས་པ། དྷརྨ་ཤཱནྟི་གྷོ་ཥ་འཇིག་རྟེན་གྱིས་ཨཱ་ཙརྻ་བོ་དྷི་ས་ཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་ཚུལ་ཁྲིམས་དང་ཤེས་རབ་དང་ལྡན་པ་མི་འཕྲོག་པའི་བརྩོན་འགྲུས་ལ་ཞུགས་པ་ཞེས་བསྔགས་པ་དེས་དབུ་མ་རྒྱན། དེའི་སློབ་མ་ཀ་མ་ལ་ཤཱི་ལ། དེས་དབུ་མ་སྣང་བ་སྟེ་རང་རྒྱུད་ཀྱི་གཞུང་གསུམ་དུ་གནས་སོ། །དཔལ་ལྡན་ཟླ་བ་གྲགས་པ་ནི་ཡུལ་ལྷོ་ཕྱོགས་ས་མ་ནར་འཁྲུངས་ཏེ་ཨཱརྻ་དེ་ཝ་བསྟེན། རིག་པའི་གནས་དང་ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁས་པ་ཆེན་པོར་གྱུར་པ། སྐྱེ་བ་ལྔ་བརྒྱར་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ལ། རི་མོར་བྲིས་པའི་བ་ལ་འོ་མ་བཞོ་ནུས་པ། རྡོའི་ཀ་བ་ལ་ཕྱག་གཡུགས་པ་མི་ཐོགས་པར་ཐལ་བྱུང་དུ་འགྲོ་བ། དེས་དབུ་མ་ལ་འཇུག་པ་རྩ་འགྲེལ་དང་། ཚིགས་གསལ་ལ་སོགས་པ་བསྟན་བཅོས་དུ་མ་མཛད། སྒྲ་མདོ་ཀུན་ཏུ་བཟང་པོ་བྱ་བ་ཚིགས་སུ་བཅད་པ་ཡོད་པ་ཞིག་མཛད་པ་ཙནྡྲ་གོ་མིས་གཟིགས་ཏེ། རང་གི་ལས་ལྷག་པར་མཐོང་སྟེ། རང་གི་བརྩམས་པ་ཁྲོན་པར་བསྐྱུར་བ་ཡིན། ཀླ་ཀློའི་དམག་བྱུང་བའི་ཚེ་རྡོའི་སེངྒེ་ལ་ཕྱག་བརྒྱབ་པས་དེ་འབུམ་དུ་སོང་། དེ་རྣམས་ཀྱིས་དམག་ཚོགས་བརླག་པར་བྱས་སོ་ཞེས་གྲགས་སོ། །ཤར་ཕྱོགས་བྷཾ་ག་ལར་འཁྲུངས་པའི་ཙནྡྲ་གོ་མི་ཞེས་བྱ་བ་བཅོམ་ལྡན་འདས་སྒྲོལ་མས་རྗེས་སུ་གཟུང་བ་དེ་ཟླ་གྲགས་ལ་རྩོད་པར་འོངས་པའི་ཚེ། ཟླ་གྲགས་ཀྱིས་སུ་ཞེས་དྲིར་བཏང་བས་ཙནྡྲ་གོ་མིར་ཤེས་ནས་ཅི་ཤེས་དྲིས་པས། སྒྲ་པཱཎི་པ། མཚན་བརྗོད། བསྟོད་པ་བརྒྱ་ལྔ་བཅུ་པ་གསུམ་ཤེས་ཟེར་བས། མཁས་པ་ཆེན་པོར་ཤེས་ནས་དགེ་འདུན་གྱིས་བསུས་པ་ན། ང་རྟེན་དགེ་བསྙེན་ཡིན་པས་མི་རིགས་དགོངས་ཏེ། འཇམ་པའི་དབྱངས་ཀྱི་སྐུ་ཤིང་རྟའི་སྟེང་དུ་བཞག དེའི་རྒྱབ་ཏུ་བཞུགས་ནས་བྱོན་པའི་ལམ་དུ་འཇམ་དབྱངས་ལ་བསྟོད་པ་མཛད་པས། སྐུ་དེ་དབུ་ཡོན་མཛད་ནས་ང་ལ་དེ་ལྟ་བུའི་ཡོན་ཏན་འདུག་པ་ནམ་ཞེས་པས་༼༤༦༽སྐུ་དེ་འཇམ་དབྱངས་མཇིང་ཡོན་མར་ཐོགས། དེར་དཔོན་སློབ་གཉིས་འཛོམ་ནས་རྩོད་པས་ཟླ་བ་གྲགས་པ་རིག་པ་རྣོ་ལ། དེས་དེ་རིང་གི་ལན་འཇིག་རྟེན་དབང་ཕྱུག་ལ་ཞུས་ནས་གནང་བར་བཏབ་པས། ཟླ་གྲགས་ཐེ་ཚོམ་དུ་གྱུར་པས་ཕྱི་བཞིན་སྙེགས་པ་ན་འཇིག་རྟེན་དབང་ཕྱུག་གིས་སློབ་པ་གཟིགས་ཏེ། འཕགས་པ་ཉེ་རིང་མ་མཛད་ཅེས་གསོལ་པས་སྐུ་དེ་ཕྱག་མཛུབ་བསྐུམ་པ་མ་བྱུང་བར་ལུས་པས་དེང་སང་ཡང་ཐུགས་རྗེ་ཆེན་པོ་མཛུབ་ཀེར་ཞེས་གྲགས་སོ། །རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་ཤེས་རབ་སྒྲོན་མེའི་ཊཱིཀ་ཆེན་སྤྱན་རས་གཟིགས་བརཏལ་ཞུགས་ཀྱིས་མཛད་པར་རང་འགྲེལ་དུ་བཤད་ཀྱང་། ཚིག་གསལ་ལས་འོན་ཀྱང་སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན་དེའང་ཡོད་པ་མ་ཡིན་ཏེ། རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པས་དེ་དེས་མཛད་ན་དེ་སྐད་སྦྱར་མི་དགོས་པར་འགྱུར་བས་སོ། །དེ་བས་ན་ཐལ་རང་གཉིས་ཀ་དབུ་མ་རབ་ཏུ་མི་གནས་པའི་དབྱེ་བར་ཟད་ལ། ཐོགས་མེད་འཕགས་སེང་གི་དབུ་མ་ནི་སྒྱུ་མ་ལྟ་བུ་སྟེ། དང་པོས་ཤེར་ཕྱིན་དངོས་བསྟན་བཀྲལ་བས་ལྟ་བ་ཐམས་ཅད་བཟློག་སྟེ་ལྷག་པའི་ཤེས་རབ་བསྐྱེད་པས་ཐེག་ཆེན་གྱི་ཆོས་མངོན་པ་དར་བར་མཛད་ལ། གཉིས་པས་ནི་སྦས་དོན་སྒྱུ་མ་ལྟ་བུའི་ལམ་གྱི་རིམ་པར་བཀྲལ་བས་མངོན་པར་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་ལྷག་པའི་ཏིང་ངེ་འཛིན་བསྐྱེད་པས་ཐེག་ཆེན་གྱི་མདོ་སྡེ་རྒྱས་པར་མཛད་པ་ཡིན་ལ། དོན་ལ་ལྟ་སྤྱོད་ཟུང་དུ་འཇུག་པའི་ཕྱིར་གཉིས་པོ་འགལ་མེད་དུ་འཁྱེར་ཤེས་དགོས་སོ། །རྒྱའི་སློབ་དཔོན་རྫོགས་གསལ་གྱི་དགོངས་འགྲེལ་གྱི་འགྲེལ་ཆེན་དུ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པར་རབ་ཏུ་མང་པོ་འབྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེའི་རིག་པ་སྒྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོར་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་༼༤༧༽བསྟན་ཏོ། །ཞེས་དྲངས་པ་ལ་དེ་ལྟའི་རྩ་རྒྱུད་ན་རྐང་པ་སྔ་མ་གཉིས་མི་སྣང་ཞེས་བུ་སྟོན་གསུང་ཡང་ལུང་རྣམས་ལ་ཚིག་ཆད་པ་ཅུང་ཟད་ཡོད་པར་བཤད་པས་སྔ་མ་འཐད་དོ། །དེ་ལྟ་བུའི་རྒྱ་ཆེན་སྤྱོད་པའི་ཕྱོགས་འགྲེལ་བའི་ཤིང་རྟ་ཆེན་པོར་ལུང་བསྟན་པའི་འཕགས་པ་ཐོགས་མེད་ནི། རྒྱ་གར་དུ་དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་བྱུང་སྟེ། དང་པོ་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜྻཱིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་གཎྜྻཱི་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་ཀླད་པ་ཚལ་བར་འགེམས། །ཞེས་པར་རིག་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར། དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་མུ་སྟེགས་ཀྱི་སྤྲང་པོ་གཅིག་སློང་དུ་འོངས་པ་ལ་བཀྲུ་ཆུ་གཏོར་བས་ཁྲོས་ནས་ཉི་མ་བསྒྲུབས་ཏེ་གཙུག་ལག་ཁང་བསྲེགས་ཏེ་བསྣུབས་སོ། །དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པའི་བསམ་པ་ལ་བསྟན་པའི་རྩ་བ་མངོན་པ་ཡིན་པ་ལ་དགྲ་ལན་གསུམ་བྱུང་བས་བསྣུབས་པ་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས། ལུས་ལ་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་སྙམ་ནས་རྒྱལ་རིགས་དང་འདུས་པས་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་དབྱིག་གཉེན་བྱུང་ནས་སྐྱེས་མ་ཐག་ཏུ་ལྕེ་ལ་གིའུ་ཝང་གིས་ཡི་གེ་ཨ་བྲིས་པ་སོགས་བློ་རྣོ་བའི་རིག་པ་བྱས་ཏེ། དེ་གཉིས་ཆེར་སྐྱེས་པའི་ཕའི་ལས་ཀ་གང་ཡིན་ཞུས་པས། མ་ན་རེ། ཁྱེད་དེའི་ཕྱིར་མ་བསྐྱེད་ཀྱི་བསླབ་སྦྱངས་གྱིས་ལ་མངོན་པའི་བསྟན་པ་དར་བར་གྱིས་ཤིག་གསུངས་ནས་གཅུང་པོ་ཁ་ཆེར་འདུས་བཟང་གི་དྲུང་དུ་བཏང་། གཅེན་གྱིས་བྱམས་པ་སྒྲུབ་ལ་ཐེག་ཆེན་གྱི་མངོན་པ་དར་བར་བྱ་སྙམ་ནས་རི་བྱ་རྐང་གི་ཕུག་ཏུ་ཕྱིན། ལོ་གསུམ་སྒྲུབ་པས་མཚན་མ་ཅིའང་མ་བྱུང་བས་སྐྱོ་ནས་ཕྱིར་འཐོན་པ་ན། རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ཤུད་དེ་འདུག་པས། ཅི་བྱེད་དྲིས་པས་ཁབ་བྱེད་པ་ཡིན་ཟེར། ཤིང་བལ་འདི་ལྟར་འཇམ་ལ་ལྕགས་སྲ་བའི་སྡོང་པོ་འདི་ཙམ་ན་ཇི་ལྟར་ཁབ་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་༼༤༨༽ཡིས། །སྒྲུབ་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བས་ངས་ཡུན་ཐུང་འདུག་བསམ་སྟེ་སླར་ལོ་གསུམ་བསྒྲུབས་སོ། །དེར་ཡང་རྟགས་མེད་ནས་དོན་པས་ཆུ་ཐིགས་ཀྱིས་བྲག་ཟད་པ་མཐོང་ནས་སླར་ལོ་གསུམ་བསྒྲུབས། ཡང་རྟགས་མེད་ནས་འཐོན་པས་ཕུག་རོན་གྱི་སྒྲོས་བཤུད་པས་བྲག་ཟད་པ་མཐོང་། དེར་ཡང་ལོ་གསུམ་སྟེ་བཅུ་གཉིས་སྒྲུབ་བོ། །དེར་ཡང་མཚན་མ་མ་བྱུང་ནས་སྐྱོ་སྟེ་འཐོན་ནས་ཕྱིན་པ་ན། ཁྱི་མོ་རོ་སྨད་འབུས་ཤིག་ལ་རོ་སྟོད་ཟུག་ཅིང་ཟ་བ་གཅིག་མཐོང་ནས་སྙིང་རྗེ་ལྷག་པར་བསྐྱེད་དེ་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད་དེ་འབུ་ཟར་གཞུག་སྙམ་ནས་གྲོང་ཁྱེར་ཨ་ཙནྟ་ཞེས་བྱ་བར་ཕྱིན་ཏེ་གསེག་ཤང་གཏའ་མར་བཞག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་ཤི་ཡིས་དོགས། སྤྱན་བཙུམ་སྟེ་ལྗགས་ཀྱིས་ལེན་སྙམ་པ་དང་ཁྱི་མེད་པར་རྗེ་བཙུན་བྱམས་པ་འོད་སྒོར་རེ་བཞུགས་པ་མཐོང་ནས་ཡུས་ཏེ། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། རྗེ་བཙུན་གྱིས། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །ང་དང་པོ་ནས་ཡོངས་ཏེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན། ཡིད་མི་ཆེས་ན་ཁྱོད་རང་ཕྲག་པར་ཁུར་ལ་སྟོན་ཅིག་གསུངས་ནས་ཁྲོམ་གྱི་དབུས་སུ་ཕྱིན་ཏེ་བསྟན་པས་སུས་ཀྱང་མ་མཐོང་བས་ཡིད་ཆེས། ཁྱོད་ཅི་འདོད་གསུངས་པ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་འཇུས་ཏེ་དགའ་ལྡན་དུ་བྱོན། ལྷའི་གྲོ་སྐད་དུ་མི་ལོ་ལྔ་བཅུའམ་ལྔ་བཅུ་རྩ་གསུམ་དུ་བཞུགས་པར་འཆད། ས་སྡེའི་སྣ་མཆན་ལས། ཟླ་བ་དྲུག་བཞུགས་ཏེ་གསན་ཞེས་བྱུང་ངོ་། །དེར་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་ཆེན་གྱི་མདོ་སྡེ་མང་པོ་དང་བྱམས་པའི་ཆོས་ལྔ་གསན། མི་ཡུལ་དུ་བྱོན་ནས་རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་ཐེག་ཆེན་གྱི་སྡེ་སྣོད་གསུམ་གཏན་ལ་འབེབས་པའི་བསྟན་བཅོས་ས་སྡེ་ལྔ། སྡོམ་པ་རྣམ་པ་གཉིས་སོགས་དུ་མ་མཛད། སློབ་དཔོན་དེས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་ཏེ། སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་༼༤༩༽ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་ཆོས། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་ལ། འགྲེལ་ཆུང་གི་བཤད་པ་ཚིག་གསལ་དུ། སློབ་དཔོན་ཐོགས་མེད་ས་གསུམ་པ་འོད་བྱེད་པ་བརྙེས་ཀྱང་དབྱིག་གཉེན་འདུལ་བའི་དོན་དུ་སེམས་ཙམ་དུ་བསྟན་ནོ་ཞེས་འབྱུང་ངོ་། །དེ་ཡང་བྱམས་པ་མཇལ་དུས་ན་ཆོས་རྒྱུན། དེ་ནས་ས་གསུམ་པར་འཕར་ཞེས་སྦྱར་རོ། །དེའི་གཅུང་པོ་དབྱིག་གཉེན་གྱིས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་པའི་སྟོབས་ལས། གཞོན་ནུ་ནས་ཁ་ཆེར་སློབ་དཔོན་ཆེན་པོ་འདུས་བཟང་གི་དྲུང་དུ་ཕྱིན། དེར་སྤྱིར་རིག་པའི་གནས་ཐམས་ཅད་དང་། ཁྱད་པར་ཉེར་སྦས་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པའི་བྱེ་བྲག་ཏུ་བཤད་པ་ཞེས་སམ། ཆོས་མངོན་པའི་མཛོད་ཅེས་བྱ་བ་སོགས་མངོན་པ་བསླབས་པས་ཚེགས་མེད་པར་མཁྱེན་ནས་རྒྱ་གར་དུ་འབྱོན་པར་ཆས་ལམ་དུ་ཞུགས་པའི་ཚེ་ཁ་ཆེའི་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱི་རྟེན་ཡོད་པས་ཕྲོགས་ནས་ལན་གསུམ་གྱི་བར་དུ་ཟློག་ཀྱང་ནོར་ནི་མེད། ཆོས་བློ་ལ་ཡོད་པ་འབྲལ་དུ་མི་བཏུབ་པས་བཏང་སྟེ་ནཱ་ལེནྡྲ་བྱོན་པ་དང་། གཅེན་གྱིས་བསྟན་བཅོས་མང་དུ་བརྩམས་པ་ཐོས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་བསྟིངས་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མེད་དུ་འགྱུར་བ་མཁྱེན་ཏེ། དེ་བཟློག་པའི་ཕྱིར་སློབ་མ་གཉིས་ས་བཅུ་པ་དང་བློ་གྲོས་མི་ཟད་པ་འཛིན་དུ་བཅུག་ནས་གཅུང་ཅན་སོང་ལ་སྲོད་དང་ཐོ་རངས་ཐོན་ཅིག་ཅེས་བསྒོ་བ་ལྟར་བསྒྲུབས་པས། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་གཡེལ་བ་འདྲ་གསུངས། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་ཆོད་གསུངས་ནས་སྤུ་གྲི་བཙལ་བའི་ཚེ། ཁོང་གཉིས་ཀྱིས་ལྗགས་འགུམ་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས་དེར་གཤེགས་སོ་ཞེས་སྨྲས་ཏེ། དེ་ལ་གསན་ནས་བྱོན་ནོ། །དེར་ཆོས་མང་དུ་གསན་ཞིང་འབེལ་གཏམ་མཛད་པའི་ཚེ། གཅུང་ནི་སྤོབས་པ་ཤིན་ཏུ་མྱུར། གཅེན་བུལ་ལ་བཟང་པོ་བྱུང་བས། འདིའི་རྒྱུ་ཅི་དྲིས་པ་དང་། ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎྜྻི་ཏར་གྱུར་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་ཡིན། ང་ལ་དེ་ལྟ་བུ་མེད་པས་ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུངས། དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུངས་ནས་ཞུས་པས། ཁྱོད་སོ་སོ་སྐྱེ་༼༥༠༽བོ་ཡིན་པ་དང་། ཐེག་ཆེན་ལ་སྐུར་པ་བཏབ་པས་ང་ཚེ་འདི་ལ་མཐོང་བའི་སྐལ་བ་མེད་ཀྱི། སྒྲིབ་པ་སྦྱང་བའི་ཕྱིར་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་པར་རྒྱལ་མ་ཐོན། ཕྱི་མ་མཇལ་བར་འོང་གྱིས་ཤིག་གསུངས་པས་དེ་ལ་དེ་སྐད་བསྙད་དོ། །དེ་ནས་གཅེན་ལ་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་ཟེར་ཞིང་བྱམས་པའི་གསུང་བཞིན་བསྒྲུབས་ལ་མཛོད་ཀྱི་ཚིག་ལེའུར་བཅད་པ་བརྩམས་ཏེ་འདུས་བཟང་ལ་སྤྲིངས་སོ། །སློབ་མ་རྣམས་ཀྱིས་ཟེར་གྲག་ལོ་ཞེས་པ་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ་ཞེས་སྨྲས་པ་དང་། ཁོ་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་གི་རྒྱན་ཡིན་ཟེར། ཤིན་ཏུ་མཉེས་ཏེ་འགྲེལ་པ་མདོ་དང་མཐུན་པའང་སྦྱར་རོ། །སློབ་དཔོན་འདིས་ནཱ་ལེནྡྲའི་མཁན་པོ་མཛད་དེ་ཐོགས་མེད་གཤེགས་ནས་ཀྱང་དུམ་ཞིག་བསྟན་པ་བསྐྱངས། འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་སུ་ཆུད་ཅིང་འབྲུ་མར་གྱི་བཅིང་བ་མཛད་ནས་ཞག་བཅུ་གཉིས་སུ་ཞལ་འདོན་མཛད་པས་སངས་རྒྱས་གཉིས་པར་གྲགས་པའོ། །ཕྱིས་མཛོད་ལ་རང་འགྲེལ་མཛད་དེ། འདུས་བཟང་བཞུགས་པ་དེ་ལ་བསྐུར་བས་དེ་འཁྲུགས་ཏེ་ལུང་དང་རིག་པའི་སྒོ་ནས་ཚར་བཅད་ཅིང་ཁོ་ཉིད་ཀྱི་ལག་པས་བསུབ་ཏུ་གཞུག་གོ་ཟེར་ནས་རྒྱ་གར་དུ་བྱོན་པར་ངུར་སྨྲིག་གི་མདངས་ཀྱིས་ནམ་མཁའ་འགྱུར་བ་ཙམ་གྱི་དགེ་འདུན་གྱིས་བསྐོར་ཏེ་ཆས་པ་དབྱིག་གཉེན་གྱིས་གསན་ནས་སློབ་དཔོན་འདུས་བཟང་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བྱང་བ་ཡིན་པས་བཟློག་པར་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལྟ་བར་འགྲོ་ཞེས་བསྒྲགས་པ་བཞིན་ནཱ་ལེནྡྲ་དཔལ་ལྡན་ཆོས་སྐྱོང་ལ་གཏད། བལ་ཡུལ་དུ་བྱོན། དེའི་རྗེས་ལ་འདུས་བཟང་ནཱ་ལེནྡྲར་བྱོན་དེར་སུམ་བརྒྱ་ལོན་ནས་གྲོངས། དབྱིག་གཉེན་དགུང་ལོ་ཉིས་བརྒྱ་ལ་བལ་ཡུལ་དུ་ཧ་དུ་ཞེས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་སྡོམ་ཁྲིམས་ལ་མི་གནས་པ་ཆང་གི་བུམ་པ་ཐོགས་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ་གཙུག་ཏོར་རྣམ་རྒྱལ་བཟློག་ནས་བཏོན་པས་གྲོངས་ནས་མཆོད་རྟེན་ཡང་བརྩིགས་སོ། །སློབ་དཔོན་ཆེན་པོ་དེ་ལ་སློབ་མའི་མཆོག་བཞི་ཡོད་པའི་མངོན་པ་རང་ལ་མཁས་པ་བློ་བརྟན་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧ་ར་ཞེས་བྱ་བ་ན་འབྲུ་མར་གྱིས་ཟངས་བཀང་པའི་ནང་ན་བཞུགས་ཏེ་འབུམ་སྡེ་གོ་དགུ་ཞལ་འདོན་དུ་མཛད་པ་རྒྱུན་དུ་ཉན་པའི་ཕུག་རོན་ཞིག་ཡོད་པ་ཚེ་འཕོས་ནས་མཐའ་འཁོབ་ཌ་མ་ཞེས་བྱ་བར་དམངས་རིགས་ཀྱི་བུར་སྐྱེས་མ་ཐག་༼༥༡༽ངའི་སློབ་དཔོན་ག་ན་བཞུགས་ཞེས་དྲིས་པས། ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། དབྱིག་གཉེན་ཡིན་ཟེར། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས་བཞུགས་ཟེར་ནས་ཅུང་ཟད་སྐྱེས་པ་དང་སློབ་དཔོན་དབྱིག་གཉེན་ཅན་དུ་བསྐྱལ། སློབ་དཔོན་གྱིས་ཡི་གེའི་ཕྱི་མར་སློབ་པ་ནས་བཟུང་སྟེ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས་སོ། །ཆུང་ངུའི་དུས་ན་ནཱ་ལེནྡྲའི་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ་སྲན་མའི་གང་བུའི་ཕུད་ཕུལ་ལ་ཟ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་བྱུང་བས། ཡང་ཕུལ་བས་འགྲིལ། འཕགས་མས་མ་བཞེས་པར་རང་ཟ་བ་མི་འོས་སྙམ་ནས་ཟད་ཟད་ཕུལ། ཡང་འགྲིལ་བས་ངུས་སོ། །དེས་འཕགས་མས་ཞལ་དངོས་སུ་བསྟན་ཏེ། ངུ་མི་དགོས་ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱི་ཁྱིམ་དུ་སོང་གསུངས་དེ་ནས་མཁྱེན་རབ་ཐོགས་མེད་དུ་གྱུར་ལ། རྟེན་དེ་ལའང་དེ་ཕྱིན་ནས་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། །དེ་ལ་དཀོན་མཆོག་བརྩེགས་པ་ལ་སོགས་པ་མདོ་སྡེ་དུ་མ་ཐུགས་ལ་མངའ་ཞིང་མཛོད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་གང་བ་སྤེལ། དེའི་སློབ་མ་རྒྱལ་པོའི་སྲས་དང་། ཁ་ཆེ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་ལ་སོགས་པ་ཡིན་ནོ། །ཚད་མ་རང་ལ་མཁས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ནི། རིགས་བྲམ་ཟེ་གནས་མ་བུ་པའི་སྡེ་པའི་མཁན་པོ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་། སྒྲ་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ལ་ལེགས་པར་སྦྱངས། མཁན་པོ་ལ་སྤོང་བ་བསམ་གཏན་གྱི་གདམ་ངག་ཞུས་པས། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས་སྒོམ་པས། བདག་མ་རྙེད་ནས་ཕྱི་ནང་གིས་བསྒྲིབས་སམ་སྙམ་ནས་ཕྱོགས་བཞིར་མར་མེ་བཞི་སྤར། ལུས་གཅེར་བུར་ཕྱུང་། མིག་བགྲད་དེ་ཕྱོགས་བཅུར་བདག་བཙལ་ཡང་མ་རྙེད་དོ། །སྤྱོད་ལམ་དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས་པས། མཁན་པོས་ཁྱེད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པས་བདག་འཚོལ་བའི་ཕྱིར་རོ། །ཁྱོད་རང་གི་གྲུབ་མཐའ་སུན་འབྱིན་པར་འདུག་པ་སོང་ཞིག་ཟེར་བ་དང་། དེ་རིགས་པས་སུན་འབྱིན་ནུས་མོད་ཀྱི་འོས་མིན་ནོ་སྙམ་ནས་ནཱ་ལེནྡྲར་བྱོན་ཏེ། དབྱིག་གཉེན་བསྟེན་ནས་ཐེག་པ་གསུམ་ལ་མཁས་པར་སྦྱངས། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏེ། དེར་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་ཅིང་། དབྱིག་གཉེན་གཤེགས་ནས་རི་བོ་འབིགས་བྱེད་ཀྱི་ངོས་སུ་བཞུགས་ཏེ་རང་གི་བསྟན་བཅོས་ཐོར་བ་རྣམས་གཅིག་ཏུ་བསྡུ་བར་བཞེད་ནས། ཕུག་པའི་ངོས་ལ་ཐོད་ལེ་ཀོར་གྱིས། ཚད་མར་༼༥༢༽གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྲིས་པའི་མོད་ལ་ས་གཡོ་བ་དང་། འོད་དང་། སྒྲ་ཆེན་པོ་གྲགས། མུ་སྟེགས་ཀྱི་སྟོན་པ་དག་ཤིང་བཞིན་དུ་རེངས་པའི་ལྟས་ཁྱད་པར་ཅན་དུ་མ་བྱུང་། དེར་དེའི་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ཐུབ་རྒྱལ་ནག་པོ་ཞེས་བྱ་བ་ཞིག་ཡོད་པས་མངོན་ཤེས་ཕྲ་མོས་བལྟས་པས། དེའི་མཐུར་ཤེས་ནས་དེ་ལ་དེ་ལྟ་བུ་འབྱུང་བ་ཅི་ཡིན་བལྟས་པས། དེ་ལས་བསྟན་བཅོས་ཆེན་པོ་ཞིག་བྱུང་སྟེ་མུ་སྟེགས་རྣམས་ལ་གནོད་པར་ཤེས་ནས། སློབ་དཔོན་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་ཕྱིན་ཏེ་བསུབས་སོ། །དེ་བཞིན་ལན་གཉིས་སུ་བསུབ་པ་དང་། སློབ་དཔོན་གྱིས་གསུམ་པ་བྲིས་ནས་མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་བསུབས་པ་སུ་ཡིན། ཀུ་རེ་དང་ཀྱལ་ཁའི་ཆེད་དུ་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་སུབས་ཅིག ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པས་དབྱི་བར་མི་ནུས་སོ་ཚིག་དོན་ལ་འཁྲུལ་ལམ་སྙམ་ན་ལུས་སྣང་བར་གྱིས་ཤིག་བརྩད་པར་བྱའོ། །ཞེས་བྲིས་པས་ཡང་ལྟས་སྔར་བཞིན་བྱུང་སྟེ། བསུབ་པར་ཡོང་བས་བརྩད་པར་བྱའོ་ཞེས་པ་མཐོང་སྟེ་མ་བསུབ་པར་བསྡད་དོ། །སློབ་དཔོན་བསོད་སྙོམས་འཁོར་བ་དང་ཕྲད་ནས་བསྟན་པ་རྒྱན་དུ་བཙུགས་ཏེ་རྩོད་པས་མུ་སྟེགས་ཕམ་སྟེ་ད་ཁྱོད་ནང་པའི་བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ནས་ཁ་ནས་མེ་སྤར་ཏེ་སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་བསྲེགས་ཤིང་སློབ་དཔོན་ཉིད་ཀྱང་ཚིག་ལ་ཁད་ནས། རྣམ་ངེས་ཊིཀྐ་ལས། འཁོར་བ་ལ་ཡིད་འབྱུང་ནས་སེམས་ཅན་གྱི་དོན་ལས་གཞན་དུ་ཕྱོགས་ཏེ་གཅིག་པུ་གྲོལ་བར་འདོད་པས། སྐད་ཅིག་དེ་ལ་འཕགས་པ་འཇམ་དཔལ་བྱོན་ནས། བུ་སྐྱེ་བོ་ངན་པ་དང་རྗེས་སུ་མཐུན་པར་སེམས་སྔར་བས་གཞན་གྱི་དབང་དུ་གྱུར་ཏེ། སེམས་ཡོད་བཞིན་དུ་ཅིའི་ཕྱིར་བཏང་སྙོམས་སུ་བྱེད་ཅེས་གསུངས་པ་དང་། ལན་དུ་བཅོམ་ལྡན་འདས་འཁོར་བའི་བཟོད་པར་དཀའ་བའི་སྡུག་བསྔལ་དུ་མ་དང་ལྡན་པས་བརྟེན་པར་མི་ནུས་ལ། སེམས་ཀྱང་དམ་པ་མ་ཡིན་པའི་སྐྱེ་བོ་ལ་དགའ་བས་གཡོ་བར་སྤྱོད་ཅིང་། ཁྱེད་མཐོང་ཡང་བདག་ལ་བྱིན་གྱིས་མ་བརླབ་ན་དེ་ལ་ཅི་ཞིག་བགྱི་ཞེས་ཞུས་པ་དང་། ལན་དུ། བུ་ཇི་སྲིད་ས་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཉིད་དོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ་ཞེས་བྱུང་ངོ་། །དེ་ནས་དེས་ཚད་མ་མདོ་ཀུན་ལས་བཏུས་བརྩམས་ཏེ་མཁས་པའི་གྲྭར་འགྲིམས་པས་ཚིག་བརླིང་ནས་ཕལ་གྱིས་མ་རྟོགས་ལ། རྟོགས་པ་འགས་ཀྱང་ཕྲག་དོག་གི་དབང་གིས་ཁྱིའི་༼༥༣༽མཇུག་མ་ལ་བཏགས་ཏེ་དོར་ལ། ཕྱོགས་ཀྱི་གླང་པོ་ནི་མུན་པའི་གླང་པོ། ཀུན་ལས་བཏུས་ནི་མུན་པའི་ཀུན་ལས་བཏུས་ཞེས་སྨོད་པ་ལ་རང་གིས་འགྲེལ་པ་བྱས་ཏེ་མུ་སྟེགས་མང་པོ་ཚར་བཅད་པས། རྣམ་ངེས་སུ་གང་ལ་འཕགས་པ་ཉིད་ཀྱིས་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་བ་གསལ་བར་མ་རྟོགས་པས། །ཉེར་རྟེན་འཇིག་རྟེན་རྒྱས་མཛད་དེ་ནི་རྨོངས་པས་ཅུང་ཟད་སྨད་པར་བྱུང་ན་ཡང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་གསུངས་སོ། །དེའི་སློབ་མ་དབང་ཕྱུག་སྡེ། དེས་ཀྱང་དེ་ལ་འགྲེལ་བཤད། དེའི་སློབ་མ་ནི་དཔལ་ཆོས་ཀྱི་གྲགས་པ་སྟེ། རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་མུ་སྟེགས་བྲམ་ཟེའི་རིགས་སུ་སྐྱེས་ཏེ་ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ་མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་ནས་ཞང་པོས་ངན་མང་དུ་སྨྲས་ཏེ་བསྐྲད་དོ། །དེར་ཐུགས་ལ་མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་ནས་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཉན་པས་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་རོ། །གཉིས་པ་ཞུས་པས་ཕྱོགས་གླང་གི་དགོངས་པ་བཞིན། གསུམ་པ་གསུང་བར་ཞུས་པས་ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱོད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་བཤད་པའི་སྲོལ་མེད་པ་ལ་གཉིས་སུའང་བཤད། ང་འདི་གཅིག་པུ་འཆད་པས་མི་ཕན། པཎྜྻི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས་རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ་གསུངས་ནས་དེ་ལྟར་བྱས་པས། འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་ཏེ། སློབ་དཔོན་ལ་སྔར་གྱི་ཚུལ་བརྗོད་པས་ཤིན་ཏུ་མཉེས་ནས། ད་ཁྱོད་ཀྱིས་ངའི་ནོར་བ་རྣམས་ཕྱོགས་སྔར་གྱིས་ལ་ཀུན་ལས་བཏུས་ལ་འགྲེལ་པ་གྱིས་ཤིག་ཅེས་རྗེས་སུ་གནང་ངོ་། །དེ་ནས་གྲངས་ཅན་གྱི་རྟོག་གེའི་གསང་ཚིག་རྣམས་རྟོགས་པའི་དོན་དུ། བྲན་དུ་བརྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ། གྲུབ་མཐའི་གནད་འདི་འདྲ་དྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་འདྲི་ཡི་ཁྱོད་རང་ཡིད་ལ་ཟུངས་ཟེར་ནས་མོའི་རྐང་པ་ལ་ཐི་གུ་བཏགས། རང་མལ་ཁྲིའི་འོག་ཏུ་འདུག་ནས་གང་དཀའ་བ་དེ་ལ་ཐག་པ་འཐེན་ནས་ལེགས་པར་ཤེས་པ་དང་། བྲོས་ཏེ་གྲུབ་མཐའི་གནད་ལོན་པས་ཐམས་ཅད་ཐུབ་པར་ཤེས། དེའི་ཚེ་མུ་སྟེགས་ཀྱི་མཁས་པ་ཡོད་ན་རྩོད་པར་༼༥༤༽བྱེད་དོ་ཞེས་དྲིལ་བསྒྲགས་པས་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་དེ་བསྟན་པ་ལ་བཀོད་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་རྣམས་ད་སྡོད་ལོངས། །ཞེས་གསུངས་སོ། །བོད་སྟོན་དག་དེའི་ཚེ་ཆོས་ཀྱི་གྲགས་པས་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་མདུན་སར་སླེབ། དེའི་རྒྱལ་པོས་ད་ལྟ་སུ་མཁས་དྲིས་པ་ན། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས། རྒྱལ་པོ་ན་རེ་དྷརྨ་ཀཱིརྟི་ཡིན་ནམ། དེ་སྐད་དུའང་གྲགས་སོ་ཞེས་གསུངས་ཀྱང་ད་ལྟ་སུ་མཁས་དྲིས་པས་བྱོན་ཟིན་པའི་སློབ་དཔོན་དག་གི་མཚན་བརྗོད་པས་འབྲེལ་མི་སྣང་བའི་ཕྱིར། ཚིགས་བཅད་སློབ་དཔོན་འདིའི་གསུང་མིན་ཡང་རྒྱལ་པོ་དེས་སྦྱིན་བདག་བྱས་ནས་ཚད་མ་སྡེ་བདུན་མཛད་དེ་ཀུན་ལས་བཏུས་ཀྱི་དོན་ཞིབ་མོ་གཏན་ལ་ཕབ། སློབ་དཔོན་འདི་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་མཐར་མཁའ་སྤྱོད་ཆེན་པོ་སྐུ་ཚེ་འདིར་གྲུབ་པར་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ནི། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ལུང་བསྟན་ཏོ། །དཔེ་བི་ཀྲ་མ་ཤཱི་ལར་སླེབས། སློབ་དཔོན་གྱི་སྡེ་བདུན་ཕལ་ཆེར་གྱིས་མ་ཤེས་ལ། ཤེས་པ་འགས་ཀྱང་ཉེས་སོ་ཞེས་ཕྲག་དོག་བྱས་ཏེ་དཔེ་ཁྱིའི་མཇུག་མར་བཏགས་ཏེ་ཁྱི་ཕྱོགས་ཀུན་ཏུ་འཁྱམས་པས་བསྟན་བཅོས་ཀུན་ཏུ་དར་བར་གཟིགས་ཏེ། རྣམ་འགྲེལ་གྱི་དབུར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །ཞེས་པའི་ཤློ་ཀ་བཅུག ཕྱི་ནང་གི་རྒོལ་བ་རྣམས་ཚར་བཅད་པས་རྟོག་གེ་པ་ཐམས་ཅད་ཀྱིས་གཙུག་གི་ནོར་བུར་བཀུར། རྣམ་འགྲེལ་ལེའུ་དང་པོ་ལ་ཉིད་ཀྱིས་འགྲེལ་པ་མཛད། ལྷག་མ་ལ་ལྷ་དབང་བློ་འགྲེལ་པ་རྩོམ་དུ་བཅུག་ནས་གྲུབ་པ་དང་གཟིགས་སུ་ཕུལ་བས་ཆུས་བཀྲུས། གཉིས་པ་བརྩམས། མེ་ལ་སྲེག གསུམ་པའི་གཞུག་ཏུ། ཕལ་ཆེར་སྐལ་པ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་སྦྱར་ཏེ་ཕུལ་བས། འཕྲོས་དང་ཚིག་ཟུར་གྱིས་བསྟན་པ་ངེས་པའི་དོན་རྣམས་མ་བྱུང་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་བྱུང་འདུག་གསུངས་༼༥༥༽ཏེ་བཞག་གོ །ངའི་རིགས་པ་འདི་གཞན་གྱིས་མ་ནོར་བ་མི་ཤེས་པ་འདུག་དགོངས་ཏེ་རྣམ་འགྲེལ་གྱི་མཇུག་ཏུ་བློ་གྲོས་ཤིན་ཏུ་ལྷག་པར་སོགས་ཀྱི་ཚིགས་བཅད་བཅུག་པར་གྲགས་སོ། །དེའི་སློབ་མ་ལྷ་དབང་བློ། དེའི་སློབ་མ་ཤཱཀྱ་བློ། དེའི་སློབ་མ་འོད་ཀྱི་བློའམ་རྒྱལ་དབང་བློའོ། །ཛ་མཱ་རི་ཆོས་གྲགས་ཀྱི་དངོས་སློབ་རྒྱན་གྱི་སྤུར་ལ་ལུང་བླངས། དེའི་སློབ་མ་དུལ་ལྷ། དེའི་སློབ་མ་ཆོས་མཆོག་ཟེར་བ་ནི་ནོར་བ་ཆེན་པོ་སྟེ། དུལ་བའི་ལྷ་སྔར་བྱུང་ཞིང་རྒྱན་ཕྱིས་བྱོན་པ་སྟེ། གང་ལས་ཤེས་ན་དུལ་ལྷས་མཛད་པའི་རིགས་ཐིག་གི་འགྲེལ་པ་བསྟན་པ་སྔ་དར་གྱི་དུས་སུ་དཔལ་བརྩེགས་ཀྱིས་བསྒྱུར་བ་མངོན་སུམ་དུ་སྣང་ཞིང་། རྒྱན་གྱི་མཚན་དངོས་ཤེས་རབ་འབྱུང་གནས་སྦས་པ་སྟེ། བོད་ཀྱི་བསྟན་པ་ཕྱི་དར་གྱི་དུས་ཀྱི་ཐོག་མ་ཙམ་ན་བི་ཀྲ་མ་ལ་ཤཱི་ལའི་སྒོ་སྐྱོང་དུ་བཞུགས་པའོ། །དེས་ན་རྒྱན་གྱི་དངོས་སློབ་ཁ་ཆེ་ཉི་མ་སྦས་པ། དེའི་དངོས་སློབ་ཛ་མཱ་རིའམ་ཡ་མཱ་རི་སྟེ། རྒྱན་གྱི་འགྲེལ་པ་ལ་ཉི་མ་སྦས་པ། དེ་ལ་ཛ་མཱ་རིའི་འགྲེལ་པ་དངོས་སྣང་བའི་ཕྱིར་རོ། །བྲམ་ཟེ་ཤམ་གར་ནནྡ་ཆོས་གྲགས་རང་གི་སློབ་མའོ་ཟེར། ཆོས་འབྱུང་བྱིན་དང་། དགེ་སྲུང་གི་སློབ་མ་ཆོས་མཆོག་གོ །ཆོས་འབྱུང་བྱིན་རྒྱན་གྱི་སློབ་མར་འཐད་དོ། །སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལ་མཁས་པ་ཡོན་ཏན་འོད་ནི་ཡུལ་དབུས་རིགས་བྲམ་ཟེ། འགའ་ཞིག་ཉེར་སྦས། འགའ་ཞིག་ལེགས་མཐོང་ལ་གཏུགས་ཟེར་ཏེ་དུས་མི་འགྲིག ལེགས་མཐོང་གིས་ཕྱིར་མི་འོང་ལ། དེས་བློས་མི་འབེབས། དེ་ལ་གཏུགས་པར་སྟོད་འདུལ་བ་འཆད་པ་ལེགས་ཤིང་། ལྷག་པར་བཙུན་པ་དབྱིག་གཉེན་ལ་བརྟེན་ནས་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་སྒྲུབ་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཡུལ་དབུས་ཀྱི་རྒྱལ་པོ་ཤཱི་ཧར་ཞེས་པས་པཎྜྻི་ཏ་ཐམས་ཅད་ཀྱི་མཆོག་ཏུ་ཤེས་ནས། བླའི་མཆོད་གནས་སུ་བསྟེན་པ་དེས་འདུལ་བ་མདོ་རྩ་དང་ལས་བརྒྱ་རྩ་གཅིག་པ་མཛད། དགུང་ལོ་བཞི་བརྒྱའི་བར་དུ་བཞུགས་ཏེ་སྟོན་པའི་བསྟན་པ་བསྐྱངས། ཤཱཀྱ་འོད་ནི་འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་༼༥༦༽རིག་རྣམས་ཀྱི་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་བྱང་བ་ཞི་བའི་འོད་ཀྱི་བདག །དྲན་པས་དགོངས་པར་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་པས་བུ་སྟོན་བསོད་ནམས་གྲགས་པ་དང་། སློབ་དཔོན་ཆེན་པོ་ཞི་བའི་འོད་ཀྱི་སློབ་མར་བཤད་པས་ཡོན་ཏན་འོད་ཀྱི་སློབ་མ་མིན་གསུངས་ལ། གནའ་མཆན་ལས་ཞི་བའི་འོད་དེའི་སློབ་མའོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་འདི་ནི་རྣལ་འབྱོར་རྒྱུད་ལ་མཁས་པ་གསུམ་དུ་བགྲང་བའི་ཤཱཀྱ་བཤེས་གཉེན་དེ་ཡིན་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱི་གདན་ས་མཛད་མཁན་དེ་མ་ཡིན་ནོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་མཛད། ཡོན་ཏན་འོད་ཀྱི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱིས་འདུལ་བ་རྒྱ་ཆེར་འགྲེལ་མཛད། འགྲེལ་ཆུང་གི་འགྲེལ་པ་ཚིག་གསལ་མཛད་པ་པོ་དང་གཅིག ཤཱཀྱ་འོད་ཀྱིས་སློབ་མ་སེངྒེའི་གདོང་ཅན། དེའི་སློབ་མ་ཁ་ཆེའི་མཁན་པོ་ཛི་ན་མི་ཏྲའོ། །སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལ་མཁས་པ་འཕགས་པ་རྣམ་པར་གྲོལ་བའི་སྡེ་ནི། གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་སློབ་དཔོན་དབྱིག་གཉེན་བསྟེན་ནས་མཁས་པ་ཆེན་པོར་གྱུར་པས་རབ་ཏུ་དགའ་བ་ཐོབ་པ་དེས་སངས་རྒྱས་ལ་མངོན་སུམ་དུ་ཉན་ནས། ཤེར་ཕྱིན་གྱི་དོན་སྟོན་པ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཉི་ཁྲི་ལྔ་སྟོང་པ་དང་སྦྱར་བ་ཉི་ཁྲི་སྣང་བ་ཞེས་པ་མཛད། དེའི་སློབ་མ་བཙུན་པ་རྣམ་གྲོལ་སྡེས་ཀྱང་འགྲེལ་པ་མཛད། དེའི་སློབ་མ་ཡང་དག་རྣམ་སྣང་མཛད། དེའི་སློབ་མ་ཧ་རི་བྷ་དྲ་སྟེ་སེངྒེ་བཟང་པོ། དེའི་ལོ་རྒྱུས་ནི་སྔོན་རྒྱ་གར་ཤར་ཕྱོགས་སེང་ལྡེང་གི་ནགས་ཞེས་བྱ་བ་ན་སྡོང་པོ་ཆེན་པོ་ཞིག་ལ་ཤིང་གི་ལྷ་ཞིག་ཡོད་པ་ལས། ཡུལ་དེའི་ཕྱུགས་རྫི་ཞིག་ཡོད་པ་དུས་ལས་འདས། དེའི་ཆུང་མ་གཟུགས་བྱད་བཟང་མོ་ཞིག་ཡོད་པ་ཕྱུགས་འཚོར་སོང་བ་དང་། ཤིང་གི་ལྷ་དེས་འདོད་པ་སྤྱད་པས་བུ་ཞིག་བྱུང་སྟེ་གོ་པཱ་ལ་ཞེས་གྲགས་སོ། །དེ་ལ་ཕས་ནོར་བུ་རིན་པོ་ཆེ་བྱིན་པས་དེའི་ཡོན་ཏན་གྱིས་ས་ཕལ་ལ་དབང་བསྒྱུར་རོ། །ནཱ་ལེནྡྲ་སོགས་ཀྱི་དགེ་འདུན་ལ་བཀུར་བསྟི་ལེགས་པར་བྱས་ཏེ་བསྟན་པའི་སྦྱིན་བདག་ཏུ་གྱུར་ཏོ། །དེའི་བཙུན་མོ་དབང་ཆུང་བ་ཞིག་གིས་རྒྱལ་པོ་དབང་དུ་བྱ་བའི་ཕྱིར་སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས། དེས་རི་བོ་གངས་ཅན་ལས་སྨན་བླངས་ཏེ་རྒྱ་བཏབ་བྲན་མོ་ལ་བསྐུར་བས། དེ་སྟེགས་ལ་འདྲེད་ནས་ལྷུང་བས་སྨན་ཆུ་ལ་ཤོར་རོ། །རིམ་གྱིས་རྒྱ་མཚོར་ཞུགས་པ་༼༥༧༽ན་ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས། ཀླུའི་རྒྱལ་པོ་རྒྱ་མཚོ་དབང་དུ་གྱུར་ནས་རྒྱལ་པོར་བརྫུས་ཏེ་བཙུན་མོའི་རྩར་འོང་ཞིང་འདོད་པ་སྤྱོད་པ་ལས་ཅི་ཞིག་ན་སྦྲུམ་པ་ན་རང་གི་སོར་གདུབ་གཏད་དེ་དུས་ལ་བབས་པ་དང་བཙས་སོ། །རྒྱལ་པོ་ཁྲོས་པ་དང་སོར་གདུབ་བསྟན་པས་ཀླུའི་ཡི་གེ་མཐོང་ནས་དེ་ཝ་བཱ་ལ་ཞེས་བཏགས་ཏེ་གཅེས་པར་བསྐྱེད་བསྲིངས་སོ། །དེ་རྒྱལ་སྲིད་ཐོབ་པ་དང་ལྷ་ཁང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་རྩིག་པར་འདོད་ནས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་ཁྱིམ་ནས་རས་བླངས་ཏེ་སྡོང་བུ་བྱས། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར། དཀའ་ཐུབ་པའི་ལྷ་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྤོར་ལ་ཡི་དམ་གྱི་མདུན་དུ་བཞག་གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་བསྐྱུར་བར་འགྱུར་ལ། དེར་རྩིགས་ཤིག་ཅེས་བསྒོ། དེ་ལྟར་བྱས་པས་བྱ་རོག་གཅིག་བྱུང་ནས་ཀོང་བུ་མཚོ་ལ་བསྐྱུར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་ཞིག་བྱུང་ནས། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་བཅུག་གོ །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས་ཏེ་བི་ཀྲ་མ་ཤཱི་ལ་རྣམ་པར་གནོན་པའི་ཚུལ་ཁྲིམས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག ཁང་ཕྲན་བདུན་བརྒྱ་ཡོད་པ། པཎྜྻི་ཏ་བདུན་བརྒྱ་གདན་ཆགས་པ་དེ་བཞེངས་པ་ཡིན། དེ་ལ་སྲས་རྒྱལ་པོ་དང་། པཎྜྻི་ཏ་དང་། གྲུབ་ཐོབ་དང་། སྡིག་སྤྱོད་རྒྱལ་པོ་བཞི་ཡོད་པའི་མཐའ་མ་ནོར་གྱིས་བྲེལ་རེ་ནས་ནོར་བུ་བྱིན་ནོ། །དེ་ལ་སྲས་མ་ཧི་བཱ་ལ་སྨོན་ལམ་གྱི་སྟོབས་ཡུམ་ལ་དད་པ་ཐོབ་པ་ཞིག་བྱུང་སྟེ། དེས་ཕ་ལས་ནོར་བུ་བརྐུས་ཏེ་དགེ་སློང་ཡུམ་འཆད་པ་ཞིག་ལ་ཕུལ་བས། ཡབ་ཀྱི་རིག་སྟེ་ནོར་བུ་ནི་རྒྱལ་པོར་དབང་བ་ཡིན། དགེ་སྦྱོང་འདོད་པ་ཆུང་ཞིང་ཆོག་ཤེས་པར་རིགས་པ་ལས། ཁྱོད་དེ་ལྟ་མ་ཡིན་ནོ་ཞེས་མགུལ་པ་བགགས་ཏེ་བཀྲོངས་པ་ཤེར་ཕྱིན་དགུ་བརྒྱ་པ་མཛད་མཁན་གྱི་ལྭ་བ་པ་ཡིན་ཟེར། དགེ་སློང་ཤི་མ་ཐག་རང་གི་སློབ་མ་རྒྱལ་བུའི་སྲས་སུ་སྐྱེ་བར་སྨོན་ལམ་བཏབ་པས་དེ་ལྟར་གྱུར་ནས། རྒྱལ་པོ་དྷརྨ་པཱ་ལ་ཞེས་བྱ་བ་ཡུམ་ལ་དད་པ་ཐོབ་པ་ཞིག་ཏུ་གྱུར་ཏོ། །ཕྱོགས་ཀུན་ཏུ་ཤེར་ཕྱིན་འཆད་པ་འཚོལ་བ་ལ་ཞུགས་པ་ན། སློབ་དཔོན་སེངྒེ་བཟང་པོ་ཞེས་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་སྟེ། དེས་རང་གི་མཁན་པོ་རྣམ་སྣང་མཛད་ལས་བྱམས་པའི་སྒྲུབ་ཐབས་ཞུས། སྒྲུབ་པས་རྨི་ལམ་དུ་དགེ་སློང་གུར་ཀུམ་༼༥༨༽གྱི་མདོག་ཅན་མཛེས་པ་ཞིག་རྨིས་ཏེ་ཤར་ཕྱོགས་ཁ་སརྤ་ཎིར་སོང་ཞིག་ཅེས་ལུང་བསྟན་ནོ། །སང་དེ་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ་རྨི་ལམ་བརྟགས་པས་ཐོ་རངས་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན་ལྷ་མང་པོ་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུངས་པ་ལ་མཆོད་པ་བྱེད་པ་ཡིན་ཟེར། རིང་དུ་བལྟས་པས་རྗེ་བཙུན་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ་ཉིད་ཀྱི་བསྟན་བཅོས་འདི་ལ་འགྲེལ་པ་མང་དུ་མཆིས་ཀྱང་མི་མཐུན་ན་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་བརྟགས་ལ་འཐད་པ་བསྡུས་ཏེ་ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གནང་བ་བྱིན་ནོ། །སང་དེ་བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ནས་ནུབ་ཏུ་བྱོན་པས་རྒྱལ་པོ་ཆོས་སྐྱོང་གིས་ཡུམ་འཆད་པ་སློབ་དཔོན་སེངྒེ་བཟང་པོ་མཁས་པར་ཐོས་ནས་གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ་འཕགས་པའི་འགྲེལ་པ་དང་མཐུན་པ་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། བརྒྱད་སྟོང་འགྲེལ་ཆེན་དང་། དོན་གསལ་དང་། སྡུད་འགྲེལ་རྟོགས་སླ་བ་སོགས་མཛད་དོ། །དེ་ལྟར་ཡང་བརྒྱད་སྟོང་འགྲེལ་ཆེན་གྱི་གཤམ་དུ་དཔལ་ལྡན་ཆོས་སྐྱོང་གིས་སྦྱིན་བདག་བྱས་ནས་ཏྲཱི་ཀ་ཊུ་ཀ་ཞེས་པ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བྱས་པར་བཤད་དོ། །དེའི་རྒྱུ་མཚན་རྒྱ་གར་ཤར་ཕྱོགས་དེར་མུ་སྟེགས་དར་བས། སྒྲོལ་མ་གྲུབ་པའི་རྣལ་འབྱོར་པ་ཞིག་གིས་མུ་སྟེགས་ཀྱི་རྟེན་རྣམས་བཤིག་པར་འདོད་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས། རྒྱལ་པོ་མ་ཧི་པཱ་ལ་ལ་ཞུས་ཞེས་ལུང་བསྟན། རྒྱལ་པོ་ལ་ཞུས་པས། དམག་ཐམས་ཅད་བསྡུས་ནས་བར་དུ་འགྲོ་བའི་ལམ་དུ་མི་ནག་པོ་ཞིག་འདུག་པ་ན་རེ། ང་མགོན་པོ་མཧཱ་ཀཱ་ལ་ཡིན། བྱེ་མའི་ཕུང་པོ་འདིའི་འོག་ན་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ཞིག་ཡོད་པ་འདི་སོལ། མུ་སྟེགས་ཀྱི་རྟེན་བཤིག་པའི་དུས་སུ་དམག་ཐམས་ཅད་ཀྱི་ཁྲིམས་སུ་བཅའ་བ་གྱིས་ལ་རོལ་མོ་དུས་གཅིག་ཏུ་ཁྲོལ་ཅིག་དང་། ངས་གྲོགས་བྱའོ་ཟེར་ཏེ་མི་སྣང་བར་སོང་། དེའི་བྱེ་མ་བསལ་བས་གཙུག་ལག་ཁང་བྱུང་བ་དེ་ཡིན། དེ་ནས་མུ་སྟེགས་ཀྱི་ལྷ་རྟེན་བཤིག་པའི་དུས་ཀྱང་དེས་བསྟན་པ་བཞིན་བྱས་པས། མུ་སྟེགས་ཉམས་སངས་རྒྱས་ཀྱི་བསྟན་པ་༼༥༩༽འཕེལ་ལོ་ཞེས་གྲགས་སོ། །དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས། དེའི་སློབ་མ་གུ་ཎ་མི་ཏྲ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤིན་ཏུ་དར་བར་གྱུར་ཏོ། །དེ་ལྟར་བརྗོད་པ་ནི་བོད་ཀྱི་འཆད་ཉན་ཡོད་པའི་ལོ་རྒྱུས་རྣམས་དང་བསྟུན་པ་ཙམ་སྟེ། གཞན་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སངས་རྒྱས་ཀྱི་བསྟན་པ་ལེགས་པར་སྐྱོང་བ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཀྱང་། དང་པོར་ཤིང་རྟ་ཆེན་པོ་གཉིས་པོ་གང་ཡང་རུང་བའི་ཕྱོགས་ལ་མ་བརྟེན་པ་ནི་སྲིད་པ་ཙམ་སྟེ། ཕྱིས་ནས་ནི་རང་རང་གི་ཡི་དམ་གྱི་ལྷའི་ཞལ་གཟིགས་ནས། དེ་ཀ་ལས་བརྒྱུད་ཆོག་པའང་བྱུང་བས། ལུང་གང་གི་བརྒྱུད་པ་ལ་དེ་གཉིས་བཞུགས་པ་དང་མ་བཞུགས་པ་ཅི་རིགས་སོ། །དེ་ཡང་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། དངོས་སུ་ལྔ་བརྒྱ་ཕྲག་བཞིའི་གསུམ་པའི་དུས་སུ་སེམས་ཅན་འདྲེན་པ་དང་ཐར་པར་བྱེད་པའི་སློབ་དཔོན་ནི་མང་དུ་འབྱུང་བར་ལུང་བསྟན་པ་ཡིན་ལ། དེར་བསྟན་པ་འཇིག་པར་གསུངས་པ་སྔར་བྱུང་བ་སྐད་ཟེར་བ་མི་འཐད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུལ་ཡོངས་སུ་སྤྱོད་པ་བསྟན་པར། ཐོག་མར་ཡུལ་དབུས་ནས་ལྷོ། དེ་ནས་བྱང་། བྱང་ནས་བྱང་གི་ཕྱོགས་སུ་དར་ལ། །སླར་དབུས་སུ་འོངས་ཏེ་དར་བར་གསུངས་པ་དེའི་མཐའ་ལ་འོང་རྒྱུ་ཡིན་ཞེས་གྲགས་སོ།། །། ༈ ལིའི་ཡུལ་དུ་བསྟན་པ་ཇི་ལྟར་བྱུང་བ་ནི། ཡུལ་དེ་སྟོན་པ་བཞུགས་པའི་དུས་སུ་མཚོར་འཁྱིལ་བ་ཤཱ་རིའི་བུས་གསེག་ཤང་གིས་བརྟོལ་བ་གོ་མ་ས་ལ་གནྡ་ཞེས་པ་སངས་རྒྱས་བཞིའི་མཆོད་རྟེན་ཞབས་རྗེས་དང་། སངས་རྒྱས་བཞིས་སྐུའི་རྒྱུར་བྱིན་གྱིས་བརླབས་པའི་ལིའི་རི་བཞུགས་པ་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་ཙམ་ན་རྒྱའི་རྒྱལ་པོ་ལ་བུ་དགུ་བཅུ་རྩ་དགུ་ཡོད་པ་ལས། ད་དུང་བུ་འདོད་ནས་རྣམ་ཐོས་སྲས་ལ་བསླངས་པས། ཆོས་རྒྱལ་མྱ་ངན་མེད་པའི་ཚ་བོ་སྐྱེས་མ་ཐག་པ་གཅིག་རྣམ་སྲས་ཀྱིས་ཁྱེར་ཏེ་བྱིན་པ་ལྟོགས་ནས་ཁ་ས་ལ་གཏད་པས་དེ་ལས་ནུ་མ་བྱུང་། དེ་ལས་འོ་མ་འཐུང་སྟེ་ས་ལ་ནུ་ཞེས་གྲགས་པ་ཆེར་སྐྱེས་པ་དང་། རྒྱ་རྗེས་དཔུང་དང་བཅས་ཆུ་བོ་སི་ཏའི་འབབ་ས་ལི་ཡུལ་དུ་བརྫངས་པ་ལྟར་ད་ལྟ་ཧོར་སོག་གི་ཡུལ་རྣམས་ཡིན། དེ་བདག་བྱས་ཡུལ་དབུས་ནས་དགེ་འདུན་སྤྱན་དྲངས་ཏེ་རྒྱལ་རབས་མང་པོའི་བར་དུ་བསྟན་པ་དར་རོ།། །། ༈ རྒྱ་ནག་ཏུ་བསྟན་པ་ཇི་ལྟར་དར་བ་ནི། རྒྱ་ཡུལ་དུ་ཀྲོའུ་རིགས་ཀྱི་རྒྱལ་པོ་བཞི་པ་ཀྲོའ་ུཝང་ཞེས་བྱ་བ། རྒྱལ་ས་བཟུང་ནས་ལོ་ཉི་ཤུ་ལྷག་ཙམ་ན། ས་ཕྱོགས་༼༦༠༽ཐམས་ཅད་གསེར་གྱི་འོད་ཀྱིས་ཁྱབ་པ་བྱུང་། རྩིས་མཁན་རྣམས་བསགས་ཏེ་དེ་ཅིའི་ལྟས་ཡིན་རྟོག་ཏུ་བཅུག་པས། དེ་རྣམས་ན་རེ་ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་ལ་གསེར་གྱི་བུ་ཆུང་ཞིག་བཙས། དེའི་འོད་ཡིན་པར་འདུག ངེད་རང་གི་རིང་ལ་དེ་ཡི་འཇའ་ས་འོང་ངམ་བྱས་པས། ངེད་རང་གི་རིང་ལ་མི་འོང་གི རྒྱལ་རབས་འདི་ཙམ། ལོ་འདི་ཙམ། ཟླ་བ་ཞག་འདི་ཙམ་ལ་དེའི་འཇའ་ས་ཁྱེར་བའི་མི་ཆ་ལུགས་འདི་ལྟ་བུ་བྱས་པ་བཞི་འོང་ཟེར་ཏེ། ངོ་མཚར་ནས་གཙུག་ལག་ཁང་གི་རྡོ་རིང་ཞིག་ཡོད་པ་ལ་བྲིས་ཏེ་བཞག་གོ །དེ་ནས་ཡུན་རིང་པོ་སོང་ནས་གཙུག་ལག་ཁང་དེའང་ཞིག རྡོ་རིང་དེའང་འགྱེལ། རྒྱལ་པོ་ཞེ་བརྒྱད་འདས་པ་ཧན་མིན་ཏིའི་དུས། རྒྱ་གར་ནས་ཛུ་ཧ་ལ་ཟེར་བའི་པཎྜྻི་ཏ་བདེན་པ་མཐོང་བ་གཉིས། གཡོག་གཉིས་ཀྱིས་ཐེག་པ་ཆུང་ངུའི་ཆོས་གདན་དྲངས་ནས་ཡོང་པས། རྒྱལ་པོས་ཆ་ལུགས་མི་འདྲ་བ་འདི་རྣམས་ཅི་ཡིན་ལྟོས་གསུངས་རྩད་བཅད་པས། གཞན་སུས་ཀྱང་མ་ཤེས། རྒན་མོ་ཞིག་གིས་ཕྱོགས་འདི་ན་གཙུག་ལག་ཁང་ཡོད་པ་དང་། དེར་རྡོ་རིང་ལ་འདི་འདྲ་བ་འབྱུང་བའི་ཡི་གེ་ཡོད། རྡོ་རིང་འགྱེལ་བ་དེ་སློང་ལ་ལྟོས་དང་ཟེར། བལྟས་པས་ལོ་དང་ཟླ་བ་ཐམས་ཅད་མཐུན་པར་བྱུང་། ཞག་བདུན་མི་འགྲིག་ཟེར། དེ་དུས་ཧོ་ནན་ཀྵྭར་པེ་མཱ་སིའི་ལྷ་ཁང་བཞེངས། ཆོས་བསྒྱུར། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་རྒྱ་ནག་ཏུ་བསྟན་པ་དར། ཤིས་ཅིང་གི་བརྒྱུད་པ་ལ་ཏུང་ཅིན་དང་ཧོ་ཆིན་ཟེར་བའི་རྒྱལ་པོ་གཉིས་བྱུང་བའི་ཕྱི་མས་ཇོ་བོ་དང་ཙནྡན་ཇོ་བོ་ལེན་དུ་བཏང་། ལོན་དུས་དེ་གྲོངས་ནས་ཞིང་གི་ཆིང་སང་གཅིག་གིས་རྒྱལ་པོ་བྱས། སྐུ་གཉིས་ལེན་པའི་དམག་དཔོན་དེ། སི་ཆོན་དང་ཀྲོའུ་མཁར་ཉི་ཤུ་རྩ་བཞི་བདག་བྱས། རྒྱལ་སྲིད་ལོགས་སུ་བཟུང་། ཆིང་སང་རྒྱལ་པོ་དེའི་བརྒྱུད་པས་དམག་དཔོན་དེའི་བརྒྱུད་པའི་ལག་ནས་སྐུ་གཉིས་རིང་བསྲེལ་པཎྜྻི་ཏ་སྤྱན་དྲངས་ནས་མཆོད། ཆིང་སང་གི་རྒྱུད་དེ་ཆད་ནས། སུའི་གཡང་རྟི་ཡི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་བྱུང་། དེ་ནས་ཐང་ཀའུ་ཛུང་ཞེས་པས་རྒྱལ་ས་ཕྲོགས། དེ་ནི་ཐང་གི་རྒྱལ་པོ་ཐོག་མ་དེས་ལོ་དགུར་སྲིད་བཟུང་། དེ་ས་ཕོ་སྟག་གི་ལོ་ཡིན་ཟེར། སངས་རྒྱས་མྱ་ངན་ལས་འདས་ནས་སྟོང་དང་ལྔ་བརྒྱ་དྲུག་ཅུ་རྩ་དྲུག་པ་ཡིན་ཟེར། དེ་ནས་ཚལ་པ་ཀུན་དགའ་རྡོ་རྗེའི་དུས་ཀྱི་མེ་ཕོ་ཁྱི་ཡན་ལ་ལོ་བདུན་བརྒྱ་འགྲོ་ཟེར་བ་རྒྱའི་ཡིག་ཚང་ན་ཡོད་ཟེར་བ་བླ་མ་རིན་ཆེན་གྲགས་པས་བོད་སྐད་དུ་བསྒྱུར་བ་ལས་བྱུང་ཞེས་གྲགས་སོ། །རྒྱལ་པོ་དེའི་བུ་ཐང་ཐའི་ཙུང་། དེས་རྒྱལ་ས་བཟུང་ནས་ལོ་དགུ་ལོན་པ་ན་སྲོང་བཙན་དང་༼༦༡༽སྐྱེས་བསྐུར་རེས་བྱས། ཀོང་ཇོ་ཡང་དེའི་སྲས་མོ་ཡིན་ཟེར་རོ། །འདིའི་རིང་ལ་ལོ་ཙཱ་བ་ཐང་སན་ཛང་ཞེས་པ་བྱུང་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆད་ལ་རྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང་། ཐང་རུས་པའི་མིང་། ཟན་སྡེ་སྣོད་དེ་སྡེ་སྣོད་གསུམ་པ་སྟེ། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ཟེར་རོ།། །། ༈ གཉིས་པ་འབྲས་བུའི་ཐེག་པ་ཇི་ལྟར་དར་བའི་ཚུལ་ལ། འཛམ་བུའི་གླིང་དུ་གསང་སྔགས་དར་ཚུལ། བོད་ཀྱི་བསྟན་པའི་འབྱུང་ཚུལ་གཉིས་སོ། །དང་པོ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་སྨོན་ལམ་བཏབ་ནས། གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་སྟེ། དབུས་ཀྱི་འཛམ་བུའི་གླིང་མི་མཇེད་འདིའི་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་སྤྲུལ་པའི་སྐུར་བསྟན་ཏེ་སངས་རྒྱས་ཀྱི་བསྟན་པ་སྐྱོང་ངོ་། །ལྷག་པར་བཅོམ་ལྡན་འདས་འོག་མིན་དབང་བསྒྱུར་གྱི་གཞལ་མེད་ཁང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་མངོན་པར་སངས་རྒྱས་པའི་ཚེ། ལྷ་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞི་བར་མཛད་ཀྱང་། སྡིག་པ་ལས་མ་ལྡོག་པ་དེ་དག་ཚར་བཅད་པའི་ཕྱིར་བྱིན་གྱིས་བརླབས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་ཞེས་བྱ། དུས་དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་ཕྱག་ཏུ་གཏད་པས་ཕྱག་ན་རྡོ་རྗེའམ། རྡོ་རྗེ་འཛིན་པ། དེས་དུས་དེར་འཇིག་རྟེན་གསུམ་གྱི་དབང་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་ཐམས་ཅད་ལ་གནས་པའི་ཚོགས་ཀྱིས་བསྐོར་བ། མ་ལུས་ཤིང་ལུས་པ་མེད་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེའི་ལྕགས་ཀྱུས་བཀུག་ནས། རི་རབ་རིའི་རྩེ་མོ། རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་གང་ན་བ་དེར་ལྷགས་ནས་ཐམས་ཅད་དུ་བསྐོར་ནས་འཁོད་པར་གྱུར་ཏོ། །དེའི་ཚེ་ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཞིང་འཁོར་གྱི་དཀྱིལ་འཁོར་ལ་བལྟས་ནས། གྲོགས་པོ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་ལ་ཞུགས་ལ། ངའི་བཀའ་ཡང་ཉོན་ཅིག དེ་དག་ཆེར་ཁྲོས་པས་འཇིག་རྟེན་གསུམ་པོ་མཐའ་དག་གི་༼༦༢༽དབང་ཕྱུག་བྱེད་པ་པོ། འཇིག་པ་པོ། འབྱུང་བ་པོ། ཐམས་ཅད་ཀྱི་དབང་པོ། ལྷའི་ཡང་ལྷ་ཆེན་པོ་ཡིན་ན། གནོད་སྦྱིན་ཁྱོད་ཀྱི་ངག་ཅིའི་ཕྱིར་ཉན་ཞེས་མི་འདུད་པ་ལ། སངས་རྒྱས་རྣམས་ཀྱིས་དེའི་བཀའ་བཞིན་དུ་བྱོས་ཤིག་ཅེས་གདམས་ཀྱང་། ལྷ་དབང་ཕྱུག་ཆེན་པོས། འཇིག་རྟེན་གསུམ་པོ་མཐའ་དག་དང་། ནམ་མཁའི་ཁམས་རྣམས་ཁྲོ་བ་ཁྲོ་བོ་ཆེན་པོས་ནོན་པར་བྱིན་གྱིས་བརླབས་ཏེ། འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱང་ངའི་བཀའ་ལ་ཉོན་ལ། དམ་ཚིག་ཀྱང་ལོངས་ཤིག དེ་ནས་ཕྱག་ན་རྡོ་རྗེས་ཧཱུྃ་ཞེས་བརྗོད་པས། འཇིག་རྟེན་གསུམ་པོའི་དབང་པོ་ཐམས་ཅད་ཁ་སྦུབ་ཏུ་འགྱེལ་ཏེ། ཉམ་ཐག་པའི་ཚིག་འབྱིན་ཞིང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་། །ལྷ་ཆེན་པོ་ཞེས་བྱ་བའི་ལྷ་དེ་ནི་ས་ལ་འགྱེལ་ཏེ་དྲན་པ་མེད་པར་གྱུར་ནས་ཤིའོ། །གཞན་རྣམས་དབུགས་ཕྱུང་སྟེ་བཀའ་སྡོད་དུ་བཞག ལྷ་ཆེན་པོ་ཤི་བ་ལས་གསོས་ཏེ་ལྡང་འདོད་ནའང་ལྡང་མ་ནུས་པས། བཅོམ་ལྡན་འདས་ལ་བསྐྱབས་པས། དེ་ཉིད་ལ་སྐྱོབས་ཤིག བདག་ཅག་གིས་མི་ནུས་སོ། །དེ་ནས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་འབོད་དེ་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་རུངས་པ་ངའི་བཀའ་མི་ཉན་ནམ། དེ་ནས་ལྷ་ཆེན་པོས། རྡོ་རྗེ་སེམས་དཔའི་ཚིག་ཐོས་ནས་འཁྲུགས་ཤིང་ཁྲོས་པར་གྱུར་ཏེ། དེ་ལྟར་འགྱེལ་བཞིན་དུ་ཡང་འཇིགས་པ་ཆེན་པོའི་གཟུགས་བསྟན་ཏེ། འདི་སྐད་ཅེས་སྨྲས་སོ། །ང་ཤི་བར་བཟོད་ཀྱི། ཁྱོད་ཀྱི་ངག་མི་ཉན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་རབ་ཏུ་ཁྲོས་ཏེ་ལྷ་ཆེན་པོ་ཞབས་གཡོན་པས་མནན། ཞབས་གཡས་པས་ལྷ་མོ་ཨུ་མ་མནན་པས་དེ་མ་ཐག་ཏུ་ལྷ་ཆེན་བབས་ནས་རང་གི་ལག་སྟོང་གིས་རང་གི་གདོང་སྟོང་ལ་འཚོག་གོ །དེའི་ཚེ་ཁང་བུ་བརྩེགས་པའི་ཕྱི་རོལ་ན་སྲིད་པ་གསུམ་པོ་ཐམས་ཅད་ཀྱིས། ངེད་ཀྱི་དབང་པོ་འདི་བདག་ཉིད་ཆེན་པོ་དེས་བཏུལ་ལོ་ཞེས་པའི་སྒྲ་ཆེན་པོ་བྱུང་ངོ་། །དེ་ནས་ལྷ་ཆེན་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་མཐིལ་གྱིས་རེག་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་པའི་བདེ་བ་མྱོང་སྟེ། ལྷ་ཆེན་པོས་ལུས་ཕྱག་ན་རྡོ་རྗེའི་ཞབས་ལ་ཕུལ་ནས། འོག་གི་འཇིག་རྟེན་གྱི་ཁམས་གངྒཱའི་༼༦༣༽ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། ཐལ་བས་ཁེབས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར། ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་སྐྱེས་སོ། །དེས་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་རྒྱུད་ཞུ་བ་དང་། སྡུད་པ་དང་། འཆད་པ་པོ་མཛད་པའི་ཚུལ་ལས། རེ་ཞིག་གསང་བའི་སྒྲོལ་མ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་ཤེས་པ་དང་། བཤད་པ་སུས་བྱེད། བཀའ་སྩལ་པ། ཨུ་རྒྱན་གྱི་ཡུལ་དཔལ་རྡོ་རྗེ་ཆེན་པོའི་གནས་སུ། ཨུ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་དེས་ཤེས་པ་དང་། བཤད་པ་དང་། སེམས་ཅན་ལ་གསལ་བར་བྱེད་དོ་ཞེས་གསུངས་པས། དེའི་ཚུལ་ནི། བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་ན་བཞུགས་པའི་ཚེ། དེ་ནས་ནུབ་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་ན་ཨུ་རྒྱན་ཞེས་བྱ་བའི་ཡུལ་ཁམས་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཡོད་དེ། དེས་རང་གི་ཁང་བཟང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྟེང་དུ་ཕྱིན་པའི་ཚེ་ཉན་ཐོས་ཀྱི་དགེ་འདུན་རྣམས་ནམ་མཁའ་ལ་སྔ་དྲོ་ནུབ་ཏུ་འགྲོ །ཕྱི་དྲོ་ཤར་དུ་ལོག་པ་གཟིགས་པས། རང་གི་བློན་པོ་ཟླ་བ་བཟང་པོ་ལ་དྲིས་པས། དེ་ན་རེ་ལྷ་ལགས་དེ་ནི་བདག་གིས་མ་འཚལ་ཏེ། གཞན་དག་ལ་དྲིའོ་ཞེས་གསོལ་ནས། དེས་བློན་པོ་རིག་པ་ཅན་ལ་སོགས་པ་གྲོང་ཁྱེར་བ་རྣམས་ལ་དྲིས་པས། ཁ་ཅིག་ན་རེ། འདི་ནས་ཤར་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་ན་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་ཟས་གཙང་གི་བུ་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་དེའི་འཁོར་ཡིན་ནོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོས་སངས་རྒྱས་ཀྱི་མཚན་ཐོས་པས་ཤིན་ཏུ་དད་དེ། དེའི་འཁོར་ཡང་འདི་ལྟ་བུའི་རྫུ་འཕྲུལ་དང་ལྡན་ན། དེ་ནི་ངེས་པར་རྫུ་འཕྲུལ་དང་ཐུགས་རྗེ་ཆེན་པོ་དང་ལྡན་པའོ་སྙམ་སྟེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཞལ་ཤར་དུ་གཟིགས་ཤིང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ངག་ཏུ་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན་རྫུ་འཕྲུལ་གྱི་ཞབས་མངའ་བ་འཁོར་དང་བཅས་པ་སང་གི་གདུགས་ཚོད་ལ་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས་སྟོན་པ་འཁོར་དང་བཅས་པ་སང་དེར་བྱོན། དེར་རྒྱལ་པོ་འཁོར་དང་བཅས་པས་མཆོད་པ་མང་པོས་མཆོད་ནས། བདག་ཅག་ལ་སོགས་པ་སྲིད་པའི་སྡུག་བསྔལ་ལས་༼༦༤༽ཐར་པའི་ཐབས་བཤད་དུ་གསོལ་ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིག་དང་ཐབས་ཡོད་དོ་ཞེས་བཀའ་སྩལ་ཏོ། །རྒྱལ་པོས་སླར་ཡང་མཆོད་ནས་བདག་ཅག་ལ་སོགས་པའི་སྐྱེ་བོ་འདོད་ཆགས་ཅན་རྣམས་ཀྱིས་འདོད་ཡོན་ལྔ་སྤོང་བར་མི་ནུས་པས། དེ་མ་སྤངས་པར་ཐར་པའི་ཐབས་བཤད་དུ་གསོལ་ཅེས་ཞུས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆགས་བྲལ་གྱི་སྣང་བ་བསྡུས་ནས་འཁོར་ལོ་སྒྱུར་བའི་གཟུགས་ཀྱིས་གསང་བ་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དུ་སྤྲུལ་ཏེ། རྒྱལ་པོ་འཁོར་དང་བཅས་པ་ལ་དབང་བསྐུར། རྒྱུད་བཤད་ཅིང་གཏད་དོ། །རྒྱལ་པོས་དེའི་དོན་ཁོང་དུ་ཆུད་ནས་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་བགྱིས་ཏེ། གཙོ་བོའི་གནས་སུ་རྒྱལ་པོ་རང་ཉིད་དང་། སངས་རྒྱས་བཞི་ཡུམ་བཞིའི་གནས་སུ་སྲས་དང་བཙུན་མོ། སེམས་དཔའ་སེམས་མའི་གནས་སུ་བློན་པོ། ཁྲོ་བོའི་གནས་སུ་མངག་གཞུག་བཀོད་དེ། ཉོན་མོངས་པ་ལམ་དུ་བྱེད་པའི་སྤྲོས་བཅས་ཀྱི་སྤྱོད་པ་ཆེན་པོ་བརྩམས་པ་ཅི་ཞིག་ན་གྲུབ་སྟེ། འཁོར་དང་བཅས་པས་སྙིགས་མའི་ལུས་སྦྲུལ་གྱི་པགས་པ་བཞིན་བརྗེས་ནས་འཇའ་ཚོན་གྱིས་མཚོན་པའི་སྐུར་གྱུར་ཏེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མི་སློབ་པའི་ཟུང་འཇུག་རྫོགས་པར་བྱ་བའི་ཕྱིར་རྒྱུའོ། །དེས་ཨུ་རྒྱན་གྱི་ཡུལ་སྟོངས་པ་དང་། དེའི་ལྷོ་ཕྱོགས་ན་མཚོ་གཅིག་ཡོད་པ་འཕེལ་ཏེ་ཀླུ་མང་པོ་དང་བཅས་པས་ཡུལ་དེ་གང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་རྣམས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ་མཚོ་དེའི་ཀླུ་རྣམས་སྨིན་པར་མཛད་ནས་རྒྱུད་བཤད་ཅིང་གླེགས་བམ་གཏད་དོ། །དེ་ནས་དེ་རྣམས་ཕལ་ཆེར་མིར་གྱུར་ཏེ་མཚོ་འགྲམ་དུ་གྲོང་ཁྱེར་བཅས་ཏེ་གནས། ཐབས་རྒྱུད་ཀྱི་དོན་ཉམས་སུ་བླངས་པས་ཕལ་མོ་ཆེ་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ། དེ་དག་གི་བུ་རྣམས་ནི་རྣལ་འབྱོར་པ་དང་། བུ་མོ་རྣམས་མཁའ་འགྲོ་མར་གྱུར་ཏོ། །དེ་ནས་དཔལ་ཨུ་རྒྱན་མཁའ་འགྲོའི་གནས་ཞེས་དིང་སང་གི་བར་དུ་གྲགས་སོ། །ཀླུ་གཞན་དག་ནི་མིའི་དྲི་ང་བ་ཚོར་བས་མཚོ་གཞན་དུ་སོང་ངོ་། །དེ་ནས་ཕྱི་ཞིག་ན་མཚོ་དེ་བསྐམས་ཏེ་དཔལ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཕུན་སུམ་ཚོགས་པ་ཞིག་ཀྱང་བྱུང་ནས། །རྒྱུད་ཀྱི་གླེགས་བམ་རྣམས་ཀྱང་དེའི་དཀོར་མཛོད་དུ་བཞུགས་སོ། །དེ་ནས་མི་རིང་བར་ཕྱག་ན་རྡོ་རྗེའི་སྤྲུལ་པ་དྲང་སྲོང་དབུགས་འབྱིན་ཞེས་བྱ་བ་སྐལ་པ་དང་ལྡན་པ་རྣམས་ལ་ལྷན་ཅིག་སྐྱེས་པའི་རིན་པོ་ཆེའི་མན་ངག་གི་རྒྱུད་བསྟན་པར་བྱ་བའི་ཆེད་དུ་བཞུགས་པར་གྱུར་ཏེ། དུས་དེའི་ཚེ་ན་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་༼༦༥༽ཞེས་བྱ་བ་ལ་བུ་མོ་རོལ་པ་མོ་ཞེས་པ་ཐམས་ཅད་ཀྱི་ཡིད་འཕྲོག་པ། གུས་པ་དང་ཞི་དུལ་དང་ལྡན་པ་བཙུན་པོ་ཞིག་སྐྱེས་པ་དེ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པ་ནགས་སུ་མེ་ཏོག་འཐུར་ཕྱིན་པ་ན། བུ་མོའི་འཁོར་རྣམས་ཀྱིས་དྲང་སྲོང་དེ་མཐོང་སྟེ་འཇིགས་ནས་འདི་ན་གནོད་སྦྱིན་འདུག་གོ་ཞེས་སྨྲས་ཏེ་བྲོས་པ་ན། རོལ་པ་མོ་དང་ཕྲད་པས། དེ་ན་རེ་འདི་ནི་ཨུ་རྒྱན་རྡོ་རྗེ་མཆོག་ཆེན་པོའི་གནས་ཏེ། འདི་ན་ནི་བར་དུ་གཅོད་པའམ་གླགས་ལྟ་བའི་འབྱུང་པོ་སུའང་རུང་བ་གནས་པར་ནུས་པ་མ་ཡིན་ན། དེ་ནི་བྱང་ཆུབ་སེམས་དཔའ་སུ་ཞིག་སྐལ་བ་དང་ལྡན་པ་རྗེས་སུ་གཟུང་བ་ལ་སྤྲུལ་པའི་སྐུར་བསྟན་པ་ཞིག་གོ་སྙམ་ནས་འཁོར་རྣམས་ཁྲིད་དེ་ཕྱོགས་དེར་སོང་ངོ་། །དེར་སླེབ་པ་དང་དྲང་སྲོང་དེ་མཐོང་བས་ཡིད་དགའ་ཞིང་སྤུ་ཟིང་ཞེས་བྱེད་ནས། དེ་ལ་བཏུད་པས། དེ་ན་རེ། ཁོ་བོ་ནི་གནོད་སྦྱིན་ནོ། །ཡང་དག་པའི་གནོད་སྦྱིན་ནོ། །ཞེས་གསུངས་ནས། བུ་མོའི་མགོར་ཕྱག་བཞག་ནས་དྲན་པར་གྱུར་ཏམ་དྲན་པར་གྱུར་ཏམ་ཞེས་གསུངས་པས། སྔོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་དཔོན་གསང་བའི་བདག་པོ་ཡིན་པར་མཐོང་ལ། དེས་བྱིན་གྱིས་བརླབས་པས་འཁོར་དང་བཅས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་སུམ་དུ་མཛད་དོ། །འདིའི་མཚན་སུ་མ་ཏི་བློ་གྲོས་བཟང་མོ་ཞེས་བྱའོ། །ས་ར་ཧའི་བླ་མ་ཀླུ་ལས་གྱུར་པའི་རྣལ་འབྱོར་མའང་དེ་ཁ་དཔེ་ཕལ་མོ་ཆེར་སྐལ་བ་བཟང་མོ་ཞེས་བཀོད་དོ། །དེ་ནས་ཡང་ཅི་ཞིག་ན་རྒྱལ་པོ་དཔའ་བོ་རྡོ་རྗེ་ཞེས་བྱ་བ་ཡུལ་དེར་བྱུང་ལ། མཆོག་གི་དངོས་གྲུབ་ཚེ་གཅིག་ལ་གྲུབ་པའི་སྣོད་དུ་གཟིགས་ནས། བུ་མོ་རོལ་པ་མོ་འཁོར་ལྔ་བརྒྱ་དང་བཅས་པ་གདོལ་པ་མོའི་གཟུགས་སུ་བྱས་ནས་རྒྱལ་པོ་དེའི་ཕོ་བྲང་དུ་སློང་བར་འོངས་སོ། །དེ་དག་སླེབ་པ་ཙམ་ན་ཕོ་བྲང་གི་འཁོར་དེ་ཐམས་ཅད་དྲི་བཟང་པོས་གང་། དེ་དག་སོང་བ་ན་མི་སྣང་ངོ་། །དེར་རྒྱལ་པོས་མཚན་མ་འདི་ལས་ནི། ཨུ་རྒྱན་གྱི་ཡུལ་འདི་ན་རྒྱལ་པོའི་བུ་མོ་རོལ་པ་མོ་འཁོར་ལྔ་བརྒྱ་དང་བཅས་པ་རྣལ་འབྱོར་གྱི་སྤྱོད་པ་སྐྱོང་ཞིང་སྐལ་པ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་མཛད་དོ་ཞེས་གྲགས་པ་དེ་ཡིན་པ། གོར་མ་ཆག་སྙམ་ནས་སླར་བོས་པ་དང་། དེ་དག་གིས་ཉིན་མི་འོང་མཚན་མོ་འབྱོན་པའི་བརྡ་མཛད་ནས། མཚན་མོ་འདུས་ཏེ་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས་རྒྱལ་པོ་ལ་རྗེས་སུ་གདམས་པས། དེས་དངོས་གྲུབ་ཆེན་པོ་བརྙེས་སོ། །དེས་མདུན་ན་འདོན་དམ་ཚིག་རྡོ་རྗེ། དེས་ཤིང་ཚོང་པ་པདྨའི་རྡོ་རྗེ། དེས་ཆང་ཚོང་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐ་ག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་མོ་རྡོ་རྗེ། དེས་བྲེག་མཁན་གྲུབ་པའི་རྡོ་རྗེ། དེས་རྣལ་༼༦༦༽འབྱོར་པ་ཀུན་འགྲོ་རྡོ་རྗེ། དེས་རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ། དེས་ལྕམ་དཔལ་གྱི་བློ་གྲོས་མ། དེ་ལ་དགེ་སློང་མ་དཔལ་མོར་གྲགས་སོ། །དེ་གཉིས་ཀྱིས་ལྭ་བ་པའོ། །དཔའ་བོ་རྡོ་རྗེའང་ཨཱརྻ་དེ་ཝའི་བླ་མ་ཡིན། ཡང་པཎྜྻི་ཏ་བདུད་རྩི་དགའ་བའི་འབྱུང་གནས་ཞེས་བྱ་བ་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཆེན་པོར་གྱུར་པ་གཅིག་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དུ་བྱུང་། དེ་རྒྱུད་འཆད་པ་ན། འབངས་མོ་ཉན་པ་ལ་རེས་འགའ་བགད། རེས་འགའ་ངུ་བ་མཐོང་སྟེ་མཁའ་འགྲོ་མར་ཤེས་ནས། སྲོད་ལ་མཁའ་འགྲོ་མ་བརྟག་པའི་མཆོད་པ་བཤམས་ཏེ་གསོལ་བ་བཏབ་པ་ན། དེ་ཉལ་བ་ལས་སད་དེ་དངངས་པ་སྐད་བྱས་ནས་ཇོ་བོ་སྨྱོའམ་ཞེས་ཟེར་རོ། །དེར་རྒྱུ་མཚན་བསྙད་པས་མིན་ཟེར། འོ་ན་ང་རྒྱུད་བཤད་པ་ལ་འདི་ལྟར་བྱེད་པ་ཅི་ཡིན་དྲིས་པས། རྒྱུད་ཀྱི་དོན་མིན་པ་ལ་ཡིན་ཟེར་བ་དང་། ཕྱིན་ཅི་ལོག་ཏུ་བཤད་པ་ལ་བགད་པ་དང་ངུའོ་ཟེར། ཁྱོད་མཁའ་འགྲོ་མ་ཡིན་པར་ཤེས་ཀྱིས་བདག་རྗེས་སུ་བཟུང་དུ་གསོལ་ཅེས་ཕྱག་བྱས་པས། ང་ལ་ཁྱོད་རྗེས་སུ་འཛིན་པ་ཙམ་གྱི་ནུས་པ་མེད། ཨུ་རྒྱན་གྱི་ཡུལ་ན་ངའི་མིང་པོ་པདྨ་བཛྭ་ཞེས་བྱ་བ་ཡོད་ཀྱི། དེའི་རྩར་སོང་དང་དོན་གྲུབ་པར་འགྱུར་རོ་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དེའི་ཚིག་ཉན་ནས་ཨུ་རྒྱན་དུ་ཕྱིན་ཏེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་མཇལ་ཏེ། རྒྱལ་པོའི་མཆོད་གནས་པཎྜྻི་ཏ་ལྔ་བརྒྱ་དང་རྩོད་པས་སུས་ཀྱང་མ་ཐུབ་སྟེ། ཐམས་ཅད་ཀྱིས་གཙུག་ཏུ་བཀུར་རོ། །དེའི་ཚེ་རྒྱལ་པོ་ལ་རྒྱུ་མཚན་ཞུས་ཏེ་གནང་བ་ཐོབ། རྒྱལ་པོས་ངའི་མཆོད་གནས་པཎྜྻི་ཏ་སྨྱོ་བས་གྲོང་དང་སྲང་དུ་ཚུལ་ཇི་ལྟ་བུར་འོང་ཡང་གནོད་པར་མ་བྱོས་ཤིག་ཅེས་དྲིལ་བསྒྲགས་སོ། །དེར་པཎྜྻི་ཏས་བླ་མ་བཙལ་བས་ཅི་ཞིག་ན་ཤིང་ཚོང་པ་རྒན་པོ་ཞིག་གི་བཤང་བའི་ཤུལ་ནས་སྦྲང་མ་སེར་པོ་ཐིབ་ཐིབ་འདུ་བ་མཐོང་ནས། སློབ་དཔོན་དུ་ངེས་ནས་རྒྱུ་མཚན་གསོལ་བས་གསང་བ་འདུས་པ་བསྟན། དེའི་དོན་དུ་གསང་བ་གྲུབ་པ་དང་དགྱེས་རྡོར་གྱི་སྒྲུབ་ཐབས་མཛད། སློབ་དཔོན་དེའི་སྲས་མོ་པདྨོ་ནི་ཕྱག་རྒྱར་སྩལ། དེ་དང་ལྷན་ཅིག་རྒྱལ་པོའི་ཡང་ཐོག་ཏུ་བསྒྲུབས་པས་གྲུབ་བོ། །དེའི་ཚེ་ཨུ་རྒྱན་གྱི་མི་རྣམས་ན་རེ། རྒྱལ་པོའི་མཆོད་གནས་སྨྱོ། དེས་རིགས་ངན་གྱི་བུ་མོ་དང་ལྷན་ཅིག་འདུག དེས་རྒྱལ་པོའི་རིགས་ཀྱང་ལད་པས་ཨུ་རྒྱན་གྱི་ཡུལ་ཉམས་སོ་ཞེས་བསྒྲགས་པ་རྒྱལ་པོས་ཐོས་ནས་ཡིད་ཁོང་དུ་ཆུད་པ་སློབ་དཔོན་གྱིས་གཟིགས་ནས་རྒྱལ་པོ་ལ་ད་དེ་ཞག་བདུན་ན་ཨུ་རྒྱན་གྱི་མི་ཐམས་༼༦༧༽ཅད་ཀྱིས་ཙནྡན་གྱི་མགལ་བུ་རེ་ཁྱེར་ལ་ཤོག །ངེད་ཀྱི་སློབ་དཔོན་སྲེག་གོ །གལ་ཏེ་རིགས་ལས་འདས་པའི་དངོས་གྲུབ་བརྙེས་ན་ནི་འཚིག་པར་མི་ནུས་ལ། རིགས་ཉམས་ན་ནི་འཆིའོ་ཞེས་སྒྲོགས་ཤིག དེ་ལྟར་བསྒྲགས་པ་དང་ཐམས་ཅད་ཀྱིས་ཐབས་ཟབ་པར་ཤེས་ནས་སློབ་དཔོན་ཡབ་ཡུམ་མེ་ལ་བསྲེགས་ཏེ་ཞག་བདུན་སུས་ཀྱང་མ་ལྟ་ཞིག་ཅེས་བསྒོ། ཞག་བདུན་ན་བལྟས་པས་ཕྱོགས་དེ་མཚོ་ཡིད་དུ་འོང་བ། དེ་ལ་པདྨོའི་སྡོང་པོ་ཤིན་ཏུ་རྒྱས་པ། དེའི་ཟེའུ་འབྲུ་ལ་སློབ་དཔོན་ཡབ་ཡུམ་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་དབྱིབས་སུ་འོད་ཀྱི་པ་ཏྲ་སྒོར་རེ་བཞུགས་པ་མཐོང་ནས། ཐམས་ཅད་ཀྱིས་རིགས་ལས་འདས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་ཤེས་ནས་བཟོད་པར་གསོལ་ཏེ་མཚན་སྐུ་མེད་རྡོ་རྗེའམ་ཡན་ལག་མེད་པའི་རྡོ་རྗེར་བཏགས། དེས་རྒྱལ་པོའི་དོན་དུ་ཐབས་ཤེས་གྲུབ་པ་མཛད། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེས་ཀྱང་མཆོག་གི་དངོས་གྲུབ་བརྙེས་ཏེ། དེའི་སྲས་མོ་ལེགས་སྨིན་ཀ་རའི་དོན་དུ་ཡེ་ཤེས་གྲུབ་པ་མཛད། དེས་ཀྱང་གྲུབ་པ་ཐོབ། དེ་ལྟ་བུའི་རྒྱལ་པོ་དེ་ལ་ཨིནྡྲ་བྷཱུ་ཏི་བར་པ་ཟེར་བ་ཡིན། ཨུ་རྒྱན་གྱི་རྒྱལ་པོ་ལ་མཚན་དེ་ལྟར་ཐོགས་པ་དགུ་བྱུང་ཞེས་གྲགས། བསམ་མི་ཁྱབ་ཏུ་སློབ་དཔོན་པདྨ་སྙིང་རྗེ་ཆེ། ཞེས་པ་ཡན་ལག་མེད་པའི་རྡོ་རྗེ་ལ་སྙིང་རྗེ་ཆེ་ཞེས་བཤད། ཡང་། རྟ་མཆོག་ཛི་ནའི་ཞལ་སྔ་དང་། །ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། །ཞེས་པ་རྒྱ་ནག་ཏུ་འཁྲུངས་པའི་གཤིན་རྗེ་གཤེད་ཀྱི་གྲུབ་ཐོབ་སློབ་དཔོན་རྟ་མཆོག་ཛི་ན་ཞེས་བྱ་བ་ཨུ་རྒྱན་དུ་བྱོན། ཌཱ་ཀི་མ་རྣམས་ལ་སྡིགས་མཛུབ་གཏད་པས་བྲེད་བརྒྱལ། བརྒྱལ་སངས་པ་དང་མིང་པོ་ཅི་འདོད་པ་ཁྱེར་ཅིག་ཟེར་ནས་གནང་བ་སྦྱིན། དེས་འཇམ་དཔལ་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་སོགས་སྤྱན་དྲངས། དེ་ཁ་འཇམ་དཔལ་བཤེས་གཉེན། སློབ་དཔོན་འདི་རྟ་མགྲིན་གྱི་སྒྲུབ་པ་མཛད་པའི་དུས་སུ་རྟ་སྐད་ཀྱིས་ལུང་པ་བཀང་བས་མཚན་རྟ་མཆོག་ཛི་ནར་ཐོགས་ཟེར། དེས་ཀྱང་ཨིནྡྲ་བྷཱུ་ཏི། ཡང་སྒེག་པའི་རྡོ་རྗེ་གུ་དྷ་རི་ཞེས་པའི་སྒེག་པའི་རྡོ་རྗེ་ནི་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་གྱི་ཆོས་སྡེའི་སྣོད་དུ་གྱུར་པ་སུ་འདུག་གཟིགས་པས་ནོར་བུ་གླིང་ནས་རྙེད་དེ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་མཚན་སྒེག་པའི་རྡོ་རྗེ། མུ་སྟེགས་བཏུལ་བའི་མཚན་སྣ་ཚོགས་གཟུགས། གཞན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ། འཁྲུངས་ས་ལས་ནོར་བུ་གླིང་པ་ཞེས་མཚན་༼༦༨༽བཞི་དང་ལྡན་པ་དེའོ། །དེས་སྔགས་དོན་རྣམ་གཟིགས་སོགས་མཛད། དེས་གུ་དྷི་ར་སྟེ། གུ་དྷི་ར་ཞེས་པའི་བྱིའུའི་རོ་འཚོ་བའི་ཟས་སུ་མཛད་པས། དེ་སྐད་ཐོགས་པ་སཱུརྻ་སིངྷ། ཕྱིས་ཤྲཱི་སིངྷར་གྲགས་པ་ལ་བཤད། དེས་སིང་ང་ལར་བསྒྲུབས་པས་གྲུབ་པ་ཐོབ། ཡང་། ཆོས་ཀྱི་ཞལ་སྔའི་བཀའ་དྲིན་ལས། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །ཞེས་གསུངས་པའི་ཆོས་ཀྱི་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་ཀྱི་སློབ་མ། དེས་རྗེས་སུ་བཟུང་བ་མཁས་པ་ཆེན་པོ་བཟང་པོའི་ཞབས། དེས་རྗེས་སུ་བཟུང་བ་ཏོག་ཙེ་པ་སྟེ། ཏོག་ཙེ་ཞབས་ལ་ཕོག་རྨ་ལ་འབུ་ཞུགས་ནས་ཤིན་ཏུ་ཉེན་པ་སྨན་པས་བལྟ་བའི་སྐབས་བཟང་པོ་པ་བྱུང་སྟེ་སྨན་པ་ནི་ནད་པ། ནད་པ་ནི་སྨན་པར་འདུག་གོ་གསུངས་བྱིན་གྱིས་བརླབས་པས་མཆོག་གི་དངོས་གྲུབ་བརྙེས་པར་གྱུར་ཏེ་བསམ་མི་ཁྱབ་སོགས་མཛད། འདིས་ཡུལ་དབུས་སུ་ཕྱིན་ནས་ཤ་བ་རི་ལ་སོགས་པ་ལ་གདམས་པ་བཏབ་ཟེར། གཞན་དེའི་སློབ་མའང་ལྭ་བ་པའོ། །དགེ་སློང་མ་དཔལ་མོ་ནི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆུང་བའི་ཨ་ལྕེ་རབ་ཏུ་བྱུང་བའི་མཚན་དཔལ་གྱི་བློ་གྲོས་མ། འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ཞིང་རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་ལས་ཡང་དག་པའི་གདམ་ངག་ཐོབ་པ། གྲུབ་ཆེན་ཕག་ཚང་བ་དང་ལྷན་ཅིག་བརཏལ་ཞུགས་ཀྱི་སྤྱོད་པ་མཛད་པས་རིགས་དང་བརཏལ་ཞུགས་ལས་ཉམས་པའི་སྐུར་པ་བཏབ་པས། རང་གི་གྲི་གུག་གིས་དབུ་བཅད། དེའི་ཁྲག་རྒྱུན་མགྲིན་པར་འཁོར་བ་སྟེ། དབུ་བཅད་མའི་ཚུལ་གྱིས་མཁའ་སྤྱོད་དུ་བྱོན་པ། དེས་རང་གི་མིང་པོ་ལ་བསྐུལ་ནས་རབ་ཏུ་བྱུང་དུ་བཅུག རིག་པའི་གནས་ལ་སྦྱངས། དེར་ཡང་འཁོར་མེད་ས་ནས་ཐབས་ཀྱིས་ཡང་དག་པའི་གདམ་ངག་བཏབ་སྟེ་ལོ་བཅུ་གཉིས་ཀྱི་བར་དུ་མནལ་ལོགས་པས་གྲུབ་པ་ཐོབ། དེས་དུར་ཁྲོད་དུ་སྒོམ་གྱིན་བཞུགས་པས། ཡུལ་དེའི་རྒྱལ་པོ་སློབ་དཔོན་གྱི་སྦྱིན་བདག་བྱེད་པ་དེ་ལ་བཙུན་མོ་ལྔ་བཅུ་རྩ་གཅིག་ཡོད་པ་ལྔ་བཅུ་ནི་ཕྱི་པ་ལ་མོས། ཆུང་ཤོས་ནི་སངས་རྒྱས་པ་ལ་མོས་པས་རྒྱལ་པོ་དེ་ལ་རྩི་བས། བཙུན་མོ་གཞན་རྣམས་ན་རེ། རྒྱལ་པོ་འདི་ལ་རྩི་བ་སངས་རྒྱས་པའི་རྣལ་འབྱོར་པ་འདིས་ལན་པས་འདི་གསད་པར་བྱའོ་ཞེས་བགྲོས་ཏེ། མཚན་མོ་སློབ་དཔོན་དུར་ཁྲོད་དུ་སྒོམ་པའི་རྩར་སོང་ངོ་། །དེར་སློབ་དཔོན་གྱིས་སྐུ་མི་སྣང་བར་མཛད་པས། སངས་རྒྱས་༼༦༩༽པའི་རྣལ་འབྱོར་པ་བྱ་བ་གཡོ་ཆེ་བ་ཡིན་པས་བེམ་པོར་བརྫུས་སོ་སྙམ། དེ་དུམ་བུར་བྱས་ཏེ་ཟོས་ནས་ལོག་པ། ལུག་ཏུ་གྱུར་ལ། ནང་པར་སློབ་དཔོན་གཅེར་བུར་རྒྱལ་པོའི་འདུན་སར་བྱོན་ནོ། །དེར་རྒྱལ་པོས་དྲིས་པས་ཇི་ལྟར་གྱུར་པ་བཤད་དོ། །དེ་ནས་བཙུན་མོ་ལུག་ཏུ་གྱུར་པ་རྣམས་བཀུག་པས་བཞི་བཅུ་རྩ་དགུ་ཁུགས་ནས། སློབ་དཔོན་གྱིས་དེ་དག་གི་མགོར་ཐལ་ལྕག་རེ་བསྣུན་པས་ལྭ་བའི་དུམ་བུ་རེ་སྐྱུགས་པས་གཅིག་མ་འགྲིག བཙལ་བས་ལྔ་བཅུ་པ་རྙེད་ནས་སྔར་ལྟར་བྱས་པས་ན་བཟའ་སྔར་བཞིན་དུ་འགྲིག་པས་མཚན་དེ་མན་ཀ་མཱ་ལ་སྟེ་ལྭ་བ་པར་ཐོགས་སོ། །བཙུན་མོ་རྣམས་ཀྱིས་བཟོད་པར་གསོལ་བ་བཞེས་ནས་ལུས་སྔར་ལྟར་གྱུར་ལ། འོན་ཀྱང་ཆད་པའི་ལས་སུ་ཡུལ་དེའི་ཁྱིམ་པ་མོ་ཐམས་ཅད་ཀྱིས་ལྷམ་ཞར་གྱོན་པ། སྦྲུལ་ག་ཤར་བཅང་བ་ད་ལྟའི་བར་དུའང་འདུག་ཅེས་ཨུ་རྒྱན་པ་རིན་ཆེན་དཔལ་གསུང་ལ། དེ་ལྕམ་སྲིང་གིས་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་སོགས་མཛད། དེ་ལ་རྒྱལ་པོས། སློབ་དཔོན་ཆེན་པོ་ལྭ་བ་པས། །གྲོང་ཁྱེར་ཆེན་པོའི་སྲང་ཁ་རུ། །ལོ་ནི་བཅུ་གཉིས་བར་དུ་ནི། །འོད་གསལ་བར་ནི་གཉིད་ལོག་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །གཉིད་དང་བུད་མེད་ཆང་དང་གསུམ། །ཕ་རོལ་ཕྱིན་པའི་སྐྱོན་ཡིན་ཏེ། །གསང་སྔགས་སྒོ་ནས་ལམ་དུ་འཁྱེར། །ཞེས་བསྔགས། དེའི་སྦྱིན་བདག་ལའང་ཨིནྡྲ་བྷཱུ་ཏི་ཟེར། དེའང་དངོས་གྲུབ་བརྙེས་པའོ། །དེ་ལྟ་བུའི་ཨུ་རྒྱན་གྱི་སློབ་དཔོན་ལྭ་བ་པ་མ་གཏོགས། དེ་དག་ཕལ་ཆེར་ཨཱརྻ་དེ་ཝ་ཡན་དུ་བྱོན་པ། གཞན་ཡང་ཨུ་རྒྱན་གྱི་ཡུལ་དུ་གྲུབ་ཐོབ་ཕོ་མོ་དཔག་ཏུ་མེད་པ་བྱུང་། དེ་རྣམས་ཀྱིས་གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མང་པོ་སྐལ་བ་ལྡན་པའི་གང་ཟག་ལ་གནང་བས་ཡུལ་དབུས་ལ་སོགས་པར་འཕེལ་བ་ཡིན་ཏེ། རྒྱུད་སྡེ་མང་པོའི་མཇུག་ནས་ཀྱང་ཨུ་རྒྱན་གྱི་ཡུལ་ནས་བྱུང་བ་ཞེས་འབྱུང་བས་སོ།། །། ༈ ཡུལ་དབུས་སུ་གསང་སྔགས་དར་བའི་ཚུལ་ནི། ཐོག་མར་གསང་བ་འདུས་པ་དར་ཏེ། འཕགས་ལུགས་པ་རྣམས་ན་རེ། བཅོམ་ལྡན་འདས་ཀྱི་ཕྱག་ན་རྡོ་རྗེ། དེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི། དེས་ཀླུ་ལས་གྱུར་པའི་མཁའ་འགྲོ་མ། དེས་རྒྱ་གར་ལྷོ་ཕྱོགས་ཨོ་ཌ་བི་ཤ་ནའི་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་མཚན་ཉིད་ཀྱི་ཐེག་པ་ལ་ཞུགས་པ་ཞིག འདི་བས་ཁྱད་པར་དུ་འཕགས་པའི་ཆོས་ཤིག་རྙེད་ན་ཅི་མ་རུང་སྙམ་༼༧༠༽པ་དང་། དེའི་རྨི་ལམ་ན་འདི་ནས་བྱང་ཕྱོགས་ཨུ་རྒྱན་དུ་སོང་ཞིག་དང་། དེར་རིག་པ་འཛིན་པའི་སྡེ་སྣོད་མཁའ་འགྲོ་མ་རྣམས་ལས་རྙེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ་བོ། །དེ་ནས་གཉིད་སད་དེ་ནམ་ལངས་པ་ན་ཨུ་རྒྱན་དུ་ཕྱིན་ནོ། །དེ་ནས་རང་བྱུང་གི་ལྷ་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་སྒོ་བཞི་ན་གསེར་གྱི་དྲིལ་བུ་བཞི་བཏགས་པ་ཞིག་ཡོད་པ་དེ་མཐོང་བ་དང་སྒོ་བཞི་ནས་ཕྱག་བྱས་ཏེ། སླར་ཤར་སྒོར་བུད་མེད་མཁའ་འགྲོ་མ་ཞིག་དང་ཕྲད་དོ། །དེ་ནས་དེ་ན་རེ་ཁྱོད་སུ་ཡིན་ཟེར། བདག་རྒྱལ་པོ་བི་སུ་ཀལྤ་ཡིན་ཞེས་བརྗོད་དེ་བསྙེན་བཀུར་བྱས་པས། དེས་ཁྲིད་ནས་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་རྒྱུད་གདམ་ངག་དང་བཅས་པ་གནང་ངོ་། །དེས་ཡུལ་ཤར་ཕྱོགས་ཀྱི་བྱེ་བྲག་ར་ཌའི་བྲམ་ཟེ་ས་ར་ཧ་ལ་གནང་ཟེར། རྒྱལ་པོ་དེ་ནི་སྟོན་པའི་སྲས་པོ་ཁོ་ན་ཡིན་ལ་མཚན་སྦས་པ་སྟེ། ཐུན་མོང་མ་ཡིན་པའི་གསང་བ་ཞེས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དཔལ་ལྷ་མོ་ནི་གྲགས་འཛིན་མའོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །ཞེས་གསུངས་པ་དང་། སློབ་དཔོན་ས་ར་ཧ་འདི་ཉིད་ཀྱི་བདག་བྱིན་བརླབ་ཏུ། རྗེ་བཙུན་དཔལ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་བླ་མའི་ཞལ་དུ་སོན་པས་རྙེད་དེ་ཞེས་བྱུང་བ་དང་། སྔགས་འཆང་པདྨ་འབྱུང་གནས་ཀྱིས་ཀུན་དགའ་བོ་ལ་སྔགས་གསན་པ་ལྟ་བུར་སྣང་ངོ་། །སློབ་དཔོན་ས་ར་ཧའི་ལོ་རྒྱུས་ནི། སྙིང་རྗེ་པདྨ་དཀར་པོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་གསེར་གྱི་བྲེ་ཞེས་བྱ་བ་ན་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་དགེ་སློང་མཁས་པ་ཞེས་བྱ་བ་དང་། ཡང་དག་པར་རྒྱལ་བ་ཅན་ཞེས་བྱ་བ་གཉིས་འབྱུང་སྟེ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ། དུལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ། མདོ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། དེ་ཉིད་ཀྱང་ཚངས་པར་སྤྱོད་པ་རྫུ་འཕྲུལ་དང་བཅས་པས་འདི་རྒྱས་པར་བྱེད་པའི་བར་དུ་འགྱུར་གྱི་ཞེས་གསུངས་སོ། །དོ་ཧ་ལ་སོགས་པའི་ལོ་རྒྱུས་ནས་སྟོན་པ་བྱོན་ནས།༼༧༡༽ལོ་སུམ་བརྒྱ་ན་བྱོན་ཞེས་འཆད། དེ་སྒྲ་གཅན་འཛིན་གྱི་མཁན་པོར་བཤད་པས་ཕྱིས་སྐྱོན་ཡོད་ལ། རྡོ་རྗེ་གདན་པའི་གསུང་རྒྱུན་ལས། དེ་ཡང་དབུས་འགྱུར་ཤར་ཝཱ་རཱ་ཎ་སཱིའི་ཆར་གཏོགས་པ་གསེར་གྱི་བྲེ་ཞེས་བྱ་བའི་གྲོང་དུ། བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་རིགས་སུ་ཐོ་བཙུན་གྲུབ་རྗེའམ་མཁས་པ་དང་། བདེ་བྱེད་བདག་པོའམ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སྐྱེས། དེ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང་། འདི་སྙམ་དུ་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། ཡུ་བུ་ཅག་གི་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ། །དེ་ལ་རི་ཏི་སེ་ན་དབང་ཕྱུག་ཆེན་པོ་དང་ཨུ་མ་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དྲིའོ་ཞེས་བགྲོས་ནས། དེར་འབད་པ་ཆེན་པོ་དང་བཅས་ཏེ་འགྲོ་བར་ཆས་ཏེ། ལྷ་དག་གིས་གྲོགས་བྱས་པས་མྱུར་བར་ཕྱིན་ཏེ། ལྷ་ཆེན་པོའི་བཞོན་པ་ཁྱུ་མཆོག་སྤྲིན་དཀར་པོའི་དུམ་བུ་ལྟ་བུ་བཟས་ལ་ཡན་པ་མཐོང་ངོ་། །དེ་མཐོང་བས་རབ་ཏུ་དགའ་བ་དང་། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་ནགས་ཚལ་ན་འབྲས་བུ་འཐུ་བ་མཐོང་ནས་གུས་པ་དང་བཅས་པས་ཕྱག་བྱས་ཏེ་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ནས་ཡུ་བུ་ཅག་གི་རྗེ་བོ་གནས་སོ་ཞེས་ཐོས་ཉེ་བར་སོན་པ་ན། ལྷ་ཆེན་པོ་འཁོར་སྟོང་གི་ཚོགས་ཀྱིས་བསྐོར་བ་མཐོང་ངོ་། །དེར་ཚོགས་ཀྱི་བདག་པོས་ལག་པ་ནས་བཟུང་སྟེ་དེའི་ཐད་དུ་ཁྱེར་ཏེ་གུས་པས་ཕྱག་བྱས་སོ། །དབང་ཕྱུག་གིས་ཁྱེད་ཅག་གང་ནས་འོང་ཞེས་དྲིས་པ་དང་། ཇི་ལྟར་གྱུར་པ་སྨྲས་སོ། །དེ་ནས་དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་ན་མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ་དེར་བྱོན་ཏེ། དེ་ལ་ལྷ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པས་ཡོ་བྱད་ཐམས་ཅད་བསྟབས་ཏེ་ཟས་ཟོས་ཟིན་པ་དང་། དེ་དག་ལས་ཆོས་ཉན། དེ་རྣམས་ལོག་གོ །དེའི་ཚེ་དབང་ཕྱུག་གིས་བྲམ་ཟེ་སྤུན་གཉིས་ལ། གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པ་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང་། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། །༼༧༢༽དེ་བས་ཁྱེད་ཅག་གིས་སྟོན་པ་དེ་ཉིད་དང་དེའི་གསུང་རབ་ལ་མཆོད་པར་བྱའོ། །ཞེས་གསུངས། དེ་གཉིས་ཀྱིས་མཆོག་བསླངས་པས་ཉི་ཟླ་དང་མཉམ་པའི་ཚེ་སྦྱིན་ནོ། །དེ་ནས་རང་གི་ཡུལ་དུ་ལོག་སྟེ་རིག་བྱེད་ཀྱི་ཆོས་རྩྭ་ལྟར་དོར་ནས། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བགོས་ཏེ་གཅེན་གྱིས་ཤཱ་རིའི་བུ་འཁྲུངས་སར་ནཱ་ལེནྡྲ་བཏབ། གཅུང་གིས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ནས་མཆེད་གཉིས་སྟོན་པའི་སྲས་པོ་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་སྟེ། གཅེན་ལ་སྒྲ་གཅན་འཛིན་བཟང་པོ། གཅུང་ལ་བཱིརྻ་བྷ་དྲ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་པར་གྱུར་ཏོ། །དེ་དག་ཐེག་པ་དམན་པའི་སྡེ་སྣོད་ལས་ཁྱད་པར་དུ་འཕགས་པའི་ཆོས་ཤིག་འདོད་པ་ལ་མཚན་ཉིད་ཀྱི་ཐེག་པ་དང་། དེ་ལས་ཀྱང་ཆེས་ལྷག་པ་ཞིག་འདོད་པ་ལ། མཁན་པོས་གཅེན་ལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་དེ་ཉིད་དུ་དབང་བསྐུར་རྒྱུད་བཤད་མན་ངག་གདམས་ཏེ། གཞན་ཡང་གསང་སྔགས་དུ་མ་གསུངས་སོ། །དེ་ལྟར་མཆེད་གཉིས་ཀྱིས་སོ་སོས་བཞེངས་པའི་གཙུག་ལག་ཁང་དུ་བཞུགས་ཏེ་ཕྱི་ལྟར་ཉན་ཐོས་ཀྱི་བསྟན་པ་ལེགས་པར་བསྐྱངས་ལ། ནང་དུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་གོམས་པར་མཛད་དེ་ལོ་ལྔ་བརྒྱར་ཉེ་བ་ཙམ་གནས་ལ། སྒྲ་གཅན་འཛིན་གྱིས་ཀླུ་སྒྲུབ་རབ་ཏུ་བྱུང་བས་གདམ་ངག་ཐམས་ཅད་བྱིན། སངས་རྒྱས་ཐོད་པའི་འགྲེལ་པ་སོགས་མཛད། ཀླུ་སྒྲུབ་ལ་ནཱ་ལེནྡྲ་གཏད་དེ། ཀླུ་ལས་གྱུར་བའི་རྣལ་འབྱོར་མ་གདོལ་པའི་ཆ་བྱད་ཅན་གྱིས་རྗེས་སུ་བཟུང་ལྷན་ཅིག་གནས་པས། ཐམས་ཅད་ཀྱིས་བྲམ་ཟེའི་རིགས་དང་། གནས་བརྟན་རྒྱལ་ཚབ་ཆེན་པོའི་ཚུལ་ལས་ཉམས་སོ་ཞེས་སྐུར་པ་བཏབ་པ་ན་མདའ་སྲོང་བའི་ཚུལ་གྱིས་དམངས། བཙུན་མོ། རྒྱལ་པོ་རྣམས་ལ་རིམ་པ་བཞིན། དོ་ཧ་སྐོར་གསུམ་གླུར་བླངས་ཏེ་དཔལ་གྱི་རི་ལ་གཤེགས་ནས་ད་ལྟའི་བར་དུའང་བཞུགས་སོ། །དེའི་གཅུང་པོ་ནི་རྡོ་རྗེ་གདན་དུ་བཞུགས་པའི་ཚེ་ལྷ་འདྲེ་བྲན་དུ་ཁོལ་གྱིན་མཆོད་རྫས་བསགས་ཏེ་ཚོགས་འཁོར་དང་རྡོ་རྗེ་གདན་ལ་མཆོད་པ་མཛད། དེའི་ཚེ་རྡོ་རྗེ་གདན་གྱི་མི་རྣམས་ཀྱི་བསམ་པ་ལ་ཡུལ་གཞན་གྱི་མི་རྣམས་མཆོད་པ་བྱེད་པ་ལ་འོངས་བ་ཡིན་བསམ་པ་ལས་མི་མ་ཡིན་དུ་མི་ཤེས་སྐད། རྡོ་རྗེ་གདན་གྱི་ཉེ་འཁོར་ན་ཁྲུས་བྱེད་པའི་རྫིང་དགུན་སྟོང་པ་དབྱར་ཆུས་གང་བ་ཞིག་གི་ནང་དུ་སྒོམ་གིན་བཞུགས་ཚེ། གློ་བུར་དུ་ཆུས་གང་འདུག སློབ་དཔོན་གཞན་དུ་བཞུད་དོ་སེམས། དེ་ཆུའི་ཏིང་ངེ་འཛིན་ལ་མཉམ་པར་༼༧༣༽བཞག་པ་ཡིན། ཡང་མཚོ་བསྐམས་འདག་པ་ཁལ་ལེ་སློབ་དཔོན་བཞུགས་པ་མཐོང་ནས་ངོ་མཚར་བར་གྱུར་ཏེ། དེར་མཚན་ཏྱཱ་ཡི་པ་ཞེས་གྲགས་སོ། །དེ་ཉིན་བཞིན་ཁྱི་མོ་བརྒྱའི་དབུས་སུ་བཞུགས། མཚན་བཞིན་ཁྱི་མོ་དེ་དག་ཕྱག་རྒྱ་ལ་བཞེས་པ་ལས་ཁྱིའི་སློབ་དཔོན་ཀུ་ཀུ་ར་ཙ་ཞེས་ཀྱང་གྲགས་ཏེ། ཨུ་རྒྱན་ནས་མཧཱ་མ་ཡའི་རྒྱུད་སྤྱན་དྲངས་ལ་ཆོས་བདུན་དུ་གྲགས་པའི་དྲུག་མཛད། རྣལ་འབྱོར་པ་བརྒྱད་ཀྱི་ཡབ་ཀུ་ཀུ་རི་པ་དེ་ཡིན། རྒྱལ་པོ་ཛའི་བླ་མའོ། །གཅེན་གྱི་སློབ་མའི་གཙོ་བོ་སློབ་དཔོན་ཀླུ་སྒྲུབ་ཡིན། དེ་སྔགས་ལུགས་ལ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ་པར་འདོད་ལ། དེས་གསང་འདུས་ལ་སོགས་པ་སྦྱིན་པའི་སློབ་མའི་མཆོག་བཞི་ལས། ཤཱཀྱ་བཤེས་གཉེན་གྱིས་རིམ་པ་གསུམ་པ་མཛད། ཨཱརྻ་དེ་ཝས་སྤྱོད་བསྡུས། ཟླ་བ་གྲགས་པས་སྒྲོན་གསལ་སོགས། ཀླུའི་བྱང་ཆུབ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་ཧེའི་རྫི་བོ་རྒས་འཁོགས་པ་ཞིག་སྣོད་ལྡན་དུ་གཟིགས་ནས། གང་གསལ་དྲིས་པས་མ་ཧེའོ། །དེར་མ་ཧེ་སྒོམ་དུ་བཅུག་པས་མ་ཧེའི་ར་ཕུག་ལ་ཟུག་པ་དང་། བཅད་པས་མེད་པར་སོང་བ་བྱུང་ནས་གདམ་ངག་སྦྱིན་ཏེ་དུས་ལས་འདས་པ་བྲམ་ཟེའི་རིགས་སུ་འཁྲུངས་པ་སློབ་དཔོན་ལས་རབ་ཏུ་བྱུང་སྟེ། མཚན་ནཱ་ག་བོ་དྷི་ཀླུའི་བྱང་ཆུབ་ཏུ་གྲགས། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་མཁྱེན་པ་ཡི་དམ་ལྷའི་ཞལ་གཟིགས་ནས་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ལ་སོགས་པ་མཛད། བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པས་མཚན་མ་ཏམ་ཀིར་གྲགས་ཏེ་ད་ལྟ་ཡང་དཔལ་གྱི་རི་ལ་བཞུགས་སོ་ཞེས་གྲགས་སོ། །ཡང་སློབ་དཔོན་ཀླུ་སྒྲུབ་དང་། དཔལ་ས་ར་ཧས་རྗེས་སུ་བཟུང་བ་ནི། ཤ་བ་རི་སྟེ། སློབ་དཔོན་ཀླུ་སྒྲུབ་བྷངྒ་ལའི་རི་བོའི་དགོན་པ་ན་བཞུགས་པའི་ཚེ། གྲོང་ཁྱེར་ཏེ་ཏེ་ན་གར་མཁན་བཟའ་མི་ལོ་ཀི་དང་གུ་ན་གཉིས་ཀྱི་བུ་ཚ་གླུ་གར་གྱིས་འཚོ་བ་མིང་སྲིང་གསུམ་འོངས་ཏེ་གླུ་གར་ཕུལ་བས། རིགས་ངན་ལ་རྣམ་རྟོག་མ་མཛད་པར་ནང་དུ་བོས་ཁ་ཟས་མང་པོ་བྱིན་པ་དང་། དད་པ་རྙེད་ཅིང་དེར་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་སྐུ་འདྲ་རས་བྲིས་ལ་བྲིས་པ་མཐོང་ནས་འདི་ཅི་ལགས་ཞུས་པས། འདི་བྱང་སེམས་ཐ་མལ་པས་མི་མཐོང་བ་ཞིག་ཡིན་གསུངས། བདག་ཅག་ལ་བསྟན་པར་ཞུ་བྱས་པས། ངའི་སྤྱི་གཙུག་ན་ཡོད་ཀྱི་ལྟོས་ཤིག་གསུངས། ༼༧༤༽དེ་མཐོང་བའི་ཐབས་ཅི་ཞུ་འཚལ་ཞུས་པས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། རྒྱུད་བཤད། གདམས་པ་བསྟན་ནས་ཉམས་སུ་ལོང་ཞིག་གསུང་ནན་ཏན་གྱིས་ཉམས་སུ་བླངས་པས་རྒྱུད་དག་ནས་བྱང་ཆུབ་སེམས་དཔའི་ཞལ་མཐོང་ངོ་། །དེར་དོ་ཧ་གླུར་བླངས་ནས་མཆོད་པ་ཕུལ་བས་ཁྱོད་ཀྱིས་དེའི་དོན་ཤེས་སམ་གསུངས། མི་ཤེས་ཞུ་འཚལ་ཞུས་པས། བྱིན་གྱིས་བརླབས་ཏེ་སྙིང་པོ་དོན་གྱིས་དགོངས་པ་བསྟན་པས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཐོབ། སློབ་དཔོན་གྱིས་རིགས་ཀྱི་བུ་ཁྱོད་ལྷོ་ཕྱོགས་ཀྱི་སྟོན་པ་ཤ་བ་རི་དབང་ཕྱུག་བྱ་བ་ཡིན་པས་འདིར་མ་སྡོད་པར་སྲིང་མོ་གཉིས་ཕྱག་རྒྱར་བསྟེན། གསུམ་ཀ་རྔོན་པའི་ཆས་སུ་ཞུགས་ལ་ལྷོ་ཕྱོགས་དཔལ་གྱི་རི། སེམས་ངལ་གསོ་བའི་རི། ཡིད་ཕམ་པར་བྱེད་པའི་རི་ལ་སོང་ལ་དབང་པོ་ཡང་རབ་རྣམས་ཀྱི་དོན་གྱིས་ཤིག དེར་མིང་སྲིང་རྣམས་ཀྱིས་རྔོན་པའི་ཆས་སུ་ཞུགས་ནས་དཔལ་གྱི་རི་ལ་མཆོག་གི་དངོས་གྲུབ་བརྙེས་ཏེ། དིང་སང་གི་བར་དུའང་བཞུགས། བློ་གྲོས་རིན་ཆེན་གསེར་སྡིངས་པས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་ངོས་གཟུང་། གཞན་ལྷའི་བུར་འདོད་པ་མང་ཡང་། དེ་ནི་སློབ་དཔོན་ཆེན་པོ་ས་ར་ཧའི་གསང་བའི་མཚན་ཏེ། ཀླུ་སྒྲུབ་ཀྱི་རྩ་བའི་བླ་མ་དེ་ཁོ་ན་ཡིན་ལ། འགའ་ཞིག་ཏུ་ལྷའི་བུ་ཞེས་གསུངས་པ་ཡང་དེ་ནི་འཇའ་ཚོན་གྱིས་མཚོན་པའི་སྐུར་བཞུགས་པ་འོག་མིན་གྱི་ལྷ་རྣམས་དང་མཚུངས་པ་ལ་དགོངས་སོ། །ས་ར་ཧས་སམ། དེ་དང་རི་ཁྲོད་དབང་ཕྱུག་གཉིས་ཀས་རྗེས་སུ་བཟུང་བ་ནི་ལཱུ་ཡི་པ་སྟེ། ཨུ་རྒྱན་གྱི་ཡུལ་དུ་ཡབ་ཡིག་མཁན་ཟླ་བ་རོལ་པའི་དཔལ་ཞེས་བྱ་བའི་སྲས་སུ་འཁྲུངས་ཀུན་ཏུ་དགེ་བར་མིང་བཏགས། ཆེར་སྐྱེས་པ་དང་ཡིག་རྩིས་དང་སྒྱུ་རྩལ་གྱི་གནས་ལ་སོགས་རིག་པ་དུ་མ་བསླབས། དེའི་ཚེ་ས་ར་ཧ་ཡབ་སྲས་དང་མཇལ་ནས་བསྙེན་བཀུར་དང་མཆོད་པས་མཉེས་པར་བྱས་ཏེ་རྗེས་སུ་གཟུང་བར་གསོལ་བ་བཏབ་པས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། མན་ངག་བསྟན། དེར་སྒྲུབ་པ་ལ་བརྩོན་པར་མཛད། ཨུ་རྒྱན་གྱི་ཡུལ་ཆོས་ཀྱི་ཚེས་བཅུ་རྣམ་གཉིས་ལ་དུར་ཁྲོད་དུ་མཆོད་པ་ལ་འགྲོ་བས། དེའི་རྗེས་ལ་ཕར་ཕྱིན། གཞན་ཚོ་གྱེས་ཚར་བ་དང་སྐྱེས་པ་དང་༼༧༥༽བུད་མེད་དུམ་གཅིག་སྐྱེ་བ་བདུན་པའི་རོ་གཅིག་མདུན་དུ་བཞག་སྟེ་སྒེག་ཅིང་རོལ་པའི་ཆ་བྱད་དུ་འདུག་པ་ལ་ཕྱག་དང་མཆོད་པ་བྱས། དེ་རྣམས་ཀྱིས་ཞལ་ནས་དམ་ཚིག་གི་རྫས་དེ་ཆོད་ལ་ངེད་རྣམས་ལ་དྲོངས། ཁ་ན་མ་ཐོ་བ་མེད་པ་ཉོན་མོངས་པ་དང་མ་འདྲེས་པའི་ཟས་ཡིན་པས་ཁྱོད་རང་ཁམ་གཅིག་ཟོ་གསུངས་ནས། ཚམ་ཚོམ་མེད་པར་ཟོས་པས། དེ་རྣམས་ཤིན་ཏུ་མཉེས་ནས། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་སོང་ནས། དེར་སློབ་དཔོན་བཅུག་དབང་བསྐུར། རང་བྱིན་གྱིས་བརླབས་པའི་ཉམས་མྱོང་གི་བདེ་བ་མཚོན་བྱེད་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས། དེ་ཉིད་བརྟན་ཞིང་བོགས་དབྱུང་པའི་ཕྱིར་གདམས་པ་དང་། རྗེས་སུ་བསྟན་པ་ཡང་མཛད་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མཚོན་བྱ་དོན་གྱི་ཡེ་ཤེས་མྱུར་དུ་རྟོགས་པའི་ཕྱིར་བསྐུལ་བའི་ཚིག རྐང་པ་བརྒྱད་པ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེའི་དོན་བསམས་པས་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པར་དགོངས་ནས་བྷངྒ་ལར་བྱོན། འཚོ་བ་གང་ལ་རྟེན་སྙམ་པ་དང་། བསོད་སྙོམས་ལ་སོགས་པ་ནི་རྣམ་པར་གཡེང་། ཤིང་ཐོག་ལ་སོགས་པ་ནི་དགུན་དཀོན། ཉ་པ་མང་པོས་ཉ་བསད་ནས་ལྟོའི་ཕུང་པོ་ཆེན་པོ་སྤུངས་ནས་དེ་ལ་བྱ་དང་ཁྱི་ཟ་ཞིང་འདུག་པས། བདག་མེད་ཅིང་རྩོལ་བ་ཆུང་བར་གཟིགས་ནས། དེའི་ཕྱོགས་གཅིག་ཏུ་བཞུགས། འཚོ་བ་ཉ་ལྟོ་ཡིས་མཛད་ཅིང་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་གསོལ་ཟས་ལས་མཚན་དུ་ཐོགས་པ་ལཱུ་ཡི་པ་ཞེས་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་དང་ཉེ་བ་ཨོ་ཌི་བི་ཤའི་ཡུལ་གྲོང་ཁྱེར་ཀུ་མཱ་ར་ཀྵེ་ཏྲ་གཞོན་ནུ་མའི་ཞིང་ཞེས་བྱ་བ་རྒྱལ་པོ་བི་མ་ལ་ཙནྡྲ་ཞེས་བྱ་བ་རྒྱལ་སྲིད་ཀྱི་འབྱོར་པ་བདུན་དང་ལྡན་པ་ཞིག་ཡོད་པ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེར་བྱོན་པ་དང་། རྒྱལ་པོ་དེ་སྐྱེད་མོས་ཚལ་དུ་མེ་ཏོག་ཀུ་མུ་ཏའི་དགའ་སྟོན་ལ་འབྱོན་པ་ལ། གྲོང་ཁྱེར་པ་རྣམས་ཀྱིས་ལམ་དང་སྲང་བར་ཐམས་ཅད་ཕྱག་བདར་བྱས། དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། སྐྱེད་ཚལ་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་བཤམས་པ་ལ་སློབ་དཔོན་སྨྱོན་པའི་ཆ་བྱད་ཀྱིས་བཞུགས་སོ། །དེའི་ཚེ་རྒྱལ་པོ་དཔུང་དང་བཅས་པ་བྱོན་པའི་སྔོན་དུ། མདུན་ན་འདོན་རྟ་པ་སུམ་ཅུ་རྩ་༼༧༦༽གཉིས་ཀྱིས་བཀྲ་ཤིས་ཀྱི་བུམ་པ་ཐོགས་ཏེ་འོངས་པ་དང་། སློབ་དཔོན་ཁྲི་ལ་མཐོང་བ་དང་། བཀྲ་མི་ཤིས་སྙམ་ནས་བསྐྲད་པར་བསམས་ཏེ་ཕར་སོང་ཞེས་སྨྲས་པས་ལན་མེད། དེ་རྣམས་ཀྱིས་ལག་པ་ནས་བཟུང་སྟེ་བརྡེག་པས་བསྒུལ་བར་མ་ནུས། མ་རངས་ཏེ་ཧ་ཧ་ཞེས་ཁྲེལ་བགད་བྱས་སོ། །སློབ་དཔོན་བཞེངས་ནས་སྡིག་མཛུབ་མཛད་དེ། མ་ལུས་པ་འདི་ཇི་ཙམ་ཡིན་དེ་འཇིག་རྟེན་གསུམ་པོ་ཇི་ཙམ་ཡིན། །དེ་ཆ་ཉིད་ཀྱི་གཅིག་ནི་མི་བདག་གཞན་ནི་དེ་ཡི་གཡོག་ཡིན་ན། །བློ་བཟང་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་བགད་བྱེད་པ་ནི། །ཨེ་མ་འཁོར་བ་ངོ་མཚར་ཆེ་བ་འདི་ལ་སྨྲ་མང་ཅི་ཞིག་དགོས། །ཞེས་དང་པོ་སྒྲུབ་པ་ལ་བཞུགས་ནས་དེའི་བར་ལ་ཕལ་པའི་ཚིག་དེ་ལས་མ་གསུངས། དེ་ནས་བྲམ་ཟེ་དེ་དག་སྐྱེངས་ནས་ནང་དུ་ལོག་སྟེ་རྒྱལ་པོ་ལ་བསྙད་པས་ཁྲོས་ཏེ། དེའི་སྟེང་དུ་དཔུང་གི་ཚོགས་ཐོངས་ལ་བརླག་པར་གྱིས་ཤིག དེ་བཞིན་བྱས་པ་དང་། སློབ་དཔོན་གྱིས་སྡང་མིག་གིས་བལྟས་ནས་ཧ་ཧ་ཧི་ཧི་ཞེས་བགད་པས་དཔུང་ཚོགས་ཐམས་ཅད་སྨྱོ་ནས་ཧ་ཧ་ཧི་ཧི་ཟེར་ཞིང་བྲོས་སོ། །དེར་རྒྱལ་པོ་སྐྲག་ནས་བཟོད་གསོལ་མ་བྱས་ན་རྒྱལ་ཁམས་ཕུང་སྟེ་འགྲོ་སྙམ་ནས། མྱུར་བར་སློབ་དཔོན་གྱི་རྩར་འོངས་ཏེ། གླང་པོ་ཆེན་པོ་ལས་བབས་ནས་མཎྜྻལ་ཕུལ་བཟོད་པར་གསོལ་བས་སྔར་གྱི་རྣམས་རྣལ་དུ་ཚུད་དོ། །དེ་ནས་རྒྱལ་པོས་ཁྱོད་སུ་ཡིན་ཞེས་བརྗོད་པས། སློབ་དཔོན་ན་རེ། ཁྱོད་སུ་ཡིན་ཟེར། རྒྱལ་པོ་ཡིན་བྱས་པས། ངའང་རྒྱལ་པོ་ཡིན་ཟེར། འོ་ན་ཁྱོད་ཀྱི་རྒྱལ་པོའི་ལོངས་སྤྱོད་རྣམས་ག་རེ་བྱས་པས། སློབ་དཔོན་གྱིས་ས་གཞི་མལ་སྟན་ཆེན་པོ་ཡིན་ཏེ་ལག་པའི་བློ་རྟེན་འབོལ་བ་ཁྲི། །ཟླ་བའི་འོད་ཟེར་སྒྲོན་མ་གསལ་ཞིང་བསིལ་གཡབ་རྗེས་སུ་མཐུན་པའི་རླུང་། །རྒྱ་ཆེ་ནམ་མཁའི་བླ་བྲེ་ཆགས་བྲལ་སྟོང་པའི་བུད་མེད་ལ་སྤྱོད་ཅིང་། །ཨེ་མ་རྒྱལ་ལྟར་སྲིད་ན་འཇིགས་མེད་བདེར་ཉལ་རྣལ་འབྱོར་ཆེན་པོ་ཡིན། །ཞེས་གསུངས་པས། རྒྱལ་པོ་དད་ནས་སློབ་དཔོན་གླང་པོ་ཆེ་ལ་བསྐྱོན་ཏེ་ཕོ་བྲང་དུ་སྤྱན་དྲངས། མཆོད་དེ་གདམ་ངག་ཞུས་པ་ན། ཁྱོད་ནི་རིགས་ཀྱིས་སྙེམས་པའི་གང་ཟག་ཡིན། སྣོད་དུ་མི་རུང་ངོ་གསུངས་པས། རྒྱལ་སྲིད་སྤོང་བར་ཁས་བླངས་ནས་ཞུས་པས། དེ་ཉིད་དུ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་སྤྲུལ་ཏེ་དབང་བཞི་རྫོགས་པར་བསྐུར། རང་བྱིན་གྱིས་བརླབས་པས་བདེ་བ་ཉམས་མྱོང་༼༧༧༽རྒྱུད་ལ་སྐྱེས། བློན་པོ་བྲམ་ཟེ་གཙང་སྦྲ་ལ་དགའ་ཞིང་རིགས་ལ་མཆོག་ཏུ་འཛིན་པ་ཡིན་པས་ང་རྣལ་འབྱོར་པ་ཤ་ཟ། ཆང་འཐུང་དེ་ལ་ཁྱོད་མོས་སམ། མོས་སོ་བྱས་པས། དེའང་རྗེས་སུ་བཟུང་། དེ་ནས་རྒྱལ་བློན་གཉིས་ལ་གདམ་ངག་འབོགས་པར་དགོངས་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་ལ་སེམས་གཏོད་དུ་བཅུག མཁྱེན་བཞིན་དུ་ཁྱེད་གཉིས་ད་ལྟ་སེམས་གང་ལ་འཕྲོ་ཞེས་དྲིས་པས། རྒྱལ་པོ་ན་རེ་སྨད་འཚོང་མ་ལའོ། །བློན་པོ་ན་རེ་ཌིང་གིའི་སྒྲ་ལའོ་ཟེར། དེ་ནས་སློབ་དཔོན་གྱིས་ཌིང་གིའི་སྒྲ་ལ་གཞི་བྱས་ཏེ་བསྟན་པ་ནི། ཌིང་གིའི་སྒྲ་དེ་ཚོགས་ནས་འདུག་གམ། ཐོ་བ་དང་སྐྱེས་བུའི་རྩོལ་བ་སོགས་གང་ལ་འདུག་རྟོག་ཤིག དེ་གཉིས་ཀྱིས་བརྟགས་པས་ཡ་གྱལ་གང་ལའང་མེད་ཚོགས་པ་ལས་འབྱུང་བར་ཤེས་ནས་གསོལ་པ། དེ་དཔེར་མཛད་དེ་ཕྱག་རྒྱ་ཆེན་པོ་དེ་རྟོགས་པར་བྱེད་པའི་ཐབས་བླ་མའི་གདམ་ངག་དང་། སློབ་མའི་མོས་གུས་དང་། རྩོལ་བ་རྐྱང་པ་རེ་ལས་མི་འབྱུང་ཞིང་། དེ་རྣམས་ཚོགས་པ་ལས་རྟོགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། ལམ་མངོན་པར་རྟོགས་པ་ལ་སློབས་ཤིག་ཅེས་བསྒོ། དེ་གཉིས་ཀྱིས་བསྒོམ་བྱ་མངོན་པར་རྟོགས་པ་གང་ལགས་ཞེས་ཞུས་པ་མངོན་རྟོགས་གཞུང་དུ་བཀོད། དེ་ནས་རྒྱལ་པོའི་རིགས་ཀྱི་ང་རྒྱལ་བཅག་པའི་ཆེད་དུ། ཁྱོད་ཀྱི་འབྱོར་པ་ཆ་གསུམ་དུ་བགོས་ལ་གཅིག་བྲམ་ཟེ་དང་དགེ་སྦྱོང་ལ་ཕུལ། གཅིག་ཕོངས་པ་ལ་སྦྱིན། གཅིག་རྒྱལ་སྲིད་འཛིན་པ་ལ་ཞོག་ལ། རང་གཅེར་བུར་ཕྱུང་ལུས་ལ་ཐལ་བས་བྱུགས། འདོམས་ལ་ཅར་རས་དཀྲིས་ལ། དབྱུག་པ་དང་སློང་ཕོར་ཐོགས། བཙུན་མོ་རྣམས་ཐོངས། འདི་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཨོ་ར་པུ་རི་ཁུར་བའི་གྲོང་ཁྱེར་ཞེས་བྱ་བ་ན་རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་ཆ་བྱད་འཛིན་པ་ཞིག་ཡོད། དེའི་དྲུང་དུ་སོང་ལ་ཉིན་མོ་ཞིང་ལས། ནང་ནུབ་རྐང་པ་འཁྲུད་པ་དང་བསྐུ་མཉེ། དེའི་རྩར་ཉལ་པོ་ལ་འོངས་པ་དག་དགུག་པའི་གཡོག་གྱིས། ནུབ་མོ་སྒྲུབ་པ་གྱིས། དེ་ལྟར་བྱས་ན་ལོ་བཅུ་གཉིས་ན་བུད་མེད་སྟོང་ཕྲག་བཅུ་བཞི་དང་བཅས་པ་གྲུབ་པ་ཐོབ་པར་འགྱུར་རོ། །དེ་ནས་དེ་ལ་དྷ་རི་ཀ་པ་ཞེས་གྲགས་སོ། །བློན་པོ་ལ་བྲམ་ཟེའི་རིགས་ཀྱི་ང་རྒྱལ་སྤང་བའི་ཆེད་དུ། གཞོན་ནུའི་གྲོང་ཁྱེར་དེ་ཉིད་ཀྱི་ཆང་འཚོང་མ་ཞིག་གི་དྲུང་དུ་བཏང་སྟེ། ཉིན་ཆུ་འཆུ་༼༧༨༽བ། ཆང་གིས་གཟི་བའི་སྐྱུགས་པ་དང་གོ་ལ་ཟོས་པའི་རྩིགས་མ་ཀུན་འཕྱག་པ་སོགས་གཡོག་གྱིས། ནུབ་སྒྲུབ་པ་གྱིས། དེ་ལྟར་བྱས་ན་ལོ་བཅུ་གཉིས་ན་གྲུབ་པ་ཐོབ་ནས་ཡུལ་ཁམས་དེ་སྨིན་པར་བྱས། མཐར་མི་ཕྱུགས་ཐམས་ཅད་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ་ཞེས་ལུང་བསྟན། སློབ་དཔོན་སྤྱོད་པ་ལ་གཤེགས། རྒྱལ་པོས་རྒྱལ་སྲིད་བོར་བཙུན་མོ་སྟོང་ཕྲག་བཅུ་གཉིས་ཀྱི་ནང་ནས་ཐོན་ཏེ་ཁུར་བའི་གྲོང་དུ་ཇི་ལྟར་བསྒོ་བ་ལྟར་བྱས་པའི་ལོ་བཅུ་གཉིས་ཀྱི་མཐར། ནུབ་ཅིག་ཉལ་པོ་ལ་འོངས་པའི་སྐྱེས་པ་ཞིག་ཕྱི་རོལ་དུ་ཕྱིན་ཙ་ན། སྒོ་དྲུང་གི་ཁོལ་པོའི་སྤྱིལ་པོ་ལ་མེ་འབར་བ་མཐོང་ནས་བལྟས་པས་གཏུམ་མོའི་འོད་དུ་འདུག་ནས། མི་དེ་ན་རེ་བདག་ཅག་གིས་མ་ལེགས་པ་བྱས་པ་བཟོད་པར་གསོལ་དགོས་ཞེས་སྨད་འཚོང་མ་ལ་བགྱིས་སོ། །དེར་དེ་གཉིས་ཀྱིས་ཕྱིན་ནས། ཁྱེད་དངོས་གྲུབ་ཐོབ་པ་ཞིག་སྟེ་བདག་ཅག་གི་ཉེས་པ་བཟོད་པར་བཞེས་ལ་རྗེས་སུ་བཟུང་དུ་གསོལ་ཅེས་བྱས་པས། ཚོགས་འཁོར་ཤོམས་ཤིག་ཟེར། ཌཱ་མ་རུ་དཀྲོལ་བས་བུད་མེད་སྟོང་ཕྲག་བཅུ་བཞི་འདུས། ནུབ་མོ་ཚོགས་འཁོར་བྱས། ཐོ་རངས་ཐམས་ཅད་གྲུབ་པ་ཐོབ་སྟེ་མཁའ་སྤྱོད་དུ་གཤེགས་སོ། །སྔར་གྱི་སྐྱེས་པ་དེ་གཅིག་པུ་ལུས་པ་ན། བདག་ཇི་ལྟར་བྱེད་ཞུས་པས། གྲོང་ཁྱེར་འདིའི་དབུས་ན་རྡོའི་གླང་པོ་ཆེ་ཞིག་ཡོད། དེ་ད་ལྟ་ཁ་ནུབ་ཏུ་བལྟས། ལོ་རེ་ལ་ཏིལ་རེའི་ཚད་ཙམ་ནུར་ནས་ཁ་ཤར་དུ་བལྟས་ཙ་ན་ཁུར་བའི་གྲོང་གི་མི་རྣམས་ཀྱང་དེར་སྐྱེས་ཏེ་ཁྱོད་དང་བཅས་པ་ཐམས་ཅད་ཀྱིས་མཁའ་སྤྱོད་ཐོབ། ད་ལྟ་ཁྱོད་ལ་སྐལ་བ་མེད་ཅེས་གསུང་ངོ་། །བློན་པོས་ཀྱང་སྔར་ཇི་ལྟར་གསུངས་པ་ལྟར་བྱས་པས། བཅུ་གཉིས་ཀྱི་མཐར་སྔར་བཞིན་གྱུར་པ་ལ་ཆང་འཚོང་མ་དེ་དང་གཞོན་ནུ་མའི་ཞིང་གི་མི་ཕྱུགས་ཐམས་ཅད་མཁའ་སྤྱོད་དུ་སོང་ནས་ཚར་གཅིག་ཡུལ་དེ་སྟོངས་པར་གྱུར་ཏེ། བློན་པོ་དེ་ལ་ཌིང་གི་པ་ཞེས་གྲགས་སོ། །དྷ་རི་ཀ་པས་རྡོ་རྗེ་དྲིལ་བུ་པ་བྱིན་གྱིས་བརླབས་ཏེ། དེ་ནི་རྒྱ་གར་ཤར་ཕྱོགས་པ་རནྡྲའི་རྒྱལ་པོའི་སྲས་སུ་འཁྲུངས་ཡབ་འདས་པ་དང་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་སྲིད་ལ་སྙིང་པོ་མེད་པ་གཟིགས་ནས་བྲོས་ཏེ་ནཱ་ལེནྡྲར་བྱོན། མཁན་པོ་རྒྱལ་བའི་ལྷ་ལ་རབ་ཏུ་བྱུང་། མཚན་བློ་གྲོས་སྙིང་པོའི་དཔལ་དུ་བཏགས། རིག་པའི་གནས་ལ་སྦྱངས་པ་ཕྱི་ནང་གི་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན། དེའི་ཚེ་མུ་སྟེགས་རལ་པ་ཅན་ཞིག་རྒྱལ་པོ་ལ་དཔང་པོ་བཅོལ་ནས་༼༧༩༽བསྟན་པ་དཔང་དུ་བཙུགས་ནས་རྩོད་པ་བྱེད་དུ་བྱུང་བ་པཎྜྻི་ཏ་གཞན་གྱིས་མ་ནུས་ནས། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཅུག་པས། སློབ་དཔོན་དགྲ་ལས་རྒྱལ་ཞེས་གྲགས་སོ། །དེའི་ཚེ་རྒྱལ་པོས་བླ་མར་བཟུང་ནས་སྡེ་སྣོད་གསུམ་ལ་འཆད་ཉན་མཛད་པའི་སྐབས། དྷ་རི་ཀ་པ་དང་མཇལ་གུས་པས་བཏུད་དེ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། དེས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་ནས་དབེན་པར་སོང་ལ་སྒྲུབ་ཤིག་ཅེས་ལུང་བསྟན། དེར་བྷངྒ་ལའི་ནགས་གསེབ་དབེན་པ་གཅིག་ཏུ་བཞུགས། རེ་ཞིག་ན་ཁྱོད་ཨུ་རྒྱན་དུ་སོང་ཞིག ཕག་རྫི་མོ་ཞིག་གིས་རྗེས་སུ་འཛིན་པ་འགྱུར་རོ་ཞེས་ནམ་མཁའ་ལས་སྒྲ་བྱུང་། དེར་ཕྱིན་ནས་ཕག་རྫི་མོ་མཐོང་ཚད་ལ་ཕྱག་ཕུལ་གསོལ་བ་བཏབ་པས་ལན་ཅི་ཡང་མ་བྱུང་བས་ཐུགས་ཆད་ལ་ཁད་ན། ཕག་རྫི་རྒན་མོ་མདོག་མི་སྡུག་པ་གོས་སྲུལ་པ། རེས་བགད་རེས་ངུ་བ་ཞིག་བྱུང་བ་ལ་ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཚན་དྲིས་པས། སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་ཟེར། དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་སྤྱི་བོར་བླངས་ནས་རྗེས་སུ་འཛིན་པར་ཞུས་པས། དེས་གཟུགས་དངོས་བསྟན་ནས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། རིམ་པ་ལྔ་ལ་སོགས་པའི་གདམ་ངག་བཏབ་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་གསུངས་ལུང་བསྟན། དེ་ནས་དེར་བྱོན་ལྷོ་ཕྱོགས་ཨོ་ཌི་བི་ཤ་ཞེས་བྱ་བའི་ཡུལ་གྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཀྱིན་བཞུགས་སོ། །སྐབས་ཤིག་ཡུལ་དེའི་རྒྱལ་པོ་སོས་ཀ་སྐྱོ་བ་བསང་ཞིང་འཕོང་རྩེ་བའི་དོན་དུ་རྔོན་པ་ལ་འོངས་པས་སློབ་དཔོན་མཐོང་སྟེ། དགེ་སློང་དེ་གཟུགས་ཤིན་ཏུ་རིད་པ། ལུས་ཉི་ལྷགས་ཀྱིས་གཟིར་ཞིང་འཚོ་བར་བྱེད་པའི་དངོས་པོ་གང་ཡང་མེད་པར་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ངས་ཟས་བྱིན་གྱི་གྲོང་དུ་འདོང་ངོ་། །དེའི་ཚེ་སློབ་དཔོན་རིམ་པ་ལྔ་ལ་བློ་སྦྱོང་བའི་རིམ་པ་གསུམ་པ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པའི་སྐབས་སུ་བབ། མངོན་པར་ཤེས་པས་གཟིགས་པས། ཕྱག་རྒྱས་འགྲུབ་པར་གཟིགས་ནས། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །དེ་ནི་རྩྭ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་བས་འཁྱིག་མིན་པ། །རྒྱུན་མི་ཆད་པར་ཆང་འཛག་པ་ཡི་༼༨༠༽འགྲམ་ལྷང་ནག་པོར་གྱུར་པ་ཡིས། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་གསུངས་པ་དང་། རྒྱལ་པོ་ཁྲོས་ནས་འདི་གྲོང་དུ་སྨ་ཕབ་པར་བྱའོ་སྙམ་གྲོང་དུ་སླེབས་ནས། ནགས་གསེབ་ཀྱི་བཙུན་པ་འདི་གྲོང་ཁྱེར་དུ་སུས་སྨ་འབེབས་པར་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་ཆང་འཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པའི་མ་ན་རེ། ངས་གྲོང་དུ་སྨ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དགོས་པའི་ཡོ་བྱད་ནི་རྒྱལ་པོས་བསྲིངས། སྨད་འཚོང་མ་དེས་སློབ་དཔོན་ལ་བསྙེན་བཀུར་ལན་མང་དུ་བྱས་ཏེ། སྐབས་ཤིག་རང་གི་བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱས་པར་ཞུས་པས། དགོས་པ་ལྡན་པར་གཟིགས་ནས་གནང་སྟེ། དེ་དབང་གིས་སྨིན་པར་བྱ་བ་ནས་བརྩམས་ཏེ་རྒྱུད་དག་པ་བསྒྲུབས་ནས་ཕྱག་རྒྱར་བསྟེན་ཏེ་རིམ་པ་ལྔ་པ་མཐར་ཕྱིན་གྱི་བར་དུ་བསྒྲུབས་སོ། །དེ་ནས་བརཏལ་ཞུགས་ཀྱི་སྤྱོད་པས་ཨོ་ཌི་བི་ཤའི་གྲོང་ཁྱེར་པ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སྤྲུལ་པའི་བུ་དང་བུ་མོ་གཉིས་ཤིག་ཀྱང་སྤྲུལ་ལོ། །དེ་ནས་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ་དུས་སྟོན་གྱི་ཚེ། རྒྱལ་པོ་དགུང་དུ་བཞུགས་པའི་ཁྲོམ་གྱི་དབུས་སུ་བྱོན། བུ་ནི་གཡས་ན། བུ་མོ་ནི་གཡོན་ན། སློབ་དཔོན་ནི་རྭའི་ཤོར་ཞལ་ཞལ་དུ་བཅུག ཇོ་མོས་ཆང་འདྲེན་པ་ཀུན་གྱིས་མཐོང་བར་གྱུར་པ་དང་། རྒྱལ་པོས་གཙོས་པ་ཐམས་ཅད་ཀྱིས་སྔར་གྱི་གླུ་དེ་བླངས་ནས། རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོང་ལ། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་འོང་བ་ཞེས་ཁྲེལ་བགད་བཏབ་པ་དང་། སློབ་དཔོན་གྱིས་ནུས་པ་བསྟན་པའི་དུས་ཡིན་པར་དགོངས་ཏེ། རྭའི་ཤོར་ཞལ་དེ་ས་ལ་བརྡབས་པས་ས་འོག་རིམ་པ་བདུན་ཕུག་ནས་འོག་ནས་ཆང་གི་མཚོ་ཆེན་པོ་རྡོལ། སློབ་དཔོན་ཉིད་ཧེ་རུ་ཀ བཙུན་མོ་ནི་རྡོ་རྗེ་ཕག་མོ། སྤྲུལ་པའི་སྲས་གཉིས་རྡོ་རྗེ་དང་དྲིལ་བུར་བྱས་ཏེ་ནམ་མཁའ་ལ་གཤེགས་སོ། །དེའི་ཚེ་ཆང་གི་མཚོས་ཁེངས་ཏེ་ཐམས་ཅད་དེར་དིམ་དུ་ཉེ་ནས་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་བས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས། ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་ར་ཡ་ཞེས་གསོལ་བ་༼༨༡༽བཏབ་པས་མཚོ་དེའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བྱུང་། དེ་ལ་ཆང་ཐམས་ཅད་བསྐོར་བ་ལན་བདུན་བྱས་ནས་འོག་ཏུ་སོང་སྟེ་གནོད་པ་མེད། ཐུགས་རྗེ་ཆེན་པོ་རང་བྱུང་དེའང་ད་ལྟའི་བར་དུ་བཞུགས། དུས་དེའི་ཚེ་ཕྱོགས་དེ་ལ་ཆང་གི་དྲི་ཆེན་པོ་འབྱུང་བ་ཡིན་ཞེས་གྲགས་སོ། །དེས་བདེ་མཆོག་གི་ཕྱི་དང་ལུས་དཀྱིལ་རིམ་པ་ལྔ་པ་བདག་བྱིན་གྱིས་བརླབ་པ་སོགས་མཛད་དོ། །བདེ་མཆོག་ལོ་དྲིལ་བའི་བོད་ཀྱི་མཁན་པོ་རྣམས། དེའི་སློབ་མ་རུས་སྦལ་ཞབས། དེའི་སློབ་མ་ཛ་ལནྡྷ་རི་པ། དེའི་སློབ་མ་ནག་པོ་སྤྱོད་པ་དང་། རང་བྱིན་བརླབས་ཀྱི་བརྒྱུད་པ་ལ། དེའི་སློབ་མ་ཨ་ཝ་དྷཱུ་ཏི་པ། དེའི་སློབ་མ་ནག་པོ་སྤྱོད་པ་ཆོས་ཀྱི་རྡོ་རྗེ་ཞེས་འདྲེན། རྗེ་བཙུན་མར་པའི་ཞལ་སྔ་ནས་དེ་ཉིད་ཀྱི་སློབ་མ་ཙཱརྻ་པ་སྟེ། ནག་པོ་སྤྱོད་པ་ཡིན་པར་བཞེད། འགལ་བ་མེད་དོ། །དེའི་ལོ་རྒྱུས་ནི། ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་ཨོ་རུ་བི་ཤའི་ཡུལ་དུ་རྗེ་རིགས་སུ་འཁྲུངས། ཀུ་སུ་ལུའི་བླ་མ་ཞིག་དང་མཇལ་ཏེ་དགྱེས་རྡོར་ཞུས། སྐབས་ཤིག་སློབ་དཔོན་ཛ་ལནྡྷ་རི་པ་མཇལ་ཏེ། བདེ་མཆོག་འཁོར་ལོའི་དབང་རྒྱུད་མན་ངག་གསན་སྒྲུབ་པ་མཛད། ལྟ་སྟངས་བཞི་གྲུབ་པ་ཙམ་གྱིས་ནུས་པ་སྐྱེས་སློབ་མ་བསྐྱངས། རྡོ་རྗེ་དྲིལ་བུ་པ་དང་མཇལ། དེའི་ཚེ་བླ་མ་ཛ་ལནྡྷ་རི་པས་ཨུ་རྒྱན་དུ་རྒྱན་བྱིན་གྱིས་བརླབས་པ་ཞུ་བ་ལ་བརྫངས་ཏེ། ཁྱོད་རྣལ་འབྱོར་མ་གཞན་གྱི་ཆ་བྱད་ལ་མ་ལྟ་བར། ནངས་ཀྱི་གྲལ་གཞུག་ན་བཞིན་མི་སྡུག་པ། ན་བཟའ་སྲུལ་བ། ཞྭ་སྲུལ་པོ་གྱོན་པ། སོ་མི་ལེགས་པ་ཡས་སོས་མ་མཆུ་མནན་པ་ཞིག་འོང་གི དེ་ལ་ཕྱག་ཚོལ་མེ་ཏོག་ཕུལ་ལ། སློབ་དཔོན་ཛ་ལནྡྷ་རི་པས་རྒྱན་འདི་བྱིན་གྱིས་རློབ་ཏུ་བཏང་བ་ཡིན་ཞུས་ཤིག་གསུངས་ནས་ཕྱིན་པས། དེ་ཁོ་ན་བཞིན་དུ་བྱུང་ནས་ཕྱག་དང་མེ་ཏོག་ཕུལ་ཞུ་བ་བྱས་པས་འཛུམ་བསྟན་ནས་རྒྱན་ལ་བྱིན་རླབས་མཛད་དེ། འདི་སློབ་དཔོན་ཛ་ལནྡྷ་རི་པ་དང་མ་མཇལ་བར་ཁ་མ་ཕྱེས་ཅིག་གསུངས་ནས་གཏད་དོ། །དེ་ཁུར་ནས་འོངས་པའི་ལམ་དུ་སེམས་ཙག་ཙག་བྱེད་ནས་རྒྱན་ཁ་འབྱེད་འདོད་དེ། ཕྱེ་ནས་ལུས་ལ་བཏགས་པས་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འགྲོ་བ་དང་། མངོན་ཤེས་ཅི་རིགས་པ་ཤར་བས་རྒྱན་སྦེད་པའི་རྒྱུ་མཚན་དེར་འདུག་སྙམ་སྟེ། སླར་སྦས་ཏེ་སློབ་༼༨༢༽དཔོན་ལ་ཕུལ་བས། དེས་རིག་ནས་ཅུང་མི་དགྱེས་སོ། །དེ་ནས་སྤྱོད་པ་ལ་འགྲོ་བར་བཞེད་དེ། འཁོར་གྱི་ནང་དུ་ངེད་སྤྱོད་པ་ལ་འགྲོ་བས་སྤྲོ་བ་རྣམས་ལྟ་གོན་གྱིས་ཤིག་ཅེས་བསྒྲགས་ཏེ། སློབ་དཔོན་ལ་ཞུར་ཕྱིན་པས། སློབ་དཔོན་གྱིས་སྤྱོད་པ་བྱེད་པ་ལ་དྲོད་ཐོབ་ཅིང་ཚར་གཅོད་རྗེས་འཛིན་གྱི་ནུས་པ་དགོས་པས་ཁྱོད་ཀྱི་ནུས་པ་སྟོན་དང་གསུང་། དེར་སྟག་རེངས་པ་དང་། ཀྲིཥྞ་ས་ར་དགུག་པ་དང་། མ་ཧེ་རྒོད་ལ་དབང་དང་། ཤིང་ཐོག་ས་ལ་ལྟུང་བའི་ལྟ་སྟངས་མཛད་པས་གྲུབ་བོ། །ད་ཁྲོལ་གསུངས་པ་དང་དགྲོལ་མ་ནུས། སྤྱོད་པ་བྱེད་པ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མཉམ་པ་ཚར་གཅོད་རྗེས་འཛིན་གཉིས་ཀ་ནུས་པ་དགོས་པ་ཡིན་པས་རྗེས་འཛིན་མི་ནུས་པ་འདུག་པས་སྤྱོད་པ་ལ་མ་འགྲོ་གསུང་། སློབ་དཔོན་གྱིས་དེ་དག་བཀྲོལ་ཏེ་བཏང་ངོ་། །བདག་གིས་འཁོར་གྱི་ནང་དུ་འགྲོ་བར་བསྒྲགས་ཟིན་པས་གཤོལ་ན་ངོ་ཚ། བླ་མའི་རྒྱན་གནང་ན་ནུས་པས་ཅིས་ཀྱང་འགྲོ་བ་ཞུ། རྒྱན་ཡང་གནང་དགོས་ཞུས་པས་རྒྱན་གནང་། ཅིས་ཀྱང་འགྲོ་ན་ཤར་དེ་ཝི་ཀོ་ཊར་མ་འགྲོ་ཞིག དེའི་རྣལ་འབྱོར་མ་རྣམས་མི་བསྲུན་པས་བར་དུ་གཅོད་པར་འགྱུར་རོ་གསུང་། དེ་འཁོར་རྣལ་འབྱོར་པ་བདུན་ཅུ་རྩ་གཉིས་ཀྱིས་ནི་བསྐོར། ཞབས་ཁྲུ་གང་ཙམ་གྱི་ས་ལ་མ་རེག་པར་ནི་གཤེགས། གདུགས་བདུན་འཛིན་པ་མེད་པར་ནམ་མཁའ་ལ་འགྲོ། ཌཱ་མ་རུ་བདུན་འཁྲོལ་མཁན་མེད་པར་སྒྲ་གྲགས་བཞིན་རྒྱུ་བས། ཛ་ལནྡྷ་ར་ནས་ཡུལ་སྡེ་ཆེན་པོ་བཅུ་གསུམ་བརྒལ་ཏེ་ཤར་ཕྱོགས་བྷངྒ་ལར་འགྲོ་བར་བཞེད་དོ། །གངྒཱའི་འགྲམ་དུ་སླེབ་པ་དང་མཛེ་མོ་ཞིག་ཆུ་ལ་སྒྲོལ་ལ་གྲོང་ཕ་གིའི་འདབས་སུ་སྐྱོལ་ཟེར་བ་ལ། འདིའི་རྣག་ཁྲག་འཛག་པས་རྒྱན་ཆུད་འཛའ། འགོས་ན་ཚེ་གཅིག་སངས་རྒྱས་སྒྲུབ་པའི་བར་ཆད་དུ་འགྱུར་སྙམ་ནས་མ་ཁུར་རོ། །དེར་སློབ་མ་གཞན་རྣམས་ཀྱིས་ཀྱང་མ་བསྒྲལ། སློབ་དཔོན་གྱིས་ཆུ་ལ་ན་བཟའ་བཏིང་ནས་བཞུད་པས་མ་བྱིང་པས་ང་རྒྱལ་སྐྱེས་ཏེ། བླ་མ་ལའང་འདི་ཙམ་ལས་མེད་སྙམ་པ་དང་ཆུར་བྱིང་བ་དང་བླ་མ་ལ་མོས་གུས་བྱས་པས་འཐོན་ནོ། །དེར་འཁོར་གྱི་གསེབ་ནས་དགེ་ཚུལ་ཚེམ་བུ་པ་ཞེས་བྱ་བས་སྟོད་གཡོགས་ཀྱི་གསེབ་ཏུ་མཛེ་མོ་ཁུར་ཏེ་ཕྱིན་པས་གངྒཱའི་དབུས་སུ་སླེབས་པ་དང་། མཛེ་མོ་རྡོ་རྗེ་ཕག་༼༨༣༽མོར་བྱས། དགེ་ཚུལ་ཧེ་རུ་ཀར་བྱས་ནས། ཁྱོད་ཀྱིས་སྤྱོད་པ་མི་ནུས་པར་འདུག་གིས་མ་བྱེད། ཅིས་ཀྱང་འགྲོ་ན་དེ་ཝི་ཀོ་ཊར་མ་འགྲོ་གསུངས་ནས་དེ་མཁའ་སྤྱོད་དུ་སོང་ངོ་། །དེ་ནས་ཕར་ཕྱིན་པས་རྨོན་པ་ཞིག་དང་ཕྲད་པས་དེས་ཆང་ས་འོག་ཏུ་བཅུག་འདུག་པ་བླངས་པས་མ་སྟེར་ཏེ། མ་ཚད་ཀྱི་རྡོ་བ་ཞིག་ལ་ཆུ་བག་ཙམ་འདུག་པ་ནས་འཐུང་ཟེར། དེས་མི་ངོམས་བྱས་པས། འཐུང་ནུས་པར་གྱིས་ངོམས་པར་བྱ་ཡི་ཟེར། དེ་འཐུངས་པས་མ་ཟད། དེར་རྨོན་པའི་གླང་ལ་སྡིགས་མཛུབ་བྱས་པས་གླང་ཤི་ནས། ཁྱོད་སངས་རྒྱས་པའི་རྣལ་འབྱོར་པར་འདུག་པས་ད་གསོས་ཟེར་བས་མ་ནུས་སོ། །དེར་རྨོན་པ་རང་གིས་བསླངས་ནས་ཞིང་རྨོ་ཞིང་འདུག་གོ །དེ་ནས་ཕར་བྱོན་པས་སྐྱེད་མོས་ཚལ་ཞིག་ན་ཤིང་ཐོག་ཛམྦི་ར་བྱ་བ་ཆུ་སྐྱུར་པོ་འབྱུང་བ་ཞིག་བུ་མོས་སྲུང་ཞིང་འདུག་པ་བསླངས་པས། ཁྱོད་རྣལ་འབྱོར་པར་འདུག་པས་ནུས་པ་མེད་དམ་ཕོབ་ལ་ཟོ་ཟེར། དེར་ལྟ་སྟངས་བྱས་པས་ཤིང་ཐོག་བྲུལ། བུ་མོས་མིག་བཏེགས་བྱས་པ་ཙམ་གྱིས་སླར་འབྱོར་ཞིང་སོང་། ཡང་ཕར་ཕྱིན་པས་ལྷ་ཁང་ཞིག་ན་མི་ཞིག་བརྒྱད་སྟོང་པ་ཀློག་ཅིང་འདུག་པ་ལ། ཁྱོད་པཎྜྻི་ཏའམ། རྣལ་འབྱོར་པའམ། དགེ་བསྙེན་ནམ་ཅི་དྲིས་པས། རྣལ་འབྱོར་པའོ། །རྣལ་འབྱོར་བྱ་བ་ཀློག་བྱེད་དམ། འོ་ན་ཁྱོད་ཀྱིས་ཀློག་དང་ཟེར་བ་ལ། སློབ་དཔོན་གྱིས་ཀློག་པས་མ་ཤེས་སོ། །དེ་ནས་སློབ་དཔོན་དཔོན་སློབ་བྷངྒ་ལར་བྱོན་ཏེ། དེའི་རྒྱལ་པོ་རོལ་པའི་ཟླ་བ་དང་། བློན་པོ་དགེ་བའི་མགོན་པོའི་གྲོང་དུ་ཉེ་བར་ཕེབས། རྒྱལ་པོ་ཕྱི་རོལ་པ་ཡིན། བློན་པོ་སངས་རྒྱས་པ་ཡིན་པས། བློན་པོས་བསུ་བ་དང་བསྙེན་བཀུར་བྱས་ཏེ། བདག་གི་ལྷ་ཁང་ན་ཐུགས་རྗེ་ཆེན་པོ་དབང་ཕྱུག་གི་གཟུགས་སུ་བྱས་པ་ཞིག་བཟོས་ཡོད་པའི་རབ་གནས་ཞུ་བྱས་པས། དེ་རིང་ཉིད་དུ་བྱའོ་གསུང་། ཡོ་བྱད་ཅི་དགོས་ཟེར་བས་ཅིའང་མི་དགོས། མེ་ཏོག་ཅིག་སྐུའི་སྤྱི་བོར་བཞག་ནས་སུ་པྲ་ཏིཥྛ་ཞེས་བརྗོད་དེ་རབ་གནས་ཟིན་ནོ་གསུང་། དེ་ལ་ཡིད་མ་ཆེས་པས། སློབ་དཔོན་གྱིས་མེ་ཏོག་ཕོག་སྟེ་གཤེགས་པས་སྐུ་དེའང་ཕྱི་ལ་འབྲངས་སོ། །བློན་པོ་ཡིད་ཆེས་ནས་གསོལ་བ་བཏབ་པས། ཡང་མེ་ཏོག་སྤྱི་བོར་བཞག་ནས་སུ་པྲ་ཏིཥྛ་ཞེས་བརྗོད་པས་མི་མང་པོས་སྤྱན་དྲངས་ཀྱང་མ་ཐེག་ནས། དེ་ཉིད་དུ་ལྷ་ཁང་བརྩིགས་སོ། །བློན་པོ་དེ་ལ་བདེ་མཆོག་གི་དབང་བསྐུར་སྒྲུབ་ཐབས་སྦྱིན། དེས་གསངས་ནས་བདེ་མཆོག་གི་རས་བྲིས་བཞེངས་ཀྱང་། རྒྱལ་པོས་བློན་པོ་གཞན་ལ་ཐོས་ནས་༼༨༤༽བདེན་སྙམ་མེད། དེའི་ཚེ་བློན་པོ་རང་གི་གྲོགས་པོ་ཞིག་གིས་བྲིས་སྐུ་གཞན་དུ་མ་བསྐྱལ་ན་རྒྱལ་པོས་ཚོར་ནས་ཆད་པ་འོང་ངོ་ཟེར། བདེན་སྙམ་སྟེ། བྲིས་སྐུ་ན་བཟའ་མང་པོ་དང་བཅས་ཏེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སྒོ་ནས་ཁུར་བས། སྒོ་བ་ན་རེ་འདི་ཙམ་གྱི་རྒྱ་འདེབས་པ་ཅི་ཡོད་ཟེར་ཁ་ཕྱེ་བས་བྲིས་སྐུ་བྱུང་། དེས་རྒྱལ་པོའི་དྲུང་དུ་ཁྱེར་ཏེ་བསྟན་པས། བློན་པོ་གཞན་རྣམས་ན་རེ། རྒྱལ་པོའི་ལྷ་ཡིས་གདན་བྱས་པའི་ལྷ་འབྲི་བ་འདི་སྲོག་དང་ནོར་གཉིས་ཀ་ལས་ཕྲལ་བར་རིགས་སོ་ཞེས་ཟེར་བ་དང་། རྒྱལ་པོ་ན་རེ། དེ་ནི་མ་ཡིན་ཏེ་བྱ་བ་བརྟག་གིན་བྱེད་དགོས་པས་བརྟག་གོ །བློན་པོ་བཀུག་སྟེ། འདི་ཁྱོད་ཀྱིས་དྲན་པ་ཡིན་ན་ཁྱོད་གསོད། ཁྱོད་ཀྱི་སློབ་དཔོན་གྱིས་དྲན་པ་ཡིན་ན་སློབ་དཔོན་གསོད་པ་ཡིན་བྱས་པས། བློན་པོ་ན་རེ། ངེད་དང་སློབ་དཔོན་གྱིས་དྲན་པ་མིན། སངས་རྒྱས་པའི་རྒྱུད་ནས་བཤད་པ་ཡིན་བྱས་པས། དེ་བདེན་ན་འདིས་གདན་བྱས་པའི་འཇིགས་བྱེད་དང་དུས་མཚན་བྲིས། ཁྱོད་ཀྱི་འདི་དང་གཉིས་ངེད་ཀྱི་ལྷ་ཁང་དུ་གཤིབས། ཞལ་གཡོགས་ནས་ཞག་བདུན་དུ་མཆོད་པ་བྱས་ལ་ཞལ་ཕྱེ་ནས་ཇི་ལྟར་འདུག་པའི་ནུས་པ་འགྲན་ནོ་ཞེས་ཟེར། དེ་བཞིན་དུ་བྱེད་པར་བྱས་ནས་བློན་པོས་སློབ་དཔོན་ལ་བསྙད་པས། སློབ་དཔོན་ན་རེ། བཅོམ་ལྡན་འདས་དབང་ཕྱུག་གིས་རྫི་བར་ག་ལ་ནུས་གསུངས་ནས་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་བསྐོར། དེའི་ཚེ་མི་སྔོན་པོ་ཐོད་རློན་ཐོགས་པ་ཞིག་བྱུང་ནས་ཚོགས་དཔོན་ངས་བྱ་ཟེར་བ་ལ། ང་ཉིད་ཀྱིས་ཚོགས་དཔོན་བྱེད་དོ་ཞེས་གསུངས་པའི་མོད་ལ། དེ་ཧེ་རུ་ཀར་གྱུར་ནས་འདི་སྐད་དུ། མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཞིང་རྨོད་དེ་ཡང་ཞིང་རྨོད་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །མཛེས་མ་དེ་ཡང་བུ་མོ་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །ཀློག་མཁན་དེ་ཡང་ཀློག་མཁན་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །ཐོད་པ་ཅན་ཡང་ཐོད་པ་ཅན་མིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །ཚེ་འདིར་མཆོག་མིན་གཞན་དུ་གཞུང་དྲུག་རྩོམས་ཤིག་བར་དོར་སངས་རྒྱས་འགྲུབ། །ཅེས་གསུངས། དེར་སློབ་དཔོན་གྱིས། ཁྱོད་ཀྱི་ཞབས་ཀྱིས་མཉམ་པར་མནན་ན་འོག་གི་ཀླུ་ཡང་འཇིགས་འགྱུར་ཤེས་ཏེ་ཞབས་གཡོན་བསྐུམ་པར་༼༨༥༽གནས། །ཁྱོད་ཀྱི་ཕྱག་རྣམས་དྲང་པོར་བསྲང་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཤེས་ཏེ་ཕྱག་རྣམས་བསྐུམ་པར་གནས། །གཙུག་ཏོར་དྲང་པོར་བསྲང་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཤེས་ཏེ་དབུ་ནི་ཅུང་ཟད་ཡོ་བར་གནས། །རྗེ་བཙུན་ཁྱོད་ཀྱི་སྐུ་ནི་གར་དགོས་པ་དང་ལྡན་པས་བདག་ནི་ཁྱོད་ལ་ཤིན་ཏུ་གུས་པས་བསྟོད། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་འོད་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་བསྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་གསུངས་པས། ཧེ་རུ་ཀ་ཧ་ཧ་ཧི་ཧི་ཧོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཞག་བདུན་ཐེམས་ཏེ་བྲིས་སྐུ་བལྟས་པས། བཅོམ་ལྡན་འདས་ནི་འོད་དང་ལྡན་ལ། བྲིས་སྐུ་གཅིག་པུའང་གོ་ཟློག་ནས་འཇིགས་བྱེད་དུས་མཚན་མནན་པའི་ཧེ་རུ་ཀར་གྱུར་པས། རྒྱལ་པོ་འཁོར་བཅས་ཤིན་ཏུ་དད་པར་གྱུར་ཏེ། སློབ་དཔོན་རྒྱལ་པོས་ཕོ་བྲང་དུ་སྤྱན་དྲངས། དེར་སློབ་དཔོན་གྱིས་རྒྱལ་བློན་གྱིས་ཞུས་པའི་དོན་དང་། ལུང་བསྟན་པའི་ཕྱིར་ནག་པོ་པའི་གཞུང་དྲུག་ཏུ་གྲགས་པ་མཛད། རྒྱལ་པོ་ལའང་བདེ་མཆོག་གི་དབང་དང་། རྒྱུད་དང་། མན་ངག་ཐམས་ཅད་བྱིན་པས་ཡུལ་དེ་སངས་རྒྱས་པར་བསྒྱུར་རོ། །དེ་ནས་སློབ་དཔོན་དེ་ཝི་ཀོ་ཊར་བྱོན་པ་དང་། བུ་མོ་གཅིག་འབྲས་རྡུང་བ་ལ་བསླངས་པས་མ་སྟེར་ནས། སློབ་དཔོན་གྱིས་འབྲས་ཀྱི་ཚོམས་ལ་ལྟ་སྟངས་བྱས་པས་བཀས་པ་ན། མོས་ཀྱང་སློབ་དཔོན་ལ་ལྟ་སྟངས་བྱས་པས་ཞལ་ནས་ཁྲག་བྱུང་བ་དེ་དེར་མིད། བཞུགས་སར་སླེབ་པ་དང་བསྙུང་ནས། བླ་མའི་བཀའ་བཅག་པའི་ཉེས་པ་བྱུང་བས་ཡུལ་ཉི་ཤུ་རྩ་བཞིར་ཚོགས་འཁོར་བྱེད་དུ་སོང་ལ། དེ་ནས་མེ་ཏོག་དང་སྨན་ལོང་ལ་ཤོག་གསུངས་འཁོར་རྣམས་བཏང་བས། དེ་དག་གིས་ཀྱང་དེ་བཞིན་བྱས་ཏེ་འཁོར་བའི་ལམ་དུ་ཁྲུས་ཀྱི་རྫིང་བུ་ཞིག་ན་བུད་མེད་མང་པོ་ཁྲུས་བྱེད་པ་རྣམས་ན་རེ། ཁྲུས་མི་བྱེད་དམ་ཟེར། ལོང་མེད་སློབ་དཔོན་བསྙུང་བས་མྱུར་བར་འགྲོའོ་བྱས་པས། དེ་རྣམས་ན་རེ། བསྙུང་བ་དྭངས་སོ། །དེར་ཁོང་རྣམས་ཀྱིས་ཁྲུས་བྱས་པ་དང་། སྨན་རྣམས་བུད་མེད་དེ་རྣམས་ཀྱིས་ཁྱེར་ནས་ནམ་མཁའ་ལ་སོང་ངོ་། །དེར་ཕྱིན་པ་༼༨༦༽དང་སློབ་དཔོན་བསྙུང་བ་མ་དྲག་པས་མཁའ་འགྲོ་མའི་བར་ཆད་དུ་ཤེས་སོ། །དེར་སློབ་དཔོན་གྱི་ཞལ་ནས་ད་རེས་མཁའ་འགྲོའི་བར་ཆད་བྱུང་བས་ལུས་འདི་བོར་ཏེ་བར་དོར་སངས་རྒྱས་ཐོབ་པར་བྱའོ་ཞེས་གསུངས་ནས་གྲོངས་སོ། །དེར་བར་ཆད་བྱེད་པའི་མཁའ་འགྲོ་མ་དེ་རྣམས་སློབ་མ་གུ་་པ་ཞེས་བྱ་བས་བཏུལ་ལོ། །ནག་པོ་སྤྱོད་པ་རང་གི་སློབ་མ་རྣམ་རྒྱལ་ཞབས་དེ་དྷ་རི་ཀ་པའི་ཡང་སློབ་མ། གུ་་པ་ལའང་གཏུགས་ཟེར། དེའི་སློབ་མ་ཏིལླི་པའོ་བདེ་མཆོག་མཁན་པོ་བྱིན་ཟེར་རོ། །རྒྱལ་བའི་ལྷའི་མཁན་བུ་དཔལ་ལྡན་ཆོས་སྐྱོང་གི་ལོ་རྒྱུས་ནི། རྒྱལ་སྲིད་སྤངས་ནས་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཤྲཱི་དྷརྨ་པཱ་ལ་ཞེས་གསོལ། མཁན་པོ་ཉིད་དང་སློབ་དཔོན་དབྱིག་གཉེན་ལ་སོགས་པ་བསྟེན། ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ཐུགས་སུ་ཆུད། སེམས་ཙམ་གྱི་གྲུབ་པའི་མཐའ་སྨྲ་བའི་ཁྱུ་མཆོག་ཏུ་གྲགས་མཁན་པོ་ལས་འཁོར་ལོ་བདེ་མཆོག་གི་གདམ་ངག་ཐོབ། དབྱིག་གཉེན་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དགེ་འདུན་དང་བཅས་པ་གཏད་ནས་དེར་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་འཁོར་ལོ་སྡོམ་པའི་སྒྲུབ་པ་མཛད། ཡུན་རིང་པོ་སོང་ཡང་རྟགས་མ་བྱུང་ནས་མི་འཚམ་པ་དུ་མ་བྱུང་བས་ཐུགས་མུག་སྟེ། ད་ཕན་ཆོས་བརྩམ་པ་དང་། འཆད་པ་དང་། དགེ་འདུན་གྱི་བྱ་བ་ལས་ཡི་དམ་གྱི་སྒྲུབ་པ་མི་བྱེད་དོ། །ཞེས་དམ་བཅས་ནས་དཔྱིད་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ཀྱི་ནུབ་མོ་འཕྲེང་བ་ཕྱག་ཁང་དུ་བསྐྱུར་ནས་ཅི་བདེར་གནས་སོ། །དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་གྱི་བུད་མེད་སྔོན་མོའི་གཟུགས་སུ་བྱོན་ཏེ། རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་བུ་བྱེད་པ་མ་ལེགས་པས་འཕྲེང་བ་ལོང་དྲི་ཞིམ་པོའི་ཆུས་ཁྲུས། བཤགས་སྡོམ་ལེགས་པར་གྱིས་ལ་ཚུལ་བཞིན་དུ་སྒྲུབ་པ་གྱིས་ཤིག ཁྱོད་ཀྱིས་ལས་བསགས་པའི་ལྷ་ང་ཡིན་པས། ངས་བྱིན་གྱིས་བརླབས་ཀྱི། ཁྱོད་ཀྱིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་མནལ་སད་དེ་འགྱོད་པ་སྐྱེས་ནས་ཉི་ཤུ་གསུམ་གྱི་ཉིན་མོ་འཕྲེང་བ་བླངས་ལུང་བསྟན་པ་བཞིན་བྱས་པས། དེའི་ནུབ་མོ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་བྱོན་ཏེ། དབང་བཞི་རྫོགས་པར་བསྐུར་བས་ས་དང་པོ་མཐོང་ལམ་གྱི་ཡེ་ཤེས་སྐྱེས། ཉི་ཤུ་དགུའི་ནུབ་མོ་ས་༼༨༧༽དྲུག་གི་རྟོགས་པ་ཤར་རོ། །སྔར་མི་འཚམ་པ་བྱུང་ནས་ཐུགས་མུག་པ་དེ་ཏིང་ངེ་འཛིན་གྱི་དྲོད་རྟགས་ཡིན་པར་མཁྱེན། དེ་ལྟ་བུའི་རྟོགས་པ་སྐྱོང་ཞིང་རང་གི་བྲང་ཁང་ན་བཞུགས་པ་ལ་གྲྭ་པས་དུས་ཁྱད་པར་ཅན་གྱི་མཆོད་པའི་ཡོ་བྱད་ལ་ཤ་ཆང་ཁྱེར་ཏེ་འགྲོ་བ་མཐོང་ནས། སྒོ་གསེང་ལས་བལྟས་པས་བུད་མེད་བཅོ་ལྔ་དང་ལྷན་ཅིག་འདུག་གོ །དགེ་འདུན་བགྲོས་ནས་གནས་ནས་ཕྱུང་ངོ་། །དེར་བདག་ཉིད་ཀྱིས་ཀྱང་ངན་པར་ཞལ་གྱིས་བཞེས་པས་མཚན་བི་རཱུ་པཱཀྵར་ཐོགས། དེ་ནས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་མུ་སྟེགས་ལ་དད་པ་འདུལ་བར་གཤེགས་ནས་གངྒཱའི་འགྲམ་དུ་ཕེབས་པ་དང་། ང་ངན་པ་ཡིན་པས་ཆུ་ལ་རེག་ཏུ་མི་བཏུབ་པས་ཆུ་ཁྱོད་ཀྱིས་ལམ་ཕྱེ་ཞིག་ཅེས་བརྗོད་པས་ཆུ་བོ་གྱེན་ལ་ལོག་སྟེ་གྲམ་པ་སྐམ་ཤར་གྱིས་བྱུང་བ་ལ་གཤེགས་པས། དགེ་འདུན་གྱིས་གྲུབ་པ་ཐོབ་པར་ཤེས་ནས་བཟོད་པར་གསོལ། ཝཱ་རཱ་ཎ་སཱིར་ལོ་གཅིག་ཏིང་ངེ་འཛིན་ལ་བཞུགས་པས་སྐུ་ཉི་ལྷགས་ཀྱིས་གདུངས་པས་སྔོ་སྐྱ་འཇིགས་སུ་རུང་བར་གྱུར། དེར་མུ་སྟེགས་པའམ་སངས་རྒྱས་པ་ཐེ་ཚོམ་ནས། རྒྱལ་པོ་གྷོ་ནནྟ་ཙཀྲ་བྱ་བ་དེས་མུ་སྟེགས་ཡིན་ན་འོ་རྒྱལ་ཏེ་འོང་པས་ནང་དུ་སྤྱན་འདྲེན། སངས་རྒྱས་པ་ཡིན་ན་ཝཱ་རཱ་ཎ་སཱིར་གནོད་པ་བསྐྱལ་དོགས་ཡོད་པས་བསྐྲད་དགོས་པས་རྟོགས་ཤིག་ཟེར། བརྟགས་པས་མ་རྟོགས་ཏེ། རྒྱལ་པོའི་དྲུང་དུ་ཁྲིད་ལ་ཤོག་ཟེར་ཁྲིད་ནས་ཡོངས་བའི་ལམ་དུ་འབུ་དང་ཕྱེ་མ་ལེབ་ལ་སོགས་པའི་སྲོག་ཆགས་མང་པོ་ཁར་བཅུག་པས་མི་རྣམས་ན་རེ་ངན་པ་ཟེར། ཁ་ནས་གསོས་ཏེ་སྤུར་བས་ཀྱང་ངན་པ་ཟེར་བ་ལ། སློབ་དཔོན་གྱིས། སྲོག་ཆགས་མང་པོ་བསད་ཀྱང་ངན་པ་ཟེར། སྲོག་ཆགས་མང་པོ་གསོས་ཀྱང་ངན་པ་ཟེར། བདག་གིས་ཇི་ལྟར་བྱ་བ་མ་ཤེས་སོགས་གསུངས། རྒྱལ་པོའི་དྲུང་དུ་སླེབ་པ་དང་། རྒྱལ་པོས་ཕྱི་ནང་གང་ཡིན་དྲིས་ཀྱང་ལན་མ་བཏབ། རྒྱལ་པོས་འདི་ལ་དབང་ཕྱུག་གི་རྟགས་གང་ཡང་མི་འདུག་པས་ལྕགས་སུ་ཆུག་ལ་ཆུ་ལ་སྐྱུར་ཅིག དེ་ལྟར་བྱས་པས་ལྕགས་སྒྲོག་ཆད་ནས་རྒྱལ་པོའི་རྩར་སླེབས། ཡང་ཡང་བྱས་ཀྱང་དེ་ལྟར་གྱུར་པས། རྒྱལ་པོས་གྲུབ་ཐོབ་ཏུ་ཤེས་ནས་བཟོད་པར་གསོལ་ཏེ་འཁོར་དང་བཅས་པ་སངས་རྒྱས་པར་བྱས་སོ། །དེ་ནས་ལྷོ་ཕྱོགས་བི་མ་ཧ་ར་འདུལ་བར་གཤེགས་པའི་ལམ་གངྒཱར་ཀོ་མཁན་ལ་སྒྲོལ་༼༨༨༽གསུངས་པས། རྔན་པ་དགོས་ཟེར། རྔན་པར་ཆུ་རང་སྦྱིན། དེ་གྱེན་དུ་ལོག་ནས་ཐམས་ཅད་སྐྲག་ནས་ནོར་ཕུལ་བ་རྔན་པར་བྱིན་པས་མ་འདོད་པར་ཞབས་ལ་འཇུས་ཏེ་བདག་རྗེས་སུ་འཛིན་པར་ཞུ་བྱས་པས་རྗེས་སུ་གཟུང་། གྲུབ་ཐོབ་ཀོ་ཀ་ལི་པའམ། ཌོམྦི་ཧེ་རུ་ཀའོ་ཟེར། དེ་ནས་ལྷོ་ཕྱོགས་བི་མོ་ས་ར་དང་ཉེ་བ་དྷ་ཀི་ནི་ཏ་པ་ཞེས་པར་ཆང་འཚོང་མ་ཞིག་གི་ཁྱིམ་དུ་སླེབས། དཔོན་སློབ་གཉིས་ཀྱིས་ཆང་ཉོ་བྱས་པས། རིན་ཅི་ཡོད་ཟེར། རིན་མེད་བྱས་པས། རིན་མེད་པར་ཆང་འཚོང་བའི་ལུགས་མེད་ཟེར། ངེད་ངོམས་པ་གྱིས་དང་ཁྱོད་ཅི་འདོད་པ་བྱིན་གྱི་གསུངས་པས། ཅི་ཙམ་ན་སྟེར་ཟེར། ཉི་གྲིབ་མཚམས་སུ་རི་མོ་ཞིག་བྲིས་ནས་འདི་འདས་མ་ཐག་སྟེར་བྱས་ཉི་མ་གཏའ་མར་བཅུག་པས་ཆང་བླུད། ཟད་པ་དང་རིན་བསླང་བྱས་པས། ད་རུང་ཉི་མ་མ་སོང་། སོང་བ་དང་སྟེར་རོ། །དེས་ཡུལ་ཁམས་དེའི་ཆང་འཚོང་མ་ཀུན་ལ་བསྐྱིས་ཀྱིན་སྦྱིན་པས་ཟད། རྒྱལ་པོའི་དབྱུག་ཚོད་དང་ཆུ་ཚོད་བརྩིས་པས་འཁྲུགས། མི་རྣམས་ཀྱང་གཉིད་ཀྱིས་ར་རོ་གྱུར་པ་དང་། རྒྱལ་པོས་རྣལ་འབྱོར་པ་ཞིག་གིས་ནུས་པ་བསྟན་པར་གོ་ནས་རྩད་བཅད་པས་ཆོད་དེ། དེར་འོངས་ནས་ཉི་མ་གཏོང་བར་ཞུས་པས་ཆང་རིན་མེད་གསུངས། རྒྱལ་པོས་རིན་སྤྲད་པ་དང་མཚན་ཕྱེད་དུ་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ན་ཅ་པ་ཏིའི་ཡུལ་ན་བི་མ་ཧ་ར་ཞེས་བྱ་བ་དབང་ཕྱུག་ཆེན་པོའི་ལིངྒ་འཇིག་སྡེས་བྱས་པ་ཡོད། དེ་ན་རལ་པ་ཅན་ལྔ་བརྒྱ་གནས། ཡུལ་དེ་ཐམས་ཅད་མུ་སྟེགས་ཡིན་པས་དེར་བྱོན་རྒྱལ་པོ་ལ་ལེགས་པར་སྦྱར་བའི་སྐད་ཀྱིས་བསྟོད་ར་བྱས་པས་རྒྱལ་པོ་མཉེས་ཏེ་རལ་པ་ཅན་ལྔ་བརྒྱ་པོའི་དཔོན་དུ་བཀོད་མཆོད་གནས་བྱས་སོ། །དེ་ལྷ་ལ་ཕྱག་མི་བྱེད་པས་མི་རྣམས་ཐེ་ཚོམ་དུ་གྱུར་ཏེ་རྒྱལ་པོ་ལ་བཟླས་པ་དང་། ལེགས་པར་སྦྱར་བའི་སྐད་ལ་ཤིན་ཏུ་མཁས་པར་གྱུར་པ་ཞིག་ལྷ་རྟེན་ལ་ཕྱག་མི་བྱེད་པ་མི་སྲིད། ཁྱེད་རྣམས་ཀྱི་ཕྲག་དོག་ཡིན་ཟེར་མ་ཉན། ཡང་ཡང་བསྙད་པས་རྒྱལ་པོ་ཡིད་གཉིས་སུ་གྱུར་ཏེ་མཆོད་གནས་ཐམས་ཅད་བོས་ལ་ལྷ་རྟེན་ལ་ཕྱག་ཚོལ་ཞིག་བསྒོ་བ་གཞན་རྣམས་ཀྱིས་བྱས། སློབ་དཔོན་མི་བྱེད་དོ། རྒྱལ་པོས་ཕྱག་མཛོད་༼༨༩༽ཅེས་བསྐུལ་བས། ངས་འདི་ལ་ཕྱག་བྱེད་དུ་མི་བཏུབ་ཟེར། འདི་ཁམས་གསུམ་ན་ཆེ་བ་ཡིན་པས་ཚོལ་ཟེར། རྒྱལ་པོ་སྡིག་ཅན་ཞིག་གིས་བདག་ལ་ཕྱག་མི་འཚལ་དབང་མེད་བཏང་བས་ལྷ་ཁྱོད་བཟོད་པར་བཞེས་ཤིག་བྱས་ནས་ཕྱག་བྱས་པས་རྟེན་དེ་ཕྱེད་ཚལ་དུ་གས་སོ། །རྒྱལ་པོ་འཁོར་བཅས་སྐྲག་ནས་བཟོད་པར་གསོལ་བས། དེའི་དབུར་ཐུགས་རྗེ་ཆེན་པོའི་སྐུ་གཅིག་བཞུགས་སུ་ཆུག ཐོག་མར་དེ་ལ་ཕྱག་འཚོལ། དེ་ནས་ལྷ་རྟེན་ལ་འཚོལ་ཞིག དེ་ལྟར་མ་བྱས་ན་ཡང་རྟེན་འདི་འགས་པར་འགྱུར་རོ་ཞེས་གསུངས་ནས་ལྷོ་ཕྱོགས་སུ་གཤེགས་པའི་རྗེས་སུ་རལ་པ་ཅན་གཅིག་འབྲངས་པ་ནི་ནག་པོ་པའོ། །དེར་འབྱོན་པའི་ལམ་དུ་ཕྱི་རོལ་པ་རྣམས་སྐྲག་ནས་རང་རང་གི་ལྷ་རྟེན་གྱི་དབུར་སངས་རྒྱས་པའི་ལྷ་རེ་བཞག་གོ་ཞེས་གྲགས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་བརྒྱུད་དེར་དབང་ཕྱུག་གི་ལི་སྐུ་ཁྲུ་བརྒྱད་ཅུ་ཡོད་པ་དེར་མཆོད་པ་བྱེད་པ་ལ་མ་ཧེ་བརྒྱ་ཕྲག་རེ་གསོད་པས། དེར་བྱོན་ཏེ་ལྷ་དེ་ལ་རྡོག་ཐོ་གཅིག་བརྒྱབ་ནས་ཕར་འདོང་གསུངས་པས་ལངས་ཏེ་ཕྱི་བཞིན་འབྲངས་སོ། །མུ་སྟེགས་དེ་དག་སྐྲག་སྟེ་གསོལ་བ་བཏབ་པས། མ་ཧེ་མི་གསོད་པར་འབྲས་ཆན་ལ་སོགས་པས་མཆོད་ན་འཇོག་གོ །དེ་ལྟར་ཁས་བླངས་སོ། །དེ་ནས་ཤར་ངོས་ནས་ཧ་ཛ་དེ་ཝི་བྱ་བ་རང་བྱུང་གི་ཏྲི་ཤཱུ་ལ་དང་། ཙཎྜྻི་ཀའི་སྐུ་ཡོད་པ། ཕྱི་རོལ་པའི་རྣལ་འབྱོར་མ་རྣམས་ཀྱིས་མི་དེར་ཁྲིད་ནས་དམར་མཆོད་བྱེད་པ་དེར་ཕེབས། རྣལ་འབྱོར་མ་རྣམས་ཀྱིས་ནང་དུ་བོས། སློབ་དཔོན་གྱིས་གཡོག་གཉིས་ལ་དབུགས་ཕྱིར་རྒྱུ་མ་བཅུག་པར་ནང་དུ་སྒོམ་ལ་སྡོད་ཅིག་གསུངས། ཉིད་ནང་དུ་བྱོན། ཁྱོད་ཀྱི་གྲོགས་གཉིས་གང་དུ་སོང་ཟེར། ཕྱི་རོལ་ན་འདུག་གསུངས། དེ་ཁུག་ཟེར། ཁྱེད་རང་གིས་བོས་བྱས་པས་སྐད་མེད། མཛུབ་བུ་སུག་བྱས་པའི་ཤུལ་ན་ཚུར་དབུགས་ངན་སོ་སོ་དྲི་ཆེན་འབུར་འབུར་བྱུང་བས་རུལ་ནས་འདུག་ཟེར་ལོག་པ་དང་། ཏྲི་ཤཱུ་ལ་འདར་ཡེད་ཡེད་འདུག་པ་ལ་སློབ་དཔོན་གྱིས་ཐལ་མོ་བརྡབས་པས་དེ་ཕྱེ་མར་སོང་། ཙཎྜྻི་ཀའི་སྐུ་དེ་སྤར་སྤར་འདུག་པ་ལ་སྤྱི་བོར་ཐལ་མོ་བསྣུན་པས་མགོ་སྙིང་གའི་བར་དུ་བྱིང་སོང་པ་རྣ་བ་ནས་བཟུང་། སྤྱི་བོར་མཆོད་རྟེན་གཅིག་བཞག་པས་རྣ་བ་ཀེ་རེ་ཡོད་སྐད། མིང་ཡང་དེ་ནས་རྣ་བཅུས་ལྷ་མོ་གྲགས་སོ། །དེར་རྣལ་འབྱོར་མ་རྣམས་བརྒྱལ་བར་གྱུར་ཏེ། ༼༩༠༽བརྒྱལ་བ་སངས་པ་དང་། དེ་རྣམས་ན་རེ། ཁྱོད་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་པ་ལ་འདི་ལྟ་བུ་བྱེད་པ་ཟེར། དེ་ཉིད་ཀྱིས་ན་སེམས་ཅན་བསད་པའི་ཤ་ཁྲག་དྲོན་མོས་མཆོད་པར་མ་བྱེད་ཅིག་བྱས་པས། དེ་རྣམས་ཀྱིས་བཏུད་དེ་སྐྱབས་སུ་ཞུགས་པས་སངས་རྒྱས་པའི་རྣལ་འབྱོར་མར་གྱུར་ཏོ། །ཀོ་མཁན་དེ་དེའི་ཚེ་གྲུབ་ཐོབ་ཏུ་གྱུར་པས་ཤར་ཕྱོགས་ཀྱི་རྒྱལ་པོ་བྷེ་ཧར་འདུལ་དུ་བརྫངས། དཔོན་སློབ་གཉིས་ཁ་སརྤ་ཎིར་བྱོན་ཏེ། དང་པོ་རབ་ཏུ་བྱུང་བ་ནས་དེའི་བར་དུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་མཛད་པའི་ལོ་རྒྱུས་ཕུལ་བས། འཕགས་པ་རང་བྱུང་དེས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་ནུས་པས་ནི་རི་རབ་ཀྱང་ཐལ་བར་བརླག་ཐུབ་སྟེ། སེམས་ཅན་ལས་སྣ་ཚོགས་ལ་སྤྱོད་པ་ཡིན་པས་སངས་རྒྱས་ཀྱིས་ཀྱང་འདུལ་དཀའ་བའི་ཕྱིར་ཁྱོད་ཀྱིས་སེམས་ཅན་ལ་གནོད་པ་འདི་ལྟ་བུ་མ་བྱེད་པར་སྙིང་རྗེ་ཆེན་པོ་སྐྱེད་ཅིག་གསུངས། དེར་སློབ་དཔོན་གྱིས་གཞན་གསུང་བཞིན་དུ་བགྱི་ཡི། ནུབ་ཕྱོགས་སོ་མ་ནཱ་ཐ་ན་རྡོ་ལ་རང་བྱུང་གི་དབང་ཕྱུག་གི་ལིངྒ་ཡོད་ལ། དེ་ལ་དུས་རེ་ལ་ར་དང་མ་ཧེ་སྟོང་ཕྲག་རེ་བསད་ནས་མཆོད་པ་བྱེད་དེ། སེམས་ཅན་གྱི་སྲོག་སྐྱོབ་པའི་ཕྱིར་དེ་འདུལ། དེ་ནས་བཀའ་བཞིན་བགྱིད་དོ་ཞེས་གསོལ་ནས་བྱོན་པའི་ལམ་དུ་བྲམ་ཟེ་གཉིས་ཁྲི་བརྙན་གྱི་པགས་པ་སྨད་དུ་དཀྲིས་ཚངས་སྐུད་བཅངས་པ་ཀུ་ཤ་རྣ་བའི་སྟེང་དུ་གཟེར་བ་དང་ཕྲད་དོ། །དེ་གཉིས་ཀྱིས་ཤེས་བཞིན་དུ་མི་ཤེས་པ་སྐད་བྱས་ཏེ་གར་འགྲོ་ཟེར། སོ་མ་ནཱ་ཐ་རླག་པར་བྱེད་དུ་འགྲོ་གསུངས་པས། ཁྱེད་ནང་པ་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་ན་གནོད་པ་བྱས་ན་རུང་ངམ་ཟེར། ངེད་སྙིང་རྗེ་ཆེ་བས་ཆེད་དུ་འགྲོ་བ་ཡིན་ཏེ། དེ་ལ་དུས་རེ་ལ་ར་དང་མ་ཧེ་སྟོང་ཕྲག་བསད་ནས་མཆོད་པ་བྱེད་པས་སྲོག་ཆགས་དེ་དག་གི་སྲོག་སྐྱོབ་པའི་ཕྱིར་རོ། །དེ་འཇིག་རྟེན་ན་ཤིན་ཏུ་ཆེ་བ་ཡིན་ན་དེ་ལྟར་ཅང་ནུས་སམ་ཟེར། དེ་མངོན་དུ་འགྱུར་གྱི་གསུངས་པས། དེ་ཤར་ལུས་འཕགས་པོར་སོང་ནས་མེད་ཟེར། གླིང་བཞིའམ་ཚངས་པའི་འཇིག་རྟེན་དུ་སོང་ཡང་ཁོ་བོ་འགྲོ་སྟེ་རླག་པར་བྱེད་དོ། །དེ་ནས་དེས་རང་གཟུགས་བསྟན་ཏེ། སློབ་དཔོན་གྱི་ཞབས་ལ་འཇུས་ཕྱག་བྱས་ནས། དེ་བདག་ཡིན་པས་ཁྱོད་༼༩༡༽ཅི་གསུངས་པ་བཞིན་བགྱིད་དོ། །འོ་ན་སངས་རྒྱས་ཀྱི་སྐུ་བཞུགས་པའི་ལྷ་ཁང་བཞེངས། དེའི་སྒོ་གོང་དུ་ངའི་གཟུགས་ཤིག་གྱིས། དགེ་འདུན་གྱི་སྡེ་ཚུགས། དགེ་འདུན་བརྒྱ་ཕྲག་གི་འཚོ་བ་སྦྱོར། མཆོད་པ་བྱེད་པའི་དུས་དང་པོར་སངས་རྒྱས་ཀྱི་རྟེན། དེ་ནས་ངའི་གཟུགས། དེ་ནས་ཁྱོད་རང་གི་རྟེན་ལ་ར་དང་མ་ཧེ་ལ་སོགས་པ་སྲོག་ཆགས་མི་གསོད་པར་འབྲས་ཆན་ལ་སོགས་པའི་མཆོད་པ་བྱེད་ན་ཁྱོད་རླག་པར་མི་བྱེད། དེ་ལྟར་མི་བྱེད་ན་ཁྱོད་རླག་པར་བྱེད་དོ་གསུངས་པས། ཁོ་ན་རེ། སངས་རྒྱས་ཀྱི་བསྟན་པ་འགྲིབས་ཤིང་འགྲོ་བས་ད་ལྟ་དགེ་འདུན་གྱི་སྡེ་བཙུགས་ཀྱང་མྱུར་དུ་འཇིག་འགྲོ །མཆོད་མཁན་མི་འོང་། ང་ལ་མཆོད་པ་བྱེད་པ་མང་པོ་ཡོད་པས། དེའི་ཕྱེད་སློབ་དཔོན་ལ་འབུལ། བསྟན་པ་གནས་ཀྱི་བར་དུ་ངའི་འདིར་བཞུགས་ནས་མཆོད་གནས་མཛད་དགོས་ཟེར་བས། སློབ་དཔོན་གྱིས་དེ་ལྟར་ཞལ་གྱིས་བཞེས། ཁོས་དགེ་འདུན་གྱི་སྡེ་བཙུགས། སློབ་དཔོན་གྱི་སྐུ་བཞེངས། ཕྱི་པ་ཐམས་ཅད་ཀྱིས་དང་པོར་སློབ་དཔོན་ལ་མཆོད། དེ་ནས་དབང་ཕྱུག་ལ་མཆོད་པར་བྱེད། སློབ་དཔོན་ཡང་བརཏལ་ཞུགས་ཀྱི་སྤྱོད་པ་བྱེད་འཕྲོ་བཅད་ནས་རྡོ་སྐུ་དེ་ཉིད་ལ་ཐིམ་ཞེས་གྲགས་ལ། ནག་པོ་པའི་ངོར་ལམ་འབྲས་རྡོ་རྗེའི་ཚིག་རྐང་བརྩམས་དེས་ཡུལ་དབུས་སུ་འཁྲུངས་པ་ཌཱ་མ་རུ་པ། དེས་ཨ་ཝ་དྷཱུ་ཏཱི་པ། དེས་ག་ཡ་དྷ་རའོ། །ཌོམྦི་ཝ་དེ་ཨུ་རྒྱན་དུ་བྱོན། བཅོམ་ལྡན་འདས་བདག་མེད་མས་དངོས་སུ་བྱིན་གྱིས་བརླབས་ཏེ་གསང་བ་བྱིན་པ། དེར་ཆང་འཚོང་མ་ཞིག་ལ་ཆང་ཉོ་གསུངས་པས། རིན་ཅི་ཡོད་ཟེར། ཉི་མ་གཏའ་མར་བཅུག་སྟེ་ཡུལ་ཁམས་དེའི་ཆང་ཟད་ཀྱི་བར་འཐུངས་པའི་ཚུལ་སྔར་དང་འདྲ་ལ། རྒྱལ་པོ་འཁོར་བཅས་དད་པ་མཛད་ཅིང་ཆང་འཚོང་མ་དེ་སྐལ་བ་དང་ལྡན་པར་གཟིགས་ནས་རྗེས་སུ་གཟུང་བས། རྣལ་འབྱོར་མ་བི་ན་ས་བཛྭ་ཞེས་གྲགས་སོ། །དེ་ནས་ཤར་ཕྱོགས་རྒྱལ་པོ་དྷེ་ཧ་རའི་རྒྱལ་ཁམས་སུ་གཤེགས་ཏེ་ཀཾ་ཀའི་གྲོང་ཞེས་པའི་ཚོང་འདུས་སུ་སྟག་ལ་ནི་ཞོན། དུག་སྦྲུལ་གྱིས་ནི་རྒྱན་བྱས། རིགས་ངན་གྱི་བུ་མོ་པང་དུ་བཅངས་ཏེ་ཡུལ་དེའི་སྐྱེ་བོ་ཐམས་ཅད་དད་པར་བྱས་པས་ཌོམྦི་ཧེ་རུ་ཀ་ཞེས་གྲགས་ལ། མི་ཕྱུགས་ཐམས་ཅད་མཁའ་སྤྱོད་དུ་སོང་ངོ་། །༼༩༢༽དེས་ལྷན་ཅིག་སྐྱེས་གྲུབ་སྔ་མ་མཛད། རྣལ་འབྱོར་མ་བི་ན་ས་བཛྭ་དེ་ཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱ་མཚོའི་ཆུ་དགོས་ཟེར་བ་ལ། སུས་ནུས་དྲིལ་བསྒྲགས་པས། འདུལ་བའི་དུས་ཡིན་པར་དགོངས་ཏེ་ངས་ནུས་ཞེས་སྨྲས་སོ། །དེར་བོས་ཏེ་རྒྱལ་པོའི་ཡང་ཐོག་ན་འདུག་བཞིན་དུ་བུམ་པ་ཆུས་བཀང་སྟེ་རྒྱལ་པོ་ལ་ཕུལ་བས། དེ་ནད་ལས་དྲག་ཅིང་རྒྱལ་པོས་འདི་ནི་མཁའ་འགྲོ་མ་སྟེ། འདི་དང་འབྲེལ་ན་འཁོར་བ་ལས་ཐར་རོ་སྙམ་སྟེ། དེ་ལ་དགའ་མགུར་སྤྱད་པས་སྲས་ཤིག་སྦྲུམ་པ་དེ་ལ་ཨིནྡྲ་བྷཱུ་ཏི། རབ་ཏུ་བྱུང་བས་ལྭ་བ་པ་སྟེ་སྔར་བཤད་པ་ཉིད་དོ། །འདི་ལ་ཨིནྡྲ་བྷཱུ་ཏི་ཆུང་བ་ཟེར་རོ། །སློབ་དཔོན་ཌོམྦི་ཧེ་རུ་ཀ་ནགས་གསེབ་ཏུ་སྒོམ་གྱིན་བཞུགས་པའི་ཚེ། རིགས་ངན་གྱི་བུ་མོ་ཕྱག་རྒྱར་བསྟེན་པ་དེ་ཟས་སློང་དུ་བཏང་བ་ན་རབ་ཏུ་བྱུང་བ་མང་པོ་མཆོད་རྟེན་གྱི་ལས་བགྱིད་པ་ལ་སློང་མི་མཁས་པས་དེ་དག་གི་བརྡུངས་པས། དེ་ཁྲོས་ནས་སློབ་དཔོན་ལ་ཞུས་པས་ཚར་བཅད་པའི་འོས་མིན་ཏེ་འདུལ་བར་བྱའོ་ཞེས་ཞལ་གྱིས་བཞེས་ནས་དེར་བྱོན་ཏེ་སྡིགས་མཛུབ་གཏད་པས་མཆོད་རྟེན་རྣམས་མགོ་ཞབས་ལོག་གོ །ཐམས་ཅད་ཀྱིས་གྲུབ་ཐོབ་ཏུ་ཤེས་ནས་བཟོད་པར་གསོལ་བས་གཅིག་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་ནུས་པ་བསྟན་པར་བཞེད་ནས་བཞག གཞན་རྣམས་སྔར་བཞིན་བྱས་པས། དེ་དག་གི་གཙོ་བོ་པཎྜྻི་ཏ་སྤྱད་དཀའ་ཟླ་བའམ། མི་ཐུབ་ཟླ་བ་ཕྱག་ཕྱིར་འབྲངས་པ་ལ་དགྱེས་པ་རྡོ་རྗེའི་དབང་རྒྱུད་མན་ངག་བཤད། དེས་ཀྱང་གྲུབ་པ་ཐོབ་བོ་ཞེས་གྲགས་སོ། །སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་པ་ཞིག་སྟེ། ཁ་བི་ཞེས་བྱ་བ་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེངྒེ་བཟང་པོ་བསྟེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྦྱངས་པས་མཐར་ཕྱིན་པ་ལོབས་ཤིང་། ནཱ་ལེནྡྲར་བྱོན་ཏེ་བཤད་ཅིང་རྒྱུད་འགྲེལ་བརྩམས། དེ་ནས་སྔགས་ཀྱི་ཐེག་པ་འཚོལ་བའི་ཕྱིར་དུ་གྲུབ་ཆེན་ཕག་ཚང་པ་ལ་འདུས་པའི་ཕྱོགས་འགའ་ཞིག་གསན། པཎྜྻི་ཏ་ལྔ་བརྒྱའི་དབུས་སུ་ཤེར་ཕྱིན་འཆད་པའི་ཚེ། སློབ་དཔོན་དེ་རོད་ངན་གོས་སྲུལ་བ་རིགས་ངན་ཕག་འཚོ་བའི་ཚུལ་དུ་མདུན་རོལ་དུ་འོངས་པ་སློབ་མ་ངོ་ཚ་ནས་མ་མཐོང་བ་སྐད་བྱས་པས། དེ་ཉིད་དུ་སྤྱན་གཉིས་ས་ལ་བྲུལ། བཟོད་པར་གསོལ་༼༩༣༽བས་སོར་ཆུད། ཡེ་ཤེས་ཀྱི་སྤྱན་ཡང་ཐོབ་པས་ཡེ་ཤེས་སྤྱན་ཞེས་ཀྱང་བྱ། བོད་དག་དེའི་ཚེ་དངོས་ཀྱི་སྤྱན་གཉིས་ཤོར་ལ་ཞབས་ལ་སྤྱན་བྱུང་ཟེར་བ་ཡེ་ཤེས་ཞབས་ཞེ་སར་མ་གོ་བའི་སྐད་དོ། །ཨུ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་བསྟེན། བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་ལེགས་པར་བསླབས། གནས་དེའི་ཕྱོགས་གཅིག་ན་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་མ་གུ་ནེ་རུ་ཞེས་གྲགས་པའི་དྲུང་དུ་ཕྱིན་བླ་ན་མེད་པའི་རྒྱུད་སྡེ་མང་དུ་ཐོས། ཡང་རྨི་ལམ་དུ་ཡུལ་དེ་ཉིད་ཀྱི་བྱང་གི་སྒོ་སྲུང་གདོལ་པ་ཛ་ཐིག་ཛ་ལ་ཞེས་བྱ་བའི་བུ་མོ་ལོ་བཅུ་དྲུག་ལོན་པ་ལ་ཀྵིཾ་ཀ་ར་ཡིན་པས་དེར་སོང་ཞེས་ལུང་བསྟན་པ་བཞིན། དེ་དང་བཤེས་སུ་འཐམས་ཏེ་ཟླ་བ་བརྒྱད་ཀྱི་བར་དུ་མཉེས་པར་བྱས། དེས་ཀྱང་སློབ་དཔོན་ཕྱག་རྒྱ་ཆེན་པོ་ལ་དགའ་བར་རྟོགས་ནས་དེའི་ཆ་རྐྱེན་སྒྲུབ་པའི་ཕྱིར་སྣོད་གནས་ཀྱི་མན་ངག་སྩལ་བས་གྲུབ་སྟེ། ཡོ་བྱད་ཐོགས་མེད་དུ་གྱུར། དེ་ནས་ཛ་ལནྡྷ་རར་བྱོན་ཏེ་གྲོང་ཁྱེར་ཀོ་ནེ་ཛེར་གྱི་ཕྱོགས་གཅིག་ན་བྱིས་པ་ཆུང་བའི་ཞབས་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུད་ལ་ལྷག་པར་མཁས་པ་ཞིག་ཡོད་པ་དེ་ལ་ལུང་མང་པོ་ཐོས་ཤིང་སྒོམ་པ་ལ་ནན་ཏན་མཛད། དེ་ནས་ཡུལ་དབུས་ནས་ལྷོ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ཕྱིན་པ་ན། ཡུལ་ཀཾ་ཀོ་ན་ཞེས་བྱ་བ་ནམ་མཁའ་ལ་ནགས་ཚལ་ཁྲིགས་པ་ཞིག་ཡོད་པ་དེའི་ཕྱོགས་གཅིག་ན། ཀླུ་སྒྲུབ་ཀྱི་སློབ་མ་སྲུང་པའི་ཞབས་ཞེས་བྱ་བ་ཐབས་ཀྱི་རྒྱུད་ལ་ཤིན་ཏུ་མཁས་པ་རྫུ་འཕྲུལ་ཐོབ་པ་སློབ་མ་དགུ་དང་བཅས་པ་ལ་ནོར་རྒྱུན་མས་ཉིན་རེ་བཞིན་གསེར་གྱི་མ་ཤ་བཅུ་དང་། མུ་ཏིག་གི་དོ་ཤལ་ཕྱེད་དང་། ཀརྴ་པ་ཎ་སུམ་བརྒྱ་རེ་འཕྲལ་གྱི་ལོངས་སྤྱོད་ཀྱི་རྐྱེན་དུ་སྦྱོར་བ་ཞིག་ཡོད་དེ། ལོ་དགུར་བསྟེན་ནས་བསྐྱེད་པའི་རིམ་པ་སྐྱེ་བ་གཅིག་གིས་ཐོགས་པ་རྣལ་འབྱོར་གསུམ་པའི་མཐར་ཕྱིན་པར་མཛད་དོ། །གནས་དེར་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་པའི་སྤྱོད་པའང་ཟླ་བ་ཕྱེད་ཀྱི་བར་དུ་མཛད། དེ་ལྟར་འབད་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས། བླ་མ་སྲུང་བའི་ཞབས་ལ་ཞུས་ནས། དེའི་ཞལ་ནས་དེ་ནི་ཁོ་བོས་ཀྱང་མ་རྟོགས་ཞེས་གསུངས་པས་ཐུགས་ཆད་དེ། རང་གི་ཕྱག་རྒྱ་མ་གླེགས་བམ་གྱི་གཟུགས་སུ་བསྒྱུར་ཏེ་མགུལ་དུ་བཏགས་ནས། རྡོ་རྗེ་གདན་གྱི་རྒྱབ་ཀཱུ་བ་ཛ་ཞེས་བྱ་བའི་ནགས་སུ་ཕྱིན་ཏོ། །ནགས་དེའང་སྟག་དྲེད་ལ་སོགས་པས་གང་བ་ཤིན་ཏུ་འཇིགས་པ་༼༩༤༽སྟེ། དེར་ཐུགས་ལ་སྤྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་རྣམས་འཁོར་བའི་ནགས་ཉོན་མོངས་པའི་གཅན་གཟན་གྱིས་གང་བར་གནས་པ་ཡིན་ལ། བདག་ཀྱང་དེ་ཁོ་ན་ན་གནས་པས་དེ་ལས་ཐར་བར་བྱ་བའི་ཕྱིར་ལྷ་དྲག་ཏུ་བསྐུལ་བའི་ཆོ་ག་ལ་བརྩོན་པར་རིགས་སོ་སྙམ་ནས་ཟླ་བ་དྲུག་ཏུ་འབད་པ་ལ་དེ་ཁོ་ན་ཉིད་སྟོན་པའི་སློབ་དཔོན་བྱི་བའི་ཤམ་ཐབས་ཅན་བྱ་བ་ཡོད་ཟེར་ལུང་བསྟན་བྱུང་། བཙལ་བས་དགེ་སྦྱོང་ཤམ་ཐབས་བྱེ་ཞིང་ཆོས་གོས་ལ་ཐོད་བྱས་ནས་ཞིང་རྨོ་ཞིང་འདུག་གོ །དེར་རྗེས་སུ་འཛིན་པར་གསོལ་བས་ཁྱིམ་བསྟན་ཏེ་དེར་སོང་། དེ་ནས་སླེབ་འོང་ཟེར། དེར་ཕྱིན་པ་ན་ཆུང་མ་ཨ་ཁག་པ་ཞིག་དང་ཁྱི་མོ་དཀར་མོ་ཞིག་ལས་མི་སྣང་ལ་དེར་ཁོ་སླེབས་ནས་ཞིང་གི་རོལ་ནས་འཐུས་པའི་འབུ་སྲིན་ཐུ་བ་གང་དེ་ལ་གཏད་དེ་ཚོས་ཤིག་ཟེར། དེ་ལྟར་བྱས་པ་ན་ངས་རྗེས་སུ་འཛིན་པ་འདི་ཡིན་གྱི། འདི་ཟོ་ཟེར་སློབ་དཔོན་ལ་བྱིན་ནོ། །དེར་སློབ་དཔོན་ཅུང་ཟད་ཐེ་ཚོམ་དུ་གྱུར་ཏོ། །རྟོག་གེ་པ་བྱ་བ་འདི་ཁ་ཡིན་སོམ་ཉི་མ་བྱེད་པར་ཟོ་ཞིག་ཟེར། ཟོས་པ་དང་སྐད་ཅིག་ལ་དེ་ལྟར་མི་སྣང་སྟེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་གྱུར་ཏོ། །དེར་སློབ་དཔོན་གྱིས། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །ཁྱོད་ཀྱིས་བདག་ལ་སོགས་པ་འཇིགས་པ་ཆེ་ལས་སྐྱོབས། །འགྲོ་བའི་དབང་པོ་རྗེ་བཙུན་ཁྱོད་ཀྱིས་སྡུག་བསྔལ་སེལ། །ཁམས་གསུམ་གཏོང་བྱེད་ཆེ་བས་ཆེ་ཁྱོད་སྐྱེ་བོ་སྐྱོངས། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པས་དབང་བསྐུར། སློབ་དཔོན་གྱིས་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་དེ། རྣལ་འབྱོར་བཞི་པ་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་པར་གྱུར་ཏོ། །དེ་ནས་འཇམ་པའི་དབྱངས་ཀྱི་ཞལ་གྱི་ལུང་ལེགས་པར་བསྟན་ཞིང་བསྟན་བཅོས་རྩོམ་པར་གནང་བ་སྦྱིན་པས། རྡོ་རྗེ་གདན་ནས་རྒྱང་གྲགས་ལྔ་བཅུ་ཡོད་པའི་སར་དབང་ཆེན་རིན་པོ་ཆེའི་ཕུག་ཅེས་པར་གནས་བཅས་ཏེ་སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལ་སོགས་པ་ལུང་དང་མཐུན་པའི་ཆོས་བཅུ་བཞི་བརྩམས། གཟུགས་ཀྱི་ཕུང་པོ་ནི་གནས་མ་གྱུར་ཅེས་གྲགས་ལ། དེ་ལ་སློབ་མའི་མཆོག་བཅོ་བརྒྱད། དེ་རྣམས་ཀྱི་ནང་ནས་ཆེ་བ་མར་མེ་མཛད་བཟང་པོ། རབ་ཏུ་ཞི་བའི་བཤེས་གཉེན། སྒྲ་གཅན་འཛིན་༼༩༥༽བཟང་པོ། རྡོ་རྗེ་བདེ་བ་ཆེན་པོའོ། །བཅོ་བརྒྱད་ཀྱི་ནང་དུ་དམན་པ་ཞབས་ཀྱང་གཏོགས་ལ། དེས་ཞལ་ལུང་གི་འགྲེལ་པའང་བྱས་སོ།། །། ༈ ད་ནི་རྒྱ་གར་ཤར་ཕྱོགས་སུ་དར་བའི་ཚུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་ན་བྷངྒ་ལ་ཞེས་བྱ་བའི་ཕོ་བྲང་ཕུན་སུམ་ཚོགས་པ་དེ་ན། རྒྱལ་པོ་ཛ། གཞན་ལས་རབ་གསལ་ཟླ་བའམ་ཟླ་བའི་གོ་ཆ་ཞེས་ཀྱང་ཟེར་ལ། འགའ་ཞིག་ལས་རྒྱལ་པོ་ཙ་ཞེས་ཀྱང་འབྱུང་སྟེ། ཙ་དང་ཛ་ཡུལ་དུས་ལས་སྐད་ཀྱི་འགྱུར་བར་ཟད་དོ། །རྒྱལ་པོ་དེ་རྡོ་རྗེ་ཐེག་པའི་སྐལ་བ་བཟང་པོ་དང་ལྡན་པའི་ཕྱིར་དེའི་ཕོ་བྲང་གི་ཡང་སྟེང་སུ་གླེགས་བམ་གྱི་ཆར་ཆེན་པོ་བབས་པ་ཁ་ཕྱེ་སྟེ་བལྟས་པས་དོན་མ་འཚལ་ལ། ཡུལ་དེའི་ཕྱི་ནང་ནི་མཁས་པ་དག་ལ་བསྟན་ཀྱང་གོ་བར་མ་གྱུར་ནས། རྒྱལ་པོས་མཆོད་དེ་ལྷ་ཁང་དུ་བཞུགས་སུ་གསོལ་བ། འདི་དག་གི་དོན་འཚལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་ན་རྨི་ལམ་དུ་ཡུལ་དབུས་ན་ཁྱིའི་སློབ་དཔོན་ཀུ་ཀུ་ར་ཙ་ཞེས་བྱ་བ་ཡོད་ཀྱི། དེས་སྟོན་པར་འགྱུར་རོ་ཞེས་རྨིས་ནས། སད་འཕྲལ་ལ་སློབ་དཔོན་དེ་སྤྱན་དྲངས་བའི་ཕོ་ཉ་བརྫངས་སོ། །སློབ་དཔོན་ཡང་ངོ་མཚར་ནས། གལ་ཏེ་བདག་གིས་ཤེས་པར་གྱུར་ན་ལེགས་མོད་ཀྱང་། མ་འཚལ་ན་ངོ་ཚ་བར་འགྱུར་རོ་སྙམ་ནས་གླེགས་བམ་འགའ་ཞིག་སྐུར་ཞིག་སྨྲས་ཏེ་ཕོ་ཉ་སླར་སློག་པ་དང་། དེས་རྒྱལ་པོ་ལ་གསོལ། དེས་དེ་བཞིན་དུ་བྱས་ཏེ་གླེགས་བམ་འོངས་པ་དག་སློབ་དཔོན་ལ་སྤྲད་པས་ཁ་ཕྱེ་སྟེ་གཟིགས་པ་ན་ཅི་ཡང་མ་གོ་ནས་དབུ་བརྡབས་དེ་ང་བསླུས་ང་བསླུས་སོ་ཞེས་དུད་མོ་ཕྱུང་བས། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ཞེས་ཀྱང་ཟེར་ལ། གཞན་དེ་ནས་སླར་བལྟས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་སྒྲུབ་ཐབས་ཤེས་ནས་བསྒྲུབས་པས་གྲུབ་སྟེ། ཐམས་ཅད་འཆད་ནུས་པར་གནང་བ་ཐོབ་ནས་ཟ་ཧོར་དུ་གཤེགས་ཏེ་རྒྱལ་པོ་འཁོར་དང་བཅས་པ་ལ་བཤད་དོ། །དེ་ནས་རྒྱལ་པོ་དེས་དཔལ་མཆོག་དང་པོ་ལས་གསུངས་པ་བཞིན་གྱི་ཆགས་ཆེན་གྱི་སྤྱོད་པ་མཛད་དེ་འཁོར་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོར་བཀོད། འདོད་ཡོན་ལྔ་ལམ་དུ་བྱས་པ་གྲུབ་སྟེ། རྒྱལ་ས་སྲས་མོས་བསྐྱངས། དེའི་མཚན་གོ་མ་དེ་ཝིའོ་དེ་དང་སློབ་མ་སྒྲ་གཅན་འཛིན་བཟང་པོ། སུ་བྷཱུ་ཏི་༼༩༦༽པཱ་ལི་ཏ། ཡེ་ཤེས་རྡོ་རྗེ། པྲ་ཛྙྱཱ་སིདྡྷི་ལ་བརྒྱུད་དེ་རྣམས་ཡང་དག་པར་བསྟན་ཏེ་མཁའ་སྤྱོད་དུ་བྱོན་ནོ། །སྲས་མོས་ཀྱང་དེ་ལྟར་བསྒྲུབས་པས་མཁའ་སྤྱོད་ཆེན་པོ་བརྙེས་སོ་ཞེས་གྲགས་སོ། །དེ་དང་སློབ་མའི་མཆོག་བཞི་ལ། གཙོ་བོར་ཡོ་ག་ལ་མཁས་པ་མི་གསུམ་གྱིས་གསན་ཏེ། སློབ་དཔོན་ཀུན་དགའ་སྙིང་པོ་དང་། སངས་རྒྱས་གསང་བ། ཤཱཀྱ་བཤེས་གཉེན་ནོ། །དཀར་ཤཱཀྱ་གྲགས་ཀྱིས་རྒྱལ་པོ་འདི་ཤར་ལྷོའི་གྲོང་ཁྱེར་པ་ཌི་ཀོ་རི་རུ་སངས་རྒྱས་གཤེགས་ནས་ལོ་ཉི་ཤུ་ན་བྱུང་ཟེར་ཏེ་ཡུལ་ནོར་བ་དང་དུས་སྔ་ཆེས་པས་མི་འཐད་དོ། །རང་ལུགས་ནི་དེའི་སློབ་མའི་རབས་ལ་བརྟག་ན་མཁས་པ་དབྱིག་གཉེན་གྱི་ཐད་ཙམ་མོ། །གཞན་ཡང་རྒྱལ་པོ་དེའི་སློབ་མ་ཁ་ཆེའི་མཁས་པ་རབ་ཏུ་སྣང་བྱེད་དང་། རྒྱལ་བའི་སྡེ་ཀུན་དགའ་མོ་སོགས་རིག་སྔགས་འཆང་མང་ཞིག་བྱོན་ནོ། །དེ་ལས་ཀུན་དགའ་སྙིང་པོ་ནི་བཞི་ཡོད་པ་ལས་འདི་རྒྱལ་རིགས། དེའང་། རྒྱལ་པོ་ར་མ་པཱ་ལའི་གདན། །རིག་པའི་གནས་ལྔ་མཁས་པར་ཐོབ། །ར་མ་པཱ་ལ་ཆོས་ཀྱི་དོན། །ཀུན་དགའ་སྙིང་པོ་རིག་པའི་མཆོག །ཅེས་སོ། །དེའང་ཡུལ་བྷངྒ་ལར་འཁྲུངས་པ། རིག་པའི་གནས་ཐམས་ཅད་མཁྱེན་པ། སློབ་དཔོན་བཞི་ལས་གསང་སྔགས་ཀྱི་གདམས་པ་ཐོབ་པ། ཆོ་ག་ཞིབ་མོ་ལ་མཁས་པ། དཀྱིལ་འཁོར་ཆེན་པོའི་མངའ་བདག བསྟན་བཅོས་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། བཙུན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའོ། །དེ་བྷངྒ་ལའི་དགོན་པ་དབེན་པར་སྒྲུབ་པ་ལ་གཞོལ་བའི་ཚེ། རྒྱ་གར་ནུབ་ཕྱོགས་ཀྱི་པཎྜྻི་ཏ་པྲ་ཛྙྱཱ་བ་ལི་ཏས། སློབ་དཔོན་སྒྲ་གཅན་འཛིན་སོགས་ཀྱི་སྙན་པ་ཐོས་ནས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་སློབ་དཔོན་བཞི་གར་བཞུགས་དྲིས་པས། དེ་བཞི་ཀ་གྲོངས་ཟེར། དེའི་སློབ་མ་སུ་ཡོད་དྲིས་པས། སློབ་དཔོན་ཀུན་དགའ་སྙིང་པོ་བྱ་བ་ད་ལྟ་བྷངྒ་ལའི་དགོན་པར་བཞུགས་ཟེར། དེར་བྱོན་པས་སློབ་དཔོན་རྡོ་ལེབ་ཅིག་གི་སྟེང་ན་འབྲས་ཆན་ཞིག་བརྡལ་ནས་གསོལ་བ་དང་མཇལ་ཏེ། ཆོས་ཞུས་པས། དེ་ཉིད་འདུས་པ་དང་། ངན་སོང་སྦྱོང་རྒྱུད་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལ་སོགས་པའི་རྒྱུད་བདུན་འགྲེལ་པ་ཆོ་ག་དང་བཅས་པ་གསུངས། རྡོ་རྗེ་དབྱིངས། ཁམས་༼༩༧༽གསུམ་རྣམ་རྒྱལ། གཙུག་དགུ། རིགས་བསྡུས་དྲི་མེད་བཞི་ཁོང་གི་དོན་དུ་མཛད། གཞན་ཡང་གདམས་པ་མང་དུ་གནང་སྟེ། ཁོང་གིས་ཡུལ་དབུས་བཞུགས་ནས་བཤད་པས་གྲགས་པ་ཐོབ། དེའི་དབང་གིས་རྒྱ་གར་ཤར་ནུབ་ཀུན་ནས་ཉན་མཁན་མང་དུ་འཚོགས། དེ་དག་གིས་སུ་ལ་ཐོས་རྩད་བཅད་པས། བྷངྒ་ལའི་ཀུན་དགའ་སྙིང་པོ་ལ་ཐོས་ཟེར། དེར་ཤར་ཕྱོགས་པ་རྣམས་ན་རེ། དེ་ནི་ངེད་རང་གི་ཡུལ་ན་བཞུགས་པར་འདུག་ཟེར། དེ་ནས་ལོག་པ་དང་། བྷངྒ་ལའི་རྒྱལ་པོ་ལ་བྷངྒ་ལའི་དགོན་པ་ན་སློབ་དཔོན་ཀུན་དགའ་སྙིང་པོ་བྱ་བ་མཁས་པ་ཆེན་པོ་ཞིག་བཞུགས་ཟེར་བས། དེ་སྤྱན་དྲངས་ནས་ཆོས་ཞུ་དགོས་ཞེས་གསོལ་བས། རྒྱལ་པོ་དགྱེས་ཏེ་ཤིང་རྟ་ལ་བསྐྱོན་ནས་སྤྱན་དྲངས། ཨོ་ཙ་ཡ་ནའི་གཙུག་ལག་ཁང་གི་གནས་བརྟན་ཆེན་པོ་ཞུས་ནས། ས་ཐོབ་པའི་པཎྜྻི་ཏ་མང་པོས་བསྐོར་ནས་ཆོས་འཆད་པར་མཛད་དེ། སྨད་འགྲེལ་ལས། ཨོ་ཙ་ཡ་ན་གཙུག་གི་ནོར། །འཇིག་རྟེན་གསུམ་པོ་དགའ་བྱེད་པ། །བྱང་ཆུབ་སེམས་དཔའ་ཚོགས་ཀྱི་གནས། །དཔལ་ལྡན་གཙུག་ལག་ཁང་ཆེན་དུ། །ཞེས་སོགས་གསུངས་སོ། །དེར་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པས་རྒྱུད་བརྒྱ་ལ་འགྲེལ་པ་རྩོམ་པར་དམ་བཅས་ཏེ། རྒྱུད་བརྒྱ་མ་རྙེད་པར་དཔལ་མཆོག་དང་། དེ་ཉིད་འདུས་པ་གཉིས་ལ་འགྲེལ་པ་ཆེ་ཆུང་གཉིས་གཉིས་མཛད་དོ་ཞེས་གྲགས་སོ། །སློབ་དཔོན་པྲ་ཛྙྱཱ་བ་ལི་ཏས་ཛེ་ཏ་རི། དཔལ་འཛིན། རིན་ཆེན་རྡོ་རྗེ། ནོར་བུ་གླིང་པ། ཤྲདྡྷཱ་ཀ་ར་ཝརྨ། དྷརྨ་པཱ་ལ་སོགས་ལ་གནང་བ་ལས་ཕྱི་མ་མཁས་པར་བྱེད། དེས་ཀུན་སྙིང་རང་ལའང་གཏུགས་ཟེར། སློབ་དཔོན་སངས་རྒྱས་གསང་བ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། དེའི་སློབ་མ་སངས་རྒྱས་ཞི་བ་གཉིས་ལ་ཐུག རིག་པའི་གནས་ཕལ་དང་། ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ། དེ་ནས་རྒྱུད་ཀྱི་གླེགས་བམ་བལྟས་པས་ཅིའང་མ་གོ་ནས། ཐོས་པ་ཆུང་བའང་བདུད་ཀྱི་ལས་སོ་ཞེས་གསུངས་ཏེ། སྤྱིར་རང་གཞན་གྱི་གྲུབ་མཐའ་ཐམས་ཅད་དང་། ཁྱད་པར་སློབ་དཔོན་གཉིས་དང་ཛའི་སློབ་མ་བཞི་ལ་སོགས་པ་བསྟེན་ནས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏེ། འཆད་ཉན་ཡང་ལེགས་པར་མཛད་དོ། །དེ་ནས་ཡང་དག་འཇོག་བཞེད་ནས་དབེན་པར་མཉམ་པར་བཞག་པ་ན་སེམས་བ་འཇོ་བའི་ནུ་མ་འཐེན་པའི་ཡུན་ཙམ་ཡང་གནས་པར་མ་ནུས་ནས་ཐུགས་སྐྱོ་སྟེ། ཐོས་པ་མང་པོའང་བདུད་༼༩༨༽ཀྱི་ལས་སོ་ཞེས་གསུངས་ཏེ། པཎྜྻི་ཏའི་བྱ་བ་བསྐྱུར་ནས་གངས་ཏི་སེ་ལ་སྒོམ་དུ་བྱོན། དེ་ནས་སྐུ་མ་སྤངས་པར་མཁའ་སྤྱོད་དུ་བྱོན་ནོ། །དེའི་སློབ་མ་དཱ་བྱང་ཆུང་སེམས་དཔའ་སོགས་སོ། །ཤཱཀྱ་བཤེས་གཉེན་ནི། སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་གཞི་བྱེ་བྲག་ཏུ་སྨྲ་བའི་འདུལ་བ་འཛིན་པ་གཞུང་ལུགས་ཀུན་ལ་མཁས་པའི་གྲགས་པ་ཅན་དེས་ཀྱང་ཛའི་སློབ་མ་བཞི་ལ་སོགས་པ་ལ་གཏུགས་ཏེ་རྒྱུད་ཀྱི་རྣམ་བཤད་ལ་སོགས་པ་མཛད། འདིའི་ལུགས་ཁ་ཆེར་དར་རོ།། །། ༈ ནུབ་ཕྱོགས་ཨུ་རྒྱན། ལྷོ་དབུས་ཟ་ཧོར་དུ་བྱུང་བའི་ཚུལ་ལས་འཕྲོས་ནས། བོད་དུ་གྲགས་པ་གསང་སྔགས་རྙིང་མའི་ལོ་རྒྱུས་ལ། བཀའ་གཏེར་གཉིས་སུ་གྲགས་ལ། དང་པོ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་བརྒྱུད་པ་གསུམ། དང་པོ་ནི་སྟོན་པ་ཆོས་སྐུས་སྤྲུལ་སྐུ་དང་། ས་ལ་གནས་པའི་སེམས་དཔའི་ངོར་ལོངས་སྐུའི་ཚུལ་བསྟན། རང་གི་ངོ་བོའི་སྒོ་ནས་བཤད། དེ་ནས་ལོངས་སྐུ་མེ་ཏོག་པདྨའི་སྟེང་དུ་རང་བྱུང་རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བྱོན་ནས་ལྷ་གནས་གསུམ་དུ་འཁོར་རྣམ་པ་བཞི་ལ་གདམས་པ་རིན་པོ་ཆེ་རྣམ་པ་གསུམ་བཤད། དེས་འཁོར་རྣམས་ཀྱི་སྤྲོས་པ་བཅད་དོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའི་ཞལ་ལན་གསུམ་དུ་གཟིགས་པ། གསུང་ལན་གསུམ་དུ་གསན་པ། ཐུགས་ལན་གསུམ་དུ་མཁྱེན་པ་རིག་འཛིན་གྱི་གཙོ་བོ་དགའ་རབ་རྡོ་རྗེས། རྒྱ་ནག་བཀྲ་ཤིས་ཁྲིགས་སྒོར་འཇམ་དཔལ་བཤེས་གཉེན་ལ་བཤད། དེས་རྒྱ་ནག་ཞོ་ཤའི་གླིང་དུ་འཁྲུངས་པ་ཤྲཱི་སིངྷ་ལ་བཤད། དེས་སིང་བ་ལའི་ནགས་སུ་དངོས་གྲུབ་བརྙེས། དེས་དུར་ཁྲོད་བསིལ་བའི་ཚལ་དུ་རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་པ་བི་མ་ལ་མི་ཏྲ་དང་། རྒྱ་ནག་བཀྲ་ཤིས་ཁྲིགས་སྒོར་ཛྙྱཱ་ན་སུ་ཏྲ་ལ་གདམས། ཕྱི་མ་ལའང་བི་མ་ལས་གསན་ནོ། །དེ་རྫོགས་པ་ཆེན་པོ་མཐར་ཐུག་གི་ཆོས་ཀྱི་བརྒྱུད་པའོ། །འཇམ་དཔལ་བཤེས་གཉེན། སངས་རྒྱས་གསང་བ། དེས་བི་མ་ལ་སྟེ་སྒྱུ་འཕྲུལ་གྱི་བརྒྱུད་པ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཤཱནྟིཾ་གརྦྷ། དེས་རྒྱ་གར་གྱི་རྒྱལ་པོ་ཀུན་སྐྱོང་དང་། བལ་པོ་བ་སུ་དྷ་ར་གཉིས་ལ་སྟེ་གཤིན་རྗེའི། གཤིན་རྗེ་མཁན་པོ་རྣམས་ན་རེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་གྱི་ཏནྟྲ་འབུམ་སྡེ་དཔེ་ལ་༼༩༩༽བཀོད། མ་གཤིན་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པའི་ཚེ། བཾ་ལ་ཡེ་ཤེས་སེམས་དཔའ་ཞུགས་ཏེ་དངོས་སུ་བཞེངས་པ་རོ་ལངས་བདེ་བའི་དངོས་གྲུབ་ཡིན། དུས་ཀྱི་མཐའ་ལ་དེ་ལྟ་བུའི་རིག་འཛིན་ཆེན་པོ་ཞིག་འབྱུང་ཟེར་རོ། །ཀླུ་སྒྲུབ་ལས་པདྨ་སམྦྷས་གསན་པ་རྟ་མགྲིན། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཧཱུྃ་ཀ་ར། ཡང་དག པདྨ་སམྦྷ་ལ་རྡོ་རྗེ་ཕུར་པ། འདི་ལ་སློབ་དཔོན་ཀླུ་སྒྲུབ། ཐོགས་མེད། རོ་ལངས་བདེ་བ་རྣམས་ཀྱི་གཞུང་ཡོད་ཅེས་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་ཟེར་རོ། །དྷ་ན་སཾཀྲྀ་ཏའམ་པདྨ་ནག་པོ་ལ་མ་མོ། ཤཱནྟིཾ་གརྦྷ་ལ་འཇིག་རྟེན། བི་མ་ལ་ལ་བདུད་རྩི་ཞེས་འདྲེན་ལ། སློབ་དཔོན་སོ་སོས་མཛད་པའི་དེ་དག་གི་ཡི་གེའི་རིགས་ཀྱང་མང་ངོ་། །པདྨ་སམྦྷས་རིག་འཛིན་གཞན་རྣམས་ལའང་གསན་ནོ། །གཏེར་མའི་ལོ་རྒྱུས་ལ་ནི། སྟོན་པ་ཀུན་ཏུ་བཟང་པོས་དགོངས་པར་བཞུགས། རྒྱལ་བའི་བཞེད་པ་ཐམས་ཅད་གཅིག་ཏུ་བསྒྲིལ་ནས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོར་མངོན་སུམ་བསྟན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འཁོར་དང་མ་འོངས་པའི་གདུལ་བྱ་འདུལ་བའི་ཕྱིར། རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ཏེ་རྒྱུད་ལུང་མན་ངག་ཏུ་ཕྱེ་ནས་གླེགས་བམ་དུ་བྱས། །མཁའ་འགྲོ་མ་རྣམས་དང་ལྷ་མ་སྲིན་སྡེ་བརྒྱད་ལ་གཏད་དོ། །དེ་ནས་མཁའ་འགྲོ་མ་དང་སྡེ་བརྒྱད་རྣམས་ཀྱིས་ཆེ་མཆོག་གི་རྒྱུད་ལུང་མན་ངག་གསེར་གྱི་སྒྲོམ་བུར་བཅུག ཡང་དག་དངུལ་གྱི་སྒྲོམ་བུར། གཤིན་རྗེ་ལྕགས་ཀྱི་སྒྲོམ་བུར། པདྨ་ཟངས་ཀྱི་སྒྲོམ་བུར། ཕུར་བུ་གཡུའི་སྒྲོམ་བུར། དྲག་སྔགས་གཟའི་སྒྲོམ་བུར། མ་མོ་བསེའི་སྒྲོམ་བུར། འཇིག་རྟེན་མཆོང་གི་སྒྲོམ་བུར། རིན་པོ་ཆེ་སྣ་བརྒྱད་ལ་བྱས་པའི་སྒྲོམ་བུར་བཀའ་སྤྱི་དྲིལ་བཅུག་གར་སྦ་བ་བགྲོས་པས་མ་འཆམ། དེར་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་བྱོན་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ནང་དུ་སྦོས་ཤིག་གསུང་བ་བཞིན་བྱས་ཐམས་ཅད་ཀྱིས་མཆོད་དོ། །དེ་ནས་རིང་ཞིག་ན་སློབ་དཔོན་ཆེན་པོ་བརྒྱད་དགོངས་པ་ལ་བཞུགས་པ་མཐུན་པའི་གཟིགས་སྣང་ལ། དུར་ཁྲོད་ཆེན་པོ་དེ་ན་ཉིན་པར་རླུང་དང་འཚུབ་མ། ཐོག་དང་སེར་བ་འབབ། མཚན་འོད་དང་མེར་འབར། གློག་འཁྱུག་པའི་ཆོ་འཕྲུལ་སྣ་ཚོགས་བྱུང་བས། རིག་འཛིན་བརྒྱད་བཀའ་༼༡༠༠༽བགྲོས་ཏེ་འདི་ནས་འཇིག་རྟེན་གྱི་ཁམས་འཚེངས་པའི་ཆོས་འོང་ངམ་ནོར་འོང་། འོན་ཏེ་འཇིག་རྟེན་གྱི་ཁམས་ཕུང་བའི་ངན་སྔགས་འབྱུང་བས་བཏོན་ན་འཐད་པར་ཞལ་འཆམ། སློབ་དཔོན་རྣམས་ཀྱིས་མཐུན་པའི་རྫས་ཀྱིས་མཁའ་འགྲོ་དང་སྡེ་བརྒྱད་མཆོད། བཀའ་བདེན་པའི་ཆོས་བཤད། དགོངས་པ་རྒྱ་བསྐྱེད་ནས་དབང་དུ་བསྡུས་ཏེ་དགུང་བདུན་གྱི་ནུབ་མོ་གཏེར་སྐྱོང་རྣམས་ཀྱི་སྒྲོམ་བུ་རྣམས་ལས། གསེར་གྱི་སྒྲོམ་བུ་བི་མ་ལ་ལ། དངུལ་ཧཱུྃ་ཀ་ར། ལྕགས་འཇམ་དཔལ་བཤེས་གཉེན། ཟངས་ཀླུ་སྒྲུབ་སྙིང་པོ། གཡུ་པདྨ་འབྱུང་གནས། བསེ་དྷ་ན་སཾཀྲྀ་ཏ། མཆོང་རོང་བུ་གུ་་དེ་ཝ་ཙནྡར། གཟི་ཤཱནྟི་གརྦྷ་གྲགས་ལ། རིན་པོ་ཆེ་སྣ་བརྒྱད་ཀའི་སྒྲོམ་བུ་དབུས་སུ་བཞག་པ་ཁ་མ་ཕྱེ་བར་སླར་ཡང་གཏེར་དུ་བཞུགས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱི་ནས་བཏོན་ཞེས་གྲགས་ལ། རིག་འཛིན་ཐམས་ཅད་དང་པོར་རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས་ལ། བར་དུ་བསྒྲུབས། མཐར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ཤ་སྟག་གོ །དེ་དག་ལས་བདག་ཅག་གངས་ཅན་པ་རྣམས་ལ་ཉམ་ང་བའི་དུས་ཀྱི་སྐྱབས་སམ། སྐྱེལ་མའམ། མགོན་ནམ། རྟེན་ས་བླ་ན་མེད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལོ་རྒྱུས་ནི། ལྷོ་ནུབ་རྔ་ཡབ་གླིང་གི་ཚུར་རོལ། ཨུ་རྒྱན་ཡུལ་གྱི་ཕ་རོལ། ཆུ་བོ་ཆེན་པོ་སིནྡྷུ་རྒྱ་མཚོར་འབབ་ས། ཀླུའི་རྒྱལ་པོ་འཇོག་པོའི་ཕོ་བྲང་གནས་པའི་རྒྱ་མཚོར་པདྨའི་སྡོང་པོ་ཕུན་སུམ་ཚོགས་པའི་གེ་སར་གྱི་རྩེར། ཁྱེའུ་ལོ་བརྒྱད་ཙམ་ལོན་པའི་ན་ཚོད་གཟུགས་བྱད་ཕུན་སུམ་ཚོགས་པ་ཞིག་ཏུ་བརྫུས་ཏེ་འཁྲུངས་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོས་མཁྱེན་ནས་རྒྱ་མཚོར་འགྲོ་བའི་གཟིངས་བཅས་ཏེ། དེའི་ཐད་དུ་ཕྱིན་ནས་སྤྲུལ་པའི་ཁྱེའུ་དེ་སྤྱན་དྲངས། རང་གི་སྲས་སུ་གཟུང་དེ་ལ་རྒྱལ་སྲིད་གཏད་དེ། རང་སྒྲུབ་པ་ལ་ཞུགས། དེས་གདུལ་བྱ་རྣམས་སྨིན་པར་མཛད། དེ་ནས་རྒྱལ་སྲིད་སྤངས་ཏེ་ཡུལ་དབུས་སུ་བྱོན། ཀུན་དགའ་བོ་ལས་རབ་ཏུ་བྱུང་། ཐེག་དམན་གྱི་གཞུང་ལ་ཐོས་པ་མཛད། གསངས་ཏེ་གསང་སྔགས་གསན། དུར་ཁྲོད་བསིལ་བའི་ཚལ་དུ་གསང་སྤྱོད་ལ་བྱོན། ཏ་ན་ག་ན་ཏེ་སྦྱོར་བ་དང་སྒྲོལ་༼༡༠༡༽བས་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་པས་མཚན་ཤཱནྟ་རཀྴི་ཏ་ཞེས་བྱའོ། །གཞན་ཡང་ཕྱོགས་བཞི་མཚམས་བཞིའི་དུར་ཁྲོད་ཆེན་པོ་བརྒྱད་ཀུན་ཏུ་ཚུལ་དེ་ལྟ་བུའི་སྤྱོད་པ་བསྐྱངས་པས་ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་དང་། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་པས་ནམ་མཁའི་གཟའ་ཆེན་པོ་ཐམས་ཅད་བྲན་དུ་འཁོལ་བར་ནུས་ཏེ་རྡོ་རྗེ་དྲག་པོ་རྩལ་ཞེས་བྱའོ། །དེ་ནས་བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ་སློབ་དཔོན་ཆེན་པོ་པྲ་བྷ་ཧ་ཏིའི་སྤྱན་སྔར་ཡོ་ག་རྣམ་པ་གསུམ་གྱི་ཆོས་ལ་སྦྱངས། དེ་ནས་བཤད་པའི་ལྷ་ཚོགས་ཐམས་ཅད་མངོན་དུ་གྱུར་གཟིགས་ཏེ་ཤཱཀྱ་སེངྒེ་ཞེས་བྱའོ། །གཞན་རྒྱ་གར་ཡུལ་གྱི་གནས་ཆེན་གཙུག་ལག་ཁང་དུ་མར་བྱོན་ཏེ་ཕྱི་མཚན་ཉིད། ནང་གསང་སྔགས། སྒྲ་དང་ཚད་མ་ལ་སོགས་པ་ཀུན་ལ་སྦྱངས་པས་མཁས་པ་བློ་ལྡན་མཆོག་སྲེད་ཅེས་བྱའོ། །དེ་ནས་བྲག་ཕུག་མ་ར་ཏི་ཀའི་གནས་སུ་འཆི་མེད་ཚེ་བསྒྲུབས་པས་འགྲུབ་སྟེ། ནམ་མཁའ་ཇི་སྲིད་སྐྱེ་འཆི་མི་སྟོན་པར་རྡོ་རྗེའི་སྐུར་བཞུགས་པས་པདྨ་འབྱུང་གནས་ཞེས་བྱའོ། །དེ་ནས་ཟ་ཧོར་གྱི་རྒྱལ་ཁམས་རྫུ་འཕྲུལ་གྱིས་བཏུལ་ཏེ་དམ་པའི་ཆོས་རྒྱས་པར་མཛད་པས་པདྨ་སམྦྷ་ཝ་ཞེས་བྱའོ། །ཨུ་རྒྱན་གྱི་ཡུལ་དུ་གཤེགས་པས་གཤེད་མས་མེའི་དབུས་སུ་བསྲེགས་པའི་ཚེ་མེ་ཐམས་ཅད་མཚོར་སོང་། དེའི་དབུས་སུ་པདྨའི་སྡོང་པོ་བྱུང་བ་དེ་ལ་སློབ་དཔོན་ཡབ་ཡུམ་བཞུགས་ཏེ། ཡུམ་ནི་ཟ་ཧོར་རྒྱལ་པོའི་སྲས་མོ་མནྡརའོ་ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྲིང་པོ་འཁོར་བཅས་བྱང་ཆུབ་ཏུ་བཀོད་དེ་པདྨ་རྒྱལ་པོ་ཞེས་བྱའོ། །འདི་ལས་སྔར་གྱི་སྐུ་མེད་རྡོ་རྗེ་སློབ་དཔོན་དུ་གཏོགས་ལ། དེ་ཁ་དགའ་རབ་རྡོ་རྗེར་འཆད་མཁན་ཡང་སྣང་བས། དེའང་སློབ་དཔོན་གྱི་སྒྱུ་མའི་གར་རོ་སྙམ་མོ། །དེ་ནས་རྒྱ་གར་དུ་བྱོན། མཁའ་འགྲོ་བདུད་འདུལ་མས་བྱིན་གྱིས་བརླབས། མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་རྩོད་པས་བཏུལ། ངན་སྔགས་ཀྱི་བདག་པོ་ཕྱག་སོར་གྱི་རྩེ་ལས་ཐོག་འཕངས་ཏེ་བསྒྲལ་བས་འཕགས་པ་སེངྒེ་སྒྲ་སྒྲོག་ཅེས་བྱའོ། །དེ་ནས་བལ་ཡུལ་དུ་བྱོན། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་༼༡༠༢༽པའི་ལམ་གྱི་སྙིང་པོ་སྒྲུབ་པའི་ཚེ། བར་དུ་གཅོད་པའི་བགེགས་བྱུང་བ་རྡོ་རྗེ་ཕུར་པས་བསྒྲལ་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་པས་རྡོ་རྗེ་ཐོད་འཕྲེང་རྩལ་ཞེས་བྱའོ། །དེ་ནས་བོད་ཡུལ་དུ་བྱོན་ཏེ་བོད་ཀྱི་འདྲེ་སྲིན་གདུག་པ་ཅན་གནོད་སྦྱིན་གཏུམ་པོ་མ་རུངས་པའི་རིགས་སུ་གནས་པ་ཐམས་ཅད་ཕྱག་རྒྱ་གཉན་པོས་ཟིལ་འོག་ཏུ་མནན། རང་རང་གི་སྲོག་མདོངས་གསོལ་དུ་ཕུལ་བ་བཞེས། བཀའ་འབངས་བགྱིད་པར་རྩིས་ལ་ཕབ། སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་ཆད་བྱས་ཏེ་དཔལ་གྱི་བསམ་ཡས་བཞེངས་རབ་ཏུ་གནས་པ་མཛད་པས་བོད་ཁམས་བདེ་བ་ལ་བཀོད། བསམ་ཡས་འཆིམས་ཕུའི་བྲག་དམར་ཀིའུ་ཚང་དུ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ། ལས་ཅན་གྱི་རྒྱལ་པོ་རྗེ་འབངས་སྨིན་པར་མཛད། གསང་སྔགས་འབྲས་བུའི་ཐེག་པ་ཤིན་ཏུ་གསང་དམ་པའི་ཚུལ་གྱིས་བསྟན། མཚོ་རྒྱལ་གཟུངས་མར་བསྟེན། སྟག་ཚང་སེངྒེའི་བསམ་འགྲུབ་ཀྱི་ཕུག་ཏུ་གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ། གནས་ཆེན་གངས་བྲག་རྣམས་སུ་གཏེར་ཆེན་དུ་མ་སྦས་ཏེ་མ་འོངས་པའི་སེམས་ཅན་གྱིས་སྤྱོད་པའི་སྐབས་ཕྱེ་ལ་རྡོ་རྗེ་གྲོ་ལོད་རྩལ་ཞེས་བྱའོ། །བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་པ་མཛད་པ་དང་། བྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛད་པ་དང་། ཕྱོགས་བཞིའི་བྲག་ལ་ཞབས་རྗེས། ཡོངས་སུ་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས། སྐུ་ཚབ་རིགས་ལྔ་བོད་ཀྱི་དོན་ལ་བཞག་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་རྣམ་པ་བཞི་ཡིས་ཉོན་མོངས་པ་འདུལ་དཀའ་བའི་སེམས་ཅན་ཐམས་ཅད་ཐབས་ཀྱིས་འདུལ་བར་མཛད་དེ། མཐར་མང་ཡུལ་གུང་ཐང་གི་བར་དུ་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ཏེ། ནང་རེ་དགོངས་རེ་བོད་ཀྱི་དོན་ལ་འབྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན། །ཡར་ངོའི་ཚེས་བཅུའི་དུས་ན་དངོས་སུ་འབྱོན། །ཞེས་ཞལ་གྱིས་བཞེས་ཏེ་མཐོང་མི་མཐོང་གི་བར་མཁའ་ལ་འཕུར་བ་སྐད་མཛད་ལ། གཞན་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱི་སྲིན་ཡུལ་རྔ་ཡབ་གླིང་དུ་སྲིན་པོའི་རྒྱལ་པོའི་རྣམ་པར་མཛད་དེ། གདུག་པ་ཅན་གྱི་ཁ་གནོན་པ་ལ་འཇིག་རྟེན་ཇི་སྲིད་གནས་༼༡༠༣༽པའི་རིང་བཞུགས་སོ་ཞེས་ཐོས་སོ།། །། ༈ ད་ནི་ཤམྦྷ་ལར་ཇི་ལྟར་དར་བའི་ཚུལ་ནི། དཔལ་ལྡན་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེན་པོར་རྒྱལ་པོ་ཟླ་བ་བཟང་པོས་རྒྱུད་ཉན་ནས་ཕྱིར་ལོག་སྟེ་ལོ་དེ་ཉིད་ལ། ཤམྦྷ་ལ་གངས་རིས་ཟླུམ་པོར་བསྐོར་བའི་དབུས་ན་པདྨ་འདབ་མ་བརྒྱད་པ། དེ་རེ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས། དེ་རེ་རེ་ལ་རྒྱལ་པོ་རེ་རེ་ཡོད་པ། ཡུལ་རེ་རེ་ལའང་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་པ་སྟེ། ཡུལ་འཁོར་རེ་རེའང་གྲོང་འབུམ་ཕྲག་རེ་ལ་བྱེད་པ་དེ་རི་ལྟེ་བ་གངས་རི་མུ་ཁྱུད་ལྟ་བུས་བསྐོར་བ་དེའི་ནང་ན་ལྷས་བརྩིགས་པའི་ཕོ་བྲང་ཀ་ལཱ་པ་ཚངས་པའི་དྲང་སྲོང་དག་གནས་པས་ཐུབ་པ་མཆོག་གི་གྲོང་ཁྱེར་ཞེས་གྲགས་པ་མི་ཁྱིམ་བྱེ་བ་ཕྲག་བཅུ་གཉིས་ཡོད་པ་དེའི་ཆུ་ཞེང་དཔག་ཚད་བཅུ་གཉིས་པ། དེའི་ལྷོ་ཕྱོགས་ཀྱི་དབུས་ན་མཱ་ལ་ཡའི་སྐྱེད་མོས་ཀྱི་ཚལ་དང་། ཚལ་དེའི་གཡས་གཡོན་ན་ཉེ་བའི་མཚོ་དང་པདྨ་དཀར་པོའི་མཚོ། གསུམ་ཀའང་དཔག་ཚད་བཅུ་གཉིས་པ། མཱ་ལ་ཡའི་སྐྱེད་མོས་ཚལ་ན་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་བ་རིན་པོ་ཆེ་ལྔའི་རང་བཞིན་གྲུ་བཞི་པ། རྒྱར་ཁྲུ་བཞི་བརྒྱ་ཡོད་པ་བཞེངས། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་དེ་ལོ་གཅིག་བཤད། རྒྱུད་བསྟན་པའི་ཕྱི་ལོའི་རྒྱལ་ཉ་ལ་སྲས་ལྷ་དབང་རྒྱལ་སར་བཀོད་དེ། རང་ཉིད་ལྕང་ལོ་ཅན་དུ་གཤེགས་སོ། །སྲས་ནི་སའི་སྙིང་པོ་ཡིན་ལ། དེའི་སྲས་གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན། སྒྲིབ་སེལ་ཟླ་བས་བྱིན། རྨུགས་བྱེད་ལྷའི་དབང་ཕྱུག ཁེངས་བྱེད་སྣ་ཚོགས་གཟུགས། ནམ་སྙིང་ལྷའི་དབང་ལྡན་དང་། དེའི་ལྷ་མོ་སྣ་ཚོགས་ཡུམ་གྱི་མངལ་དུ་འཇམ་པའི་དབྱངས་འཁྲུངས་པ་ནི། ལྷ་དང་། ལྷ་མ་ཡིན་དང་། སྤྲུལ་པའི་སྐུ་རྒྱལ་པོའི་རིགས་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་སྐྱེས་པ་རིན་པོ་ཆེའི་ཅོད་པན་ཆེན་པོ་བཅིངས་པ་གྲོང་བྱེ་བའི་བདག་པོ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་རྒྱལ་པོ་ཆེན་པོ་གྲགས་པའོ། །དེས་རྒྱལ་ས་བཟུང་ནས་ལོ་གོ་དགུ་ཚུན་ནི་རྩ་བའི་རྒྱུད་བཤད་ལ། བརྒྱ་པ་ལ་དེ་བཞིན་གཤེགས་པས་བསྡུས་པའི་རྒྱུད་བསྡུ་བར་ལུང་བསྟན་༼༡༠༤༽པའི་དུས་ལ་བབ་པར་གཟིགས་ནས། དབོ་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྣམས་ལ་བཀའ་ནན་ཆེན་པོ་མགོ་བོར་རྡོ་རྗེ་ལྷུང་བ་ལྟར་ཕབ་ནས། དེ་དག་གིས་ཀ་ལཱ་པའི་གྲོངས་སྤངས་ཏེ་འཕགས་པའི་ཡུལ་དུ་དོན་ཕྱིན་ནོ། །ཉི་མ་བཅུ་བགྲོད་པའི་མཐའ་ལ་ནགས་ཚལ་ཐིབས་པོར་ཞུགས་པ་ན། རྒྱལ་པོ་གྲགས་པས་ཇི་ལྟར་ཚངས་པའི་དྲང་སྲོང་འདི་དག་འཕགས་པའི་ཡུལ་དུ་སོང་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་མི་བཟད་པའི་སེམས་དང་ལྡན་པར་འགྱུར་ཏེ། འདིར་རྡོ་རྗེ་ཐེག་པར་གསུངས་པ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་དེས། དྲང་སྲོང་ཐར་པ་དོན་དུ་གཉེར་བ་འདི་དག་ཐམས་ཅད་དཔལ་རྒྱལ་པོ་གྲགས་པའི་འཇིགས་པས་གནས་ཡོངས་སུ་བཏང་སྟེ་རང་གི་གཉེན་བཤེས་བཟུང་ནས་འཕགས་པའི་ཡུལ་དུ་སོང་ངོ་། །ཞེས་རྒྱལ་རིགས་ལ་སོགས་པའི་སྐྱེ་བོ་རྣམས་སེམས་པར་བྱེད་ཅིང་སྐལ་བ་ངན་པར་གྱུར་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་ལ་སེམས་ལེགས་པ་དང་མི་ལྡན་པའི་ཕྱིར་རོ་སྙམ་དགོངས་ནས། ཁྱབ་འཇུག་དང་། ཚངས་པ་དང་། དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དང་ལྷའི་བྱིན་རླབས་དེའི་སྟོབས་ཀྱིས་དྲང་སྲོང་དེ་དག་ནགས་ཚལ་དུ་རྨོངས་ནས། དེར་གནས་པའི་རི་ཁྲོད་པ་དག་གིས་བཅིངས་ནས་རྒྱལ་པོ་གྲགས་པའི་འདུན་སར་དོར་བ་དང་། སད་ནས་ཅི་བདག་ཅག་ནགས་ཚལ་ཆེན་པོ་ནས་སླར་དཀྱིལ་འཁོར་གྱི་ཁང་པ་འདིར་སླེབ་པར་གྱུར་སྙམ་ཅ་ཅོར་བསྒྲགས་པ་མིའི་བདག་པོ་གྲགས་པའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ཏེ་སྨྲས་པ། ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་རྒྱལ་པོ་གྲགས་པ་འདི་ནི་ཕྱོགས་གཅིག་པ་མ་ཡིན་ཏེ། ཁྱེད་རྣམས་རྗེས་སུ་གཟུང་བའི་དོན་དུ་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་སུ་ཞིག་གོ །དེའི་ཕྱིར་འདིའི་ཞབས་ལ་སྐྱབས་སུ་སོང་ལ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་བསྒོའོ། །རྒྱ་མཚོའི་བློ་གྲོས་ཀྱི་ཚིག་དེ་དང་༼༡༠༥༽སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་དྲང་སྲོང་རྣམས་རིགས་སད་ནས་ཉི་མའི་ཤིང་རྟ་འདྲེན་ཏེ་མིའི་དབང་ཕྱུག་དེ་ལ་གསོལ་བ་བཏབ་པས། དེས་ཀྱང་ཞལ་གྱིས་བཞེས་ཏེ་ཟླ་བ་ཕྱི་མ་ནག་པའི་དཀར་པོའི་ཕྱོགས་ལ་དབང་བསྐུར་བས་ཐམས་ཅད་ཀྱང་རྡོ་རྗེའི་རིགས་གཅིག་ཏུ་མཛད་པས་རིགས་ལྡན་ཞེས་གྲགས་སོ། །དབང་བསྐུར་བའི་དུས་དེ་ན་ཤམྦྷ་ལའི་ཡུལ་གྱི་མི་ཐམས་ཅད་དང་། ཁྱད་པར་གྱི་འཁོར་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞིའོ། །དེར་ཉི་མ་དེ་ཁ་ལ་རྩ་བའི་རྒྱུད་ལ་འཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱི་ཤློ་ཀ་སྟོང་ཕྲག་གཅིག་དང་སུམ་ཅུ་ལྷག་པས་དཔལ་ལྡན་རྒྱུད་བསྡུ་བར་མཛད་པས་འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་གི་རྒྱུད་ལ་རྡོ་རྗེའི་རིགས་ཀྱི་རིགས་ལྡན་དེ། རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམས་དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། །ཞེས་གསུངས་སོ། །དེའི་ལོའི་རྒྱལ་གྱི་ཉ་ལ་གང་བ་སྲས་ལྷ་མོ་སྒྲོལ་མའི་མངལ་དུ་འཁྲུངས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོ་ལ་རྒྱལ་པོ་བསྐོས་ཏེ། བསྡུས་པའི་རྒྱུད་ལ་སྟོན་པས་འགྲེལ་བཤད་བྱེད་པ་པད་དཀར་འཛིན་ཞེས་ལུང་བསྟན་པ་ལྟར་གྱིས་ཤིག་པར་བསྐུལ་ཏེ་སྤྲུལ་པ་བསྡུས་སོ། །པད་དཀར་གྱིས་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་པ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད་དེ་ལོ་བརྒྱར་བསྟེན། དེ་ནས་བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ་ཉི་མ། སྣ་ཚོགས་གཟུགས། ཟླ་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེངྒེ། རྣམ་གནོན། སྟོབས་པོ་ཆེ། མ་འགགས་པ། མིའི་སེངྒེ། དབང་ཕྱུག་ཆེན་པོ། མཐའ་ཡས། རྣམ་རྒྱལ་ཏེ། འགྲེལ་ཆེན་ལས། དེ་བཞིན་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་དག་གི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དེ་དག་ལུང་བསྟན་ནོ་ཞེས། ལུང་ཡང་རྩ་རྒྱུད་ལས། གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་དག་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། །ཞེས་༼༡༠༦༽པད་དཀར་ནས་དྲག་པོའི་བར་དུ་ཉི་ཤུ་རྩ་གསུམ། གཞན་ཞེས་པ་འཇམ་དབྱངས་དང་སྤྱན་རས་གཟིགས་གཉིས་ལས་གཞན་ཞེས་པས་སེམས་དཔའ་དེ་གཉིས་དོར་བའི་བཅུ་གསུམ། སྤྲུལ་གཞི་སྤྲུལ་སྐུ་མ་སྦྱར་བས་སུ་སུའི་ཡིན་པར་འཆད་པ་མི་མཐུན་པ་མང་ངོ་། །དེ་ནས། གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་པས་རྩ་དྲུག་པ་ལ་འཇམ་དབྱངས་གྲགས་པ་ཉིད་རྣམ་རྒྱལ་གྱི་སྲས་སུ་འཁྲུངས་ཏེ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དེ་ལྟར་ཟླ་བཟང་གི་ཡབ་རྒྱལ་པོ་ཉི་མའི་འོད་མི་ཐེ་བའི་ཆོས་ཀྱི་རྒྱལ་པོ་བདུན། རིགས་ལྡན་ཉི་ཤུ་རྩ་དྲུག་པ་ཐམས་ཅད་རྒྱལ་པོར་བསྐོས་ནས་ལོ་བརྒྱ་རྒྱལ་སྲིད་སྐྱོང་། བརྒྱ་པ་དེ་རང་ལ་རྒྱལ་ས་གཏད་ནས་སྤྲུལ་པ་བསྡུ་བར་མཛད་པ་ཡིན་ལ། དགུང་ལོ་འདི་ཙམ་ནས་རྒྱལ་སར་ཕེབས་ལུང་གིས་མ་ཟིན་པས་འཆད་པར་དཀའ་འོ། །དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྲགས་པ་འབྱོན། དེ་རྒྱལ་སར་ཕེབས་ནས་ལོ་བརྒྱད་བརྒྱ་ན་མ་ཁའི་ཡུལ་དུ་སྦྲང་རྩིའི་བློ་གྲོས་ཞེས་བྱ་བ་ར་ཎ་བསྒྲུབས་པ་གྲུབ་སྟེ་ཀླ་ཀློའི་ལུགས་བརྩམ། ལུགས་དེ་ལ་ལྷ་མ་ཡིན་གྱི་ཆོས། མུ་སྟེགས་པ་སྡེ་ལྔ་ལ་སོགས་པ་ལྷ་ཆེན་པོ་གསུམ་གྱིས་བསྟན་པར་འཛིན་པའི་ཕྱིར་ལྷའི་ཆོས། ཐེག་པ་གསུམ་ལ་ནི་སངས་རྒྱས་ཀྱི་ཆོས་ཞེས་གྲགས་སོ། །པད་དཀར་རྒྱལ་སར་ཕེབས་ནས་ལོ་བརྒྱད་བརྒྱ་ན་ལྷ་མ་ཡིན་གྱི་ཆོས་དེ་འཕགས་པའི་ཡུལ་གྱི་ཕྱོགས་སུ་འབྱུང་ལ། དེ་ནས་བརྒྱ་དང་གྱ་གཉིས་ན་རིགས་ལྡན་རྒྱལ་དཀས་རྩིས་གཞི་མཛད། དེ་ནས་ལོ་ཉིས་བརྒྱ་དང་ཉེར་གཅིག་སོང་བ་ན་དཔལ་དང་པོའི་སངས་རྒྱས་འཕགས་པའི་ཡུལ་དུ་བྱོན་པ་ཡིན་ལ། དེའི་ཕྱི་ལོའི་རབ་བྱུང་ནས་ད་ལྟའི་ཁྱུ་མཆོག་གི་བར་དྲུག་ཅུ་སྐོར་དགུ་དང་ལོ་བཅུ་བཞི་སོང་། ད་ལྟ་རྒྱལ་པོ་རྣམ་གནོན་རྒྱལ་སར་བཞུགས་ནས་ལོ་གྲངས་ལྔ་བཅུ་རྩ་བདུན་ཐལ་བ་ཡིན་ནོ། །ད་ནི་ལོ་ཞེ་གསུམ་ལྷག་པའི་དྲུག་བརྒྱ་ན་འཁོར་ལོས་སྒྱུར་བ་ཆེན་པོ་དྲག་པོ་འཁོར་ལོ་ཅན་ཁྲིར་ཕེབས་ལ། དེ་ནས་ལོ་ལྔ་བཅུ་ཤམྦྷ་ལ་རང་དུ་བཞུགས། ང་གཅིག་པ་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་ཤམྦྷ་ལ་ནས་བྱོན་ནས་སོག་ཡུལ་ཆུ་བོ་སཱི་ཏའི་འགྲམ་དུ་ཀླ་ཀློ་བྱེད་པའི་༼༡༠༧༽བློ་གྲོས་ཤམྦྷ་ལ་མ་ཡིན་པའི་འཛམ་བུ་གླིང་ཕལ་ཆེར་ཁོའི་འོག་ཏུ་ཆུག་པས་དཔུང་ཚོགས་ཆེན་པོ་ཅན་གྱིས་བསུ། དེར་འཐབ་པས་རིགས་ལྡན་རྒྱལ་ཏེ་ཁོ་འཁོར་བཅས་རྗེས་སུ་གཟུང་། དེ་བཞིན་གླིང་ལྷག་མ་རྣམས་སུའང་གཡས་སྐོར་གྱིས་ཀླ་ཀློའི་ལུགས་དེ་ཞུགས་པས། དེ་དག་ཏུ་བྱོན་ནས་འཐབ་མི་དགོས་ཆོས་ཀྱིས་བཏུལ། བསྟན་པར་བཞག དེ་ལ་ལོ་བཞི་བཅུ་རྩ་དགུ་འགོར། དེའི་ལྔ་བཅུ་པ་ལ་ཤམྦྷ་ལར་འཁོར་ཏེ་སྲས་ཚངས་པ་དེ་དང་བཅས་པའི་འཛམ་གླིང་དང་། ལྷའི་དབང་པོ་གླིང་བཅུ་གཅིག་ལ་རྒྱལ་པོར་བཀོད་ནས་སྤྲུལ་པ་བསྡུའོ། །དེ་ཡན་ལ་བསྟན་པའི་དུས་བཞི་ཐིམ་ལ། དེའི་ཕྱི་ལོ་ནས་དུས་བཞི་ཆུང་ངུ་རིགས་ལྡན་གྱི་དུས་བཞིར་གྲགས་པ་དེ་འོང་། དེ་ལ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མོད། དེའང་དོན་ལ་སངས་རྒྱས་ཀྱི་བསྟན་པའི་དུས་ཡིན་ཀྱང་། དང་པོ་སྤྱིར་བཏང་འདི་དམིགས་བསལ་དུ་བྱས་ནས་བཞག་འདིའང་ཤཱཀྱ་ཐུབ་པ་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ཡིན། འདིའི་རྫོགས་ལྡན་གྱི་དུས་མི་རྣམས་ཀྱི་ཚེ་བརྒྱ་ཕྲག་བཅོ་བརྒྱད་དུ་གནས་ཤིང་། དེ་བཞིན་ལོངས་སྤྱོད་ལ་སོགས་པའང་རྣམ་ཐོས་ཀྱི་བུའི་འབྱོར་པ་བཞིན་དུ་འཕེལ་ཞེས་གྲགས་ལ། དེ་སྐབས་འཛམ་བུའི་གླིང་གི་ས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །དེས་ན་ལུང་ལས་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ལ་སྟོང་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། ལྔ་སྟོང་གནས་པར་བཤད་པ་ལྟ་བུ་སོ་སོའི་དགོངས་གཞི་རྩད་མ་ཆོད་པར་ཁ་དམར་བཏགས་ན་འགལ་བའི་ཕུང་པོར་འགྱུར་ལ། ཕལ་ཆེར་ལྔ་སྟོང་དོན་ལ་གནས་པར་འདོད་པ་ལའང་འདིས་གནོད་ཅིང་། དེའི་ལྔ་བརྒྱ་ཕྱི་མ་གཉིས་སྐུ་གདུང་གི་དུས་སུ་བཤད་པ་ལ། དགའ་བའི་བཞིན་གྱི་རྟོགས་བརྗོད་ལས་ཡར་འཕེལ་བའི་མི་ལོ་དྲུག་བརྒྱ་ལ་གནས་བརྟན་ཆེན་པོ་བཅུ་དྲུག་འདུས་ནས་སྐུ་གདུང་གི་མཆོད་རྟེན་མཆོད་པར་བཤད་པས་གནོད་དོ། །དེས་ན་བསྟན་པའི་གནས་ཚད་འདི་ནས་གསུངས་པ་ལྟར་ཁས་ལེན་དགོས་ཏེ་ཐེག་པའི་ཁྱད་པར་གྱིས་སོ། །བསྟན་པའི་འདས་ལོ་དིང་སང་ཕན་ལ་སུམ་སྟོང་ལ་སོགས་པར་སྨྲ་བའང་འདིས་མ་དག་པར་གོ་ནུས་ཤིང་། འདིར་རང་གི་ལུགས་ལ་སྤྱིར་བཏང་གི་བསྟན་པའི་དུས་བཞི་ལ་ལོ་གྲངས་སུམ་སྟོང་ཉིས་བརྒྱ་ཡོད་པའི་ཉིས་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་དྲུག་༼༡༠༨༽འདས། ད་ལྟ་རྩ་བདུན་པའོ། །འདི་དང་རྒྱ་གར་གྱི་སློབ་དཔོན་རྣམས་ཀྱི་རབས། རྒྱ་ནག་གི་ཡིག་ཚང་། གདོང་དམར་ཅན་དུ་བསྟན་པ་དར་བའི་དུས་ཀྱི་ལུང་བསྟན་ཀུན་མཐུན། རིགས་ལྡན་ཉི་ཤུ་རྩ་ལྔར་འདོད་པ་དག་ལ་ལོ་གྲངས་བརྒྱ་བརྒྱར་ཆོས་སྟོན་པ་དང་། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་པ་གནོད་པས་ལོ་བརྒྱ་པ་གཅིག་འགྲིག་མི་ཐུབ་པའི་སྐྱོན་ཡོད་དོ། །ད་ནི་དེ་འཕགས་པའི་ཡུལ་དབུས་སུ་སྤྱན་དྲངས་ལ་དུས་འཁོར་བ་ཀུན་ཙི་ལུ་པཎྜྻི་ཏར་ཞལ་མཐུན། དེ་དང་དུས་ཞབས་པ་གཅིག་གམ་མི་གཅིག་ལ་མི་མཐུན། ར་པ་རྣམས་མི་གཅིག ཙི་ལུ་པ་ལ་སློབ་མ་ཐ་མལ་པ་གཅིག རྒྱལ་བའི་འབྱུང་གནས་སྦས་པ་ཟེར་བའི་གྲུབ་ཐོབ་གཅིག བྷང་ག་ལར་འཁྲུངས་པའི་པཎྜྻི་ཨཱ་ཙཱརྻ་ཞེས་པ་གཅིག་སྟེ་གསུམ་བྱུང་། ཕྱི་མས་དུས་ཞབས་ཆེན་པོ་ལའོ་ཟེར། འབྲོ། ཙ་མི། གླན་ལོ་ཙཱ་བ་སོགས་སྔ་རབས་པ་དང་། ཕྱིས་ནགས་ཀྱི་རིན་ཆེན་རྣམས་མཐུན་པར་གཅིག་ཏུ་བཞེད། དེའི་ལོ་རྒྱུས་ནི་ཤར་ཕྱོགས་བྷང་ག་ལ་ན་རྒྱལ་པོ་ཉེ་ཐར་ཏན་བྱ་བ་རྒྱལ་སྲིད་བྱེད་པའི་དུས་ན། རྣལ་འབྱོར་མ་ཆང་འཚོང་བ་ཞིག་ཟླ་མཚན་དང་ལྡན་པའི་དུས་སུ། རྣལ་འབྱོར་པ་མདོག་སྔོན་པོ་མིག་གསུམ་ཡོད་པ་ལག་ན་ཤིང་ཤྲིཥའི་རྡོ་རྗེ་ཐོགས་པ་ཞིག་བྱུང་ནས་ཆང་ཉོས། དེའི་ནུབ་འདུག་སྟེ་རྣལ་འབྱོར་མ་ལ་ཆགས་པ་སྤྱད། ཐོ་རངས་ཤིང་གི་རྡོ་རྗེ་དེ་ཁ་ན་འདུག རྣལ་འབྱོར་པ་མི་སྣང་། འདི་ཉིད་ངེས་པར་མི་ཡིན་ནོ་སྙམ་ནས་རྡོ་རྗེ་དེ་བླངས་པས་འོད་སྔོན་པོར་བྱས་ནས་ལག་པ་ལ་ཐིམ། དེ་ནས་ལོ་དུས་ན་བུ་ཞིག་བྱུང་། ལོ་བདུན་ལོན་ནས་མས་དེ་ཁྲིད་ནས་རྒྱ་གར་བྱང་ཕྱོགས་ཤམྦྷ་ལར་ཕྱིན་པས་ལམ་དུ་དགེ་སློང་གཟུགས་བཟང་མཛེས་པ་བལྟ་ན་ཆོག་མི་ཤེས་པ་ཞིག་དང་ཕྲད། བུ་འདི་ང་ལ་གནང་ཟེར། དེ་ལ་བྱིན་དགེ་ཚུལ་བྱས། ཉི་མ་རེ་ལ་ཤློ་ཀ་བདུན་སྟོང་བདུན་སྟོང་ཟིན་པ་ཞིག་བྱུང་བས་རིག་པའི་གནས་ཐམས་ཅད་དང་། རྒྱུད་སྡེ་ལ་མཁས་པར་གྱུར། དགེ་སློང་དེ་ན་རེ་ངའི་ཆོས་གོས་ལ་འཇུས་ཤིག་ཟེར། འཇུས་ནས་ལྕང་ལོ་ཅན་ཉི་མ་བརྩེགས་པའི་ཁང་པར་བྱོན་ཕྱག་ན་རྡོ་རྗེ་མཇལ་དེ་དང་ཤམྦྷ་ལར་བྱོན་རིགས་ལྡན་ལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་དུ་མ་འགྲེལ་པ་སྐོར་གསུམ་སོགས་ཉན། དེ་ནས་ལོག་པ་ན་དགེ་སློང་དེ་ན་རེ། རྒྱ་གར་ལྷོ་ཕྱོགས་སུ་༼༡༠༩༽ཁྱོད་ཀྱི་གདུལ་བྱ་ཡོད་པས་སོང་ཞིག་གསུངས་ནས་མི་སྣང་བར་གྱུར་ཏོ། །རྣལ་འབྱོར་པ་དེ་ཕྱག་རྡོར། དགེ་སློང་དེ་སྤྱན་རས་གཟིགས། ར་པ་ཚོ་ན་རེ། ཙི་ལུ་པས་རིན་ཆེན་རི་བོའི་གཙུག་ལག་ཁང་དུ་བྱོན་རྒྱུད་སྡེ་རྣམས་གཟིགས་པས་བྱང་ཆུབ་སེམས་དཔས་བཀྲལ་བའི་འགྲེལ་པ་ཞིག་དགོས་པར་དགོངས། ཤམྦྷ་ལར་ཡོད་པར་གཟིགས་ནས་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བའི་ཚོང་པ་དང་བསྡེབས་ནས་བྱོན། རྒྱ་མཚོ་བརྒལ་ནས་ཚོང་པ་རྣམས་དང་ཟླ་བ་དྲུག་གི་དུས་འཛོམ་བྱས་ཏེ་རིམ་གྱིས་བྱོན་པ་རི་ཞིག་གི་སྟེང་དུ་སླེབ་པ་དང་། མི་གཅིག་དང་ཕྲད་ནས། དེ་ན་རེ་གར་འགྲོ་ཟེར། ཤམྦྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་ཚོལ་དུ་འགྲོ་བྱས་པས། དེ་ཤིན་ཏུ་བགྲོད་དཀའ་སྟེ། འདི་ཉིད་དུ་ཤེས་པ་བྱུང་ན་ཉན་པས་ཆོག་མོད་ཟེར། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ་ཕྱག་བྱས་ནས་མཎྜྻལ་ཕུལ། གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་ཐམས་ཅད་སྩལ་མེ་ཏོག་གཅིག་སྤྱི་བོར་བཞག བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་ཐུགས་སུ་ཆུད། ཚུར་ལོག་ཚོང་པ་རྣམས་དང་བསྡེབས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ་ཞེས་དང་། འབྲོ་པ་རྣམས་དེ་ནི་དུས་ཞབས་པ་ཆེན་པོ་ཀླུའི་བྱང་ཆུབ་ཀྱི་དངོས་སློབ་སྒྲོལ་མས་བྱིན་གྱིས་བརླབས་པ་ཡིན། དེ་ལྟར་བྱོན་པའི་ལྷག་པའི་བསམ་པ་མཁྱེན་ཏེ་རིགས་ལྡན་དཔལ་སྐྱོང་གིས་དེར་ཕེབས་ནས་བཤད་ཟེར། གཞན་དུ་དེའི་ཚེ་རྒྱལ་པོ་ཟླ་བའི་འོད་རྒྱལ་སར་ཕེབས་ནས་ལོ་བཞི་པ་ཡིན་པའི་ཕྱིར་དེས་བཤད་པར་རིགས་སོ། །དོན་དུ་ན་འཆད་པ་པོ་དང་ཉན་པ་པོ་ཐམས་ཅད་སྤྲུལ་པའི་སྐུ་ཤ་སྟག་ཡིན་པས་སོ་སོ་སྐྱེ་བོའི་འོལ་ཚོད་བྱས་པས་རྟོགས་པར་དཀའ། དེའི་ཕྱིར་རྣམ་གཞག་མང་། རང་ལུགས་ཙི་ལུ་པས་དགེ་སློང་གི་ངག་བཞིན་ལྷོ་ཕྱོགས་ཀཾ་ཀ་ཤ་ར་བྱ་བ་རྒྱལ་པོ་ཤིང་རྟའི་འཁོར་ལོ་བྱ་བའི་བློན་པོ་ཨུ་ན་བི་ཏ་བྱ་བ་དང་། བྲམ་ཟེ་དི་རི་པ་ནི་བྱ་བ་དང་། སྒྲ་མཁན་སུ་ན་ཤྲཱི་བྱ་བ་གསུམ་ལ་དུས་ཀྱི་འཁོར་ལོ་བཤད་པས། སྒྲ་མཁན་དེས་བཤད་པ་བྱུང་། བྲམ་ཟེས་སྒྲུབ་པ་བྱུང་། བློན་པོས་གང་ཡང་མ་བྱུང་། དེ་ཡན་ན་དུས་ཀྱི་འཁོར་ལོའི་གཞུང་ལུགས་ཐུགས་ལ་ཡོད། ཡི་གེར་བྲིས་པ་མེད་ནས། དེ་ནས་ཡི་གེར་བྲིས། དེ་ཙ་ན་ཡུལ་དེར་སྟག་གཟིག་པའི་དམག་བྱུང་༼༡༡༠༽ནས་བྲོས། ཕྱག་ན་རྡོ་རྗེའི་སྐོར་དང་དུས་འཁོར་སོགས་མ་ཐེག་ནས་དོང་དུ་སྦས། དམག་ལོག་ནས་བལྟས་པས་ཁ་ཅིག་མ་ཚང་། བྲི་བར་ཞུས་པས་མཁའ་འགྲོ་མས་སྦས་པ་ཡིན་པས་མི་རུང་གསུངས། དེ་ནས་དབུས་ནཱ་ལེནྡྲར་བྱོན། གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་བྲིས། དེའི་གཤམ་དུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་ནི་དུས་ཀྱི་འཁོར་ལོ་མི་ཤེས་སོ། །གང་གིས་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས་ནི་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱི་བསྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ་ཞེས་བྲིས་པ། ཇོ་བོ་ནཱ་རོ་ཏ་པ་དེ་དུས་དེའི་མཁན་པོ་ཡིན་པས། དེ་ལ་སོགས་པ་པཎྜྻི་ཏ་ལྔ་བརྒྱས་བརྩད་པས་ཕུལ་དུ་ཕྱིན་པར་མཐོང་ནས་ཞབས་ལ་བཏུད་དེ་དང་པོའི་སངས་རྒྱས་ཉན་པས་ཆེར་དར་བར་གྱུར་པ་ཡིན་ནོ། །མཐར་གླན་ལོའི་ཡི་གེར། ཀོང་ཁ་ཌིང་གི་ཞབས་ལ་སོགས་ལ་ཕྱག་རྡོར་བསྟན། རྒྱ་གར་ཤར་ཕྱོགས་སུ་བྱོན། མེ་ཏོག་བརྩེགས་པའི་དགོན་པར་ནཱ་རོ་པ་ལ་དུས་འཁོར་དང་ཕྱག་རྡོར་སོགས་སླར་བཤད། དེའི་དུས་སུ་སློབ་མ་བྲམ་ཟེ་ཛོའུ་ཏ་ལ་སོགས་པ་མང་པོ་བྱུང་བ་ན། ན་རོ་པ་ལ་ཁྱོད་བཤད་པ་བྱེད་འདུག་པས་ཤོད་གསུངས་ང་མི་ཤོད་སྒོམ་གསུང་སྟེ། དེ་ནས་གར་སོང་ཆ་མེད་དུ་གཤེགས། འདི་ལ་ཙི་ལུ་པ། དུས་ཀྱི་འཁོར་ལོའི་ཞབས་པ་ཚོམ་བུ་པ། ས་རི་ཀི་པ་ཞེས་བྱུང་། དེ་ལྟ་བུའི་སློབ་དཔོན་དེའི་ཐུགས་སུ་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པར་གྲགས་ཏེ། དགེ་སློང་དབང་པོ་ཤིན་ཏུ་རཏལ་བ་ཞིག་གིས་ལྷས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱུ་རུ་ལ་ལྷ་མོ་ཀུ་རུ་ཀུལླེའི་སྐུ་བྱས། བུད་མེད་ཀྱི་རོའི་ཁར་བཅུག་ནས། རྒྱབ་ཏུ་སྐྱིལ་ཀྲུང་བཅས་ནས་ཞག་བདུན་བསྒྲུབས། དེར་རོ་དེ་ཁ་གྱེན་དུ་བལྟས་ཏེ་ཅི་འདོད་ཟེར་བ་ལ། མཐོང་ཚད་ཟིན་པར་འདོད་བྱས་ན་ལེགས་པ་ལ། བློ་རཏལ་བས་ཞུམ་ནས་བྲིས་ཚད་ཟིན་པར་༼༡༡༡༽འདོད་བྱས་པས། དེ་ལྟར་གྱུར་ཏེ་མཁས་པ་ཆེན་པོ་ངག་གི་དབང་ཕྱུག་ཅེས་སུ་གྲགས་པ་ཁ་སརྤ་ཎིའི་གཙུག་ལག་ཁང་དུ་བྱུང་། དེ་དུས་འཁོར་ཞབས་པ་དང་མཇལ་ནས་སློབ་དཔོན་ལ་རྒྱུད་དུ་ཤེས་ཞུས་པས། སློབ་དཔོན་གྱིས་ལན་དུ་གསུངས་པའི་རྒྱུད་ཀྱི་མཚན་གྲངས་ཙམ་ཡང་འཛིན་པར་མ་ནུས་སྐད། ར་པ་རྣམས། དེ་ལ་སློབ་མ་དུས་ཞབས་ཆུང་བ་དང་། འདུལ་བ་འབྱུང་གནས་བློ་གྲོས་དང་། སེངྒེ་རྒྱལ་མཚན་དང་། མཐའ་ཡས་རྣམ་རྒྱལ་ལོ། །དང་པོ་བོ་དྷི་པ་དེ་ལ་ནཱ་ལེནྡྲ་པ་ཟེར། དེས་རཏྣ་ཨཱ་ཀ་ར་ལ་བཤད་ནས་ནཱ་ལེནྡྲར་དར་བར་བྱས་ཟེར་བ་ལ་གོང་མ་རྣམས་ཀྱིས་མི་འཐད་པར་གསུངས། དོན་དུས་ཞབས་ཆུང་བ་དེ་ཁ་རྒྱལ་སྲས་ནཱ་ལེནྡྲ་པ་ལ་ཟེར་བ་ཡིན་ཏེ། དཔལ་ནཱ་རོ་པའོ་ཞེས་འབྲོ་པ་རྩ་མི་ནགས་རིན་སོགས་ཐམས་ཅད་འདོད། དུས་ཞབས་པ་ཆེན་པོ་དེ་ལ་སློབ་མ་མང་དུ་བྱུང་ཡང་བཤད་པའི་སྲོལ་འཛིན་པ་ནི་དཔལ་ནཱ་ལེནྡྲ་པའོ། །དེའང་སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་ནོ་ཞེས་འཆད། དེའི་སློབ་མ་མཉྫྱུ་ཀཱིརྟི། ས་མནྟ་ཤྲཱི། ར་ལུགས། དུས་ཞབས་པ་ཆུང་བའི་སློབ་མ་ཟླ་མགོན་ནས་འབྲོ་ལུགས། དུས་ཞབས་ཆེ་ཆུང་ནས་རྡོ་རྗེ་གདན་པ། དེའི་སློབ་མ་བོ་དྷི་བྷ་དྲ། ཁ་ཅིག་འདི་ནཱ་ལེནྡྲ་པར་འདོད་དེ་ཕྱིས་སོ། །དེ་ནས་ཙ་མི། ཡང་དུས་ཞབས་ཆུང་བ་ནས་པཎྜྻི་ཏ་ཤཱཀྱ་སེངྒེ་རྒྱལ་མཚན་སོགས་ནས་ནགས་རིན་ནོ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པ་ནི། ཨ་ནུ་པ་མ་རཀྵི་སྟེ་དཔེ་མེད་འཚོའམ་དཔེ་མེད་སྲུང་བ་སྟེ། འདི་སྐད་དུ་ཕྱི་ནང་གི་རིག་པ་ལ་སྒོམ་པ་གོམས་པའི་ཐུགས་ཅན། དཔལ་ཁ་སརྤ་ཎའི་དྲུང་དུ་ལོ་བཅུ་གཉིས་སུ་བཞུགས་ནས། དམིགས་པ་དང་རྟོག་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བསྒོམས་པས་རྟོགས་པའི་ཁྱད་པར་ཅིའང་མ་ཐོབ་ནས་ཡིད་ཞུམ་པ་ན། རྡོ་རྗེ་རྣལ་འབྱོར་མས། བུ་བི་ཀྲ་མ་པུ་རིང་སོང་ཞིག དེར་ཁྱོད་ལ་རྟོགས་པ་འབྱུང་བར་འགྱུར་རོ། ཞེས་ལུང་བསྟན་པའི་བཀའ་སྤྱི་བོར་བཞག་ནས་སློབ་མ་པཎྜྻི་ཏ་ཆེན་པོ་ལེགས་པའི་བུ་དཔལ་འཛིན་དང་ལྷན་ཅིག་བི་ཀྲ་མ་པུ་རིར་བྱོན་ཏེ། དུས་མཆོད་ཅིག་གི་ཚེ་ཐུགས་དམ་གྱི་རིམ་པ་ལ་བཞུགས་པ་ལས། ནམ་ཕྱེད་ཀྱི་དུས་སུ་བཅོམ་ལྡན་འདས་ཨ་ཝ་དྷཱུ་ཏཱི་པའི་ཆ་བྱད་ཅན་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་མངོན་སུམ་དུ་གདམས་པ་སྩལ། དེ་ཐོས་མ་ཐག་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །༼༡༡༢༽བཅོམ་ལྡན་འདས་དེ་ནི་མི་སྣང་བར་གྱུར་ནས་མཚན་མོ་འདས་པའི་ཚེ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དཔལ་ལྡན་བླ་མ་བདག་ཉིད་ཆེན་པོ་དེས་ཀྱང་རྣམ་པ་ཐམས་ཅད་དུ་དེར་དཀའ་བ་མཛད་ཅིང་སྐལ་བ་དང་ལྡན་པའི་དཔལ་ལྡན་དཔལ་འཛིན་ལ་རང་གི་རྟོགས་པ་ཉེ་བར་བསྟན་ནོ། །དཔལ་ལྡན་བླ་མ་མཆོག་ཏུ་ཐུགས་རྗེ་ཅན་དེས་ཀྱང་རྣམ་པ་ཐམས་ཅད་དུ་སྣོད་དང་ལྡན་པར་རྟོགས་ནས་པཎྜྻི་ཏ་ཆེན་པོ་འོད་བྱེད་ལྷ་ལ་བཀའ་དྲིན་མཛད་དོ། །དེས་ཀྱང་པཎྜྻི་ཏ་ཆེན་པོ་རྒྱལ་པོའི་བླ་མ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་འབྱུང་ཞི་བ་ལ་བཤད་པས། ཁ་ན་མ་ཐོ་བ་མེད་པའི་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་བརྗོད་དུ་མེད་པའི་རིན་ཆེན་འབྱུང་གནས། དཔལ་ལྡན་བླ་མ་དེ་ལས་ཀྱང་དཔལ་ལྡན་བླ་མའི་ཞབས་བསྟེན་པ་ལ་མཁས་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཡང་དག་པར་ཐོབ་བོ་ཞེས་ཉི་མ་དཔལ་གྱིས་བཤད་དོ། །མཚན་བརྗོད་དང་རྣལ་འབྱོར་ཡན་ལག་དྲུག་པའི་བརྒྱུད་པའོ། །དཔལ་འཛིན་འདི་ཚོང་དཔོན་གྱི་བུ་ཡིན། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དཔལ་འཛིན་དུ་གྲགས་པ་ནི་བྲམ་ཟེའི་བུ། འདིས་བསྐྱེད་པའི་རིམ་པ་བསྒོམས་པ་ན་མ་ཧེའི་གདོང་བརྙན་མངོན་དུ་རྒྱུར་འབྱུང་ཞེས་གྲག ལ་ལ་ཏ་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དེས་ཨུ་རྒྱན་ནས་རྟོག་པ་བདུན་པ། རྟོག་པ་གསུམ་པ་སྤྱན་དྲངས་ཀྱང་ཟེར། འཇིགས་བྱེད་ཀྱི་ཆོས་སྡེ་དུ་མ་མཛད། དེའི་སློབ་མ་ཨ་མོ་གྷའོ། །འཕྲོས་སོ། །ད་ནི་ཙི་ལུ་པའི་སློབ་མ་སློབ་དཔོན་ལས་ཀྱི་རྡོ་རྗེ་ཡིན་ལ། དེའི་ལོ་རྒྱུས་ནི། རྗེ་རིགས་མི་ཕམ་རྡོ་རྗེ་བཟའ་མི་ལ་བུ་མེད་ནས་སློབ་དཔོན་ཙི་ལུ་པ་ལ་གསོལ་བ་བཏབ་པས་བུ་བྱུང་། མིང་སྐྱེད་འཕེལ་དུ་བཏགས། ལོ་བཅུ་གཉིས་ལོན་པ་དང་ཨ་མྲའི་ལྡུམ་རར་ཕྱིན། རྗེ་རིགས་ཀྱི་བུ་མོ་ཞིག་ཆུང་མར་ལེན་དུ་འཆའ་བ་ན། ནམ་མཁའ་ནས་སྤྲིན་སྔོན་པོའི་གསེབ་ནས་སྐྱེད་འཕེལ་ཁྱོད་ཁྱིམ་པའི་རིགས་མ་ཡིན་གྱི་རབ་ཏུ་བྱུང་སྟེ་ཕྱག་ན་རྡོ་རྗེ་སྒྲུབས་ཤིག་ཅེས་བྱུང་ངོ་། །དེར་ཁྱིམ་ནས་བྱུང་སྟེ་ཕྱག་ན་རྡོ་རྗེའི་གདམ་ངག་སུ་ལ་ཡོད་དྲིས་པས། སྔར་གྱི་སློབ་དཔོན་ལ་ཡོད་པར་ཤེས་ཏེ་གསེར་གྱི་སོར་གདུབ་ཅིག་ཕུལ་ནས་ཞུས་པས། དབང་རྟགས་སུ་ཤིང་ཤྲི་ཥའི་རྡོ་རྗེ་ཞིག་སྩལ། རྒྱུད་དང་གདམ་ངག་རྫོགས་པར་གནང་། སཱ་ལ་ཆེན་པོའི་ཕུག་ཏུ་བསྒོམས་པས་ལོ་གཅིག་ན་ཞལ་མཐོང་། དེ་ནས་ལོ་གཅིག་༼༡༡༣༽ན་ཆོས་བཤད། དེ་ནས་ལོ་གཅིག་ན་དབང་བསྐུར་བས་ནུས་པ་ཤིན་ཏུ་ཆེ་བར་གྱུར། སྔར་གྱི་སློབ་དཔོན་ལ་དུས་འཁོར་བདེ་དགྱེས་སོགས་གསན། ནཱ་རོ་པ་སྤྱོད་པ་ལ་འབྱོན་ཁ་མ་ལ་བདག་མེད་མའི་སྒྲུབ་ཐབས་གསན། དབང་ཞུས་དུས་ཀྱི་མིང་ནི་ཀུ་སུ་ལུ་བཛྭ་པཱ་ཎི་ཟེར། དེ་ནས་སྤྱོད་པ་བྱས་པས་སྔར་གྱི་རྡོ་རྗེ་དེ་བཟུང་བས། དེས་གོས་སྟེར། གཅན་གཟན་དང་དམག་དཔུང་ཐམས་ཅད་བཟློག སྨྱོན་པ་རྣམས་ལ་བརྒྱབ་པས་གསོས། དེ་ལྟར་ལས་ཐམས་ཅད་རྡོ་རྗེས་མཛད་པས་ལས་ཀྱི་རྡོ་རྗེར་གྲགས། ནགས་ཁྲོད་དུ་བཞུགས་རྒྱལ་པོའི་བཙུན་མོ་བཀུག་ནས་ཕྱག་རྒྱ་མ་བྱས་པས་བླ་མ་ནགས་ཁྲོད་པའང་ཟེར། དེས་བླ་མ་ཐང་ལོ་པ་བྱ་བ་བྲམ་ཟེའི་རྣལ་འབྱོར་པ་ཐང་ཤིང་གི་སྟེང་དུ་ལོ་གསུམ་བསྒོམས་པས་ཕྱག་ན་རྡོ་རྗེ་གྲུབ་པ་ཐོབ་པ་ཞིག་ལ། དེས་རིགས་ངན་གྱི་རྣལ་འབྱོར་པ་ཤིང་པ་ལ་ཤའི་ལོ་མས་མདོམས་དཀྲིས་བྱས་པའི་གཅེར་བུ་པ་དཔལ་སྒྱུ་མ་ཆེན་པོའི་གྲུབ་པ་བརྙེས་པ་ལ། དེས་ཡུལ་དབུས་བྷེ་ར་བ་ར་དེའི་རྗེ་བཙུན་ཀརྞ་རི་པ་བྱ་བ་ལ་གནང་སྟེ་འདིས་ཞལ་གཟིགས་འདིས་རང་གི་སྲིང་མོའི་བུ་རྗེ་བཙུན་བ་ལ་ཙནྡྲ་ལའོ། །ཞེས་གླན་ལོ་ཙཱ་བས་བྲིས་པས། བདག་རང་གི་བཀའ་བབས་བཞི་པར་འདུག་པ་པོ་རྗེ་བཙུན་རས་ཆུང་པ་ཡིན། མར་པ། མི་ལ། རྔོག་ལ་སོགས་པའི་ཡི་གེ་ལ་དེ་དག་མིང་ཙམ་ཡང་མི་སྣང་། རྗེ་བཙུན་འཇུག་པ་ཕྱག་ན་རྡོ་རྗེ་ཡི་དམ་མཐིལ་དུ་སོང་བས་རྗེ་བཙུན་ཁོང་རང་གི་དབང་དུ་མཛད་པ་ལ། ལོ་གསུམ་གླིང་རྣམས་ཀྱིས་མན་ངག་བསྲེ་འཕོའི་བརྒྱུད་པ་དང་བསྲེས། ཀརྞ་རི་པ་རྡོ་རྗེ་དྲིལ་བུ་པའོ་གསུངས་ནས། དེའི་ལོ་རྒྱུས་འཆད། དེ་མན་རྣམས་ཀྱིས་དཔྱད་པ་མ་མཛད་པར་བཞག དེའི་དབང་གིས་ཁོ་བོས་དེ་དག་གི་ཡི་གེར་བྱིན་རླབས་ཀྱི་བརྒྱུད་པ་ལ་མོས་པ་གཙོ་བསམ་ནས་དེ་ཁར་བཞག་པ་ཡིན། གཞན་དཔྱད་ན་འདི་དག་ཕྱག་རྡོར་ཁོ་ནའི་བརྒྱུད་པའོ། །དེས་ན་འདི་དང་སྔར་བཤད་པ་མ་མཐུན་པ་མ་དཔྱད་པ་དང་དཔྱད་པ་བྱས་པའི་ཁྱད་དུ་ཤེས་དགོས་སོ།། །། ༈ ད་ནི་རྡོ་རྗེ་ཐེག་པ་དེས་འདུལ་བར་བྱེད་པ་ལ་འཛམ་བུའི་གླིང་ན་འགྲན་ཟླ་མེད་པ་མཚན་ཉི་ཟླ་ལྟར་གྲགས་པ་ཏིལླི་པ་ཡིན་པས་དེའི་ལོ་རྒྱུས་ནི་འདུལ་བྱ་དམན་པ་དང་མཐུན་པར་བསྟན་ནས་ལམ་སྦྱོང་ཚུལ། བར་མ་དང་བསྟུན་ནས་སྤྲུལ་པའི་སྐུར་བསྟན་ཚུལ། མཆོག་དང་མཐུན་པར་རྫོགས་པའི་སངས་རྒྱས་རང་དུ་བསྟན་ཚུལ་ལོ། །དང་པོ་ནི། ཡུལ་ཤར་ཕྱོགས་ཛ་གོ ཡབ་བྲམ་ཟེ་གསལ་པ། ཡུམ་བྲམ་ཟེ་མོ་གསལ་ལྡན། སྲིང་མོ་གསལ་སྒྲོན། མིང་པོ་གསལ་འོད་ཅེས་བྱ་བར་འཁྲུངས་ཏེ། གཅེས་པར་བསྐྱེད་བསྲིངས། དེར་བྱིས་པ་ཚན་གཅིག་དང་ལྷན་ཅིག་བ་ལང་སྐྱོང་ཞིང་རྩེའོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་བྷ་རེནྡྲའི་ནགས་འདབ་ན་བུམ་པ་བཟང་པོ་སྒྲུབ་ཅིང་བཞུགས། དེ་ལས་༼༡༡༤༽གང་བསམས་པའི་དོན་ཐམས་ཅད་འབྱུང་བ་ཡིན་པས་ཚད་བརྟགས་པའི་ཕྱིར་བསོད་སྙོམས་ལ་བུམ་པ་བསྣམས་ཏེ་འབྱོན་དགོངས་པས་མ་བླངས་པར་ལྷའི་ཞལ་ཟས་བཟང་པོ་བུམ་པའི་ནང་དུ་བྱུང་ནས་གྲུབ་པར་མཁྱེན་ནོ། །ནམ་ཞིག་སློབ་དཔོན་རྒྱ་གར་ཤར་ཕྱོགས་སུ་བྱོན་པ་ན། ལམ་ན་བྱིས་པ་ཚན་གཅིག་ཕྱུགས་སྐྱོང་ཞིང་རྩེ་ཡི་འདུག་པ་ལ། སློབ་དཔོན་གྱི་ཐུགས་ལ་འདི་རྣམས་ཀྱི་ནང་ན་ཐེག་པ་ཆེན་པོའི་རིགས་ཅན་སྔགས་ཀྱི་སྣོད་དུ་རུང་བ་ཡོད་དམ་སྙམ་ནས་བརྟགས་པའི་ཕྱིར་དུ་ནགས་དང་གྲོང་ཁྱེར་གྱི་བར་དུ་ཆུ་ཕྲན་འབབ་པ་ཞིག་ཡོད་པ་དེ་ལ་རབ་མི་མཁྱེན་པའི་ཚུལ་མཛད། ཕར་ལྷམ་ཕུད་དེ་རྦ་ཀློང་ཡོད་ས་ཞིག་ཏུ་བརྒལ་གྲབས་མཛད་པས། དེ་རྣམས་ཀྱི་ནང་ནས་བྱིས་པ་གཅིག་འོངས་ནས། སློབ་དཔོན་དེར་བཞུགས་ཟེར་ནས། སློབ་དཔོན་ཁུར་བར་བརྩམས་པ་ན་དེས་ཐེག་པར་ཡང་མཛད། བྱིས་པ་དེ་ཉམས་སད་པའི་ཕྱིར་དཀྱིལ་དུ་བསླེབས་པ་ན་ཆུ་དེ་ཆེ་བར་བྱིན་གྱིས་བརླབས་ནས། ཁྱེའུ་ཆུས་ནུབ་ཏུ་འཆའ་ལ། ཁྱེའུ་དེ་ལ་འགྱོད་པའི་སེམས་སྐད་ཅིག་ཀྱང་མ་འགྱུས་ལ། འདི་མ་ནོངས་པ་ཞིག་དགོས་བསམ་པ་ཁོ་ནའོ། །དེར་སློབ་དཔོན་གྱིས། མི་གང་རོའམ་རྩྭའམ་ཤིང་ནི་མི་འཛིན་པ། །ཆུ་དབུས་འཇིག་པར་འགྱུར་ཏེ་ངོགས་སུ་ཕྱིན་མི་འགྱུར། །ཞེས་གསུངས་པས་མགུལ་ནས་བཟུང་ལ་མ་ཤོར་བར་མཛོད་ཅིག་ཟེར་བས། སློབ་དཔོན་གྱིས་ལས་ཅན་དུ་རིག སྤྲུལ་པའི་ཆུའང་ཆུང་དུ་བཏང་ངོ་། །དེ་ནས་སློབ་དཔོན་དོན་སྤྱོད་ལ་བྱོན། ཁྱེའུ་དེ་ཟླ་བོའི་གསེབ་ཏུ་འདུག་གོ །དེ་ནས་ཡང་ལོག་བྱོན་པ་ན་སྔར་གྱི་བྱིས་པ་དེ་ཤིང་ཏ་ལ་སྡོང་པོ་གཅིག་གི་ཁར་བསྡད། བུ་མོ་གཉིས་གཡས་གཡོན་དུ་བཙུན་མོའི་ཚུལ་དུ་བྱས། བྱིས་པ་བཞི་ཙམ་གྱིས་ནང་བློན། བཅུ་ཙམ་གྱིས་ཕྱི་བློན། ཉི་ཤུ་ཙམ་དམངས་ཀྱི་ཚུལ་དུ་བསྡད་འདུག་པ་ལ། སྔར་གྱི་བྱིས་པ་དེ་ཤིང་ལས་བབས་ནས་ཕྱག་ཕུལ་ནས་སྐུ་བསྙུན་པ་མི་མངའ་འམ། དགྱེས་པ་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་ཞེ་ས་ཕུལ་བས། སློབ་དཔོན་མཉེས་ནས་རྒྱལ་པོ་ལ་དགའ་འམ་གསུང་། ཁ་ོན་རེ་དགའ་སྟེ་སྐལ་བ་དང་མི་ལྡན་པས་འབངས་སུ་སྐྱེས་ཟེར། ང་ལ་རྒྱལ་པོར་འགྱུར་བའི་ཐབས་ཡོད་གསུངས་པས། དེ་ན་བདག་ལ་སྩལ་དུ་གསོལ་ཟེར། དེར་སློབ་དཔོན་གྱིས་བུམ་པ་ལ་སླར་རབ་ཏུ་གནས་པ་ཞག་བདུན་མཛད་དེ། དེ་འདོད་པའི་རྒྱལ་པོ་དང་༼༡༡༥༽བཙུན་མོ་བློན་འབངས་ནོར། བཞོན་པ། ས་ཆའི་མིང་བྲིས་ནས་བུམ་པར་བཅུག་སྟེ། ཁྱེའུ་དེའི་རྩར་བསྣམས་ནས། དེ་ལ་ཁྱོད་བུམ་པ་འདིའི་ནང་དུ་ཁ་ཆུག་ལ་ཡུལ་འདིའི་རྒྱལ་པོ་ང་བྱེད་པ་ཡིན་ནོ་བྱ་བ་ལན་གསུམ་དུ་གྱིས་ཤིག་གསུང་། དེ་བཞིན་བྱས་པས་བུམ་པ་བཟང་པོ་དེའི་མཐུས། ཡུལ་དེའི་རྒྱལ་པོ་ཡུལ་གཞན་དུ་འགྲོ་འདོད་ནས་གསང་སྟེ་དམངས་ཀྱི་ཚུལ་དུ་བྱས་ནས་སོང་། དེའི་ཤུལ་དུ་ཡུལ་དེ་ན་ལྟས་སྟོན་པའི་གླང་པོ་ཆེ་ཉི་མའི་ཤུགས་ཅན་བྱ་བ་ཡོད་ལ། དེས་དམག་འོང་ན་ས་འཐོར། ཡུལ་དུ་ནད་ལ་སོགས་པ་འབྱུང་ན་ཟས་མི་ཟ་ཞིང་མཆི་མ་འབྱིན། བཀྲ་ཤིས་པ་ལ་སྣས་སྐྱེད་ཚལ་ནས་མེ་ཏོག་བླངས་ཏེ་འཐོར། རྒྱལ་པོར་སུ་བཀོད་རན་པ་ན་དེས་སྣར་རྒྱལ་པོ་དབང་བསྐུར་བའི་བུམ་པ་ཐོགས་ཏེ་གང་གི་སྤྱི་བོར་འཇོག་པ་ཡིན་པས། དེའི་ཚེ་རྒྱལ་པོའི་ཕོ་བྲང་ནས་བུམ་པ་བླངས་ཏེ་བྱིས་པ་དག་རྩེ་བའི་ནགས་ཚལ་གྱི་ཕྱོགས་དེར་སོང་ངོ་། །འཁོར་རྣམས་ཧ་ལས་ཏེ། ཡང་ན་རྒྱལ་པོ་འདི་འཆིའམ། ཡང་ན་རྒྱལ་ས་འཆོར། སུ་ཞིག་རྒྱལ་པོར་འགྱུར་སྙམ། དེར་དེའི་ཕྱི་བཞིན་འབྲངས་སོ། །གླང་པོ་ཆེས་བུམ་པ་དེ་བྱིས་པ་དེའི་མགོ་བོར་བཞག་གོ །དེ་ནས་དེ་བློན་པོ་ལ་སོགས་པ་ཐམས་ཅད་ཀྱིས་བསུས་ཏེ་ཕོ་བྲང་དུ་རིན་པོ་ཆེའི་ཁྲི་ལ་བཞག་ནས་རྒྱལ་པོར་དབང་བསྐུར་རོ། །དེར་ནང་མི་དག་གིས་མི་འཁུར། དེའི་དབང་གིས་ཕྱིའི་ཡུལ་འཁོར་བ་རྣམས་འདི་རཱ་ཛ་བཅོས་མ་སྟེ་ནང་མིས་མི་འཁུར་བས་སོ་སྙམ་ཐམས་ཅད་བཀའ་ལ་མི་འཁྲིའོ། །དེར་སློབ་དཔོན་ལ་གསོལ་བ་བཏབ་པས། བུམ་པ་བཟང་པོ་བསྣམས་ནས་བྱོན། ཁྱོད་འཇིགས་མི་དགོས་ཀྱི་གླང་པོ་ཆེ་ལ་ཞོན་ཕུབ་རལ་ཐོགས་ཏེ་འཁོར་དང་བཅས་པ་སྐྱེད་མོས་ཚལ་དུ་སོང་ལ། དེར་ལྗོན་ཤིང་ལ་ཐལ་ལྕག་རྒྱོབ་ལ་པྲིཀྵ་དམག་ལ་སོང་ཞིག་སྨྲོས་ཤིག དེས་འདུལ་བར་འགྱུར་རོ། །དེ་ལྟར་བྱས་པས་སྡོང་པོ་ཐམས་ཅད་དམག་ཏུ་གྱུར་ནས་ཞུབ་ཅན་གྱིས་སྐྱེད་ཚལ་གང་བ་མཐོང་བ་དང་། འབངས་ཐམས་ཅད་ཀྱིས་བསོད་ནམས་ཆེན་པོར་ཤེས་ནས་མཆོག་ཏུ་གུས་པས་རྒྱལ་སྲིད་ཤིན་ཏུ་ཡུན་རིང་བར་བསྐྱངས། ནམ་ཞིག་ཡུལ་དེར་སྟག་གཟིག་པ་ཐང་ཁེངས་པ་བྱུང་བས་ཐམས་ཅད་ཀྱིས་ཚོང་པའོ་སྙམ་པ་ན། དེ་རྣམས་ཀྱིས་རྟ་དང་གླང་པོའི་རྒྱབ་ནས་སྣོད་ཁ་ཕྱེ་སྟེ། ཁྲབ་དང་མཚོན་ཆའི་རིགས་ཕྱུང་། གོ་སྤྲད་དེ་གཡུལ་བརྩམས་པས་ཐམས་ཅད་སྐྲག་པ་ན། རྒྱལ་པོས་མ་༼༡༡༦༽འཇིགས་ཤིག་ཅེས་དབུགས་ཕྱུང་ནས་རང་ཉིད་ཀྱིས་རལ་ཕུབ་བཟུང་སྟེ། མདུན་བསུས་ནས་ཕུབ་བསྐོར་བས་འོད་ཆེན་པོ་བྱུང་། དེའི་དམག་གིས་མིག་ལྟ་མ་བཟོད་པར་བྱས། རལ་གྲི་ཕྱུང་བས་དམག་ཚོགས་ཀྱིས་ས་གཞི་གང་བར་མཐོང་སྟེ་ཕྱིར་བྲོས་ཏེ་སོང་ངོ་། །དེར་འབངས་རྣམས་སྔར་བས་ཀྱང་གུས་པར་གྱུར་ཏོ། །དེ་ནས་ཡང་དུས་རིང་པོ་ཞིག་ན་འཁོར་བ་ལས་ཡིད་བྱུང་ནས་རང་གི་སྲས་རྒྱལ་པོར་བཀོད་དེ་སོ་མ་པུ་རི་དུར་ཁྲོད་ཀྱི་གཙུག་ལག་ཁང་བྱ་བ་དེ་ན་ཧེ་རུ་ཀ་རང་བྱུང་གི་སྐུ་བཞུགས་ལ། གནས་དེ་ན་གཉིས་ཀའི་དགེ་འདུན་ཡོད་པས་རང་གི་ཞང་པོ་ནི་མཁན་པོ། མ་ནི་དགེ་འདུན་མ་དག་གི་ཞལ་ཏ་བྱེད་པས། ཞང་པོའི་ཐད་དུ་ཕྱིན་ཏེ་རབ་ཏུ་བྱུང་ངོ་། །དེར་ཀློག་པ་ལ་བརྩོན་པར་ཡོད་པའི་ཚེ། ཉིན་གཅིག་བུད་མེད་སྐྲ་ལི་བ་ཤ་སྔོ་ལ་སྨ་ར་སེར་ཁྱུག་གེ་བ་ཞིག་བྱུང་བ་ལ་ཅུང་ཟད་ཡེངས། དེས་བོས་ཏེ་ཁྱོད་ཀློག་པ་དེ་ཉན་པར་འདོད་དམ་ཟེར། མཁའ་འགྲོ་མར་ཤེས་ནས་ཉན་པར་འཚལ་ལོ་ཞེས་ཞུས་པས། འདི་ནི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལུགས་ཏེ། དེ་ནི་ལམ་བགྲོད་དཀའ། དཀའ་ཚེགས་ཆེ། བར་ཆད་མང་བས་དེ་ལས་རྫོགས་པའི་སངས་རྒྱས་རྙེད་པར་དཀའ་འོ། །འབྲས་བུ་སྔགས་ཀྱི་ཐེག་པ་ནི་བགྲོད་པར་སླ། ཚེགས་ཆུང་། བར་ཆད་ཉུང་བ་ཡིན་པས། དེའི་སྒོར་བཅུག་གོ་གསུང་། དེར་དཔལ་འཁོར་ལོ་སྡོམ་པ་འབྱུང་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་སྤྲུལ་ནས་དབང་བསྐུར། ཐ་མལ་གྱི་ཞེན་པ་སྤང་བའི་ཕྱིར་བསྐྱེད་རིམ། ལྷ་ལ་ཞེན་པ་སྤང་བའི་ཕྱིར་རྫོགས་པའི་རིམ་པ་བསྟན་ནས། ད་ནི་སྨྱོ་བ་སྐད་གྱིས་ལ་རྟགས་ཆ་ལུགས་བོར་ནས་གསང་བས་ཉམས་སུ་ལོང་ཞིག་ཟེར་ནས་མི་སྣང་ངོ་། །དེ་ནི་བཀའ་བབས་དང་པོ་སྟེ། རྗེ་བཙུན་མར་པས། མ་སྐལ་བ་བཟང་མོས་རྗེས་གནང་བའི། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཅེས་གསུངས། དེས་ཇི་ལྟར་བསྒོ་བ་ལྟར་མཛད་དེ་སྒོམ་པ་ལ་བརྩོན་ཡང་ཁྱད་པར་མ་ཐོབ་ནས། སློབ་དཔོན་འཕགས་པ་མཇལ་བར་འདོད་དེ་ལྷོ་ཕྱོགས་སུ་བྱོན་ནོ། །བེ་དརྦྷའི་མི་རྣམས་ལ་དྲིས་པས་དཔལ་གྱི་རི་ལ་བཞུགས་སོ་ཟེར། དེར་བྱོན་པའི་ལམ་ནགས་ཀྱི་མཐོངས་ཤིག་ན་སྤྱིལ་པོ་གདུགས་ལྟ་བུར་ཁྱིལ་ལེ་འདུག་པ་མཐོང་སྟེ། དེར་བྱོན་པས་དེའི་ནང་ན་རྣལ་འབྱོར་པ་ཞིག་གང་ལའང་མ་བརྟེན་པར་བཞུགས་འདུག་པས། ཅི་བྱེད་པ་༼༡༡༧༽ཡིན་དྲིས་པས། སློབ་དཔོན་གྱི་ཞལ་ནས་དྲི་ཟ་རྣམས་ལ་ཆོས་ཤོད་གསུངས་ནས་བསྡད་པ་ཡིན། ཁྱོད་སུ་བྱས་པས། མ་ཏཾ་ཀིའོ། །འཚོ་བ་སུས་སྦྱོར། ནགས་ཀྱི་ལྷ་མོས་སོ། །སློབ་དཔོན་གར་བཞུགས་དྲིས་པས་གཤེགས་སོ་ཟེར། བདག་རྗེས་སུ་འཛིན་པར་ཞུ་བྱས་པས། གནང་སྟེ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། རྒྱུད་མན་ངག་དང་བཅས་སྩལ། དེ་བཞིན་ཨཱརྻ་དེ་ཝ་ལའང་གསན་ཟེར། དེར་བསྐྱེད་པའི་རིམ་པ་མཐར་ཕྱིན། རྫོགས་པའི་རིམ་པ་ལ་དྲོད་ཐོབ་ཏུ་ཉེ་བ་ན། རྒྱ་གར་ཤར་ཕྱོགས་བྷངྒ་ལར་ལོག་སྟེ་བཞུགས་པའི་སྐབས་ནག་པོ་སྤྱོད་པ་བྱོན་པ་ལ་འཁོར་ལོ་བདེ་མཆོག་ལུགས་གསུམ་གྱི་གདམ་ངག་ཐམས་ཅད་གསན། དེའི་སློབ་མ་རྣམ་རྒྱལ་ཞབས་ལའང་གསན། དྷ་རི་ཀ་པ་དང་རྡོ་རྗེ་དྲིལ་བུ་གཉིས་ཀྱིས་ཀྱང་རྗེས་སུ་བསྟན་པ་ཐོབ་སྐད། དེར་དྲོད་རྟགས་ལེགས་པར་ཐོབ་སྟེ། དེ་ཁོ་ན་ཉིད་མངོན་དུ་མ་གྱུར་པས། ཨུ་རྒྱན་དུ་སློབ་དཔོན་ལྭ་བའི་ན་བཟའ་ཅན་དང་མཇལ་ཏེ་གྲུབ་པ་དང་སྙིང་པོའི་སྐོར་གྱི་གདམ་ངག་གསན། ཙཱརྻ་ཀླུ་སྒྲུབ་ལྭ་བ་པ། །མ་ཏི་སྐལ་བ་བཟང་མོ་སྟེ། །བཀའ་བབས་བཞི་ཡི་བླ་མ་བསྟེན། །ཞེས་སོ། །དེར་སློབ་དཔོན་གྱིས་བྷངྒ་ལར་སོང་ལ་ཏིལ་སྦྲུ་བའི་ཚུལ་གྱིས་ལོ་བཅུ་གཉིས་སུ་རྟོགས་པ་སྐྱོངས་ཤིག་དང་། དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་ནས་ཡུལ་འཁོར་དེའི་མི་དང་བཅས་པ་ཐམས་ཅད་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་བྷངྒ་ལའི་པཉྩྨ་པ་ན་འདོད་པ་ལྔ་འདུ་བའི་ཚོང་འདུས་སུ་བྱོན་ནས་སྨད་འཚོང་མ་ཞིག་གི་ཁོལ་པོ་བྱས། འབྲས་སྦྲུ་བའི་ཚུལ་གྱིས་བསྒྲུབས་པས་མཐོང་ལམ་གྱི་ཡེ་ཤེས་སྐྱེས། དེར་མི་རྣམས་ཀྱིས་ཁོལ་པོ་དེ་རེས་འོད་ཀྱི་ཕུང་པོ་གཅིག་ལ་མར་མེ་བཅུ་གཉིས་བསྐོར་བ། རེས་བུད་མེད་བཅུ་དགུས་བསྐོར་བ་ཞིག་ཏུ་མཐོང་། རེས་དགེ་སློང་། རེས་རྣལ་འབྱོར་པ་ཞིག་ཏུ་མཐོང་ནས། དེ་དག་གིས་སྨད་འཚོང་མ་ལ་བསྙད་པས། དེ་འགྱོད་པ་སྐྱེས་ནས་བཤགས་པར་འོངས་ལ། གཏམ་དེས་ཡ་མཚན་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་དེར་ཚོགས་པ་ལ། སློབ་དཔོན་ན་རེ། ང་ཉིད་ཀྱི་སྡིག་པ་སྦྱང་བ་ཡིན་གྱི། ཁྱོད་ལ་ཉེས་པ་མེད་དོ། །གང་ཞིག་སྙིང་པོར་གྱུར་པ་ཏིལ་གྱི་མར། །ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་ཏེ། །འགྲོ་བ་ཀུན་གྱི་སྙིང་ལ་ཡོད་གྱུར་ཀྱང་། །བླ་མས་མ་མཚོན་རྟོགས་པར་མི་ནུས་པ། །རྨོངས་པས་ཏིལ་ལ་ཡོད་པ་ངོ་ཤེས་ཀྱང་། །རྟེན་ཅིང་༼༡༡༨༽འབྲེལ་འབྱུང་ཡན་ལག་མ་ཤེས་པས། །ཏིལ་མར་སྙིང་པོ་འབྱིན་པར་མི་ནུས་བཞིན། །ཏིལ་བརྡུངས་ཕུབ་མ་བསལ་བར་གྱུར་པ་ལས། །ཏིལ་མར་སྙིང་པོ་འབྱུང་བ་དེ་བཞིན་དུ། །བླ་མས་བསྟན་པ་དེ་བཞིན་ཉིད་ཀྱི་དོན། །ཏིལ་མར་བཞིན་དུ་འཇུག་པ་བསལ་བར་བྱ། །ཡུལ་རྣམས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །ཀྱེ་ཧོ རིང་དུ་འགྲོ་འདོད་གཏིང་དཔག་དཀའ་བའི་དོན། །ད་ལྟ་ཉིད་དུ་གསལ་བ་ངོ་མཚར་ཆེ། །ཞེས་གསུངས་པའི་སྒྲ་དེ་ཐོས་པ་ཙམ་གྱིས་རྒྱུད་བྱིན་གྱིས་བརླབས་ཏེ་སྐད་ཅིག་ལ་མཁའ་སྤྱོད་དུ་སོང་བས་ཡུལ་དེ་ལན་གཅིག་སྟོངས་པར་གྱུར། དེ་ནས་མཚན་ཏིལླི་པ་ཞེས་གྲགས་སོ། །དེ་ཡང་། ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བརྒྱ་ཕྲག་བརྒྱ་ཡང་བསྟན། །ཞེས་གསུངས་སོ། །དེ་ནས་ནུབ་ཕྱོགས་ཨུ་རྒྱན་དང་ཉེ་བ་ན་རྒྱལ་པོ་མ་ལ་གུས་པས་མའི་ངག་མི་གཅོག་པ་ཞིག་ཡོད་པ་དེས་མ་ལ་ཁྱོད་ཅི་ལ་དགའ་བ་བྱེད་བྱས་པས། དེ་ལྟ་ན་པཎྜྻི་ཏ་དང་ཀུ་སུ་ལུ་པ་ཀུན་བསགས་ནས་ཚོགས་ཀྱི་འཁོར་ལོ་བྱས་ན་དགའ་ཟེར། ང་མའི་ཆེད་དུ་ཚོགས་ཀྱི་འཁོར་ལོ་བགྱིད་པས་པཎྜྻི་ཏ་དང་རྣལ་འབྱོར་པ་ཐམས་ཅད་འདུས་ཤིག་ཅེས་བསྒོ་བ་ན། ཐམས་ཅད་འཚོགས་ཏེ་རང་རང་གི་འདོད་པའི་ལྷ་མཉེས་པར་བྱ་བའི་རིམ་པ་ལ་ཞུགས་སོ། །དེར་དེ་དག་གིས་རྣལ་འབྱོར་པ་གང་ནུས་པ་ཆེ་བ་ཞིག་གིས་ཚོགས་དཔོན་བྱེད་པར་ཁ་འཆམ་ནས་ནུས་པ་བལྟས་པས། རྣལ་འབྱོར་པ་མ་ཏི་ཞེས་བྱ་བ་ཞིག་ནུས་པ་ཆེ་ནས། དེ་དཔོན་དུ་བཀོད་དེ་གྲལ་རིམ་གྱིས་འདུག་པའི་སྐབས། རྒན་མོ་མི་སྡུག་པའི་མཚན་བཅོ་བརྒྱད་ཡོད་པ་ཞིག་གིས་ང་ནང་དུ་ཐོང་ཟེར་བཏང་བས། དེ་ན་རེ་ཁྱོད་ཀྱིས་ཚོགས་དཔོན་མི་འོང་། སུས་འོང་བྱས་པས། ངའི་མིང་པོས་འོང་ཟེར། ག་ན་ཡོད། དུར་ཁྲོད་ནའོ། །བོས་ཤིག་བྱས་པས། གར་སོང་མི་སྣང་སྟེ། དུམ་ཅིག་ན་རྣལ་འབྱོར་པ་ཞིག་ཁྲིད་ནས་བྱུང་ངོ་། །དེར་སྔར་གྱི་རྣལ་འབྱོར་པས་འོ་ཀོལ་ནུས་པ་འགྲན་གྱི། གང་ཆེ་བས་དཔོན་གྱིས་ཤིག དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས་ཏེ། གཉིས་པོ་སྟན་གཅིག་ལ་འདུག་ནས། དང་པོར་དེས་དལ་ལྷ་དང་བཅས་པ་ཞིག་ནམ་མཁའ་ལ་བཞེངས་བྱུང་བ་ཏེ་ལོས་བཤིག ཏེ་ལོས་བཞེངས་པ་ཁོས་བཤིག ཁོས་སྤྲུལ་པ་བཀྱེ་ནས་དུར་ཁྲོད་ཀྱི་རོ་མང་པོ་བླངས་ཏེ་བྱུང་བས་ཏེ་ལོས་མེད་པར་བྱས། ཏེ་ལོས་དེ་ལྟར་བྱས་པ་ཁོས་མེད་པར་བཏང་། ཏེ་ལོ་པས་སེངྒེ་ལ་ཞོན། ༼༡༡༩༽ཉི་ཟླ་ས་ལ་ཕབ། ལུས་ཕྱི་ནང་སློག་པའི་བ་སྤུའི་ཁུང་ཙམ་རེར་གླིང་བཞི་རེ་རེ་སྤྲུལ་པས། ཁོས་མ་ནུས་པས་ཚོགས་དཔོན་བཅོལ། ཐམས་ཅད་ཀྱིས་བཏུད། རྗེས་སུ་བཟུང་བའི་རྣལ་འབྱོར་པ་དེ་ལ་ནུས་ལྡན་བློ་གྲོས་ཞེས་ཐོགས་ཏེ། སྐུ་མ་སྤངས་པར་ད་ལྟའི་བར་དུ་ནུབ་ཕྱོགས་ཨུ་རྒྱན་ན་བཞུགས་སོ། །ཡང་ཡུལ་ལྷོ་ཕྱོགས་སུ་མུ་སྟེགས་དབང་ཕྱུག་པའི་སྟོན་པ་རིག་པའི་གནས་ལ་མཁས་པ་ཞིག་གིས་སངས་རྒྱས་པའི་པཎྜྻི་ཏ་མང་པོ་རྩོད་པས་ཕམ་པར་བྱས་པས་དེར་བསྟན་པ་ཉམས་དམའ་བར་ཡོད་པའི་ཚེ། སློབ་དཔོན་གྱིས་ཁོའི་རྩར་དགེ་སློང་གི་ཚུལ་བཟུང་ནས་ཕྱིན་པས་མ་གུས་པའི་སྤྱོད་ལམ་གྱིས་འདུག་པ་ལ། ཁོ་ཁྲོས་ནས་ཁྱོད་དང་རྩོད་པ་དང་ནུས་པ་འགྲན་ནས་གང་ཕམ་པ་དེའི་བསྟན་པ་དོར་དགོས་ཟེར། རུང་གསུངས་པས། རྒོལ་ཕྱི་རྒོལ་དཔང་པོའི་ཁྲི་བཤམས་ནས་འདུག་པ་ལ། ཁོས་སྔ་རྒོལ་བྱས་པས། སློབ་དཔོན་གྱིས་ཁོའི་གྲུབ་མཐའ་སུན་ཕྱུང་། ནུས་པ་འགྲན་པས། ཁོས་ཉི་མ་སྟོད་ལ་མནན། སློབ་དཔོན་གྱིས་ཕུལ་བས་ཉི་མ་ནུབ། སློབ་དཔོན་གྱིས་མནན་ཁོས་ནུབ་པར་བྱེད་མ་ནུས་ནས། དེའི་རལ་པ་བྲེག་པར་བརྩམས་པས་ཁོ་ཁྲོས་ནས་ཁ་ནས་མེ་ཕྱུང་། སློབ་དཔོན་གྱི་སྐུ་ལས་དེ་བས་ཆེ་བའི་མེ་ཕྱུང་སྟེ་ཁོ་རང་གི་དེ་ལོག་པ་དང་བཅས་པས་སྲེག་ལ་ཁད་ན་སྐྱབས་སུ་མཆིས་ཏེ། དབང་དང་གདམ་ངག་བཏབ་པས་གྲུབ་པ་ཐོབ་སྟེ། ནག་པོ་དགེ་བ་ཞེས་བྱ་བ་ད་ལྟའང་བསིལ་བའི་ཚལ་དུ་བཞུགས་སོ། །དེ་ནས་ཤར་ཕྱོགས་བྷངྒ་ལའི་ཡུལ་དེར་སྐྱེ་བོ་དུ་མ་འདུས་ནས་སྔར་བཞིན་གྱུར་ནས་རིང་དུ་སོང་བ་ཞིག་ན་རྒྱ་གར་ལྷོ་ཕྱོགས་ནས་སྒྱུ་མ་མཁན་སླུ་བྱེད་ཅེས་བྱ་བ་ཞིག་གིས་སྒྱུ་མ་བཀྱེ་ནས་རྒྱལ་ཕྲན་མང་པོའི་རྒྱལ་ས་ཕྲོགས་ཏེ། བྷངྒ་ལ་ཕུན་སུམ་ཚོགས་པ་དུ་མས་ལེགས་པར་བྱས་པ་ཡིན་པས་འཕྲོག་པར་འདོད་པས་སྒྱུ་མའི་དམག་བཤམས་ཏེ་འོངས་སོ། །དེར་ཡུལ་མི་དག་གིས་སྒྱུ་མར་མ་ཤེས། རྒྱལ་པོ་ཆེན་པོ་འགའ་ཞིག་རྒོལ་བར་ལྷགས་སོ་སྙམ་སེམས་པས་ཤིན་ཏུ་སྐྲག་སྟེ་གྲོང་ཁྱེར་ངོ་བོ་ལ་ཐུག་གི་བར་དུ་ཁོས་དབང་བྱས། དེའི་དུས་ན་རྒྱལ་པོ་འཁོར་བཅས་ཚོགས་ཏེ་ཕོ་བྲང་དུ་འགྲོ་བ་ན། བུད་མེད་མི་སྡུག་པ་ཞིག་བྱུང་ནས། ཅི་བྱེད་ཅེས་ཟེར། བྷངྒ་ལའི་འཇིགས་པ་བཟློག་པ་སུ་ཡོད་འགྲོའོ། །ང་ལ་གྲོས་ཡོད་ཟེར། ཅི་ཡོད་ཤོད་བྱས་པས། ངའི་མིང་པོ་ལ་དམག་དཔོན་བཅོལ་ན་བཟློག་ཟེར། མིང་པོ་གང་ན་ཡོད་བྱས་པས། དུར་ཁྲོད་ན་ཤིང་ཤ་པའི་སྡོང་པོ་དཔག་ཚད་ཙམ་༼༡༢༠༽གྱི་ཡལ་ག་ལ་རྟ་རྔ་ཕྲ་མོས་ཐག་པ་བགྱིས། དེ་ལ་རོ་བཏགས་ནས་ལྡིང་པ་ལ་འཇུས་ཏེ་གར་བྱེད་མཁན་ཞིག་ཡོད་དེ་ཡིན་ཟེར། ཡིད་མ་ཆེས་པར་ལྟར་ཕྱིན་པས་དེ་ལྟར་འདུག་ནས་བོས་པས་ཏིང་ངེ་འཛིན་གྱིས་སྒྱུ་མ་བཤིག སྒྱུ་མ་མཁན་པོ་བཟུང་སྟེ་བཙོན་དུ་བཅིངས་པས། ཁོས་རྒྱུ་མཚན་ཤེས་ནས་སློབ་དཔོན་ལ་དད་དེ། སློབ་དཔོན་གྱིས་གདམས་པས་ཁོ་དང་གྲོང་ཁྱེར་བ་ཐམས་ཅད་ཀྱི་འཇའ་ལུས་ཐོབ་སྟེ། རྣལ་འབྱོར་པ་དེ་དུར་ཁྲོད་ཆེན་པོ་ཧ་ཧ་སྒྲོག་པ་ན་བཞུགས། མི་གཞན་རྣམས་མཁའ་སྤྱོད་དུ་སོང་ངོ་ཞེས་གྲགས་སོ། །ཡུལ་དབུས་མཉན་ཡོད་དུ་ཆང་འཚོང་མ་ཉི་མའི་འོད་ཅེས་བྱ་བ་དེའི་ཆང་བདུད་རྩིར་མཚུངས་ཞེས་གཏམ་དུ་གྲགས་པས་ཐམས་ཅད་ཀྱིས་ཉོ་བས་རིན་ཆེ། དེར་མོ་དེའི་ལས་ལ་ཁོར་མོར་འདའ་བས། བུ་ཁྱོ་ཤིང་འཐུ་བ་ལ་སོང་བའི་ཤུལ་དུ་རྣལ་འབྱོར་པ་ཞིག་ཏུ་མཛད་ནས་ནང་དུ་འཚངས་ཏེ་ཕྱིན་པས་ཆང་འཐུངས་ཐེམ་བུ་གློད་པས་ཆང་ཐམས་ཅད་མེད་པར་བཏང་ངོ་། །དེར་མོ་སླེབས་ཏེ་ཁྲོས་ནས་བརྡེགས་ཏེ་སྒོར་བཏོན་ནོ། །དེར་མོ་ངུ་ཞིང་འདུག་པ་ལ། བུ་ཁྱོ་སླེབས་ནས་ཅི་ཉེས་ཟེར། གནས་སྐབས་འདི་ལྟ་བུས་སོ་ཞེས་བྱས་པས། བསད་པས་ཆོག་པ་ལ་ཟེར། དེར་བྱི་ལར་སྤྲུལ་ནས་ཐེམ་བུ་བཏང་། དེ་དག་གིས་རྡེག་འཚོག་ཅི་བྱས་ཀྱང་མི་ཐུབ་པའི་སྐབས་ཆང་འཚོང་རྒྱུ་མེད་ནས་ཉམ་ཐག་གོ །དེར་སྔར་གྱི་རྣལ་འབྱོར་པ་དེ་བྱུང་ནས་ཁྱོད་ཉམ་ང་བ་ཅིས་ཡིན་ཟེར། ཁྱོད་ཀྱི་ཐེམ་བུ་བཏང་བས། དེ་ནས་བཟུང་བྱི་ལས་གནོད་པ་བྱས་ཏེ་ཆང་མེད་པས་བཟའ་རྒྱུས་འཕོངས་ཟེར། ངུ་མི་དགོས་ནང་དུ་ལྟོས་ཤིག་ཆང་ཡོད་དོ་བྱས་པས། བདེན་ནམ་སྙམ་བལྟས་པས་སྔར་བས་ཕུན་སུམ་ཚོགས་ལ་མང་པོ་བྱུང་ནས་ཉོ་བ་མང་སྟེ་རིན་ཆེན་པོ་ཁུགས་སོ། །དེར་མོ་དད་ནས་རྗེས་སུ་བཟུང་བར་གསོལ་བ་བཏབ་པས་གདམ་ངག་བཏབ་སྟེ་གྲུབ་པ་ཐོབ་པ་སྒྲོན་མ་འཛིན་ཞེས་བྱ་སྟེ། ད་ལྟའང་སོ་ས་གླིང་ནའོ། །བྱང་ཕྱོགས་ཀྱི་རྒྱུད་ཅིག་ན་གཤན་པ་སྲོག་ཆགས་བསད་པའི་གླས་འཚོ་བ་བདེ་བྱེད་ཟེར་བ་ཞིག་གཟིགས་ཏེ་དེའི་ནང་དུ་བྱོན། ཤ་བླངས་པས་མི་སྟེར་བར་སྒོར་སོང་། དེར་སློབ་དཔོན་གྱིས་ཁོའི་བུ་བསད་དེ་རོ་ཕྲུ་བར་བརྫངས་ནས་བཞག་སྟེ་ཕྱིན་ནོ། །ཁོ་ལོག་པ་དང་བུ་མི་འདུག སྣོད་ཕྱེ་ནས་ཤ་ཚོས་སམ་བལྟས་པས་བུའི་རོར་མཐོང་ནས་ངུ་། ཟས་སྐོམ་ཡིད་ལ་མེད་པར་ཞག་བདུན་འདས་པ་ན་ཤིན་ཏུ་རོད་ངན་ལ། ད་དུང་ངུ་བའི་རྩར་བྱོན་ལ་ཅི་ཉེས་གསུང་། ངའི་བུ་ཁྱོད་ཀྱིས་བསད་པ་ལའོ། །ཁྱོད་རང་གི་༼༡༢༡༽བུ་བསད་པ་ལ་སྡུག་བསྔལ་དེ་ཙམ་ན་གཞན་གྱི་བུ་བསད་པ་ལའང་དེ་ལྟ་བུ་ཡོད་མོད། ཅིའི་ཕྱིར་འཚོ་བའི་ཕྱིར་དེ་དག་གསོད་གསུངས་པས་བདེན་སྙམ། ད་བུ་བྱུང་ན་མི་གསོད་དམ་བྱས་པས་མི་བསོད་ཟེར། དེར་སློབ་དཔོན་གྱིས་བུ་སོས་པར་མཛད་པས་དགའ་ཞིང་མགུ་ལ་ཡི་རངས་པ་སྐྱེས་ནས་སློབ་དཔོན་ལ་བཏུད་པས་རྗེས་སུ་བཟུང་བ་གྲུབ་ཐོབ་དགའ་བ་སྟེ། ད་ལྟ་སྲིན་པོའི་གླིང་ནའོ། །དེ་ནས་ཡང་ཤྲཱི་ན་ག་རར་གླུ་མཁན་དྲེགས་པ་ཅན་ཁོའི་གླུ་ལ་ཐམས་ཅད་དགའ་ནས་ཉན། ཡོན་ཆེན་པོ་ཐོབ་པ་ཞིག་ཡོད་པ་དང་ཁྲོམ་གྱི་དབུས་སུ་ཁོ་གླུ་ལེན་པ་ལ་སྡོ་བའི་གླུ་མཁན་གཉིས་པ་ཞིག་ཏུ་མཛད་དེ། དེར་ཁོ་དང་འགྲན་པས་ཁོས་མ་ཐུབ་སྟེ། ལྷའམ། ཀླུའམ། སུ་ཞིག་སྙམ་པ་དང་། སློབ་དཔོན་གྱིས་སྐུ་རང་བཞིན་དུ་བསྟན་པས་རྫུ་འཕྲུལ་ལ་དད་ནས་རྗེས་སུ་འཛིན་པར་གསོལ་བས་རྗེས་སུ་བཟུང་གྲུབ་པ་ཐོབ། དབྱངས་ལྡན་ཞེས་བྱ་བ་ན་ག་རའི་གྲོང་ཁྱེར་དེ་ཉིད་དུའོ། །ཡང་ལྷོ་ཕྱོགས་ན་རྒྱང་འཕེན་གྱི་གྲུབ་མཐའ་དར་བས། དེའི་པཎྜྻི་ཏའི་གཙོ་བོ་ཛི་ན་ཞེས་བྱ་བ་ཞིག་དང་སངས་རྒྱས་པའི་པཎྜྻི་ཏའི་གཙོ་བོ་ཞིག ལས་རྒྱུ་འབྲས་བདེན་མི་བདེན་ལ་རྩོད་པ་ན། སློབ་དཔོན་དེར་བྱོན་ཏེ། གཉིས་པོ་ལ་ཁྱེད་རང་གཉིས་ངའི་གོས་ཀྱི་གྲྭ་ལ་ཟུང་ཞིག་གསུངས། བཟུང་མ་ཐག་ཏུ་ས་འོག་ཏུ་བསླེབས་ནས་དམྱལ་བ་ན་ཟངས་ཆེན་པོའི་ནང་དུ་ཁྲོ་ཆུ་ཁོལ་མ་ལ་སྡིག་པ་སྤྱོད་པ་སྲེག་ལ། གཅིག་ན་ཟངས་ཞུན་མ་བསྐོལ་སྲོག་ཆགས་མི་སྣང་། མུ་སྟེགས་དེས་དམྱལ་བའི་སྲུང་མ་ལ་དྲིས་པས། འདི་ན་སྔར་སྡིག་པ་བྱས་ཏེ་ཤི་བ་རྣམས་འཚོད་པ་ཡིན། འདི་ན་འཛམ་བུའི་གླིང་ན་མུ་སྟེགས་ལས་རྒྱུ་འབྲས་ལ་སྐུར་པ་འདེབས་པ་དག་ཅིག་ཡོད་པ་དེ་དག་ཚེ་འཕོས་ན་འདིར་འཚོད་དོ་ཟེར། ཤིན་ཏུ་སྐྲག་ནས་ལས་ནག་པོའི་རྒྱུ་ལས་འབྲས་བུ་འབྱུང་བ་ནི་བདེན་པ་འདི་ལྟ་ན། བདག་ད་ལྟ་གཟུང་བར་མི་འགྱུར་གྲང་སྙམ་སྐྱེས་པ་དང་། ཡང་ལྷའི་ཡུལ་དུ་ཁྲིད། དེ་ན་གཞན་རྣམས་ལྷ་མོ་དང་ལྷན་ཅིག་དགའ་མགུར་སྤྱོད་ལ། གཅིག་ན་ལྷའི་བུ་མེད་དེ། བུ་མོ་འབའ་ཞིག་ཚོགས་སོ། །དེར་དྲིས་པས་གཞན་རྣམས་སྔར་ལས་དགེ་བ་སྤྱད་ནས་ཤི་འཕོས་པ་འདིར་སྐྱེས་པ་ད་ལྟ་དེའི་འབྲས་བུ་ལ་སྤྱོད་པ་ཡིན། འདི་ན་འཛམ་བུའི་གླིང་ན་ལས་འབྲས་ཡོད་པར་ཤེས་ནས་སྡིག་པ་སྤོང་བ་དག་ཤི་ན་འདིར་སྐྱེས་ནས་བདག་ཅག་དང་ལྷན་ཅིག་རྩེ་དགའོ་ཟེར་བས་ལོག་ནས་མུ་སྟེགས་དེས་སློབ་དཔོན་ལ་བཏུད་པས་རྗེས་སུ་བཟུང་སྟེ་གྲུབ་པ་ཐོབ། རྣལ་འབྱོར་༼༡༢༢༽པ་ཛི་ན། ད་ལྟའང་ལྷོ་ཕྱོགས་དཔལ་གྱི་རི་ལའོ། །ཡང་གྲོང་ཁྱེར་པཱ་ཊ་ལི་པུ་ཏྲ་སྐྱ་ནར་གྱི་བུ་ཞེས་བྱ་བ་ན། མུ་སྟེགས་བྱེད་པ་མཐུ་ལྡན་ཞེས་ཁོ་དང་མི་མཐུན་པ་ཐམས་ཅད་མཐུས་གསོད་པ་ཞིག་བྱུང་སྟེ། ཐམས་ཅད་སྐྲག་ནས་ཁོ་མགུ་བར་བྱེད་དོ། །ཁོའི་མདུན་དུ་ཕྱིན་ནས་ཚིག་གིས་སུན་ཕྱུང་། རང་ཉིད་ལྷག་པའི་གཏམ་བྱས་པས། ཁོ་ཁྲོས་ནས་མཐུས་གསོད་པའི་དུས་བཏབ་བོ། །དེར་སློབ་དཔོན་གྱིས་རྩལ་ཕྱུང་ཞིག་བྱས་པས། དེས་ཆེར་ཁྲོས་བསྒྲུབས་པས་ཁོ་རང་གི་ཉེ་འབྲེལ་ཐམས་ཅད་ཤི་ནས་ངུའོ། །དེར་སློབ་དཔོན་བྱོན་ནས། ང་ལ་ནི་སོ་ན་བ་ཙམ་ཡང་མེད་དོ་བྱས་པས་ལྷག་པར་སྡུག་གོ །དེར་ཁྱེད་ཀྱིས་བསད་པ་རྣམས་ཀྱང་གཞན་གྱི་ཉེ་འབྲེལ་ཡིན་ན་འདི་དང་མི་མཚུངས་སམ། མཚུངས་སོ། །ད་ཉེ་འབྲེལ་ལངས་ཏེ་བྱུང་ན་ཕྱིས་མཐུ་མི་བྱེད་དམ། སྔར་བྱས་ལ་འགྱོད་པ་འདི་འདྲ་ན་ཕྱིན་ཆད་བྱེད་པའི་བློ་ལྟ་ག་ལ་སྐྱེ་ཟེར། དེར་དེ་དག་གསོས་ནས་བསྟན་པས་གྲུབ་ཐོབ་ཏུ་ཤེས་ཏེ་ཕྱག་ཕྱིར་འབྲངས་པ་རྣལ་འབྱོར་པ་ཉི་ཟླ་འཛིན། ད་ལྟ་གྲོང་ཁྱེར་ཨ་མི་ཙི་ཀ་ལི་ན་བཞུགས་སོ། །དེ་ནས་སློབ་དཔོན་གྱིས་བྷངྒ་ལར་བྱོན་ནས་དུར་ཁྲོད་དུ་རྩྭའི་སྤྱིལ་པོ་བཅས་ཏེ་བཞུགས་པའི་ཚེ། ཕལ་ཆེར་གྱིས་དེ་ཉིད་དུ་ཏིང་ངེ་འཛིན་ལ་བཞུགས་པར་མཐོང་ལ། གཞན་དུ་རྣམ་སྨིན་གྱི་ལུས་འདི་ཁས་འོག་མིན་གྱི་ཞིང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་རིགས་དྲུག་གི་ཁྱབ་བདག་དེ་དང་བགྲོས་ནས་ཕྱིར་འཛམ་བུའི་གླིང་དུ་ལོག་སྟེ་བསྐྱེད་རིམ་ཐམས་ཅད་ཡན་ལག་བཞི་དྲུག རྫོགས་རིམ་ཕ་རྒྱུད་རིམ་ལྔ། མ་རྒྱུད་ཕྱག་རྒྱ་བཞི། ལྷག་པར་ཚིག་གསུམ་དུ་བསྟན་པ་ཐམས་ཅད་བསྡུས་པ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ཅེས་གྲགས་པ་བསྣམས་ཏེ་དྲིལ་བསྒྲགས་སོ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། བྷངྒ་ལར། ང་ལ་མི་ཡི་བླ་མ་མེད། །ང་ཡི་བླ་མ་ཐམས་ཅད་མཁྱེན། །ཅེས་དང་། སངས་རྒྱས་དང་ཡང་ངས་གཏམ་བྱས། །ཞེས་གསུངས་ཏེ་ཐམས་ཅད་སྐལ་པ་ལྡན་པས་ཉན་ཏེ་མཁའ་སྤྱོད་གྲུབ་པས་ཡུལ་དེ་ལན་གསུམ་དུ་སྟོངས་པར་བྱས་སོ། །བར་མ་དང་བསྟུན་ནས་སྤྲུལ་པའི་སྐུར་བསྟན་ཚུལ་ལ། གྲུབ་སྙིང་གི་ལོ་རྒྱུས་ལས། རྣལ་འབྱོར་མ་ཙིནྟོ་ཞེས་བྱ་བ་རང་བཞིན་གྱི་རྣལ་འབྱོར་མ་ཆང་འཚོང་པ་ལ། རྣལ་འབྱོར་པ་མཐིང་ནག་ཅིག་འོངས་ཏེ་ཆང་ཉོས། རིན་ཅི་འདོད་ཟེར། བུ་འདོད་བྱས་པས། ནུབ་དེར་བསྡད་རྣལ་འབྱོར་མ་ལ་ཆགས་པ་སྤྱད། ཐོ་རངས་ཁོ་རང་གར་སོང་མེད་ལ། ཤུལ་ན་ཤིང་གི་རྡོ་རྗེ་ཞིག་འདུག་པ་བླངས་༼༡༢༣༽པས་འོད་དུ་ཞུ་ནས་ལུས་ལ་ཐིམ་དེ་ལོ་དུས་ལ་ཁྱེའུ་བཙས་པ་ཏིལླི་པའོ། །རྣལ་འབྱོར་པ་དེ་འགའ་ཞིག་ནས་བི་རཱུ་པ། འགའ་ཞིག་ཌོམྦི་པ་ཡིན་ཟེར། དེས་ཤར་ཕྱོགས་ཀྱི་རི་མེ་དཔུང་འཁྲིགས་པའི་དུར་ཁྲོད་དུ་ཁྲིད། དཔལ་ཕྱག་ན་རྡོ་རྗེ་བྱིས་པ་ལོ་བརྒྱད་པའི་ཚོད་ཙམ་དུ་ཞལ་གཟིགས། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད་པ་ཕྱིས་གྲུབ་པ་དག་ལའང་གསན་པའི་ཚུལ་བསྟན་པའོ། །ཟེར་བ་བྱུང་བས་འདིས་ཙི་ལུ་པར་ཤེས་སོ། །སྔ་མ་དང་འགལ་བ་མིན་ཏེ་ཅིག་ཅར་སྤྲུལ་པ་བརྒྱ་འགྱེད་པར་ཞལ་གྱིས་བཞེས་པས་སོ། །མཆོག་དང་མཐུན་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཚུལ་ནི། དེ་ཛ་གོར་བྱིས་པའི་དུས་དེ་ཉིད་དུ་ཨ་ཀ་རུའི་ཤིང་དྲུང་ན་ཡི་གེ་སྦྱང་བ་ན་བུད་མེད་གཅིག་བྱུང་ནས། ཁྱོད་ཀྱི་ཡུལ་ཕ་མ། ཁྱོད་རང་གི་མིང་ཅི་ཞེས་དྲི་རྟོག་བྱེད་པ་ལ། ཡུལ་ནི་ཤར་ཕྱོགས་ཛ་གོ་ཡིན། །ཕ་ནི་བྲམ་ཟེ་གསལ་བ་ཡིན། །མ་ནི་བྲམ་ཟེ་གསལ་ལྡན་མ། །སྲིང་མོ་བྲམ་ཟེ་གསལ་སྒྲོན་ཏེ། །ང་རང་བྲམ་ཟེ་གསལ་འོད་ཡིན། །ཤིང་འདི་ཤ་པའི་སྡོང་པོ་ཡིན། །མ་ཧེ་ནོར་ཕྱིར་སྐྱོང་བ་ཡིན། །ཡི་གེ་བསླབས་ནས་དམ་ཆོས་བྱེད། །བྱས་པས་ཁྲོས་ཏེ། དེ་མ་ཡིན་ནོ། །འོ་ན་གང་ཡིན། དེ་ན་རེ། ཡུལ་ནི་ནུབ་ཕྱོགས་ཨུ་རྒྱན་ཡིན། །ཕ་ནི་བདེ་མཆོག་འཁོར་ལོ་སྟེ། །མ་ནི་རྡོ་རྗེ་རྣལ་འབྱོར་མ། །སྲིང་མོ་ང་ཡིན་བདེ་སྟེར་མ། །མིང་པོ་པཉྩྨ་པཱ་ན་ཁྱོད། །བྱང་ཆུབ་ཤིང་གི་ནགས་ཚལ་དུ། །ཉམས་མྱོང་མ་ཧེ་སྐྱོང་འདོད་ན། །སྙན་རྒྱུད་ཡི་གེ་མེད་པ་ནི། །དྲི་མེད་མཁའ་འགྲོའི་ལག་ན་ཡོད། །ཅེས་ཟེར། ངས་ལོན་ནམ་བྱས་པས། ལུང་བསྟན་དམ་ཚིག་ལྡན་པ་ཡི། །སྤྲུལ་པ་ཁྱོད་ཀྱིས་བླང་ན་ལོན། །ཟེར། དེར་འགྲོ་བ་ལ་ཅི་དགོས་དྲིས་པས། ཤེལ་གྱི་སྐས། རིན་པོ་ཆེའི་ཟམ་པ། རྩྭ་བྱི་གཟུང་གི་ལྡེ་མིག་གསུམ་དགོས་ཟེར་ཏེ་མི་སྣང་ངོ་། །དེར་ནང་དུ་ལོག་ནས་ཕ་མ་ལ་བསྙད་པས་རྫས་གཏད་དེ་སོང་ཟེར། ཕྱིན་པས་སྐད་ཅིག་ལ་ཨུ་རྒྱན་དུ་བརྟོལ། ལྕགས་རི་འོབས་རིམ་པ་བདུན། དེའི་དབུས་ན་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ངམ། དྷརྨ་གཉྫྱ་འདུག་པའི་འགྲམ་དུ་སླེབས། ཟ་བྱེད་ལས་ཀྱི་མཁའ་འགྲོ་རྣམས་ཚོགས་ཏེ། བདག་ཅག་ཟ་བྱེད་མཁའ་འགྲོ་སྟེ། །ཤ་ལ་ཟ་ཞིང་ཁྲག་ལ་རྔམ། །ཟེར་ནས་ཆོ་འཕྲུལ་སྟོན། མི་འཇིགས་མཁའ་འགྲོ་དུ་མས་ཀྱང་། །ང་ཡི་བ་སྤུའི་རྩེ་མི་གཡོ། །བྱས་ཏེ་ཟིལ་གྱིས་མནན་པས་ནོན་ནས་ལྕགས་རི་ལ་ཤེལ་གྱི་སྐས་བཙུགས། འོབས་ལ་རིན་པོ་ཆེའི་ཟམ་པ་༼༡༢༤༽བཏང་སྒོ་དྲུང་དུ་སླེབ་པ་དང་། བདག་ཅག་དམངས་མོ་དབང་ཆུང་བས། །བློན་མོའི་ཚོགས་ལ་མ་ཞུས་པར། །བདག་གི་ཤ་ཟ་ཁྲག་འཐུང་བས། དམ་པ་བདག་ལ་དགོངས་ཟེར་ནས་ལོངས་སྐུ་བློན་མོའི་ཚོགས་ལ་ཞུར་སོང་། མར་མེ་ལ་ནི་སྦྲང་མ་བཞིན། །བདག་འཇོམས་སྒོ་མ་ག་ལ་སྲིད། །བྱས་ནས་ལྡེ་མིག་གིས་སྒོ་ཕྱེ་སྟེ་ནང་དུ་འཚངས་པས། དེར་གནས་པའི་མཁའ་འགྲོ་རྣམས་ཀྱིས་འཇིགས་པའི་ཆ་བྱད་བསྟན་ཏེ་གླགས་བལྟ་བས། ལུས་ངག་ཡིད་ཟིལ་གྱིས་གནོན་པའི་ལྟ་སྟངས་བྱས་པས། དེ་དག་གི་རྒྱལ་མོ་ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་ཞུས་པས་གནང་བ་ཐོབ་སྟེ་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་སོ། །དེར་བཅོམ་ལྡན་འདས་མ་ལ་གུས་བཏུད་མ་བྱས་པར་འདུག་པ་ལ། དཔའ་བོ་དཔའ་མོ་དེ་དག་གིས། །འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་བཅོམ་ལྡན་འདས་མ་ལ། །མ་གུས་པ་ཡི་ཚུལ་ཅན་འདི། །ཅི་ཡི་ཕྱིར་ན་འཇོམས་མི་བྱ། །ཞེས་ཟེར་བ་ལ། བཅོམ་ལྡན་འདས་མ་ཉིད་ཀྱིས། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡབ་གྱུར་བདེ་མཆོག་འཁོར་ལོ་སྟེ། །འདི་ལ་མཁའ་ནས་རྡོ་རྗེ་ཡི། །སེར་བ་ཕབ་ཀྱང་གཞོམ་མི་ནུས། །གསུངས། དེར་ཁྱོད་ཅི་ལ་འོངས་ཟེར། བདག་རང་པཉྩྨ་པཱ་ན་ཡིན། །སྲིང་མོ་བདེ་སྟེར་མ་ཡིས་བཏང་། །སྙན་རྒྱུད་ཡི་གེ་མེད་པ་ཞུ། །བྱས་པས། སྐུ་ཙ་ཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་རྒྱའི་བརྡ་གསུམ་བསྟན་བྱུང་བ་ལ། ཙཀ་ལི་སྐུ་ཡི་དཀོར་མཛོད་ནས། །བརྒྱུད་པ་ཡིད་བཞིན་ནོར་བུ་ཞུ། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །སྨིན་ལམ་ཡིད་བཞིན་ནོར་བུ་ཞུ། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གྲོལ་ལམ་ཡིད་བཞིན་ནོར་བུ་ཞུ། །བྱས་པས། ཙཀ་ལི་སྐུ་ཡི་དཀོར་མཛོད་ན། །བརྒྱུད་པ་ཡིད་བཞིན་ནོར་བུ་ལ། །དམ་ཚིག་དག་གི་ལྕགས་བཅུག་པས། །དམ་ཚིག་མེད་པས་ཕྱེད་མི་འགྱུར། །ཡིག་འབྲུ་གསུང་གི་དཀོར་མཛོད་ན། །སྨིན་ལམ་ཡིད་བཞིན་ནོར་བུ་ལ། །ལུང་བསྟན་དག་གི་ལྕགས་བཅུག་པས། །ལུང་མ་བསྟན་གྱིས་ཕྱེད་མི་འགྱུར། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ན། །གྲོལ་ལམ་ཡིད་བཞིན་ནོར་བུ་ལ། །གྲུབ་ཐོབ་དག་གི་ལྕགས་བཅུག་པས། །མ་ཐོབ་པ་ཡིས་ཕྱེད་མི་འགྱུར། །གསུངས་སོ། །དེ་ལ། མཁའ་འགྲོའི་ལུང་བསྟན་ལྡེ་མིག་ཡོད་གསུངས་པས། མཁའ་འགྲོ་རྣམས་རྟ་གད་དུ་བགད་ནས། དམུས་ལོང་བལྟས་པས་གཟུགས་མི་མཐོང་། །འོན་པས་ཉན་པས་སྒྲ་མི་ཐོས། །ལྐུགས་པས་སྨྲས་ཀྱང་དོན་མི་གོ །ཞ་བོ་བརྒྱུགས་པས་རྗེས་མི་སླེབ། །༼༡༢༥༽བདུད་ཀྱིས་བསླུས་སོ་བདེན་པ་མེད། །གསུངས། དེའི་ལན་དུ། མཁའ་འགྲོའི་གསང་ཚིག་ཐུགས་ཀྱི་སྡོམ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །རང་ཉིད་རང་བྱུང་རང་གསལ་གྱི། །དམ་ཚིག་རང་བྱུང་ལྡེ་མིག་ཡོད། །གང་ཡང་སྐྱེ་བ་མེད་པ་ཡི། །སེམས་ཉིད་ཆོས་ཉིད་ཆོས་སྐུ་ལ། །ལུང་བསྟན་ཕྱག་རྒྱ་ཆེན་པོ་རུ། །ལྷུན་གྲུབ་ཉམས་ཀྱི་ལྡེ་མིག་ཡོད། །དམིགས་མེད་ཡིད་ལ་མི་བྱེད་ཅིང་། །དྲན་པ་རྡུལ་ཙམ་མེད་པ་ཡི། །རང་གི་རང་མྱོང་རང་གསལ་གྱི། །གྲུབ་ཐོབ་ཉམས་ཀྱི་ལྡེ་མིག་ཡོད། །ཉེས་པར་བཅས་པས་རྫུན་མི་གསུང་། །བྱས་པས། བཅོམ་ལྡན་འདས་མས། བདག་གི་ཡབ་གྱུར་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །ཏེ་ལོ་སངས་རྒྱས་འགྲོ་བའི་མགོན། །ཡིད་བཞིན་ནོར་བུ་རྣམ་གསུམ་འབུལ། །གསུངས་ཏེ། རྗེས་ཆགས་ཀྱི་མཆོད་པས་མཉེས་པར་བགྱིས་ཏེ་སྙན་རྒྱུད་ཀྱི་གདམ་ངག་གནང་། དྷརྨཱ་གཉྫྱའི་རྒྱུད་ཐམས་ཅད་ཀྱི་བདག་པོར་བསྐོས་སོ། །དེ་ནས། ང་ནི་མཁའ་ལ་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །ཞེས་གསུངས་པས་མཚན་དེ་ལྟར་གྲགས་སོ། །མཁའ་འགྲོ་མ་རྣམས་ཀྱིས། སྐྱེས་བུ་ཁྱོད་ནི་གང་དུ་འབྱོན། །བདག་ཅག་དོན་དུ་བཞུགས་སུ་གསོལ། །ཞུས་པས། ནཱ་རོ་རི་རི་ཀ་སོ་རི། །བུ་རྣམས་དོན་དུ་རྣལ་འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ། །ཞེས་གསུངས་ནས་གཤེགས་པའི་ལམ་དུ་གཟུགས་མེད་ལ་སྒྲར་གྲགས་པས་ལུས་མེད་མཁའ་འགྲོའི་ཆོས་སྡེ་རྣམས་སྩལ་ལོ། །བདག་གིའང་། གཞན་ལ་སྟོན་ན་དེ་ལྟར་བགྱི། །སྒྱུ་མ་ལུས་ཀྱི་གནྡྷོ་ལར། །ལུས་མེད་མཁའ་འགྲོའི་གསང་གཞུག་སྟེ། །བརྗོད་མེད་ངག་གི་ལྕགས་བསྡམས་ནས། །འོད་གསལ་སེམས་ཀྱི་བྱ་འཕུར་འགྲོ། །ཞེས་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་ཡོད་སར་བྱོན་ནོ། །དེར་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པ་ལ་ད་ལྟའི་བར་དུའང་བཞུགས་ལ། དེ་ཉིད་ཀྱིས། ང་ལུས་དགྱེས་པའི་རྡོ་རྗེ་སྟེ། །ངག་ནི་མཧཱ་མ་ཡཱ་ཡིན། །སེམས་ནི་བདེ་མཆོག་འཁོར་ལོ་ཉིད། །དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་དགྲ་རྒྱུད་ནག་པོ་སྟེ། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཆེ། །བ་སྤུ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་དོ། །ཞེས་གསུངས་པ་ཡིན་ནོ།། །། ༈ དེ་ལ་སློབ་མ་རྒྱལ་རིགས་ནཱ་རོ་པ། བྲམ་ཟེ་རི་རི་པ། རྗེ་རིགས་ཀ་སོ་རི་པ་ལ་སོགས་པའི་སློབ་མ་མང་དུ་མཆིས་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་དཔལ་ནཱ་རོ་པ་སྟེ། དེའི་ལོ་རྒྱུས་ནི། ཀཥྨིར་༼༡༢༦༽ཁ་ཆེ་སྟེ། སྔོན་དགྲ་བཅོམ་པ་ཉི་མ་གུང་པས་ཕྱོགས་དེ་ཀླུ་ལས་བླངས། དེར་སྒྱུ་མ་མཁན་སྒྱུ་མ་སྐྱེད་བཅུག་པ་ཕུན་སུམ་ཚོགས་ཏེ་མི་འཇིག་པར་བྱིན་གྱིས་བརླབས་པས། གྲོང་ཁྱེར་དཔེ་མེད་ཅེས་བྱ་བར་བྲམ་ཟེའི་རིགས་ལ་དཀར་ནག་བརྒྱད་ཡོད་པའི་བཟང་ཤོས་བྲམ་ཟེ་རྒྱལ་པོ་བྱེད་པའི་མིང་ནཱ་རོ་ཏ་པ་ཞེས་བྱ་བའི་བརྒྱུད། ཡབ་ཁ་ཆེའི་རྒྱལ་པོ་དགེ་བའི་གོ་ཆ། ཡུམ་དཔལ་གྱི་བློ་གྲོས་ཀྱི་སྲས་སུ་འཁྲུངས། མཚན་ཀུན་ཏུ་བཟང་པོ། ལྕམ་དཔལ་གྱི་ཡེ་ཤེས་ཞེས་བྱ་སྟེ་ལྕམ་སྲིང་གཉིས་སོ། །དེ་ཆེར་སྐྱེས་ནས་བྲམ་ཟེ་ལས་དྲུག་ལ་སོགས་པ་ཕྱི་རོལ་པའི་རིག་པའི་གནས་ཐམས་ཅད་ཁོང་དུ་ཆུད། སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་ཡབ་ཡུམ་ལ་གནང་བ་ཞུས་ཏེ། ཡུལ་དེ་ཉིད་ཀྱི་དགྲ་བཅོམ་པ་ལྔ་བརྒྱའི་བཞུགས་གནས་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་སྟེ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ། སྡེ་སྣོད་གསུམ་པར་གྱུར་ནས་ཡུལ་དབུས་ནཱ་ལེནྡྲར་བྱོན། གནས་བརྟན་ཀླུའི་སྡེ་ཞེས་བྱ་བ་མཁན་པོ་བྱེད་པས། དེ་ལས་སེམས་ཙམ་དང་། ཨཱ་ཀ་ར་ཤཱནྟི་པ་ཞེས་བྱ་བ་ཨཱརྻ་དེ་ཝ་དང་། ཟླ་བ་གྲགས་པའི་སློབ་མ་དེ་དང་། ཀུ་ཀུ་རི་པའི་སློབ་མ་ཆོས་ཀྱི་པའམ་འགྲོ་བཟང་སྙིང་པོ། རིག་སྔགས་འཆང་རྒྱལ་བའི་སྡེ་སོགས་ལས་ཐེག་པ་ཆེན་པོ་གཉིས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཐོས་པ་མཛད། མི་བརྗེད་པའི་གཟུངས་ཐོབ་པས་བློ་གྲོས་ཀྱི་ནོར་བཙུན་པ་དབྱིག་གཉེན་ལ་སྡོ་བས་ཐམས་ཅད་དུ་གནས་བརྟན་བསྟན་པ་འཛིན་པ་ཞེས་གྲགས་སོ། །དེར་མུ་སྟེགས་བྱེད་ཀྱི་རྒོལ་བ་གླང་པོ་ཆེན་པོ་ལྟ་བུའི་ཁེངས་པ་དག་རྩོད་པའི་གྲྭར་འདུལ་བ་ལ་སྨྲ་བའི་སེངྒེ། རང་དང་གཞན་གྱི་སྡེ་པ་ཐམས་ཅད་ཀྱིས་རྩོད་མེད་ཅེས་སམ། དཔལ་འཇིགས་མེད་གྲགས་པ་ཞེས་བསྔགས་ཏེ་ལུང་དང་རིག་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་བཀུར་རོ། །དེར་ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་པ་ཡུན་རིང་དུ་བསྐྱངས་པས་རྒྱལ་སྲས་ནཱ་ལེནྡྲ་པ་ཞེས་གྲགས་ཤིང་། སློབ་དཔོན་ཙི་ལུ་པས་དེར་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་ལེགས་པར་བཤད་པ་ན། འཁོར་པཎྜྻི་ཏ་ལྔ་བརྒྱ་དང་བཅས་པས་ཞབས་ལ་བཏུད་པས། དེ་ལ་དུས་ཞབས་པ་ཆེན་པོ་ཞེས་དང་། འདི་ཉིད་ལ་དུས་འཁོར་ཞབས་ཆུང་བ་ཞེས་གྲགས་ལ། དཔལ་དུས་ཀྱི་འཁོར་ལོ་དབང་༼༡༢༧༽མདོར་བསྟན་པའི་འགྲེལ་པ། དགྱེས་རྡོར། འདུས་པ་རྒྱུད་ཕྱི་ལ་སོགས་པའི་འགྲེལ་པ་མཛད་དེ་ཡོངས་སུ་རྫོགས་པའི་པཎྜྻི་ཏ་ཆེན་པོ་ཡ་ཤྭ་བྷ་དྲ་སྙན་གྲགས་བཟང་པོ་ཞེས་སུའང་འཇིག་རྟེན་དག་སྒྲོག་གོ །དེ་ལྟ་བུའི་རིང་པོ་ཞིག་ཏུ་བསྟན་པ་བསྐྱངས། སྒོམ་པར་བཞེད་ནས་ཅུང་ཟད་མཉམ་པར་བཞག་པ་ན་རང་གི་སེམས་བ་འཇོ་བའི་ནུ་མ་འཐེན་པའི་ཡུན་ཙམ་ཡང་མི་གནས་པས། སེམས་ལ་དབང་ཐོབ་པའི་གདམས་པ་ཞིག་དགོས་པར་འདུག་སྟེ་སུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་དང་། དུས་ལ་བབ་པར་གཟིགས་ནས། རྒྱུད་ཀྱི་གླེགས་བམ་ཞིག་ཁ་ཕྱེ། དེ་ལ་གཟིགས་རྟོག་བྱེད་པའི་སྐབས་གྲིབ་མ་ནག་ཡོལ་གྱིས་བྱུང་བ་སུ་ཡིན་བལྟས་པས། བུད་མེད་མི་སྡུག་པའི་མཚན་བཅོ་བརྒྱད་ཡོད་པ་འཇིགས་སུ་རུང་བ་ཞིག་རྒྱབ་ན་སྣང་། དེ་ན་རེ། ཁྱོད་ཀྱིས་ཀློག་པ་དེའི་ཚིག་ཤེས་སམ་དོན་ཤེས་ཟེར། ཚིག་ཤེས་བྱས་པས་དགའ། དོན་ཤེས་བྱས་ངུའོ། །དེ་ལ་ངས་ཚིག་ཤེས་བྱས་པ་ལ་དགའ། དོན་ཤེས་བྱས་པ་ལ་ཅིའི་ཕྱིར་མི་དགའ་བར་ངུ་བྱས་པས། དེ་ན་རེ། ཁྱོད་པཎྜྻི་ཏ་མཁས་པས་ཚིག་ཤེས་ཟེར་བ་དྲང་པོར་སྨྲས་པས་དགའ་བ་ཡིན། དོན་ཤེས་ཟེར་རྫུན་དུ་སྨྲ་བས་ངུས་སོ་ཟེར། འོ་ན་འདིའི་དོན་ཤེས་པ་སུ་ཡོད་བྱས་པས། ངའི་མིང་པོས་ཤེས། གཞན་གྱིས་མི་ཤེས་ཟེར། མིང་པོ་སུ་བྱས་པས། ཏིལླི་པའོ་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་མཁའ་འགྲོ་མའི་ལུང་བསྟན་ཡང་དག་པ་ཡིན་མིན་ཡི་དམ་གྱི་བསྙེན་པ་བྱས་པས་ཤེས་སྙམ་ནས། ཁ་ཆེའི་དུར་ཁྲོད་བདེ་ལྡན་བྱ་བར་བདེ་མཆོག་ཡི་གེ་བདུན་པའི་གསང་སྔགས་བཟླས། ཞག་བདུན་སྔགས་འབུམ་ཕྲག་གཅིག་སོང་བའི་ཐོ་རངས། ས་གཡོས། འོད་འབར། སྒྲ་དང་བཅས་པ་བྱུང་། དེར་ནམ་མཁའ་ནས་ཁྱོད་རྒྱ་གར་ཤར་ཕྱོགས་སུ་སོང་ཞིག དེ་ན་རྣལ་འབྱོར་དབང་ཕྱུག་ཏིལླི་པ་ཞེས་བྱ་བ་ཡོད་ཀྱི། དེས་ཁྱོད་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །དེ་ནས་མཚམས་གྲོལ་ཏེ་ནཱ་ལེནྡྲར་དགེ་འདུན་ལ་གནང་བ་ཞུས་ནས་ཤར་ཕྱོགས་སུ་འགྲོ་བར་བརྩམས་སོ། །དེར་དགེ་འདུན་རྣམས་ཀྱིས། བསྟན་རྩ་དགེ་འདུན་སྡེ་ཡིན་ལ། །སྡེ་སྤངས་ཆོས་མེད་གང་དུ་གཤེགས། །ཞེས་སོགས་ནན་ཆེན་པོས་གསོལ་བ་བཏབ་ཀྱང་མ་གནང་། གྲོགས་པོ་རིན་ཆེན་རྡོ་རྗེ་ལ་རྒྱ་གར་ཤར་ཕྱོགས་ན་ཏིལླི་པ་ཞེས་བྱ་བའི་གྲུབ་ཐོབ་ཆེན་པོ་ཞིག་བཞུགས་༼༡༢༨༽ཟེར། ང་དེར་འགྲོ། གྲོགས་པོ་རང་ཡང་འདོང་ངམ་བྱས་པས། དེ་ན་རེ། ང་རིག་པའི་གནས་ལྔ་ལ་མཁས་པ་ཀུ་ས་ལི་ལ་འདུད་དུ་མི་འགྲོ། དེ་བས་ཁྱོད་རང་ཡང་འདིར་བཞུགས་ཟེར། དེར་ནཱ་ལེནྡྲའི་མཁན་པོ་དེ་ལ་གཏད་དེ་གོ་ཌཱ་བའི་ཡུལ་དུ་ཆས་སོ། །དེར་ལམ་དུ་རྒྱ་གར་ཤར་ཕྱོགས་ནི་ཡུལ་ཤིན་ཏུ་རྒྱ་ཆེ་བ་ཡིན་པ་ལས། ངས་སྔར་གྱི་སྒྲ་དེ་ལ་ཤར་ཕྱོགས་ཀྱི་ག་ན་ཡོད་ཅེས་དྲི་དགོས་རྒྱུ་ལ་མ་དྲིས་སྙམ་སྐྱོ་ནས་སོང་བ་ལས། ཡུལ་དེ་དང་དེའི་མི་དག་ལ་དྲིས་པས་མིང་ཙམ་ཡང་རྩད་མ་ཆོད་ནས། ནགས་དབེན་པ་ཞིག་ཏུ་ངལ་གསོ་བའི་དོན་དུ་རྩྭའི་སྤྱིལ་པོ་བཅས་ཏེ་རེ་ཞིག་འདུག་པར་བསམས། དེར་རྔོན་པ་ཞིག་འོངས་པས་མཐོང་ནས། ཁྱོད་སུ་ཡིན་ཟེར། ང་ཁ་ཆེ་བ་རྒྱ་གར་ན་ཆེ་བའི་པཎྜྻི་ཏ་ཞིག་ཡིན་བྱས་པས། འདི་ན་ཅི་བྱེད་ཟེར། སྒོམ་པ་ཡིན་བྱས་པས། ཁྱོད་འོ་བརྒྱལ་ཡུལ་འདིའི་རྒྱལ་པོ་ལ་པཎྜྻི་ཏ་ལྔ་བརྒྱ་ཡོད། ནངས་ཀྱི་ཆེ་ཤོས་གྲོངས་པས་དཔོན་མེད་ཟེར། ང་མི་འགྲོ་གསུངས་པས། ཁོ་ལོག་སྟེ་རྒྱལ་པོ་ལ་གསོལ་པས། པཎྜྻི་ཏ་དེ་ལྟར་འདུག་པ་མི་རིགས། འགའ་ཞིག་གིས་རྫུན་བྱས་པ་ཡིན་ནམ། འོན་ཀྱང་འདི་ན་ཁ་ཆེ་བའི་ཚོང་པ་འདུག་པས། བདེན་ན་དེ་དག་ལ་རྒྱུས་ཡོད་དྲིས་ཤིག དེ་དག་ན་རེ་ནཱ་རོ་པ་ཞེས་བྱ་བ་པཎྜྻི་ཏ་ཆེན་པོ་ཞིག་བླ་མ་ཚོལ་ལོ་ཟེར་རྒྱ་གར་ཤར་ཕྱོགས་སུ་སོང་། དེ་ཡིན་སྲིད་ཟེར། དེར་རྒྱལ་པོས་སྤྱན་དྲངས་ནས་དེ་དག་རྟོག་ཏུ་བཅུག་པས་ཡིན་པར་འདུག་ཅེས་ཐམས་ཅད་ཀྱིས་དད་པར་བྱས་ཏེ་པཎྜྻི་ཏ་རྣམས་ཀྱི་དཔོན་དུ་བསྐོ་ཟེར། དེར་བླ་མ་ནི་རྩད་མ་ཆོད་འཁྱམ་པ་ངལ་བས་རེ་ཞིག་ཞལ་གྱིས་བཞེས་སོ། །དེའི་ཚེ་ཡུལ་དེ་ན་བུ་མོ་མཚན་དང་ལྡན་པ་ཞིག་འདུག་པ་ཕྱག་རྒྱར་བཞེས་པ་འཁོར་གྱིས་རིག་ནས་ཁྲིམས་ཉམས་ཞེས་སྐུར་པ་བཏབ། རྒྱལ་པོས་ལྐོག་ཏུ་བརྟག་པ་བྱས་པས་བདེན་པར་འདུག་སྙམ་དེར་འོངས་ཏེ་གྲགས་པ་ངན་པ་འདི་ལྟ་བུ་མཆིས་པས་མ་སངས་ཀྱི་བར་གཞན་དུ་བཞུད་ཅིག་ཟེར་བས། ཐུགས་ཁྲོས་ནས་མཐུ་བྱ་བར་དགོངས་ཏེ་ནགས་ཀྱི་ལྗོངས་རི་དེའུ་མི་ཆུང་བ་ཞིག་འདུག་པའི་རྩེར་རྩྭའི་སྤྱིལ་པོ་བྱས། དེའི་ཕྱི་ལ་འདམ་གྱིས་གཡོགས་ནས་མུན་པར་ཨུ་རྒྱན་ཀོང་ཀ་ནའི་ལུགས་ཀྱི་བདེ་མཆོག་བསྒྲུབ་པ་མཛད་དེ། ཟླ་བ་བདུན་སོང་བ་ན་གྲུབ་པའི་མཚན་མ་བྱུང་། དེར་རྒྱལ་པོ་ལ་མཐུ་བྱ་བའི་རྫས་བསགས། རྟགས་ས་གཡོས་རི་འགུལ་བྱེད་འདུག་པས། ནགས་དེའི་འདབ་ན་ཞིང་སྐྱོང་གི་༼༡༢༩༽མཁའ་འགྲོ་མ་གཉིས་ཤིག་གནས་པས། རྒྱུ་མཚན་ཤེས་ནས་ཐ་མལ་པའི་བུད་མེད་གཉིས་སུ་བྱས་ཏེ་ནཱ་རོ་པའི་རྩར་འོངས་ནས་གཡས་གཡོན་དུ་འདུག དེ་ལ་འདི་རྣམས་ཅི་ཡིན་ཞེས་དྲི་བ་ལ། ང་ལྷ་ཞིག་སྒྲུབ་པའི་དེའི་རྫས་ཡིན་བྱས་པས། ཁྱོད་བདེ་མཆོག་གི་རྣལ་འབྱོར་པར་འདུག་པས། དེའི་རིགས་གང་སྒོམ་གསང་མི་དགོས་ཤོད་དང་ཟེར། ཀོང་ཀ་ནའི་ལུགས་སོ། །དེ་ལ་ཇི་ལྟ་བུ། བཤད་པས། ཁྱོད་ཀྱི་དེ་ཚོ་ནོར་འདུག་དེ་ལྟར་མིན་ཟེར། འོ་ན་གང་འདྲ་སྨྲས་པས། འདི་ལྟ་བུ་ཟེར་བཤད་པས། མིག་བཙུམ་ཅུང་ཟད་བསམས་པས་དེ་འཐད་པར་མཐོང་ནས་ལན་འདེབས་བསམ། མིག་ཕྱེ་ནས་བལྟས་པས་གར་སོང་མི་སྣང་། བཙལ་བས་མ་རྙེད། རྗེས་ཙམ་ཡང་མི་སྣང་ནས། ངས་མ་ལེགས་པ་ཞིག་བྱས་འདུག དེ་གཉིས་མཁའ་འགྲོ་མར་འདུག་པ་བསམ་ནུབ་མོ་གསོལ་བ་བཏབ་སྟེ་ད་དུང་མཇལ་དུ་རེ་བ་ན། ཐོ་རངས་དེ་གཉིས་རྨི་ལམ་དུ་བྱོན་ནས། ངེད་ཞིང་སྐྱོང་གི་མཁའ་འགྲོ་མ་ཡིན། གཅིག་གི་མིང་ནི་རིགས་ཀྱི་དབང་ཕྱུག གཅིག་ལ་ཀ་ཀ་ཞེས་བྱ་བ་ཡིན་ནོ། །ཁྱོད་རྒྱལ་པོ་ལ་མཐུ་བྱེད་པས་དེ་འཁོར་བཅས་རླག་ནུས། དེས་ཁྱོད་རློམ་སེམས་སྐྱེས་ནས་དམྱལ་བར་སྐྱེ་བ་མཐོང་ནས་ངེས་ཀྱིས་མ་བཟོད་ནས་ཟློག་ཏུ་འོངས་པ་ཡིན། ཁྱོད་རང་གི་སྐྱེ་བ་བདུན་གྱི་བླ་མ་ཤར་ཕྱོགས་བྷངྒ་ལའི་རྒྱུད་ན་བཞུགས་ཀྱི་དེར་སོང་ཞིག་ཟེར། མནལ་སད་པ་དང་རྫས་རྣམས་སྦྱངས་ཏེ་མེད་པར་བཏང་། ཤར་ཕྱོགས་སུ་བྱོན། དེར་ལམ་དོག་པོ་ཞིག་ན་མཛེ་མོ་ཞིག་འདུག་པ་ལ་ཕྱིར་སྐྱེད་བྱས་པས་མི་འགྲོ། སྐོར་ས་མེད་ནས་འགོངས་ཏེ་ཕྱིན་པས། རྟོག་པ་དང་བཅས་ཁྱོད་ཀྱིས་ནི། །བླ་མ་རྙེད་པར་ག་ལ་འགྱུར། །ཟེར་ནས་ཡལ་སོང་། དེ་ལ་སོགས་པ་བཅུ་གཉིས་ཙམ་བྱུང་། དེ་དག་དཀའ་ཕྲན་དུ་བགྲང་། དེ་ནས་བྷངྒ་ལའི་ཨོ་ཙ་ཡ་ནའམ། ཨོ་ཏནྟྲ་གཙུག་གི་ནོར་བུའི་གཙུག་ལག་ཁང་། འདི་བུའི་ཆོས་འབྱུང་དུ། རྒྱལ་པོ་གོ་པཱ་ལས་བཞེངས་ཟེར་དེ་མ་ཡིན། མཁན་པོ་བོ་དྷི་སཏྭའི་གསུང་ལས། མུ་སྟེགས་བྱེད་དབང་ཕྱུག་གྲུབ་པ་ཞིག་གིས་རོ་ལངས་བསྒྲུབས། གྲུབ་ཁར་དེའི་རོགས་སངས་རྒྱས་པའི་དགེ་ཚུལ་སྙིང་སྟོབས་ཅན་རང་བཞིན་བཟང་པོར་གྲགས་པ་ཞིག་ལ་བཅོལ་ནས། དེ་དང་རོ་ཁ་སྤྲད་དེ་ལངས་ན་མ་ཤོར་བར་གྱིས་ལྕེ་བྱུང་བ་ན་སོས་ཆོད་ཅིག གལ་ཏེ་ཤོར་ན་བདག་ཅག་དང་༼༡༣༠༽གྲོང་ཁྱེར་ཕུང་བར་འགྱུར་རོ། །ཞེས་ཁོ་དང་རོ་ཁ་སྦྱར་ཏེ་བཞག ཁོ་རང་རིག་སྔགས་བཟླ། ནམ་གུང་ཙམ་ན་རོ་ལངས། མ་ཞེད་པར་བསྡད་པས་ཇི་ལྟར་ཟེར་བ་ལྟར་ལྕེ་ཕྱུང་ངོ་། །དེ་སོས་བཅད་པས་རལ་གྲིར་སོང་། དེ་དགེ་ཚུལ་གྱིས་ཁྱེར་བས་ཁོ་དངངས་ཏེ། ཁྱོད་སངས་རྒྱས་པ་སྙིང་རྗེ་ཆེ་བ་མ་ལགས་སམ། དེ་ལྟ་བུར་མ་ཕྲོགས་ཤིག་བྱས་པས། དགེ་ཚུལ་ན་རེ། ངས་ལྷའི་ཡུལ་བལྟས་ལ་མྱུར་བར་ལོག་སྟེ་ཁྱོད་རང་ལ་སྤྲད་དོ་མ་འཇིགས་ཤིག་ཟེར་ནས། སུམ་ཅུ་རྩ་གསུམ་དུ་ཕྱིན། ལྷ་དང་བཅས་པའི་འཇིག་རྟེན་མཐོང་ནས་ཕྱིར་ལོག་རལ་གྲི་མུ་སྟེགས་བྱེད་དེ་རང་ལ་སྤྲད། རོ་གསེར་གྱི་སྦྲམ་བུར་སོང་བ་དགེ་ཚུལ་གྱིས་བྱས། མུ་སྟེགས་དེ་མཁའ་སྤྱོད་དུ་སོང་། དགེ་ཚུལ་གྱིས་གླིང་བཅུ་གཉིས་རི་རབ་དང་བཅས་པ་ལ་དཔེ་བླངས་གསེར་དེས་རྒྱུ་བྱས་ནས་གཙུག་ལག་ཁང་བསྒྲུབས་པ་ཡིན་གསུངས། དཔལ་གྱི་བསམ་ཡས་དེ་ལ་དཔེ་བླངས་པ་ཡིན་ནོ། །དེར་སླེབ་པ་དང་དགེ་འདུན་དེ་དག་གིས་གང་ནས་བྱོན་སོགས་དྲིར་བྱུང་བ་ལ་ཇི་ལྟ་བ་བསྙད། ཐམས་ཅད་ཀྱིས་སྔར་ཐོས་པས་བཀུར་སྟི་ཆེན་པོ་བྱས་སོ། །དེ་དག་ལ་ཕྱོགས་འདི་ན་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པ་ཞེས་བྱ་བ་ཡོད་ཟེར་བས་ད་ལྟ་ག་ན་བཞུགས་ཞེས་དྲིས་པས། དེ་དག་ན་རེ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པ་ཞེས་བྱ་བ་ཆ་མེད། སྤྲང་པོ་ཏིལླི་པ་ཞེས་བྱ་བ་ཞིག་འདི་ཀུན་ན་ཁོར་རེ་འོང་གི་འདུག་ཟེར། དེར་དགེ་འདུན་གྱི་ཆོས་སྟོན་འདུག་པའི་དགུང་ལ་བཞུགས་ཟེར་ཏེ། ཆད་པས་གནང་བ་ཞུས་ཏེ་ཚང་མལ་དུ་ཞུགས་པས། ཁ་ཟས་བྲིམ་ཚར་བ་ཙམ་ན། རྣལ་འབྱོར་པ་རས་ཀྱི་ཨང་རག་ཙམ་མིན་པའི་གོས་མེད་པ། ལུས་ཉི་ལྷགས་ཀྱིས་གདུངས་པས་སྔོ་སྐྱ་རལ་པ་སྤྱི་བོར་བཅིངས་པ་ཞིག་གིས་ཉ་གསོན་པོ་ཁྲིག་མ་གང་ཁྱེར་ནས། འབྲས་བཙོས་པའི་མེ་དམར་འདུར་རེ་བ་ལ་བསྲེགས་པས། ཐབ་ག་པ་རྣམས་རུབ་སྟེ་རྡེག་པར་བརྩམས་པ་ན། དེ་ན་རེ། ཁྱེད་རྣམས་མི་དགའ་འམ་ཟེར། དགེ་འདུན་གྱི་གནས་སུ་ཉ་གསོན་སྲེག་བྱེད་པ་ལ་ག་ན་དགའ་བྱས་པས། ལཱུ་ཧི་ཛ་ཛ་བྱས་པས་སིབ་ནམ་མཁའ་ལ་འཕུར་ཏེ་སོང་བས། ཐམས་ཅད་ཀྱིས་གྲུབ་ཐོབ་ཏུ་ཤེས་ནས་བརྡེགས་པ་ལ་བཟོད་གསོལ་བྱས་སོ། །དེར་འདི་སུ་ཡིན་དྲིས་པས་སྤྲང་པོ་ཏིལླི་པ་ཟེར་བ་དེ་ཡིན་ཟེར། འདི་ཁ་ཏིལླི་པའོ་སྙམ་ནས་དེ་སོང་བའི་ཕྱི་བཞིན་འབྲངས་པས་གཙུག་ལག་༼༡༣༡༽ཁང་ཆེན་པོའི་རྒྱ་ཕིབས་ཀྱི་རྩེ་ལ་བཞུད་དོ། །དེར་ཕྱིན་ནས་བདག་རྗེས་སུ་འཛིན་པར་ཞུས་པས། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་ཀྱང་མ་བྱེད་རྣལ་འབྱོར་པ། །འདི་ནས་མར་མཆོང་ནུས་པ་སུ་ཡོད་གསུངས། བལྟས་པས་གཞན་མི་འདུག ང་ལ་གསུངས་པ་ཡིན་སྙམ་ཚམ་ཚོམ་མེད་པར་མཆོངས་པས་རྐང་ལག་དང་རྩིབ་མ་ཆག རྒྱུ་ལོང་དང་དོན་སྙིང་ལ་ཟུག ལུས་བྱིན་འདམ་བུ་བཅོམ་པ་ལྟར་སོང་ནས། དགེ་འདུན་རྣམས་དེར་སླེབ་ཐམས་ཅད་ཧ་ལས་ཏེ་སྨྱོའམ་ཟེར་བ་ལ། བླ་མའི་བཀའ་བསྒྲུབས་པས་འདི་ལྟར་གྱུར་བ་ཡིན་བྱས་པས། འགྱོད་པ་མེད་དམ་ཟེར། ཅི་ལ་ཡོད་ཤི་ནའང་འཚེངས་མོད་གསུངས་ཏེ་དབུགས་རྩེག་དྲན་པ་མེད་པར་སོང་བ་ན། རྣལ་འབྱོར་པ་དེ་འོངས། ལུས་ལ་ཕྱག་གིས་བྱུགས་ཏེ། རོ་ཀ་ན་ཧི། ཕོ་ག་ན་ཧི་བྱས་པས་སྐད་ཅིག་མ་དེ་ལ་སྔར་བཞིན་གསོས་པས་ཐམས་ཅད་ཡིད་ཆེས་སོ། །དེ་ནས་ལོ་གཅིག་ཏུ་ཕྱག་ཕྱིར་འབྲངས་ཀྱང་གདམ་ངག་ལྟ་ཅི། གསུང་ཡང་མི་སྩོལ། སྐབས་ཤིག་ན་འོད་མའི་ཤག་མ་རྩེ་རྣོ་བ་མེ་ངར་བླུད་པ་རིང་ཐུང་མདའ་ཙམ་ཞིག་བསྣམས་ནས། འདི་མཁལ་ཁུང་དུ་རྒྱབ་ཏུ་སྟེར་བ་ཡོད་དམ་གསུང་། ནུས་ཞུས་རྐེད་པ་བཟེད་པས་བརྒྱབ་སྟེ་ཐལ་བྱུང་དུ་ཕུག་ནས་གར་སོང་མི་སྣང་། དེར་ན་ཟུག་གིས་ཚུགས་པ་མེད་ཀྱང་བླ་མའི་བཀའ་ཡིན་པས་ཤི་རུང་འཚེངས་སྙམ་པ་དང་བྱོན་ནས་ཕྱག་གིས་ཕྱུང་སྟེ་གསོས། དེ་ནས་ལོ་གཅིག་ན་ཤིང་སྐམ་པོ་འཐུས་ཅིག འཐུས། སློབ་དཔོན་རང་ཡང་འཐུ། སྤུངས་ནས་མེ་གསུམ་སྒྲོམ་དུ་སྤར། འདིའི་དབུས་སུ་སྡོད་ནུས་སམ་གསུངས། ནུས་ཞུས་ཏེ་བསྡད་པས། ཤ་ཚིག་རུས་པ་དཀར་སང་སོང་། ད་རེས་སོས་པའི་ཐབས་མེད། བླ་མའི་བཀའ་བསྒྲུབས་པས་ཤི་རུང་འཚེངས་སོ་སྙམ་པ་བླ་མ་ཡིད་ལ་བྱས་པས་མེ་རང་ཞི། ཕྱག་གིས་བྱུགས་པས་སོས། དེར། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །བྱས་པས། གེགས་སེལ་རྣམས་ཀྱི་ཆོས་གཅིག་པུ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །བོགས་འདོན་རྣམས་ཀྱི་ཆོས་གཅིག་པུ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས། ལོ་གཅིག་ན་གྲོང་ཁྱེར་པའི་མི་གཙང་བ་སྤུངས་པའི་འདམ་ཁྲོད་ཅིག་ཏུ་ཁྲིད་ནས། འདི་ཟ་ནུས་སམ། ནུས་ཞུས་ཏེ། ཐེ་ཚོམ་མེད་པར་སྣོད་ཀྱིས་བཅུས་ཏེ་བཟས་པས། ཞེ་མི་ཞིམ་ཡང་འགྱོད་པ་མེད། ༼༡༣༢༽དེ་ནས་ལོ་གཅིག་ན། ང་ལྟོགས་མ་གི་ན་སྦྱིན་གཏོང་བྱེད་པ་ཞིག་ཡོད་པས་སློངས་ཤིག་གསུངས། དགའ་ནས་ཕྱིན་པས་སྣོད་གང་ཐོབ་པ་སློབ་དཔོན་ལ་ཞུས་པ་ཞིམ་ཞིམ་མཛད་དེ་གསོལ་ལོ། །ད་དུང་བཙལ་ལམ་ཞུས་པས་རུང་གསུང་། སླར་ཕྱིན། སྤྱིར་རྒྱ་གར་ལ་ཉི་མ་གཅིག་ལ་གནས་གཅིག་ཏུ་ལན་གཉིས་སློང་བའི་སྲོལ་མེད་པས་བསླངས་པས་ནི་མ་སྟེར། ལྷག་གི་སྣོད་འདུག་པ་དེ་བརྡོས་ཏེ་འོངས་པས་ཐམས་ཅད་ཀྱིས་བདས་རྗེས་ཟིན། དབྱུག་པས་འདམ་བུ་བཅོམ་པ་བཞིན། འགྱོད་པ་མེད་པས་སློབ་དཔོན་བྱོན་ཏེ་སྔར་བཞིན་གསོས། དེ་ནས་ལོ་གཅིག་ན་རྒྱལ་པོའི་བཙུན་མོ་སྐྱེད་མོས་ཚལ་དུ་ཁྱོགས་ལ་བཏེག་སྟེ་འགྲོ་བ་གཟིགས་པ་ན། འདིའི་ནུ་མ་མཉེད་ནུས་སམ་གསུང་། ནུས་ཞུས་ནས་བྲམ་ཟེའི་ཆས་རི་དྭགས་ཀྱི་པགས་པས་སྨད་དཀྲིས། ཚངས་སྐུད་བཅངས། ཀུ་ཤ་རྣ་བར་གཟེར། ལག་ཏུ་མེ་ཏོག་གི་འཕྲེང་བ་ཞིག་བཟུང་ནས་སྒོར་བསྡད་པ་ན། ཚུར་ལོག་པ་ན་དེའི་དྲུང་དུ་རིག་བྱེད་སྟོན་པས་བཀྲ་ཤིས་སོ་ཟེར། མེ་ཏོག་གི་འཕྲེང་བ་བཅིངས་ནས་ནུ་མ་མཉེས་པས་འཁོར་རྣམས་ཀྱིས་དབྱུག་པས་སྔར་ལྟར་བཅོམ། སློབ་དཔོན་བྱོན་ནས་གསོས། དེ་ནས་ལོ་གཅིག་ན་སློབ་དཔོན་ན་རེ། རྣལ་འབྱོར་པ་བྱ་བ་ཕྱག་རྒྱ་མ་དགོས་པ་ཡིན། ཁྱོད་ཀྱིས་བློན་པོ་བག་མ་བསུ་བ་དེ་འཕྲོག་ནུས་སམ། སྔར་ལྟར་བྲམ་ཟེར་བྱས་ནས། དེ་ཡོང་བའི་ལམ་དུ་བསྡད་པས་གཉེ་བོ་རྣམས་དགའ་ནས་བཀྲ་ཤིས་སོ་ཟེར། བག་མ་ལ་མེ་ཏོག་བཏགས་ནས་དེ་ཕང་དུ་རྩེན་དེ་བླངས་འཁུར་བར་བརྩམས་པས། ཐམས་ཅད་ཀྱི་བློན་པོ་བརྙས་པ་འདི་ལྟར་བྱེད་པ་ཟེར་ནས་འདམ་བུ་བཞིན་དུ་བཏགས། རྐང་ལག་བཞི་བཅད་དེ་བཞག་གོ །དེར་ད་རེས་ནི་རྐང་ལག་བཅད་པས་འཐུད་དུ་ནི་མི་ཐུབ། སོས་པའི་ཐབས་མེད་བླ་མའི་ཕྱིར་ཡིན་ཤིའང་བྲོད་དོ་སྙམ་པ་ན། སློབ་དཔོན་བྱོན་ཏེ་ཆད་པ་འཐུད་ནས་སྔར་བཞིན་གསུངས་པས་སོས། དེ་ནས་ལོ་གཅིག་ན། ནཱ་རོ་པ་ཁྱོད་རང་ཆུང་མ་མ་གི་ལོང་གསུངས། བླ་མའི་བཀའ་ཡིན་བསམ་བླངས། གཏམ་ངན་གྱིས་རྒྱལ་ཁམས་ཁྱབ་པས་འགྱོད་པ་མེད་སྙམ་པ་དང་། ཆུང་མ་ཚོལ་བ་འདིས་ལན་གསུང་། རྡོ་རྗེའི་བུ་ག་ལྕགས་ཀྱི་ཐུར་མས་གཤགས། རྡོའི་ཐོ་བ་གཉིས་ཀྱི་བར་དུ་བཅུག་ནས་བརྡུངས་པས་ན་ཚ་ལ་བཟོད་པའི་གླགས་མེད། ལུས་གཡོ་བ་ཙམ་ཡང་མེད་པར་བླ་མས་མཛད་པ་ཡིན་སྙམ། ཞག་དུ་མ་ན་བྱོན་ནས་སྔར་བཞིན་གསོས། དེ་ནས་ཆུང་མ་དེ་ང་ལ་དགོས་གསུངས། ༼༡༣༣༽དགའ་སྟེ་ཕུལ་བས། འདི་ང་ལས་ནཱ་རོ་པ་ལ་དགའ་འོ་གསུངས། ཕྲག་དོག་དང་མིག་སེར་ཆེ་ཆེ་མཛད་པ་ལ། བླ་མ་མཉེས་འདུག་པ་བསམ་དགའ། དེ་ནས་ནངས་ཀྱི་མཐའ་མ་ལོ་བཅུ་གཉིས་པ་ན་མྱ་ངམ་གྱི་ཐང་ཆེན་པོར་ཁྲིད་དེ་ཆོས་བཤད་པས་མཎྜྻལ་ཕུལ་ཞིག་གསུངས། དགའ་དྲགས་ཆུ་བཙལ་བས་མ་རྙེད། ཁྱོད་ཀྱི་ལུས་ལ་ཁྲག་མེད་དམ་གསུངས། དེར་ལུས་ཀྱི་ཁྲག་རྩ་གཏོར་ཏེ་ཁྲག་གིས་ཆག་ཆག་བཏབ། མེ་ཏོག་མེད་ནས་རྣ་བ་དང་ཉིང་ལག་གཏུབས་ཏེ་ཚོམ་བུར་བཀོད་པས་ཁྲག་མང་པོ་ཤོར་བས་བརྒྱལ་ལ་ཁད་ན། ཏིལླི་པས་མཆིལ་ལྷམ་ཕུད་དེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་ལྷམ་དཔྲལ་བར་འཕངས་པ་ཕོག་པས་འགྱེལ། བརྒྱལ་སངས་པ་ན་གསོས། དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་བརྙེས་པ་ཁྱོད་ཀྱི་མིང་ཡེ་ཤེས་དངོས་གྲུབ་བོ་གསུངས་ཏེ། མར་པས། ལམ་སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །ཁྱད་དུ་བསད་པ་བཅུ་གཉིས་མཛད། །དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས། །ཤྲཱི་ཛྙྱཱ་ན་སིདྡྷིའི་ཞབས་ལ་འདུད། །ཅེས་གསུངས་སོ། །དེའི་ཚེ་ནཱ་རོ་པས་རྟོགས་པའི་མགུར་བཞེངས་པ། འཆར་བ་མེད་ཅིང་ནུབ་པ་མེད། །ཉིན་མོ་མེད་ཅིང་མཚན་མོ་མེད། །བླ་མའི་རྟོགས་པས་རྨོངས་པ་ཆད་དེ་སོང་། །གར་འགྲོ་གང་དུ་གནས་པ་མ་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། །དེ་ལ་བདག་གིས་ཅི་ཞིག་བསམ་པར་བྱ། །ཕྱོགས་རྣམས་སྟོང་ཞིང་རང་ཡང་རྣམ་པར་བྲལ། །གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་མཐོང་། །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་བོར། །འདི་ཡི་ཁྱད་པར་ཏེ་ལོ་པ་དབང་ངོ་། །ཞེས་གསུངས་ལ། སློབ་དཔོན་གྱིས་ཀྱང་། མི་བརྗེད་གཟུངས་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ང་ཡི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོགས་པར་འདོད་ན་ནཱ་རོ་བསྟེན། །ཞེས་གདམས་སོ། །དེ་ལྟར་རྒྱ་མཚོ་དང་འདྲ་བའི་མཚོན་བྱ་དོན་བསྟན་ནས། ཆུ་བོ་དང་འདྲ་བའི་མཚོན་བྱེད་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ལ་སོགས་པ། ཁྱད་པར་སྙན་རྒྱུད་དེ་༼༡༣༤༽བུམ་པ་གང་བྱོ་བསྟན་ནས། རང་གྲོལ་ཡེ་ཤེས་ཉི་མ་ཡིས། །པུལླ་ཧ་རིའི་དགོན་པ་རུ། །བྷཱུ་ཏིའི་མ་རིག་མུན་སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཞེས་ལུང་བསྟན། དེ་ནས་ལོག་པའི་ལམ་དུ་མགར་བའི་གྲོང་དུ་བཞུགས་པས། ནཱ་རོ་པ་དུབ་པས་གཉིད་དུ་སོང་ལ། ཐོ་རངས་མགར་བ་རྣམས་ཐོ་བ་འུར་ལྡིར་བྱུང་། དེས་གཉིད་སད་ནས། དེ་དག་ལ་ཞེ་སྡང་གི་རྟོག་པ་ཞིག་སྐྱེས། དེ་ལ་བལྟས་པས་ཞེ་སྡང་སྒྱུ་མ་ལྟ་བུར་སོང་ནས་རྐྱེན་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཞིག་བྱུང་ནས། འདི་བླ་མའི་བཀའ་དྲིན་ནོ་སྙམ་ནས། ཁ་ཆེའི་ཚོང་པ་ལ་བྱུ་རུ་བསྐྱིས་ནས་གཞོང་པ་གང་བསྣམས་ཏེ། སློབ་དཔོན་ཡང་དྲིན་ཆེ་སྟེ། འབུལ་བའང་མི་ཆུང་སྙམ་ནས་འབུལ་དུ་བྱོན་པས། སློབ་དཔོན་གྱིས་འདི་ད་དུང་དངོས་པོ་ལ་ཞེན་པ་མ་བཏང་ངོ་སྙམ་ནས། ཞེན་པ་ཟློག་པའི་ཕྱིར་བྱུ་རུའི་རི་དེའུ་མི་ཆེ་བ་ཙམ་ཞིག་སྤྲུལ་ནས་དེའི་ཁར་བཞུགས་པས། ནཱ་རོ་པ་ཁེངས་པ་ཞི་ནས་བྱུ་རུ་རྣམས་སྐུ་ལ་གཏོར་བཤད་དམ་སྒོམ་ཞུས་པས། སློབ་དཔོན་རྩིག་གསེབ་ཏུ་བཞུད་ནས་སླར་བྱོན་ཏེ། ཀ་པཱ་ལ་ཞིག་དྲི་ཆེན་རླངས་པ་ཕྱུར་རེ་བས་གང་བ། མིའི་རྩིབ་མས་ཐུར་མ་བྱས་པ་གནང་འདི་ཟོ་གསུངས། བཞེས་པས་བདུད་རྩི་རོ་བརྒྱ་དང་ལྡན་པ་ཞིག་བྱུང་བ་ནས། ཐོད་པས་སྣོད་བཅུད་དང་མཚུངས་པར་ཆོས་ཀྱི་ཚིག དེ་ཟོས་པས་ལྷའི་ཟས་ཀྱི་རོར་བྱུང་བ་ནི་ཉམས་སུ་བླངས་ན་མཆོག་གི་དངོས་གྲུབ་ཐོབ་པས་སྒོམས་ཤིག་གསུངས་པའི་བརྡར་གོ་བས། དེ་བཞིན་ནོ་གསུངས། དེ་ནས་སྔར་མཐུ་བསྒྲུབས་པའི་སར་སླེབས་པ་ན། རྒྱལ་པོས་ཚོར་ཏེ་འཁོར་དང་བཅས་པ་འགྱོད་པས་བཤགས། མཆོད་གནས་སུ་ཞུས་ནས་ཞལ་གྱིས་བཞེས་ཏེ་སྔར་གྱི་དགོན་པ་གཟིགས་པས་སྤྱིལ་པོ་དེ་སོ་ཕག་ལ་བགྱིས་པ་ལྟར་གྱུར་འདུག་པ་མཐོང་། དེ་ཡོད་པའི་རྒྱལ་པོའི་ཕོ་བྲང་མེ་ཏོག་གི་ཁྱིམ། ལྗོངས་མེ་ཏོག་རྒྱས་པའི་ཞིང་། དགོན་པ་དེ་ལ་རི་བོ་གསེར་གླིང་ཞེས་བྱ་སྟེ། རྗེ་མར་པས་ནཱ་རོ་པ་མཇལ་སའོ། །དེར་ལོ་བདུན་སོང་བའི་སྐབས་དབུས་འགྱུར་དུ་བྱོན་པ་དང་བི་ཀྲ་མ་ཤཱི་ལའི་བྱང་སྒོར་གཅེར་བུ་པ་རྣམས་ཀྱིས་རྩོད་པར་འོངས་ནས། རྒྱལ་པོ་དཔང་དུ་གཙུགས། དེར་རྒྱལ་པོས་གཅེར་བུ་པ་རྣམས་རྩོད་པ་རྒྱལ་ན་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་ན་མི་རུང་ངོ་སྙམ་དབུས་འགྱུར་འཆང་གི་པཎྜྻི་ཏ་ཐམས་ཅད་བསགས་ནས་མེ་ཏོག་གི་འཕྲེང་བ་གཏད་པས། གཅེར་བུ་པ་དེ་དག་ཤེས་པ་དང་ལྡན་པས་སུས་ཀྱང་ལེན་མ་ནུས་སོ། །རྒྱལ་པོ་༼༡༣༥༽ན་རེ། ད་དུང་ཁྱེད་བགྲོས་ལ་རྩོད་པ་གྱིས་ཤིག གལ་ཏེ་རྩོད་པར་མི་ནུས་ན་གཙུག་ལག་ཁང་དབང་རིགས་དང་བཅས་པ་གཅེར་བུ་པ་ལ་འབུལ་ལོ་ཟེར། དེར་པཎ་ཆེན་རྣམས་གྲོས་བྱེད་པའི་ཚེ། རྒན་མོ་གཅིག་ན་རེ། ངའི་ཁྱིམ་ན་ནཱ་རོ་པ་ཆེན་པོ་ཁ་ཆེར་འབྱོན་འདོད་ནས་བྱོན་ནོ། །དེ་ལ་ཞུས་ཤིག་ཟེར། ཐམས་ཅད་འདུས་ཏེ་དེར་ཕྱིན་ནས་རྒྱུ་མཚན་གསོལ་བས། བསྟན་པ་འཇིག་ལ་ཁད་དམ། ཁད་དོ། ང་ཡོད་སར་གཅེར་བུ་པ་དག་ཡོང་ནུས་པའང་རིགས་པ་མ་ཡིན་མོད། མི་རིགས་པ་བྱས་པས་ཕམ་པར་བྱའོ། །སྔར་སློབ་དཔོན་གྱིས་སྒོམས་ཤིག་པར་གདམས་པ་བརྗེད་དོ། །དེར་གཅེར་བུ་པ་དང་རྩོད་པའི་ཁྲི་བཤམས་པ་ལ་གཅེར་བུ་པས་ཐོས་ནས་འོང་མ་ནུས་སོ། །ཁོའི་ལྷ་ཁང་སྒོར། རྒོལ་བ་དང་། ཕྱིར་རྒོལ་བ་དང་། དཔང་པོའི་ཁྲི་བཤམས་ཏེ་རྩོད་པ་བྱས་པས། སློབ་དཔོན་རང་གིས་གཟིགས་པས་རང་ཞན་ཞན་འདྲའོ། །ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཞན་པ་ཅི་ཡིན་སྙམ་པས། བླ་མའི་གསུང་འགོངས་པར་མཐོང་ནས་ཡིད་ཀྱིས་བཟོད་གསོལ་བྱས་པས། དེར་སློབ་དཔོན་ཏིལླི་པ་ཕྱག་གཡས་ཁ་ཊྶཱཾ་གཡོན་ཐོད་པ་བཅད་མ་ཐག་ཅིག་བསྣམས་ལ། རུས་པའི་རྒྱན་དྲུག་སྟག་ཤམ་ཅན་རལ་པའི་ཟུར་ཕུད་ཟང་ངེ་བ་ཞིག་ཏུ་བྱོན་པ་ལ་ཕྱག་མཛད་པས། གཅེར་བུ་པ་རྣམས་སངས་རྒྱས་པ་སྙིང་རྗེ་དང་བྲལ་བ་སྲིན་པོའི་གཟུགས་ཅན་འདི་ལྟ་བུ་ལ་ཕྱག་འཚལ་བ་དེ་ཉིད་ཕམ་པའི་གནས་སུ་གྱུར་ཏེ་ཟེར། སློབ་དཔོན་ཏིལླི་པས་ཕམ་ཕམ་གསུང་ཁོའི་ལྷ་ཁང་ལ་སྡིགས་མཛུབ་གཏད་དེ། མཆོད་རྟེན་གྱི་གཟུགས་འདྲ་བ་ཟུར་བརྒྱད་སུམ་ཐོག་རྒྱ་ཕིབས་དང་བཅས་ཡོད་པ་སྲུལ་གྱིས་ཞིག་པས། གཅེར་བུ་པ་རྣམས་སྐྲག་ནས་ཐམས་ཅད་ཀྱིས་སློབ་དཔོན་ལ་བཏུད་དེ་ནཱ་རོ་པ་ལ་གཏད་ནས་རབ་ཏུ་བྱུང་ཞིག་གསུངས། དེའི་ཚེ་རྒྱལ་པོ་ནི་ནིར་ཡ་པཱ་ལ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་སྤྱོད་པ་ལ་གཤེགས་པས། བི་ཀྲ་མ་ལ་ཤཱི་ལའི་བྱང་སྒོ་བསྲུང་བར་གསོལ་བ་བཏབ་ལ། སློབ་དཔོན་ལ་གསོལ་བ་བཏབ་པས་ད་ཁྱོད་ཀྱིས་ཆོས་སྟོན་པའི་དུས་ལ་བབ་ཀྱི་གྱིས་ཤིག འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཏེ། ཁྱོད་བས་ཀྱང་སློབ་མ་དང་ཡང་སློབ་རིམ་པས་ཕན་ཇེ་ཆེར་འགྱུར་རོ་ཞེས་གསུངས་ཏེ་མི་སྣང་ངོ་། །དེ་ནས་སློབ་དཔོན་ཏིལླི་པའང་ཀུན་གྱི་མངོན་དུ་རྒྱུ་མི་སྣང་སྟེ། སྐལ་བ་དང་ལྡན་ན་ནི་དེར་འབྱོན་ནོ། །དེའི་ཚེ་བི་ཀྲ་མ་ཤཱི་ལ་ན་ཤར་ཕྱོགས་སུ་ཤཱནྟི་པ། ལྷོ་ཕྱོགས་སུ་ངག་གི་དབང་ཕྱུག་གམ། ༼༡༣༦༽མཚན་གཞན་ཁྱབ་འཇུག་བཞད་པའི་དཔལ། ནུབ་ཕྱོགས་ན་ཤེས་རབ་འབྱུང་གནས་བློ་གྲོས་སྦས་པ། བྱང་ཕྱོགས་ན་དཔལ་ནཱ་རོ་པ། དབུས་ན་ཁ་ཆེ་རིན་ཆེན་རྡོ་རྗེ་དང་། ཛྙྱཱ་ན་ཤྲཱི་མི་ཏྲ། འདི་ཁ་ཆེར་བྱུང་བ་དང་མི་གཅིག་གོ །དེར་ནཱ་རོ་པའི་ཞལ་མཐོང་ཚད་ངན་སོང་དུ་མི་སྐྱེའོ་ཞེས་གྲགས་ནས་སློབ་མ་བསམ་གྱིས་མི་ཁྱབ་པ་འདུས་སོ། །དེར་ཁ་ཆེའི་རྒྱལ་པོས་གུར་ཀུམ་གྱི་ཞིང་གི་ལྗོངས་དང་ཉེ་བ་ན་རི་བོ་ཞིག་ལ་དཔལ་མེ་ཏོག་མདངས་འཕྲོག་པའི་གཙུག་ལག་ཁང་བགྱིས་ནས་སྤྱན་དྲངས་ཏེ། དེ་ཕུལ་བླ་མར་བཟུང་ངོ་། །དེས་ཡུལ་དབུས་རྒྱལ་པོའི་ཁབ་ཏུ་གླང་པོ་ཆེ་ཤི་བས་ཐམས་ཅད་མྱ་ངན་གྱིས་ནོན་པས། དེ་ལ་གྲོང་འཇུག་མཛད་གནོད་པ་མི་འབྱུང་བའི་སར་བསྐྱལ། ནུབ་ཕྱོགས་ནཱ་ག་རའི་རྒྱལ་པོ་མུ་སྟེགས་ཅན་ཡིན་པས། དེ་མིའི་མཆོད་སྦྱིན་བྱེད་ཟེར་ནས། མི་སྟོང་ལྕགས་སུ་བཅུག་སྟེ་མཆོད་སྦྱིན་གྱི་ཁང་པར་བཅུག་པ་དཔལ་ནཱ་རོ་པས་དགོངས་ཏེ། སངས་རྒྱས་པའི་རྣལ་འབྱོར་པ་ཐམས་ཅད་བསྡུས་ནས་རྫུ་འཕྲུལ་གྱིས་དེར་བྱོན། རྒྱལ་པོའི་སྒོར་སྤུངས་ནས་འདུག་སྟེ། རྒྱལ་པོ་ལ་ཁྱོད་ཅི་འདོད་པའི་དངོས་གྲུབ་སྟེར་གྱི། མི་ལྕགས་སུ་བཅུག་པ་འདི་དག་ཐོན་ཅིག གལ་ཏེ་མི་འདོན་ན་ཁྱོད་ལ་གནོད་པ་བྱེད་དོ་བྱས་པས། རྒྱལ་པོ་ན་རེ། དེ་འདྲ་བའི་སྙེམས་ནུས་པ་ཅི་ཡོད་པ་ཟེར། དེར་ལྟ་སྟངས་བཞི་དང་གྲུབ་པ་བརྒྱད་ཐོབ་པ་རྐྱང་ཡིན་བྱས་པས། གཅིག་གཉིས་སྟོན་དང་ཟེར། དེར་འགུག་པའི་ལྟ་སྟངས་མཛད་དེ་ནགས་ནས་གླང་པོ་ཆེ་བཀུག་པས་འབུ་སྒྲ་དང་བཅས་ཏེ་ནཱ་རོ་པའི་ཞབས་ལ་གཏུགས་སོ། །སྐྲོད་པའི་ལྟ་སྟངས་ཀྱིས་ཟེར་མཛད་པས་སྔར་སར་ལོག དེར་རྒྱལ་པོ་ཡིད་ཆེས་ནས་ངེད་ཀྱིས་བཀྲོལ་ན་ལྷ་མི་དགའ་བ་འོང་བས་ཁྱེད་རང་གིས་ཁྲོལ་ཟེར། དེར་ནཱ་རོ་པས་དེ་དག་གི་མགོ་ལ་ཐལ་ལྕག་རེ་བརྒྱབ་པས་ལྕགས་རང་གྲོལ་བས་རྒྱལ་པོ་འཁོར་བཅས་ཐམས་ཅད་སངས་རྒྱས་པ་ལ་བཅུག་པས། མུ་སྟེགས་བྱེད་དག་ཁྲོས་ནས་རྫུ་འཕྲུལ་ཆེན་པོ་ཐོབ་པ་དག་གིས་འཇིག་རྟེན་འཐོར་བའི་རླུང་ཙམ་སྤྲོས་པས་རླུང་ལྷ་ལ་བཀའ་བསྒོ་བས་རང་ཞི་སྟེ། དེ་དག་ཀྱང་ཡིད་མགུ་ནས་བསྟན་པ་ལ་ཞུགས་པས་ཕྱོགས་དེར་སངས་རྒྱས་པ་འབའ་ཞིག་ཏུ་གྱུར་ཏོ། །ཡང་སྒྲ་ལྡན་ནམ་སྒྲ་སྒྲོག་གི་རྒྱལ་པོའི་བཙུན་མོ་པདྨ་ཅན་དུ་གཟིགས་ནས་དགུག་པའི་སྦྱོར་བ་མཛད་པས། དེ་ནུབ་རེ་བཞིན་རྒྱལ་པོའི་མཆན་ནས་རྒྱལ་པོ་མནལ་དུ་སོང་བའི་རིང་༼༡༣༧༽ལ་གར་སོང་མེད་དོ། །ནང་པར་ནི་མི་སྣང་བ་མཛད་པས་ག་ནས་འོངས་ཆ་མེད་པར་ཕོ་བྲང་དུ་འོང་ངོ་། །རྒྱལ་པོས་སྒོ་སྲུང་མང་པོ་བཅུག་དམག་གིས་བསྲུངས་ཀྱང་ཁྱད་མ་བྱུང་ནས། རྒྱལ་པོས་བློན་པོ་རྣམས་ལ་བཤད་པས། ཐམས་ཅད་བགྲོས། དེར་རིག་པ་ཅན་ན་རེ། རི་དྭགས་ཀྲིཥྞ་དང་བུང་བ་བཟུང་། བཙུན་མོའི་ལུས་ལ་གོ་ཤིརྵའི་བྱུག་པ་གྱིས། དེའི་རྗེས་ལ་ཕར་བུང་བ་དང་རི་དྭགས་ཐོང་། ཙནྡན་གྱི་དྲི་ལ་དེ་གཉིས་ཆགས་པས་གར་སོང་འདེད་པས་རྩད་ཆོད་པར་འགྱུར་རོ་ཟེར། དེ་བཞིན་བྱས་ནས་སང་དེ་གཉིས་གར་ཡོད་བལྟས་པས་ནགས་གསེབ་ཀྱི་སྤྱིལ་པོ་ཞིག་ལ་དེ་གཉིས་འཁོར་ཞིང་འདུག་གོ །བ་ལང་རྫི་ནས་རྣལ་འབྱོར་པ་འདི་སྔ་མོ་ཞིག་ནས་འདུག དེར་རྒྱལ་པོས་རྣལ་འབྱོར་པ་དེ་ལ་ཆད་པ་གཅོད་སྙམ་འཁོར་དང་བཅས་ཏེ་དེར་བྱོན་གཤེད་མ་བཀྱེ་བས། དེར་དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་ཏེ་བཞད་པའི་གད་བརྒྱངས་བཅུ་གཉིས་བསྒྲགས་པས་ནགས་ཚལ་དང་རི་བྲག་དག་ཀྱང་དེ་ལྟར་དགོད་པས་འུར་སྒྲ་ཆེས་ནས་བྲེད། རྒྱལ་པོས་གྲུབ་ཐོབ་ཏུ་ཤེས་ནས་བཟོད་པར་གསོལ། བཙུན་མོ་ནཱ་རོ་པ་ཅི་དགའ་བར་མཛོད་ཅིག་ཅེས་ཕུལ་ལོ། །དེ་ལ་སོགས་པའི་རྫུ་འཕྲུལ་མཐའ་ཡས་བསྟན། རྡོ་རྗེ་ཐེག་པ་ལ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ནམ། རྡོ་རྗེ་འཆང་ཆེན་པོར་གྱུར་ཏེ། རྟོགས་པ་གོང་དུ་སྤེལ་བའི་ཕྱིར་གསང་བའི་སྤྱོད་པ་མཛད་པས་ཆོམ་རྐུན་དང་ཕྲད་དེ་ཆུ་གྲི་ཞིག་བྱིན་ནས་འདི་ཟོ་ཟེར། སྣོད་དུ་བཅུག་བྱུང་བ་ལྟེམ་གྱིས་བཞུ་ནས་གསོལ་བ་དང་། ཤཱནྟི་པ་ཚོགས་འཁོར་མཛད་པའི་ཚེ། རྣལ་འབྱོར་པ་ནག་པོ་ཞིག་ནང་དུ་འཚངས་ནས་ཁྱོད་ཀྱིས་ཚོགས་དཔོན་མི་འོང་ངས་བྱ་ཡི། ནུས་པ་སྟོན་ཟེར། དཀྱིལ་འཁོར་སྤྲུལ་ཏེ་བསྟན་ནས་སྐུ་རང་བཞིན་དུ་མཛད་པས་དཔལ་ནཱ་རོ་པར་ཤེས་ཏེ་ཚོགས་དཔོན་བཅོལ། ས་བདུན་གྱི་བར་བསྒྲུབས་ནས་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་ཏེ་དག་པའི་ས་གསུམ་མངོན་དུ་མཛད། དེ་ནས་མར་པས་ཕྱག་ཕྱི་བགྱིས་ཏེ་པུཥྤ་ཧ་རིར་དངོས་གྲུབ་ཆེན་པོའི་ཉེ་རྒྱུར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བརྩམས་ཏེ་ཉི་མ་བདུན་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པས་སྐུ་མ་སྤངས་པར་མཁའ་སྤྱོད་ཆེན་པོར་བྱོན་པ་མཚན་མེ་མ་མུར་པ་ཞེས་སུའང་གྲགས་པ་ཡིན་ནོ། །དེ་ལ་རང་གི་ལྕམ་དང་། སློབ་མ་མཆོག་ཐོབ་པའི་པཎ་ཆེན་བརྒྱ་རྩ་བརྒྱད། དེའི་ནང་ནས་མཆོག་གྱུར་བརྒྱད། ཤཱནྟི་བྷ་དྲ། ཤཱནྟི་པ། མཻ་ཏྲི་པ། ཌོམྦི་པ། ༼༡༣༨༽གནས་བརྟན་བྱང་ཆུབ་བཟང་པོ། སྨྲྀ་ཏི། ཁ་ཆེ་ཨཱ་ཀ་ར་སིདྡྷི། ཨ་ཏི་ཤའོ། །བརཏལ་ཞུགས་སྤྱོད་པའི་སྦྱོར་ལམ་པ་ལྔ་བཅུ་རྩ་བརྒྱད། གཞན་པཎྜྻི་ཏ་དང་ཀུ་སུ་ལུ་བགྲང་གི་མི་ལང་བ་བྱུང་ལྕམ་དཔལ་གྱི་ཡེ་ཤེས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས། ཉིད་ཀྱིས་གསང་སྔགས་ཀྱི་སྒོར་སྨིན་པར་མཛད་དེ། མཐར་རྡོ་རྗེ་འཆང་དངོས་ཀྱིས་བྱིན་གྱིས་བརླབས་པ་ནི་གུ་མ་ཞེས་སམ། རྣལ་འབྱོར་མ་རུས་པའི་རྒྱན་ཆ་ཅན་ཞེས་བྱ་བ་སོ་ས་གླིང་གི་དུར་ཁྲོད་དུ་བཞུགས་ཤིང་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །འདི་ལ་རྨོག་ཅོག་པས་ནཱ་རོའི་ལྕམ་གྱི་སྲས་མོ་ཡིན་པར་བྱས་ཏེ་མི་འཐད། ཐམས་ཅད་དུ་ནཱ་རོ་པའི་ལྕམ་དུ་གྲགས་པ་ཡིན། གྲུབ་པའི་རྒྱལ་མོའང་འདི་ཉིད་དེ། གཞན་དུ་བཤད་པ་ལྟར་སྣང་ངོ་། །ཆེ་བ་བརྒྱད་ཀྱི་ཨཱ་ཀ་ར་ཤཱནྟི་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས་འཛམ་བུ་གླིང་ན་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པ། སེམས་ཙམ་པའི་པཎྜྻི་ཏའི་གཙོ་བོ་བི་ཀྲ་མ་ཤཱི་ལའི་ཤར་གྱི་སྒོ་སྐྱོང་། དེས་ནཱ་རོ་པར་གཏུགས་ནས་བདེ་དགྱེས་མ་ཡཱ་ལ་སོགས་པ་གསན་ཏེ་བསྒོམས་པས་གྲུབ་པ་ཐོབ་པར་གྲགས་སོ། །དཔལ་ཞི་བ་བཟང་པོ་ནི་རིག་པ་སྨྲ་བའི་ཁྱུ་མཆོག་ཆེན་པོ་ཞིག་ཡིན། ཁྱད་པར་ཆོས་ཀྱི་པའམ། འགྲོ་བཟང་སྙིང་པོ་ཞེས་གྲགས་པ་རྡོ་རྗེ་ཐེག་པའི་གླེགས་བམ་ཆེན་པོ་དེ་ལ་མ་ཡཱ། ནཱ་རོ་པ་ལ་བདེ་དགྱེས་རྒྱུད་སྡེ་མང་དུ་ཐོས་པ། མར་པས། རྒྱུད་གཉན་པོ་རྣམས་ཀྱི་གཏེར་བདག་པོ། །དཔལ་ཞི་བ་བཟང་པོ་དངོས་དང་མཇལ། །ཞེས་གསུངས། མཐར་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་ཏེ་ལྷོ་དུག་མཚོ་ཁོལ་མའི་གླིང་། ཤིང་ཏིང་ཏིང་ཁུན་པའི་དྲུང་ན་བཞུགས་པ། མཻ་ཏྲི་པ་འོག་ཏུ་འཆད། ཁ་ཆེའི་མཁས་པ་བྱང་ཆུབ་བཟང་པོ་མདོ་སྔགས་ཐམས་ཅད་ལ་ནཱ་རོ་པ་ལ་གཏུགས་པ་ཀུན་གྱིས་བཀུར་བའི་པཎ་ཆེན་གྲུབ་པ་ཐོབ་པར་གྲགས་པ། ཇོ་བོ་རྗེ་དང་རྡོ་རྗེ་གདན་པའི་བླ་མ་དེ་ཡིན། དཔལ་ཌོམྦི་པ་ནི་ཇོ་བོ་ནཱ་རོ་པ་ནགས་གསེབ་ཏུ་རྩྭའི་སྤྱིལ་པོ་བཅས་ཏེ་སྒོམ་པ་ན། བ་ལང་རྫིའི་ཁྱེའུ་ཞིག་ཡར་འོང་དུས་དེ་ལ་ཕྱག་བྱེད། ཕྱིར་འགྲོ་དུས་ཕྱག་བྱེད་པས། ཤིན་ཏུ་གུས་པར་གཟིགས་ནས། རེས་ཤིག་ཆང་ཀ་པཱ་ལ་གང་གནང་སྟེ་འདི་འཐུང་གསུངས་པས། ལྷག་མ་མེད་པར་འཐུངས་པའི་མོད་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་པས་ཆོས་ཐམས་ཅད་སྐད་ཅིག་ལ་༼༡༣༩༽ཁོང་དུ་ཆུད། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན། ཨ་ཏི་ཤའི་རྨི་ལམ་དུ་དགེ་སློང་ཞིག་གིས་མི་ཤ་བྱིན་པ་ཟོས་པས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་པར་ཐུགས་ལ་འཁྲུངས། ཌོམྦི་པ་ལ་སློབ་མ་གཉིས་ཀྱིས་གདམ་ངག་ཞུས་པས། ངས་ཚུལ་འདི་ལྟ་བུས་བྱིན་གྱིས་བརླབས་པས་ཨ་ཏི་ཤ་ཟེར་བ་བྷངྒ་ལ་ན་ཡོད། དེའི་རྩར་སོང་གསུང་། དེ་གཉིས་ཀྱིས་ཕྱིན་ཇོ་བོ་ལ་རྒྱུ་མཚན་ཞུས་པས། དགེ་སློང་དེ་དཔལ་ཌོམྦི་པར་དེ་ནས་མཁྱེན་ཅིང་། རྒྱ་གར་དུ་བཞུགས་དུས་ཡང་དང་ཡང་དུ་མཇལ། ཇོ་བོའི་དྲིན་ཆེ་དག་ཡིན་པས། མཆོག་གཟིགས་ཏིལླི་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦི་པ་དང་མར་མེ་མཛད། །ཉམས་ལེན་བྱིན་རླབས་བརྒྱུད་ལ་གསོལ་བ་འདེབས། །ཞེས་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་གསུངས་པ་ཡིན་ནོ། །ཁ་ཆེའི་མཁས་པ་ཨཱ་ཀ་ར་སིདྡྷི་ནི། ཇོ་བོ་ནཱ་རོ་པ་ཉིད་ཀྱིས་ཀྱང་ཞེ་སའི་ལན་མཛད་པ། དུས་དེའི་ཚེ་མཁས་པ་དཔེ་མེད་པ། འདིའང་མདོ་སྔགས་ཐམས་ཅད་ལ་ནཱ་རོ་པ་བཀའ་དྲིན་ཆེ། ཁྱད་པར་གསང་འདུས་ཀྱི་བཀའ་བབས་ཡིན་པས། ཇོ་བོ་བོད་དུ་བྱོན་པའི་ཚེ་གུང་ཐང་པ་དང་འཕྲོས་ལ་ཁ་ཆེ་ཨཱ་ཀ་ར་སིདྡྷི་དང་མཇལ་ན་གསང་བ་འདུས་པ་ཞིག་ཉན་དགོས་བསམ་ཡོད་གསུངས་པ་ལོ་ཙཱ་བའི་ཞེ་ལ་བཅངས། ཕྱིས་ཁོང་བོད་དུ་བྱོན་པ། གསན་པའི་ཚེ་ཡར་འགྲོ་འདོད། དབུས་སུ་ཇོ་བོ་བསྙུང་བས་འབྲལ་ཡང་མ་ཕོད་པས། ཇོ་བོས་ལོ་ཙཱ་བ་འོ་བརྒྱལ་ཡར་སོང་། འདིར་འཕྲལ་གྱི་ལོ་ཙཱ་ལ་འབྲོམ་ཡོད། བསྟན་བཅོས་ཚན་པོ་ཆེ་ངའི་ཁམས་ཀྱིས་བསྒྱུར་མི་ཐུབ་གསུངས་པས། རྒྱ་གར་བ་ཐམས་ཅད་མཐོང་ཆེ། གྲུབ་པ་བརྙེས་པར་ཡང་གྲགས་སོ། །སྨྲི་ཏི་ཛྙྱཱ་ན་རང་དང་གཞན་གྱི་གཞུང་ལུགས་ཐམས་ཅད་མཁྱེན་པས་རྩོད་པ་ལ་སྨྲ་བའི་ཁྱུ་མཆོག ནཱ་རོ་པཎྜྻི་ཏ་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་མ་བསྟེན་པ་མངོན་པར་ཤེས་པ་མངའ་བ་དེས་ཡུམ་གྱི་དོན་དུ་བོད་དུ་བྱོན། ཁབ་གུང་ཐང་དུ་ཕྱུགས་རྫིའི་ཚུལ་བཟུང་། དེའི་དགོས་པ་རང་གི་མ་ཡུལ་དེའི་གྲོང་པ་གཅིག་གི་སྒྱེད་པོའི་ནང་དུ་སྡིག་པར་སྐྱེས་པ་འདོན་པའི་ཕྱིར་དུ་བརྫུས་པ་ཡིན་དེའི་ཚེ་དཔྱལ་ལོ་ཙཱ་བ་རྒྱ་གར་ནས་འཁོར་བ་ལ་ཀུན་དད་དད་རུབ་རུབ་བྱེད། པཎྜྻི་ཏ་མ་ཤེས་པས་མཐོང་མི་བྱེད་པས། གུང་ཐང་གི་སྒོའི་ཡ་ཐེམ་ལ། སཾ་སྐྲྀ་ཏའི་སྐད་ཀྱིས། རི་བོང་༼༡༤༠༽འཛིན་པ་རྒྱུ་སྐར་འཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་འདི་དོར་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །གཟུགས་ལ་ཚད་མར་འཛིན་པ་བྱིས་པའི་བློ། །ཞེས་བྲིས་ཏེ་གླན། དེ་ལོ་ཙཱ་བས་གཟིགས་ནས། འདི་སུས་བཏབ། ཛོ་གི་ཞིག་ཕྱུགས་འཚོ་ཡི་འདུག་པ་དེས་བཏབ་ཟེར། ད་ལྟ་གར་ཡོད། ཕྱུགས་འཚོ་སར། ཙ་ན་སླེབ། ཉི་མ་ནུབ་ཁ་ནའོ་ཟེར་བས། ལཱཉྫ་ཤིན་ཏུ་ལེགས་པས་ཡི་གེ་ངོ་མཁྱེན་ནས་སྨྲྀ་ཏིའོ་སྙམ་བསྒུགས་པས་མ་བྱོན། སང་སྔ་བར་གཤེགས་ལན་དུ་མའི་མཐར་མཇལ་བར་སྣང་སྟེ། སྔ་སོར་ནས་དཔོན་སློབ་ཡིན་པས་ལོ་ཙཱ་བ་བཤུམས་ནས། འདི་ལྟ་བུའི་འོ་བརྒྱལ་བ་ཞུས་པ། ངས་མའི་དོན་དུ་འདི་ལྟར་བྱས་པ་ཡིན། མ་གར། འདི་ནའོ་གསུངས། དེར་ལོ་ཙཱ་བས་ཁོང་རང་གི་ནོར་གྱིས་སྒྱེད་པོ་བསླུས། ཕྱུགས་འཚོ་བའི་ཡོན་བླངས་ཏེ་ངན་སོང་སྦྱོང་བའི་ཆོ་ག་ལ་བརྟེན་ནས་མ་མཐོ་རིས་སུ་དྲངས། ལོ་ཙཱ་བས་སྒོར་མ་ཐུབ་པས་ཁམས་ལ་གཤེགས། ཕྱིས་བོད་དུ་འཕྲིན་ལས་དུམ་བུ་བྱུང་། དེ་ལ་ལོ་ཙཱ་བ་ནས་འདི་ཤིན་ཏུ་མཁས་པས་མུ་སྟེགས་བྱེད་རྣམས་ཀྱིས་ཁོང་གིས་བསྟན་པ་བསྣུབས་དོགས་བསྐྲད་པ་བྱས་པས་ལན་གསུངས་སོ། །བརྒྱད་པ་ནི་ཇོ་བོ་ཨ་ཏི་ཤ་སྟེ། ཤར་ཕྱོགས་བྷངྒ་ལའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་མངའ་ཐང་རྒྱ་ནག་སྟོང་ཁུན་དང་མཉམ་པ། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་འཁྲུངས་པའི་རྒྱལ་རྒྱུད་དུ་ཡབ་རྒྱལ་པོ་དགེ་བའི་དཔལ། ཡུམ་འོད་ཟེར་དཔལ། དེ་གཉིས་ལ་སྲས་གསུམ། པདྨའི་སྙིང་པོ། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ་ལས་ཆེ་བས་སྲིད་གཟུང་། འབྲིང་པོ་ཟླ་བའི་སྙིང་པོ་ཇོ་བོ་ཡིན། ཆུང་ངུའི་དུས་གདུང་མཚམས་སུ་ཚེག་སྒྲ་དང་འུར་སྒྲ་བྱུང་ནས་གཟིགས་པས། ཡུམ་གྱིས་ཨུཏྤལ་སྔོན་པོ་སྐྱེས་མ་ཐག་པ་གཅིག་ཏུ་མཐོང་། སྲས་ཀྱིས་ཇོ་མོ་སྒྲོལ་མ་མངོན་སུམ་གཟིགས། ཆེར་སྐྱེས་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་མཇལ། དེས་ལུང་བསྟན་ནས་ནཱ་ལེནྡྲར་བྱོན། གནས་བརྟན་ཆེན་པོ་བྱང་ཆུབ་བཟང་པོ་མཇལ། དེ་ཉིད་དུ་རིག་པའི་ཁུ་བྱུག་མཇལ། དེ་དག་གི་གདམ་ངག་གིས་སྦྱོར་ལམ་ཐོབ། དེས་རི་ནག་པོའི་ཟོམ་ན་ངའི་སློབ་མ་ཨ་ཝ་དྷཱུ་ཏཱི་པ་ཡོད་དེའི་རྩར་སོང་གསུང་བྱོན། དེ་ཉིད་དུ་བླ་མ་རཱ་ཧུ་ལ་ལའང་གཏུགས། ཨ་ཝ་དྷཱུ་ཏཱི་པའི་དྲུང་དུ་དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་ཀྱི་བར་དུ་བཞུགས། ཨ་ཝ་དྷཱུ་ཏཱི་པའི་སྤྱོད་པ་༼༡༤༡༽ལོ་གསུམ་མཛད། སྒྲ་ཚད་ལ་སྦྱངས། དེ་ནས་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་དཔལ་ནཱ་རོ་པ་སོགས་མང་དུ་བསྟེན་ནས་གསང་སྔགས་ཀྱི་ཐོས་པ་མང་དུ་མཛད། བླ་མ་ཌོམྦི་པས་བྱིན་གྱིས་བརླབས་པས་མཐོང་ལམ་གྱི་རྟོགས་པ་བརྙེས། བྷངྒ་ལའི་བསྟན་པ་མུ་སྟེགས་ལ་ཤོར་བ་རྩོད་པས་མུ་སྟེགས་ཕམ་པར་བྱས་ཏེ་བསླུས། ལོ་དེ་ལ་དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རིགས་ཀྱི་བུ་ཨ་ཝ་དྷཱུ་ཏཱི་པའི་སྤྱོད་པས་གར་ཡང་མི་ཕྱིན་པས་ཁྱོད་རབ་ཏུ་བྱུང་ཞིག་གསུངས་རྨི་ལམ་དུ་ལུང་བསྟན། ཡང་ནུབ་ཅིག་རྨི་ལམ་ན་གཙུག་ལག་ཁང་ཆེན་པོ་ཞིག་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ། དེའི་གྲལ་ཞབས་ལ་ཇོ་བོ་བཞུགས་པ་ལ། སངས་རྒྱས་ཀྱིས་མ་གིའི་མི་འདི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་གསུངས་པ་རྨིས་པས་རབ་ཏུ་བྱུང་བར་དགོངས། སྡེ་པ་ཡོད་སྨྲ་ལ་དད་ཀྱང་གྲོགས་སྟོབས་ཀྱིས་རྡོ་རྗེ་གདན་གྱི་མ་ཏི་བི་ཧ་རའི་གཙུག་ལག་ཁང་དུ་ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྦྱོར་བའི་ལམ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་ཤཱི་ལ་རཀྵི་ཏ་ལས་བསྙེན་པར་རྫོགས། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙྱཱ་ནའོ། །དེ་ནས་དགུང་ལོ་སུམ་ཅུ་རྩ་གཅིག་ཚུན་སྡེ་པ་བཞིའི་སྡེ་སྣོད་ཀྱི་གཞུང་ལ་སྦྱངས་པས་སྡེ་པ་ཐམས་ཅད་ཀྱི་དྲི་བའི་གནས་སུ་གྱུར་ལ། དྷརྨཱ་རཀྵི་ཏ་ལ་ལོ་བཅུ་གཉིས་བྱེ་བྲག་ཏུ་བཤད་པ་ཆེན་པོ་གསན། རིག་པའི་ཁུ་བྱུག ཤཱནྟི་པ་སོགས་ལ་ཐོས་པ་མཐར་ཕྱིན་པ་མཛད། སློབ་མ་པཎྜྻི་ཏ་འགྲོ་བ་བཟང་པོ། ཆོས་ཀྱི་བཤེས་གཉེན། དགེ་བའི་འབྱུང་གནས། དཔའ་བོའི་སྡེ། ལྷའི་བློ་གྲོས། ཐི་མ་རྦ། ས་སྙིང་། ཡེ་ཤེས་སྙིང་པོ། ངག་གི་དབང་ཕྱུག དྷ་ན་ཤྲཱི་མི་ཏྲ། ཤེས་རབ་བཟང་པོ། ཟླ་བཟང་། ཀུན་བཟང་། གསང་བའི་སྙིང་པོ། བློ་གྲོས་མཐའ་ཡས། རྒྱ་མཚོའི་རྦ་རླབས། རི་རབ་རྒྱལ་པོ། དཔའ་བོ་རོལ་པ་ལ་སོགས་པ་མང་དུ་འདུས། འཛམ་བུའི་གླིང་དུ་མཁས་པའི་གྲགས་པས་ཁྱབ། དེར་གསེར་གླིང་པ་ཆོས་ཀྱི་གྲགས་པའི་སྙན་པ་གསན་ནས། ཟླ་བ་བཅུ་གསུམ་གྱི་བར་རྫིང་ལ་བྱོན། གསེར་གླིང་དུ་ཕེབས། དེར་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བཞེངས་ཟེར་བའི་མཆོད་རྟེན་གྱི་དྲུང་གསེར་གླིང་གི་ནུབ་ཕྱོགས་ཀྱི་ཆར་གཏོགས་པ་ཞིག་ཏུ་བཞུགས། ཟླ་བ་བཅུ་གཉིས་སུ་མ་མཇལ། དེ་ནས་༼༡༤༢༽གསེར་གླིང་པ་རབ་ཏུ་བྱུང་བ་ལྔ་བརྒྱ་དང་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་ནས་བསུས། ཇོ་བོ་དཔོན་སློབ་བརྒྱ་ཉེར་བདུན་ཡོད་ཅེས་གྲག གསེར་གླིང་པའི་གཟིམས་ཁང་གསེར་གདུགས་ཅན་དུ་བྱོན་ཏེ། ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་མངོན་པར་རྟོགས་པའི་རྒྱན། སྤྱོད་འཇུག་ལ་སོགས་པ་གསན་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱངས། དེ་ནས་ཕྱིར་ལོག་ཡུལ་དབུས་སུ་ཕེབས། ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཇོ་བོ་བསྟན་པའི་བདག་པོར་འོས་ནས་པཎ་ཆེན་ལྔ་བཅུ་རྩ་གཅིག་གིས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་གཏད། དེའང་ཇོ་བོ་ལ་བླ་མ་མང་པོ་ཡོད་པའི་ནང་ནས། ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། རྒྱུད་བྱིན་གྱིས་བརླབས་པའི་བླ་མ་ཌོམྦི་པ། ལས་ཚོགས་མན་ངག་སྟོན་པའི་བླ་མ་བ་ལིཾ་ཨཱ་ཙཱརྻ། རྫུ་འཕྲུལ་དངོས་སུ་སྟོན་པའི་བླ་མ་པཎྜྻི་ཏ་མི་ཏྲ་ཆེན་པོ། ཕག་མོའི་བྱིན་རླབས་མཛད་པ་བྷཱུ་ཏ་ཀོ་ཊི་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བའི་བླ་མ་མཁས་པ་རྡ་མཆོག བྱང་སེམས་བརྟན་པར་བྱེད་པ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པ་ཨཱ་ཀ་ར་ཤཱནྟི་པ། བློ་སྦྱོང་གི་རིམ་པ་སྟེར་བར་བྱེད་པ་གསེར་གླིང་པ། ལྟ་སྤྱོད་ཉམས་ལེན་གསུམ་དུ་དྲིལ་ན། དང་པོ་རིག་པའི་ཁུ་བྱུག གཉིས་པ་གསེར་གླིང་པ་དཔལ་ཆོས་ཀྱི་གྲགས་པ། གསུམ་པ་ཌོམྦི་པ་སྟེ། དེ་གསུམ་ལ་གཙོ་བོར་འཛིན། གསེར་གླིང་པ་ཆོས་ཀྱི་གྲགས་པས་སླར་སྤྱན་དྲངས། དེ་རེས་ལམ་ལ་ཟླ་བ་དྲུག་གིས་ཆོག་པར་བྱུང་། བླ་མ་ཉིད་ཀྱི་ལྟ་བ་དབུ་མར་བསྒྱུར། ཚུར་བྱོན་བི་ཀྲ་མ་ལ་ཤཱི་ལའི་དགེ་བསྐོས་མཛད། དེའི་ཚེ་རྒྱལ་སྲས་མཻ་ཏྲི་པས་ཕག་མོ་མཆོད་པའི་ཆང་བསྣམས་པ་གཟིགས། གནས་ནས་དབྱུང་བ་བརྩམས་པས། དེ་དགེ་འདུན་གྱི་དབུས་ནས་རྩིག་པ་ལ་ཐོགས་པ་མེད་པར་སོང་བ་དང་འགྱོད་ནས་བཟོད་པར་གསོལ། བཞེས་ཀྱང་། དེའི་ནུབ་མོ་ཇོ་མོ་སྒྲོལ་མ་བྱོན་ནས། བུ་དེ་བཏོན་པ་ནི་མ་ལེགས་སོ། །བྱང་ཆུབ་སེམས་དཔའ་ལ་སྡིག་པ་བསགས་པས་རྣམ་སྨིན་ཤིན་ཏུ་ཆེའོ་གསུངས། རྣམ་སྨིན་ཇི་ལྟ་བུ་ཞིག་འབྱུང་ཞུས་པས། རི་རབ་ལ་ལན་གསུམ་འཁོར་བའི་སེམས་ཅན་ཆེན་པོ་ཞིག་ཏུ་སྐྱེས་ནས་བྱ་སྣ་ཚོགས་ཀྱིས་ཟ་བར་བྱེད་གསུངས། འོ་ན་དེ་ལ་ཅི་ཕན་ཞུས་པས། བྱང་ཕྱོགས་སུ་ཕྱིན་ནས་ཐེག་པ་ཆེན་པོའི་ཆོས་དར་བར་བྱས་ན་ཕན། ཉིན་རེ་རེ་ལ་ཚ་ཚ་བདུན་༼༡༤༣༽བདུན་བཏབ་ན་ཕན་གསུངས་པ་ཇོ་བོ་བོད་དུ་འབྱོན་པའི་རྒྱུ་གཅིག་ནི་དེ་ཡིན་ནོ། །དཔལ་ནཱ་རོ་པའི་སློབ་མ་བརཏལ་ཞུགས་ཀྱིས་སྤྱོད་པའི་རྣལ་འབྱོར་པ་ལྔ་བཅུ་རྩ་བརྒྱད་ལས། བཞི་མར་པའི་བླ་མ་ཡིན་ཏེ། ཀུ་སུ་ལུ་ཆེ་ཆུང་། པེནྡ་པ། ཀནྡ་པའོ། །དང་པོས་དབུ་སྐྲ་གསིལ་ཏེ་བསྲུང་འཁོར་རྩར་བཞག་པ་ཁྭ་ཏས་ཁྱེར་བ་ལྟ་སྟངས་མཛད་པས་ས་ལ་ལྷུང་བ་སོགས་ལྟ་སྟངས་བཞི་གྲུབ། ཆུང་བས་རལ་གྲི། གསེར་འགྱུར། མཆིལ་ལྷམ། མིག་སྨན་ཏེ་ཐུན་མོང་གི་གྲུབ་པ་བཞི་ཐོབ། པེནྡ་པ་ལ་མཆེད་བཞི་ཡོད་པའི་དྷརྨ་མ་ཏི་རྒྱ་ནག་རི་བོ་རྩེ་ལྔར་ད་ལྟའང་བཞུགས། དེའི་འོག་མ་ལ་ཨ་དེས་པ་ཆེན་པོ་བལ་པོ་སྤྱི་ཐེར་པར་གྲགས་པ་དེ་ཡིན། དེས་ཚོགས་འཁོར་གྱི་དུས་སུ་སྣོད་བཟེད་པས་གྲོང་ཁྱེར་བའི་ཆང་རྣམས་དངོས་སུ་སྣོད་དུ་འབྱུང་། ལ་ཏི་བཏིང་བས་བཟའ་བཅའ་འབྱུང་། ཏིང་ངེ་འཛིན་གྱིས་དུར་ཁྲོད་ནས་རོའི་གདན་འགུགས་སྐྱེལ་ནུས་པ་ཡིན། ཀནྡ་པ་དེས་སྦྱིན་སྲེག་གི་ཐབ་ཁུང་དུ་ཐུགས་དམ་གྱི་ལྷ་ཞལ་མངོན་སུམ་གཟིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན། མར་པའི་རྣམ་ཐར་འགའ་ཞིག་ན་པེནྡ་པ་སྤྱི་ཐེར་པའི་ནུ་བོར་བྱས་པ་ཨ་དེས་པའི་གཅུང་པོ་བལ་པོ་མཻ་ཏྲི་པའམ་དུས་འཁོར་པ་ཡིན། དེས་བདེ་མཆོག་ངག་གི་དབང་ཕྱུག་བསྒྲུབས་པས་དངོས་གྲུབ་ཆེ་འབྲིང་གི་མེ་ཏོག་ཆུ་ལས་ཡར་ལོག་ཀྱང་མ་ཚོར། ཆུང་ངུ་སྒྲུབ་གཡོག་གིས་མཐོང་བླ་མ་ལ་སྦྲན་པས་འཛིན་པ་དང་རྩོམ་པ་ལ་ཐོགས་པ་མེད་པས་ཕྱིས་ངག་གི་དབང་ཕྱུག་ཏུ་གྲགས། སྒྲུབ་གཡོག་གིས་ཀྱང་དངོས་གྲུབ་ཀྱི་ཕམ་ཕབ་ཐོབ་པས་མཁས་པ་ཆེན་པོར་གྱུར། དང་པོར་བྷ་དནྟ། ཕྱིས་སུ་མ་ཏི་ཀཱིརྟི་ཞེས་གྲགས་པ་དེ་ཡིན། ཆུང་བས་ཀྱང་ནཱ་རོ་པའི་ཞབས་ལ་ཐུག་ཙམ་ཡིན་ནོ། །གཞན་ཡང་། ནཱ་རོ་པའི་སློབ་མ་པྲཛྙྱཱ་རཀྵི་ཏ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། ཧཾ་བུ་སྤྱི་ཐོད་ཅེས་འཆད་པའི་ཕྱི་མ་ག་ཡ་དྷ་རའི་སྲས་ཏི་བུ་ཡིན་ནོ་ཟེར། མདོར་ན་དཔལ་ནཱ་རོ་པ་ལ་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་། ཟས་གཙང་སྲས་ཀྱི་འོད་སྲུང་ལྟ་བུ་ནི་རྗེ་མར་པ་ཆོས་ཀྱི་བློ་གྲོས་སོ། །རྗེ་བཙུན་མར་པའི་བླ་མ་པཎྜྻི་ཏ་ཡེ་ཤེས་སྙིང་པོ། དེ་ཨཱ་ཙཱརྻ་བོ་དྷི་ས་ཏྭའི་སློབ་དཔོན་དང་མཚན་མཐུན་པ་ཙམ་ཡིན། གཞན་ཐོག་སྔ་ཕྱི་ཆེ། འོན་ཀྱང་རིག་པའི་གནས་ཐམས་ཅད་མཁྱེན་པ་གྲུབ་པ་བརྙེས་པ་ཞིག་གོ །ད་ནི་ཇོ་བོ་ནཱ་རོ་པའི་སློབ་མ་ཆེ་བ་བརྒྱད་ཀྱི་ནང་ཚན་སློབ་དཔོན་ཆེན་པོ་མཻ་ཏྲི་པའི་ལོ་རྒྱུས་ནི། པཎྜྻི་ཏ་རྒྱལ་བའི་ལྷའམ། སྤྱོད་འཆང་༼༡༤༤༽མགོན་པོའམ། འབར་བའི་གཙོ་བོར་གྲགས་པ་དེ་ཚེ་འཕོས་ནས་རིང་ཞིག་ན་ཡུལ་དབུས་ཀྱི་གྲོང་ཁྱེར་གྲ་བྱི་ལར་བྲམ་ཟེའི་རིགས་སུ་འཁྲུངས། མཚན་དྷརྨ། སྐྱེས་སྟོབས་ཀྱིས་ཤེས་རབ་ཆེ་བས་མུ་སྟེགས་ཀྱི་སྒྲ་ཁང་དུ་ཞུགས་ནས་པཱ་ཎི་ནི་བྱཱ་ཀ་ར་ཎ། དེ་ནས་ལོ་དགུའི་རིང་ལ་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་མ་ལུས་པ་བསླབས། དེ་དག་གི་ནང་དུ་མཁས་པས་བསྙེངས་པ་ཆེ། མཚན་དབྱུག་གུ་གསུམ་པར་བཏགས། ཁོང་གི་ཨ་ནེ་ནཱ་རོ་པའི་ཕྱག་རྒྱར་ཡོད་པས། དེ་ན་རེ། མུ་སྟེགས་ཀྱི་ཆོས་ལ་ཚེ་འདིའམ་མཐོ་རིས་གྲུབ་པའི་ནུས་པ་ཡོད་ཀྱང་འཁོར་བ་ལས་མི་འཕགས་པས་སངས་རྒྱས་མི་འབྱུང་། དེ་བས་དཔལ་ནཱ་རོ་པ་ལ་ཆོས་ཉོན་ཅིག་ཟེར་བ་ལ། དེ་དང་རྩོད་ནས་སུ་ཕམ་པ་དེས་འདུད་པར་རིགས་ཟེར། དེར་ཁྲིད་དེ་ནཱ་རོ་པ་དང་བསྟན་པ་རྒྱལ་དུ་བཙུགས་ནས་རྩོད་པས་ནཱ་རོ་པ་རྒྱལ་ཏེ། མུ་སྟེགས་ཀྱི་རྟགས་བསྐྱུར་རབ་ཏུ་བྱུང་། དྷརྨ་བོ་དྷི་ཞེས་བཏགས། བདེ་དགྱེས་ལ་སོགས་པའི་དབང་བསྐུར། གསང་མཚན་བཛྭ་རཱ་གའོ། །མཚན་ཉིད་དང་རྒྱུད་སྡེ་དུ་མ་བསླབས། ད་ཁྱོད་ཕྱག་རྒྱ་མ་གཅིག་བསྟེན་ལ་ནགས་ཁྲོད་དུ་སྒོམས་ཤིག་གསུངས་པས་བདག་མུ་དྲའང་མི་འཚལ། ནགས་ཁྲོད་དུ་མི་སྒོམ། ཐོས་པ་ཕུལ་དུ་བྱུང་བ་ཞིག་བགྱིད་པར་ཞུ་བྱས་པས། རཏྣ་ཨཱ་ཀ་ར་ཤཱནྟི་པའི་སློབ་དཔོན་ཏྲི་ཏ་ཙིནྟ་མ་ཎི་ལ་སྦྱར། དེར་སེམས་ཙམ་ལོ་གཅིག་གསན། དེ་ནས་ཀ་པི་ཀའི་ཡུལ་དུ་ཤཱནྟི་པ་མཇལ་བསྙེན་པར་རྫོགས། མཚན་མཻ་ཏྲི་གུཔྟ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་སྦྱངས། དེར་མཻ་ཏྲི་པས་རབ་ཏུ་མི་གནས་པ་བཟུང་། ཤཱནྟི་པས་རྣམ་རྫུན་པ་བཟུང་སྟེ་འབེལ་གཏམ་བྱས་པས། མཻ་ཏྲི་པ་རིག་པ་བཟང་ནས་སློབ་དཔོན་ཁྲོས་ཆོས་གོས་བཤུས་ནས་སྒོར་བཏོན། སྔོ་རྩྭ་ན་ཕྱག་དར་ཁྲོད་པའི་གོས་དུམ་ཅིག་འདུག་པ་བླངས་ཏེ་གནས་དེ་དང་མི་རིང་བ་ན་སྒྲོལ་མ་མངོན་པར་དགའ་བའི་ལྷ་ཁང་དུ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་ཞག་བདུན་བསྡད་པས། ཐོ་རངས་རྨི་ལམ་དུ་བུ་མོ་མཛེས་མ་ལོ་བཅུ་དྲུག་ཙམ་ལོན་པ་ཞིག་བྱུང་ནས། ཨ་ཝ་དྷཱུ་ཏཱི་པ་ཁྱོད་འདིར་མ་འདུག་པར་ཤར་ཕྱོགས་སུ་འགྲོན་བུ་ཟད་པའི་གཙུག་ལག་ཁང་ན་སྤྱན་རས་གཟིགས་བཞུགས་ཀྱི། དེས་ལུང་སྟོན་པར་འགྱུར་རོ་གསུངས་ནས་མི་སྣང་། མནལ་སད་ནས་རིམ་གྱིས་ཁ་སརྤ་ཎིར་བྱོན་ནས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཀྱིན་བསྡད་པས། ལོ་གཅིག་ལོན་པའི་༼༡༤༥༽ཐོ་རངས་མནལ་ཐུམ་ཞིག་ལོག་པའི་རྨི་ལམ་དུ་མི་རེང་དཀར་པོ་ཞིག་བྱུང་ནས། ཨ་ཝ་དྷཱུ་ཏཱི་པ་ཁྱོད་འདིར་མ་འདུག་པར་ལྷོ་ཕྱོགས་སུ་སོང་ཞིག འདི་ནས་ཟླ་བ་ཕྱེད་དང་ལྔའི་ས་ན་དཔལ་གྱི་རི་ཡིད་ཕམ་པ་སེམས་ངལ་གསོ་བ་ཞེས་བྱ་བར་རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་ཡབ་ཡུམ་བཞུགས་ཀྱི་དེར་སོང་དང་། མ་རྟོག་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པར་གྱུར་རོ་ཞེས་གསུངས། དེ་ནས་ཨ་ཝ་དྷཱུ་ཏཱི་པ་ཞེས་མཚན་ཐོགས། ལྷོ་ཕྱོགས་སུ་དགུང་ཟླ་བཞིའི་བར་ཕྱིན་པས་ཤིན་ཏུ་ངལ་ནས་བསིལ་གྲིབ་ཅིག་ལ་བསྙེལ་བསོས་བས་གཉིད་དུ་སོང་། སད་པ་དང་འཁྲིས་ན་རབ་ཏུ་བྱུང་བ་གཞོན་ནུ་ཞིག་འདུག ག་ནས་འོངས། གར་འགྲོ་དྲིས་པས། ནུབ་ཕྱོགས་སྤོས་ཅན་གྱི་རྒྱལ་པོའི་བུ་རབ་ཏུ་བྱུང་བ་དགེ་ཚུལ་ས་ཀ་ར་སིདྡྷི་བྱ་བ་ཡིན། ལྷོ་ཕྱོགས་སུ་སོང་དང་རིན་པོ་ཆེ་རྙེད། དེས་ཁྱོད་ཀྱི་དོན་ཐམས་ཅད་སྒྲུབ་བོ་ཟེར་ལུང་བསྟན་བྱུང་དེར་འགྲོ་བ་ཡིན། འོ་ན་དཔལ་གྱི་རི་ལ་འདེང་ངམ། དེ་ན་རི་ཁྲོད་དབང་ཕྱུག་བཞུགས་པ་ཡིན་བྱས་པས་རུང་ཟེར། དེ་ནས་ལྷོ་ནུབ་ཤྲཱི་དྷ་ནྱཱ་ཀ་ཊ་ཀའི་ཡུལ་དུ་བསླེབས། རྒྱ་མཚོ་ནས་འོངས་པའི་ཚོང་པ་དང་ཕྲད་ནས་དཔལ་གྱི་རི་གར་ཡོད་དྲིས་པས། ད་དུང་འདི་ནས་དཔག་ཚད་སྟོང་ཙམ་འདས་པ་ན་ཡོད་ཟེར། ལམ་འདི་ལྟ་བུའོ་ཞེས་བཤད་པས་ཇི་ལྟ་བ་བཞིན་དུ་བྱུང་ནས། དབུས་ནི་དཔལ་གྱི་རི། གཡས་གཡོན་ཡིད་ཕམ་པའི་རི་དང་སེམས་ངལ་གསོ་བའི་རི། བར་ན་ཆུ་འབབ་པ་སྨྱོ་ཆུ་དང་དུག་ཆུར་ཡོད་པ་ལ་རིང་དུ་བཙལ་བས་མ་རྙེད། རི་གསུམ་པོ་དེ་ལ་གླིང་བདུན་ཡོད་དེ། རྨི་ལམ་བཏབ་པའི་གླིང་དུ་བསྡད་པའི་དགོངས་རྨི་ལམ་ན་སྐྱེས་བུ་ནག་པོ་སྨྱུག་མའི་ཤུན་པས་སྐྲ་སྤྱི་བོར་བཅིངས་པས་སྐུ་འགྱིང་བག་བདེ་བ། གཞུ་མཆོག་ལ་ཕག་པའི་ཁོག་སྟོད་ཁོག་སྨད་བཏགས་པ། དོང་པ་ཞབས་གཅིག་པ་ཁ་གཉིས་ཡོད་པ། མདའ་ལྔ་ལྔ་བཅུག་པ། འོ་མ་སེས་བརྒྱན་པ། རྨ་བྱའི་སྒྲོས་སྨད་གཡོགས་བྱས་པ། ཕྱག་གཡོན་ཐུགས་ཁ་ན་རིན་པོ་ཆེའི་བུམ་པ་ཐོགས་པ། ཡུམ་རྔོན་པ་མོའི་ཆ་བྱད་ལ་རྨ་བྱ་དང་ཤ་བའི་རོ་ཁུར་བ་ཞིག་དང་། གླིང་བུ་འབུད་པ་ཞིག གཅིག་གཡས་དང་གཅིག་གཡོན་ན་འདུག་པ་རྨིས། དེ་ནས་ཞལ་མཇལ་བའི་གླིང་དུ་ཕྱིན། ཟས་ཀྱི་རྒྱུན་བཅད་དེ་ས་སྡེ་བཙུགས་པས། དངོས་སུ་བྱོན། ས་ཀ་རས་སྔར་མཐོང་། སློབ་དཔོན་ལ་སྦྲན་པས་དགའ་ཆེས་ཏེ་ཞབས་ལ་གཏུགས། དཀའ་བ་དཔག་ཏུ་མེད་པ་སྤྱད་ཀྱང་༼༡༤༦༽ད་ཙམ་གྱི་བར་དུ་མ་མཇལ། རྗེ་བཙུན་ཐུགས་རྗེ་རེ་ཆུང་ན་ཞུས་པས། ང་མཐོང་བས་ནི་གྲོལ་འགྱུར་གྱི། །ང་མ་མཐོང་བས་གྲོལ་བར་འགྱུར། །ང་མཐོང་བས་ཀྱང་འཆིང་འགྱུར་གྱི། །ང་མ་མཐོང་ཡང་འཆིང་བར་འགྱུར། །གསུངས་ནས། སེམས་ངལ་གསོ་བའི་རི་ལ་བཙལ་ཅི་དགོས། དྲན་རྟོག་དབྱིངས་སུ་ཡལ་བའི་དུས་སུ་ངལ་བསོས་པ་དེ་ཁ་ང་ཡིན་མོད་གསུངས་ཏེ་མི་སྣང་བ་གྱུར་ཏོ། །ཡང་བཙལ་བས་བརྡ་བསྟན་པའི་གླིང་དུ་རྣལ་འབྱོར་མ་གཅིག་གིས་ཤིག་སྲོ་བསད་ཀྱིན་ཟ། རྣལ་འབྱོར་མ་གཅིག་གིས་ནགས་གསེབ་ནས་མདའ་བརྒྱབ་སྟེ་ཕག་རྒོད་བསད་ནས་འདི་སྐད་ཟེར། ཁམས་གསུམ་འཁོར་བའི་ནགས་ཚལ་ན། །མ་རིག་ཕག་རྒོད་རྒྱུ་བ་ལ། །ཡེ་ཤེས་རང་གསལ་མདའ་ཞིག་བརྒྱབ། །མ་རིག་ཕག་རྒོད་ང་ཡིས་གསོད། །ཤ་ནི་གཉིས་སུ་མེད་པར་ཟོས། །ཟེར། ཡང་ཤྭ་བ་ཞིག་བྱུང་བ་བསད་ནས། ཁམས་གསུམ་འཁོར་བའི་ནགས་ཚལ་ན། །གཟུང་འཛིན་ཤ་བ་རྒྱུ་བ་ལ། །ཕྱག་རྒྱ་ཆེན་པོའི་མདའ་ཞིག་བརྒྱབ། །གཟུང་འཛིན་ཤ་བ་ང་ཡིས་གསོད། །ཤ་ནི་གཉིས་སུ་མེད་པར་ཟོས། །ཟེར། དེ་ལ་པཎྜྻི་ཏ་མི་དད་པ་ལ། ཤ་བ་རི་རང་བྱོན་ནས། གང་ཡང་མི་སྐྱེ་གང་ཡང་མི་འཆི་སྟེ། །གང་ཡང་བཅིངས་དང་གང་ཡང་གྲོལ་བ་མེད། །གསུངས་པས། ས་ཀ་ར་ཡིད་ཆེས་པས་རྟོགས་པ་ཤར། མཻ་ཏྲི་པ་ཐེ་ཚོམ་ཟོས། ཡབ་ཡུམ་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་བཙལ་བས། དཔལ་གྱི་རིའི་སྟོད་གཞིའི་གླིང་དུ་བཞུགས་པའི་ཞབས་ལ་རྣལ་འབྱོར་མ་ཞིག་བསྐུ་མཉེ་བྱེད་དོ། །དེ་མཻ་ཏྲི་པས་ཕྲོགས་ཏེ་བསྐུ་མཉེ་བྱས་གདམ་ངག་ཞུས་པས། ཁྱོད་ལ་བསྟན་པར་བྱའོ་གསུངས་པ་ན། རྣལ་འབྱོར་མ་དེ་ན་རེ། འདི་ནི་སོམ་ཉི་ཅན་ཞིག་སྟེ། བསྟན་ཀྱང་ཡིད་མི་ཆེས་པས་མ་སྟོན་ཅིག་ཟེར་ཏེ་མགོར་རྡོག་པ་བསྣུན་ཏེ་མི་སྣང་ངོ་། །དེ་ནས་བཙལ་བས་དབང་བསྐུར་བའི་གླིང་དུ་བུམ་པ་སྤྱི་བོར་བཀོད་ནས། གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག །འདི་ལྟར་རྟོགས་ནས་མདའ་བསྣུན་གླུ་ལེན་ཏེ། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་། །བླ་མས་སྨྲས་པ་གང་གིས་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་གང་ལའང་རེ་བ་མ་བྱེད་ཅིག །རང་གི་སེམས་ཉིད་རྟོགས་ན་ཕྱག་རྒྱ་ཆེན་པོ་སྟེ། འདི་ལྟར་སྣང་བ་འདི་ཡང་རང་གི་སེམས་ལས་ལོགས་ན་མེད། ༼༡༤༧༽ཅེས་དབང་བསྐུར་བས། ས་ཆོག་ལ་སོགས་པའི་གོ་རིམ་གང་ཡང་མི་སྣང་བས་དབང་ཐོབ་པའི་གོ་མི་ཆོད་དམ་སྙམ་པའི་ཚེ། ས་ཀ་རས། རི་བོ་མཆོག་ལ་བཞུགས་པའི་རྒྱལ་བ་རི་ཁྲོད་པ། །གཞུ་དང་རི་དྭགས་ཕག་པ་མ་ཡིན་སྤྲུལ་པ་སྟེ། །ཟླ་བ་གང་བཞིན་འཇིག་རྟེན་ན་ནི་མཆོག་ཏུ་མཛེས། །སྤྲུལ་པའི་གཟུགས་ཀྱིས་སྐྱེ་བོ་ཐམས་ཅད་འདུལ་བར་བྱེད། །དགེ་དང་སྡིག་པ་གང་ལ་ཡང་། །མི་མཐུན་གཉེན་པོར་ཁྱོད་མ་བསྟེན། །རང་རིག་ཡེ་ཤེས་སེང་ངེ་བཞིན། །བྱས་པས་ཀྱང་ཡིད་མ་ཆེས་པ་ལ། ཆོས་བཤད་པའི་གླིང་དུ་ནམ་མཁའ་ལྟ་བུའི་རྒྱུད་རྙོག་པ་མེད་པ། རྒྱ་མཚོ་ལྟ་བུའི་རྒྱུད་གསང་བ་འདུས་པ། ཡེ་ཤེས་ལྟ་བུའི་རྒྱུད་དགྱེས་པ་རྡོ་རྗེ། བྱིན་རླབས་ལྟ་བུའི་རྒྱུད་འཁོར་ལོ་སྡོམ་པ། ལྡེ་མིག་ལྟ་བུའི་རྒྱུད་མཚན་བརྗོད། དོན་མཐར་ཐུག་སྟོན་པ་གྲུབ་སྙིང་གི་ཆོས་སྐོར་ཐམས་ཅད་ཞག་བཅུ་གཉིས་ལ་སྩལ་བས་ཡིད་ཆེས་ནས་ལོག་འབྱོན་ཁར། ཁྱོད་ང་ལ་ཐེ་ཚོམ་ཟོས་པས་ཚེ་འདི་ལ་མཆོག་གི་དངོས་གྲུབ་མི་ཐོབ། འཆི་ཁར་རྡོ་རྗེ་རྣལ་འབྱོར་མས་བསུས་ཏེ་བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་ལམ་དུ་ཐང་ཆད་དེ་ཉལ། གཉིད་སད་ནས་རི་ཁྲོད་པ་ལ་ཞུས་པའི་ཆོས་རྣམས་ལ་བསམ་མནོ་བཏང་བས་ཐམས་ཅད་བརྗེད་འདུག ད་ལོག་ན་མི་ལ་ངོ་ཚ་ལྕེབ་བམ་བསམ་པ་དང་། རི་ཁྲོད་པ་མདུན་དུ་བྱོན་ནས་མཻ་ཏྲི་པ་ཁྱོད་ཅི་ཉེས་གསུང་། ངས་ཆོས་ཐམས་ཅད་བརྗེད་འདུག་པས་ལྕེབ་བམ་བསམ་གསོལ་པས། གཉིས་མེད་རྡོ་རྗེ་ཨ་ཝ་དྷཱུ་ཏཱི་པ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །བརྗེད་ཅེས་བྱ་བ་ག་ལ་སྲིད། །མ་འགགས་པ་ཡི་ཆོས་རྣམས་ལ། །བརྗེད་ཅེས་བྱ་བ་ག་ལ་སྲིད། །ཁམས་གསུམ་ཡེ་ནས་གྲོལ་བ་ལ། །མ་རིག་པ་ཡིས་བསྒྲིབས་པ་ཡིན། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །མ་སྐྱེས་པ་ཡི་རང་བཞིན་ཉིད། །ཅེས་གསུངས་པ་དང་། མཻ་ཏྲི་པ་ལ་རྟོགས་པ་ཤར་ས་དང་པོའི་ཡེ་ཤེས་སྒྲིབ་མེད་དུ་གཟིགས་སོ། །རི་གསུམ་སློབ་དཔོན་ཕྱག་རྒྱ་དེ་དག་གིས་མཛད་པ་ཐམས་ཅད་སྙིང་པོའི་དོན་སྟོན་པའི་བརྡར་གོ་སྟེ། བླ་མ་ལ་རྟོགས་པ་ཕུལ་བ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །སྟོང་པ་ཉིད་དང་སྙིང་རྗེ་གཉིས། །གཉིས་སུ་མེད་པ་སློབ་དཔོན་ཡིན། །རྣལ་མའི་དོན་ལ་རྣམ་དཔྱད་ན། །གང་ལྟར་བྱས་ཀྱང་གྲོལ་བར་འགྱུར། །དམིགས་པ་མེད་པ། བཅོས་མ་མ་ཡིན་པ། དྲན་པ་རྡུལ་ཙམ་ཡང་མེད་པའི་དོན་ཞིག་ངས་རྟོགས། ད་ནི་སུ་༼༡༤༨༽ལའང་དྲི་བར་མི་བྱའོ་ཞེས་གསུངས། མཚན་གཉིས་མེད་རྡོ་རྗེར་ཐོགས་ནས་ཡུལ་དབུས་སུ་ཕེབས་སོ། །དེའི་ཚེ་ཐམས་ཅད་ཀྱིས་མཻ་ཏྲི་པས་ཤ་བ་རི་མཇལ་ལོ་ཟེར་ནས་གྲགས་པ་ཆེན་པོ་བྱུང་། མ་དད་པ་རྣམས་ཀྱིས་ཤ་བ་རི་དང་མ་མཇལ་བདུད་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བསྒྲགས། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཏྲང་སེ་ན་ཞེས་བྱ་བ་མུ་སྟེགས་ཀྱི་རིགས་པ་སྨྲ་བ། འཁོར་ཉིས་སྟོང་དང་བཅས་པ་ཞིག་ན་རེ། ཁོ་ཤ་བ་རི་དང་མཇལ་ན་ངས་མི་ཐུབ། མ་མཇལ་ན་ཁོས་ང་མི་ཐུབ་པས་རྩོད་པས་ཤེས་སོ་ཟེར། རྒྱལ་པོ་ས་མུན་ཛས་རྩོད་པའི་ར་བར་ཁྲི་བཤམས། ཤཱནྟི་པ་ལ་སོགས་པའི་ནང་པ་དང་ཕྱི་རོལ་པ་རང་གི་ཚར་བཅད་ཀྱི་དཔང་པོ་བཀོད། རྒྱལ་པོས་ལམ་ཐམས་ཅད་ཆག་ཆག་བཏབ། ཤིང་རྟའི་སྟེང་དུ་སྤྱན་དྲངས་ནས་སུ་རྒྱལ་བའི་རྗེས་སུ་ཕམ་པོ་འཇུག་པར་བྱས་ནས། མཻ་ཏྲི་པས་སྔ་རྒོལ་བྱས། ཁོས་ཕྱི་རྒོལ་བྱས། ལྟ་བ་རབ་ཏུ་མི་གནས་པ། སྒོམ་པ་ཡིད་ལ་མི་བྱེད་པ་ལ་སོགས་པའི་དམ་བཅའ་མཛད་དེ་རིགས་པ་བཀོད། ལུང་གིས་རྒྱབ་སྐྱོར་བསྟན་པས། ཁོས་མ་ཐུབ་ནས་མཻ་ཏྲི་པ་ཆེན་པོ་རྒྱལ་བས་རྒྱལ་བ་ཞེས་གྲགས། ཁོ་འཁོར་བཅས་རབ་ཏུ་བྱུང་། དེ་ནས་སློབ་དཔོན་ཤཱནྟི་པས་དེ་ལ་སྐྱོན་བྲིས་ཏེ་རྡོ་རྗེ་གདན་གྱི་དུས་མཆོད་ཀྱི་ཚེ་སྒོའི་ཡ་ལྕིབས་ལ་སྦྱར་རོ། །དེ་མཻ་ཏྲི་པས་མ་གཟིགས། དེ་ཉིན་མི་རྣམས་ན་རེ། ཤཱནྟི་པ་ལ་མཻ་ཏྲི་པས་རྩོད་མ་ནུས་ཟེར། སང་མཻ་ཏྲི་པས་ཤཱནྟི་པ་ལ་ཁ་སང་ཡི་གེ་ངས་མ་མཐོང་བ་ཡིན། དེ་རིང་ཅིས་ཀྱང་འབྱོན་པར་ཞུ་བྱས་པས་ཤཱནྟི་པ་མ་བྱོན། བང་ཆེན་ལན་བཅུ་གསུམ་གྱི་བར་བསྟུད་དེ་བཏང་བས་ཀྱང་མ་བྱོན་པར་བྲོས། དེ་ཕན་དུས་མཆོད་ཀྱི་བདག་པོ་ཁོང་གི་མཛད་པ་ལ། དེ་ནས་རྒྱལ་པོས་མཻ་ཏྲི་པ་ལ་ཕུལ་བས་མཚན་མངའ་བདག་ཅེས་ཏེ། ཐམས་ཅད་དུ་མངའ་བདག་རྒྱལ་བ་མཻ་ཏྲི་པ་ཞེས་གྲགས་སོ། །དེ་དུས་དགེ་འདུན་གྱི་སྡེ་ཨོ་ཏནྟྲ་པུ་རི། ཤྲཱི་ནཱ་ལེནྡྲ། རྡོ་རྗེ་གདན། བི་ཀྲ་མ་ལ་ཤཱི་ལ་བཞི་མཆོག་ཡིན། ཕྱི་མའི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བཞུགས། འཆད་ཉན་མཛད། བསྟན་བཅོས་དུ་མ་སྦྱར། དེ་ནས་རིང་པོ་ཞིག་ན་དམ་ཚིག་གི་རྫས་ལ་ཆང་ཉོས་པས། དཔལ་མར་མེ་མཛད་དགེ་བསྐོས་ཡིན་པས་གཟིགས་ཏེ། སྡེ་ཉམས་ཀྱི་དོགས་ནས་རྒྱལ་པོ་ལ་འཕྲིན་བརྫངས། རྒྱལ་པོས་ཕོ་ཉ་བརྟག་ཏུ་བཅུག་པས་འདུག་པར་མཐོང་སྟེ་གསོལ་བས། རྒྱལ་པོས་པཎྜྻི་ཏ་རྣམས་སྦྲན་ནས། ༼༡༤༩༽མངའ་བདག་གི་སྤྱན་སྔར་ཕྱིན་ནས་ཁྱོད་ཀྱིས་ཆང་བཏུངས་པས་ཆད་པ་སྒྲུབས་ཤིག ངས་མ་བཏུང་ཁྱེད་རང་རྣམས་ཀྱིས་འཐུངས་སོ། །དེར་སྐྱུགས་ནས་ཤེས་སྙམ་སྐྱུག་ཏུ་བཅུག་པས། མཻ་ཏྲི་པས་དགྱེས་རྡོར་གྱི་མན་ངག་བྱས་པས་ཁོང་ཚོ་ལ་ཆང་སྐྱུགས། ཁོང་རང་ལ་འོ་མ་སྐྱུགས། དེར་མཻ་ཏྲི་པ་མ་རངས་པར་དགེ་འདུན་གྱི་དབུས་ནས་རྩིག་པ་ལ་ཐོགས་མེད་དུ་བྱོན། གངྒཱ་ལ་ཁྲི་བརྙན་ས་ལེའི་པགས་པ་བཏིང་ནས་གཤེགས་སོ། །ཕར་འགྲམ་དུ་ཐམས་ཅད་ཀྱིས་བཞུགས་པར་གསོལ་བས། བཟོད་པ་བཞེས་བཞུགས་པར་མ་གནང་། རྒྱ་གར་ཤར་ཕྱོགས་རི་བོ་མེ་ལྟར་འབར་བའི་དུར་ཁྲོད་དུ་དགོན་པ་བཏབ་སྟེ་བཞུགས་སོ། །སྐབས་ཤིག་བཛྭ་པཱ་ཎི་ཁྱོད་སོང་ལ་ཉེ་འཁོར་གྱི་སློབ་མ་རྣམས་སྡུས་ཤིག་གསུངས་ནས་བསྡུས། དེ་ནས་མཆོད་པ་རྒྱ་ཆེན་པོ་དང་ཚོགས་ཀྱི་འཁོར་ལོ་བཤམས་ནས་སློབ་མ་རྣམས་ལ་བྱིན་རླབས་ཀྱི་རྟེན་རེ་སྩལ། ཞལ་ཆེམས་གདམ་ངག་ཏུ་གསུངས། འཁོར་རྣམས་ཀྱིས་ལོ་མང་པོ་བཞུགས་པར་གསོལ་བ་བཏབ་པས་སྡོད་ཀྱང་དབང་ཡོད་དེ། དངོས་གྲུབ་སྒྲུབ་པའི་དུས་ལས་ཉམས་པར་འགྱུར་བས་མི་རུང་གསུང་། རྡོ་རྗེ་རྣལ་འབྱོར་མས་བསུས་ཏེ་དགུང་ལོ་བདུན་ཅུ་རྩ་ལྔ་ལ་གཤེགས་སོ། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་ཆེ་བཞི། འབྲིང་པོ་བདུན། ཆུང་བ་བཅུ་སྟེ་ཉི་ཤུ་རྩ་གཅིག ཆེ་བ་བཞི་ནི། ན་ཏྲེང་ཀ་བ། དེ་ཝ་ཨཱ་ཀ་ར། རཱ་མ་པཱ་ལ། ཕྱག་ན་རྡོ་རྗེ་དང་བཞི། འབྲིང་བདུན་ནི། མཉམ་པའི་རྡོ་རྗེ། མི་མཉམ་རྡོ་རྗེ། ནམ་མཁའི་རྡོ་རྗེ། རོལ་པའི་རྡོ་རྗེ། དྷི་རི་ཤྲཱི་ཛྙྱཱ་ན། ཨ་བྷི་ཡུཀྟ། ཛ་གང་པཱ་ལའོ། །ཆུང་བ་བཅུ། ས་ཀནྡྷ་པ། མེ་གོ་པ། ར་ཚོ་རྡོར་པ། ཏི་པུ་པ། ཤྲཱི་ནཱ་ལེནྡྲ་པ། པདྨའི་འཕྲེང་བ། གོ་ཆ་བ། ནག་པོ་པ་ཆུང་བ། ཤྲཱི་རྣ་བ། བ་ལིཾ་ཨཱ་ཙཱརྻ་རྣམས་སོ། །འགའ་ཞིག་ཀ་རོ་པ། ཕྱག་ན། མར་པ། བལ་པོ་ཤྲཱི་ལ་བྷ་རོ་རྣམས་ཐུགས་ཀྱི་སྲས་བཞིར་གྲགས་ཞེས་ཀྱང་ཟེར་རོ། །ནཱ་རོ་མཻ་ཏྲི་གཉིས་ཀའི་སློབ་མ་ཏི་ཕུ་པ་ནི། ཡུལ་ཡངས་པ་ཅན། ཡབ་པཎྜྻི་ཏ་ག་ཡ་དྷ་ར། ཆུང་ངུ་ནས་རིག་པའི་གནས་ཀུན་ལ་སྦྱངས། ཁྱད་པར་གསང་སྔགས་རྒྱུད་སྡེ་ལ་མཁས་ཤིང་མན་ངག་རྒྱ་མཚོར་གྲགས། ཡུམ་གཉིས་དང་བཅས་ཏེ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པར་ཞུགས་པ་ཡིན་ནོ། །ཤྲཱི་བྷ་དྲ་བོ་དྷི་ནི་རྒྱ་གར་ཤར་ཕྱོགས་མཉྫྱུ་ཧ་དེ་ཥར་འཁྲུངས། རྟེན་དགེ་བསྙེན་རིག་གནས་ལ་མཁས་པ། དུས་ཞབས་པ་ཆེན་པོ་དང་ནཱ་རོ་པ་ལ་ཐུག དེའི་སྲས་བོ་དྷི་བྷ་དྲ་ཟླ་མེད་པའི་མཁས་པ་ཆེན་པོ་པ་དང་ནཱ་རོ་པ་ལས་དུས་འཁོར་༼༡༥༠༽གསན། འདི་ལ་རྒྱལ་སྲས་ནཱ་ལེནྡྲ་པ་ཕྱི་མ་ཟེར། ནཱ་ལེནྡྲར་སྒོ་ཡིག་འདེབས་པ་པོ་འདི་ཡིན་ཁ་ཅིག་ཟེར་ཏེ། ཁོང་གི་དུས་དུས་ཀྱི་འཁོར་ལོ་འཕགས་པའི་ཡུལ་ན་རླུང་ལྟར་གྲགས་ཟིན་པས་གཏམ་དེ་འཆོལ་བ་ཡིན་ནོ། །རྡོ་རྗེ་གདན་པ་ནི་དགེ་བསྙེན་རིག་གནས་དུ་མ། ལྷག་པར་སྒྲ་ཚད་ལ་མཁས་པ་ཞིག་འཁོར་རབ་ཏུ་བྱུང་བའི་པཎྜྻི་ཏ་འགའ་དང་བཅས་ཏེ་ཡུལ་དབུས་སུ་སླེབ་པ་ན། དེར་རྒྱལ་པོའི་བློན་པོ་ཆེན་པོས་བསྟན་པ་ལ་མི་མཛེས་སྙམ་ནས་ཅིའི་ཕྱིར་རབ་ཏུ་མི་འབྱིན་དྲིས་པས། མའི་འཚོ་བ་སྦྱར་བས་སོ་ཟེར། དེས་གསེར་སྲང་སུམ་ཅུ་དེ་ལ་གཏད་དེ། འདིས་མ་འཚོ་བར་གྱིས་ལ་ཅིས་ཀྱང་རབ་ཏུ་བྱུང་ཞིག དེར་ཤཱནྟི་པ་ལ་རབ་ཏུ་བྱུང་བའི་མཚན་རཏྣ་ཨཱ་ཀ་ར་གུཔྟ། དེ་དང་ནཱ་རོ་པ། གནས་བརྟན་བྱང་ཆུབ་བཟང་པོ། མར་མེ་མཛད་བཟང་པོ་སོགས་ལ་རྟེན་ནས་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས་ཏེ། ཕྱིས་རྡོ་རྗེ་གདན་གྱི་བདག་མཛད་དེ་བཞུགས་པས་མཚན་རྡོ་རྗེ་གདན་པ་མངོན་ཤེས་ཅན་དུ་གྲགས། འདིས་རྡོ་རྗེ་གདན་ཆུང་མ་དང་ཟངས་ཐང་མར་གྲགས་པའི་དེ་བཞིན་གཤེགས་པའི་སྐུ་དུ་མ་ཐུགས་དམ་དུ་བཞེངས། བསྟན་པ་བསྐྱངས། དེ་ནས་སྤྱན་རས་གཟིགས་མཇལ་བར་བཞེད་ནས་པོ་ཏ་ལའི་ལམ་གྱི་ཡི་གེ་བཟུང་སྟེ་བྱོན། སཽ་རིར་སླེབས་པ་ན། དེའི་རྒྱལ་པོའི་རྨི་ལམ་དུ་རྡོ་རྗེ་གདན་གྱི་མཧཱ་བོ་དྷི་བྱོན་ནས། ངའི་བསྟན་པ་ལྷོ་ཕྱོགས་སུ་མ་བཏང་བར་ཁྱོད་ཀྱིས་ཟུང་ཞིག་ཟེར་བ་རྨིས། ཅིའི་ལྟས་ཡིན་སྙམ་པ་ལ་པཎྜྻི་ཏ་འཁོར་བཅས་བྱོན་ནས་ལྷོ་ཕྱོགས་སུ་སྐྱེལ་བར་ཞུ་ཟེར། ཞིབ་ཏུ་དྲིས་པས་རྨི་ལམ་གྱི་དོན་གོ་ནས་བཤོལ་བཏབ་སྟེ། རྒྱལ་པོས་གཙུག་ལག་ཁང་ཕུལ། འཁོར་མང་པོ་ལ་ཆོས་བཤད་པས་སཽ་རི་པ་ཞེས་གྲགས། འདིས་ཚོགས་ཀྱི་འཁོར་ལོར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་སྤྱན་དྲངས་ཏེ་བསྟོད་པ་མཛད་དོ། །ཨབྷྱཱ་ཀཱ་ར་གུཔྟ་ནི། རྒྱ་གར་ལྷོ་ཕྱོགས་ཨུ་ཌ་ཨཱི་ཤལ་བྲམ་ཟེའི་རིགས་སུ་འཁྲུངས་པ། སྐྱེས་སྟོབས་ཀྱིས་ཤེས་རབ་ཆེ་བས་སྒྲ་ཚད་གསོ་བ་མཁས་པར་ལོབས། ཡུལ་དེའི་ཨ་མྲའི་ཚལ་དུ་སྒོ་བསྡམས་ནས་སྒྲའི་པོ་ཏི་གཅིག་ལྟ་བའི་སྐབས་སུ་བུད་མེད་གཞོན་ནུ་མཛེས་མ་ཞིག་བྱུང་། ཁྱོད་སུ་བྱས་པས་གདོལ་པ་མོ་ཡིན། ཁྱོད་དང་དགའ་མགུར་སྤྱད་པའི་སླད་དུ་འོངས་སུ་ཡིན་ཟེར། བདག་བྲམ་ཟེ་ཡིན་པས་ཁྱོད་དང་རེག་པར་མི་རུང་ངོ་སྨྲས་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་བསྙེན་བཀུར་བྱས་པས་འདིར་འོངས་བ་ཡིན། ང་ལ་ཉན་ན་ཡུལ་འདིར་མ་འདུག་པར་སངས་རྒྱས་པ་གྱིས་ལ་དབང་བསྐུར་༼༡༥༡༽ཞུས་མ་ག་དྷར་སོང་ཞིག་ཟེར་མི་སྣང་བར་གྱུར་ཏོ། །དེ་མི་མ་ཡིན་པར་རིག་སྟེ་གྲོགས་པོ་ནང་པའི་པཎྜྻི་ཏ་ཞིག་ཡོད་པ་ལ་འདི་ལྟར་བྱུང་སྨྲས་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པར་འདུག་སྐལ་བ་བཟང་པོ་ཡིན། བཀའ་བཞིན་གྱིས་ཟེར། ཁྱིམ་སྤངས་ཏེ་བྷངྒ་ལའི་ཨོ་ཏནྟྲར་དགེ་ཚུལ་མཛད། གྲུབ་ཐོབ་མང་དུ་བཞུགས་པ་ལ་དབང་གདམ་ངག་གསན། བྲང་ཁང་དབེན་པ་ཞིག་ཏུ་སྒོམ་ཞིང་བཞུགས་པས། བུད་མེད་མཛེས་མ་ཤ་ཁྲག་དམར་ཚར་རེ་བ་ཁྱེར་བ་ཞིག་འོངས། བདག་གདོལ་པ་མོ་ཡིན། འདི་ལ་ལོངས་སྤྱོད་ཅིག་ཟེར་བས། རབ་ཏུ་བྱུང་ནས་དེ་ལྟ་བུ་ཟོས་ན་ག་ལ་རུང་སྙམ་ནས་མ་བླངས་པས། ཁྱོད་འདིར་མ་འདུག་པར་མ་ག་དྷར་སོང་ཞིག་ཟེར། དེ་ནས་མ་ག་དྷར་བྱོན། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཕེབས། རྡོ་རྗེ་གདན་པ་ལས་བསྙེན་པར་རྫོགས། མཚན་ཨ་བྷྱཱ་ཀཱ་ར་གུཔྟར་བཏགས། ནཱ་རོ་པ་ལ་སོགས་པའི་མཁས་པ་དུ་མ་ལ་གཏུགས་ནས། མདོ་རྒྱུད་ཐམས་ཅད་ལ་སྨྲ་བའི་སེངྒེར་གྱུར། སཽ་རིའི་དུར་ཁྲོད་ཀྱི་དགོན་པ་ཨི་ཏྲི་རི་ཞེས་པར་སྒོམ་ཞིང་བཞུགས་པ་ན། ཚེས་བརྒྱད་ཀྱི་ནུབ་མོ་བླ་མའི་གཡོག་མོ་ཡིན་ཟེར་བའི་བུ་མོ་ཞིག་ཚོགས་ཀྱི་ཡོ་བྱད་ཐོགས་ཏེ། བླ་མ་རཏྣ་ཀ་ར་གུཔྟས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་སྐལ་བ་ཁྱོད་ལ་སྐྱེལ་དུ་བཏང་བ་ཡིན་པས་འདི་ཟོ་ཞིག ང་དགེ་སློང་ཡིན་པས་ལོངས་སྤྱད་དུ་མི་རུང་ངོ་བྱས་པས། ལན་གསུམ་གྱི་བར་དུ་ཟོ་ཟེར་ཡང་མ་ཟོས་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་མཆོད་པ་བྱས་པས་ངས་དངོས་གྲུབ་ལན་གསུམ་དུ་སྐྱེལ་དུ་འོངས་པ་ཡིན་ཏེ། ཁྱོད་མི་འདོད་པར་འདུག་ཟེར་ཏེ་ཚོགས་དང་བུད་མེད་མི་སྣང་བར་གྱུར་ཏོ། །སྒོ་གསུམ་རིམ་བཅད་པའང་དེ་ཁོ་ན་བཞིན་འདུག བླ་མའི་དྲུང་དུ་ཕྱིན་ནས་མདང་ཚོགས་སྐྱེལ་དུ་བཏང་ངམ་ཞུས་པས། ཁྱོད་དེ་ལ་རྟོག་པ་ཆེ་བར་འདུག་པས་མ་བཏང་། ཡི་དམ་གྱིས་དངོས་གྲུབ་སྐྱེལ་དུ་བྱོན་པར་འདུག་སྟེ་མ་ཤེས་པར་སྣང་གསུངས། དེ་ནས་འགྱོད་དེ་དུར་ཁྲོད་དེ་ཉིད་དུ་ཡི་དམ་གྱིས་དངོས་སུ་ལུང་མི་སྟོན་ན་ཤིའང་སླའོ་ཞེས་ས་སྡེ་བཙུགས་པས། ཞག་བདུན་པའི་རྨི་ལམ་དུ་བུད་མེད་རྒན་མོ་ཞིག་བྱུང་། མཐར་དེ་རྡོ་རྗེ་རྣལ་འབྱོར་མར་སོང་ནས། ཁྱོད་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་པས་ངས་བྱིན་གྱིས་བརླབས་ཀྱི་བསྟན་བཅོས་མང་དུ་རྩོམས་ཤིག བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན། དེ་ནས་བི་ཀྲ་མ་ཤཱི་ལའི་བདག་མཛད་སྡེ་སྣོད་ཀྱི་འཆད་ཉན་མཛད་པས་སློབ་མའི་ཚོགས་དཔག་ཏུ་མེད་པ་༼༡༥༢༽ལས་རྒྱ་གར་ན་མཆོག་གྱུར། ཤུ་བྷ་ཀཱ་ཀ་ར་གུཔྟ། ཝཱ་གཱི་ཤྭར་གུཔྟ། བི་ཁྱཱ་ཏ་དེ་ཝ། ནིཥྐ་ལངྒ་ཀ་དེ་ཝ། བྷཀྵ་ར་གུཔྟ། ནཱ་ཡ་ཀ་པཱ་ད། བོད་ན་རྩ་མི་ལོ་ཙཱ་དང་གྲོགས་མཆེད་ཕར་གསན་ཚུར་གསན། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། པ་ཚབ་ཉི་མ་གྲགས། ཁེ་གད་འཁོར་ལོ་གྲགས། སྤོང་ཞོ་གསལ་བ་གྲགས། རྒ་ལོ། རོ་ལིངས་པ། དིང་རི་ཆོས་གྲགས། ཏྲེ་བོ་ཤེས་རབ་དཔལ། ཤེའུ་ལོ་ཙཱ་བ་སོགས་མང་པོ། མཉྫྱུ་ཀཱིརྟི་ནི་ལྔ་རིག་པ་ནཱ་རོ་པའི་ཞབས་ལ་ལེགས་པར་གཏུགས་ཏེ་དུས་འཁོར་སོགས་ཀྱི་རྒྱུད་སྡེ་ལ་མཁས་པར་སྦྱངས་པ་མཉྫྱུ་ཧ་ར་ཞེས་བྱ་བའི་གནས་སུ་བཞུགས་པ། དེའི་སློབ་མ་ས་མནྟ་ཤཱི་བྷ་དྲ་ནི་བལ་པོ་ཡེ་རང་དུ་འཁྲུངས། མཉྫྱུ་ཀཱིརྟི་ལ་དུས་ཀྱི་འཁོར་ལོ་ལེགས་པར་ཐོབ་པའོ། །ཁ་ཆེ་ཟླ་མགོན་ནི་ཁ་ཆེར་བྲམ་ཟེ་བཟང་པོའི་ཞབས་ཞེས་ཀྱང་བྱ། སཱུརྻ་ཀ་ཏུ་ཞེས་ཀྱང་བྱ་བ་མཁས་པའི་ཕུལ་དུ་ཕྱིན་པ་དེས། རང་གི་འཁོར་པཎྜྻི་ཏ་སོ་ན་ས་ནི་དང་ལིུ་ཀ་ར། ད་ན་ཤྲཱི། ཙནྟྲ་རཱ་ཧུ་ལ། སོ་མ་ནཱ་ཐ་ལ་སོགས་པ་ལ་ཆོས་གསུང་ཞིང་བཞུགས་པའི་ཚེ། པཎྜྻི་ཏ་འདུལ་བ་འབྱུང་གནས་བློ་གྲོས་ཀྱིས་དབང་མདོར་བསྟན། དབང་རབ་བྱེད་ཀྱི་དཔེ་བསྐུར་བས་གཟིགས་ཏེ་ངོ་མཚར། དེ་ལས་ཟླ་མགོན་མཆོག་ཏུ་དད་པ་སྐྱེས་ནས་དེར་ཆོས་ཉན་འཕྲོ་བཅད་དེ་དབུས་སུ་བྱོན། དུས་ཞབས་ཆུང་བ་དཔལ་ནཱ་ལེནྡྲ་པ་དང་མཇལ་ནས་དུས་ཀྱི་འཁོར་ལོ་མཁས་པར་བསླབས་སོ། །དམ་པ་སངས་རྒྱས་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་སྐུ་གཤེགས་ནས་སྐྱེ་བ་རྒྱ་གར་ལྷོ་ཕྱོགས་བྱེ་བྲག་ཙ་ར་སིང་ང་ཞེས་བྱ་བར་ཚོང་དཔོན་གྱི་རིགས་སུ་འཁྲུངས། བི་ཀྲ་མ་ཤཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། དེ་དང་བྲམ་ཟེ་ཨཱརྻ་དེ་ཝ་ལ་སོགས་པ་ལ་བརྟེན་ནས་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ནཱ་རོ་མཻ་ཏྲི་ལ་སོགས་པ་ཐུན་མོང་མིའི་བླ་མ་ལྔ་བཅུ་རྩ་ལྔ། འགའ་ཞིག་དངོས་དང་འགའ་ཞིག་དག་སྣང་གིས་མཇལ། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་དག་པའི་སྣང་བས་བསྟེན། ཐུགས་དམ་གྱི་ལྷ་བདེ་གཤེགས་བཅུ་གཉིས་དང་མི་དང་མི་ལབ་ལབ་མཛད། ཁྱད་པར་ཨུ་རྒྱན་གྱི་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་བཅོམ་ལྡན་འདས་བདག་མེད་མས་མངོན་སུམ་དུ་རྗེས་སུ་བཟུང་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའོ། །འདི་ལ་གཞན་གྱིས་དགུང་ལོ་མང་པོ་བར་བྱས་པ་དང་། ཀ་མ་ལ་ཤཱི་ལས་གྲོང་འཇུག་བྱས་པར་བཤད་པ་རྣམས་ལ་གཏམ་ཚད་མ་གནོད་བྱེད་དུ་སྣང་ངོ་། །སློབ་དཔོན་ཛ་ཝ་རི་༼༡༥༣༽པ་ནི། ནམ་གྲུ་རིགས་ལས་གྲུབ་པ་བརྙེས་པ་ཕྱག་ན་རྡོ་རྗེ་དངོས་ཀྱི་སློབ་མར་གྲགས་སོ། །ཁྲོ་ཕུ་བས་སྤྱན་དྲངས་པའི་པཎ་གྲུབ་གསུམ་ལས། མཆོག་གྱུར་པཎ་གྲུབ་གཉིས་ཀྱི་པཎ་ཆེན་ནི། ཁ་ཆེ་གྲིབ་བསྟན་དུ་འཁྲུངས། རིགས་རྗེ་རིགས། ཛ་ཤོ་དྷ་ར་སྟེ་གྲགས་འཛིན། ལོ་བཅུ་ནས་བྲམ་ཟེ་ལཀྵཱི་དྷ་ར་ལ་སྒྲ་སྙན་གསོ་དཔྱད། རཏྣ་ཤཱི་ལ་དང་ལ་ལི་ཏ་སྲི་ད་ཞི་འབྱུང་། དབྱངས་སྙན་སོགས་བསྟེན་ནས་གཞུང་འབུམ་ཕྲག་དུ་མ་ཐུགས་སུ་ཆུད། མཁན་པོ་སུ་ཁ་ཤྲཱི་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་ཤྲཱི་བྷ་དྲར་བཏགས། གྲོགས་གཅིག་གིས་འཚོ་བ་ལ་བརྟེན་དགོངས་པ་ན་སྒྲོལ་མས་ཁྱོད་སངས་རྒྱས་ཀྱི་བསྟན་པ་མི་འཛིན་ནམ་གསུངས་པ་རྨིས་པ་དེ་ཕྱིན་ཆད་བསོད་སྙོམས་ཁོ་ན་མཛད། མཚན་བསོད་སྙོམས་པར་ཐོགས། ཏིལ་མར་གྱི་ནང་དུ་མནལ་སྤངས་ཏེ་ཁ་འདོན་མཛད། མཁན་པོ་ཨུ་དྷ་ཀ་ར་གུཔྟ་དང་། ལས་སློབ་ད་ཤ་པཱ་ལ། གསང་སྟོན་དཱ་ནཱ་ཀ་ར། དད་པའི་དགེ་འདུན་བཅོ་བརྒྱད་ཀྱི་དབུས་སུ་བསྙེན་པར་རྫོགས། ཉི་མ་སྦས་པ། ཙནྡྲ་གུཔྟ། རྡོ་རྗེ་གདན་པ་ཆུང་བ། བི་ཁྱཱ་ཏ་དེ་ཝ། བི་ན་ཡ་ཤྲཱི། ཉི་མ་དཔལ་ཡེ་ཤེས། འཇིགས་མེད་གྲགས་པ་རྣམས་ལས་སྡེ་སྣོད་དང་ཁྱད་པར་རྒྱུད་སྡེ་རབ་འབྱམས་ལ་ཐོས་པ་མཛད། ཡི་དམ་མང་པོའི་ཞལ་གཟིགས། རི་བྱ་རྐང་གི་གྲུབ་ཐོབ་དང་། སིངྒ་ལའི་དགྲ་བཅོམ་པས་མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་སྤྲུལ་པར་ལུང་བསྟན། མ་ག་དྷའི་རྒྱལ་པོས་བླ་མར་བཟུང་། གཞུང་རྩོམ་པ་དང་དྲི་བ་དགུའི་ལན་དུས་གཅིག་ལ་ཐེབས། ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་གི་སྡེ་པ་བཞིའི་དགེ་འདུན་ཁྲི་ཉིས་སྟོང་གིས་བསུས་ཏེ་གཙོ་བོར་བཀུར། འདམ་བུའི་ཚལ་དུ་རི་མོའི་བུད་མེད་ཀྱིས་བསོད་སྙོམས་ཕུལ། གནས་གསེར་གྱི་ཏོག་ཅན་དུ་བཞུགས་པའི་ཚེ་རྒྱ་ནག་གི་གདན་འདྲེན་བྱུང་ཡང་། དཀར་ཞིང་མཛེས་པའི་དགེ་སློང་ཞིག་གིས་ད་རེས་དུས་ལ་མ་བབ། མ་འོངས་པའི་དུས་བྱང་ཕྱོགས་སུ་སོང་ཞིག་ལུང་བསྟན། མཚོན་ཆ་འཁོར་ལོ་ཞེས་བྱ་བའི་མཆོད་རྟེན་ཆེན་པོ་ཞིག་ལ་སུས་ཀྱང་གདུགས་མ་ཁེལ་བ་སྒྲོལ་མ་མཆེད་ལ་གསོལ་བ་བཏབ་པས་གདུགས་བྱ་རོག་ཆེན་པོས་ཁྱེར་ཏེ་བཀལ། ནམ་ཞིག་སྲོད་ཀྱི་དུས་སྒྲོལ་མས་ཁྱོད་ད་ལྟ་ཤར་ཕྱོགས་སུ་སོང་ཞིག་གསུངས། དེ་མ་ཐག་མི་རྣམས་ལ་མྱུར་དུ་འདེང་ཞེས་བསྐུལ་ནས་སྐྱེས་བུ་དཀར་པོ་ཞིག་གིས་འོངས་ནས་ལམ་སྣ་བྱས། མ་ཧཱ་ཀཱ་ལས་མར་མེ་བཏེག་སྟེ། གཟའ་པ་ཝ་སངས་ཀྱིས་༼༡༥༤༽ལམ་མཚོན་པར་བྱས་ཏེ་ཚེགས་མེད་པར་ཛ་གད་ངྷ་རར་ཕེབས། དེའི་ཐོ་རངས་ཏུ་རུཥྐའི་དམག་གིས་མ་ག་དྷར་སླེབས་ཏེ་བཅོམ་པར་འདུག གནས་དེར་རིག་པ་འཛིན་པའི་ལྷ་མོ་བཞིས་བསོད་སྙོམས་ཕུལ། དེར་ཐོ་རངས་ལྷའི་རྔ་བོ་ཆེའི་སྒྲ་གསན་པའི་རྐྱེན་གྱིས་དགའ་ལྡན་གཟིགས། བྱམས་པ་ལ་ཆོས་བཞི་གསན། རང་ལོ་བདུན་ཅུ་རྩ་བརྒྱད་ལ་བོད་དུ་ཕེབས། ལོ་བཅུ་བཞུགས་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་། གསེར་བྱུང་བ་ཐམས་ཅད་ལོ་ཙཱ་བ་བྱམས་པ་བཞེང་པའི་རྒྱུ་ལ་གནང་། སླར་ཁ་ཆེར་བྱོན་ཏེ་ལོ་བཅུ་གཉིས་བཞུགས་ཏེ་བསྟན་པ་བསྐྱངས་སོ།། །། ༈ མི་ཏྲ་ཛོ་ཀི་ནི་རྒྱ་གར་ཤར་ཕྱོགས་ར་ཌའི་ཡུལ་དུ་འཁྲུངས། ཏིལླི་པའི་དངོས་སློབ་རོལ་པའི་རྡོ་རྗེས་རྗེས་སུ་བཟུང་། ཁ་སརྤ་ཎར་ལོ་བཅུ་གཉིས་བསྒོམས་པས་སྤྱན་རས་གཟིགས་འཁོར་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཆོས་བསྟན་པས་གྲུབ་པ་བརྙེས། མཚན་ཨ་ཛི་ཏ་མི་ཏྲ་གུཔྟ་ཞེས་བྱ། གང་འདོད་ཐམས་ཅད་ཤིང་གཏན་ལས་འབྱུང་བ་དང་། ཨོ་ཏནྟྲ་པུ་རི་ན་དགེ་འདུན་སྟོང་ཕྲག་བཅུ་གཉིས་གནས་པ་ན། ནང་མ་མཐུན་པ་གཅིག་གི་ཕྱོགས་བུད་ཤིང་རྒྱལ་པོས་བྱས་ཏེ་དམག་དྲངས་པ་འཁོར་ལོ་འཕངས་སྐྲག་སྟེ་བྲོས། དགེ་འདུན་ལ་གནོད་པ་མེད་པར་མཛད་པ། རྒྱལ་པོ་ཤིང་རྟ་མཁན་གྱི་རིང་ལ་ཝཱ་རཱ་ཎ་སཱིའི་དཔུང་ཚོགས་རྡུལ་གྱིས་ཉི་མ་འགྲིབ་པ་ལྟ་བུས་མ་ག་དྷའི་སངས་རྒྱས་ཀྱི་བསྟན་པ་གཞོམ་པར་རྩོམ་པ། སྐུ་གཅེར་བུར་གད་རྒྱངས་བསྒྲགས་པས་ས་གཡོས་ཤིང་མི་ཕྱུགས་ཐམས་ཅད་རེངས་པར་མཛད་པས་རྒྱལ་པོས་བཏུད་པས་རེངས་པ་བཀྲོལ། རྒྱལ་པོ་གྲགས་པ་ཅན་སྡེ་བཞི་དབང་དུ་བཙུགས། ཤིང་གཏན་བསྒུལ་ནུས་ན་ཕར་གསེར་སྲང་སྟོང་ཡང་སྟེར་ཞིང་མུ་སྟེགས་ལ་འཇུག བསྒུལ་མ་ནུས་ན་ཚུར་འཇུག་པར་བྱས་ཏེ་ཤིང་གཏན་ས་ལ་བོར་བས་བསྒུལ་མ་ནུས་པ་ཐམས་ཅད་སངས་རྒྱས་པ་ལ་བཙུད། རྒྱལ་པོ་ཨུ་པ་ཌ་ཞེས་པས་མི་གཙང་བའི་དོང་བུར་བཅུག་ཀྱང་ཚོང་འདུས་སུ་བྱོན་པ་དང་། ཤིང་བསགས་དེའི་སྟེང་དུ་བཞག་སྟེ་ཞག་གསུམ་དུ་མེ་སྤར་ཡང་སྐུ་མ་ཚིག་པས་འགྱོད་དེ་ཞབས་ལ་འདུད་པ་དང་། ཝཱ་རཱ་ཎ་སཱིའི་རྒྱལ་པོ་ལ་ཆོས་བཤད་པ་ན་ནམ་མཁའ་ནས་མེ་ཏོག་གི་ཆར་དང་། ལྷའི་བུས་བདུད་རྩི་འདྲེན་པའི་སྣང་བ་བསྟན། རྒྱལ་པོ་ལ་སྤྲིན་གྱི་དབུས་ན་བཞུགས་པ་དང་ལན་ཅིག་མི་སྣང་ལ། ཞག་བདུན་གསོལ་བ་བཏབ་པས་རྫིང་བུའི་སྟེང་དུ་བཞུགས་པ། རྒྱལ་པོས་གྲོང་ཁྱེར་འབུམ་ཕྲག་བཅུ་ཆ་རྐྱེན་དུ་ཕུལ་བ་ལོ་༼༡༥༥༽གསུམ་སྦྱིན་གཏོང་མཛད་པ། ལྷོ་ཕྱོགས་སུ་གནོད་སྦྱིན་བཏུལ་བ། ལྟ་སྟངས་མཛད་པས་ནམ་མཁའི་བྱ་ཐམས་ཅད་བཀའ་བསྒོ་བ་ཉན་པས་ཝཱ་རཱ་ཎ་སཱིའི་གཙོ་བོ་བརྒྱད་ཅུ་རྩ་བཞི་དང་། རྒྱལ་པོ་ཛ་ཡ་སེ་ན་དང་། པཎྜྻི་ཏ་ཨ་ནནྡ་ཐུགས་གཏད་པས་གྲོལ་བ་དང་། ཝཱ་རཱ་ཎ་སཱིའི་རྒྱལ་པོ་ལ་ཁྱོད་ང་ལ་ཐེ་ཚོམ་ཟོས་པས་ཚེ་འདིར་མཆོག་མི་ཐོབ། བར་དོར་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱལ་པོས་བླ་མ་གཞན་དུ་མི་བཏང་སྙམ་གཙུག་ལག་ཁང་དུ་བཞུགས་བཅུག་པ་ཕྱིར་ཕ་འོང་གི་སྟེང་། གཙུག་ལག་ཁང་གཉིས་ཀར་སྣང་བ། སྡེ་བརྒྱད་ལ་ཆོས་སྟོན་པ་སྟེ་ངོ་མཚར་ཅན་གྱི་གཏམ་བཅོ་བརྒྱད་དུ་གྲགས། བོད་དུ་བྱོན་མཐར་ཤི་སྐྱིད་ཀྱི་ཇག་པ་དང་ཐུག་པ་ན་སྐུ་ལ་མཚོན་ཅི་བཏབ་ཀྱང་ནམ་མཁའ་ལ་བརྒྱབ་པ་བཞིན་སོང་ནས། མི་ཏྲ་ཛོ་ཀི་སྒྱུ་མའི་སྐུ་སོགས་གསུངས་ཏེ་སྐུ་མི་སྣང་བར་མཁའ་སྤྱོད་དུ་གཤེགས་སྐད་དོ། །ཕྱི་རབས་བོད་ལ་ཆོས་ཀྱི་དྲིན་ཆེ་བ་དཔལ་ནགས་ཀྱི་རིན་ཆེན་ཏེ། དེའི་ལོ་རྒྱུས་ནི། རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་དམ་པ་ཞེས་བྱ་བའི་རྒྱལ་པོའི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་བཞེས་པ་ལ་དགེ་འདུན་འབུམ་ཕྲག་འདུས་པའི་མཁན་པོ་སངས་རྒྱས་དབྱངས་ཀྱིས་མཁན་པོ། དགེ་འདུན་ཁྲི་ཕྲག་གི་གནས་བརྟན་ཆེན་པོ་སུ་ཛ་ཏ་རཏྣས་སློབ་དཔོན་མཛད་དེ་དགེ་ཚུལ་བསྒྲུབས། མཁན་སློབ་དེ་གཉིས་དང་གཞན་ལས་ཀྱང་ཐོས་པ་མང་པོ་མཛད། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་དབང་བསྐུར་བ་གསན། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། པཎྜྻི་ཏ་ཆེན་པོར་གྱུར་ཏེ་བྱ་བྲལ་ལ་གཤེགས་ནས་སིངྒ་གླིང་དུ་བྱོན། ལོ་དྲུག་ཏུ་བཞུགས། དེར་སློབ་དཔོན་ཆོས་ཀྱི་གྲགས་པ་ཞེས་པ་ལས་འདུལ་བ་གསན། དེ་ནས་འཛམ་བུའི་གླིང་དུ་བྱོན་པའི་ལམ་དུ་གངས་ཅན་མཚོའི་སྐུ་གཟིགས། ལྷོ་ཕྱོགས་ཀ་ལིངྐའི་རྒྱལ་ཁམས་སུ་ཕེབས། པཎྜྻི་ཏ་མིའི་ཉི་མ་ཞེས་བྱ་བ་འཛམ་བུ་གླིང་ན་མཁས་པ་གཅིག་གཟིགས། དེས་བཀུར་སྟི་ཆེ་བར་བྱས། དཔལ་འབྲས་སྤུངས་མཇལ། ཀླུ་བྱང་གི་དགོན་གནས་སུ་ཐོགས་ཤིག་བཞུགས། དེར་ཤ་ར་བ་དབང་ཕྱུག་དང་མཇལ། ཁྱོད་འདོད་པའི་དངོས་གྲུབ་བྱང་ཕྱོགས་སུ་འབྱུང་བས་དེར་སོང་ཞིག་གསུངས་ལུང་བསྟན། དེ་ནས་མ་ག་དྷ་ར་པཎྜྻི་ཏ་ཧ་རི་ཧ་ར་ལ་སྒྲ་ཀ་ལཱ་པ་ད་ལྟའི་འདི་བས་བདུན་འགྱུར་གྱིས་ཆེ་བ་ཞིག་གསན། ཀ་ན་ཀ་ཤྲོ་རམ་ཞེས་པའི་ཆུ་འགྲམ་དུ་ལོ་གསུམ་ཕྱོགས་གསུམ་མཛད། ཨུ་རུ་པ་ས་ཞེས་བྱ་བའི་ལྷ་ཁང་དུ་བི་རཱུ་པཀྵ་དང་དེའི་སློབ་མ་གྲུབ་ཐོབ་བཱ་གྷ་ལ་དང་མཇལ། སྤྱན་རས་གཟིགས་ཀྱི་རྡོ་སྐུ་ཡོད་པ་༼༡༥༦༽དེས་བོད་ཡུལ་དུ་སོང་ཞིག རྒྱལ་པོ་ཆེན་པོ་ཞིག་ལ་བརྟེན་ནས་མང་པོ་ལ་ཕན་པར་འགྱུར་རོ་ཞེས་ལུང་བསྟན། བལ་པོར་ཕེབས། དེར་པཎྜྻི་ཏ་ཤཱི་ལ་སཱ་ག་ར་ལས་སྤྱོད་འཇུག་ལུགས་ཀྱི་སེམས་བསྐྱེད་གསན་བོད་དུ་ཕེབས། ལྷ་ས་དང་ཡར་ཀླུངས་ཞབས་ཀྱིས་བཅགས་ཀྱང་ཕན་ཐོགས་མ་བྱུང་། སླར་བལ་པོར་ལོག དེ་ནས་འཕགས་པ་ཤིང་ཀུན་གྱི་ཤཱནྟ་པུ་རིའི་གཙུག་ལག་ཁང་དུ་བཞུགས་པའི་ཚེ། དང་པོར་བླ་མ་སངས་རྒྱས་དབྱངས་བྱོན། དེ་ནས་དཔལ་ཤ་བ་རི་དབང་ཕྱུག་བྱོན་ནས། དེར་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ནས་བདེ་མཆོག་གི་དབང་བསྐུར། མི་འགྱུར་བའི་བདེ་བ་བརྙེས། སླར་སི་ཏུ་རབ་བརྟན་པས་སྤྱན་དྲངས་ཏེ་བོད་དུ་བྱོན། རོང་སྟོན་གྱིས་གཏུགས། དཔོན་སློབ་ལྷན་དུ་སྲིན་པོ་རིར་ཕེབས་པ་ན། བོད་རྒྱལ་པོ་གྲགས་པ་འབྱུང་གནས་ཀྱིས་སྤྱན་དྲངས་རྩེད་ཐང་དུ་ཕེབས། པ་གྲོ་བསྐོར་དུ་བྱོན། སློབ་དཔོན་པདྨ་མཇལ། ཕྱིར་ཕེབས་ནས་རྒྱལ་བློན། ལྷག་པར་སྡེ་སྣོད་འཛིན་པ་སུམ་ཅུ་རྩ་གཉིས་ཙམ་གྱི་ཚོགས་ཆེན་པོ་ལ་དབང་གདམ་ངག་བསམ་གྱིས་མི་ཁྱབ་པ་དབྱེ། ཕྱིར་བལ་ཡུལ་དུ་ཐེགས། དེ་ནས་ཡང་བོད་དུ་ཕེབས་ཏེ་སྐལ་ལྡན་གྱི་སློབ་མ་དུ་མ་རྗེས་སུ་བཟུང་ངོ་། །དེའང་རྒྱ་གར་འཕགས་པའི་ཡུལ་དུ་པཎ་གྲུབ་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་མཛད་པ་ཆེན་པོ་བྱོན་པ་ནི་རྒྱ་མཚོ། འདིར་བཀོད་པ་ནི་བུམ་ཆུ་ཙམ་སྟེ། འདི་ན་བོད་ཉིད་དུ་དེ་དག་གི་རིང་ལུགས་ཡོད་པ་ཁོ་ནའོ། །དེའང་རྡོ་རྗེ་གདན་པ་ཆེན་པོས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གྲལ་དུ་གྲུབ་པའི་སློབ་དཔོན་ཇི་ཙམ་ཕེབས་པ་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཡིན་གྱིས། རྒྱ་གར་པའི་གྲུབ་ཆེན་ཐམས་ཅད་དེར་འདུས་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེའི་ཐེག་པ་ལ་འཆད་ཉན་མཛད་པའི་སློབ་དཔོན་དག་ལས་རྒྱ་བོད་གར་ཡང་སྔགས་བླ་ན་མེད་པའི་ཕྱོགས་ལ་ཏིལླི་ནཱ་རོ་སྐུ་དྲིན་ཆེ་བ་རང་རང་གི་ལུགས་གང་ལས་འོངས་བརྟགས་པས་ཤེས་པ་ཡིན་ནོ། །དེས་ན་འབྲོག་མི་རྒྱ་གར་དུ་འབྱོན་པའི་ཚེ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་མཁས་པ་སྒོ་དྲུག་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་པར་རཏྣ་ཨཱ་ཀ་ར་ཤཱནྟི་པ་བཞུགས་པ་ལ་སྒྲ་དང་ཚད་མ་ལ་གཙོ་བོར་དྲི། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་རྗེ་བཙུན་མ་སྒྲོལ་མ་ལ་ཆོས་དངོས་སུ་གསན་པ། སློབ་དཔོན་དེ་ལ་སྒྲ་ཚད་སྙན་དངགས་ལུང་ལ་སོགས་པ་འདྲི་བའོ། །ནུབ་ཕྱོགས་ན་ཤེས་རབ་འབྱུང་གནས་བློ་གྲོས་ལ་ཁྱད་པར་དུ་མུ་སྟེགས་༼༡༥༧༽ཀྱི་གྲུབ་མཐའ་ལ་འདྲི་བ་མང་། བྱང་ཕྱོགས་ན་ཇོ་བོ་ནཱ་རོ་ཏ་པ་ལ་ཐེག་པ་ཆེན་པོ་གསང་སྔགས་ལ་འདྲི་བ་དང་ལུང་ནོད་པ་མང་། དབུས་ཀྱི་ཀ་ཆེན་གཉིས་ནི་རིན་ཆེན་རྡོ་རྗེ་དང་། ཛྙྱཱ་ན་མི་ཏྲ་སྟེ། ཁ་ཆེ་ཛྙྱཱ་ན་མི་ཏྲ་ནི་མིན། དེ་གཉིས་ལ་ཀ་ཆེན་ཟེར་ཡང་གཞན་རྣམས་ལས་ཡོན་ཏན་ཆེ་རྒྱུ་མེད་གསུངས་པའི་གཏམ་འདི་ཚད་མར་གྱུར་ཏོ། །དེའང་པཎ་ཆེན་ནགས་རིན་གྱི་སྐབས་སུ་རྒྱ་གར་ཤར་ལྷོ་གཉིས་སུ་བསྟན་པ་དར་བ་ཡོད་སྐད་ཅིང་། དབུས་ན་རབ་ཏུ་བྱུང་བ་མེད། ད་ལྟའང་ལུང་ལག་རྣམས་ན་ཡོད་པ་འདྲ་སྟེ། ཁོ་བོ་གཞོན་ནུའི་དུས་ན་ལྷོ་ནུབ་པུཥྐ་རའི་ཡུལ་ནས་དགེ་སློང་ལྔ་སྡེ་ཞིག་འོངས་པའི་བཞི་ལོག གཅིག་བྱུང་བ་ཁོ་བོའི་མིག་ལམ་དུ་བབ་པ་འདུལ་བའི་རྣམ་དབྱེ་ལེགས་པར་ཤེས་པ་འདུག དེ་ན་ཡོད་པ་རྣམས་ཇོ་བོ་དང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པར་འདུག་གོ། །། ༈ གཉིས་པ་བོད་དུ་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་ལ། སྔ་དར་དང་ཕྱི་དར་བའི་ཚུལ་གཉིས་ཀྱི་དང་པོ་ནི། སློབ་དཔོན་ཤེས་རབ་གོ་ཆས་སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་ཡན་ལག་བཅུ་གཉིས་འཐབས་པའི་ཚེ། རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་དབུས་སུ་བྲོས་པ་ལས་མཆེད་པ་བོད་དོ་ཟེར་ཏེ། འཁྲུག་པ་དེ་ནི་རྩོད་པའི་དུས་ཐོག་མར་བྱུང་བའི་ཚེ་ཡིན་ལ། རྫོགས་ལྡན་གྱི་དུས་གསུངས་པའི་འཁོར་ལོ་སྡོམ་པའི་རྒྱུད་དུ། བོད་ཅེས་ཡུལ་ཉི་ཤུ་རྩ་བཞིའི་ཡ་བར་བགྲངས་པས་དེས་གནོད། དེས་ན་ད་ལྟ་བོད་ལུང་ཞེས་གྲགས་པ་འདིའི་མིང་ལས་སྤྱི་ལ་དེ་སྐད་དུ་གྲགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེས་གནས་ཅན། །ཞེས་བྱུང་ཞིང་། འཕགས་པ་ཀླུ་སྒྲུབ་ཀྱིས་རལ་གཅིག་མའི་སྒྲུབ་ཐབས་སྤྱན་དྲངས་པའང་འདི་ལས་ཡིན་པ་དང་། འཇམ་དཔལ་རྩ་རྒྱུད་ཀྱི་སྲོང་བཙན་སྒམ་པོ་ལུང་བསྟན་དུ། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །ཞེས་པའི་ལྷ་ལྡན་གྱི་གངས་ཅན་ཡང་ཡུལ་དེའི་མིང་གི་རྣམ་གྲངས་ཡིན་ལ། དེ་ལ་དེ་ཧི་མ་ལ་ཡ་ཞེས་འབྱུང་བས་སོ། །དོན་ད་ལྟ་ཙ་རི་ཏྲར་གྲགས་པ་འདི་ཡིན་ནོ། །བོད་སྤྱི་འདི་དང་པོ་མི་མ་ཡིན་རྣམས་ཀྱིས་བཟུང་བས་མིང་ཡང་མི་འདྲ་སྟེ། སྔོན་བདུད་ཀྱིས་བཟུང་བས་དེའི་ཚེ་བདུད་ཡུལ་ཁ་རག་མགོ་༼༡༥༨༽མགོ་དགུ་ཞེས་ཐོགས་སྐད་པ་སོགས། དེ་དག་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྲགས་ཏེ་རིམ་པར་འོངས་པ་དེ་དག་ཐམས་ཅད་ནི་མི་མ་ཡིན་འབའ་ཞིག་གོ །འཇམ་དཔལ་རྩ་རྒྱུད་དུ། ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་བཞིན། སྟོན་པ་འདས་ནས་ལོ་བརྒྱ་ན་ཁ་བ་ཅན་སྔོན་མཚོར་ཡོད་པ་བསྐམས་པའི་འགོ་ཟུག་ཅིང་སཱ་ལའི་ནགས་ཚལ་ཆགས་པར་གསུངས་པ་དང་། བོད་རྣམས་སྔོན་ཡུལ་འདི་ཐམས་ཅད་ལ་ཤུགས་པའི་ནགས་ཡོད་ཅེས་གླེང་བ་དང་མཐུན་ནོ། །དེ་ལྟར་ཡུལ་ཆགས་ནས་མི་རིང་བ་ན་འཕགས་པ་སྤྱན་རས་གཟིགས་དང་། ཇོ་མོ་སྒྲོལ་མའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་ལས་ཐོག་མར་སྤྲེལ་ཕྲུག དེ་དག་རིམ་གྱིས་མིར་སོང་བ་ཡིན་ལ། དེ་དག་གི་གྲོང་ཆགས་པའི་སྔ་མ་ནི་ཀོང་ཡུལ་སྤྲེ་སྣ། མི་ཡུལ་གྱི་ལྡིང་དུ་གྲགས་པ་དེ་ཡིན་ལ། དེར་ལི་ཙ་བྱིའི་རིགས་ཀྱི་བུ་ཞིག་འཁྱར་བ་ལྷ་རི་གྱང་ཐོར་བབས་པ་དེ་དག་གི་རྗེ་བོར་བསྟེན་པ་ནི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ནོ། །དེ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་ན་ལྷ་ཐོ་ཐོ་རི་གཉན་བཙན་བྱོན། ཡུམ་བུ་བླ་སྒང་བཏབ་པས་མཁར་ལ་སྔ་བ་ཡིན། དེར་ནམ་མཁའ་ནས་རིན་པོ་ཆེའི་སྒྲོམ་བུ་ཞིག་བབས་པ་ཁ་ཕྱེ་བར། ཟ་མ་ཏོག་བཀོད་པའི་མདོ། སྤང་ཀོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་གཅིག ཙིནྟ་མ་ཎིའི་གཟུངས་རྣམས་ཐོན། དེའི་རྨི་ལམ་ན་མི་རབས་ལྔ་ན་འདི་ཤེས་པ་འབྱུང་ཞེས་ལུང་བསྟན། འོན་ཀྱང་དེ་དུས་ཅི་ཡིན་ངོ་མ་ཤེས་ཀྱང་ཡ་མཚན་དུ་གཟུང་ནས། མིང་གཉན་པོ་གསང་བར་བཏགས་ཏེ་མཆོད་པས་རྒྱལ་པོ་ལོ་བརྒྱ་ཉི་ཤུ་ཐུབ། དེ་ནས་མི་རབས་བཞི་པ་གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་སྤོང་བཟའ་འམ། འབྲི་བཟའ་ཐོད་དཀར་དུ་གྲགས་པའི་སྲས་སུ་འཕགས་པ་སྤྱན་རས་གཟིགས་རྒྱལ་བུ་མགོ་བཅུ་གཅིག་ཡོད་པ་ཞིག་སྐྱེས་ཏེ། མཚན་ཁྲི་ལྡེ་སྲོང་བཙན་དུ་གྲགས་སོ། །དབུ་ལྷག་མ་དར་ལེ་བརྒན་གྱིས་དཀྲིས། ལོ་བཅུ་གསུམ་ན་རྒྱལ་སར་བྱོན། དེས་མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས། བློན་པོ་མགར་ཞེས་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེས། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་སྒྲོལ་མ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་དང་། རྒྱ་ནག་ནས་སྒྲོལ་མ་སྔོན་མོའི་སྤྲུལ་པ་ལྷ་ཅིག་ཀོང་ཇོ་བསུས། ཇོ་བོ་ཤཱཀྱ་རྣམ་གཉིས་སོགས་༼༡༥༩༽ཀྱི་སྐུ་རྟེན་བྱིན་རླབས་ཅན་མང་པོ་སྤྱན་དྲངས། སྐུ་རྒྱུ་སྤུངས་པ་ལ་རང་བྱོན་བཅུ་གཅིག་ཞལ་བྱོན། དེའི་ཚེ་བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་འཇམ་དབྱངས་ཀྱི་སྤྲུལ་པ་སམྦྷོ་ཊ་ཁ་ཆེར་ཡི་གེ་སློབ་ཏུ་བཏང་། དེས་སློབ་དཔོན་ལྷ་རིག་པའི་སེངྒ་ཞེས་བྱ་བ་ལས་སྒྲ་ལེགས་པར་བསླབས། བོད་དུ་ལོག་ནས་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། དབྱངས་གུག་ཀྱེད་བཞིར་བསྡུས། དབྱིབས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས། སྒྲའི་བསྟན་བཅོས་བརྒྱད་མཛད། རྒྱལ་པོས་ཀྱང་ཡི་གེ་དང་སྒྲ་ལེགས་པར་སློབ་པའི་ཚུལ་བསྟན། རྒྱལ་པོས་མི་དགེ་བ་བཅུ་བགགས་ཤིང་། དགེ་བ་བཅུ་སྤྱོད་པའི་ཁྲིམས་བཅས་པ་དམ་པས་རྒྱལ་པོའི་མཚན་སྲོང་བཙན་སྒམ་པོར་གྲགས་ཟེར། བཙུན་མོ་གཉིས་ཀྱིས་གཙུག་ལག་ཁང་འགྲན་ནས་རྩིག་པར་ཆས་པ་ལ། ཁྲི་བཙུན་གྱི་གཙུག་ལག་ཁང་ཐོག་མར་བྱེད་པའི་ས་འོ་ཐང་གི་མཚོ་ལ་ལུང་བསྟན་པས་རྩིག་མ་ཐུབ། རྒྱལ་པོ་ལ་ཞུས་པས། བོད་སྤྱི་སྲིན་མོ་གན་ཀྱལ་དུ་སྒྱེལ་བ་འདྲ་བའི་འདི་སྙིང་ཀ་ཡིན། དེར་ལྷ་ཁང་འདེབས་པ་ལ་སའི་དཔྱད་གཞན་རྣམས་མནན་དགོས་གསུངས་ནས། དཔུང་པ་གཡས་ལ་སྐ་ཚལ་གཡོན་ལ་ཁྲ་འབྲུག རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་གྲོམ་པ་རྒྱང་། རུ་བཞིའི་གཙུག་ལག་ཁང་ཟེར། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་མཁོ་མཐིང་། པུས་མོ་གཡས་ལ་སྐ་བྲག གཡོན་ལ་པྲ་དུམ་རྩེ་རེ། མཐའ་འདུལ་གྱི་གཙུག་ལག་ཁང་ཟེར། ལག་མཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་གློང་ཐང་སྒྲོན་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་བུམ་ཐང་། གཞན་ཡང་ས་ནོན་གྱི་ལྷ་ཁང་། མཆོད་རྟེན་བརྒྱ་རྩ་བརྒྱད་སྤྲུལ་པ་བཀྱེ་ནས་བཞེངས། གདོད་འོ་ཐང་གི་མཚོ་ལ་རྡོའི་ཁར་བརྩིགས་ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས། རས་ས་བསྐྱལ་དེ་བརྡལ་བ་ལ་ལྷ་ཁང་བརྩིགས་ཏེ། བཟོ་ཁྱད་ལས་འཕྲུལ་ལྟ་བུར་སྣང་བས་ར་ས་འཕྲུལ་སྣང་ཞེས་གྲགས། ཀོང་ཇོས་ར་མོ་ཆེ་བཞེངས། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར། བྲམ་ཟེ་ཤང་ཀ་ར། བལ་པོ་ཤྲཱི་ལ་མཉྫྱུ། རྒྱ་ནག་གི་སློབ་དཔོན་མཧཱ་དེ་ཝ་ཚོ་སྤྱན་དྲངས། ལོ་ཙཱ་བ་ཐོན་མི། དེའི་སློབ་བུ་དྷརྨཱ་ཀོ་ཤ་སོགས་ཀྱིས་བྱས། གསུང་རབ་ཀྱི་སྐད་བཅོས། མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་བསྒྱུར། རྒྱལ་པོས་གདམ་ངག་གནང་ནས་ཡེར་པར་སྒོམ་གྲྭ་བཙུགས་ཏེ་རབ་བྱུང་མེད། རྒྱལ་པོས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་༼༡༦༠༽བཟུང་སྟེ་བརྒྱད་ཅུ་རྩ་གཉིས་ལ་ཡབ་ཡུམ་གསུམ་རང་བྱོན་འཕགས་པའི་ཐུགས་ཀར་ཐིམ། དེ་དུས་ཀོང་ཇོའི་ཞལ་ཆེམས་ལ། ལྷ་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ་འཕྲུལ་སྣང་གི་བློ་བུར་དུ་སྦོས་ལ་ཞལ་ཞལ་གྱིས། ལོགས་དང་སྟེང་དུ་འཇམ་དབྱངས་ཀྱི་སྐུ་རེ་བྲིས་ཤིག་གསུངས། དེ་ལྟར་བྱས་པས་རྒྱ་ནག་གི་དམག་སླེབ་དུས་རིག་ཀྱང་འཇམ་དབྱངས་ཀྱི་སྐུ་བཤིག་མ་ཕོད། དེ་ནས་རྒྱལ་རབས་ལྔ་པ་ལ་ཁྲི་ལྡེ་བཙུག་བསྟན་གྱིས་ལྷ་སའི་བྲག་དཀར་ལ་སོགས་པའི་གཙུག་ལག་ཁང་བཞེངས། ལི་ཡུལ་ནས་དོན་པའི་དགེ་འདུན་དང་རྒྱ་ནག་ཧ་ཤང་སྤྱན་དྲངས་ཏེ་མཆོད། བྲན་ཀ་མུ་ལ་ཀོ་ཤ་སོགས་ཀྱིས་མདོ་སྡེ་ལས་བརྒྱ། གསེར་འོད་བསྒྱུར། ལྗང་ཚ་ལྷ་དབོན་ལ་རྒྱའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བསླངས་པས་བུ་ཤི མེས་རང་དང་འདུས་ནས་ལྷ་ཤཱཀྱ་མུ་ནི་བཙལ་ཏེ་མཆོད་པ་བྱས། དེ་གཉིས་ལ་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྐུ་གཅིག་འཁྲུངས་མཚན་ཁྲི་སྲོང་ལྡེ་བཙན་དུ་བཏགས། དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་པ་མི་བཞི་ཆོས་འཚོལ་དུ་བཏང་། དེ་དག་གིས་རྒྱའི་རྒྱལ་པོའི་དྲུང་དུ་ཕྱིན། དེ་ལ་ཞུས་ནས་སྒོམ་པའི་ལུང་འབོགས་པའི་ཧ་ཤང་དང་མཇལ་ནས་ལེགས་པར་མནོས། ཧ་ཤང་དེ་མངོན་ཤེས་མངའ་བས་སང་ཤི་ལ། སྟོན་པས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་དེ་ཁྱོད་ཡིན། བོད་ནི་རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་ཞེས་བྱ་བ་དེས་འདུལ་སྐལ་ཡིན། དེ་མ་ཡིན་པ་གང་གིས་ཀྱང་ཕན་མི་ཐོགས་ཟེར། དེ་རྣམས་ཀྱིས་རྒྱ་ནས་ཆོས་བམ་པོ་སྟོང་ཙམ་བླངས། ཧ་ཤང་ཞིག་ཀྱང་སྤྱན་དྲངས་ཏེ་འོངས་པ་བོད་དུ་སླེབ་པའི་ཚེ་རྒྱལ་པོ་འདས། རྒྱལ་བུ་ཆུང་། བློན་པོ་རྣམས་ཀྱི་ཆོས་ཁྲིམས་བཤིག་སྟེ། དམ་ཆོས་བྱེད་པ་བྱུང་ན་སྤྱུག་པར་བྱས། ལྷ་ཤཱཀྱ་མུ་ནི་རྒྱ་ཡུལ་དུ་སྐྱེལ་བར་བརྩམས་པ་ལ། མི་སུམ་བརྒྱས་མ་ཐེག་ནས་བྱེ་ཐེམས་སུ་སྦས། ལྷ་སར་བཤས་ར་བྱས་སོ། །དེའི་ཚེ་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་ཞེས་བྱ་བ་རྒྱབ་གས་ནས་ཤི ཅོག་གྲུ་སྐྱེས་བཟང་རྒྱལ། མགོ་བྱད་བསྐམས་ནས་ཤི་བས་ལྷ་བྱེ་འོག་ཏུ་བཅུག་པས་ལེན་ཟེར་ནས་བཏོན། དྲེའུ་གཉིས་ཀྱིས་བཏེག་ནས་མང་ཡུལ་སྐྱི་གྲོང་དུ་བསྐྱལ། མཁར་བྲག་དང་མགྲིན་བཟང་བཤིག་གོ །དེས་ཁོང་ཚོས་ཆོས་༼༡༦༡༽སྦས་ཧ་ཤང་སློག གསལ་སྣང་མང་ཡུལ་གྱི་བློན་པོར་བསྐོས་ཏེ་བརྫངས་སོ། །དེ་ནས་རྒྱལ་བུ་ལོ་བཅུ་གསུམ་ལོན་པ་ན་རྒྱལ་སར་བཏོན། ཡབ་མེས་ཀྱི་ལེའུ་ཚེ་གཏམ་དུ་མཛད་པ་ན་ཆོས་ཀྱི་གཏམ་བྱས་ཆོས་སྦས་པ་བླངས་ཏེ་གཟིགས་པས་དད་པར་འགྱུར། རྒྱ་མེ་མགོ་དང་། ཁ་ཆེ་ཨཱ་ནནྡས་བསྒྱུར། དེ་བློན་པོ་ཞང་གྲོམ་པ་སྐྱེས་ལ་སོགས་པས་བཀག་གོ །བློན་པོ་ཆོས་ལ་དཀར་བ་རྣམས་ཀྱིས་སང་ཤི་མང་ཡུལ་དུ་བརྫངས། གསལ་སྣང་གིས་མང་ཡུལ་དུ་མ་བསྡད་པར། རྒྱ་གར་དུ་ཕྱིན། མ་ཧཱ་བོ་དྷི་དང་བྱང་ཆུབ་ཤིང་། ནཱ་ལེནྡྲ་རྣམས་ལ་མཆོད་པ་ཆེན་པོ་བྱས་བལ་ཡུལ་དུ་ལོག མཁན་པོ་བོ་དྷི་ས་ཏྭ་དང་མཇལ་ཏེ་མང་ཡུལ་དུ་སྤྱན་དྲངས། གཙུག་ལག་ཁང་བཞེངས། མཁན་པོའི་གསུངས་ནས། བོད་ཀྱི་བཙན་པོ་དང་། ཁྱོད་དང་། ང་དང་གསུམ་འོད་སྲུང་གི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས་བོད་དུ་བསྟན་པ་སྤེལ་བར་སྨོན་ལམ་བཏབ་པ་ཡིན་ཏེ། བཙན་པོའང་མ་སྐྱེས། ཁྱོད་ཀྱང་ནར་མ་སོན་པས་ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་དགུག་ཅིང་བསྡད་པ་ཡིན་གསུངས་སླར་བལ་པོར་གཤེགས། སྦས་ཆོས་སྦས་ཏེ་ཕོ་བྲང་རླུང་འཚུབས་སུ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་བཀའ་མཆིད་བྱས། བོ་དྷི་ས་ཏྭའི་ལོ་རྒྱུས་བསྙད་པས་ཁྱོད་ཡིབ་ཅིག ངས་ཞང་ཉམ་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་གསུངས། ཞང་ཉམ་བཟང་དང་འགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་མོལ་བཏབ་པས། ཉམ་བཟང་ན་རེ། མ་ཞང་དབང་ཆེ་ལ་ཆོས་ལ་གནག་པས་མི་འགྲུབ་མཆི་ཟེར། འགོས་ན་རེ། ཐབས་བགྱི་བར་རྔོ་ཐོག་གི ཁོ་བོའི་རྟིང་གནོན་མཛོད་ཅིག་ཟེར་བས། རྒྱལ་བློན་ཆད་མཛད། འགོས་ཀྱིས་གཡོ་བྱས་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག སྦ་ཨཱ་ཙཱརྻ་བོ་དྷི་སཏྭ་སྤྱན་འདྲེན་དུ་བཏང་། ལང་གྲོ་ཎ་ར་སོགས་གསུམ་བསུ་རུ་བཏང་། ཁོང་ཚོ་དང་མང་ཡུལ་དུ་མཇལ། རིམ་པས་སྤྱན་དྲངས། ཁ་ཆེ་ཨཱ་ནནྡ་ལ་ཨཱ་ཙཱརྻ་ཅི་འདྲ་རྟོག་ཏུ་བཅུག་པས། བཟང་པོ་ཞིག་སྟེ་ཐུགས་ཁྲིག་མི་འཚལ་ཟེར་བས་ཕོ་བྲང་དུ་སྤྱན་དྲངས། ཁ་ཆེ་དེས་ལོ་ཙཱ་བྱས། ཕོ་བྲང་རླུང་འཚུབ་ཏུ་ཟླ་བ་བཞིར་དགེ་བཅུ། ཁམས་བཅོ་བརྒྱད་དང་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས་བོད་ཀྱི་ལྷ་སྲིན་ཁྲོས་༼༡༦༢༽ཏེ། འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་རྒྱབ། མི་ནད་ཕྱུགས་ནད་བྱུང་བས། བོད་འབངས་ཡོ་ལོག་ཆོས་བྱས་པས་ལེན་ཟེར་ནས་ཨཱ་ཙཱརྻ་བལ་པོར་ལོག དེ་ནས་ཅུང་ཟད་ལོན་པ་ན། སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་ཚོལ་བ་ལ་བརྫངས། སང་ཤི་སོགས་ཨཱ་ཙཱརྻ་སྤྱན་འདྲེན་དུ་བཏང་ངོ་། །དེའི་ཚེ་ཧ་ཤང་མངོན་ཤེས་ཅན་ཞིག་གིས། ད་ཟླ་བ་དྲུག་ཞག་དྲུག་ན་འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་འདི་འདྲ་ཞིག་འོང་ཞེས་འབག་བྱས། སླེབ་པ་དང་ཇི་ལྟ་བས་དེ་ལ་རྒྱ་རྗེས་བྱ་དགའ་བྱིན། ཧ་ཤང་ལ་སྒོམ་ལུང་བླངས། འཁོར་བ་ན་དེ་སྐྱེས་སུ་ཕུལ་བས། ཨཱ་ཙཱརྻ་ད་དུང་སྤྱན་མ་དྲོངས་ཁྱོད་སོང་ཞིག་གསུངས་བལ་པོར་ཕྱིན། མཁན་པོ་སྤྱན་དྲངས་པ་མ་བྱོན་པར། དེར་མཁན་པོའི་གསུངས་ནས། བོད་ཀྱི་ལྷ་སྲིན་ཐུ། ཆོས་བྱེད་མི་སྟེར། དེ་འདུལ་བ་ལ་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་འཛམ་བུ་གླིང་ན་ཆེ་བའི་རིག་སྔགས་མཁན་ཞིག་བཞུགས་དེ་སྤྱན་དྲངས་དགོས་གསུངས་པ་བཞིན། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ལྔ་བཏང་བ་སློབ་དཔོན་གྱིས་མཁྱེན་ནས་མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ། ལྷ་མཚོ་སྲིད་མཚོའི་རྩ་བར་བསྟན་མ་བཅུ་གཉིས་དམ་ལ་བཏགས་ནས་བྱང་ལམ་བརྒྱུད། བོད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཏེ་མལ་གྲོའི་ཕུ་ནས་བྱོན། བསམ་ཡས་སུ་སྤྱན་དྲངས། མཁན་པོ་སྤྱན་འདྲོངས། ཇོ་བོ་ཤཱཀྱ་མུ་ནི་སླར་ལྷ་སར་བཞུགས་སུ་བཅུག ས་ཆོག་མཛད། མཁན་པོས་བཀོད་པ་མཛད་དེ་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ། དབུ་རྩེ་རི་རབ། གླིང་བཅུ་གཉིས། ཉི་ཟླ། མཐའ་མ་ལྕགས་རི་ནག་པོས་བསྐོར་བ་བསྒྲུབས། བཙུན་མོ་ཆེ་བ་ཚེ་སྤོང་བཟའ་དཀར་རྒྱལ་མེ་ཏོག་སྒྲོལ་མས་ཟངས་ཁང་གླིང་། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་། འབྲོ་བཟའ་བྱང་ཆུབ་སྨན་གྱིས་དགེ་རྒྱས་ལི་མ་གླིང་བཞེངས། མེ་མོ་ཡོས་ལ་བཏིང་ནས་ས་མོ་ཡོས་ལ་ཚར། ཨཱ་ཙཱརྻ་རྣམ་པ་གཉིས་ཀྱིས་རབ་གནས་མཛད། ལོ་བཅུ་གསུམ་དུ་དགའ་སྟོན་བྱས། ལུག་གི་ལོ་ལ་ཡོད་སྨྲའི་དགེ་འདུན་བཅུ་གཉིས་སྤྱན་དྲངས། བོད་ལ་བཙུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ་མི་བདུན་རབ་ཏུ་བྱུང་སྟེ། དེ་དག་གི་མཁན་པོ་ནི་བོ་དྷི་ས་ཏྭའོ། །དེ་ལས་རྒན་གསུམ་ནི། སྦས་རཏྣ་རཀྵི་ཏ། རིན་༼༡༦༣༽ཆེན་སྲུང་བ་ཞེས་བྱ་བ། སྦས་ཛྙྱཱ་ནནྡྲ་རཀྵི་ཏ། ཡེ་ཤེས་དབང་པོ་སྲུང་བ་སྟེ། དམ་པའི་ཆོས་འཛིན་པའི་མཁན་པོ་ཆེན་པོ་བོད་ལ་སྐུ་དྲིན་ཆེ་བ་ཡིན་ཞིང་། མཁན་པོ་བོ་དྷི་སཏྭ་སྐུ་གཤེགས་ནས་འདིས་མཁན་པོའི་གདན་ས་མཛད། རཏྣེནྡྲ་རཀྵི་ཏ། རིན་ཆེན་དབང་པོ་སྲུང་བ་སྟེ་གསུམ་མོ། །བར་པ་ནི། གླང་སུ་ག་ཏ་ཝརྨ་རཀྵི་ཏ། བདེ་བར་གཤེགས་པའི་གོ་ཆ་སྲུང་བ་ཞེས་བྱའོ། །གཞོན་ནུ་གསུམ་ནི། པ་གོར་བཻ་རོ་ཙ་ན་རཀྵི་ཏ། རྣམ་པར་སྣང་མཛད་སྲུང་བ་ཞེས་བྱ་བ། ངེས་པའི་དོན་ཐེག་པའི་རྩེ་མོ་ལ་ཤིན་ཏུ་སྐུ་དྲིན་ཆེ་བ། འཁོན་ནཱ་གེནྡྲ་རཀྵི་ཏ། ཀླུའི་དབང་པོ་སྲུང་བ་ཞེས་བྱ་བ། གཙང་དེ་ཝེནྡྲ་རཀྵི་ཏ་ལྷའི་དབང་པོ་སྲུང་བ་དང་གསུམ་མོ། སད་མི་མི་བདུན་ལ། ཀ་བ་ཤྲཱི་ཀུ་ཊི་རཀྵི་ཏ་དཔལ་རྩེགས་སྲུང་བ་ལ་སོགས་པ་ལོ་ཙཱ་བ་ཆེ་བ་བརྒྱ་རྩ་བརྒྱད་ཀྱིས་བློ་སྦྱངས་ལ། དེ་དག་ལ་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་ལོ་ཙཱ་བ་སྟོང་རྩ་བརྒྱད་ཀྱིས་བློ་སྦྱོང་མཛད་དོ། །ཞེས་སྔོན་གྱི་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་ལས་བྱུང་ངོ་། །རྒྱལ་པོ་ཉིད་ཀྱི་རིང་ལ་ཁམས་ཡན་ཆད་དུ་ཆོས་ཀྱི་གྲྭ་ཆེན་པོ་བཅུ་གཉིས་བཙུགས། པཎྜྻི་ཏ་མང་པོ་སྤྱན་དྲངས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མང་པོ་བསྒྱུར། སྔགས་འཆང་དྷརྨ་ཀཱིརྟི་ཞེས་པ་བྱོན། རྡོ་རྗེ་དབྱིངས་སོགས་དང་། སངས་རྒྱས་གསང་བ་གངས་རི་ཏི་སེ་ན་བཞུགས་པ་ཐོས་ནས་སྤྱན་འདྲེན་པ་བྲན་ཀ་མུ་ཏི་ཀ་དང་། སྦས་མཉྫྱུ་ཤྲཱི་གཉིས་བརྫངས་པ་མ་བྱོན་པར་བོད་ཀྱི་དོན་དུ་དེ་ཉིད་འདུས་པ། རྣམ་སྣང་མངོན་བྱང་། བསམ་གཏན་ཕྱི་མ་གསུམ་ལ་འགྲེལ་པ་མཛད། དེ་གཉིས་ལ་མཁས་པར་བསླབས་ཏེ་ལོག གསང་སྔགས་བླ་མེད་རྣམས་བསྒྱུར་དུ་མ་གནང་སྟེ། ལྐོག་ཏུ་སློབ་དཔོན་པདྨས་རྗེ་འབངས་བརྒྱད་དམ་ཉེར་ལྔ་ལ་གདམས་སོ་ཞེས་གྲགས་རྗེ་འབངས་དགུའི་མངའ་བདག་ལ་ཆེ་མཆོག གནུབས་ནམ་མཁའ་སྙིང་པོ་ལ་ཡང་དག སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་འཇམ་དཔལ། རྒྱལ་བ་མཆོག་དབྱངས་ལ་པདྨ་དབང་ཆེན། མཚོ་རྒྱལ་ལ་ཕུར་པ། འབྲོག་མི་དཔལ་གྱི་ཡེ་ཤེས་ལ་མ་མོ། རླངས་དཔལ་གྱི་ཡེ་ཤེས་ལ་འཇིག་རྟེན་མཆོད་བསྟོད། བཻ་རོ་ཙ་ན་ལ་དམོད་པ་དྲག་སྔགས་ཀྱི་བཀའ་བབས། དེ་ལ་མངའ་བདག་གིས་ཚེ་ཟད་ནས་ལོ་ལྔ་སྲིང་བ། ནམ་མཁའི་སྙིང་པོ་ཉི་ཟེར་ལ་ཞོན་པ། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས་པ། རྒྱལ་བ་མཆོག་དབྱངས་རྟ་མགོ་བཏོན་ནས་༼༡༦༤༽རྟ་སྐད་ཐེངས་གསུམ་འདོན་པ། མཚོ་རྒྱལ་བསད་གསོ། འབྲོག་མིས་མཁའ་འགྲོ་མ་དངོས་སུ་འཁོར་བ། རླངས་ཀྱིས་སྡེ་བརྒྱད་བྲན་དུ་བཀོལ་བ། བཻ་རོས་ལྷ་སྲིན་དབང་དུ་བསྡུ་ཤེས་སོ། །གཞན་ལྡན་མ་རྩེ་མང་སོགས་མང་ངོ་། །རྫོགས་ཆེན་པ་བི་མ་ལ་དེ་དུས་བྱོན། དེས་རྗེ། གཉགས། ཉང་ཏིང་ངེ་འཛིན་གསུམ་ལ་བཤད། ཉང་གིས་སྦས་བློ་གྲོས་དབང་ཕྱུག་ལ་གདམས་ཟེར། སྒྱུ་འཕྲུལ་པ་རྣམས་དེ་རལ་པ་ཅན་གྱི་དུས་སུ་བྱོན་རྨ་དང་གཉགས་ལ་བཤད་ཟེར་རོ། །སྤྱིའི་ལོ་རྒྱུས་ལ་སློབ་དཔོན་པདྨས་ངམ་ཤོད་ཀྱི་བྱེ་མ་ནེའུ་གསིང་དུ་བསྒྱུར་བ་དང་། གཙང་པོ་སྦུབས་སུ་འཛུད་པར་གསུངས་པས་བསམ་ཡས་ཀྱི་མཚོ་ནི་ཐང་དུ་བསྒྱུར། ཕུའི་རི་ལ་ནགས་དངོས་སུ་བྱུང་ནས། བློན་པོས་ཕྲ་མ་བྱས་ཏེ་སློབ་དཔོན་བརྫངས་པ་མང་ཡུལ་ནས་ནམ་མཁའ་ལ་འཕུར་ནས་བྱོན་ཞེས་གྲག་ལ། རྙིང་མའི་ལོ་རྒྱུས་ལས་མུ་ནེ་བཙན་པོ་རྒྱལ་ས་འཛིན་གྱི་བར་དུ་བཞུགས་ཏེ། བོད་ཡུལ་འདི་ཐམས་ཅད་བྱིན་གྱིས་བརླབས་པ་ལ་གནས་རེ་རེ་ལོ་ཟླ་དུ་མ་བཞུགས་ཟེར། དེ་ནི་དུས་གཅིག་ལ་སྐུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཡིན་པས་དེ་དག་ལ་གོ་རིམ་མི་དགོས་ཀྱི། གཏན་ཚིགས་སུ་སྒྲུབ་དཀའ་འོ། །མཁན་པོ་མྱ་ངན་ལས་འདའ་ཁའི་ཞལ་ཆེམས་སུ། བོད་དུ་པདྨ་སམྦྷ་ཝས་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་པའི་ཕྱིར་མུ་སྟེགས་ནི་མི་འབྱུང་གི སངས་རྒྱས་ཀྱི་བསྟན་པ་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་པས། དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག དེས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ་ཞེས་གདམས་ཏེ། རྟས་ཕྲ་བརྒྱབ་པའི་རྐྱེན་གྱིས་ཞི་བར་གཤེགས། ཡེ་ཤེས་དབང་པོ་མཁན་པོར་བསྐོས་ཏེ། རིང་ཞིག་བསྟན་པ་བསྐྱངས། དེས་དཔལ་དབྱངས་ཚབ་ཏུ་བསྐོས་ཏེ་ལྷོ་བྲག་མཁར་ཆུར་བསྒོམ་དུ་བྱོན། དེའི་རིང་ལ་རྒྱའི་ཧ་ཤང་མ་ཧཱ་ཡ་ཎའི་སློབ་མ་དར་ཏེ། ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ་བ་དང་། ཡིད་ལ་མི་བྱེད་པས་སངས་རྒྱ་ཟེར་བའི་ལུགས་དར། དེ་ལ་སྟོན་མུན་དུ་གྲགས། དཔལ་དབྱངས་དང་། སྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་མཁན་པོའི་རྗེས་སུ་འབྲང་། དེ་ལ་རྩེན་མིན་རྒྱའི་སྐད་ཡིན། བོད་སྐད་དུ་ཅིག་ཅར་བ་དང་རིམ་སྐྱེས་ལ་ཟེར། དེ་དག་མ་མཐུན་པར་རྩོད་པ་ན། རྒྱལ་པོས་ཨཱ་ཙཱརྻ་བོ་དྷི་སཏྭའི་ལུགས་བཞིན་དུ་གྱིས་ཤིག་གསུངས་པས། སྟོན་མུན་པ་རྣམས་ཁྲོས་༼༡༦༥༽ཏེ། རྩེན་མིན་པ་རིལ་གསོད་ཟེར། རྒྱལ་པོ་ཐུགས་མ་བདེ། ཡེ་ཤེས་དབང་པོ་འབོད་དུ་བཏང་བས་ལན་གཉིས་སུ་མ་ཁུགས། གསུམ་པ་ལ་མ་ཁུགས་ན་སོད་ཅིག་བསྒོ་བས་ཁུགས། རྒྱལ་པོ་ལ་མཁན་པོའི་ཞལ་ཆེམས་གསོས་བཏབ་ནས་རྒྱ་གར་ནས་ཀ་མ་ལ་ཤཱི་ལ་སྤྱན་དྲངས། བཙན་པོ་དགུང་ལ་བཞུགས། ཧ་ཤང་གཡས་གྲལ། སློབ་དཔོན་གཡོན་གྲལ་དུ་བཀོད་དེ། བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་གི་འཕྲེང་བ་གཏད་དེ། ཁྱེད་གཉིས་གང་རྒྱལ་བ་ལ་ཕམ་པས་མེ་ཏོག་གི་འཕྲེང་བ་ཕུལ་ཅིག ཕམ་པ་དེ་འདིར་མ་སྡོད་ཅེས་བཀའ་སྩལ། རྩོད་པས་སློབ་དཔོན་རྒྱལ། ཧ་ཤང་གིས་མེ་ཏོག་གི་འཕྲེང་བ་ཕུལ་ཏེ། རྒྱལ་པོས་དེང་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་གཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སློབས། སྟོན་མུན་གྱི་ལུགས་བྱེད་དུ་མི་དབང་ངོ་ཞེས་བཅད་དེ། ཧ་ཤང་རྒྱ་ཡུལ་དུ་བརྫངས། དེའི་དཔེ་རྣམས་གཏེར་དུ་སྦས། ཀ་མ་ལ་ཤཱི་ལས་འགྲེལ་པ་དུ་མ་བརྩམས། མི་རིང་བར་ཧ་ཤང་གིས་མངགས་པའི་རྒྱའི་གཤན་པ་མི་བཞིས་དཀུ་མཉེས་ཏེ་གྲོངས་སོ། །བཙན་པོའང་དགུང་ལོ་དྲུག་ཅུ་རྩ་དགུ་ལ་གཤེགས་སོ། །དེའི་སྲས་མུ་ནེ་བཙན་པོས་རྒྱལ་ས་གཟུང་། བསམ་ཡས་སུ་མཆོད་པ་བཞི་བཙུགས་ཏེ། བོད་ཀྱི་ལྟོགས་ཕྱུག་ལན་གསུམ་བསྙམས། ཆབ་སྲིད་ལོ་གཅིག་དང་ཟླ་བ་བདུན་མཛད། ཡུམ་གྱིས་དུག་བཏང་སྟེ་གྲོངས། དེ་ནས་སད་ན་ལེགས་མཇིང་ཡོན་ནམ། ཁྲི་ལྡེ་བཙན་ལོ་བཞི་པ་ལ་རྒྱལ་ས་གཏད། དེས་དཀར་ཆུང་རྒྱལ་སྡེའི་ལྷ་ཁང་བཞེངས། ཆོས་ཀྱི་སྲོལ་ཆེར་བཟུང་། རྒྱལ་སྲིད་ལོ་བཅུ་བདུན་བསྐྱངས། དེ་ནས་ཁྲི་རལ་པ་ཅན་ཞེས་བྱ་བ་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསལ་བར་ལུང་བསྟན་པ། མཚན་ནི་ཁྲི་ལྡེ་སྲོང་བཙན། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་དེས་རྒྱལ་ས་བཟུང་། འདི་སད་ན་ལེགས་ཀྱི་སྲས་སུ་འཆད་མཁན་མང་ཞིང་། གླང་དར་མའང་འདིའི་མཆེད་དོ། །སྒྲ་སྦྱོར་བམ་གཉིས་པ་ལས། འདི་ཁྲི་སྲོང་ལྡེ་བཙན་རང་གི་སྲས་སུ་འཆད་དེ། འདི་སྐད་དུ་རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གི་འོན་ལྗང་ངོ་ན་བཞུགས། སྟོད་སྨད་ཀྱི་དམག་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤགས་དང་། བློན་མང་རྗེ་ལྷ་ལོད་ལ་སོགས་པས་བྱ་ལས་གནངས་མང་པོ་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱས། དགའ་སྩལ་༼༡༦༦༽བའི་ལན་ལ། ཉི་འོག་གི་མཁན་པོ་ཨཱ་ཙཱརྻ་ཛི་ན་མི་ཏྲ་དང་། སུ་རནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙྱཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫྱུ་ཤྲཱི་ཝརྨ། རཏྣེནྡྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་གཞུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་འགྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུའང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙཱརྻ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་ཤེར་སང་ཤི་དང་། ལོ་ཙཱ་བ་སྙིང་དེ་ཝ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅི་མཆིས་པའི་ནང་ནས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་སྐད་བྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་གཱརྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ་འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བའི་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པའི་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པའང་ཚོགས་ཏེ། རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་དྷརྨ་བསྒྱུར་བའི་ཐབས་དང་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་མིང་གདགས་པའི་རྣམ་གཞག་གཏན་ལ་ཕབ་སྟེ་བཀས་བཅད་པ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་བ་ལ། བོད་སྐད་ལས་ཡང་གར་བདེ་བར་གྱིས་ཤིག དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་གོ་རིམ་ལས་མི་སྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འགྲེལ་ཞིང་༼༡༦༧༽བདེ་ན་མ་བསྣོར་བར་སྒྱུར་ཅིག བསྣོར་ན་བདེ་ཞིང་གོ་བའི་སྐྱེད་ཅིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་གར་བདེ་བར་བསྣོར་ཅིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གར་བསྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཅིང་སྒྱུར་ཅིག སྐད་ཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་བསྙེགས་པ་བཞིན་དུ་མིང་ཐོགས་ཤིག གཽ་ཏ་མ་ལྟ་བུ། གཽའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམས་དུ་མར་བསྙེགས་པ་དང་། ཀཽ་ཤི་ཀ་ལྟ་བུ། རྩ་ཀུ་ཤ་ཐོགས་པ་ལྟ་བུ། མཁས་པ་དང་པདྨ་ལ་དགའ་བ་དང་། འུག་པ་དང་མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་རྣམ་གྲངས་མང་པོ་ཞིག་ཏུ་སྙེག་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་རྣམ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པར་རྣམས་ནི་མི་བསྒྱུར་ཡང་རྒྱ་གར་གྱིས་སྐད་སོ་ན་ཞོག་ཅིག གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན་ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་བ་མི་གོ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མིན་གཏོལ་མེད་པ་རྣམས་ནི་འགོ་ལ་ཡུལ་ཞེས་སམ། མེ་ཏོག་ཅེས་བྱ་བ་ལ་སོགས་གང་བྱ་བ་མིང་ཞིག་བླ་ཐབས་སུ་སྣོན་ལ་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་བསྒྱུར་ན་དོན་དང་མི་འགལ་ལ། བོད་ཀྱི་སྐད་ལའང་བདེ་བས་གྲངས་སྡོམ་དུ་རུང་བའི་རྣམས་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག པ་རི་དང་། སམ་དང་། ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་མཐུན་ཞིང་འབྱོར་པའི་ཐབས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག དོན་ལྷག་པར་སྙེགས་ས་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱི་དོན་བཞིན་དུ་ཐོགས་ཤིག རྣམ་གྲངས་སུ་༼༡༦༨༽བཏགས་པའི་ཚིག་རྣམས་ནི་མ་འདོམ་ན་མིང་གང་བོད་སྐད་དུ་སྤྱིར་གདགས་ཤིང་ཚིག་ཏུ་གང་བདེ་བར་གདགས་སོ། །འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་ལ་ཞེ་ས་དང་ཀོ་ལོང་གི་ཚིག་གི་རིམ་པ་ནི། སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱ་སྟེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་འང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་སྣང་གི བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ན། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་ཚལ་བའི་གྲྭར་ཕུལ་ལ་སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གི་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུའང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོའི་ངག་གི་བཤད་པ་མ་ཁྲོལ་ནས། སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་འབྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་འཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་འབྱུང་ཞེས་བདས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་། བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་སྣང་ངོ་། །ཞེས་གསུངས་པ་ལས་གསལ་བར་མཐོང་ཞིང་། ལུང་རྒྱས་པར་བྲིས་པ་ནི་ཆོས་བསྒྱུར་བ་དག་ལ་གུས་པ་བསྐྱེད་པར་འདོད་པས་སོ། །དེ་ཡན་ན་བོད་འདི་ན་གྲོང་ཞིང་ཐོར་བུ་ལས་མ་ཆགས་ལ། ཕལ་ཆེར་འབྲོག་བརྡལ་རྟ་དང་རྔ་མོང་ནོར་གྱིས་གཙོ་བོར་བྱེད་པ་ད་ལྟའི་སོག་པོ་ལྟ་བུ་སྟེ། དེའི་དབང་གིས་བོད་ཀྱི་དམག་གིས་རྒྱ་ནག་ལན་དུ་མར་བཅོམ། རྒྱལ་པོ་འདིའི་ཐོག་ནས་དབོན་ཞང་འདུམས་བྱས། ལྷ་ས་དང་། རྒྱ་བོད་ཀྱི་མཚམས་༼༡༦༩༽དང་། ཕོ་བྲང་བལྟ་ན་སྡུག་གསུམ་དུ་རྡོ་རིང་བསླངས། དེ་ལ་ཆད་རྡོའི་ཡི་གེ་བཏབ་བོ། །རྒྱལ་པོ་དེས་འོན་ལྗང་རྡོའི་གཙུག་ལག་ཁང་བཏབ། རབ་ཏུ་བྱུང་བ་རེ་ལ་འབངས་མི་ཁྱིམ་བདུན་བདུན་སྦྱར་ཞིང་། རང་གི་རལ་པར་རས་ཡུག་བཏགས་ཏེ། དེ་ལ་དགེ་འདུན་བཞུགས་སུ་བཅུག་པས། དེ་དག་ལ་དབུས་སྡེ་གཉིས་སུ་གྲགས་པ་སོགས་བསྟན་པ་རིན་པོ་ཆེ་ལ་བཀུར་སྟི་ཁམ་ཆེ་བ་མཛད་པས། སྡིག་བློན་རྣམས་མི་དགའ་ཆོས་ཁྲིམས་བཤིག་པའི་གྲོས་བྱས། ལྷ་སྲས་གཙང་མ་སྤྱུགས། བཙུན་མོ་ངང་ཚུལ་མ་དང་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་གྱིས་ནལ་བཤམས་སོ་ཟེར་ཕྲ་མ་བཅུག་སྟེ་བནྡེ་ཆེན་པོ་བཀུམ། བཙུན་མོ་ལྕེབས། བཙན་པོ་དགུང་ལོ་སོ་དྲུག་པ་ལ་དབས་རྒྱལ་གཏོ་རེ་དང་ཅོ་རོ་ལེགས་སྒྲ་གཉིས་ཀྱིས་ཞལ་ལྟག་པར་བསྟན་ཏེ་བཀྲོངས། གླང་དར་མ་འུ་དུམ་བཙན་ལ་རྒྱལ་སྲིད་གཏད། དབས་རྒྱལ་གཏོ་རེ་ནང་བློན་དུ་བསྐོས། སྣ་ནམ་རྒྱལ་ཚ་ཁྲི་གསུམ་ལ་སོགས་ཀྱིས་ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ལོ་པཎ་གྱིས་ཆོས་བསྒྱུར་བའི་གྲྭ་བཤིག་བསྒྱུར་འཕྲོ་བཅད། པཎྜྻི་ཏ་རང་ཡུལ་དུ་བརྫངས། ལོ་བཞི་ཆབ་སྲིད་བསྐྱངས། དེའི་བར་ལ་རབ་ཏུ་བྱུང་བ་ཀུན་ཕབ། བཙུན་པའི་རྟགས་བོར་དུ་མ་འདོད་པ་ཀུན་མདའ་གཞུ་བསྐུར་ནས་རྔོན་པ་བྱེད་བཅུག མི་ཉན་པ་རྣམས་བསད། ཤཱཀྱ་མུ་ནི་སྦས་སྒོ་བརྩིགས་ཏེ་བཞག པོ་སྟི་ཕལ་ཆེར་ལྷ་སའི་བྲག་ལ་སྦས། དེ་ནས་སྐབས་ཤིག་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་དཔལ་ལྷ་མོས་བསྐུལ་ཏེ། དེས་བཙན་པོ་ལྷ་སར་བསད་ནས་བྲོས་པས་ཐར། དེས་མངོན་པ་ཀུན་ལས་བཏུས། འདུལ་བ་འོད་ལྡན། ཀརྨ་ཤ་ཏམ་གསུམ་ཁྱེར་ནས་ཁམས་སུ་ཕྱིན། མྱང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་ལ་སོགས་པ་གྲིར་བཀུམ། ལོ་ཙཱ་བ་ལ་ལ་བྲོས། བསྟན་པ་མེད་པར་བྱས་སོ།། །། ༈ གཉིས་པ་བསྟན་པ་ཕྱིས་དར་བའི་ཚུལ་ལ་བསྟན་པའི་མེ་རོ་སྨད་ནས་ལངས་ཚུལ། སྟོད་ནས་གསོས་ཚུལ། དབུས་གཙང་དུ་འབར་ཚུལ་གསུམ་ལས། དང་པོ་ནི། དར་མས་བསྟན་པ་བསྣུབས་པའི་དུས། གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱཀྱ་མུ་ནི་དང་གསུམ་ཆུ་བོ་རིར་བསྒོམ་ཞིང་ཡོད་པ་ན། བཙུན་པ་ཁྱི་ར་བྱེད་པ་མཐོང་། གཏམ་དྲིས་པས་རྒྱལ་པོས་བསྟན་པ་བསྣུབས་ཚུལ་ཐོས་པས་༼༡༧༠༽དངངས་ཏེ་འདུལ་བ་དྲེའུ་ལ་བཀལ་ནས་མངའ་རིས་སྟོད་དུ་བྲོས། གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་ལ་ཕྱིན། སྐད་རིགས་མི་གཅིག་པའི་ཡུལ་དུ་བསྟན་པ་དར་བར་བྱ་སྙམ་ཡང་མ་ནུས་ནས་མདོ་སྨད་དུ་བྱོན། དེར་སྒོམ་ཞིང་བཞུགས་པས་ཙོང་ཁར་སྐྱེས་པ། བོན་བཞོན་ནུ་མུ་ཟུ་གསལ་འབར་ཞེས་བྱ་བ་ཞིག་ཁོང་རྣམས་ལ་དད་པས་གཏུགས་ཤིང་། ཁྱད་པར་དམ་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ནས་བསྟན་པ་ལ་རབ་ཏུ་འབྱུང་བར་ཞུས་པས་གནང་སྟེ། དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས། དགེ་ཚུལ་བསྒྲུབས། མཁན་སློབ་ཀྱི་མཚན་ལས་དྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེས་ཀྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན། བསྙེན་པ་རྫོགས་པ་རན་པ་དང་དགེ་སློང་ལྔ་དགོས་པ་མ་ཚང་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ་གློང་ཐང་དུ་འདུག་བགྲོས་ཐོས་ནས་སྤྱན་སྔར་ཕྱིན་ཏེ་ཞུས་པས། ངས་རྒྱལ་པོ་བསད་པས་ལས་ཀྱི་ཁ་སྐོང་མི་འོས། ངས་བཙལ་རོགས་བགྱི་གསུངས་ནས། རྒྱ་ནག་ཧ་ཤང་ཀོ་བང་དང་། གྱི་བན་བྱ་བ་གཉིས་རྙེད་དེ། སྔར་གྱི་མཁན་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔ་ཚོགས་ཀྱི་དབུས་སུ་བསྙེན་པར་རྫོགས། དེའི་རིང་ལ་མཁན་སློབ་དང་གོང་སེངྒེ་གྲགས་ལ་འདུལ་བ་ལེགས་པར་བསླབས། དེ་ནས་ལོ་ལྔ་ལོན་པ་ན་དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རཀྵི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་དང་ལྔ། གཙང་ནས་འགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེངྒེ། མངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་དཀར་བ་དང་ལྔ་སྟེ་མི་བཅུ་འོངས་ནས་གཙང་ལ་བཀའ་དྲིན་ཞུས་པས། ང་རྒས་ནས་མཁན་པོ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་གསུང་། དེར་ཞུས་པས་ང་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་གཞན་གྱི་མཁན་པོ་མི་བཏུབ་གསུངས་པ་ལ། གཙང་ན་རེ། དམིགས་བསལ་ལ་བཏུབ་པས་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས། གཙང་དང་གཡོ་ལས་༼༡༧༡༽སློབ་དང་གསང་སྟོན། དམར་དང་ཧ་ཤང་གིས་ཁ་སྐོང་བྱས་ཏེ་ཐམས་ཅད་ཚིག་རྫོགས་བྱས་སོ། །དེ་ནས་བླ་ཆེན་གྱིས་ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བཀོད་མཁས་པས་གནས་གཞི་གཟུང་གསུངས། དེ་ནས་སྦ་སྦར་གཉིས། ཇ་ཅོག་གཉིས། བཞད་སྲགས་གཉིས། འལ་གནུབས་གཉིས། ཟོང་འཚུར་གཉིས་རྣམས་བསྙེན་པར་རྫོགས། ཞང་འོད་མཆོག་གྲགས་ལ་ཤེར་ཕྱིན་བྱང་ས་སོགས་མདོ་སྡེ་དང་མངོན་པ་གསན་མཁས་པར་མཛད། དེའི་དུས་སུ་རཀྵིའི་གཅུང་དང་། སྦའི་གཅུང་གཉིས་ཕོ་བོ་བསུ་རུ་འོངས་པ་དང་ཀློང་ཐང་དུ་མཇལ་བས་དད་དེ། ལོས་མཁན་པོ་བྱས། ཕུ་བོ་གཉིས་ཀྱིས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་། དེ་ནས་བྱིན་པོ་ཡར་ལོག ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་གསན་ཞིང་ལོ་གཅིག་བསྡད། དེ་ནས་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཅིག་ཞུ་བྱས་པས། བན་པོའི་འོབས་ཞུ་ཕོག་ནས་དེ་ཚུན་དུ་བཞེས་པའི་ཞྭ་ས་སེར་བཏབ་པ་ཞིག་གསོལ་འཕྲོ་གནང་། འདི་གྱོན་ལ་ང་དྲན་པར་གྱིས་གསུང་། ཞྭ་སེར་པོར་བྱེད་པ་དེ་ནས་དར་བ་ཡིན། དབུས་པ་ལྔ་བསམ་ཡས་སུ་གདན་འཛོམ། ཀླུ་མེས་ཀྱིས་ཀ་ཆུ། སྦ་མཆེད་ཀྱིས་བུ་ཚུལ་དང་དབུ་རྩེ། རཀྵི་མཆེད་ཀྱིས་དགེ་རྒྱས། འབྲིང་གི་ཟངས་ཁང་བཟུང་། དབུས་སུ་དགེ་འདུན་གྱི་སྡེ་མང་བར་བཙུགས། ལོ་ཚོང་གཉིས་ཀྱིས་གཙང་དུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ལ། ཀླུ་མེས་ཀྱི་སློབ་མ་གླན་ཡེ་ཤེས་འབར། རྔོག་བྱང་ཆུབ་འབྱུང་གནས། སྣ་ནམ་རྡོ་རྗེ་དབང་ཕྱུག གྲུ་མེར་ཡེ་ཤེས་འབྱུང་གནས་བཞི་ལ་ཀ་བཞི། ཀླུ་སུམ་གཉིས་ལ་གདུང་གཉིས། ཁུ་དང་རིང་གཉིས་ལ་སྒོ་གླེགས་གཉིས་ཟེར། ཕྱམས་ཞེས་བཤད་པ་རྣམས་ནི་ཀླུ་སུམ་གྱི་མཁན་བུ། གྲལ་བུ་ནི་དེ་དག་གིའང་མཁན་བུ་རྣམས་ལ་བཞག་པར་འདུག་སྟེ། ཀླུ་མེས་རང་ལའང་ཐུག དངོས་སློབ་གཞན་དགེ་བཤེས་ཡམ་ཤུད་སོགས་མང་ངོ་། །སྨད་འདུལ་བའི་བཤད་རྒྱུན་ལ་ཀླུ་མེས་གཙོ་ཆེ་སྟེ། དེའང་གྲུ་མེར་གྱི་མཁན་བུ་རླུང་སྐྱོགས་གཟུས། གཟུས་ཀྱིས་ཀླུ་མེས་རང་ལའང་གཏུགས། དེ་ལ་བུ་བཞི་སྟེ། འཇིམས་དང་། སྣེ་ཕོ། གླན་དང་། སྤོ་ཆུང་ངེ་། དེའི་འཇིམས་༼༡༧༢༽པ་མ་གཏོགས་གསུམ་ལ་རྒྱ་འདུལ་བ་འཛིན་པས་གཏུགས། འཇིམས་པའི་སློབ་མ་ཀོ་ཁྱིམ་པ་ཡེ་ཤེས་བླ་མ། སྣེ་ཕོའི་སློབ་མ་སོག་ཚུལ་ཁྲིམས་བླ་མ། སྤོ་ཆུང་པའི་སློབ་མ་མྱང་མཚམས་རིན་ཆེན་བླ་མ་རྣམས་དང་། ཕྱི་མའི་སློབ་མ་སྐམ་གསལ་བའི་སྙིང་པོ་ཀུན་ལ་རྒྱ་འདུལ་གྱིས་གསན། འདི་མྱང་སྟོད་མང་ར་བ་སྐུ་འབྲས་ངན་པས་གནས་གཞི་བྱ་རོག་ཚང་དུ་མ་ཆུག་པར་དགའ་བ་གདོང་དུ་བྱོན། མདོ་རྩ་ལ་ཀློག་དར་བྱས་པས་ཞར་ལ་གཞུང་ཟིན་ནས་སོ་ག་ཅན་དུ་འདུལ་བ་སློབ་ཏུ་བྱོན་ནས། གཞན་ཡང་འདུལ་བ་མཁས་ཟེར་ཚད་ལ་གཏུགས། དགུང་ལོ་སོ་བཞིའི་བར་དུ་འདུལ་བ་ལ་སྦྱངས་པ་མཛད། དེ་ནས་དགེ་བཤེས་ཀྱི་ཆ་བཟུང་སྟེ་བཞུགས་ས་མ་མོ་དགའ་བ་གདོང་དུ་མཛད། དགོན་པ་ཆུ་མིག་ལུང་ཡང་བཟུང་ནས་ཆོས་གཞི་མང་དུ་བཙུགས། འདུལ་བའི་བཤད་པ་རྒྱ་ཆེར་མཛད། བརྒྱད་ཅུ་བཞེས་ནས་འདུལ་བའི་ཐུན་རེ་ཙམ་གསུངས། བཤད་པའི་རྐང་ཞར་ཆོས་པ་ཚོ་འཛིན་བཙུག དགུང་ལོ་བརྒྱད་ཅུ་རྩ་ལྔ་ལ་ཤངས་སུ་སྐུ་གཤེགས། དེའི་སློབ་མ་ཀ་བ་བཞི། གདུང་མ་བཅུར་གྲགས་པའི་ཀ་བ་རྨ་ཚོའི་སློབ་མ་བྱ་འདུལ་འཛིན་ཏེ་གཙང་རོང་གཡུང་དུ་འཁྲུངས། འདྲེ་ཆེན་པོ་ལས་རབ་ཏུ་བྱུང་། སོག་དང་ཁྱད་པར་རྒྱ་དང་རྨ་ཚོ་ལས་འདུལ་བ་མཁས་པར་བསླབས། རྒྱལ་ཚ་ཞང་ཡེ་ལ་དབུ་ཚད། ཟངས་དཀར་ལོ་ཙཱ་བ་ལ་ཡོ་ག སྟོད་ལུང་པ་ཆེན་པོ་ལ་བཀའ་གདམས། ཟུལ་ཕུར་བཤད་གྲྭ་བཙུགས། དཔེ་དཀར་གྱིས་བཙུན་ཆུང་དུ་སྤྲུལ་ནས་གླགས་བལྟ་བས་འདུལ་བ་དང་འགལ་བ་ཆར་བྱུང་བ་ཞིག་ལ་ན་བཟའ་སྤུ་ཕྱིར་བསྟན་པ་གཅིག་པུ་ལས་མ་མཐོང་བས་དད་དེ་ཉེ་གནས་བྱས། སློབ་མ་འགྲོ་བ་ལ་ཕན་ཐོགས་ནུས་པ་བདུན་ཅུ་རྩ་དྲུག་བྱུང་། དགུང་ལོ་བདུན་ཅུ་རྩ་དྲུག་ལ་ཟུལ་ཕུར་གཤེགས། དེའི་སློབ་མ་རྩིས་པ་གཞོན་སེང་། དེའི་སློབ་མ་བྱའི་སྣང་དཔོན་ཆོས་དབང་། དེའི་སློབ་མ་ཆོས་བྱང་། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས་རིན་ཆེན་དཔལ། དེ་ཚུན་ཟུལ་ཕུའི་མཁན་པོ་རྐྱང་ཡིན། དེ་ནས་ཚོགས་ཆོས་ལུང་པའི་མཁན་ཆེན་ཀ་བཞི་པ་དང་། དེའི་སློབ་མ་ཆོས་ལུང་མཁན་པོ་བསོད་གྲགས། དེ་གཉིས་བུ་སྟོན་རིན་པོ་ཆེའི་བསྙེན་རྫོགས་ཀྱི་མཁན་སློབ་ཀྱང་ཡིན། འདུལ་བའི་བཤད་པའང་ཚར་ཕྱིན་པ་གསན། ཁ་ཆེ་པན་ཆེན་གྱིས་༼༡༧༣༽སྣར་ཀླས་མོ་ཆེར་དབྱར་གནས་མཛད། མེ་ཏོག་འཕྲེང་རྒྱུད་གསུངས་པ་སེངྒེ་ཟིལ་གནོན་དང་ཤངས་པ་ཇོ་བརྟན་གྱིས་གསན། སེངྒེ་ཟིལ་གནོན་ལ་ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོས་གསན། དེ་ལ་བུ་སྟོན་གྱིས་ཞུས་སོ། །ཡང་ཕྱིས་པཎྜྻི་ཏ་ནགས་ཀྱི་རིན་ཆེན་ལ་རོང་སྟོན་པ་ཤེས་བྱ་ཀུན་རིག་གིས་ཀྱང་གསན་ནོ། །རྒྱའི་ཀ་བ་ཇོ་བརྟན་ནག་པོ་དར་ཚུལ་གྱིས་ལོ་དྲུག་ཅུ་ལོན་ནས་རབ་ཏུ་བྱུང་། ཀློག་བསླབས། བདུན་ཅུ་ལོན་པ་ན་འདུལ་བ་ལ་མཁས་པར་གྱུར་ཏེ། ཡར་ཀླུངས་ཚ་རོང་དུ་བཤད་པའི་སློབ་མ་ཤ་མི། དེའི་སློབ་མ་ཀླུངས་དཀར་ཚུལ་ཁྲིམས་གྲགས། དེའི་སློབ་མ་གྲ་མི། དེའི་སློབ་མ་རྒྱ་དུར་གྱི་མཁན་པོ་དར་མ་ཡེ་ཤེས། དེའི་སློབ་མ་ཟངས་ཆེན་པ་དར་མ་བསོད་ནམས། དེའི་སློབ་མ་མཚོ་སྣ་པ་ཤེས་རབ་བཟང་པོའམ། ཡང་ཤ་མིའི་སློབ་མ་ཀ་བ་དར་སེང་། དེའི་སློབ་མ་ཐག་མ་རྡོ་གཞོན། དེའི་སློབ་མ་སྤལ་ཏི་སྟེ། མདོར་ན་བོད་དུ་འདུལ་གྲྭ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །སྨད་འདུལ་སྟོད་འདུལ་གཉིས་ཀའི་སྡོམ་རྒྱུན་ཀླུ་སྒྲུབ་ལ་ཐུག ཕྱིས་ཁ་ཆེའི་པཎྜྻི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བུ་རྡོ་རྗེ་དཔལ་དང་། བྱང་ཆུབ་དཔལ་གཉིས་ལས་ཚོགས་སྡེ་བཞིར་གྲགས་པ་བྱུང་བའི་སྡོམ་རྒྱུན་ཡང་ཀླུ་སྒྲུབ་ལ་ཐུག་པ་ཡིན་ནོ། །ཆོས་མངོན་པའི་བརྒྱུད་པ། ཁ་ཆེ་ཛི་ན་མི་ཏྲ་ནས་སྐ་ཅོག་ཞང་གསུམ་དེས་ལྷ་ལུང་དཔལ་གྱི་རྡོ་རྗེ། ནམ་ནད་ཟླ་བའི་རྡོ་རྗེ། དབས་རྒྱལ་བ་ཡེ་ཤེས་གསུམ་ལ་བཤད་ལ། དང་པོ་གཉིས་ཀྱིས་སྒོམ་མཛད་བཤད་པ་མ་སྤེལ། དབས་ཀྱིས་དབུས་ནས་ཁམས་སུ་བྱོན། དེ་ལ་སློབ་མ་མང་དུ་བྱུང་བའི་ར་ཁྲི་བཟང་བར་ལ་བྲང་ཏི་དར་མ་སྙིང་པོས་གསན། དེས་གཙང་རོང་དུ་ངུར་སྨྲིག་བཏབ་བཤད་གྲྭ་བསྐྱངས་པའི་སློབ་མ་ཤིན་ཏུ་མང་སྟེ། བཤེས་གཉེན་མུ་དྲ་ཆེན་པོས་བོ་དོང་བཏབ། པཎྜྻི་ཏ་འབུམ་ཕྲག་གསུམ་པ་སྤྱན་དྲངས་ཏེ། འཇལ་དུ་རྔོག་ལོ་དགེ་སློང་སུམ་བརྒྱས་བསྐོར་ཏེ་བྱོན་པའི་ཚེ། ལོ་ཙཱ་བའི་དགེ་སློང་རེ་རེ་ལ་བྲང་ཏིས་ཁོ་རང་གི་དགེ་སློང་བཅུ་གསུམ་བཅུ་གསུམ་བསྙེན་བཀུར་བྱེད་དུ་བཅུག་ཅེས་གྲགས། བྲང་ཏི་ལ་ཀོ་བོ་ཡེ་བྱུང་། དེ་ལ་འབན། ཐོ་གར་གནམ་ལྡེ། འཇད་པ་བྱང་སྐྱབས། འཇད་པ་གཞོན་བྱང་། འབྲང་མཆམས་ཞང་། བོ་དོང་རིན་རྩེ། ཁྲོ་ཕུ་བ་བསོད་ནམས་སེངྒེ། ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་ནི་འདྲེ་ཆེན་པོ་ཤེས་རབ་འབར་གྱིས་རྒྱས་པར་མཛད་པ་བསྟན་པ་སྔ་དར་གྱི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་ཀྱང་བྱུང་ཞིང་། དེ་ལ་སློབ་མ་ཤིན་ཏུ་མང་ཡང་བཤད་རྒྱུན་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་ངོ་༼༡༧༤༽ཞེས་གྲགས་སོ། །ཚད་མ་ནི་བསྟན་པ་སྔ་དར་གྱི་དུས་སུ་མཁན་པོ་བོ་དྷི་སཏྭ་ཡིས་ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་མཛད་ཅིང་། ཕྱིས་ཀ་མ་ལ་ཤཱི་ལས་རིགས་ཐིག་དང་། དེའི་འགྲེལ་པ་དུལ་ལྷས་མཛད་པ་དང་། ཉིད་ཀྱི་ཕྱོགས་སྔ་མ་བསྒྲིགས་པ་རྣམས་བསྒྱུར། དེ་ཙམ་ལས་མ་དར་ལ། དེའི་རྒྱུན་ཡང་མི་སྣང་ངོ་། །དེ་ལྟར་བསྟན་པ་སྟོངས་པ་རང་ལོ་བདུན་ཅུ་འོ་བུ་གསུངས།། །། ༈ གཉིས་པ་སྟོད་ནས་གསོས་ཚུལ་ནི། གླང་དར་གྱི་སྲས་འོད་སྲུང་དང་ཡུམ་བཙན་གཉིས། དང་པོ་ལ་མངའ་བདག་དཔལ་འཁོར་བཙན། དེ་མྱང་སྟོད་དུ་སྙགས་ཀྱིས་བཀྲོངས་པ་ནས་རྒྱལ་སྲིད་འཐོར། ཁོང་གི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་བྱུང་བའི་ཕྱི་མ་མངའ་རིས་སྟོད་དུ་སྤྱུགས་པ་ལ་སྲས་དཔལ་གྱི་མགོན། ལྡེ་གཙུགས་མགོན། བཀྲ་ཤིས་མགོན་གསུམ་བྱུང་བ་སྟོད་དུ་རྒྱལ་སྲིད་ཞྭ་ཙམ་ཆགས། ཡ་རྩེ་རྒྱལ་པོའང་དེ་རྣམས་ལ་ཟེར། སྨད་དུ་བཀྲ་ཤིས་བརྩེགས་པ་བཞུགས། དེ་ལ་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་། དབུས་གཙང་གི་རུ་ལག་བཞི་བསྐྱངས་པས་སྨད་དུ་རྒྱལ་སྲིད་ལྷམ་ཙམ་ཆགས་ཟེར། བཀྲ་ཤིས་མགོན་གྱི་སྲས་འོད་ཀྱི་རྒྱལ་མཚན། དེའི་སྲས་སྲོང་ངེ་དང་ཁོ་རེ་གཉིས། སྲོང་ངེས་གུ་གེར་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས་པའི་གྲོས་མཛད། ས་པྲ་མཁན་པོ་ན་རེ། བརྩིགས་ཀྱང་ལོ་བརྒྱ་ན་འཇིག་པར་འདུག་ཟེར། འོ་ན་བཞག་གམ་གསུངས་པས། ལོ་བརྒྱ་པོ་དེ་བསྟན་པ་ལ་ནན་ལྟར་ཕན་པ་ཞིག་འོང་བར་འདུག་ཟེར་བ་ལ། འོ་ན་བཞེངས་རིན་ཆོག་དགོངས་ཏེ་བསམ་ཡས་ཇི་ལྟ་བ་ལ། ཁྱད་པར་ཤར་ཕྱོགས་སུ་གསེར་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་པས་ཉི་མ་ཤར་བའི་ཚེ། དེའི་འོད་ནང་ན་ཡར་ཕོག་པས་ལྷ་ཁང་ཐམས་ཅད་གསེར་གྱི་མདོག་ཏུ་ལྷག་གེར་འཆར་བས་མཐོ་ལྡིང་གསེར་ཁང་དུ་གྲགས། ཕྱིས་བསམ་ཡས་གཟིགས་པ་ན། ངའི་ཡབ་མེས་བོད་ཚང་མ་ལ་དབང་སྒྱུར་བའི་ཕྱག་རྗེས་ལས་ང་མཐའ་འཁོབ་ཀྱི་རྒྱལ་ཕྲན་ཞིག་གི་སུག་ལས་མི་ཆུང་བར་འདུག་གསུང་། དེས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་། ཨར་ཚོ་བནྡེ་བཅོ་བརྒྱད་ལ་སོགས་པའི་སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་བྱས་པས། དེ་དག་བཀའ་ཡིན་མིན་ཐེ་ཚོམ་ཟོས། རྗེ་རིགས་ཀྱི་བུ་ཐམས་ཅད་བསགས་ཏེ་ལོ་བཅུ་ལས་མར་མི་གཞོན། ཉི་ཤུ་ལས་ཡར་མི་རྒན་པ་མང་དུ་འཚོགས་པའི་བློ་ལ་༼༡༧༥༽བརྟགས་ནས་བློ་རབ་འབྲིང་དགུར་ཕྱེ། བློ་རབ་ཀྱི་རབ་ཏུ་གྱུར་པ་བདུན། དེ་རྣམས་ཀྱི་གཡོག་པོ་བདུན། ཡང་གཡོག་བྱེད་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ཕ་མ་ལ་རིན་བྱིན་ནས་ཉོས་ཏེ་ཁ་ཆེར་བརྫངས། དེར་ཁོ་རྣམས་ལ་གསེར་མང་པོ་བསྐུར་ནས་འདི་སྐད་དུ་བསྒོའོ། །ཁ་ཆེའི་ཡུལ་ན་མཁས་པ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ཡོད་པས་དེ་སྤྱན་དྲོངས། རྒྱ་གར་ཤར་ཕྱོགས་ན་དྷརྨ་པཱ་ལ་བྱ་བ་ཡོད་པས་དེ་སྤྱན་དྲོངས། ནུབ་ཕྱོགས་ཀ་རུ་ན་པཎྜྻི་ཏ་ནོར་བུ་གླིང་པ་བྱ་བ་ཡོད་པས་དེ་སྤྱན་དྲོངས་ཤིག དབུས་འགྱུར་འཆང་ན་པཎྜྻི་ཏ་པྲཛྙྱཱ་བ་ལི་བྱ་བ་ཡོད་པས། དེ་ལ་འདུས་པ་རྣམ་གཉིས་བྱ་བའི་ཆོས་མུ་སྟེགས་ཀྱིས་ཀྱང་རྩོད་པར་མི་ནུས་པ་ཡིན། དེ་ཤེས་པར་གྱིས་ཤིག དེ་ཉིད་འདུས་པ་ལ་ཀུན་དགའ་སྙིང་པོའི་འགྲེལ་པ་ཡོད་ཟེར་བས། དེ་ཤེས་པར་གྱིས་ཤིག ནོར་བུ་གླིང་པ་དང་དྷརྨ་པཱ་ལ་གཉིས་ལ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་རྒྱུད་དང་། དེའི་འགྲེལ་པ་སློབ་དཔོན་དཔྱིད་ཀྱིས་མཛད་པ་དང་། དཀྱིལ་འཁོར་གྱི་ལྷ་སུམ་བརྒྱ་བཞི་བཅུ་པ་སློབ་དཔོན་རྒྱལ་བའི་ལྷས་མཛད་པ་ཡོད་ཟེར་བས། དེ་ཤེས་པར་གྱིས་ཤིག དཔལ་གསང་བ་འདུས་པ་ལ་སངས་རྒྱས་ཡེ་ཤེས་ཞབས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཡོད་ཟེར་བ་དང་། རིན་ཆེན་རྡོ་རྗེ་ལ་དུས་འཁོར་དང་། རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་ཡོད་ཟེར་བས་ཚོལ་ལ་ཤོག གཞན་བི་ཀྲ་མ་ལ་ཤཱི་ལ་ན་པཎྜྻི་ཏ་བརྒྱ་རྩ་བརྒྱད། མཁས་པ་བདུན་ཅུ་རྩ་གཉིས། འགྲན་ཟླ་མེད་པ་སུམ་ཅུ་རྩ་བདུན། གཙུག་གི་ནོར་བུ་ལྟ་བུར་བཅུ་གཅིག འཛམ་བུའི་གླིང་གི་རྒྱན་ལྟ་བུ་བརྒྱད། ཁམས་གསུམ་གྱི་སྤྱན་ལྟ་བུ་གཉིས་ཡོད་ཟེར་བས། དེ་རྣམས་ལས་གང་བྱུང་རེ། རབ་གསེར་ལ་མ་རྩེག་པར་སྤྱན་ཅི་དྲོངས་ཀྱིས། འབྲིང་གདམས་པ་ཅི་ཐོབ་གྱིས། ཐ་མའང་པཎྜྻི་ཏ་ཆོས་གང་མཁས་པ་དང་། གདམ་ངག་གང་ཆེ་བ་རྩད་ཆོད་ལ་ལུང་ཞུས་དཔེ་ལོངས་པ་གྱིས་ལ་ཤོག་བྱས་ཏེ་བཏང་ངོ་། །ཁོང་རང་མཁན་སློབ་མེད་པར་བསྙེན་པར་རྫོགས། མཚན་ཡེ་ཤེས་འོད། སྲས་གཉིས་ཀྱང་རབ་ཏུ་བྱུང་། རྒྱལ་སྲིད་གཅུང་གི་སྲས་ལྷ་ལྡེ་ལ་གཏད། དེ་ལ་སྲས་གསུམ། འོད་ལྡེ་བྱང་ཆུབ་འོད། ཞི་བ་འོད་དོ། །བྱང་ཆུབ་འོད་ལ་ཐུགས་རྩིས་ཆེ། རབ་ཏུ་བྱུང་དུ་བཅུག་གོ །དེ་ལྟར་རྒྱ་གར་དུ་བརྫངས་པ་རྣམས། དང་པོ་ཁ་ཆེར་ཕྱིན། བཅུ་དགུ་ཁ་ཆེ་གྲིབ་བསྟན་དུ་ཤི ༼༡༧༦༽རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་གཉིས་ལུས། རིན་ཆེན་བཟང་པོས་འཇིག་རྟེན་སྣང་བྱེད་ཀྱི་དལ་དུ་ཞུགས། འཇམ་དཔལ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལ་མེ་ཏོག་ཕོག ཁ་ཆེ་རིན་ཆེན་རྡོ་རྗེ་ལ་སོགས་པར་ཡོ་གའི་རྒྱུད་དཀྱིལ་ཆོག་དང་བཅས་པ། རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་ནཱ་རོ་པ་ལ་གཏུགས་ཏེ། གསང་འདུས་ལུགས་གཉིས་གསན། དབུས་འགྱུར་གྱི་པཎྜྻི་ཏ་འདས་ནས། སློབ་མ་དྷརྨ་པཱ་ལ་ཡིན་ཟེར་བཙལ་ཡང་མ་རྙེད། ནོར་བུ་གླིང་པ་ལ་ངན་སོང་སྦྱོང་རྒྱུད་དང་། ཐབས་ཀྱི་རྒྱུད་ལྔ། ཁྱད་པར་མི་འཁྲུགས་པའི་རྒྱུད་གདམ་ངག་དང་བཅས་པ་ཞུས་སོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ལྷ་གྲངས་དང་མཉམ་པའི་དབང་ཐོབ། བི་ཀྲ་མ་ལ་ཤཱི་ལར་པཎྜྻི་ཏ་མར་མེ་མཛད་བཟང་པོ་དང་། མི་ཐུབ་ཟླ་བ་དང་། རྒྱལ་བའི་འབྱུང་གནས་གསུམ་ལ་སྔགས་མཚན་ཉིད་མང་པོ་ཞུས། སྤྱིར་པཎྜྻི་ཏ་སུམ་ཅུ་རྩ་ལྔ་ལ་དབང་ཐོབ། རྒྱུད་སྡེ་བཞིའི་སྒྲོ་འདོགས་ཁ་ཆེའི་པཎྜྻི་ཏ་དང་ནོར་བུ་གླིང་པ་ལ་བཅད། དགུང་ལོ་སོ་གསུམ་པ་ལ་བོད་དུ་བྱོན། དེར་ཡོ་ག་ཁ་ཆེ་ལུགས་བཙུགས། མངའ་རིས་རྒྱལ་བློན་སྤྲོས་པ་ལ་དགྱེས་ནས། གཞུང་ན་མེད་པའི་མཆོད་འཕྲེང་དང་། ཁྱད་པར་ལོ་ཆུང་ལེགས་ཤེས་གྲེ་བ་བདེ་བས་དབྱངས་བཅོས། དགུང་ལོ་ཞེ་དགུ་པ་ལ་པཎྜྻི་ཏ་ཟླ་འོད་བཟང་པོ་དང་། བྷི་ན་སེ་དང་། ཀ་མ་ལ་རཀྵི་ཏ་ལ་བསྙེན་པར་རྫོགས། དབུས་གཙང་སྟོད་སྨད་ཀུན་ཏུ་ཆོས་གསུངས། དེ་ནས་ལོ་བརྒྱད་ནས་པཎྜྻི་ཏ་ཤྲཱིདྡྷཱ་ཀ་ར་ཝརྨ་བླ་མ་ནོར་བུ་གླིང་པས་བོད་དུ་བཏང་ནས་རྡོ་རྗེ་འབྱུང་བ་དང་ཡེ་ཤེས་ཞབས་ལུགས་གསུངས། ཀ་ཅོག་གི་འགྱུར་ལ་ཅུང་ཟད་བཅོས། བོད་སྤྱི་མཐུན་གྱི་བསོད་ནམས་ལ་གྲུབ་ནས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜྻི་ཏ་དྷརྨ་པཱ་ལ་བལ་པོའི་རྟེན་ཁྱད་པར་ཅན་རྣམས་བསྐོར་བ་ལ་བྱོན་པས། པཎྜྻི་ཏ་ཚད་པས་བསྙུངས་ནས་བོད་ཀྱི་གངས་རི་མཐོང་བར་བྱོན་ན་ཕན་ཟེར་བས། རྒྱལ་བློན་ཆོས་ལ་དགྱེས་བོད་ལ་ཕན་ཐོགས་པར་དགོངས་ནས་མངའ་རིས་སུ་བྱོན། དེར་ཡོ་ག་གསན་པས་སློབ་དཔོན་ཀུན་དགའ་སྙིང་པོའི་གདམས་པ་མ་ནོར་བ་ཞིག་བྱུང་བས་ཤིན་ཏུ་མཉེས་ཏེ། གསེར་འཁར་སྡེར་གང་ཕུལ་བ་མ་བཞེས། ཁོང་ནོར་གྱི་འདོད་པ་དང་བྲལ་བ་ཡིན་གསུང་། དེ་ནས་ཡོ་ག་ཁ་ཆེ་ལུགས་བཞག་ནས་རྒྱ་གར་ཤར་ཕྱོགས་པའི་ལུགས་གཞུང་གདམ་ངག་དང་བཅས་པ་ལ་ཉམས་ལེན་དང་བཤད་པ་བྱས་པས་༼༡༧༧༽ཡོ་གའི་བདག་པོར་གྱུར། དེའང་སྐུ་ཚེའི་སྟོད་ལ་ཁ་ཆེ་ལུགས། སྨད་ལ་ཤར་ཕྱོགས་ལུགས་དར་བས་ཡོ་ག་ལ་བོད་འདིར་སྟོད་ལུགས་དང་སྨད་ལུགས་གཉིས་སུ་གྲགས་སོ། །དེ་ལ་སློབ་མའི་མཆོག་བཞི་བྱུང་བ་ནི། ལོ་ཆུང་ལེགས་པའི་ཤེས་རབ། གྲྭ་བ་གཞོན་ནུ་ཤེས་རབ། ཀྱི་ནོར་ཡེ་ཤེས་དབང་ཕྱུག གུང་ཤིང་བརྩོན་འགྲུས་རྒྱལ་མཚན་ཞེས་གྲགས་སོ། །པཎྜྻི་ཏ་དྷརྨ་པཱ་ལ་དང་མཇལ་ནས་སྒྲོ་འདོགས་ཆོད་དེ་བྱེ་བ་བདུན་གྱི་དམ་བཅའ་མཛད། ལྷ་བྱེ་བ་ཕྲག་གཅིག་སྒོམ་པ་གཏོར་མ་བརྒྱ་རྩ་བྱེ་བ་ཕྲག་གཅིག བསྐོར་བ་བྱེ་བ་ཕྲག་གཅིག ཚ་ཚ་བྱེ་བ་ཕྲག་གཅིག ཡན་ལག་བདུན་པ་བྱེ་བ་ཕྲག་གཅིག བཟླས་པ་བྱེ་བ་ཕྲག་གཅིག ཏིང་ངེ་འཛིན་གྱི་དབང་བྱེ་བ་ཕྲག་གཅིག་བཞེས་མཛད་པས་སྤྱི་གཙུག་ཏུ་རུས་པ་དཀར་པོ་ངང་པའི་སྒོ་ང་ཙམ་ཞིག་བྱུང་། དེ་འཇམ་དཔལ་དཔའ་བོའི་སྤྲུལ་པ་ཡིན་སྐད། ལོ་ཙཱ་བ་དེས་སྔགས་ལོག་སུན་འབྱིན་མཛད། ཀླུ་དཀར་རྒྱལ་བཏུལ། པཎྜྻི་ཏ་དྷརྨ་པཱ་ལ་ལ་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས། དེ་བལ་པོར་བྱོན། འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་བཤད་པ་ཞུས་པ་ལས་མཆེད་པ་རྣམས་ལ་སྟོད་འདུལ་བ་ཞེས་གྲགས། གཞན་ཡང་ལྷ་བཙུན་པས་པཎྜྻི་ཏ་དུ་མ་སྤྱན་དྲངས། མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར། འཆད་ཉན་གྱིས་གཏན་ལ་འབེབས་སུ་བཅུག སྐུ་ཚེ་སྨད་ལ་ཇོ་བོ་རྗེའི་སྙན་པ་གསན། སྤྱན་དྲངས་བའི་ཐུགས་འདུན་དྲག་པོ་བྱུང་ནས། བློན་པོ་ས་འོག་གི་གཏེར་མཐོང་བ་ཞིག་ཡོད་པ་དེ་ལ་གསེར་ཚོལ་གསུངས་པས། དེས་གསེར་ལིང་པ་ཆེན་པོ་ཞིག་རྙེད་པ་ཕུལ། དེ་ནས་གཙང་ལྟག་ཚལ་དུ་འཁྲུངས་པའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ལ་བོད་ཕྲུག་བརྒྱ་ཙམ་གྲོགས་སུ་བཏང་དེ་རྣམས་ལ་གསེར་ལིང་པ་དེ། གསིལ་མ་མང་དུ་བསྐུར་ནས་སྤྱན་འདྲེན་པར་བརྫངས། ཞུ་ཡིག་ཏུ། ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །སངས་རྒྱས་བསྟན་ལ་ཐུགས་ནི་སེམ་བྱེད་ན། །ཁ་བ་ཅན་འདིར་སྔོན་ནི་ཕུན་ཚོགས་ཀྱང་། །དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། །དེ་ཡི་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་ང་། །མྱ་ངམ་ཐང་ལ་ཚད་པས་གདུངས་པ་ན། །ཆུ་ཡི་འདུ་བྱེད་ཡིད་ལ་བྱེད་པ་ལྟར། །ཉིན་དང་མཚན་དུ་མགོན་པོ་ཁྱོད་བསམ་ན། །བདག་ལ་ཐུགས་ཀྱིས་བརྩེ་བར་མཛད་དུ་གསོལ། །ཞེས་༼༡༧༨༽བྲིས་ནས་བསྐུར་རོ། །དེ་ནས་རྒྱ་བརྩོན་སེངྒེས་བི་ཀྲ་མ་ལ་ཤཱི་ལར་བརྟོལ། ཇོ་བོས་ཀྱང་བོད་རྒྱལ་པོས་སློབ་གཉེར་བ་ཞིག་བརྫངས་འདུག་ཟེར་བ་གསན། གསན་མ་ཐག་ཏུ་བུའི་འདུ་ཤེས་འཁྲུངས། དེ་ནས་རྒྱ་བརྩོན་སེངྒེས་ཇོ་བོ་དང་མཇལ་ཏེ་གསེར་ལིང་པ་དེ་ཕུལ། བོད་དུ་བྱོན་པར་ཞུ་བ་བྱས་པས། ཇོ་བོས་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། འདོད་པས་གསེར་ཚོལ་དུའམ། རང་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་ཀྱིས་འགྲོ་བ་ལ། ང་ལ་དེ་གཉིས་ཀ་མེད་པས་མི་འགྲོ་གསུངས་ནས་གསེར་ཚུར་གཏད། ལོ་ཙཱ་བས་ཆོས་གོས་ཀྱི་གཤམ་ལ་འཇུས་ནས་བཤུམས་པས་ཀྱང་མ་གནང་། དེའི་རེས་ལ་ལོ་ཙཱ་བའི་འཁོར་རྣམས་ཕལ་ཆེར་ཚད་པས་གུམ། གསེར་བསིལ་མ་དེ་ཟད། ཇོ་བོས་ཁྱོད་བོད་རྣམས་སྙིང་རེ་རྗེ་གསུང་། ཚུར་ལོག་གསེར་ལིང་བ་རྒྱལ་པོ་ལ་གཏད། ཇོ་བོ་སྤྱན་མ་འདྲོངས། ལོ་རྒྱུས་སྙན་དུ་གསོལ་བས། ལོ་ཙཱ་བས་དཀའ་བ་དང་བསྡོས། ལུས་སྲོག་ཐེད་ལ་བོར་ནས་བྱོན་པ་ཐུགས་ལ་བཏགས། ཇོ་བོ་སྤྱན་མ་དྲང་པའི་ཐབས་མེད་གསུང་། ཁོང་ལ་དེ་རེས་ནག་ཚོ་ལོ་ཙཱ་བས་མངོན་པ་ཉན་པའི་ཞུ་བ་ཕུལ་བས། ང་སླར་རྒྱ་གར་དུ་ལོག་ནས་འགྲོ་བས་ལོང་མི་འོང་གསུང་། འོ་ན་ང་འང་རྒྱ་གར་དུ་འགྲོ་ཞུས་པས། ཁྱོད་རང་གི་སྙིང་ཁམས་ཀྱིས་ཕེར་ན་འདོང་གསུང་། དཔོན་སློབ་ལྔ་དྲུག་ཙམ་རྒྱ་གར་དུ་བྱོན་ནོ། །དེའི་དུས་ལྷ་བླ་མས་གསེར་བཙལ་ལ་ཇོ་བོ་སྤྱན་དྲང་དགོངས། མཐའ་འཁོབ་ཏུ་གསེར་ཚོལ་བ་ལ་དམག་དུ་མ་ཞིག་དང་བཅས་ཏེ་བྱོན་པས། གར་ལོག་གིས་ཤེས་ནས་དམག་བཏང་། དེ་དང་ཐུག་འཐབས་པས་ཕམ་ནས་ལྷ་བཙུན་རང་བཙོན་ལ་ཤོར། གར་ལོག་གི་རྒྱལ་པོས་བརྟགས་པས་བོད་ཀྱི་རྒྱལ་པོར་ཤེས་ནས་བཙོན་ཁང་དུ་བཅུག དར་ཡུག་གི་སྐུ་བསྡམས་ཏེ་འདུག་གོ །ལྷ་བླ་མ་འཛིན་པའི་ཕྱིར་གར་ལོག་གི་དཔུང་སོང་ཟེར་བ་ལྷ་བཙུན་བྱང་ཆུབ་འོད་ཀྱི་མཆེད་ཀྱིས་གསན་ནས། བྱང་ཆུབ་འོད་ཀྱིས་རྟ་པ་བརྒྱ་དང་བཅས་ཏེ་ཁུ་བོ་སློག་པར་བྱོན་པས། གར་ལོག་གི་ལག་ཏུ་ཐལ་ཟིན་ནས་ལྡོག་མ་ཐུབ། དམག་གཏོས་ཆེ་བ་ཁྲིད་ནས་འཐབས་ནས་ལྷོགས་སྲིད་དེ་མི་བསད་མང་དུ་འབྱུང་བར་ཡང་སྣང་ལ། གལ་ཏེ་ཉིད་ལ་བར་ཆད་བྱུང་ན་ཇོ་བོ་མི་འདྲོངས། ཁུ་བོའང་བཙོན་ནས་མི་ཐོན་པར་འདུག་དགོངས་ཏེ། ཁོ་ལ་ཐབས་ཀྱིས་བསྟུན་ན་ལེགས་པར་གཟིགས་ནས་ཕན་ཚུན་ལབ་སྣ་སྦྲེལ་བ་དང་། གར་ལོག་ན་རེ་ཁྱོད་ནང་༼༡༧༩༽པ་སངས་རྒྱས་པའི་རྒྱལ་པོ་ཡིན་པས། ཁྱོད་རང་གི་རྒྱལ་ཁམས་ཐམས་ཅད་མུ་སྟེགས་པའི་ལྟ་བ་ལ་འགོད་ན་བསླུས་མ་མི་འདོད་ཀྱི་སྟེང་དུ་བྱ་དགའ་ཆེན་པོ་སྟེར། པཎྜྻི་སྤྱན་མ་འདྲེན། ཁྱོད་རང་ངའི་འོག་ཏུ་ཞུགས། དེ་མི་བྱེད་ན་གསེར་རྒྱལ་པོར་རང་དང་མཉམ་པ་ཁྱེར་ལ་ཤོག དེ་ནས་བཏང་གི་ཟེར། གསེར་སྤྲོད་པ་ལ་གདམས་ནས་གསེར་སྲང་བརྒྱ་ཁྱེར་ནས་བསླུ་བར་ཕྱིན་པས་མ་བཏུབ། དེར་ལོག་ནས་དབུས་གཙང་གི་རབ་ཏུ་བྱུང་བ་ལ་སྡེ་པ་བརྒྱད་ཡོད་དེ། གཙང་ནས་ལོ་ཚོང་གཉིས། འ་འདྲེ་གཉིས་ཏེ་བཞི། དབུས་སུ་ཀླུ་མེས་དང་སྦ་རག་གཉིས། འབྲིང་ཚོ་དང་རྨ་ཚོ་གཉིས་ཏེ་བཞིར་བྱས་པ་ལ་ཤམ་ཐབས་ཀྱི་ཁྲལ་བླངས། བོད་ཁམས་གསུམ་གླིང་དགུ་འབངས་རྣམས་ལ་རིན་བསྡུས། མངའ་རིས་སུ་གསེར་བསྒྲུབས་པས་སྐུ་ལུས་བྱིན་དང་མཉམ་པ་རྙེད། དབུ་ཙམ་མ་རྙེད། དེ་ཁྱེར་ནས་ལྷ་བཙུན་རང་གིས་བླུར་བྱོན། ལྷ་བླ་མ་རང་ལའང་གར་ལོག་གིས་ཁྱོད་རང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གཏོང་ན་ངེད་ཀྱིས་བཙོན་ལས་གཏོང་། དེ་ལྟར་མ་ཡིན་ན་ལུས་རིལ་པོ་དང་ལྗིད་མཉམ་པའི་གསེར་བྱུང་ན་གཏོང་ཟེར། སྐྱབས་སུ་འགྲོ་བ་ནི་མ་བཏང་། གསེར་རྙེད་པ་ལ་ཚེགས་ཆེ་བས་བཙོན་དུ་ཡུན་རིང་དུ་ལུས། གར་ལོག་གིས་སྐུའི་རྩ་སྒོ་མེས་བསྲེགས་སོ། །དེར་དབོན་བྱང་ཆུབ་འོད་བསླེབས་ནས་གར་ལོག་ལ་བླུར་ཐོང་བྱས་པས། དབུའི་ཚད་མ་ལོངས་རིན་མི་གཏོང་ཟེར། དེར་ལྷ་བླ་མས་གསན་ནས་བྱང་ཆུབ་འོད་ལ་འཕྲིན་བཏང་བ། ཁྱོད་ཀྱིས་བྱ་ཐབས་དེ་ལས་མེད། གསེར་དེ་ཚོས་ང་མ་སླུ་བར་རྒྱ་གར་ནས་ཇོ་བོ་སྤྱན་དྲང་ན་རབ་ཡིན་ཏེ་མི་འདྲོངས། ཇོ་བོའི་འོག་ནས་སུ་ཆེ་བའི་པཎྜྻི་ཏ་ཞིག་སྤྱན་དྲོངས། མཐོ་ལྡིང་ལ་མཆོད་པ་ཆེན་པོ་གྱིས། ཡབ་མེས་ཀྱི་ལྷ་ས་བསམ་ཡས་སོགས་ཀྱི་ཞིག་རལ་གསོས་ཞེས་བསྐུར་བྱུང་བ་དང་། བྱང་ཆུབ་འོད་ཀྱི་དགོངས་པ་ལ་ད་དུང་གསེར་བཙལ་ལ་སླུ་དགོས་དེ་ལ་ད་རེས་ཁུ་བོ་དང་མཇལ་ན་ལེགས་པར་འདུག་སྙམ་ནས། གར་ལོག་ལ་ཁུ་བོ་དང་མཇལ་དུ་ཆུག་གསུངས་པས། ཁུ་བོའི་བཙོན་ཁང་གི་སྒོ་དྲུང་དུ་བཏང་བས། བྱང་ཆུབ་འོད་ཀྱིས་དྲུང་དེ་ནས་ཁུ་བོ་ལ་བོས་ཏེ། བཀའ་དྲིན་ཆེན་པོ་སྔོན་གྱི་ལས་ཐོག་ཏུ་བབ་པ་ཡིན་པས། ངས་ཁོ་ལ་དམག་བརྒྱབ་ནས་ལོག་ན་ནི་སྐྱེ་བོ་ཚན་པོ་ཆེ་འཕུང་ལ་གཏང་ནས་རང་རེ་གཉིས་༼༡༨༠༽པོ་ངན་སོང་དུ་འགྲོ་དགོས་པར་སྣང་། པཎྜྻི་ཏ་གདན་མ་འདྲེན་པར་ཁྱེད་རང་ངའི་འོག་ཏུ་འདུག་ཟེར་བ་ལ་ནི་ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་ཞུགས་པ་ལས་ཁྱོད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་དུ་བསམ། དེས་ན་གསེར་ཁྱོད་རང་ཙམ་ཞིག་དགོས་ཟེར་བ་ལ་གསེར་བཙལ་བས་ཁྱོད་ཀྱི་སྐུ་ལུས་དང་མཉམ་པའི་ཚད་ཙམ་ཞིག་རྙེད་དེ་ཁོས་མ་ཉན། ད་ངས་དབུ་ཙམ་ཞིག་རྙེད་པ་དང་སླུར་འོང་གི དེ་བར་དུ་སྔོན་གྱི་ལས་སུ་སེམས་པ་དང་། དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། སྙིང་པོ་ཆེ་བྲང་འོག་ཏུ་བཅུག་པའི་སོ་ནམ་མཛད་དགོས་པ་ཡིན་ཞེས་ཞུས་པ་དང་། ཁུ་བོ་བཞད་ཀྱིན། ཁྱོད་ལ་ད་གཅེས་ཕྲུག་སྣུམ་ཟན་མའི་དཔགས་ཤིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་རང་ཤིའང་ཁྱོད་ཀྱིས་ཡབ་མེས་ཀྱི་ཕྱག་སྲོལ་སྐྱོང་ནུས་པར་སྣང་། ཁྱོད་ཀྱི་དེ་རྣམས་གོ་བ་ཆེ། ད་དེས་ཆོག ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་ཤིག་མ་བཅོས་པར་ང་རང་ཤི་ན་མི་རུང་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡར་སོང་། འདིར་མ་ཤི་བའི་དབང་དུ་བྱས་ནའང་ཚེ་ལོ་བཅུ་ཙམ་ཨེ་ཐུབ་ཡིན། ངའི་རྩ་སྒོ་མེས་བཙས་བསྲེགས་ནས་དུད་འགྲོ་ལྟ་བུར་ཡོད། སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཀྱི་ཕྱིར་ཤི་ན་ལེགས་པ་ཡིན་པས། རྒྱལ་པོ་འདི་ལ་གསེར་ར་ཏི་གཅིག་དགོས་ཀྱང་མི་སྟེར། གསེར་ང་རང་ཙམ་རྙེད་པ་ཤིན་ཏུ་ཁམ་ཆེ་ན། ད་མགོ་ཙམ་ག་ན་རྙེད། གསེར་དེ་རྣམས་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་དུང་པཎྜྻི་ཏ་དེ་སྤྱན་ཅི་དྲོངས་གྱིས། པཎྜྻི་ཏ་ཆེན་པོའི་སྙན་དུའང་། ངས་ཁྱོད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་ལུས་སྲོག་གར་ལོག་གི་རྒྱལ་པོ་ལ་རྔན་པར་བྱིན་ཡོད་པས་ཚེ་རབས་ཐམས་ཅད་དུ་བདག་ལ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱོད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས། དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདིའི་འོག་རོལ་ཏུ་ངེས་པར་ཁྱོད་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་འཕྲིན་མཛོད་ཅིག དེ་ལྟར་ལགས་པས་ང་བློས་ཐོང་ལ་སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས། དེ་སྐད་གསུངས་པའི་བར་ལ་བྱང་ཆུབ་འོད་ཀྱིས་སྒོའི་བར་ལ་གཟིགས་པས་སྐུ་ལུས་རྣམས་ནི་དར་གྱིས་བཅུད། སྤྱན་ནི་ཁུང་ན་ལྷུང་༼༡༨༡༽སྔར་ལས་རྣམ་པ་ཐམས་ཅད་འགྱུར་བའི་སྐུ་བུང་བ་ཙམ་དུ་སོང་། དེའི་ཁོང་ནའང་བོད་ཀྱི་སེམས་ཅན་དང་། སངས་རྒྱས་ཀྱི་བསྟན་པ་དང་། ཇོ་བོ་འབའ་ཞིག་སེམས་པ་འོ་བརྒྱལ་བཞིན་པར་བཞག་ནི་མ་ཕོད། ཐབས་ནི་མེད། སྤྱན་ཆབ་དང་བཅས་པར་ཡུལ་དུ་ལོག དེའི་བར་ལ་ལྷ་བླ་མ་གར་ལོག་གིས་ཤིག་དོང་དུ་བཅུག་ནས་བཀྲོངས། འགྲོངས་ཀར། འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཆོས་ཕྱིར་སྲོག་ལ་ཕངས་པ་མེད་པ་དང་། །དཀོན་མཆོག་གསུམ་དང་འབྲལ་བ་མེད་པ་དང་། །སྙིང་སྟོབས་ཆེན་པོས་གཞན་དོན་བྱེད་པར་ཤོག །ཅེས་སྨོན་ལམ་མཛད། དེ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཐུགས་དགོངས་ཁུ་བོ་ནི་གྲོངས། ཁོང་གི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་རྒྱ་གར་ནས་པཎྜྻི་ཏ་སྤྱན་འདྲེན། ཁོང་གི་སྐུ་གདུང་ལ་མཆོད་པ་བྱེད། དགེ་བའི་རྩ་བ་རྒྱ་ཆེན་པོ་བྱ་དགོས་སྙམ་ནས། སྐུ་གདུང་བསླུས་ཏེ་མཆོད་རྟེན་དུ་བཞུགས་སུ་བཅུག སྐུ་རྗེས་སུ་གསེར་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཤིག་བཞེངས། ད་ཇོ་བོ་སྤྱན་འདྲེན། དེ་ལ་བང་ཆེན་པའི་འོས་གཟིགས་པས་དགེ་བཤེས་གུང་ཐང་པ་དེ་རྒྱ་གར་དུ་བཞུད་པའི་ཐུགས་གདའ་བས་འོས་སྙམ། གུང་ཐང་ལྷ་བཙུན་གྱི་གདོང་བྱས་དེའི་འཁྲུངས་སར་བྱོན། ཁོང་རྒྱ་གར་ནས་མ་ལོག་པར་སྣང་སྟེ། མི་ཆོས་པ་རྣམས་ལ་ཁྱེད་ཀྱི་འདུལ་བ་འཛིན་པ་དེ་རྒྱ་གར་ནས་བྱོན་བྱུང་ན་ང་ལ་སྐད་ཐོང་བྱ་བའི་འཕྲིན་བཞག གུང་ཐང་པས་རྒྱ་གར་དུ་རྒྱ་བརྩོན་སེང་ལ་མངོན་པ་གསན། ལོ་ཙཱའང་མཁས་པར་ལོབས། ཆོས་ཀྱང་འགའ་རེ་བསྒྱུར་ཏེ་ཚུར་བྱོན་པ་ལ་མི་ཆོས་པ་རྣམས་ཀྱིས་འཕྲིན་སྤྲད་དེ། ཁྱོད་ལྷ་བཙུན་པའི་གན་དུ་བཞུད་དགོས་བྱས་པས་དེར་བྱོན། དོན་ཅི་བདོག་ཞུས་པས། གུང་ཐང་པ་གདན་གྱི་གུང་ལ་བཞག་ནས་བསྙེན་བཀུར་བཟང་པོ་བྱས་ཏེ་འདི་གསུང་། ལགས་འདུལ་བ་འཛིན་པ་ལ་ཞུ་བ། ངའི་ཕ་མེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དབུ་རྙེད། སྲོལ་གཏོད་དར་ཞིང་རྒྱས་པར་མཛད་པ་ཡིན་པ་ལ། དུས་དེང་སང་བསྟན་པ་ཉམས་དམས་པ་མཁས་བཙུན་ཐམས་ཅད་ཤེས་པ་སྐྱོ། ཇོ་བོ་ནི་སྤྱན་མ་འདྲོངས། དེའི་འོག་མ་ཆེ་བ་ཞིག་སྤྱན་འདྲེན་དགོས་པས་ཁྱོད་ལ་ཞུ་བ་ལགས་ཞེས་ཐུགས་ཆད་པས་དེ་སྐད་གསུངས། སྔར་རྒྱ་བརྩོན་སེང་བཏང་བ་དང་། ཁུ་བོ་གནས་སྐབས་ཇི་ལྟར་གྱུར་པ་དང་། ངའི་ཁུ་བོ་དེ་འོ་རྒྱལ། ངས་ཁུ་བོ་བཞག་ནས་ཡོང་ཕོད་པ། ཁུ་བོ་དེ་བཙོན་དོང་ན་བཞུགས་པའི་ནང་ནའང་སངས་རྒྱས་ཀྱི་བསྟན་པ་དང་ཇོ་བོ་འབའ་ཞིག་ཐུགས་ལ་སེམས༼༡༨༢༽ངེད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན། ཁྱོད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་རྣམས་ཅི་ཙུག་སོང་ཞེས་ཞུས་ཤིག ད་རེས་ང་དགའ་བ་དང་། ཕྱིས་འདུལ་བ་འཛིན་པ་དགའ་བར་ཡང་བྱེད་དོ། །ད་འདི་ན་གསེར་སྲང་བདུན་བརྒྱ་ཡོད། འདི་ཕར་ཁྱེར་ལ་བདུན་བརྒྱ་པོ་འདི་བླ་མའི་ཕྱག་ཏུ་ཕུལ། ངེད་བོད་པྲེ་ཏ་པུ་རི་ལྟ་བུའི་གྲོང་ཁྱེར་ན་གསེར་ལུག་ཤིག་ཙམ་རེ་ལའང་དཀའ་ལས་ཆེན་པོ་ཡོད་པ་ཡིན་པ་ལ། ད་འདི་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དབུ་བགྱིས། མི་ནོར་ཐམས་ཅད་ཡོངས་སུ་རྫོགས་ནས་ཡོད་ཀྱི། ད་ལན་འདི་ལ་མགོན་པོ་བོད་དུ་མ་བྱོན་ན་ཁྱོད་དམ་པ་རྣམས་ཀྱི་ཐུགས་རྗེའང་དེ་ལྟར་བས་པས་ངེད་ཀྱང་བྱ་བ་ཅི་བདེར་སྤྱོད་པར་བགྱིའོ། །ཁྱོད་འདུལ་བ་འཛིན་པས་ཞུ་བ་འདི་རྣམས་ཇོ་བོ་ལ་ཞུས་ནས་འབྱོན་དུ་མ་བཞེད་པའི་གཞུག་མཐའ་མ་ལ་སྙན་དུ་ཐེགས་པར་གྱིས་ཤིག་གསུངས་ནས་སྤྱན་ཆབ་ཀྱིས་པང་ཁེབས་དང་ཅོག་རྩེ་བངས་པ་ཙམ་དུ་བཤུམ་ཞིང་གསུང་བྱོན་པས། དགེ་བཤེས་གུང་ཐང་པས་ཚིག་ཟུར་ཙམ་ཡང་ཞུ་མ་ནུས། གསུང་ཤིན་ཏུ་བདེན་པ་དེ་རྣམས་ཐོས། ཆོས་རྒྱལ་དེ་མ་མཐོང་ཡང་རྣམ་པ་དྲན་པ་དང་། ཁོང་ཁུ་དབོན་གྱི་མི་ནོར་མང་པོ་ཟད་པ་རྒྱུས་ཡོད་པས། ཁོང་ཁུ་དབོན་སྡུག་ཆེས། ངེད་རྣམས་སྐྱིད་ཆེས་པ་དང་། ལྷ་བཙུན་མི་ཆེན་པོ་ཞིག་གིས་དེ་ལྟར་བཤུམས་པའི་སྟོབས་ཀྱིས་ལོ་ཙཱ་བ་ལུས་འདར། མཆི་མས་གདོང་གང་སྟེ་ལྷ་བཙུན་གྱི་ཞལ་ཡང་ལྟ་མི་ནུས། དེའི་སྟོབས་ཀྱིས་ལུས་སྲོག་དང་། བར་གྱི་དཀའ་ཚེགས་དང་། ཚེ་འདིའི་བདེ་སྐྱིད་གང་ལའང་མ་བསམ་པར་འོ་ལགས་སོ་ཞེས་དབང་མེད་པར་ཞལ་གྱིས་བཞེས་སོ། །དེ་ནས་ལྷ་བཙུན་གྱིས་འཁོར་ལྔ་བརྒྱ་ཙམ་གཏོང་བའི་གྲབས་མཛད་པས། ལོ་ཙཱ་བས་དེ་ཙམ་མང་ལྔ་ཙམ་གྱིས་ཆོག ཕར་ལམ་ཚུར་ལམ་གྱི་རྒྱགས་དང་བཅས་པ་གསེར་དུ་དགོས་ཞུས་པས། པཎྜྻི་ཏ་ལ་གསེར་ཐིག་པོ་གཅིག་ལ་སྲང་བཅུ་དྲུག་ཡོད་པ། ལིང་བ་གཅིག་ལ་སྲང་བདུན་ཅུ། གསེར་ཕྱེ་བྲེ་གང་། ལོ་ཙཱ་བ་ལ་སྲང་བདུན། ཕར་ལམ་གྱི་བརྒྱགས་ལ་སྲང་བདུན་སོགས་དགོས་པ་ཐམས་ཅད་བརྫངས་ཏེ། ལྷ་བཙུན་པས་ཐག་རིང་པོར་སྐྱེལ་ཐུང་མཛད། དགེ་སློང་ཁྱོད་ཀྱིས་ངའི་ཕྱོགས་སུ་བྱ་བ་བྱས་ད་ལན་དཀའ་ལས་ཆེ་ནའང་ཕར་བྱོན་ལ་དོན་གྲུབ་པ་ཞིག་མཛོད། འཁོར་ནས་བྱས་ཤེས་བཀའ་དྲིན་གཟོ་བར་བྱ་ཞེས་ལོ་ཙཱ་བ་དཔོན་སློབ་ལ་ཕྱི་མིག་གཟིགས་ཀྱིན་གཤེགས། ཡང་གསུང་༼༡༨༣༽ཆེན་པོ་ཞིག་གིས་བོས་ནས། དགེ་བཤེས་ལོ་ཙཱ་བ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཀྱིན་གཤེགས་པ་ཞུ་གསུང་། བལ་པོར་ནས་རྒྱལ་ཕྲན་བི་ཀྲ་མ་ལ་ཤཱི་ལར་འགྲོ་བ་དང་འཛོམ་པས་ལམ་ལ་སྐྱོན་མེད། ཉི་མ་རྒས་ཁར་གངྒཱའི་འགྲམ་དུ་སླེབས། གྲུ་པས་མགྲོན་པོ་ཚན་གཅིག་བཅུག་གྲུ་བསྡུས་ནས་སོང་། སྐད་བཏང་བས། ད་རེས་མི་ཐོངས་ཕྱི་རེས་བསུའོ་ཟེར། སྲོད་འཁོར་བ་ན་གྲུ་བྱུང་ནའང་། རྒྱལ་པོ་མི་ཆེ་བས་སྔོན་ལ་སྒྲོལ། ཁོང་རྣམས་ལུས། ཕྱོགས་དེར་མི་ནི་མེད། ཨ་ཙ་ར་རྣམས་ནི་སྤྱོད་པ་ངན། བདུད་རིགས་ནི་ཆོས་ལ་སྡང་། གསེར་མང་པོ་ཡོད་པས་སྔངས། གབ་ས་དང་ཡིབ་ས་མེད། ཅི་དྲག་ལ་གྱ་བའི་དུས་སུ་མཉན་པ་དཀར་པོ་ཞིག་གྲུ་དང་བཅས་ཏེ་བྱུང་། ལོ་ཙཱ་བས་ཁྱོད་གར་གཤེགས་བྱས་པས། ཁྱོད་དཔོན་སློབ་བསུ་རུ་འོངས་པ་ཡིན་ཟེར་ཏེ་གྲུས་བསྒྲལ། ད་ནམ་ཕྱེད་ཡོལ། ཆུ་འཁྲིས་དང་སྔོ་གསེབ་ཏུ་ཉལ་ན་དུག་སྦྲུལ་གྱི་འཇིགས་པ་འོང་། དོ་ནུབ་བི་ཀྲ་མ་ལ་ཤཱི་ལའི་སྒོ་སྤེའི་འོག་ཏུ་བརྟོལ། ཆོམ་རྐུན་པའི་འཇིགས་པ་ཡེ་མི་ཡོང་ཟེར་ག་ཤེད་དུ་སོང་། དེ་ནས་དེར་ཕྱིན་ཏེ་འདི་ན་བོད་སུ་ཡོད་ཅེས་ལན་གསུམ་བོས་པས། རྒྱ་བརྩོན་སེང་སྒོ་ཁང་གི་སྟེང་དུ་བཞུགས་པས་གསན་ནས་བོད་ང་ཡོད། ཁྱེད་ཀུན་ག་ནས་འོངས། ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་བྱས་པས། འོ་ན་སྒོ་ན་བྱིས་པ་ཡོད། དེ་ལ་ཁྱེད་རང་གི་ཆས་ཆོལ་གར་ཡང་མ་འགྲོ། དོ་ནུབ་དེ་རང་དུ་སྡོད་ཅིག་ནང་པར་མཇལ་ལོ་ཟེར་བས་དེ་བཞིན་བྱས། སང་རྒྱ་བརྩོན་སེང་གིས་རྩད་བཅད་ནས་མཇལ། ཅི་ལ་འོངས་གསུང་། ལོ་རྒྱུས་རྣམས་ཞུས་པས། ཇོ་བོའི་འོག་ན་ཆེ་བ་ལྟ་མང་པོ་ཡོད་དེ། དེ་ཀུན་གྱིས་བོད་ལ་ཕན་མི་ཐོགས། ཇོ་བོ་འདི་ལ་ལྷག་པའི་ཐུགས་རྣམ་དག་ཡོད་པ་ཡིན། ད་དུང་ཇོ་བོ་རང་སྤྱན་འདྲེན་དགོས། ཁྱོད་ངའི་སློབ་མར་སྣང་བ་ངོ་མ་ཤེས། ད་འདིར་ཨ་ཏི་ཤ་གདན་འདྲེན་དུ་འོངས་བ་སྐད་མ་ཟེར་སློབ་གཉེར་ལ་ཡོངས་ཀྱིས། གནས་བརྟན་ཤཱི་ལ་ཨཱ་ཀ་ར་བྱ་བ་ཡོད། དེ་འདི་ན་དབང་ཆེ་བས་དེའི་སེམས་གཟུང་། ད་ལྟ་རང་སོང་གསེར་སྲང་ཕྱེད་ཕུལ་ལ་ངེད་བོད་ནས་འོངས་པ་ཡིན། པཎྜྻི་ཏ་ནི་སྤྱན་མ་དྲོངས། ད་ཁྱོད་ཀྱི་ཞལ་སྔ་ནས་པཎྜྻི་ཏ་སྤྱན་དྲངས་པ་དང་ཁྱད་མེད་པའི་སློབ་གཉེར་ཅིག་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ཕུལ། དེ་ནས་ཀྱང་རིངས་རིངས་དང་བློ་མ་ཕེབས་པ་ཡེ་མ་བྱེད་པར་སློབ་གཉེར་གྱིས་ལ་ངལ་གསོས། དེ་ནས་འོ་ཅག་ཐབས་མཁས་པོས་ཇོ་བོ་ཆགས་ཕེབས་པའི་དུས་སུ་ཞུ་བ་བྱེད་པ་ཡིན་གསུངས་པ་བཞིན་བྱས་སོ། །༼༡༨༤༽དེ་དུས་དེར་ཇོ་བོ་མ་བཞུགས། རྟེན་ཁྱད་པར་ཅན་ལ་མཆོད་པ་འབུལ་དུ་གཤེགས་པར་འདུག དེ་ནས་བྱོན་དུས་གཞན་ཀུན་གྱིས་གསངས། སྤྲང་ཕྲུག་གཅིག་གིས་ཨ་ཏི་ཤ་ཟེར་ནས་ཕྱི་ལ་བརྒྱུགས་པས་ངོ་ཤེས་ཏེ། ལོ་ཙཱ་བ་ཡུས་ཀྱིས་དངངས་མཆི་མ་འདོན་ཞིང་ཕྱི་ལ་བརྒྱུགས་པས་ཁྱེ་རེ་བཞུགས། བོད་ཀྱི་ཚེ་དང་ལྡན་པ་བདེན། མཆི་མ་མ་འདོན་ཁྱོད་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་ལ་ཁོ་བོ་སྙིང་ཐག་རིང་བ་མིན། འདི་ལྟར་ན་སོ་རྒས། ལྡེ་མིག་མང་པོ་འཛིན་དགོས་བྱུང་། ད་དུང་ཁྱེད་བློས་མ་བཏང་བར་ཡོད་པ་ཡིན་གྱི། དཀོན་མཆོག་ལ་གསོལ་བ་ཐོབ། དེ་སྐད་གསུངས་པ་ཙམ་གྱིས་ཀྱང་རེ་ཆེ་བ་དང་ཡུས་པའི་སྟོབས་ཀྱིས་མིག་མཆི་མས་གང་ཞིང་གཏམ་མ་ཐོན། གསུང་ཆེན་པོས་ངན་པ་ཅི་ཟེར་གསུངས་པས། བྲེད་ནས་མཆི་མ་སངས། དེ་ནས་ཉིན་གཅིག་དབེན་པའི་དུས་སུ་རྒྱ་ནས་ཤོག་གསུངས་ཇོ་བོའི་གཟིམས་ཁང་དུ་ཁྲིད། དབུ་སྔས་མགོ་ན་ཐུགས་དམ་གྱི་མཎྜྻལ་ཡོད་པའི་ཁར་གསེར་ལིང་པ་དེ་བཞག གསེར་གསིལ་མ་རྣམས་ཚོམ་བུར་བཀོད་ནས་ཇོ་བོ་ལ་ཕུལ་ཏེ། རྒྱ་བོད་ཀྱི་ལོ་རྒྱུས། ང་ཡང་། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་ཚེ་དང་ལྡན་པ་སྤྱན་འདྲེན་དུ་བཏང་ནས་གདའ་བས། ན་ནིང་སྐད་མི་གསུང་བར་བོད་ལ་ཐུགས་རྗེས་གདགས་པར་ཞུ་འཚལ་ཞུས་པས། ཇོ་བོའི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག བྱང་ཆུབ་སེམས་དཔའི་བཀའ་ཡང་བཅག་ཏུ་མི་བཏུབ། རྒྱལ་པོ་དེ་ལ་ངོའང་མནོང་བར་ཡོད། ངའི་ཕྱིར་དུ་ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་གསུངས་སྤྱན་ཆབ་ཉིལ་མཛད་དེ་བྱོན་པར་ཞལ་གྱིས་བཞེས། དེར་ཇོ་བོའི་མཛད་པའི་འཕྲོ་བརཏལ་བ་ལ་ཟླ་བ་བརྒྱད་ཙམ་སྒུག་སྡོད་བྱས། འབྱོན་པར་ཟུག་དུས་ནག་ཚོ་ལ་གནས་བརྟན་ཤཱི་ལ་ཨ་ཀ་རས་ཇོ་བོ་ལོ་གསུམ་ན་འཁོར་བའི་ཆད་བྱས་ཏེ། ཇོ་བོ་དཔོན་སློབ་ཉི་ཤུ་ཙམ་ཚུར་བྱོན་ཁར། གསེར་རྣམས་ཆ་བཞིར་བྱས་ཏེ། གཅིག་བླ་མ་རྣམས་ལ་ཕུལ། གཅིག་རྡོ་རྗེ་གདན་དུ་མཆོད་པ། གཅིག་བི་ཀྲ་མ་ཤཱི་ལའི་དགེ་འདུན་ལ། ཆ་གཅིག་རྒྱལ་པོ་ལ་གཏད་དེ་ཇོ་བོ་ཉིད་ཀྱི་ཤུལ་གཟིགས་པར་གསོལ་ཏེ་རིམ་པས་བྱོན། བལ་པོར་རྒྱལ་པོས་ཞབས་ནས་བཏེག ཐང་བི་ཧ་རའི་གཙུག་ལག་ཁང་བརྩིགས། ལྷ་བཙུན་པའི་བསུ་བས་ཤིང་ཀུན་ཏུ་སླེབས། དེར་རྒྱ་བརྩོན་སེང་གྲོངས། དེ་ནས་རིམ་པས་མངའ་རིས་སུ་ཕེབས། མཆོད་ཡོན་མཇལ་བས་ཤིན་༼༡༨༥༽ཏུ་གུས་ཏེ། འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ་ཞེས་སྙན་པས་ཁྱབ། ལོ་ཆེན་པཎྜྻི་ཏ་པས་ང་རང་ཡོན་ཏན་ཆེ་དགོངས་ཡོད་ཀྱང་། ལྷ་བཙུན་གྱིས་སྤྱན་དྲངས་པ་ཡིན་པས་ཞབས་ཏོག་བྱེད་དགོས་སྙམ། མཐོ་ལྡིང་དུ་སྤྱན་དྲངས། དེར་རྒྱུད་སྡེ་བཞིའི་ལྷ་རྣམས་རྒྱུད་སྡེའི་གོ་རིམ་བཞིན་ཐོག་སོའི་མཐོ་དམན་ལ་བྱས་ཡོད་པ་གཟིགས་ཏེ། སོ་སོ་ལ་མངོན་རྟོགས་དང་མཐུན་པའི་བསྟོད་པ་རེ་མཛད། གདན་ལ་བཞུགས་པ་ན་ལོ་ཙཱ་བས་བསྟོད་པ་དེ་སུས་མཛད་ཞུས་པས། ཁོ་བོ་རང་གི་འཕྲལ་དུའོ་གསུང་། དེས་ལོ་ཙཱ་བ་འཇིགས་ཞུམ་སོང་། དེར་ཁྱོད་ཀྱིས་ཆོས་ཅི་དང་ཅི་ཤེས་གསུང་། མཁྱེན་ཚུལ་ཞུས་པས། ཁྱོད་ལྟ་བུ་བཞུགས་བཞིན་དུ་ང་བོད་དུ་ཡོང་མི་དགོས་པར་འདུག་པ་ལ་གསུང་། དེ་ཐམས་ཅད་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་བྱེད་གསུངས། སོ་སོའི་གཞུང་ནས་བཤད་པ་ལྟར་བྱེད་ཞུས་པས། ལོ་ཙཱ་བ་རུལ་ང་བོད་དུ་ཡོང་དགོས་པ་འདུག་གསུངས་ཏེ་གསང་སྔགས་འཕྲུལ་གྱི་མེ་ལོང་བྱ་བའི་བཤད་པ་མཛད། ལོ་ཆེན་ཐུགས་ཆེས། དེ་ནས་གསུང་རབ་དུ་མ་བསྒྱུར། དེ་ནས་སླར་བལ་ཡུལ་ཐང་བི་ཧ་རའི་རབ་གནས་ལ་བསྐོར་ཅིག་གཤེགས། སླར་མངའ་རིས་སུ་ཕེབས་ནས། སྤུ་རངས་ཀྱི་རྒྱལ་ཞིང་ཞེས་པར་བཞུགས་དུས་འབྲོམ་སྟོན་ཕེབས། དེ་གདུང་རུས་བཞེར། ཡབ་རྟ་གསུམ་བཞེར། ཡུམ་ཁུ་ལྟོ་བཟའ་ལན་གཅིག་པ་གཉིས་ཀྱི་སྲས་སུ་འཁྲུངས། ཡུལ་སྟོད་ལུང་ཕུ། ཆུང་ཆུང་ནས་ཇོ་བོ་བསེ་བཙུན་ལྷོ་བལ་དུ་བྱོན་ནས་ལོག་པའི་ཕྱག་ཕྱིར་འབྲང་འདོད། ཚོང་པ་དང་བསྡེབས་ཁོང་བཞུགས་སར་བརྟོལ། སློབ་གཉེར་ལེགས་པར་མཛད། ཉེ་ལོགས་ན་པཎྜྻི་ཏ་སྒྲའི་ཚེར་མ་ཞེས་བྱ་བ་ཞིག་ལས་བི་བརྟ་མང་པོ་བསླབས། ད་ལྟ་རྒྱ་གར་ན་སུ་ཆེ་དྲིས་པས། ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ་བ་ཡིན། ད་ལྟ་རྒྱལ་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙྱཱ་ན་བྱ་བ་ཡོད་པས། དེ་ད་ལྟ་བཞུགས་ན་ཁོང་ཆེ་བར་འོང་གསུང་། མཚན་ཐོས་པས་མོས་པ་ཆེན་པོ་སྐྱེས། ཚེ་འདི་ལ་མཇལ་བ་སྲིད་དམ་སྙམ་པ་བྱུང་། ཇོ་བོ་མངའ་རིས་སུ་ཕེབས་པའི་སྐད་ཆ་ཐོས་ནས་བསེ་བཙུན་ལ་ཞུས་པས། ཁོང་དགྱེས་བཞིན་ཆས་དང་བཅས་ཏེ་གནང་། ཕན་ཡུལ་དུ་ཞང་ཆེན་པོ་ལ་དགེ་བསྙེན་ཞུ་ས་ཡིན་པས་ཕྱག་སྐྱལ་དུ་བྱོན། ཀ་བ་ཤཱཀྱ་དབང་ཕྱུག་དང་ཡང་མཇལ། ང་པཎྜྻི་ཏ་མཇལ་དུ་འགྲོ །དབུས་སུ་སྤྱན་འདྲོང་པ་སྲིད་ན་ཡི་གེ་འབུལ་བས་༼༡༨༦༽ཁྱོད་མི་ཆེན་རྣམས་ཀྱིས་མདུན་མ་མཛད་དེ་འོང་དགོས་ཞུས་བྱང་ལམ་བརྒྱུད་འོང་བ་ཇོ་བོས་མཁྱེན། ངའི་ཨུ་པ་སི་ཀ་སླེབ་ཅེས་དགྱེས་དགྱེས་མཛད་ཐུགས་ཡིད་འདྲེས་སོ།། །། ༈ གསུམ་པ་དབུས་གཙང་དུ་འབྱོན་ཚུལ་ནི། འབྲོམ་གྱིས་དབུས་ཀྱི་ཕྱོགས་ན་ལྷ་ས་བསམ་ཡས་སོགས་གཙུག་ལག་ཁང་དགེ་འདུན་སྟོང་ཕྲག་མང་པོ་ཡོད་པའི་བསྔགས་པ་བརྗོད་པས། ཇོ་བོའི་ཞལ་ནས་ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ཙམ་རྒྱ་གར་ནའང་མེད། དགྲ་བཅོམ་པའང་ཡོད་མཆི་གསུང་ཕྱོགས་གཏད་དེ་ཕྱག་མཛད། དེས་སྤོབས་པ་རྙེད་དབུས་སུ་འབྱོན་པར་གསོལ། ཁོ་བོ་དགེ་འདུན་གྱི་བཀའ་བྱུང་ན་འགྲོ་གསུངས། ལོ་ཆེན་ལ་ལོ་ཙཱར་འགྲོ་དགོས་གསུངས་པས། དབུ་དུང་ལྟ་བུ་གཟིགས་ཕུལ་མཚམས་ཀྱི་དམ་བཅའ་མཛད་དེ་མཁའ་སྤྱོད་དུ་གཤེགས་ཀྱང་ཟེར། གཤེགས་ནས་གདུང་བྱ་མོའི་སྒོ་ང་ཙམ་གསུམ་བྱུང་སྟེ། དེ་ཡལ་ཟེར་རོ། །དེར་དབུས་སུ། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི་སོགས་ཞུ་འཕྲིན་བརྫངས་པ་ཀ་བ་ལ་འཕྲོད། དེས་དོ་དམ་ཆེར་བགྱིས་རྒྱལ་གྱི་ཞང་ཆེན་པོ་ལ་སོགས་ལ་གྲོས་ཞུས་ནས་ཇོ་བོ་གདན་འདྲེན་དུ་འབྱོན་པར་བརྩམས་པའི་ཚེ་ཁུ་སྟོན་ཁོང་རང་ཡི་གེ་ན་མི་འདུག་པས་མ་དགྱེས་ནས་སྔོན་ལ་ངས་མཇལ་བ་ཞིག་བྱ་སྙམ་བརྒྱུགས། དེས་གཞན་རྣམས་ལ་ལྕགས་བཅུག་པ་བཞིན་སོང་། དབུས་གཙང་གི་མི་ཆེན་ཐམས་ཅད་དཔལ་ཐང་དུ་ཕེབས། སྐྱིད་གྲོང་དུ་སྔར་ཞུ་བ་སོང་བས་ཇོ་བོ་དཔོན་གཡོག་ཀྱང་དེར་ཕེབས། བོད་སྟོན་རྣམས་ཞྭ་སྣ་རིང་ན་བཟའ་བེར་དང་རྟར་བཅས་པ་རྒྱང་ནས་གཟིགས་པས། ཇོ་བོས་ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་གསུངས་དབུ་གཏུམས། དེ་ནས་ཁོང་རྣམས་ཀྱི་རྟ་བབས། ཞྭ་དང་བེར་བཞག སྣམ་སྦྱར་གསོལ་བ་ཤ་སྟག་ཏུ་བྱས་ནས་བྱུང་བས། ཇོ་བོ་མཉེས་ནས་དགེ་འདུན་ལ་སྤྱི་ཕྱག་མཛད། དེ་ནས་བོད་སྟོན་རྣམས་ལོག ཇོ་བོ་དཔོན་གཡོག་རིམ་གྱིས་འབྱོན་པར་བྱས་ཏེ། ལྷོ་བྱང་མྱང་རོང་དབུས་ཀྱི་སོལ་ནག་ཐང་པོ་ཆེ་བསམ་ཡས་སོགས་སུ་འཕྲིན་ལས་བསྐྱངས་ནས། འབྲོམ་གྱིས་ཞང་སྟོན་ལ་ཡི་གེ་བཏང་། ཁོང་གིས་སྙེ་ཐང་དུ་སྤྱན་དྲངས། དེར་བཞུགས་གདན་ཆགས་སའི་མ་མོ་མཛད། བུར་དུ་དགོན་པ་བ་ལ་སོགས་པའི་སྒོམ་གྲྭ་བཙུགས། རྔོག་ལེགས་ཤེས་ལྷ་ས་དང་། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ། ཀ་བ་ཆེན་པོས་འཕན་ཡུལ་དུ་སྤྱན་དྲངས། སླར་སྙེ་ཐང་དུ་ལོག་སྟེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་༼༡༨༧༽ལེགས་པར་བསྐྱངས་སོ། །མཐར་ཇོ་བོས་འབྲོམ་ལ་ཁྱོད་ཀྱི་གནས་གཞི་ཆུང་ངུ་ཞིག་བརྩིགས། ངའི་བསྟན་པ་ཁྱོད་ལ་གཏོད་པས་ཟུང་གསུང་། དེ་ལ་འབྲོམ་གྱིས། སྤྱིར་བདག་འཁོས་ཀ་ཆུང་བྱེ་བྲག་ཏུ་རྟེན་དགེ་བསྙེན་དུ་སོང་ནས་བྱ་བ་ཆེན་པོ་སྒྲུབ་མི་ནུས་ཞུས་པས། ཇོ་བོས་བསླབས་པ་བཞིན་དུ་གྱིས། ང་རང་གིས་བྱིན་གྱིས་རློབ་པས་སེམས་ཁྲལ་མི་དགོས་གསུང་། འབྲོམ་ལ་རྒྱལ་ཚབ་བཀོད། དགུང་ལོ་བདུན་ཅུ་རྩ་གསུམ་ལ་དགའ་ལྡན་དུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བའི་དུས་གསེར་གྱི་ཆར་བབ། ཇོ་བོས་བོད་དུ་ལོ་བཅུ་གསུམ་བསྟན་པ་བསྐྱངས་སོ། །འབྲོམ་གྱིས་ཤུལ་འདིར་ཇི་ལྟར་བྱ་སྙམ་ཐུགས་ལས་ཆེ་བ་ལ། ཀ་བ་ཤཱཀྱ་དབང་ཕྱུག་དེ་མ་ཐག་ཏུ་བྱོན་ནས་གདུང་རྣམས་བཞུ། རྔོག་ལ་སོགས་པ་བུ་ཆེན་རྣམས་ལ་འཚམ་པར་བཀྱེ། རྟེན་དང་ཐུགས་དམ་གྱི་ལྷ་རྣམས་འབྲོམ་ལ་གཏད། ཁུ་རྔོག་འགར་དགེ་རྣམས་ཀྱིས་གདུང་ལ་དངུལ་གྱི་གདུང་ཁང་ལེགས་པ་རེའང་གྲུབ། ཀ་བས་དོ་དམ་མཛད་ནས་འདད་དང་ཤུལ་དུ་གཙུག་ལག་ཁང་བརྩིགས། འབྲོམ་གྱིས་ཇོ་བོས་སྐྱོང་བའི་ཚོགས་པ་རྣམས་ཕྱག་ཕྱིར་ཁྲིད་དེ་སྟོད་ལུང་དུ་བྱོན་ནས་གནམ་གྱི་བྱེ་མ་ལུང་དུ་ཐོག་ཅིག་བཞུགས། དེའི་ཚེ་འདམ་པའི་གཙོ་བོ་རྣམས་ཀྱིས་ཀྱང་གྲོས་བྱས། འབྲོམ་ར་སྦྲེང་དུ་སྤྱན་འདྲེན་པར་ཐག་བཅད། འཕྲང་ཁ་བེར་ཆུང་གིས་ཀྱང་ཞུ་བས་སླེབས་ནས་མེ་ཕོ་སྤྲེའུ་ལོ་གསར་ལ་ར་སྦྲེང་དུ་ཕེབས་གནས་གཞི་བཏབ། དེ་རྟིང་ང་འཇིག་རྟེན་བློས་གཏོང་གསུངས་ནས་ཆོས་གསུང་བ་མ་གཏོགས་འཇིག་རྟེན་གྱི་འདུན་མ་མི་མཛད། དགུང་ལོ་དྲུག་ཅུ་པ་ལ་མྱ་ངན་ལས་འདས། འདི་ནི་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་དགེ་བསྙེན་ཆོས་འཕེལ་ཞེས་ལུང་བསྟན་པ་དེ་ཡིན་པར་ཀུན་བདེན། འཚིམས་པས་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཉེ་གནས་དྷརྨ་ཏ། དེ་དག་གི་གདུགས་ཚོད་ལ་བབ་པ་ན་སྣང་བ་མཐའ་ཡས་མདུན་གྱི་ནམ་མཁར་བྱོན་ནས་བསྐུལ་བའི་དགེ་བསྙེན་ནི་འཕགས་པ་སྤྱན་རས་གཟིགས་ཏེ་འབྲོམ། འོད་དཔག་མེད་ཇོ་བོ་ཡིན་ནོ་གསུང་། དེ་ལྟར་ཇོ་བོ་ལ་བོད་རང་དུའང་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བའི་སྲས་ཀྱི་དམ་པ་འབྲོམ་ཡིན་ནོ། །དེ་ལའང་སློབ་མ་མང་ཡང་། ཕུ་ཆུང་བ་དང་། སྤོ་ཏོ་བ། སྤྱན་སྔ་བ་གསུམ་ལ་སྐུ་མཆེད་གསུམ་ཞེས་གྲགས་ཏེ། ཕུ་ཆུང་བས་ཚོགས་པ་མ་བསྐྱངས། །སྤོ་ཏོ་བ་ལ་རྒྱུན་དུ་ཚོགས་པ་སྟོང་ལྷག་པ་རེ་རྗེས་སུ་འབྲང་། གཞན་གྱིས་གནོད་ནའང་སྤྱིར་དགེ་༼༡༨༨༽སློང་ཁས་ཉེན། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་ཁས་ཉེན་གསུངས་ནས་གནོད་ལན་ཡེ་མི་མཛད། ལམ་སྒོམ་པ་གཙོ་བོར་འདོན། མདོ་སྡེ་རྒྱན་དང་བྱང་ས། བསླབ་བཏུས་དང་སྤྱོད་འཇུག སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམས་དྲུག་ནན་ཏན་དུ་འཆད་པས། དེ་དག་ལ་བཀའ་གདམས་གཞུང་དྲུག དེ་ནས་བརྒྱུད་པ་ལ་བཀའ་གདམས་གཞུང་པ་ཟེར་རོ། །སློབ་མ་གཙང་ན་རབ་སྣང་གཉིས། བྱང་ཕག་གཉིས། གཉལ་གྱི་གླང་གཉོས་གཉིས། དོལ་གྱི་འབེ་རོག་གཉིས་རྣམས་ལ་ཆེན་པོ་བརྒྱད། གླང་རི་ཐང་པ་དང་དབུས་ཀྱི་ཤར་པ་ཆེན་པོ་གཉིས་ལ་དབུས་ཀྱི་ཀ་ཆེན་ཟེར་རོ། །གླང་རི་ཐང་པས་གླང་ཐང་བཏབ། ཚོགས་པ་ཉིས་སྟོང་ཙམ་རྒྱུན་དུ་འདུས། ཤ་ར་བ་ཆེན་པོ་ཐུགས་རབ་ཆེ་བས་བཀའ་འགྱུར་ཐུགས་སུ་བཞུགས་པར་གྲགས། ཚོགས་པ་སུམ་སྟོང་དྲུག་བརྒྱ་ཙམ་འདུས། བཤད་པའང་གཞུང་ལུགས་ཆེན་པོ་ཀུན་ལ་མཛད། སློབ་མ་འགྲོ་དོན་ནུས་པ་མང་པོ་ཞིག་བྱུང་བའི་གཏུམ་སྟོན་གྱིས་སྣར་ཐང་བཏབ། ཁྱད་པར་བྱ་འཆད་ཀ་བ་ལ་བློ་སྦྱོང་གི་བཀའ་བབས། སྤྱན་སྔ་བ་ཚུལ་ཁྲིམས་འབར་ནི་འབྲོམ་རྣལ་འབྱོར་བ་གཉིས། དགོན་པ་བ་ཆེན་པོ་རྣམས་ལ་བརྟེན་བསམ་གཏན་གྲུབ་པས་རྫུ་འཕྲུལ་ཆེ། ལྟ་བ་ལ་འགྲན་དུ་མེད། འབྲོམ་ལ་སྔགས་ཀྱི་མན་ངག་མང་པོ་གསན། ལོ་དང་སྨྱུག་རུམ་དུ་བཞུགས། སློབ་མ་འགྲོ་ཕན་ནུས་པ་བསམ་གྱིས་མི་ཁྱབ། གཙོ་བོ་བྱ་ཡུལ་བ་གཞོན་དུ་འོད་ཀྱིས་བྱ་ཡུལ་གྱི་གནས་གཞི་བཏབ། གྲྭ་པ་ཉིས་སྟོང་རེ་བྱུང་བའི་ནང་ནས་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་རྩེ་འཆབ་བརྒྱ་དང་བཅུ། དེ་དག་གི་ནང་ནས་ཕྱིའི་ཆེན་པོ་དགུ བར་གྱི་ཆེན་པོ་བརྒྱད། ནང་ཐུགས་ཀྱི་སྲས་གསུམ་ཟེར་རོ། །ཇོ་བོའི་དངོས་སློབ་དགོན་པ་བ་ཆེན་པོ་ནི། རུས་འཛེང་། མཚན་དབང་ཕྱུག་རྒྱལ་མཚན། ཁམས་ནས་བྱོན་ཏེ་ཇོ་བོ་མྱང་སྟོད་ཉན་ཚོར་ཕེབས་དུས་མཇལ་དར་ཡུག་བརྒྱ་ཕུལ་ནས་སྒོམ་གནང་བར་ཞུས་པས། ཇོ་བོའི་ཞལ་ནས་ངའི་ཟན་ཟོ་གསུང་བ་ལ། བདག་རང་ལ་བརྒྱགས་ཡོད་ཞུས་པས། ཁྱོད་ངའི་ཟན་ཟ་ན་གདམ་ངག་སྟེར། དེ་ལྟ་མིན་ན་མི་སྟེར་གསུང་བ་ལ། དེ་ནས་བཟུང་སྟེ་ཇོ་བོའི་མཆོད་གནས་མཛད། ལེགས་པར་བསྒོམས་པས་གེགས་མང་པོ་བྱུང་བ་ཇོ་བོས་བསལ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། དེ་ལ་སློབ་མ་ཉེ་གནས་འགྲོགས་ཡུན་རིང་བ་རྒྱ་ཡོན་བདག་ཡིན། གཞན་སྣེའུ་ཟུར་པ། ཞང་ཀ་མ་ལ། གཉན་ལྷ་མོ་བ། འབྲོ་ཀོ་དེ་ལུང་བཞི་ལ་དགོན་གྱི་༼༡༨༩༽བུ་བཞིར་གྲགས། རྒྱས་ལྕགས་རི་གོང་ཁ་བཏབ། སྣེའུ་ཟུར་པ་མཚན་ཡེ་ཤེས་འབར། གཞོན་ནུ་ནས་ཏིང་ངེ་འཛིན་རང་འཁྲུངས། དེའི་གཏམ་སྒོམ་པ་ཤེས་རབ་དབང་ཕྱུག་གིས་དགོན་པ་བ་ལ་ཞུས་པས། ཁོའི་དེ་དགེ་བའི་བཤེས་གཉེན་གྱིས་ཟིན་ན་ལེགས་པར་འོང་སྟེ་མ་ཟིན་ན་སྨྱོན་པར་འགྲོ་གསུང་བ་དེས་བསྐྱར་བས་དེ་རེས་ལ་མ་ཐོན། ཕྱིས་ར་སྦྲེང་དུ་བྱོན། དགོན་པ་བ་བསྟེན། ཇོ་བོའི་གདམས་པ་ཇི་ལྟ་བ་གནང་། སྣེའུ་ཟུར་བཏབ། ཏིང་ངེ་འཛིན་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ། རྗེ་བཙུན་མི་ལ་དང་མཚན་ཐོས་པའི་གྲོགས་པོ་ཡིན། ཚོགས་པ་སྟོང་ཙམ་རེ་འདུས། སློབ་མ་འགྲོ་དོན་ནུས་པ་མང་དུ་བྱུང་བའི། སྒྱེར་སྒོམ་ཁུ་དབོན། སྒྱེར་སྒོམ་བྱ་ཡུལ་བའི་ཡང་སློབ་མ་ཡིན། དེའི་དབོན་པོ་ནི་རྒྱ་མའི་སངས་རྒྱས་དབོན་སྟོན་དུ་གྲགས་པ་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟར་སིངྒྷ་ལའི་དགྲ་བཅོམ་པས་ལུང་བསྟན་པ་དེའོ། །དེའི་རྒྱ་མའི་གཙུག་ལག་ཁང་བཏབ། འཕྲིན་ལས་མཐའ་ཀླས། དེའང་ཇོ་བོ་བོད་དུ་བྱོན་ནས་བླ་ཆེན་གྱི་བརྒྱུད་འཛིན་ཀུན་ཀྱང་ཇོ་བོའི་ཞལ་སློབ་ཏུ་སོང་བའི་སྟོབས་ཀྱིས་གནས་གཞི་ཕལ་ཆེར་བཀའ་གདམ་ངག་ཏུ་སྨྲ་བས་བཀའ་གདམས་པར་གྲགས་པ་དེར་སོང་། དེ་དང་དཀར་བརྒྱུད་རིན་པོ་ཆེ་དར་བའི་དུས་རབ་ཏུ་བྱུང་བ་ཐམས་ཅད་དེ་གཉིས་ལ་འདུས་པ་འདྲ་ཞིང་། གཞན་རྣམས་ཉུང་བས། སྣར་ཐང་བཅོམ་རལ་ཐུགས་མུག་སྟེ། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབས། །ཞེས་གསུངས་སོ། །གཞན་ཇོ་བོའི་སློབ་མ་རྔོག་ལེགས་ཤེས་ནི་ཡར་འབྲོག་སྒོག་མཁར་དུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་བསྙེན་པར་རྫོགས། སྡེ་སྣོད་སློབ་པའི་ཕྱིར་དུ་ཁམས་སུ་བསེ་བཙུན་གྱི་རྩར་བྱོན། འབྲོམ་ཡར་བྱོན་པའི་ཕྱི་ལོ་ལོག ལྷ་སར་བཤད་གྲྭ་བཙུགས། ཇོ་བོ་དང་མཇལ། ཆོས་ཀྱང་དུ་མ་བསྒྱུར། དེའི་སྐབས་ཇོ་བོས་གསང་ཕུའི་ཕྱོགས་སུ་ཕྱག་མཛད། བྱམས་འཇམ་དབྱངས་རྩོད་པ་མཛད་ཀྱི་འདུག བཤད་གྲྭ་བཙུགས་ན་ཤིན་ཏུ་ལེགས་པར་འོང་གསུངས་པ་ཁོང་གིས་ཐོས་ནས། དེ་གཞན་ལ་མི་གསུང་བ་ཞུ། བདག་གིས་དགོན་པ་འདེབས་པ་ལགས་ཞུས་པས་གསང་ཕུར་ཐོགས། ཕྱིས་དེ་ལ་དགོན་པ་བཏབ། རང་གི་གཅུང་པོ་ཆོས་སྐྱབས་ཀྱི་སྲས་ཤིག་རབ་ཏུ་བྱུང་མཚན་བློ་ལྡན་ཤེས་རབ་ཏུ་བཏགས། འདིས་མདོ་སྡེ་རྒྱན་ཞོགས་རྒྱུགས་གཅིག་ལ་ཟིན་པ་ཡིན་ཟེར། དགུང་ལོ་བཅུ་བདུན་ཚུན་ཁུ་བོ་རང་གིས་སྒྲ་ལ་སོགས་པ་ལེགས་པར་བསླབས། ༼༡༩༠༽དེ་ནས་ཁ་ཆེར་བརྫངས། ལོ་བཅུ་བདུན་ལྷོ་བལ་དུ་བཞུགས་ནས་གསན་སྦྱོང་མཛད། བལ་པོའི་མཐའ་འཁོབ་ཞིག་ཏུ་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀ་མངོན་སུམ་དུ་གཟིགས་ནས་མཁའ་སྤྱོད་དུ་འདོང་གསུངས་ནས་སྟག་གི་འཕོངས་སྟེང་དུ་བསྐྱོན་ནམ་མཁའ་མཐོན་པོར་སླེབས་པ་དང་། བོད་ཀྱི་ཐད་གཞན་པས་ངོམས་ནག་བ་མུན་པའི་གླིང་ལྟ་བུར་གཟིགས་ནས་མ་གི་གང་ལགས་ཞུས་པས་བོད་རྨོངས་པའི་གླིང་ངོ་གསུངས། བརྩེ་བ་མི་བཟོད་པ་འཁྲུངས། མཁའ་སྤྱོད་དུ་མི་འགྲོ་བར་དེར་འཆད་ཉན་བཙུགས་ཏེ། བློ་གྲོས་ཀྱི་སྣང་བས་དེ་དག་ཉིན་མོར་བྱའོ་སྙམ་དམ་བཅས་ནས་སློབ་དཔོན་ལ་གསོལ་བས་ལེགས་སོ་གསུངས་ཏེ་སྔར་གྱི་སར་བབས་ཞེས་གྲོ་ལུང་པའི་གསུང་ལས་བྱུང་། དེས་བོད་དུ་ཕེབས་ནས་གཙོ་བོར་གསང་ཕུ་དང་། གཞན་ཆོས་པར་མཛད་དེ་ལོ་བཅུ་བདུན་དུ་འཆད་ཉན་མཛད་པའི་སློབ་མ་གསུང་རབ་ཀུན་ལ་མཁས་པའི་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕར་ཕྱིན་ལ་མཁས་པ་འབྲེ་ཆེན་པོ་ཤེས་རབ་འབར། ཚད་མ་ལ་མཁས་པ་གངས་པ་ཤེའུ། དབུ་མ་ལ་མཁས་པ་ཁྱུང་རིན་ཆེན་གྲགས། སྐུ་དངོས་ཀྱི་གདན་ས་པ་ཞང་ཚེ་སྤོང་བ་སོགས་བསམ་གྱིས་མི་ཁྱབ་པ་བྱོན། དེས་ཕར་ཕྱིན་རྒྱ་གར་གྱི་པཎྜྻི་ཏ་འབུམ་ཕྲག་གསུམ་པའི་ལུགས་བཞིན་ཊིཀྐ་མཛད། ཚད་མ་ལ་རྣམ་འགྲེལ་རྒྱན་བཤད། རྣམ་ངེས། མངོན་རྟོགས་རྒྱན། སྤྱོད་འཇུག་སོགས་ལ་ཊིཀྐ་མཛད་པས་དབུས་གཙང་དུ་ལེགས་པར་དར། ཁྱད་པར་གངས་པ་ཤེའུ་དང་ཁྱུང་གཉིས་ཀའི་དངོས་སློབ་སྟོད་ལུང་རྒྱ་དམར་བ་བྱང་ཆུབ་གྲགས། དབུ་ཚད་ལ་དེའི་སློབ་མ་མང་ཡང་ཕྱྭ་པ་ཆོས་ཀྱི་སེངྒེ་གཙོ་བོ། དེས་ཕར་ཕྱིན་སོགས་གྲོ་ལུང་པ་དང་། སྤྱོད་ཕྱོགས་ཞང་ལ་གསན། གཞུང་ལུགས་ཀུན་ལ་བསྡུས་པ་རེ། ཁྱད་པར་ཚད་མ་ལ་ཡིད་ཀྱི་མུན་སེལ་ཞེས་པ་བོད་ཀྱི་བློ་གྲོས་ཀྱི་པདྨོ་འབྱེད་པ་ལ་ཉི་མ་ལྟ་བུ་དེ་བརྩམས། འཆད་ཉན་ལེགས་པར་མཛད་པའི་སློབ་མ་སེང་ཆེན་བརྒྱད། སེང་ཆུང་བརྒྱད། ཇོ་སྲས་མི་བཞི་གྲུབ་ཐོབ་མི་གསུམ་སོགས་མཐའ་ཡས་སོ། །དེ་ཕྱིན་ནས་གཞུང་ལུགས་ཀུན་སྤོམ་ཡོར་དུ་མི་འཇོག་པར་དཔྱད་བདར་ཞིབ་མོར་བྱེད་པ་འདི་བྱུང་། དེ་ནས་རིང་ཞིག་ཏུ་སྤྱི་མ་ཊིཀྐ་དར། དེ་ལས་ཕྱི་རབས་རང་འདིར་སྤྱི་མ་ཐལ་དར། གཞུང་ལུགས་ཀྱི་ཚུགས་ཅི་བདེར་བཞག་པས་ད་ལྟ་ཇོ་བོ་མཚན་ཉིད་པ་རྣམས་ཐལ་མ་བསྡུས་ཤིག་ལ་དབུ་བསྙུང་ངོ་། །འབྲེའི་སློབ་མ་ཨར། དེའི་སློབ་མ་ཁུ་དང་དཀར་ཆུང་བ། དེའི་སློབ་མ་ཞང་གཡེ་བ། ༼༡༩༡༽དེའི་སློབ་མ་གཉལ་ཞིག གཞན་དེ་ཕྱ་བའི་ཡང་སློབ་རྒྱུན་དེ་ལ་བུ་དགུར་གྲགས་པ་བྱུང་བའི་བཟང་རིངས་ཀྱིས་ཁྲོ་ཕུ། ཕུ་ཐང་དར་དཀོན་གྱིས་སྟོད་ལུང་དང་ཡར་ཀླུངས། གཙང་པ་གྲུ་གུས་ཞྭ་ལུ། འུ་ཡུག་པ་བསོད་ནམས་སེངྒེ་ས་སྐྱ། ཁོང་གིས་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྐུ་ས་སྐྱ་པཎྜྻི་ཏ་ཀུན་དགའ་རྒྱལ་མཚན་ལ་རྣམ་འགྲེལ་གསན་དེ་བཤད་པས། ད་ལྟའི་ཚད་མ་བ་ཐམས་ཅད་ཀྱི་ཐུག་སར་གྱུར་པ་ཡིན། བོ་དོང་རིན་རྩེས་བྲག་རམ་དུ། འཇམ་གསར་པས་རྐྱང་འདུར་དུ། འདི་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཟེར་བ་འཇམ་དབྱངས་མགོན་པོ་དང་ནོར་བ་ཡིན། སྐྱེལ་ནག་གྲགས་སེངྒེས་སྣར་ཐང་དུ་བཙུགས་པའི་སློབ་མ་སྐྱི་སྟོན་གྲགས་འབུམ། དེའི་སློབ་མ་བཅོམ་ལྡན་རལ་གྲི་དང་། དེའི་སློབ་མ་འཇམ་སྒེག དཔོན་སློབ་དེ་གཉིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་གང་རྙེད་བཞེངས། རྒྱ་འཆིང་རུ་པས་སྙེ་ཐང་བདེ་བ་ཅན་བཏབ་སྟེ། གཙང་པ་ཇོ་བརྟན་མ་གཏོགས་པ་གཉལ་ཞིག་གི་བུ་རྣམས་ཀྱིས་བཤད་གྲྭ་ལེགས་པར་བསྐྱངས། ཁྲོ་ཕུ་བའི་བཤད་རྒྱུན་བུ་སྟོན་ལ་འཁྲིལ། དེས་ཞ་ལུར་བསྐྱངས་ཤིང་། དེ་ལ་གཡག་ཕྲུག་སངས་རྒྱས་དཔལ་གྱིས་བཏུགས། དེས་ས་སྐྱ་དགའ་ལྡན་གྱི་བདག་མཛད། བུ་དོལ་གྱི་སློབ་མ་ཉ་དབོན་ཀུན་དགའ་དཔལ་སོགས་ལ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་བཏུགས། དེའི་ས་སྐྱའི་བྲག་དམར་བཟུང་འགྲན་བཤད་མཛད་པའི་སྟོབས་ཀྱིས་མདོ་སློབ་འདོད་ཐམས་ཅད་དེར་ཚོགས་པས་ཀུན་ས་སྐྱ་པར་སོང་། གཡག་པ་ལ་སློབ་མ་མང་ཡང་མཆོག་ཏུ་གྱུར་པ་རྒྱལ་མོ་རོང་པ་མཚན་ཤཱཀྱ་རྒྱལ་མཚན་ཤེས་བྱ་ཀུན་རིག་ཏུ་གྲགས་པ་དེ་ཡིན། དེས་ནཱ་ལེནྡྲ་བཏབ་ཀྱང་བཤད་གྲྭ་མ་བྱུང་། ཁོང་གི་སློབ་མ་མཁྱེན་རབ་གྲགས་བཟང་གིས་བི་ལུང་། ཀུན་མཁྱེན་དོན་ཡོད་དཔལ་བས་གསེར་མདོག་ཅན་བཏབ། དེ་པཎྜྻི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱིས་བསྐྱངས་པས་མཁས་པའི་འབྱུང་ཁུངས་སུ་གྱུར། ཀུན་མཁྱེན་ཆེན་པོ་བྱམས་ཆེན་རབ་འབྱམས་པས་སྐྱེད་ཚལ་བཏབ། འདི་མེས་སྟོན་ཚོན་པོ་ལ་མར་པས་ལུང་བསྟན་པ་དེ་ཡིན་པ་ལ་ནོར། གནས་གཞི་བཏིང་ནས་མར་པ་བྱོན་ཏེ་བག་ཙམ་མཐོས་འདུག་གསུངས་པ་དེ་ལ་བ་ཐོར་ཐོགས། མ་འོངས་པ་འདེབས་པར་ཞུས་པས་ཀུན་མཁྱེན་སངས་རྒྱས་འཕེལ་དུ་འཁྲུངས་པ་ཡིན་ཟེར། འདི་འཆད་ཉན་མཁས་པས་སློབ་མ་བསམ་གྱིས་མི་ཁྱབ་༼༡༩༢༽པ་ཐོན། དེའི་ནང་ནས་མུས་ཆེན་སེམས་དཔའ་ཆེན་པོས་ས་སྐྱ་པའི་མི་གཅིག་པོ་ཞེས་བསྔགས་པ་ཀུན་མཁྱེན་གོ་བོ་ལས་ཐུབ་བསྟན་གོ་གཉིས། སྡེ་བདུན་པ་བསྟན་པ་རབ་གསལ་གྱིས་ར་བ་སྨད། མཁས་པའི་དབང་པོ་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་གྲུབ་ཀྱིས་གཉན་ཡོད་བྱར་གཤོངས། གཞུང་བརྒྱ་བས་ཆོས་འཁོར་ལྷུན་པོ་བཏབ་པ་སོགས་ལེགས་པར་དར་རོ། །གདན་ས་འཇམ་དབྱངས་ཆོས་རྗེས་གཟུང་། རེད་མདའ་བའི་སློབ་མ་འགྲན་ཟླ་མེད་པར་བསྔགས་པ་ཙོང་ཁ་པ་ཆེན་པོ། རྩོད་པའི་ཁྱུ་མཆོག་དར་མ་རིན་ཆེན་སྔ་མས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། ཐམས་ཅད་དུ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་ཤིང་བཙུན་པའི་སྙན་པས་འཕྲིན་ལས་ཆེ། ཕྱི་མའང་དེའི་མདོའི་བརྒྱུད་འཛིན་དུ་སོང་བས་རྗེས་འཇུག་རྣམས་དེ་ལ་བསྔགས་པ་ཆེའང་། ཁོ་བོས་བལྟས་ན་འབྲོམ་སྟོན་གྱི་སྤྲུལ་པར་གྲགས་པ་དགེ་འདུན་གྲུབ། འདིས་བཀྲ་ཤིས་ལྷུན་པོ་བཏབ། སྤྲུལ་པའི་སྐུ་རིམ་པར་བྱོན་ནས་དགེ་ལྡན་པའི་བསྟན་པ་བསྐྱངས་པས་ཙོང་ཁ་པའི་སློབ་མ་ལ་འདི་ལྷག་གོ །དེའང་རོང་སྟོན་དང་རྒྱལ་ཚབ་དར་མ་རིན་ཆེན་གཉིས་གསང་ཕུར་རྩོད། རྒྱལ་རྔ་རོང་སྟོན་གྱིས་བརྡུངས། དེ་ནས་རོང་པོའི་སློབ་རིགས་རྣམས་ས་སྐྱ་པ། ཙོང་ཁ་པའི་སློབ་མ་རྣམས་དགེ་ལྡན་པ་ཞེས་གཉིས་སུ་སོང་བ་འདི་བྱུང་ཞེས་གྲགས་ལ། གཡག་གཞོན་མ་བྱོན་ཕན་བོད་དུ་འདུལ་གྲྭ། མངོན་གྲྭ། མཚན་ཉིད་པ་ཟེར་ལུགས་ཐ་དད་དུ་བྱེད་དོ། །དབུ་མ་ཐལ་འགྱུར་བའི་སྲོལ་ནི་བོད་དུ་ཇོ་བོས་གཏོད་མོད་ཀྱང་། གཞུང་རྣམས་ལ་དེ་ནས་བརྒྱུད་པའི་འཆད་ཉན་མ་དར། འཕན་ཡུལ་དུ་པ་ཚབ་སྟོད་སྨད་གཉིས་ཡོད་པའི་སྟོད་པར་འཁྲུངས་པ་ཉི་མ་གྲགས་ཞེས་པས་གཞོན་ནུ་ནས་ཁ་ཆེར་བྱོན། པཎྜྻི་ཏ་སཛྫ་ན་དང་། ཛ་ཡ་ཨ་ནནྟ་སོགས་ལ་གཏུགས་ཤིང་། ལོ་ཉི་ཤུ་རྩ་གསུམ་དུ་གཞུང་ལུགས་མཐའ་དག་དང་། ཁྱད་པར་དབུ་མ་ལ་སྦྱངས། འཕན་ཡུལ་དུ་ལོག་པ་ལ་གདུལ་བྱ་ནི་ཆེ་ནས་དགེ་བའི་བཤེས་གཉེན་ཤ་ར་བས་བདག་རྐྱེན་མཛད་དེ། རང་གི་གྲྭ་པ་མང་པོ་དབུ་མ་སློབ་ཏུ་བརྫངས་པ་ནས་གྲགས་ཐོན། རྩ་འཇུག་བཞི་གཞུང་ཕྲན་འགྲེལ་པ་དང་བཅས་པ་བསྒྱུར། ཕྱིས་ར་མོ་ཆེར་པཎྜྻི་ཏ་ཀ་ན་ཀ་ཝརྨ་དང་ལྷན་ཅིག་དག་པར་བཅོས། འཆད་ཉན་མཛད་པའི་སློབ་མ་གཙང་པས་རྦོས། རྨ་བྱ་༼༡༩༣༽བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ། ཕྱ་པའི་སེང་ཆེན་རྨ་བྱ་བྱང་བརྩོན་གྱིས་པ་ཚབ་རང་དང་རང་གི་ཁུ་བོ་རྨ་བྱ་བྱང་ཡེས་ལ་གཏུགས། ཞང་ཐང་སག་པས་ཐང་སག་བཏབ། ད་ལྟའི་དབུ་མའི་བཤད་རྒྱུན་དེ་ལ་ཐུག བྱམས་ཆོས་ལྔ་ཀ་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། བཙན་ཁ་བོ་ཆེ་གཉིས་སཛྫ་ན་གསན་མཉམ་ཡིན་ཀྱང་བཤད་ལུགས་མི་མཐུན། བཙན་གྱི་ལོ་རྒྱུས་ལ་ཐེག་ཆེན་རྒྱུད་བླ་མ་རྩ་འགྲེལ། ཆོས་ཆོས་ཉིད་རྣམ་འབྱེད་གཉིས་པཎྜྻི་ཏ་གཞན་ལ་མ་གྲགས། མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་འབྱུང་གི་འདུག་ནས་གཟིགས་པས་དཔེ་གཉིས་ཐོན། དེ་རྗེ་བཙུན་མ་ཕམ་པ་ལ་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་བྱོན་ཏེ། དེ་གཉིས་ལེགས་པར་གནང་། མཻ་ཏྲི་པས་པཎྜྻི་ཏ་དགའ་བའི་གྲགས་པ་ལ་བཤད། དེས་སྤྲང་པོའི་ཆ་བྱད་ཀྱིས་ཁ་ཆེར་བྱོན། སཛྫ་ནས་དེ་ངོ་མཚར་ཅན་དུ་གཟིགས་ནས་བསྙེན་བཀུར་བྱས། གཞུང་གཉིས་པོ་ཞུས། དཔེའང་ཁ་ཡར་བྲིས་ནས་མཁས་པ་ཛྙྱཱ་ན་ཤྲཱི་ལ་སོགས་ལ་ཕུལ། བཙན་ཁ་པོ་ཆེ་གྲྭ་པ་མངོན་ཤེས་ཀྱི་མཁན་བུ། སཛྫ་ན་ལ་ང་རྒས་པས་ཆོས་མང་པོ་མི་ལོབས། བཅོམ་ལྡན་འདས་བྱམས་པའི་ཆོས་ལ་འཆི་ཆོས་བྱས་པས། དེའི་བཤད་པ་ཡང་དག་པ་ཞིག་གནང་བ་ཞུ་ཞུས་པས། སཛྫ་ནས་ལོ་ཙཱ་བ་གཟུང་དགའ་བའི་རྡོ་རྗེ་ལ་བཅོལ་ནས་བཙན་ཁ་བོ་ཆེ་ལ་གདམ་པ་དང་བཅས་པ་གནང་ངོ་ཟེར་རོ། །བཙན་གྱིས་ཡར་སྟོད་བྲག་རྒྱ་བཏབ། དགེ་བཤེས་ལྕང་ར་བ་སོགས་ལ་བཤད་དོ།། །། ༈ དེ་ལྟར་མཚན་ཉིད་ཀྱི་འཆད་ཉན་བྱུང་བ་རགས་པ་ཙམ་བརྗོད་ནས། ད་ནི་སྔགས་ཀྱི་ཚུལ་ཇི་ལྟར་དར་བ་ལ། སྔོན་འགྱུར་བའི་རྒྱུད་སྡེ་ཕྱི་མ་གསུམ་གྱི་གླེགས་བམ་རྣམས་བསྟན་པ་བསྣུབས་དུས་སྔགས་འཆང་ཁྱིམ་པའི་རྟེན་ཅན་རྣམས་ཀྱིས་གཙིགས་བྱས། ཕྱིས་བསྟན་པའི་མེ་རོ་ལངས་པའི་དུས་དགེ་བའི་བཤེས་གཉེན་རྣམས་ལ་ཕུལ་བས་དཔེ་སྔོན་གྱི་དཀར་ཆག་དང་མཐུན་པར་བྱུང་ལ་འཆད་ཉན་གྱི་རྒྱུན་ནི་ཆད་དོ། །དེ་དུས་ཀྱི་བླ་མེད་རྣམས་ལ་རྙིང་མ་ཞེས་བྱ། དེ་རྒྱས་པར་ནི་གཏེར་དུ་སྦས་པ་ཡིན། རགས་ཙམ་ནི་སོ་སོའི་དབོན་དང་སློབ་མས་བཤད་པས་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས་བདུན་གྱི་རྒྱུད་མན་ངག་གི་རིགས་སྔོན་ནས་ད་ལྟའི་བར་དུ་བྱུང་། ལྷག་པར་གནུབས་སངས་རྒྱས་རིན་པོ་ཆེ་སྒྲགས་སུ་འཁྲུངས། གནུབས་ནམ་མཁའ་སྙིང་པོའི་ཚ་བོ། སློབ་༼༡༩༤༽དཔོན་པདྨ་སོགས་ལ་ཐུག བལ་པོའི་རྒྱལ་པོ་བ་སུ་དྷ་རས་རྗེས་སུ་གཟུང་། ཡུལ་དེའི་དཔོན་སངས་རྒྱས་ཡེ་ཤེས་ལ་སྲས་གཉིས་ཡོད་པ་འབངས་ཀྱིས་ངོ་ལོག་རྗེའུ་དང་ཁེངས་ཀྱིས་འཁྲུགས་པ་ལ་གྲོངས། ཡབ་ཚན་རྣམས་ཐོར། ཁོང་གི་མཐུས་སྒྲགས་གྲོང་བདུན་ཅུ་བརླག་པར་བྱས། འཁྲུག་པ་འདི་ཁོང་གིས་བལ་པོར་གླང་དར་བསྒྲལ་ནུས་པའི་མཐུ་སློབ་ཏུ་བྱོན། དེ་ཡན་སྔགས་པ་དཀར་པོ། དེ་ནས་སྔགས་ནག་ཧཱུྃ་ཤི་ཕཊ྄་འགྱེལ་བ་ཞིག་ཏུ་གྱུར། ཚུར་ལོག་དུས་གླང་དར་བསད་ཟིན་བསྒྲལ་མ་དགོས། ཁོང་རང་གི་དགྲ་ཚོ་ཁ་ཕུང་ལ་བཏང་། དེས་ཐུགས་སྐྱོ་བ་ལ་ཕོར་བལྡབ་རྩིས། གཙང་རོང་དུ་སོ་ཡེ་ཤེས་དབང་ཕྱུག་དང་ཕྲད། སོས་བཞུགས་ཞུས། ཁོང་གིས་གྲོགས་པོ་སྤ་སྐོར། སྲུ་ལེགས་པའི་སྒྲོལ་མ་གཉིས་ལ་སྦྲན། ལྟག་ཏུ་དགོན་པ་མཛད་ནས་བཞུགས་ཏེ། ས་ལ་ཕུར་པ། སྤ་སྒོར་ལ་བདུད་རྩི། སྲུ་ལ་ཡང་དག་བཤད། དེ་དུས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཤྭ་བ་ཤོར་ནས་མ་སོད་པ་ལྟོགས་ཆད་འཛོམ་པ་ཞིག་དགོན་པར་བྱུང་ལྟོ་སློང་པས། ནང་དུ་བཏང་ཟས་བྱིན་ནས་ལོ་རྒྱུས་དྲིས་པས་རུས་གནུབས་སུ་འདུག འདི་དང་ང་ཉེ་བར་འདུག་དགོངས། འོ་ཅག་ཉེ་བར་འདུག ངས་སློབ་གཉེར་སློབ། རྔོན་པ་བཤོལ་གསུངས་པས་ཁོའང་དད་པ་སྐྱེས། རྟ་སྒ་དང་བཅས་པ་ཕྱག་རྟེན་དུ་བཏང་། སློབ་དཔོན་གྱི་ཐུགས་ལ་བཏགས་བསམ་ཕུར་གཤིན་གསུམ་གྱི་གདམ་ངག་ཟབ་ཚད་གནང་། ཁུ་ལུང་པས་དྲིན་གཟོར་གསེར་མང་པོ་འབུལ་སྙམ་བྱང་གི་བྲག་རར་གསེར་རྡོལ་བ་གསན་ནས་འབྱོན་པའི་གནང་བ་ཞུས་པས། ཇོ་བོ་ནས་ང་རྒས་གསེར་གྱི་དགོས་པ་མེད་མ་འགྲོ་གསུང་རུང་ནན་བྱས་ཏེ་བྱོན། དེའི་ཤུལ་དུ་ཇོ་བོ་ལ་གྲོངས་རྟགས་བྱུང་། གདམ་ངག་འཕྲོ་ཚར་བ་མཛད། གནུབས་ཡོན་ཏན་རྒྱ་མཚོའི་ཆོས་སྐལ་གྲུ་གུ་དམར་ནག་ཏུ་གཏུམས་ནས་སྟག་སྒྲོ་གཟིག་སྒྲོར་བཅུག་སྟེ་སོ་ལ་གཏད་ནས། འདི་ཁུ་ལུང་པ་ལ་གཏོད་ཅིག་གསུངས་ཏེ་གཤེགས། དེ་ཙ་ན་ཁུ་ལུང་པ་རང་གི་རྨི་ལམ་ན། ཇོ་བོ་བྱོན་ནས་ང་ཚེའི་དུས་བྱས་ཟིན། ལ་འུར་ཡུལ་དུ་སོང་ཟེར། མནལ་སད་པ་དང་སྙིང་མ་དགའ་སྟེ་འཕྲལ་ཡུལ་དུ་འོངས། སོ་དང་ཕྲད་ནས་དྲིས་པས་གྲོངས་ཟེར། ང་ལ་ཞལ་ཆེམས་འདྲ་མེད་དམ་བྱས་པས། ཡོད་དེ་སྔོན་ལ་སྤུར་གྱི་རྩར་སོང་ཟེར། དེར་ཕྱིན་གསེར་སྤུར་ལ་གཏོར་བཤུམས་བརྒྱལ། དེའི་སྣང་བ་ལ་ཇོ་བོ་བྱོན་ནས་ང་ལ་མྱ་ངན་མ་བྱེད། ཁྱོད་རང་གི་ཆོས་རྣམས་སོ་ལ་གཏད་ཡོད། སོས་བཤའ་མ་བྱེད་བྱེད་མི་འདྲ། ཁོའི་འོག་ཁང་གི་ཀ་གཞུ་༼༡༩༥༽ལ་བཀལ་ནས་ཡོད་བྱ་བ་བྱུང་། རྟ་བཟང་པོ་ཞོན་ནས་ཕྱིན། སོས་ཁྱིམ་དུ་བོས། ཕྱིན་ཙ་ན་ཇི་ལྟ་བར་འདུག་ནས། དེ་རྟ་ལ་བཀལ་ཏེ་བྲོས་པ་སོས་བདས་པས་མ་སླེབས། ཇོ་བོ་འདི་གཙང་རོང་དུ་རྒྱ་ཞང་ཁྲོམ་དུ་འཁྲུངས་རང་གིས་ཆོས་སྦས་པ་བཏོན་ནོ། །རྒྱུད་ཀྱི་བཤད་རྒྱུན་མ་ཆད་པ་ནི་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་ཏེ། བི་མ་ལས་རྨ་རིན་ཆེན་མཆོག དེས་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ། དེ་གཉིས་ཀྱིས་དར་རྗེ་དང་ཞང་རྒྱལ་ཡོན་ལ་བཤད་ནས་བརྒྱུད་པ་དང་། བི་མ་ལས་གཉགས་ཛྙྱཱ་ན་ཀུ་མཱ་ར་དང་སོག་པོ་དཔལ་གྱི་ཡེ་ཤེས། དེ་གཉིས་ཀྱིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། དེས་སོ་ཡེ་ཤེས་དབང་ཕྱུག སྤ་སྒོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག སྲུ་ལེགས་པའི་སྒྲོལ་མ། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ལྔ་ལ་གདམས་པའི་ཆོས་སྐོར་ཐམས་ཅད་ཚང་བ་ཡོན་ཏན་རྒྱ་མཚོ། དེ་ལ་སྲས་པདྨ་དབང་རྒྱལ་དང་ཡེ་ཤེས་མཚོ། དང་པོའི་སྲས་འཇམ་དཔལ། དེའི་སྲས་ལྷ་རྗེ་ཡེ་ཤེས་གཟུངས། རྗེ་མི་ལའི་བླ་མ་དེའོ། །ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་སོ་ཡེ་ཤེས་དབང་ཕྱུག་གསུམ་ཀའི་སློབ་མ་མྱང་ཤེར་ཆོག དེས་མྱང་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། འདིས་དགེ་གོང་གི་ཅེ་ཤཱཀྱ་མཆོག་ལ་བདུད་རྩི། ཐོ་འབར་ནམ་མཁའ་སྡེ་ལ་མདོ་དང་སྤར་ཁབ། མྱང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་རྫོགས་ཆེན་དང་ལམ། འཆིང་ཕུའི་རོག་ཤཱཀྱ་འབྱུང་གནས་ལ་ཡང་དག དེ་སོགས་མཁས་པ་མང་པོ་བསྟེན། སྒྲུབ་པའི་རྟགས་ཐོན། བཤད་ཉན་ལེགས་པར་མཛད། འབངས་རྩེ་མོ་བཞི་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་བཤད། དེའི་ནང་ནས་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས། བྲག་རྒྱ་བོ་དགུ་འདུས་ཀྱི་རྩེར་བསྒྲུབ་པ་མཛད་པས་བདེ་གཤེགས་རྒྱ་བོ་ཟེར། དེ་ལ་སློབ་མ་ཀ་བཞི་གདུང་བརྒྱད། ཕྱམ་བཅུ་དྲུག གྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུལ་པོ་ཆེ་གཅིག་དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་ཆོད་མི་གསུམ་ལ་སོགས་དུ་མ་བྱུང་བས། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོ་ཡིན་ཟེར་བ་འདི་བྱུང་། དིང་སང་གི་བར་དུ་དར་རོ། །མན་ངག་རྫོགས་པ་ཆེན་པོར་གྲགས་པ་ལ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ། སེམས་སྡེ་ནི་ལྔ་བཻ་རོ་ཙ་ན་དང་། བཅུ་བི་མ་ལ་ནས། ཀློང་སྡེ་བཻ་རོ་ཙ་ན། མན་ངག་གི་སྡེ་ནི་སྙིང་ཐིག་ཅེས་གྲགས་ཤིང་། བི་མ་ལ་ལས་བྱུང་། དེའི་སློབ་མ་མྱང་༼༡༩༦༽ཏིང་འཛིན་བཟང་པོ་ལས་བརྒྱུད་དེ་བོད་ཁམས་སུ་དར་རོ། །དེ་ལས་རྨ་རིན་ཆེན་མཆོག གཉགས་ཛྙྱཱ་ན་ཀུ་མཱ་ར། གནུབས་སངས་རྒྱས་ཡེ་ཤེས་གསུམ་ལས་བཀའ་མ་ཤས་ཆེར་བྱུང་བས། འགོས་ཀྱིས་རྙིང་མ་ཁོང་གསུམ་གྱི་བརྩམས་ཆོས་ཡིན་ཟེར་བ་འདི་བྱུང་བ་ཡིན། དེ་ལ་བོད་རྣམས་རྙིང་མ་ཡང་དག་པ་མིན་ཟེར་བ་ལ་སྔགས་མ་དག་ཟེར་ཏེ། རྒྱ་སྐད་ཨོཾ་ལ་རིང་པོ་མེད་ཅེས་ཟེར་ནས་ཨོཾ་ལ་འ་བཏགས་པ་ལ་སྐྱོན་འདོགས་ཏེ། རྒྱ་སྐད་ཨོཾ་རང་རིང་པོ་ཡིན་པས་རིང་པོ་མེད་སྨྲ་བ་རང་འཁྲུལ། དེ་རིང་པོར་ཤེས་པར་བྱ་བ་ལ་འ་བཏགས་པས་སྐྱོན་ཅིའང་མེད། རྒྱ་སྐད་སོར་བཞག་ན་ཨཽཾ་སོགས་ཞུགས་པ་ལ་སྣ་རུ་ཉིས་བརྩེགས་ལས་མི་འབྱུང་རྒྱུ་ལ། དེ་བོད་དུ་ཀློག་པ་ལ་གོའུ་ཏ་མའམ། ཀོའུ་ཤི་ཀ་སོགས་སྔོན་གྱི་ལོ་ཙཱ་བ་མཁས་པ་དག་གིས་བཀོད་པ་ལྟ་བུ། ཡང་མ་མོའི་རྒྱུད་དུ་ཉིད་ཞི་མུ་ཁལ་ཞེས་གསུངས། དེ་ལ་རྒྱ་མིན་བོད་མིན་ཟེར་སྐྱོན་གཏོང་སྟེ། སྔགས་ཐམས་ཅད་ལེགས་སྦྱར་གྱི་སྐད་མིན། ཤ་ཟ་དང་ཟུར་ཆག རང་བཞིན་སྐད་ཀྱང་ཡོད་པ་ལ་ཅིའང་མ་བསམས་པར་སྨྲས་པའི་སྐྱོན་ཡིན། དཔེར་ན་བལ་པོའི་ལོངས་སྐུ་སིང་ཟེར་བ་ལྟ་བུ་དང་ཁྱད་ཅི་ཡོད། དེའི་ལོངས་སྐུ་དེ་བོད་སྐད་ནི་མིན། གྷུ་རུ། དྷ་ཀི་སོགས་ཀྱང་ཨུ་རྒྱན་འགྲོ་ལྡིང་བའི་སྐད་ལ་དེ་ལྟར་ཡོད་ཅིང་། ཛོ་གི་སྐད་གྱོང་པོ་དག་ཀྱང་མངོན་སུམ་སྒྲོག དཔེར་ན་བོད་སྐད་གཅིག་ལ་ཁམས་པས་སྨྲས་ན་གྱོང་བ་ལྟ་བུ་ཡིན། ལོ་ཙཱ་གསུམ་པོས་བྱས་པའི་ཤེས་བྱེད་ཡོད་ན་དེས་ཆོག སངས་རྒྱས་དང་མཉམ་པའི་རིག་འཛིན་ཡིན། ལར་རྙིང་མའི་རྒྱུད་རྣམས་རིག་འཛིན་རྣམས་ཀྱིས་འཁྲུགས་བསྡེབས། གབ་པ་ཕྱུང་བས་ཁ་གསལ། གསར་མའི་རྣམས་ལུང་དེ་ཁར་བཞག་པས་ཁ་དམ་པ་ཡིན། རྒྱུད་རྣམ་དག་ཡིན་མིན་དོན་ཅི་སྟོན་བརྗོད་དགོས། དེ་ནས་བསྐྱེད་རྫོགས་སངས་རྒྱ་བའི་ལམ་སྟོན་པ་ལ་ཁྱད་མེད་པས་ཅལ་བརྒྱུགས་ཀྱི་རྗེས་སུ་མི་འབྲང་འཚལ་ལོ། །གཏེར་སྔ་ཤོས་གྲ་པ་དང་རགས་ཤ ཕྱིས་མངའ་བདག་མྱང་ཉི་མ་འོད་ཟེར། ཆོས་དབང་སོགས་མང་པོ་ཞིག་གིས་བཏོན། རྣམ་པར་དཔྱད་ན་ངོ་མཚར་བ་ཁོ་ན་བས། གཏེར་ནས་ཆོས་ཚད་མ་མ་དོན་སྨྲ་བའང་རིགས་པ་མ་ཡིན་ནོ།། །། ༈ ལོ་ཆེན་རིན་ཆེན་བཟང་པོས་ཡོ་ག་རྩལ་དུ་བཏོན། ཟངས་དཀར་ལོ་ཙཱ་བ་དང་ཤེས་རབ་བླ་མས་ཀྱང་ལེགས་པར་བཤད། དང་པོ་གཉིས་ཀྱི་ལུགས་རྒྱུན་ཕྱིས་བུ་སྟོན་གྱིས་གསལ་བར་མཛད། བྱ་སྤྱོད་རྒྱུད་རེ་ཙམ་འཆད་པ་དང་། ༼༡༩༧༽སྒྲུབ་ཐབས་ཀྱི་ཡི་གེ་ཤིན་ཏུ་མང་ངོ་། །གཞན་ལོ་ཆེན་གྱིས་གསང་འདུས་བདེ་མཆོག་སོགས་གསང་སྔགས་མང་དུ་བསྟན། ནག་ཚོས་ཀྱང་ཇོ་བོ་དང་ཁ་ཆེ་ཨཱ་ཀཱ་ར་སིདྡྷི་སོགས་ལ་གསན། གསང་འདུས་སོགས་བསྒྱུར་ཅིང་བཤད། རྣལ་འབྱོར་མའི་རྒྱུད་ལ་ནི་རུ་གནོན་དུ་བརྩིགས་པའི་གཡས་རུ་གཙང་འཕྲང་རུ་ལག་ན་གྲོམ་པ་རྒྱང་ཞེས་གྲགས་པ་དེ་སོགས་སྨད་ཀྱི་བཙན་པོ་སྡེ་གསུམ་གྱིས་བདག་མཛད་ནས་ཡོད་ཅིང་། ལྷ་རྩེར་མཆེད་གསུམ་བཀའ་བགྲོས་ཏེ། འོ་ཅག་ལ་བླའི་མཆོད་གནས་ཤིག་དགོས་པར་འདུག་ཟེར་ནས། ལོ་ཚོང་གཉིས་ལ་ཞུས་པས། རྒྱ་ཤཱཀྱ་གཞོན་ནུ་དང་། སོ་ཡེ་ཤེས་བརྩོན་འགྲུས་གཉིས་བྱོན། གྲོམ་པ་རྒྱང་དུ་རྒྱས་མཁན་པོ། སོས་སློབ་དཔོན་བྱས་རབ་ཏུ་བྱུང་བ་མང་པོ་བསྒྲུབས། དེའི་ཚེ་མཁན་སློབ་གཉིས་ལ་མཁན་བུ་མང་དུ་བྱུང་བ་བསགས་ནས། རྒྱ་གར་དུ་ཆོས་སློབ་ཏུ་གསེར་བསྐུར་ནས་རྫོང་བཞེད་པ་ལ་དྲིས་པས་ཁས་ལེན་མ་བྱུང་། མཁན་སློབ་རང་གིས་འབྲོག་མི་ཤཱཀྱ་ཡེ་ཤེས་དང་། སྟག་ལོ་གཞོན་ནུ་ཚུལ་ཁྲིམས་གཉིས་སྡུག་སྲན་ཆེ། དཔྱད་པ་ཆེ་བར་དགོངས་ནས་འགྲོ་དགོས་གསུངས། དེ་གཉིས་ཀྱིས་ཁས་བླངས། འབྲོག་མིས་དེ་ཙ་ནས་རང་འཕྲལ་སྐད་ལེགས་པར་མཁྱེན་པ་ཡིན། དེ་གཉིས་ལ་མཁན་སློབ་ཀྱིས་གསེར་མང་པོ་བསྐུར། ཞལ་བཀོད་གསུམ་མཛད་དེ། བསྟན་པའི་རྩ་བ་ཡིན་པས་འདུལ་བ། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་སློབས་གསུངས་བརྫངས། དེ་གཉིས་ཀྱིས་བལ་པོར་ལོ་གཅིག་བཞུགས། བལ་པོ་ཞི་བ་བཟང་པོ་བྱ་བའི་པཎྜྻི་ཏ་ལ་བཏུགས། སྒྲ་བསླབས་དབང་བསྐུར་དང་རྒྱུད་སྡེ་མང་དུ་གསན། བདག་ཅག་རྒྱ་གར་དུ་འགྲོ་བས། རྒྱ་གར་དུ་མཁས་པ་དུ་ཡོད། ཇི་ལྟར་བྱས་ན་འཐད་ཞུས་པས། སྤྱིར་རྒྱ་གར་ན་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་སོགས་མང་བར་ཡོད་ཀྱང་། ད་ལྟ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བསྟན་པ་དར། དེ་ན་མཁས་པ་སྒོ་དྲུག་བྱ་བ་ཡོད། དེའི་ནང་ནས་ཤར་སྒོ་སྲུང་བའི་མཁས་པ་ཆེན་པོ་ཤཱནྟི་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡིན། དེ་ངའི་བླ་མ་ཡིན་པས་དེར་སོང་གསུང་བ་བཞིན་ཤཱནྟི་པའི་དྲུང་དུ་ལོ་བརྒྱད་བཞུགས། མཁན་སློབ་གསུང་བ་བཞིན་འདུལ་བ། ཕར་ཕྱིན། དགྱེས་རྡོར་རྒྱུད་གསུམ། བདེ་མཆོག་སོགས་སྔགས་མང་དུ་གསན། ནཱ་རོ་པ་སོགས་སྒོ་དྲུག་གཞན་རྣམས་ལ་ཆོས་འབྲེལ་ཞུས། དུས་འཁོར་བ་དང་ཨ་མོ་གྷ་བཛྭ་གཉིས་ལ་སྔགས་མང་དུ་གསན། དེ་ནས་བོད་༼༡༩༨༽དུ་ལོག་འབྱོན་དགོངས་ཤར་ཕྱོགས་ཁ་སརྤ་ཎི་གྲགས་ཆེ་བས་མཇལ་དུ་བྱོན། དེ་དང་ཉེ་བ་ཀུ་བ་ཚལ་བྱ་བའི་ནགས་ཁྲོད་ན་དགེ་སློང་ཆོས་གོས་གསུམ་ལྷུང་བཟེད་དང་བཅས་པ་ཞིག་ཤིང་སྡོང་ལ་གསིལ་བྱེད་ཐུག་ཐུག་བྱེད་འདུག་པས། དེའི་སེར་ཁ་ནས་ཚུར་ལུས་མི་སྣང་། ལག་པ་རིན་པོ་ཆེས་བརྒྱན་པ་ཞིག་གིས་བསོད་སྙོམས་འབུལ་བ་མཐོང་། ཤིན་ཏུ་དད་དེ་རྗེས་སུ་འཛིན་པར་ཞུས་པས་ཅི་དོན་དུ་གཉེར་གསུང་། ཆོས། དེའི་ནང་ནས་གསང་སྔགས་དོན་དུ་གཉེར་ཞུས་པས། འོ་ན་དབང་བསྐུར་དགོས་གསུང་། སྔར་ཐོབ་ཚུལ་ཞུས་པས། ངའི་ཆོས་འདོད་ན་ང་རང་གིས་དབང་བསྐུར་དགོས་གསུངས་ནས། དེའི་དྲུང་དུ་ལོ་བཞི་བཞུགས། དགྱེས་པ་རྡོ་རྗེ་རྒྱུད་གསུམ། ཌོམྦི་བའི་རྗེས་སུ་འབྲངས་བའི་འབྲེལ་པ་དབང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་སོགས་མན་ངག་དུ་མ་དང་། ལམ་འབྲས་རྩ་བ་མེད་པ་ཞིག་ཀྱང་གསན། དེ་མི་ཐུབ་ཟླ་བའི་དངོས་སློབ། པྲཛྙྱཱ་ཨིནྡྲ་རུ་ཙིར་བྱ་བ། བོད་སྐད་དུ་ཤེས་རབ་དབང་པོ་མཛེས་པ་ཞེས་ཟེར། གསང་མཚན་དཔའ་བོ་རྡོ་རྗེ། །ཕྱིས་མྱུ་གུ་ལུང་དུའང་བྱོན། རིན་ཆེན་འབར་བ་བརྩམས་གསེར་ཕུལ་བ་མ་བཞེས། ཅི་ལ་བྱོན་ཞུས་པས་བོད་ཀྱི་གངས་ལྟ་བ་ཡོང་གསུངས། ལོ་གསུམ་བཞུགས་ཏེ་ཉི་ཟེར་ལ་ཞོན་ནས་ལོག ད་ལྟའང་བཞུགས་ཟེར། དེ་ལྟར་ལོ་བཅུ་གསུམ་སོང་། སྟག་ལོས་སློབ་གཉེར་མ་བྱས་ཚུར་མཉམ་དུ་ལོག མཁན་སློབ་བླ་ཆེན་ལ་དགྱེས། སྟག་ལོ་ལ་ཁྱོད་ཀྱིས་ཆོས་མི་ཤེས་པ་ཅི་ཡིན་ཟེར། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་མོས་པར་བྱུང་ནས་སྐོར་བ་བྱེད་ཅིང་བསྡད་ཞུས། ཚུལ་ཁྲིམས་མགོ་ཐོན་པས་ཕྱིས་སྟག་ལོའི་སྡེ་པ་བཟང་ལ་མང་བ་བྱུང་། འབྲོག་མིས་མྱུ་གུ་ལུང་དང་ལྷ་རྩེའི་བྲག་ལ་བཞུགས། ལྷ་ལྕམ་གཅིག་ལ་སྲས་ཨིནྡྲ་དང་རྡོ་རྗེ་གཉིས་བྱུང་། སྐབས་ཤིག་ཏུ་གནམ་ཐང་དཀར་པོ་བྱ་བ་ན་ཡོད་པའི་འབྲོག་པས་སྤྱན་དྲངས་ཆོས་འཆད་པ་ན། བླ་མ་ག་ཡ་དྷ་རས་འཕྲིན་བཏང་ནས་པཎྜྻི་ཏ་ཡོང་གི་ཡོད་པས་བསུ་རུ་ཤོག་གསུང་། བྲིས་པས་རྡོ་རྗེ་ཐེག་པར་མཁས་པ་ཞིག་ཏུ་དགོངས་ཏེ་བསུར་བྱོན། མང་ཡུལ་གྱི་ལ་དེར་མཇལ། ལྷ་རྩེར་གདན་དྲངས། ཟླ་བ་དྲུག་དཔོན་སློབ་ཀྱི་འབྲེལ་བཏགས། པཎྜྻི་ཏ་ལོ་ལྔ་བཞུགས། ལོ་ཙཱ་བས་གསེར་སྲང་ལྔ་བརྒྱ་འབུལ་བའི་ཆད་མཛད། མྱུ་གུ་ལུང་དུ་སྤྱན་དྲངས། གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་ཆོས་རྫོགས་པར་གནང་། ལོ་གསུམ་སོང་བ་དང་རྒྱ་གར་དུ་འགྲོ་གསུང་། ༼༡༩༩༽ཆད་ལོ་ལྔ་བཞུགས་པར་ཞལ་གྱིས་བཞེས་པ་ལགས་མོད། བདག་གིས་གསེར་ཡང་མ་འགྲུབ་ཞུས་པས། ཆོས་ཐམས་ཅད་ནི་ཚར། ཁྱོད་རང་གསེར་ཕྲི་ལ་ཕུལ་གསུང་། འབྲོག་མིའི་དགོངས་པ་ལ་གསེར་ཕྲི་བས་མི་རུང་། ཚང་བར་འབུལ་དགོངས་བསྒྲུབས་པས་གསེར་སྲང་བརྒྱ་མ་གཏོགས་རྙེད། བརྒྱ་ཟུར་པོ་ཆེ་སྔ་ནས་ཀྱི་སློབ་མ་ཡིན་པས། ཁོ་ང་ལ་གསེར་ཁུར་ལ་ཆོས་འདོད་ན་སྦྱིན་གྱི་ཤོག་གསུངས་པས་ཁོང་གིས་ཕུལ། ཁོང་ལ་བསམ་མི་ཁྱབ་གནང་། ཁོང་ནས་བླ་མ་ཆེན་པོའི་བཀའ་དྲིན་གྱིས་ཁོ་བོའི་སེམས་ཕྱོགས་ནོར་དུ་བཏང་གསུངས། པཎྜྻི་ཏ་ལ་གསེར་རྣམས་ཕུལ་བས་མཉེས་ནས་ཁྱོད་ཅི་དགའ་བྱ་ཡི་གསུངས། གསུང་ངག་གི་ལྷག་མ་ཡོད་ན་རྫོགས་པར་ཞིག་ཞུ་བྱས་པས། ལྷག་མ་ལུས་པར་བྱིན་པ་ཡིན་ལྷག་མ་མེད་གསུངས། གཞན་ཅི་འདོད་ཡང་ཡང་གསུངས། གསུང་ངག་འདི་བོད་དུ་གཞན་ལ་མི་གསུང་བ་ཞུ་ཞེས་ཞུ་འཕུལ་བས་ཞལ་གྱིས་བཞེས་ཏེ་རྒྱ་གར་དུ་གཤེགས་ག་ཡ་དྷ་ར་ཕྱིས་མགོས་ཀྱིའང་སྤྱན་དྲངས། དེ་དུས་ཀྱང་མཇལ། གྱི་ཇོ་ཟླ་བའི་འོད་ཟེར་གྱིའང་སྤྱན་དྲངས། དེ་རེས་གཉོས་འབྱུང་པོས་གདན་དྲངས། ཁ་རག་ཏུ་བྱོན། དེར་བསྙུང་ནད་ཀྱིས་ཐེབས། འཕོ་བ་མཛད་ནས་གཤེགས་སོ། །བླ་ཆེན་འབྲོག་མི་དེ་མན་ངག་གསུངས་པའི་སློབ་མ་ལ་གཞུང་མི་གསུངས། གཞུང་གསུངས་པའི་སློབ་མ་ལ་མན་ངག་མི་གསུང་བ་ཡིན་པས། གཞུང་ཡང་ལྔ་ཕན་ལ་མི་གསུང་བས་རྣ་བ་དྲུག་པ་ཆོས་ཀྱིས་དབེན་ཟེར་བ་བྱུང་། མན་ངག་ནི་རེ་རེའམ་གསུམ་ལས་མང་བ་ལ་མི་གནང་། གནང་དུས་དམིགས་པ་རེ་ལ་ཚོགས་འཁོར་རེ་མཛད་ཀྱིན་གནང་། གཞུང་ཚར་བའི་སློབ་མ། མན་ངག་ཚར་བའི་སློབ་མ། གྲུབ་ཐོབ་ཀྱི་སློབ་མ་གསུམ་ལས། དང་པོ་ལ་ལྷ་རྩེའི་གྱི་ལྗང་དབུ་དཀར། ཤངས་ཀྱི་བྲག་རྩ་སེ་ནག་པ། འཕྲང་འོག་གི་འདྲང་སྟོན་དཀོན་མཆོག་རྒྱལ་པོ་དང་འཁོན་དཀོན་མཆོག་རྒྱལ་པོ། གཉིས་པ་འབྲོམ་མདོ་པ་སྟོན་ཆུང་། ལྷ་བཙུན་ཀ་ལི། སེ་མཁར་ཆུང་བ། གསུམ་པ་གྲུབ་པ་ཐོབ་པ་ཕོ་གསུམ། མོ་བཞི། གཞན་ཡང་རྗེ་བཙུན་མར་པ་དང་མགོས་སོགས་མང་དུ་བྱོན། བླ་ཆེན་ལ་སྐུ་ཆེ་བའི་ཡོན་ཏན་གནས་ལྔ་རིགས་པའི་པཎྜྻི་ཏ་ཡིན། བསྐྱེད་རིམ་ལ་བརྟན་པ་ཐོབ། ལུས་གཅིག་ལས་གཉིས་སུ་སྤྲུལ་པ་དང་། སྦྱིན་སྲེག་གི་ཐབ་ནས་ཡོ་བྱད་ལེན་ནུས་པ། ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ་དང་། བསམས་ན་ཤེས་པའི་མངོན་ཤེས་ཡོད། འཕོ་བ་གྲོང་འཇུག་བྱེད་ནུས་པས་ངའི་༼༢༠༠༽རོ་འདི་ཞག་བདུན་མ་བསྒུལ་བར་ཞོག དེ་ནས་ངའི་རིག་པ་ཕུང་པོ་འདི་ལ་ཞུགས་ནས་ལམ་གྱི་ལྷག་མ་བགྲོད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ་གསུང་། སྲས་མ་སྨད་ཀྱིས་མ་ཉན་པར་ཚོས་བཏང་གི་མེ་ལ་ཕུལ། དེ་ཙ་ན་དྲོད་མ་ཡལ་བར་ཡོད་ཟེར་རོ། །འཁོན་དཀོན་མཆོག་རྒྱལ་པོ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་མིར་གཏོགས་པ་འཁོན་དཔལ་པོ་ཆེའི་རྒྱུད་དུ་འཁྲུངས། བླ་ཆེན་འབྲོག་མི་ལ་དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ་ལེགས་པར་གསན། གཞན་ཡང་པཎྜྻི་ཏ་ཤེས་རབ་གསང་བ། བ་རི་བ། མལ་གྱོ། སྤུ་རངས་ལོ་ཆུང་སོགས་བླ་མ་མང་པོ་བསྟེན། འདིས་ས་སྐྱ་བཏབ། སྐུ་ཚེ་རིང་སྒྲུབ་པ་དང་འཆད་ཉན་སྤེལ་ཏེ་བསྟན་པ་ལ་བྱ་བ་ཆེའོ། །སེ་ཁར་ཆུང་བས་ལོ་བཅུ་བདུན་དུ་བསྟེན་ཡང་ལམ་འབྲས་བུའི་སྐབས་མ་ཚང་། ཕྱིས་སྲས་ཨིནྡྲ་བསྟེན་ནས་རྡོ་རྗེའི་ཚིག་ཞབས་མ་ཚང་བ་རྙེད། བླ་ཆེན་ཉིད་ལོ་གཅིག་བསྐྱར་ནས་བསྟེན་པས་གདམ་ངག་ཚང་ཞིང་། དེའི་རྗེས་སུ་ལམ་བསྡུས་ཏེ་སྒྲུབ་པ་ལུང་བྱིན་མཛད་པས་བུམ་པ་གང་འབྱོའི་ཚུལ་དུ་བྱུང་། བཤད་པ་འཁོན་དཀོན་མཆོག་རྒྱལ་པོ་ལ་ཞུས། དེ་ལ་མན་ངག་ཕར་ཕུལ། ཡོན་ཏན་ནི་བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་ཐོབ། རྩ་སྔགས་ཀྱི་སྒོ་ནས་ནུས་པ་བརྙེས། ཁང་ཆུང་གི་ཀླུ་སིན་མོ་ཐུ་བ་ཞིག་བཏུལ་ནས་གཞན་དུ་སྦས། འོག་རླུང་ལ་དབང་ཐོབ། བྱང་སེམས་ཟིན་པས་ཇོ་མོ་ཡོད་ཀྱང་སྲས་ལ་སོགས་པ་མེད། སྐུའི་བཀོད་པའང་དུ་མར་སྟོན་ནུས། མདོར་ན་གནས་སྦྱོང་བཞི་ཅུ་རྩ་གཉིས་ཀྱི་ཉམས་ཐམས་ཅད་སྐྱེས་ཤིང་འབྱོངས་པས་ཕྱིར་མི་ཟློག་པ་ཡིན་གསུངས། དེས་མན་ངག་རབ་ཏུ་བྱིན་པ་ཞང་སྐུ་མཆེད། འབྲིང་དུ་སྦྱིན་པ་ཞ་མ་ལྕམ་སྲིང་། འདི་ལས་ཀོ་བྲག་པའི་ལམ་འབྲས་བྱུང་། མཐའ་མར་སྦྱིན་པ་སེ་སྒོམ་བྱས་ཡས་ལས། དང་པོ་ཞང་སྟོན་ཆོས་འབར་དང་། གཅུང་གཟི་བྱིན་འབར། གསུང་རབ་ཀྱི་རྩི་དྲས་མཁན། སེས་མདོ་མང་བཞེངས་པའི་རྩི་དྲས་ལ་ཡོང་། འབྲེལ་ཐོགས། འབུལ་བ་དང་སྤྱོད་ལམ་གྱིས་མཉེས་པར་བྱས། གཞུང་རྫོགས་པར་གནང་། ཞང་ཆོས་འབར་ལ་ཡོན་ཏན། ཁམས་འདུས་པ་བར་མའི་ཐད་སོར་སླེབས། ཏིང་ངེ་འཛིན་དཔག་ཏུ་མེད་པ་མངའ། མངོན་ཤེས་བརྟན་པོ་ཡོད། གཉེན་ལྕུག་བཞི་ལ་མངའ་བརྙེས་པས་ལུས་སྟག་དང་བྱ་སོགས་གཞན་དུ་སྤྲུལ་ནུས། ལུས་ཀྱི་བཀོད་པ་བདུན་ཙམ་དུ་སྟོན་ནོ། །༼༢༠༡༽དེ་ལ་རྗེ་ས་ཆེན་གྱིས་གཏུགས། དེ་ནི་འཁོན་དཀོན་མཆོག་རྒྱལ་པོ་དང་ཞང་མོའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་ལོན་པ་དང་ཡབ་གཤེགས། གདན་ས་བ་རི་ལོ་ཙཱ་ལ་གཏད། དེས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་གནང་བས་ཟླ་བ་དྲུག་ནས་འགྲུབ། བཅུ་གཉིས་པ་ལ་རོང་ངུར་སྨྲིག་ཏུ་བྱོན། བྲང་སྟི་ལ་མངོན་པ། ཟུར་ཆོས་པ་བྱང་ཆད་སོགས་ལ་ས་སྡེ། ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་ལ་རྣམ་ངེས་སོགས་གསན་ནས་ས་སྐྱར་ཕེབས། བ་རི་བས་གདན་ས་གཏད། དེའི་གདམ་ངག་བླ་མ་གནམ་ཁ་འུ་བ། འཁོན་སྒྱི་ཆུ་བ་བསྟེན། བར་དེར་སེ་དང་མཇལ་ཙམ་བྱུང་། མལ་ལོ་ཙཱ་བ་བསྟེན། དེ་ནས་སག་ཐང་དུ་ཕེབས། ཐགས་མཁན་ཚོ་གཅིག་འདུག་པས་ཞང་དགོན་པ་ལ་མཇལ་གྱིས་བྱས་པས། ཕ་ཀི་ཀ་ཡིན་ཟེར། གཟིགས་པས་མི་མང་པོ་ཞིག་གི་གསེབ་ན་ཤམ་ཐབས་ཅིག་གསོལ། ཤ་འགག་མེད་པར་ར་ཐུལ་ཕྱིར་ལོག་ཏུ་གྱོན་ནས་ཡོག་ག་བྱེད་ཅིང་གཏམ་ཆལ་ཆོལ་མང་པོ་མཛད་ཀྱིན་འདུག དེར་དྲུང་དུ་ཕྱིན་ཕྱག་དང་ཕྱག་རྟེན་ཕུལ་བས་ནོར་བ་ཡིན་གསུངས་ཞལ་གྱིས་མ་བཞེས། ས་ཆེན་རང་ཡང་ནོར་འདུག་ལོག་འགྲོ་དགོངས་ཙ་ན། ཇོ་སྲས་འོད་མཆོག་ཟེར་བའི་ཕས་ཞང་ལ། འོ་སྐོལ་རང་མཁར་ཆུ་བ་ན་ཡོད་ཙ་ན། སྒྱི་ཆུ་བའི་གྲྭ་པ་ཞིག་ལ་ངའི་བླ་མའི་སྲས་པོ་ཡིན་གསུངས་ནས་པང་དུ་ལེན་པ་དེ་འདྲ་ན་ལྡོག་པས་ཅང་མཆིའམ་ཞུས། འོ་ན་དམ་ཚིག་གི་ཉེས་པར་འགྲོ་ཉེན་ཡོད་བོས་གསུངས། བོས་ལོ་རྒྱུས་ཞིབ་ཏུ་མཛད་པས་ཐུགས་ཆེས། ངས་ད་ཅི་ངོ་མ་ཤེས་པར་རྫུན་བྱས། མན་ངག་ཡོད་དེ་སྔར་མ་བཤད་པས་བསམ་མནོ་འདྲ་གཏོང་། ཕྱིས་འདིར་བྱོན་གསུངས་པ་བཞིན་བྱོན། ལོ་བཞི་བཞུགས། གསུང་ངག་མ་ལུས་པ། ལམ་སྐོར་དགུ ཕྲ་མོ་ཉི་ཤུ་རྩ་བརྒྱད། ཀྱེ་རྡོ་རྗེ་རྒྱུད་རྐྱང་གི་བཤད་པ། གསང་འདུས་མཉམ་སྦྱོར་ལ་སོགས་རྒྱུད་སྡེ་དང་གདམ་ངག་མང་པོ་གསན། གདམ་ངག་རྫོགས་ཏེ་སྒྲུབ་པ་ལུང་བྱིན་གྱི་སྐབས་སུ། ལོ་བཅོ་བརྒྱད་ཀྱི་བར་དུ་ཆོས་འདི་གཞན་ལ་སྟོན་པ་ལྟ་ཞོག འདི་འདྲ་ཡོད་ཙམ་དང་ཤེས་པ་མིང་ཙམ་ཡང་མ་འདོན། ཡི་གེར་མ་བྲི། དེ་ནས་གཞན་ལ་འཆད་དམ། ཡི་གེར་འདྲིའམ། གང་བྱེད་ཀྱང་ཁྱོད་རང་ཆོས་ཀྱི་བདག་པོ་ཡིན་གསུངས་བཀའ་རྒྱས་བཏབ། སྤྱིར་ཁྱོད་ཀྱིས་སྒྲུབ་པ་གཙོ་བོར་བྱས་ན་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཉན་བཤད་༼༢༠༢༽བྱས་ན་གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་འགྱུར། ཁྱད་པར་སྐུ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སློབ་མ་གསུམ། བཟོད་པ་ཐོབ་པའི་རྣལ་འབྱོར་པ་བདུན། རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་བརྒྱད་ཅུ་ཙམ་འབྱུང་ཞེས་ལུང་བསྟན། ལོ་བཅོ་བརྒྱད་པ་ལ་བླ་མ་ཨ་སེང་གིས་ཁུངས་ཆོད་ནས་ཉིད་ལ་གསུང་ངག་རིན་པོ་ཆེ་མངའ་བར་གདའ་བས། སྔར་ང་ལ་ཡོད་ཀྱང་མི་གསུང་བར་འདུག ད་ལམ་ཚར་གཅིག་གསུངས་པ་དང་ཡི་གེ་ཞིབ་པ་ཞིག་ཀྱང་མཛད་པར་ཞུ་གསུངས། བཀའ་རྒྱ་ཐེམས་པས་ཚར་གཅིག་གསུངས། ལམ་འབྲས་བསྡུས་དོན་མ་དེ་མཛད། དེ་ནས་ལོ་བཞི་མ་གསུངས། རུ་མཚམས་པ་དགའ་ཐེད་བྱ་བ་བླ་མ་ཡུན་རིང་དུ་བསྟེན་པ་ཞིག་གིས་ཟིན་བྲིས་ལ་གནད་འཆུགས་པ་གཟིགས་ནས། ཉམས་དོགས་ཁོང་གི་དོན་དུ་དགའ་ཐེད་མ་མཛད། དེ་ནས་ཀློག་སྐྱ་མ་སོགས་སྔ་ཕྱིར་འགྲེལ་པ་བཅུ་གཅིག་ཙམ་མཛད། ཐམས་ཅད་ཀྱི་རྗེས་མ་གཉགས་མ་ཚིག་ཉུང་དོན་རྒྱས་ཚིག་སྡེབ་ལེགས། འཆད་སླ་བར་དགོངས་ནས་དིང་སང་གི་བར་དུ་ཕྱག་ལེན་མཛད་དོ། །གཞན་ཡང་བི་རཱུ་པ་བྱོན་ནས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་དང་། སྒྲུབ་ཐབས་ལམ་འབྲས་བཤད། བླ་མའི་རྣལ་འབྱོར་གེགས་སེལ་གྱི་གནད། གྲུབ་ཆེན་བཅུ། རྣམ་འཇོམས་ལུས་དཀྱིལ། བི་རཱུ་པ་ཉིད་ཀྱི་སྒྲུབ་སྐོར་སོགས་ཆོས་མང་དུ་གསུངས། བྱིན་གྱིས་བརླབས། སྐུ་ཆེ་བའི་ཡོན་ཏན་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ཕྲ་མོས་ཀྱང་མ་གོས། བྱམས་པ་དང་ཐུགས་རྗེས་རྒྱུད་བརླན། དངོས་པོ་གང་ལའང་མི་ཆགས། དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་མཉེས་པར་མཛད། ནང་དུ་རྟེན་འབྲེལ་འགྲིག་པས་ཡི་དམ་ལྷའི་ཞལ་གཟིགས། ཆོས་ཐམས་ཅད་ལ་མངའ་བརྙེས། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མི་མངའ་བ་ཡིན་ལ། ཞང་སྟོན་གྱིས་ལུང་བསྟན་པ་བཞིན་གྱི་སློབ་མའང་བྱོན། དེ་ལ་སྲས་བཞི། ཆེ་འོག་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཡབ་དང་། གསང་ཕུར་ཕྱ་པ་ལས་མཁས་པ་ཆེན་པོར་གྱུར་གྱི་བར་སྦྱངས། བསྟན་བཅོས་དུ་མ་བརྩམས། ཕལ་ཆེར་དབེན་པར་གཞོལ། ཚུལ་ཁྲིམས་ཀྱི་ཕུང་པོ་བུ་གཅིག་པུ་ལྟ་བུར་བསྲུངས་ཏེ། དགུང་ལོ་ཞེ་གཅིག་ལ་སྐུ་མ་སྤངས་པར་བདེ་བ་ཅན་དུ་བྱོན་ནོ། །གསུམ་པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན། དགུང་ལོ་བཅུ་བཞི་པ་ལ་༼༢༠༣༽དགྱེས་རྡོར་རྒྱུད་གསུམ་གྱི་གླེགས་བམ་གསོལ་བའི་མནལ་ལམ་བྱུང་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད། ས་ཆེན་ལ་སོགས་པ་ལས་མདོ་རྒྱུད་ཀྱི་ཐོས་པ་མཐར་ཕྱིན། དགུང་ལོ་བཅུ་གསུམ་ནས་བདུན་ཅུའི་བར་འཆད་ཉན་མཛད། ཡི་དམ་ལྷ་མང་པོའི་ཞལ་གཟིགས། མཐུ་སྟོབས་བི་རཱུ་པ་དང་མཉམ། འབྱུང་པོ་འཇིགས་བྱེད་ལྟ་བུའང་མཚན་བསྒྲགས་པ་ཙམ་གྱིས་འབྲོས་སྐད་དོ། །རྡོ་རྗེ་དྲིལ་བུ་གནམ་ལ་འཇོག་པ་སོགས་རྫུ་འཕྲུལ་དུ་མ་བསྟན་ནོ། །དེའི་གཅུང་པོའི་སྲས་ཆོས་རྗེ་ས་སྐྱ་པཎྜྻི་ཏ། མཚན་ཀུན་དགའ་རྒྱལ་མཚན། སྐུ་གཞོན་ནུ་ནས་རྗེ་བཙུན་པ་ལ་ཐོས་པ། བཅོ་བརྒྱད་པ་ལ་མནལ་ལམ་དུ་དབྱིག་གཉེན་ལ་མངོན་པ་གསན་པ་དང་། གཞན་ཕྱོགས་ཀྱི་གླང་པོའི་ཕུག་ཡིན་ཟེར་བ་ཞིག་ཏུ་ཚད་མའི་པོ་ཏི་མང་པོ་འདུག་པ་ཀུན་གྱི་ལྡེ་མིག་གཏད་པ་རྨིས་པ་དང་། བཅུ་དགུ་པ་ལ་འཕྲེང་དུ་དགེ་བཤེས་གཞུ་ལ་ཚད་མ། ཉི་ཤུ་ལ་རྐྱང་འདུར་དུ་ཚུར་གཞོན་སེང་ལ་ཚད་མ་དང་རིག་ཚོགས། ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་དང་མཇལ། ཚད་མ་ཆོས་མཆོག་རྒྱ་དཔེའི་སྟེང་ནས། པཎ་ཆུང་དཱ་ན་ཤཱི་ལ་ལ་སྒྲ་ཚད། ལྷག་པར་སངྒྷ་ཤྲཱི་སྒྲ་ལ་མཁས་པས་སྒྲ་སོགས་ཐ་སྙད། པཎ་ཆེན་དབུས་འཁོར་ནས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་བསྙེན་པར་རྫོགས། མཁན་པོ་དང་རྩེགས་དབང་ཕྱུག་སེངྒེ། སྤྱི་བོ་ལྷས་པ་སོགས་བླ་མར་བསྟེན་ཏེ་ཡོངས་སུ་རྫོགས་པའི་པཎྜྻི་ཏ་ཆེན་པོར་གྱུར། འཕྲོག་བྱེད་དགའ་བོ་རྩོད་པས་བཏུལ། སྡོམ་རིག་སོགས་བསྟན་བཅོས་མང་དུ་མཛད། སྐུ་ཆེ་བའི་ཡོན་ཏན་གསང་བའི་གནས་ལྟར་མི་མངོན་པ་དང་། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་འཁྱིལ་བ་དང་མངོན་པར་ཤེས་པ་མངའ། འཇམ་དབྱངས་ཀྱི་སྤྲུལ་པ་ཡིན། རྒྱ་ནག་ཏུ་རྒྱལ་པོ་གོ་དན་གྱིས་སྤྱན་དྲངས། རེ་ལྔ་པ་ལ་དེ་དང་མཇལ། རྒྱལ་པོ་ཐེག་ཆེན་ལ་བཙུད། དེ་སོགས་གདུལ་བྱ་མང་པོ་སྨིན་པ་དང་གྲོལ་བར་མཛད། དགུང་ལོ་བདུན་ཅུ་པ་ལ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གཤེགས་སོ། །དེ་ལ་བཤད་བཀའ་འཛིན་པ་འུ་ཡུག་ཁང་གཉན་ཞང་གསུམ། མན་ངག་གི་བརྒྱུད་འཛིན་དམར་དང་། ལྷོ་བ་ཀུན་མཁྱེན་རིན་ཆེན་དཔལ། རྟོགས་པའི་བརྒྱུད་འཛིན་ཚོགས་སྒོམ་པ་ཀུན་དགའ་དཔལ་བ། གྲུབ་ཐོབ་ཡོན་ཏན་དཔལ། དེའི་དབོན་འཕགས་པ་རིན་པོ་ཆེ། ཁུ་བོ་ལ་སོགས་པ་དམ་པ་༼༢༠༤༽མང་དུ་བསྟེན་ནས་མཁས་པ་དང་། སེ་ཆེན་གྱིས་བོད་འབངས་སུ་བཅུག་སྟེ། དེ་ཐམས་ཅད་འཕགས་པ་རིན་པོ་ཆེ་ལ་ཕུལ་བས། བོད་རྒྱལ་པོའི་རྗེས་ལ་འཕགས་པ་རིན་པོ་ཆེ་བོད་ཁམས་ཀྱི་སའི་ཆ་ལ་ལུང་གཏོང་རྒྱ་ཆེ། ཆོས་ལུགས་ཐམས་ཅད་རང་རང་གི་ལུགས་ཁོ་ན་ལ་སྤྱད་ཆོག་པའི་ལུང་སྩལ། བསྒྱུར་བསྒྱུར་ཡེ་མ་མཛད། འཆད་ཉན་ཀྱང་མཛད་ཅིང་ས་སྐྱ་ལུགས་གཉིས་ཀྱིས་འགྲན་དུ་མེད་པ་བཟོས། སློབ་མ་བཤད་པའི་སྲོལ་འཛིན་ཤར་ནུབ་གུང་གསུམ་དང་། བླ་མ་གྲགས་པ་འོད་ཟེར། བླ་མ་བཀྲ་ཤིས་དཔལ་ལ་སོགས་མང་དུ་བྱུང་། གསུང་ངག་ལེགས་པར་རྫོགས་པ་ཞང་དཀོན་མཆོག་དཔལ་དང་། དགེ་སློང་ཀུན་དགའ་བློ་གྲོས་གཉིས་ལས་མ་བྱུང་ཞེས་གྲགས་སོ། །དེའི་དབོན་སྲས་དཔལ་ལྡན་བླ་མ་དམ་པ་མཁྱེན་རབ་ས་པཎ་དང་མཉམ། གཞན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ད་ལྟའི་བར་དུ་རིམ་པར་བྱོན་པའི་ཆོས་ཀྱི་རྗེ་དེ་དག་གི་རིང་ལུགས་ལས་དིང་སང་གི་བར་དུ་དཔལ་ལྡན་ས་སྐྱ་པ་ཞེས་རྒྱ་བོད་ཧོར་གསུམ་དུ་ཁྱབ་པ། བཤད་པའི་བཀའ། སྒྲུབ་པའི་ལུང་། ཉམས་ལེན་ཐམས་ཅད་དཔྱད་པ་གསུམ་གྱིས་དག་པ་འདི་རྣམས་བྱུང་བ་ཡིན་ཞིང་། དེའི་སྔགས་ཀྱི་ལུགས་འཛིན་ས་སྐྱ་ཀུན་དགའ་རྣམ་གཉིས་སུ་གྲགས་པ་དང་། ཀུན་དགའ་རྣམ་རྒྱལ་ཏེ། རྡོ་རྗེ་འཆང་མངོན་སུམ་པ་དེ་དག་ལས་དིང་སང་ངོར་རྫོང་དུ་བྱེ་བ་དག་ཡིན། ས་སྐྱ་པ་བྱིང་ངོར་པར་གྱུར་ཏོ། ལོ་ཆེན། འབྲོག་མི། འགོས་སོགས་ཀྱིས་བདེ་མཆོག་བསྒྱུར་བཤད་མཛད་ཀྱང་བཤད་རྒྱུན་མེད། ཀློག་སྐྱ་ཤེས་རབ་རྩེགས་ཀྱིས་ཕམ་ཐིང་པའི་གཅུང་ལ་གསན། དེ་ལ་མལ་གྱོས་ཞུས། སླད་ཀྱི་དེ་ཉིད་ཀྱིས་བལ་པོར་བྱོན་ནས་ནཱ་རོ་པའི་སློབ་མ་བྱང་ཆུབ་བཟང་པོ་དང་། ཀ་ན་ཀ་ཤྲཱིའི་སློབ་མ་བལ་པོ་ཐུགས་རྗེ་ཆེན་པོ། ཕམ་ཐིང་བ་དཔོན་སློབ་ལ་ཉན། སྤུ་སྲེང་ལོ་ཙཱ་བ་གྲགས་མཆོག་ཤེས་རབ། དེ་མར་དོའི་ལོ་ཆུང་ཡིན་པས་བླ་མ་གཅིག་སྤུ་སྲེང་ལོ་ཆུང་ཞེས་གྲགས་ཏེ། དེས་འཇའ་ལུས་བྱས་སོ། །མལ་གྱོ་ལས་ས་ཆེན་སོགས་དང་། སྤུ་སྲེང་ལོ་ཆུང་ནས་དམར་ཆོས་རྒྱལ་བ། མངའ་རིས་ཀྱི་སྟོན་པ་དཀོན་མཆོག་འབར། དེས་ཐུར་ལའི་མཁན་པོ་ཚུལ་ཁྲིམས་སྐྱབས། དེ་ལ་ཐང་སྤེལ་བ་སོགས་ནས་བུ་སྟོན་གྱི་བར་དུ་ལོ་དྲིལ་ནག་པོ་སོགས་དར་རོ། །མར་དོ་ལུགས་ཀྱང་། དེས་གཟེ་བ། དེའི་སློབ་མ་ཁང་གསར་བ། དེ་ལ་ཡང་རྩེ་བ། ༼༢༠༥༽བུ་སྟོན། མར་དོ་ནི་ཡར་འབྲོག་བླ་ངོའི་རྒྱགས་སུ་འཁྲུངས། མཚན་ཆོས་ཀྱི་དབང་ཕྱུག པཎྜྻི་ཏ་དང་། རོང་ཟོམ་དང་། གོ་རུབ་ལོ་ཙཱ་བ་རྣམས་ལ་སྐད་བསླབས། རྒྱ་གར་དུ་བྱོན། བལ་པོར་མར་པ་ཚུར་ལོག་པ་མཇལ། ནཱ་རོ་པ་ཏི་ར་ཧུ་ཏིར་ཕེབས་པ་ཡུད་ཅིག་མཇལ། ལྷོ་བྲག་པའི་གསུང་བཞིན་ནཱ་རོ་པའི་སློབ་མ་ཀ་ན་ཀ་ཤྲཱི། པྲཛྙྱཱ་རཀྵི་ཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མུ་ར་བཛྭ་རྣམས་ལ་བདེ་མཆོག་གི་དབང་རྒྱུད་མན་ངག་ལེགས་པར་གསན། པཎྜྻི་ཏ་མང་པོ་བསྟེན། ཕྱིར་བལ་པོར་ལོག་དུས་བལ་པོ་མཆེད། ཀ་ན་ཀ་ཤྲཱི། ཕྱག་ནའང་མཇལ། ཁྱད་པར་སུ་མ་ཏི་ཀཱིརྟི་ལ་བརྟེན་ནས་བདེ་མཆོག་གི་སྐོར་ཚོ་བསྒྱུར། བོད་དུ་ཕེབས་ནས་མཁས་པ་རྒྱ་བསམ། དེའི་གཟེ་བ་བློ་ལྡན། ཁམས་ཀྱི་ཅོག་རོ་ཆོས་རྒྱལ། ལྷོའི་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་དང་། སྲས་ནམ་མཁའ་འོད་སོགས་མང་པོ། བཤད་བཀའང་དར་རོ། །ཕག་མོའི་སྐོར་ནི་དེ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། དཔྱལ་འབྱུང་གནས་རྒྱལ་མཚན་ཞེས་པ་ནཱ་རོ་པ་དང་སྨྲྀ་ཏིའི་སློབ་མ་ཡིན། དེས་སྨྲྀ་ཏི་བོད་དུ་ཕེབས་ནས་ར་རྫི་མཛད་པ་ཇོ་བོ་རྣམས་ལ་གསེར་བྱིན་ནས་བསླུས། སྨྲྀ་ཏི་ལ་སྐུ་བསོད་སྐྱེས། བཞུགས་པར་ཞུས་ཀྱང་མ་གསན་ཁམས་སུ་བཞུད། དེར་འགྱུར་ཡང་འགའ་མཛད། མཚན་བརྗོད་སྒེག་པའི་རྡོ་རྗེ་ལུགས་ཀྱི་བཤད་པ་གནང་། བཤད་རྒྱུན་འདི་རྔོག་ལ་ཡོད། དཔྱལ་འབྱུང་གནས་རྒྱལ་མཚན་གྱི་དབོན་སེ་ཆེ་ནོར་རྒྱལ་བལ་པོར་བྱོན། ཕམ་ཐིང་པ་ལ་བཏུགས། ཀྱེ་རྡོ་རྗེ་ནཱ་རོ་ལུགས་ཀྱི་བཤད་པ་བསྐྱངས། དེ་ནས་ཐར་ལོའི་བར་དུ་ལོ་ཙཱ་བ་མཁས་པ་མང་དུ་བྱོན། ཇོ་བོ་བོད་དུ་བྱོན་དུས་སྨྲྀ་ཏི་དང་དམ་ཉམས་ཡིན་གསུང་། ཐར་པ་ལ་ཡོལ་བ་བཏང་མ་གཟིགས་པར་མཛད་ཟེར་བ་ཅལ་བརྒྱུགས་སུ་ཟད་དོ། །གསང་བ་འདུས་པ་ནི་ཇོ་བོ་དང་པཎྜྻི་ཏ་ཨཱ་ཀ་ར་སིདྡྷི་གཉིས་ནས་ནག་ཚོ། དེས་རོང་པ་རྒྱ་སོར་པ། དེས་ཞུ་ལན་པ། དེས་ལྷ་རི་སྟོན་པ། དེས་ངོར་རྗེ་ལས་བརྒྱུད་པ་དང་། ཁྱད་པར་རྟ་ནག་ཕུའི་སའི་ཆ་ཁུག་པ་ཞེས་བྱ་བར་འཁྲུངས་པ། རུས་འགོས་མཚན་ལྷ་བཙས། དེས་དང་པོར་ཟུར་པའི་སློབ་མ་བྱས་པས་ལས་ཁོ་ན་བཅོལ་ཆོས་མ་བསླབས་པས་འབྲོག་མིའི་ཐད་དུ་བྱོན། ཆོས་ཀྱི་འབྲེལ་ཙམ་ཚུགས་ཀྱང་རྒྱུད་ཉན་འདོད་པ་ལ་གསེར་ཁྱེར་ཤོག་གསུང་། གསེར་ལེགས་པར་འགྲུབ་པ་དང་བདག་ཉིད་རྒྱ་གར་དུ་འགྲོ་བའི་སྤོབས་པ་སྐྱེས་ཏེ་རྒྱ་གར་དུ་བྱོན། པཎྜྻི་ཏ་རྣམས་ལ་ཆོས་གསན་པའི་ཚེ་བརྩོན་འགྲུས་མ་བསྐྱེད་ན་༼༢༠༦༽འབྲོག་སྡོམ་དེ་ལ་ངོ་ཚ་བར་ཡོད་གསུངས་ནས་འབད་པ་ཆེན་པོ་མཛད། ཁོང་ལ་བལ་པོ་ཕན་ཆད་ན་པཎྜྻི་ཏའི་བླ་མ་བདུན་ཅུ་དང་། མཁའ་འགྲོའི་བླ་མ་གཉིས་རྣམས་ཡོད། དེ་དག་ལས་གཙོ་བོ་ནི་བྷངྒ་ལའི་མངོན་ཤེས་ཅན། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོང་ཀ་ནའི་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ། ཁ་ཆེ་གྲིབ་བརྟན་གྱི་མཁས་པ་ཙནྡྲ་རཱ་ཧཱུ་ལ། རྒྱལ་པོའི་ཁབ་ཀྱི་ཞི་བ་བཟང་པོ། བལ་པོ་ཐུགས་རྗེ་ཆེན་པོ། བལ་པོ་རྫོང་གི་ན་བ་ཀུ་ཊི་པ། ནཱ་རོ་པའི་སློབ་མ་ཁ་ཆེ་ཛྙྱཱ་ནཱ་ཀཱ་ར་རྣམས་སོ་ཟེར། ངོར་རྗེ། ཀླུ་བྱང་། དེས་ཏིལླི་ནཱ་རོ། དེས་ཀུ་ས་ལི་ཆེ་བ། དེས་ཀུ་ས་ལི་ཆུང་བ། དེས་གསེར་གླིང་པ། དེས་པིཎྜྻོ་པ། བསོད་སྙོམས་པ་དང་། མངོན་ཤེས་ཅན་དང་། བཙུན་མོ་ཅན་དང་། ཛྙྱཱ་ན་ཨཱ་ཀ་ར་བཞི་ལ་བཤད་གསུངས། དེ་བཞིན་ཆག་ཆོས་རྗེ་དཔལ་པའི་སྤྱི་རྣམ་དུའང་བགྲངས་སོ། །ལོ་ཙཱ་བ་དེས་གསང་བ་འདུས་པ་རྩ་འགྲེལ། དགྱེས་རྡོར་རྒྱུད་གསུམ་འགྲེལ་པ། བདེ་མཆོག་རྒྱུད་འགྲེལ་པ་དང་བཅས་པ། རྡོ་རྗེ་གདན་བཞི་བཤད་པ་དང་བཅས་པ། མ་ཧཱ་མ་ཡཱ་སོགས་རྒྱུད་མང་པོ་འགྲེལ་པ་དང་བཅས་པ་བསྒྱུར། མཁྱེན་པ་རྒྱ་ཆེན་པོ་དང་ལྡན་པས་མང་དུ་བཤད། སློབ་མའི་མཆོག་མང་ར་སེངྒེ་རྒྱལ་མཚན། བརྡོག་གེ་ས་ར། ངབ་མི་བྱང་ཆུབ་རྒྱལ་མཚན། ལྷོ་པ་རྡོ་རྗེ་སྙིང་པོ། གཉལ་པ་མགར་ཆོས་ཀྱི་རྡོ་རྗེ། དབུས་པ་སྣ་དྲུག དེ་ལས་དེང་སང་གི་བར་དུ་བཤད་པའི་རྒྱུན་སྣང་སྟེ། བུ་སྟོན་མར་འགོས་ཆུ་བོ་གཉིས་འགྲིལ་དུ་བཞེད་ལ། དེ་ནས་བརྒྱུད་པ་ཙོང་ཁ་པ་ཆེན་པོ་བཤད་པ་འགོས་གཙོ་བོར་མཛད་པས། ད་ལྟ་དགེ་ལྡན་པ་རྣམས་བཤད་པ་འགོས་ཁོ་ན་ལས་བྱུང་བ་འདྲ་ཞིག་གླེང་ངོ་། །མར་འགོས་གཉིས་ཀས་ཡེ་ཤེས་ཞབས་ལུགས་ཀྱང་བཤད། གཞན་འདུས་པ་བསྒྱུར་མཁན་གཉོས་འབྱུང་པོ། ཕྱག་ལོ་ཆོས་རྗེ་དཔལ་སོགས་མང་ངོ་། །གཤིན་རྗེ་གཤེད་སྐོར་རྣམས་ནི་སྙེ་ནམ་སྣང་ཡུལ་དུ་འཁྲུངས། བྱིས་པའི་དུས་ན་ལྷ་མོ་རེ་མ་ཏིས་ཕུ་དུང་ནང་དུ་བཅུག ཟླ་བ་གཉིས་སུ་རྒྱལ་ཁམས་བསྐོར་ཞིང་། དེ་ནས་མ་ལ་གཏད། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བལ་ཡུལ་དུ་བྱོན། བལ་པོ་ཐུགས་རྗེ་ཆེན་པོ། འབའ་རོ་ཕྱག་རྡུམ་སོགས་བསྟེན། ནཱ་རོ་པ་ནས་པྲ་ཛྙྱཱ་རཀྵི་ཏ། དེས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསུངས། དེ་ལ་རྭ་ལོས་ལེགས་པར་གསན་ཞིང་མང་དུ་མཁྱེན་པ་ན། བདེ་མཆོག་རྩ་རྒྱུད། སམྤུ་ཊ། རྡོ་རྗེ་འཇིགས་བྱེད་༼༢༠༧༽ཀྱི་སྐོར། གཤེད་ནག་པོའི་སྐོར། གདོང་དྲུག་གི་སྐོར། མཚན་བརྗོད་སོགས་བསྒྱུར། དེ་ཡང་འབྲེ་ཤེས་རབ་འབར་གྱི་གསུངས་ནས། བོད་དུ་བསྒྱུར་བའི་ཆོས་ལ་དགེ་བཤེས་རྭ་ལོ་ཙཱ་བའི་ཆོས་ལས་ཞེ་ཞིམ་པ་མེད། པཎྜྻི་ཏ་མཁས་པའི་དགོངས་པ་ལོན་ཅིང་། བོད་ཆོས་ཀྱི་བསྲེས་ལྷད་མེད་པས་སོ་གསུངས། དེ་འཆད་ཉན་མཛད། འཇིགས་བྱེད། དགྲ་ནག གདོང་དྲུག་གསུམ་བཤད་པའི་སློབ་མ་ཉིས་སྟོང་ཙམ་ཡོད་པར་གྲགས། དེ་དག་ལས་ལྷ་བཙུན་སྔོན་མོ་སོགས་ཆེ་དགུ །བཤད་པའི་རྒྱུན་ཁོང་རང་གི་དབོན་པོ་རྭ་ཆོས་རབ། རྭ་ཡེ་ཤེས་སེངྒེ། རྭ་འབུམ་སེང་། རྗེ་བཙུན་རྒ་ལོ་ཡབ་སྲས་རྣམས་ལས་བརྒྱུད་དེ། དེ་དིང་སང་འཇིགས་བྱེད་རྭ་ལུགས་ཞེས་གཡེར་ཆེའོ། །རྔོག་སྟོན་ཆོས་ཀྱི་རྡོ་རྗེ་སམྦུ་ཊའི་བཤད་པ་དེ་ལ་གསན་ནོ། །དུས་ཀྱི་འཁོར་ལོ་ནི། ཁ་ཆེ་ཟླ་བ་མགོན་པོ་བོད་དུ་བྱོན། ཁ་རག་གཉོས་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་བརྫང་བར་ཆད་པ་ལ་མ་བརྫངས་པས། པཎྜྻི་ཏ་མ་མགུ་བར་འགྲེལ་པ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། ཞང་སྟོན་ཆུང་བས་བླ་མར་བཟུང་། འབྲོས་ལོ་ཙཱ་བྱས་ནས་ཡོངས་སུ་རྫོགས་པར་བསྒྱུར། གཉོས་ཀྱིས་ཞང་སྟོན་ལ་ཁྱོད་ཀྱིས་ངའི་བླ་མ་ཕྲོག་པ་ཡིན་པས་ཝ་གསེབ་ཏུ་ཡུངས་ཀར་གཙང་ངེ་བ་ཞིག་བྱ་ཡི་ཟེར་བ་ལ། ཁྲོ་བོ་བརྒྱ་ཡིས་སྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱ་ཡིས་འཛུམ་བསྟན་ཀྱང་མི་ཆགས་པ་ཡིན་ཟེར་ནས་ཞབས་ཏོག་མཛད། གཉོས་སྟོན་ཡེ་ཤེས་མཆོག་ལ་སོགས་ལ་འབུལ་བ་ཆེར་ཕུལ་ཡང་སོད་སྤོར་ཙམ་ལས་མ་གནང་། འཕན་ཡུལ་གྲུབ་ཏུ་སྐུ་འཁྲུངས་པ་སྒོམ་པ་དཀོན་མཆོག་སྲུང་གི་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་། དེ་དང་དར་ཡུག་སྐེ་ལ་བཏགས་ཏེ་ལུས་ཕུལ་ནས་ཞབས་ཏོག་མཛད། ཇི་ལྟར་གསུང་བ་བཞིན་བསྒྲུབས་པས་གཞུང་མན་ངག་མ་ལུས་པ་གནང་། དེ་ལ་སྒྲོ་སྟོན་གནམ་ལ་བརྩེགས་ཀྱིས་པཎྜྻི་ཏ་རྩད་ཆོད་ནས་གསེར་སྲང་བཅུ་གཉིས་དང་རྟ་ནག་པོ་ཞིག་ཕུལ་ཞབས་ཏོག་ཡུན་རིང་པོར་མཛད་ཀྱང་སོ་སོར་སྤོང་བ་མ་གཏོགས་མ་གནང་། དེ་དུས་དཀོན་མཆོག་སྲུང་ལ་ཞུས་ཀྱང་མ་གནང་། པཎྜྻི་ཏ་རྒྱ་གར་དུ་ལོག་ནས་ཤུལ་དུ་ལོ་གསུམ། ཡེར་པར་ལོ་གསུམ་སྟེ་དྲུག་ལ་གཞུང་མན་ངག་ཚང་བར་ཞུས། དེས་གངས་ཏི་སེའི་འབྲོག་པ་རྔམ་ཁྲོམ་པ་དད་པ་རྒྱལ་པོ་ཞེས་བྱ་བའི་སྲས་གྲུབ་ཆེན་ཡུ་མོ་༼༢༠༨༽ལ། དེས་དེ་ཉིད་ཀྱི་སྲས་དྷརྨ་ཤྭ་ར་ལ། དེས་ནམ་མཁའ་འོད། དེས་སེ་མོ་ཆེ་བར་གྲགས་པ། དྷརྨེ་ཤྭ་རའི་སྲས་ནམ་མཁའ་རྒྱལ་མཚན་ལ། དེས་འཇམ་གསར་ལ། དེ་ལ་རོང་པ་རྒ་ལོས་གསན། འདི་ལ་འབྲོའི་འགྱུར་ལ་བརྟེན་པ་དང་། པཎྜྻི་ཏ་དང་སྒོམ་པ་དཀོན་མཆོག་སྲུང་གི་བར་དུ་ལོ་ཙཱ་བ་ཤེས་རབ་གྲགས་བཅུག་ཀྱང་ཆོག་པས་འབྲོ་ལུགས་ཟེར། རྭ་ལུགས་ནི། རྭ་རྡོ་རྗེ་གྲགས་ཀྱི་དབོན་པོ་ཆོས་རབ་ཀྱི་རྭ་ལུགས་ཀྱི་ཆོས་སྐོར་མཐར་ཕྱིན། དུས་ཀྱི་འཁོར་ལོ་དོན་དུ་གཉེར་ནས་བལ་པོར་བྱོན། པཎྜྻི་ཏ་ས་མནྟ་ཤྲཱི་ལ་ལོ་ལྔ་ཟླ་བ་བཅུ་ཞག་ལྔར་བར་མ་ཆད་པར་བསྟེན་རྒྱུད་དབང་མན་ངག་རྫོགས་པར་གསན། པཎྜྻི་ཏ་བོད་དུ་སྤྱན་དྲངས། རྒྱུད་འགྲེལ་བསྒྱུར། གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེལ་ཡང་སྐྱི་རོང་ཚུན་མཛད། དེས་སྲས་འབུམ་སེང་། དེས་རོང་པ་རྒ་ལོ་ལ། འདི་ནི་གཙང་རོང་དུ་འཁྲུངས། དཔལ་རྒ་ལོའི་སྐྱེ་བ་ཡིན་པས་མཚན་རྒ་ལོར་ཐོགས། ཁ་ཆེ་པཎ་ཆེན་དང་མཇལ། ཡབ་དང་དཔྱལ་ཆོས་བཟང་བསྟེན་སྦྱངས་པ་རྒྱ་ཆེན་པོ་མཛད། འོད་གསལ་ཆུང་ན་བཞུགས་ཏེ་བསྙུང་། རྒྱལ་པོའི་བར་ཆད་ཐུ་བས་ཟིན། ཐར་པར་གཤེད་དམར་གྱི་དབང་ཞུས་ནས་བར་ཆད་ལས་གྲོལ། གཞན་ཡང་ས་པཎ། འཇམ་གསར། རྭ་འབུམ་སེང་། བི་བྷཱུ་ཏི་ཙནྡྲ་དང་ཁྲོ་ལོ་སོགས་བསྟེན། དུས་ཀྱི་འཁོར་ལོ་བཤད་པས་མན་ལུང་གུ་རུ་སོགས་མཁས་པ་མང་པོ་ཐོན། འཕགས་པ་རིན་པོ་ཆེ་དང་ཆོས་ཕར་ཞུ་ཚུར་ཞུ། དེའི་སྲས་ཤེས་རབ་སེངྒེ་ཡབ་དང་། བླ་མ་དཔྱལ་པ་དང་། སྟག་སྡེ་བ་སེངྒེ་རྒྱལ་མཚན་སོགས་ལས་སྡེ་སྣོད། རྒྱུད་སྡེ། ཁྱད་པར་དུས་འཁོར་ལ་མཁས་པ་ཆེན་པོར་གྱུར་གྱི་བར་སྦྱངས་ཏེ། སློབ་མ་ལོ་ཙཱ་བ་ཡང་བར་པང་གསུམ་སོགས་མང་པོ་ཐོན། སྲས་བླ་མ་རྡོ་རྗེ་རྒྱལ་མཚན། དེས་ཡབ་ལ་སོགས་པ་ལས་ཐོས་པ་མཐར་ཕྱིན་མཛད། རྒྱ་ནག་ཏུ་རྒྱལ་པོས་གདན་དྲངས། ཐམས་ཅད་དད་པར་བྱས་ཏེ་གྲོངས། དེ་ལ་བུ་སྟོན་གྱིས་གསན། བུ་སྟོན་ནི་འཁྲུངས་ས་ཤབ་སྒོམ་གནས། ཁྲོ་ཕུར་ཚད་མའི་སྐྱེས་བུ་ཡང་རྩེ་བ་སོགས་ལ་གཏུགས། གྲགས་པར་གྱུར་ལ་ཡབ་དང་བཅས་ཏེ་དབུས་གཙང་ལ་གྲྭ་སྐོར་མཛད་པས། ཕ་སྟོན་པ་བུ་སྟོན་པ་འདུག་ཅེས་པས་མཚན་བུ་སྟོན་དུ་གྲགས། ཞ་ལུའི་འཆད་ཉན་དུ་བསྐོས། ཐར་ལོ་ལ་སྒྲ། བླ་མ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར། རྒྱང་མཁར་ཇོ་ཚའི་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ་འཕགས་ཡོ་ག་དུས་གསུམ་སོགས་ཏེ། བླ་མ་དུ་མ་ལས་ངོམས་པ་མེད་པའི་༼༢༠༩༽ཐོས་པ་མཛད། བོད་ཕྲུག་གཅིག་ལ་ཐོས་པ་ཆེ་བ་ཡིན། ཁྲོ་ཕུ་བའི་མདོའི་འཆད་ཉན་ཀྱང་དེར་འཕོས། དིང་སང་མདོ་རྒྱུད་སྒྲ་རིག་ཀུན་ལ་ལབ་ལབ་བྱས་ཆོག་པ་འདི་ཁོང་གི་བཀའ་དྲིན་ནོ། །དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས་མཆོག་གྱུར་ཐུགས་སྲས་ལོ་ཙཱ་བ་དཔལ་ལྡན་བླ་མ་དམ་པ། གོང་གསུམ་པ་དྷརྨ་ཤྲཱི་སོགས་ལས་དུས་ཀྱི་འཁོར་ལོ་མཆེད་དེ། འདི་ཁྲོ་ཕུ་བའི་ཁོངས་སུ་གཏོགས་ལ། འོན་ཀྱང་འཕྲིན་ལས་ཆེ་བས་བོད་རྣམས་ཞ་ལུ་བ་ཞེས་ལུགས་ཆེན་པོ་ལོགས་པ་ཞིག་ཏུ་འདྲེན་ནོ། །ཡང་འཇམ་དབྱངས་གསར་མའི་སློབ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། དེའི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འདིས་ཇོ་ནང་བཏབ། དེའི་སློབ་མ་བྱང་སེམས་རྒྱལ་བ་ཡེ་ཤེས། དེ་ལ་འཕགས་འོད་ཡོན་ཏན་རྒྱ་མཚོ་དང་མཁས་བཙུན་ཡོན་ཏན་རྒྱ་མཚོ་གཉིས་བྱོན་པའི་དང་པོས་བུ་སྟོན། གཉིས་པས་ཇོ་ནང་པའི་བླ་མ་མཛད། དེའི་སློབ་མ་དོལ་པོ་བ་སྟེ་མངའ་རིས་སྨད་དོལ་པོའི་བན་ཚང་ཞེས་པར་སྐུ་འཁྲུངས། གཞོན་ནུ་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་ལ་གཏུགས་ནས་ཀ་ཆེན་བཞི་དང་། དུས་འཁོར་རྭ་ལུགས་ལ་ཐོས་པ་མཛད། ཁོང་རོང་པ་ཤེས་རབ་སེངྒའི་སློབ་མ་ཡིན། ས་སྐྱར་སྐུ་གཞོན་ནུ་ལ་བཀའ་བཞིའི་བཤད་པ་མཛད། དབུས་གཙང་དུ་གྲྭ་སྐོར་མཛད་པས་སྟོན་པ་བཟང་བར་གྲགས། དེས་བུ་སྟོན་རི་ཕུག་ན་བཞུགས་དུས་རྩོད་དུ་བྱོན་པས། བུ་སྟོན་གྱིས་མ་ནུས། ཐལ་སྐད་བཏོན་པས་གཟིམས་ཁང་གས་ཟེར་བའི་གཏམ་ཁུངས་གཞན་ན་མི་འདུག ཇོ་ནང་པའི་སྒོམ་མ་རྣམས་ཀྱི་ཉམས་ལས་སོ་སྙམ་མོ། །གཞན་ཡང་བླ་མ་མང་པོ་ལ་གསན་པ་མཛད། ཁྱད་པར་ཇོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་དུས་འཁོར་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། མན་ངག་སྐུ་ཉམས་སུ་བཞེས་པས། དཔེ་མེད་པའི་མྱོང་བ་འཁྲུངས། ཇོ་ནང་གི་གདན་ས་གཟུང་། སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། གཞན་སྟོང་སྟོན་པའི་བསྟན་བཅོས་མང་དུ་མཛད། འཆད་ཉན་གྱིས་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བའི་སློབ་མ་ཀུན་སྤངས་ཆོས་གྲགས་དཔལ་བཟང་སོགས་ཐུན་མོང་མ་ཡིན་པ་དང་། བུ་དོལ་གཉིས་ཐུན་མོང་བ་མ་ཏི་རྣམ་གཉིས་དང་། མངའ་རིས་པ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ་དེ་གསུམ་ཕྱིས་ཇོ་ནང་པ་ཤས་ཆེ། དེ་དག་སོགས་མཁས་ཤིང་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་ལེན་པ་མང་པོས་དབུས་གཙང་མངའ་རིས་ཁམས་ཁྱབ་པར་མཛད་དོ། །དུས་ཀྱི་འཁོར་༼༢༡༠༽ལོ་དེ་ལས་མཆེད་པ་རྣམས་ལ་ཇོ་ལུགས་སུ་གྲགས་སོ། །དུས་འཁོར་ལུགས་གཞན་ནི། དུས་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་བོ་དྷིས། གྱི་ཇོ་ཟླ་བའི་འོད་ཟེར། དེས་དུས་འཁོར་གྱི་བཤད་པ་ཡུན་རིང་པོ་མཛད་ཀྱང་། སློབ་མ་དུས་འཁོར་ཤེས་པ་བཞི་ལས་མ་བྱུང་། དེ་དག་གིས་བཤད་ཀ་མ་ཟིན། དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བློ། མདའ་འོད་བློ་སྙིང་། བྱང་ཤེ་སོགས་ཀྱིས་བཤད་ཀ་མ་ཚུགས། ཨ་བྷྱའི་སློབ་མ་ཁེ་གད་འཁོར་ལོ་གྲགས། རྒ་ལོ། རོ་ལིངས་ལོ་ཙཱ། སྟེང་པ་ལོ་ཙཱ་སོགས་ཀྱིས་བཤད་ཀ་མ་ཚུགས། སེ་ལོས་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ལ་ཞུས་ནས་གཉོས་འོད་ལ་གནང་། དེ་ནས་རིམ་གྱིས་བརྒྱུད་དེ་རྩ་མི་ལུགས་ཀྱི་བཤད་ཀ་བྱུང་། དེ་ལྟར་དུས་ཀྱི་འཁོར་ལོར་འགྱུར་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་ཡོད་ལ་བོད་དུ་དར་བར་གྱུར་ཏོ། །རྩ་མི་ལོ་ཙཱ་བ་འདི་འཁྲུངས་ཡུལ་མི་ཉག་གི་ཕུ་རྩ་མི་ཤིང་མི་བ་ཡིན་པས་མཚན་དེ་ལྟར་ཐོགས། རྡོ་རྗེ་གདན་པ་ཆེན་པོའི་སློབ་མ། གདན་པ་ཆུང་བ་དང་ཕར་ཞུ་ཚུར་ཞུ། བོད་མི་རྒྱ་གར་དུ་ཕྱིན་པ་ལ་འཕྲིན་ལས་ཆེ། རྒ་ལོ་གཞོན་ནུ་དཔལ་ཡང་རྒྱ་གར་དུ་གྲུབ་ཐོབ་ཀྱི་གྲགས་པ་ཐོན། བོད་དུ་ཆོས་སྐྱོང་ཕྱག་བཞིའི་སྐོར་ལ་ཁོང་དང་སྟེང་ལོ། ཁེ་གད་རྣམས་སྐུ་དྲིན་ཆེ། བོ་དོང་རིན་རྩེའི་སློབ་མ་སྟག་སྡེ་པ་སེངྒེ་རྒྱལ་མཚན། དེ་ལ་མཁས་པ་ཤོང་སྐུ་མཆེད་དང་དཔང་ལོས་གཏུགས་པ་ཤོང་སྟོན་ནི། སྦྱིན་ལུང་ཤར་ཁའི་བོང་ར་ཞེས་པར་འཁྲུངས་མཚན་རྡོ་རྗེ་རྒྱལ་མཚན། སྟག་སྡེ་པར་ཕར་ཚད་མངོན་པ། དུས་འཁོར་འགྲོ་ལུགས་གསན། ཨུ་རྒྱན་པའི་གཅེན་པོ་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་ལའང་དུས་འཁོར་སོགས་སྔགས་མང་དུ་གསན་ཞིང་། བླ་མ་འཕགས་པ་བོད་དུ་བྱོན་པ་ན། བསྟོད་པ་ཚིགས་སུ་བཅད་པ་ཚིག་རྒྱན་གྱིས་མཛེས་པ་ཕུལ། ལོ་ཙཱ་སློབ་ཏུ་འགྲོ་བར་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། གཞུང་ལུགས་གསར་པ་བསྒྱུར་ནུས་པ་འོང་བར་དཀའ་སྟེ། པཎྜྻི་ཏ་ལ་སློབ་གཉེར་དྲི་གཏུགས་ལེགས་པར་གྱིས། ཁོ་བོ་ཀྱང་ཆོས་རྗེ་བསྟེན་ཡུན་ཐུང་པས་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། ཚིག་གཏེར་ལ་སོགས་པ་ཚུལ་བཞིན་དུ་མི་ཤེས་པར་སྣང་བས། འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་གྱིས་ཤིག དེ་དག་གི་དཔེ་དང་གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་། བལ་ཡུལ་དུ་བྱོན་ནས་པཎྜྻི་ཏ་ལཀྵཱིཾ་ལ་སོགས་པ་བསྟེན་ཏེ། རིག་པའི་གནས་ཆུང་བ་ལྔ་ལ་སྦྱངས། ཁྱད་པར་སྒྲ་རིག་ཕུལ་དུ་ཕྱིན། ས་སྐྱར་བྱོན་དུས་འཁོར་འགྲེལ་པ་དང་བཅས་པའི་འགྱུར་མཛད། ༼༢༡༡༽དེ་ལ་འཕགས་པ་རིན་པོ་ཆེས་ཀྱང་བསྔགས་བསྔགས་མཛད། དཔག་བསམ་འཁྲི་ཤིང་ལ་གཞི་འགྱུར་སྒྲ་སྙན་དངགས་མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། རང་གི་གཅུང་བློ་བརྟན་ལའང་ལེགས་པར་བསླབས་ཤིང་། ལོ་ཙཱ་བ་མཆོག་ལྡན་སོགས་སློབ་མ་ལེགས་པར་ཐོན། འདི་སྐུ་མཆེད་གཉིས་ཀས་གྲུབ་ཐོབ་ཆེན་པོ་ཨུ་རྒྱན་པའི་སྤྱན་སྔར་གདམས་པ་མང་དུ་གསན་ཏེ། ཁྲིད་ཆེན་བརྒྱད་བསྙེན་སྒྲུབ་སོགས་ལ་ཟིན་བྲིས་མཛད། གཅེན་བལ་པོར་བྱོན་ནས་གཤེགས། དཔང་ལོ་གྱམ་དུ་འཁྲུངས། ཡུམ་སྔ་མོར་གྲོངས་ནས་ལུག་གི་འོ་མས་གསོས། དབུ་སྐྲ་རྒོད་ཚང་པའི་གདན་ས་རྒྱལ་སྲས་བྱང་གླིང་པ་ལ་བཅད། དེ་ནི་སེངྒེ་དགུ་ཚར་གྱི་སེངྒེ་ཤེས་རབ་ཡིན། དེ་དང་ཨུ་རྒྱན་པ་ལའང་ཆོས་མང་པོ་གསན། མཁན་པོ་གསེར་ཁང་པ་ལས་དགེ་ཚུལ་མཛད་དེ་མདོ་རྩ་བསླབས། དེ་ནས་སྟག་སྡེ་པ་ལས་སྔགས་མཚན་ཉིད། ཁྱད་པར་དུས་འཁོར་གསན། བཅུ་དགུ་བཞེས་པའི་ཚེ་སྟག་སྡེ་པ་གཤེགས་ནས། ལོ་ཙཱ་བ་མཆོག་ལྡན་ལ་གཏུགས་ཏེ། ཀ་ཙན་སྙན་དངགས་མངོན་བརྗོད་སོགས་མཁས་པར་བསླབས། གཞུང་དེ་དག་འགྱུར་མཛད། བལ་པོར་ལན་བདུན་བྱོན། བོ་དོང་ཨེའི་གདན་ས་མཛད། བུ་དོལ་གཉིས། དཔལ་ལྡན་བླ་མ་དམ་པ་སོགས་ཀྱི་ཞབས་ལ་བཏུད། དེ་ནང་ནས་བུ་སྟོན་མཁས་པ་ཆེན་པོར་གཟིགས་ནས། རང་གི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ཁོང་ལ་སྦྱར་ཏེ། ཁྱོད་རང་དང་མཉམ་པ་ཞིག་བཟོས་གསུང་། བྱང་རྩེས་བུ་ལས་སྒྲ་ཚད་དུས་འཁོར་སོགས་མཁས་པར་བསླབས། འདིའི་སློབ་མ་ལོ་ཙཱ་བ་ནམ་མཁའ་བཟང་པོ། དེའི་སློབ་མ་སྒྲ་པ་ཐུགས་རྗེ་དཔལ་ཏེ། སྒྲ་སྙན་དངགས་ལ་སྐུ་དྲིན་ཆེའོ། །བྱང་རྩེའི་དབོན་པོ་ལོ་ཆེན་གྲགས་པ། བྱང་རྩེ་དང་ལོ་གྲགས་གཉིས་ཀ་སྔགས་ལ་བུའི་བརྒྱུད་འཛིན་རང་ཡིན། དེའི་དབོན་བོ་དོང་པ་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དུ་གྲགས་པ་མཁས་པའི་དབང་པོ་དབྱངས་ཅན་མས་དངོས་སུ་བྱིན་གྱིས་བརླབས་པས་མཁྱེན་པ་ལ་མཐའ་མེད། དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བའི་བསྟན་བཅོས་བརྩམས། བོད་དུ་བསྟན་བཅོས་བརྩམས་པ་ལ་འདི་མང་། འདི་ལས་བོ་དོང་པ་ཞེས་བྱ་བའི་ལུགས་བྱུང་ངོ་། །གཞན་ཕྱིས་པཎ་ཆེན་ནགས་ཀྱི་རིན་ཆེན་བོད་དུ་བྱོན། དུས་ཀྱི་འཁོར་ལོ་ལ་སོགས་པ་གནང་བའི་སློབ་མ། གྲགས་པ་འབྱུང་གནས། བདག་པོ་ཀུན་དགའ་ལེགས་པ། འགོས་གཞོན་ནུ་དཔལ། བྱམས་གླིང་པ་བསོད་ནམས་རྣམ་རྒྱལ། ཁྲུས་ཁང་ལོ་༼༢༡༢༽ཙཱ་བ་སོགས་མང་ལ། བྱང་ཆུབ་སེམས་དཔའི་རྒྱུད་འགྲེལ་གསུམ། དཔེ་མེད་འཚོའི་སྦྱོར་དྲུག བདེ་ཕག་གི་མན་ངག་གནང་བས་ཇི་སྙེད་པའི་མཁྱེན་པ་ཤར་བ་ནི་རྒྱལ་དབང་ཆོས་རྗེའོ། །ཕ་དམ་པ་སངས་རྒྱས་ཀྱིས། དང་པོ་ཙ་རིའི་རོང་འབྲི་ཐད་ནས་ཐོན་ཏེ་ཙ་རིར་རེ་མ་ཏི་ལ་རྐང་མགྱོགས་གསན་ཏེ། ཀོང་ཡུལ་ཁམས་སུ་བྱོན་ཏེ་སླར་ལོག གཉིས་པ་ཁ་ཆེ་ནས་བྱོན། གསུམ་པ་བལ་པོ་ནས། བཞི་པ་མཚོ་སྣའི་ཤ་འུག་སྟག་སྒོ་ནས་གཉལ་དུ་བྱོན་ནས། ལྔ་པ་བོད་ནས་རྒྱ་ནག སླར་བོད་དུ་ཕེབས་པ་ཡིན། དེས་སློབ་མ་དཔག་ཏུ་མེད་པར་སྨིན་པར་མཛད་ཀྱང་གྲགས་ཆེ་བ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ། སྔ་མ་ཁ་ཆེ་ཛྙྱཱ་ན་གུ་་ལ། དེ་ཨོད་པོ་ལོ་ཙཱ་བས་བསྒྱུར། བརྒྱུད་པ་བར་པ། རྨ། སོ། སྐམ་གསུམ། དམ་པས་གཉལ་ནས་ཡར་སྟོད་དུ་ཕེབས། རྨ་དང་མཇལ་ཏེ། དེ་ཡར་སྟོད་སྐྱེར་སྣར་རྨ་སྨོན་ལམ་ཞེས་པའི་སྲས་སུ་འཁྲུངས། མཚན་ཆོས་ཀྱི་ཤེས་རབ། ཡབ་ལ་པདྨ་དབང་ཆེན། སྤྱོད་ཕྱོགས། དབུ་མ་དོ་ཧ་སོགས་བསླབས། བཅུ་དགུ་པ་ལ་ཁོང་ཁམས་མ་བདེ་བར་རང་གི་ཁང་ཐོག་ཏུ་བཞུགས་པའི་ཚེ། ཨ་ཙ་ར་ནག་པོ་རས་རྐྱང་ཕྲག་ལ་བཀལ་བ་ཞིག་བྱུང་བ་སྒོའང་མ་བསྟན་པར་མཁྱེན་ཏེ་ནང་དུ་བྱོན་བྱིན་བརླབས་མཛད་པ་ཙམ་གྱིས་བསྙུན་དེངས། ཕྱག་རྒྱ་ཆེན་པོ་བཏབ་པས་རྨ་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེས། ཞག་བཅོ་བརྒྱད་སོང་བ་དང་དམ་པ་བྱོན་འཕན་ཡུལ་དུ་ཤོག་གསུང་། བསྒོམས་པས་དྲོད་ཁ་རྙེད་དེ་སོ་ཆུང་བ་ཁྲིད་ནས་འཕན་ཡུལ་དུ་བྱོན་གདམ་ངག་ཚར། བསྒྲུབ་པ་མཛད་བུ་ཆེན་ལྔ་སོགས་བྱུང་། སོ་ནི་ཡར་སྟོད་ར་མེ་ནང་མི་རྣམས་སྤྲད་དེ་འོངས། བུ་སྤུན་གཉིས་ཡོད་པའི་ཕོ་བོ་གཟུགས་ཆུང་བས་སོ་ཆུང་། ནུ་བོ་གཟུགས་རིང་པས་སོ་རིང་ཟེར། དེར་རྨའི་ཕྱག་ཕྱིར་ཁྲིད་ནས་དམ་པ་མཇལ། རྨ་ལོག་ནས་ཡུན་རིང་དུ་བསྟེན་གདམ་ངག་ཆེ། དེའི་སློབ་མ་སྒོམ་ཆེན་སློན་ལམ་འབར་སོགས་སོ། །སྐམ་གྲ་པའི་སློབ་མ་ཕར་ཕྱིན་ཤེས་པ་སྐྲན་ནད་ཀྱི་ཟིན་པ་ཞིག་དམ་པ་སྤྱན་དྲངས། ཚོགས་པའི་གསེབ་ཏུ་བརྡའི་ངོ་སྤྲོད་ཅིག་མཛད་པས། སྐམ་ངེས་ཤེས་སྐྱེས་ནས། མི་མང་གི་གསེབ་ཏུ་རེ་འཕངས་སྙམ་པ་དང་། དམ་པའི་ཞལ་ནས་བརྡ་མིག་ཅན་གྱིས་མཐོང་བ་ཡིན། མིག་མེད་ཀྱིས་མི་མཐོང་གསུང་བ་བཞིན་གཞན་གོ་བ་མི་གདའ། གདམ་ངག་རྫོགས། ནད་ལས་གྲོལ། རྟོགས་པ་ཤར། སློབ་མ་བསྐྱངས་སོ། །བརྒྱུད་པ་ཕྱི་མ་ལ་དམ་པ་དིང་རིར་བྱོན། དེར་སློབ་མ་བསྐྱངས་པའི་མཆོག་ཤར་ན་དམ་པ་༼༢༡༣༽ཕྱར་ཆེན། ལྷོ་ན་བཛྭ་ཀྲོ་དྷ། ནུབ་ན་ཕྱར་ཆུང་། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགའ་རྣམས་ལས། ཀུན་དགའ་སྲས་ཐམས་ཅད་ཀྱི་གཙོ་བོ་ཡིན། དིང་རིའི་ཤར་ཕྱོགས་ཚ་གུད་དུ་འཁྲུངས། སྐྱེ་བ་ལྔར་དམ་པས་རྗེས་སུ་བཟུང་བ། སྐུ་ཚེ་འདི་ལ་དེའི་གདམ་ངག་གི་མཛོད། དེའི་སློབ་མ་པ་ཚབ་སྒོམ་པ་འཕན་ཡུལ་བ་ཡིན་ནོ། །དེའི་སློབ་མ་རྒྱལ་བ་ཏེ་ནེ། དེའི་སློབ་མ་རོག་ཤེས་རབ་སེངྒེ། ཞིག་པོ་ཉི་མ་སེངྒེ་གཉིས་ལས་མཆེད་དེ། ཞི་བྱེད་ལ་གཅེས་པའི་ལུགས་འཛིན་མང་པོར་བྱུང་བ་ཡིན་ནོ། །དམ་པས་བལ་པོ་ནས་བྱོན་རེས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨ་ར་སེར་པོ་ལ་སྤྱོད་ཡུལ་གྱི་གདམས་པ་གནང་། དང་པོས་མ་གཅིག་ལབ་སྒྲོན། དེ་གཞོན་ནུ་ནས་གྲྭ་པ་མངོན་ཤེས་ལ་རབ་ཏུ་བྱུང་། དེའི་བླ་མཆོད་བྱས་ཤེར་ཕྱིན་ཀློག་པས་སྟོང་པ་ཉིད་གཤའ་མར་གོ དམ་པ་དང་མཇལ། འདམ་བུར་ཀློག་ལ་བྱོན་པས། ཅེར་གྲོང་པ་ཐོད་པ་བྷ་དྲ་བྱ་བ་དང་འདུས་པས་བཟའ་མིར་སོང་། ཀོང་པོར་བྱོན། དེ་ནས་གཡེར་ཕེབས། གངས་པར་སྤེལ་གཅིག་མར་སྦས་སྙིང་པོ་གྲུབ་པ། གྲུབ་ཆུང་ཡང་གྲུབ་གསུམ། སྲས་མོ་གཉིས་འཁྲུངས། སྐྱོ་བསོད་ནམས་བླ་མ་ཁམས་ནས་ལོག་པའི་ལམ་དུ་སྒྱུ་འཕྲུལ་གྱི་དབང་གསན། དབང་གྲལ་དུ་རྟོགས་པ་ཤར། སྤྱོད་ཀྱི་གདམས་པ་གསན། གདུལ་བྱར་གྱུར་པ་ལ་གདམ་ངག་བཤད། ཕྱིས་ཟངས་རི་ཁང་དམར་གྱི་ཕུག་པར་བཞུགས། གཅོད་ཀྱི་གདམས་པས་བོད་གང་བར་བྱས། སློབ་མ་མཆོག་བཞི་ལ། ཡར་སྟོད་ནས་སྙགས་པ་རྒྱལ་མཚན། ཡར་སྨད་ནས་ཨན་སྟོན་རིན་ཆེན་དཔལ། བར་ན་འདྲེང་ཇོ་སྲས། ཤུང་བུ་ལོ་ཙཱ་བ་ཟེར། གཞན་ཡང་མང་ངོ་། །སྲས་སྙིང་པོ་གྲུབ་པ་རྗེས་སུ་བཟུང་བས་འཁྲུལ་ཞིག་ཆེན་པོ་ཞིག་བྱུང་། དེ་ལ་སྲས་ཚེ་དབང་། ཁུ་བྱུག རྡོར་གྲགས། ཁམ་བུ་ཡ་ལེ་བཞི། ཆེ་བའི་སྲས་རྒྱལ་བ་སྟོན་གཟུངས། ཐོད་སྨྱོན་བསམ་འགྲུབ་སྐྱེ་མེད་འོད་གསལ་ལོ། །ཐོད་སྨྱོན་བསམ་འགྲུབ་ལ་མཛེ་བྱུང་། ཤམ་པོ་གངས་ལ་བསྒྲུབ་པ་མཛད་མཛེ་ཐོན། གྲུབ་ཐོབ་ཏུ་གྲགས། སློབ་མ་ཕོ་མོ་ཉི་ཤུ་རྩ་གཅིག སྲས་མོ་གྲུབ་ཐོབ་བཅོ་བརྒྱད་བྱོན་ཞེས་གྲགས་ཏེ། དེ་དག་ལས་མང་དུ་མཆེད་པ་ནི་མོ་སྤྱོད། ཡར་ཀླུངས་ཀྱི་སྨ་ར་སེར་པོས་ཉམས་སུ་བླངས། འགྲེས་ཁར་རང་གི་ཉེ་གནས་སྨྱོན་པ་བེ་རོ་ལ་བཤད་པར་གནང་། དེས་ཅེ་སྟོན་དང་སུམ་སྟོན་གཉིས་ལ་གནང་། ཅེ་སྟོན་གྱིས་གཉེན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་༼༢༡༤༽གཙང་སྟོན། ཤེས་གཉེན་སྟོན་སོགས་ལས་མཆེད་པ་ལ་ཕོ་སྤྱོད་ཅེས་གྲགས་སོ། །དེ་ལྟ་བུའི་སྤྱོད་ཡུལ་པ་རྣམས་ཞི་བྱེད་དུ་རྟོགས་ཀྱང་ལུགས་ཐ་དད་དུ་བྱེའོ།། །། ༈ དཔལ་ནཱ་རོ་པའི་ལྕམ་ནི་གུ་མའི་ལུགས་བོད་དུ་བྱུང་བ་ནི། ཡུལ་སྙེ་མོར་མང་སུ་རུས་ཁྱུང་པོ། བཙས་མ་ཐག་ཏུ་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷ་བཛྭ་གྱིས་ལུང་བསྟན་པ། གཞོན་ནུ་ལ་ཀློག་དང་བོན། རྫོགས་ཆེན་སེམས་སྡེ་བསླབས། སྟོད་ལུང་ཤོ་མ་རར་ཀོང་ནི་རུ་པའི་ཆོས་མ་ལུས་པ་གསན། དེ་ནས་གསེར་མང་པོ་བསྣམས་ནས་བལ་པོར་པཎྜྻི་ཏ་སུ་མ་ཏི་ལས་ལོ་ཙཱ་བསླབས། ཀྲི་ཡོག་གི་ཆོས་གསན། ཨ་ཏུ་ལྱ་བཛྭ་གྱིས་གྲོགས་མཛད། རྡོ་རྗེ་གདན་པ་མཇལ། དགེ་ཚུལ་མཛད། དེ་ནས་ཤྲཱི་བྷ་དྲ་ས་ཛྙྱཱ་ན། བཻ་རོ་ཙ་ན། ཁ་ཆེ་དགོན་པ་བ། མཻ་ཏྲི་པའི་སློབ་མ་ཞིང་གི་རྡོ་རྗེ། མི་མཉམ་རྡོ་རྗེ། རིན་ཆེན་རྡོ་རྗེ་གསུམ། དེ་ཝི་ཀོ་ཊ་ཌཱ་ཀི་མ་ཀ་ན་ཤྲཱི། བྲམ་ཟེ་རཏྣ་ཕ་ལ་རྣམས་ལ་གསང་སྔགས་ཀྱི་ཆོས་མང་དུ་གསན། བོད་དུ་བྱོན། གུ་ལང་གི་གསེར་ཁ་རྡོལ་བ་དང་ཐུག གསེར་མང་པོ་བྱུང་བས་སླར་བལ་པོར་བྱོན། ཕམ་ཐིང་པ་ལ་བདེ་མཆོག ནཱ་ལེནྡྲར་ནཱ་རོ་པའི་སློབ་མ་དཱ་ཆེན་པོ། མཻ་ཏྲི་པའི་སློབ་མ་ན་ཏྲེང་ཀ་བ་སོགས་མང་དུ་བསྟེན། ལྷག་པར་མཻ་ཏྲི་པ་དང་མཇལ། དེའི་ཚེ་རྡོ་རྗེ་འཆང་དངོས་ལ་ཐུག་པ་སུ་ཡོད་དྲིས་པས། ནཱ་རོ་པའི་ལྕམ་ནི་གུ་མ་ཞེས་བྱ་བ་ཡོད། དེ་འཇའ་ལུས་བརྙེས་པས་སུ་རུང་གིས་མི་མཐོང་། སོ་ས་གླིང་གི་དུར་ཁྲོད་དུ་མཁའ་འགྲོ་མའི་ཚོགས་དཔོན་ལ་འབྱོན་པས་སེམས་དག་ན་དེར་མཐོང་སྲིད་ཟེར། སོ་ས་གླིང་དུ་བྱོན། ན་མོ་བུདྡྷཱ་ཡའི་གསོལ་བ་བཏབ་པས་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་རུས་པས་བརྒྱན་པ། ཕྱག་ན་ཁ་ཊྶཱཾ་ག་དང་ཐོད་པ་བསྣམས་པ་གཅིག་དང་དུ་མ་ལ་སོགས་པའི་གཟུགས་སྟོན་པ་ཞིག་མཐོང་ནས། ནི་གུ་མ་ཡིན་པར་ངེས་ཏེ་ཕྱག་དང་སྐོར་བ་བྱས། ཡང་དག་པའི་གདམས་པ་ཞུ་འཚལ་ཞུས་པས། ང་ནི་ཤ་ཟའི་ཌཱ་ཀི་ཡིན་གསུང་། ཡང་བཏུད་དེ་ཞུས་པས། གསང་སྔགས་ཀྱི་གདམས་པ་ཞུ་ན་གསེར་དགོས། སྲང་ལྔ་བརྒྱ་ཕུལ་བས་ནགས་སུ་གཏོར། ཤ་ཟའི་མཁའ་འགྲོ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟོས། སྤྱན་ནམ་མཁའ་ལ་གཟིགས་ནས་མཁའ་འགྲོ་མ་མང་པོ་འདུས་ནས་དཀྱིལ་འཁོར་སྤྲུལ། དེར་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་གནང་། མཁའ་འགྲོ་མས་གསེར་གྱི་རི་བོའི་ཁར་བཞག དེར་རྨི་ལམ་དུ་ཆོས་དྲུག་ཚར་གཅིག ༼༢༡༥༽དངོས་སུ་ཚར་གསུམ། རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ། གཞན་ཡང་རྒྱུད་སྒྲུབ་ཐབས་མང་པོ་གསུངས། བརྒྱུད་པ་བདུན་རྫོགས་པའི་བར་དུ་ཆིག་བརྒྱུད་གྱིས། ངས་བྱིན་གྱིས་རློབ་ཅིང་ལུང་ཡང་སྟོན་གསུངས། དེ་ནས་སྦས་པའི་རྣལ་འབྱོར་པ་དང་། བི་རཱུ་པའི་སློབ་མ་མཁའ་འགྲོ་མ་སུ་ཁ་སིདྡྷི་མཇལ། ཁྱོད་ནས་བརྒྱུད་པ་རྣམས་ལའང་ངས་སྐུ་དངོས་སུ་སྟོན་ཅིང་བྱིན་གྱིས་རློབ་བོ་གསུངས། ཚུར་བྱོན་གླང་རི་ཐང་པ་ལ་བསྙེན་པར་རྫོགས། འཕན་ཡུལ་འཇོག་པོར་འཆད་དཀར་དགོན་པ་བཏབ། དེར་རི་ནག་པོའི་ཁོང་སེང་གི་རྣལ་འབྱོར་པ་རཱ་ཧུ་ལ་གུཔྟ་བཛྭ་བྱོན། རྒྱུད་སྡེ་ལྔའི་དབང་སོགས་མང་དུ་གསན། དེ་ནས་ཤངས་སུ་བྱོན་ལོ་གསུམ་གྱི་ནང་དུ་ཞོང་ཞོང་ལ་སོགས་པའི་དགོན་གནས་བཏབ། དེའི་སློབ་མ་རྨེའུ་སྟོན་པ། གཡོར་པོ་རྒྱ་མོ་ཆེ། རྡུལ་སྟོན་རིན་དབང་། ལ་སྟོད་པ་དཀོན་མཆོག་ཁར། རྨོག་ཅོག་པ། ཞང་སྒོམ་ཆོས་སེང་ཡིན། རྨོག་ཅོག་པ་དང་པོར་དེ་ཉིད་དང་། ཕྱིས་སྒམ་པོ་པར་གཏུགས་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ཡིན། དེའི་སློབ་མ་འཁྲུངས་ཡུལ་སྟོད་ལུང་རྣམ་པ། གདུང་རུས་འབལ། སྐྱེར་སྒང་པར་གྲགས། རྨོག་ཅོག་པ་ལས་ཁྱུང་པོའི་ཆོས་ཡོངས་སུ་རྫོགས་པ་གསན། དེའི་སློབ་མ་སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ། འཁྲུངས་ཡུལ་ཡོལ་གྱི་མདའ། གདུང་རུས་གཉན། སྐྱེར་སྒང་པ་ལས་གདམ་ངག་རྫོགས་པར་ཐོབ། དེའི་སློབ་མ་སངས་རྒྱས་སྟོན་པ་བསིལ་མར་བོན་གྱི་བརྒྱུད་དུ་འཁྲུངས། སངས་རྒྱས་གཉན་སྟོན་ལ་ཐུག དེ་ཡན་ལ་བརྒྱུད་པ་རིན་ཆེན་བདུན་བརྒྱུད་ཟེར། དེ་ལ་མཁས་གྲུབ་བཤངས་སྟོན་དང་། མཁས་བཙུན་གཞོན་ནུ་གྲུབ་གཉིས། དང་པོ་ལས་འཇག་པ་དང་། གཉིས་པས་པ་སྣམ་བསམ་སྡིངས་བཏབ་པས་འཇག་བསམ་གཉིས་སུ་གྱེས་ལ། ཤངས་པ་བཀའ་བརྒྱུད་ཅེས་གྲགས་སོ། །ཡང་ཇོ་བོ་མཻ་ཏྲི་པའི་སློབ་མ་རྣམས་ལས་ཕྱག་རྒྱ་ཆེན་པོ་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ། སྔ་མ་ཀོང་ནི་རུ་པ་ལས་བརྒྱུད་པ་སྟེ། དེའང་མཻ་ཏྲི་པའི་སློབ་མ་ཀ་རོ་པ། དེའི་སློབ་མ་མཆོག་ཏུ་གྱུར་པ་ནི་རུ་པ་ཏའི་རྣལ་འབྱོར་པ། དེ་བླ་མ་དང་མཁའ་འགྲོས་ལུང་བསྟན་པས་བོད་དུ་བྱོན་པའི་ལམ་བགྲེས་ཆེས་ནས་བལ་པོར་ཀོང་ཆུང་པ་འདས་པའི་རོ་ལ་གྲོང་འཇུག་མཛད་པ་ཡིན། ཟངས་གླིང་པའི་པཎྜྻི་ཏའི་ཆ་བྱེད་དུ་བྱས་ནས་བྱོན་པས་ཟངས་གླིང་པ་བྱོན་པར་གྲགས། བར་པ་ལ་སྟོད་སྨད་གཉིས་ལས་༼༢༡༦༽སྟོད་འགྱུར། རྒྱ་གར་ཕྱག་ན་འབྲོག་ཇོ་སྲས་ཀྱིས་སྤྱན་དྲངས། གཙང་གི་ཆུ་སྒོར་བཞུགས་ནས་ལྷ་རྗེ་གཙང་ཤོད་པ་སོགས་བོད་སྟོན་ཆེན་པོ་སུམ་ཅུ་ལ་གདམས་པ་ཕྱི་མ་ཨུ་སུ་ཏེ་བལ་པོ་སྐྱེ་མེད་དུ་གྲགས་པ་ལ། སློབ་མ་སྒོམ་ཀ་བ་བཞི། གདུང་དྲུག ཡོར་པོ་བའི་བུ་གསུམ། དམག་པ་སྒང་པ་ལ་སོགས་པའོ། །ཕྱི་འགྱུར་མངའ་རིས་པ་ནག་པོ་ཤེར་དང་སྐྱིས་རྒྱ་གར་དུ་བྱོན་ནས་ཕྱག་ན་སྐུ་བགྲེས་ཁར་ཐུག ཕྱིར་ལོག་བོད་དུ་དར་བ་རྣམས་སོ། །དེ་ལྟར་ཉན་བཤད་ཡོད་པ་རགས་རིམ་སྟེ། གཞན་ལོ་ཙཱ་བ་དང་པཎྜྻི་ཏ་དུ་མས་བསྒྱུར་བཤད་མཛད་པ་དཔག་ཏུ་མ་མཆིས་སོ། །མདོ་སྡེ་ལུང་རྒྱུན་རྣམས་གྲོ་ལུང་པ་ཆེན་པོས་བསྐུལ་ནས་སྟེང་པ་ལོ་ཙཱ་བས་རྒྱ་གར་ནས་བཙལ་བ་དང་། ཕྱིས་འཕགས་པ་རིན་པོ་ཆེས་ཐུགས་རྩོལ་མཛད་པས་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ཡིད་ཆེས་པ་འདི་བྱུང་ངོ་།། །། ༈ གངས་ཅན་འདིར་རྡོ་རྗེ་ཐེག་པའི་བཤད་པ་དང་སྒྲུབ་པ་ཐམས་ཅད་ཀྱི་སྒོ་ནས་བསྟན་པའི་བདག་པོར་འཇོག་འོས་པ་ནི་རྗེ་བཙུན་མར་པ་ལྷོ་བྲག་པ་སྟེ། འཁྲུངས་ཡུལ་ལྷོ་བྲག་ཆུ་ཁྱེར། གདུང་མར་པ། ཡབ་དབང་ཕྱུག་འོད་ཟེར་དང་། ཡུམ་སྐལ་ལྡན་སྐྱིད་གཉིས་ལ་ལྕམ་སྲིང་ལྔ་ཡོད་པའི་ལྔ་ཚིགས་པ། གཞོན་ནུ་ནས་བྲི་ཀློག་མཁས་པར་མཁྱེན། ཤིན་ཏུ་གདུག་རྩུབ་ཆེ་བས་ཤེད་བྱེ་རེ་ནས་ཡབ་ཡུམ་གྱིས་ཀ་ཅ་མང་དུ་བསྐུར་ཏེ་དགུང་ལོ་བཅུ་གཉིས་ལོན་པ་ན་ཆོས་ལ་བརྫངས་པ་སྟེ། ལོ་བཅུ་གཉིས་ལོན་ནས་ཆོས་དང་ཕྲད། དེ་སྔོན་སྦྱངས་ཀྱི་བག་ཆགས་སད་པ་འདྲ། དེར་བླ་མ་སུ་གྲགས་ཆེ་བ་རྩད་བཅད་པས། དེའི་དུས་འབྲོག་མི་ལོ་ཙཱ་བ་སྐད་ཆེ་བར་འདུག་ནས། མང་མཁར་དུ་བྱོན་མྱུ་གུ་ལུང་གི་དགོན་པར་མཇལ། ཕྱག་རྟེན་ཀྱང་ཆེ་བར་བྱས། ཆོས་སྒོར་ཞུགས་སྒྲ་སྐད་ལོ་ཙཱ་མཁས་པའི་ཚད་དུ་བསླབས་ཏེ། དཔལ་མྱུ་གུ་ལུང་གི་དགོན་པར་ཕྱིན། །སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚད་བསླབས། །ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །དེར་གསང་སྔགས་ཀྱི་ཆོས་འདོད་ཀྱང་ཡོན་ཆེ་ལ་བཀའ་དོག་པས་མ་ཐོབ་སྟེ། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །གསང་སྔགས་ཆོས་ཀྱི་མུ་གེ་ལ། །སེམས་ཡི་དྭགས་བྱེད་ཅིང་ལོ་གསུམ་བསྡད། །དེ་ནས་རྒྱ་གར་དུ་འགྲོ་བའི་སྤོབས་པ་སྐྱེས་ཏེ། ཡུལ་ནས་ཀ་ཅ་བླངས་གསེར་དུ་བསྒྱུར། སྔར་གྱི་ཀ་ཅ་རྣམས་སྟག་རིས་སུ་གསེར་དུ་བཙོངས། དེར་ཟླ་བོ་མ་འབྱོར་བར་ཞག་འགའ་བསྡད། སྒྱེར་ཕུའི་ཀློག་སྐྱ་ཆེན་པོ་དེ་སྟག་སྡེ་མིག་མང་སུ་༼༢༡༧༽སློབ་མ་གཅིག་གིས་སྤྱན་དྲངས། འབུལ་བ་མང་པོ་བྱུང་བ་བསྣམས་ཏེ་སླར་ལོག་འགྲོ་བའི་ཟླ་ལ་བྱོན་པས། དགེ་བཤེས་དེས་ཤིན་ཏུ་བཀུར་སྟི་ཆེ་བར་མཛད་སྒྱེར་ཕུ་ཚུན་བསྡེབས་ཇོ་བོ་དེ་ལ་ང་ལྷོ་བལ་དུ་ལོ་ཙཱ་སློབ་ཏུ་འགྲོ་རྒྱུ་ཡིན། ད་རེས་ཁྱོད་ཀྱི་ཐུགས་ལ་བཏགས། ཚེའི་བར་ཆད་མ་བྱུང་ན་ཕྱིས་འབབ་སའང་ཞུ་དགོས་བྱས་པས། ང་རྒས་པས་ཕྲད་མི་འོང་། བུ་འདི་ཀུན་ལ་བྱེད་འཇུག་པས་ཅིས་ཀྱང་བྱོན་ཞིག་གསུང་། རྫོང་པའང་མཛད། མང་ཡུལ་དུ་བྱོན། དེར་གཉོས་འབྱུང་པོ་དང་ཕྲད་དེ་ཁོང་དང་བསྡེབས་ནས་བྱོན་པས། བདག་བལ་ཡུལ་གྱི་ལམ་དུ་ཞུགས་ཙ་ན། །གཅན་འཕྲང་ཆུ་ལ་ཐར་དུས་མེད། །ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད། །ལམ་རིང་པོ་ཞིག་ལ་བགྲོད་དུས་མེད། །ལམ་དེ་ཀུན་གྱི་བདེ་དོག་མཐོང་ཙ་ན། །བྱ་དགུང་ལ་འཕུར་བ་གཤོག་པ་འདར། །འོན་ཀྱང་ངལ་དུབ་བྱ་རིན་མཆོག །ཡུལ་ལྷ་ལས་བབས་པའི་བལ་པོ་མཐོང་། །ཕྱི་འདོད་ཡོན་ལྟ་བས་ཆོག་མི་ཤེས། །མི་འདོད་ཁམས་ཀྱི་ལྷ་ཕྲན་ཡིན་ནམ་སྙམ། །དེར་ལོ་གསུམ་ཚད་པ་ལ་འདྲིས་སུ་བཅུག དེའི་རིང་ལ་བྱིན་རླབས་ཅན་གྱི་བལ་པོ་ཕམ་མཐིང་པས་རྣམ་རྒྱལ་དབང་པོའི་སྡེ་ལ་གསན་པའི་གདན་བཞིའི་བཤད་པ་གསན། སྒྲ་དང་ཚད་མ་གསོ་བ་ལ་ཞར་ཆོས་མཛད། དེ་ནས་བརཏལ་ཞུགས་སྤྱོད་པ་པེནྡ་པ་ཆེན་པོ་དེས་རྒྱ་གར་དུ་ཁྲིད། དེ་ནས་རྒྱ་གར་འགྲོ་ཙ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པ་ཅུང་མ་བསམས། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ཡིད་བརྟན་པར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །ལམ་དེ་ཀུན་གྱི་བདེ་དོག་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཆུ་གྲགས་པ་ཅན་གྱི་གངྒཱ་བརྒལ། །འོན་ཀྱང་བཀའ་བ་སྤྱད་རིན་ཆོག །ཡུལ་དབུས་འགྱུར་འཆང་གི་བཀོད་པ་མཐོང་། །དཔལ་རྡོ་རྗེ་གདན་གྱིས་སྣ་དྲངས་ནས། །རྟེན་ཁྱད་པར་ཅན་ལ་མཆོད་པ་བྱས། །དེར་བི་ཀྲ་མ་ཤཱི་ལར་སླེབས། དགེ་ཚུལ་ཤེས་རབ་སེངྒེ་དང་མཇལ། ད་ལྟ་བླ་མ་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་མ་བཞུགས་ཞག་ཤས་ངལ་གསོས་གསུངས། དེར་ཕོ་ཉ་བྱུང་ནས་བླ་མ་ཡང་དགོན་པར་ཕེབས་གྲུབ། ཁྱོད་ཀྱི་དེར་བོད་ཀྱི་སློབ་གཉེར་བ་ཞིག་ཀྱང་ཡོད་འདུག་པ་ཁྲིད་ཤོག་གསུངས་ཏེ་ཤར་ཕྱོགས་སུ་བྱོན། ལྗོངས་མེ་ཏོག་རྒྱས་པ་རི་བོ་གསེར་གླིང་གི་དགོན་པར་དཔལ་ནཱ་རོ་པ་དང་མཇལ། དེར་ཚོགས་དང་མཆོད་པ་གུ་ལང་གསེར་གྱི་མཎྜྻལ་ཕུལ་ནས་ཆོས་གནང་༼༢༡༨༽དགོས་ཞུས་པས་ཞལ་གྱིས་བཞེས། ཐོག་མར་དགྱེས་རྡོར་གྱི་དབང་གནང་བར་ཚུགས། དེར་བླ་མས་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་ལོ་ཙཱ་བ་ཁྱོད་དབང་ལྷ་ལ་ཞུའམ་ང་ལ་ཞུ་གསུངས། ལྷ་ལ་དབང་དངོས་སུ་ཐོབ་ན་ཡ་མཚན་སྙམ་དབང་ལྷ་ལ་ཞུ། རྒྱུད་གདམ་ངག་བླ་མ་རང་ལ་ཞུ་ཞུས་པས། དེ་ཐུགས་ཀར་བསྡུས་ནས། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པ་ལ། ཁྱོད་ཀྱིས་བླ་མ་ལས་ཡི་དམ་ལྷག་སྙམ་འདེམས་པས་ཁྱེད་ལ་མི་བརྒྱུད་ཀྱི་ཕན་མི་ཐོགས། ཆོས་བརྒྱུད་ཆུ་བོའི་གཞུང་ལྟ་བུ་འབྱུང་གསུངས་ལུང་བསྟན། དབང་དུས་དེར་མཐོང་ལམ་གྱི་རྟོགས་པ་རྒྱུད་ལ་འཁྲུངས། ཐེག་ཆེན་གྱི་ས་དང་པོ་ནོན་ཏེ། མ་སྐལ་བ་བཟང་མོས་རྗེས་གནང་བ། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པས། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་ངེ་འཛིན་སྐྱེས། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་བཅུག །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། །བག་ཆགས་གཉིས་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་བསྟིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་བདེ་བ་ཆེན་པོར་རྟོགས། །ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །སྔར་འདྲིས་མཛའ་བོ་ཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གིས་ཤེས། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་དོན་ཅིག་རྟོགས། །གཞོན་ནུས་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་ཉམས་ཤིག་ཤར། །དང་། ལྗོངས་མེ་ཏོག་རྒྱས་པའི་དགོན་པ་དེར། །དབང་བཞིའི་ཆུ་བོ་རྫོགས་པར་བསྐུར། །ཞེས་པས་སོ། །དེ་ནས་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས་ནས། དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ། དབང་ལུང་མན་ངག་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། བཀའ་སྲུང་གུར་དུད་སོལ་དང་བཅས་པ་གནང་སྟེ། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །དེར་བར་ཞིག་ལ་གཉོས་དང་ཕྲད། །དགྱེས་རྡོར་༼༢༡༩༽ལ་ཆོས་སྐད་བྱས་པས་མར་པ་རྒྱལ། །ཕ་རྒྱུད་གསང་བ་འདུས་པ་ཞེས་བྱ་བ་རླུང་སྦར་འཛིན་དུ་བྱ་བ་དེ་དགོས་ཟེར་ནས་དེ་ལ་ལན་འདེབས་རྒྱུ་མ་བྱུང་། ལོག་ནས་བླ་མ་ལ་ཞུས་པས། ནུབ་ཏུ་ལ་ཀྵེ་ཏྲའི་དགོན་པ་ན་པཎྜྻི་ཏ་ཡེ་ཤེས་སྙིང་པོ་བྱ་བ་ཕ་རྒྱུད་ཀྱི་བདག་པོ་ཞིག་བཞུགས་དེར་སོང་གསུང་། ཕྱིན་པའི་ལམ་དུ་ཆུ་མི་ཟན་དུག་གི་ཆུ་བརྒལ་ན་ཤ་ལྤགས་ཟུལ་བཤུས་འགྲོ་བ་ཞིག་ཡོད་པ་ལ་དེའི་འགྲམ་ན་ཡུལ་ཆུང་ཞིག་འདུག་པའི་མི་ལ་རྔན་པ་བྱིན་པས། ནགས་གསེབ་ནས་ཤིང་ལོ་ཞིག་བླངས། དེ་བཏགས་ཏེ་ལུས་ལ་བྱུགས་ནས་ད་བརྒལ་བས་ཆོག་ཟེར། བརྒལ་བས་སྦྲུལ་བཞིན་ཤུན་པ་བརྗེས། གཞན་སྐྱོན་མ་བྱུང་། དེར་ཡེ་ཤེས་སྙིང་པོ་དང་མཇལ་གསང་བ་འདུས་པ་འཕགས་ལུགས་རྒྱུད་འགྲེལ་པ་དབང་མན་ངག་དང་བཅས་པ་ཞུས་ཏེ། ཆུ་མི་ཟན་དུག་གི་ཆུ་ལ་བརྒལ། །ལུས་དུག་སྦྲུལ་བཞིན་དུ་ཤུན་པ་བརྗེས། །སྲོག་དོར་བར་ཕངས་སོ་ཆོས་ལ་བསམས། །ནུབ་ལ་ཀྵེ་ཏྲ་ཡི་དགོན་པ་རུ། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས། །ཕ་རྒྱུད་གསང་བ་འདུས་པ་ཉན། །སྒྱུ་ལུས་འོད་གསལ་གྱི་གདམ་ངག་ཐོབ། །ལམ་རིམ་པ་ལྔ་ཡི་དོན་ལ་བསླབས། །དེ་ནས་ཚུར་ལོག བླ་མའི་དྲུང་དུ་ཁ་ཆེ་པཎྜྻི་ཏ་ཆེན་པོ་ཨཱ་ཀ་ར་སིདྡྷི་བྱོན་ནས་གསང་འདུས་ཞུ་བ་དང་འགྲིག གསོལ་བ་བཏབ་པས་དུས་ལ་བབ་པ་ཡིན་གསུངས་གནང་བས་བཤད་པ་ལ་ཁྱད་མེད། མན་ངག་ཟབ་པ་ཙམ་བྱུང་བས། བླ་མ་རང་གི་མཁྱེན་བཞིན་དུ་བདག་དེ་ནས་ཕར་གཏོང་བ་ཞུས་པས། ཁོང་ལ་གསང་འདུས་ཀྱི་བཀའ་བབས་པ་ཡིན་གསུང་། དེར་གཉོས་དང་ཕྲད་ཆོས་སྐད་བྱས་པས་རྒྱལ། ཁོང་ནས་མ་རྒྱུད་མཧཱ་མ་ཡཱ་བྱ་བ་དགོས་ཟེར། བླ་མ་ལ་ཞུས་པས། བླ་མའི་ཞལ་ནས་ལྷོ་དུག་མཚོའི་གླིང་ན་པཎྜྻི་ཏ་ཞི་བ་བཟང་པོ་བྱ་བ་མ་རྒྱུད་ཀྱི་བདག་པོ་ཞིག་བཞུགས། དེར་སོང་གསུངས་ལམ་འཇིགས་པ་ཆེ་བས་བར་ཆད་མི་འབྱུང་བའི་བྱིན་བརླབས་མཛད་དེ་བྱོན་པས་ཧ་ལ་པ་ཊ་དུག་མཚོ་ཁོལ་བའི་གླིང་གི་དོ་རི་ལ་བཙལ་བས་ཉི་མའི་དགུང་ལ་སྨག་རུམ་མུན་པ་འཐིབས། དམོད་བཙུགས་ནས་གསོལ་བ་བཏབ་པས་མུན་པ་སངས། རྗེ་བཙུན་དང་མཇལ། དེར་ཕོ་ཉ་དང་ཕྲད་དམ་གསུངས། སྟག་གཟིག་འདྲ་ལས་གཞན་སུ་དང་ཡང་མ་ཕྲད་ཞུས་པས། དེ་ཀ་ཡིན་མོད་གསུང་། དེར་ཚོགས་དང་གསེར་གྱི་མཎྜྻལ་ཕུལ། མཧཱ་མ་ཡཱའི་རྒྱུད་དབང་སྒྲུབ་ཐབས་རྣལ་འབྱོར་གསུམ་ལ་སོགས་པའི་མན་ངག་ཀུན་གནང་སྟེ། ལྷོ་དུག་མཚོ་ཁོལ་མའི་གླིང་དུ་ཕྱིན། །དུས་ཉི་མའི་༼༢༢༠༽དགུང་ལ་སྨག་རུམ་འཐིབས། །ལམ་ད་ཅི་གསལ་བ་ད་ལྟ་སྟོར། །སྲོག་ཡལ་བར་བོར་ནས་རྗེ་བཙུན་བཙལ། །དཔལ་ཞི་བ་བཟང་པོ་དངོས་དང་མཇལ། །མ་རྒྱུད་མ་ཧཱ་མ་ཡཱ་ཐོབ། །དབྱིབས་རྣལ་འབྱོར་གསུམ་གྱི་དོན་ལ་བསླབས། །སྒྱུ་མ་གསུམ་འཁྱུད་ཀྱི་གདམ་ངག་ཐོབ། །ཚུར་ལོག་བླ་མ་ཉིད་ཀྱིས་སྔ་མ་ལས་བཤད་པ་རྒྱས་ཙམ་གཞན་ཁྱད་མེད་པ་ཞིག་གནང་། དེ་ནས་གཉོས་དང་ཕྲད། ཆོས་སྐད་བྱས་པས་ཁོང་ལ་ལབ་རྒྱུ་མ་བྱུང་། ཁྱོད་ཀྱིས་མཧཱ་མ་ཡཱ་སུ་ལ་བསླབས་ཟེར། ངས་བླ་མ་ཐར་པའི་ལམ་སྟོན་ལ་བསླབས། དེ་གར་བཞུགས། གྲོང་ཁྱེར་སེར་སྐྱ་ནའོ་བྱས། དེ་བླ་མ་ལ་ཞུས་པས་གསང་མི་དགོས་ཁོས་བགྲོད་པར་མི་ནུས་གསུང་། དེར་རྗེ་བཙུན་མཻ་ཏྲི་པའི་སྙན་པ་གསན་པ་དང་། བླ་མས་ཀྱང་གནང་སྟེ་རྒྱ་གར་ཤར་ཕྱོགས་སུ་བྱོན། རི་བོ་མེ་ལྟར་འབར་བའི་དུར་ཁྲོད་དངོས་གྲུབ་ཅན་གྱི་དགོན་པར་མངའ་བདག་མཻ་ཏྲི་པ་དང་མཇལ། ཐུགས་རྗེས་ལྷག་པར་གཟུང་། མཚན་བརྗོད་གསན། སྙིང་པོ་སྐོར་གྱི་གདམ་ངག་རྣམས་གནང་། དེས་སྒོམ་པའི་ལམ་ལ་བོགས་ཕྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བ་རྟོགས། ས་དྲུག་པ་བརྙེས། ཤར་དངོས་གྲུབ་ཀྱི་ཆུ་བོ་གངྒཱ་བརྒལ། །རི་རབ་ཏུ་འཁྲུགས་པའི་དུར་ཁྲོད་ཀྱི། །དངོས་གྲུབ་ཅན་གྱི་དགོན་པ་རུ། །རྗེ་མངའ་བདག་མཻ་ཏྲིའི་ཞབས་ལ་བཏུགས། །རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་ཐོས། །ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས། །སེམས་དངོས་པོའི་བཞུགས་ཚུལ་གཏན་ལ་ཕབ། །དེར་ཆར་ཟིམ་པ་ཞིག་བྱུང་ནས་བླ་མ་གྱང་སྣ་བྲེང་ངེ་ཞིག་ན་ཆར་ཡིབས་བྱེད་ཅིང་བཞུགས་པས། ལྷ་ཁང་ཞིག་གི་བྱ་འདབས་ཀྱི་ཁ་ན་བུད་མེད་ཅིག་བྱ་བྲུན་འཕྱག་གི་འདུག བུད་མེད་དེའི་ཕྱགས་མ་ཤོད་དུ་ལྷུང་བས་ཕར་ཅེར་ཚུར་ཅེར་བལྟས་ནས་མི་མེད་པ་འདྲ་བས་སྟེང་ནས་ལག་པ་ནར་བྱས་ནས་ཕྱགས་མ་བླངས་སོང་། སུ་ཡིན་བལྟས་པས་ཇོ་བོ་མཻ་ཏྲི་པའི་མུ་དྲ་ཡིན། ཆུ་ཤིང་གི་སྙེ་མ་ཅན་བྱ་བ་དེ་འདུག དེ་མཁའ་འགྲོ་མར་གོ་ནས། དེ་རང་དུ་གསེར་གྱི་མཎྜྻལ་ཕུལ་ནས་བདག་རྗེས་སུ་གཟུང་འཚལ་ཞུས་པས། གསང་གདན་ལེའུ་དང་པོའི་དབང་བསྐུར། ཡུམ་བཀའ་དང་རྫོགས་རིམ་ཆུ་ཤིང་གི་མེ་ཏོག་གསང་གདན་གྱི་བཤད་པ་བྱུང་། དེ་ནས་ལོག་ནས་ནཱ་རོ་པའི་སྤྱན་སྔ་ན་བཞུགས་པའི་ཚེ། ཁྲུས་མཛད་པས་སྲུང་འཁོར་ཁྭ་ཏས་ཁྱེར་བ་རྗེ་བཙུན་ནཱ་རོ་པས་སྡིགས་མཛུབ་མཛད་པས་ཁྭ་ཏ་ས་ལ་ལྷུང་། སླར་བཞེས་དེ་དང་དུས་མཚུངས་པར་རྒྱ་ཚད་ཐེང་གསུམ་གྲོངས་པ་ལ་ཐུག་པ་བྱུང་། དྲག་༼༢༢༡༽ནས་བླ་མས་སོ་ས་གླིང་གི་དུར་ཁྲོད་ན་མཁའ་འགྲོ་མ་བཞུགས་པས་དེར་སོང་ལ་གདན་བཞི་ཞུས་གསུང་། དེར་བྱོན་རྣལ་འབྱོར་མ་མི་རུས་ཀྱི་རྒྱན་ཆ་ཅན་དང་མཇལ། འདི་ནཱ་རོ་པའི་ལྕམ་ནི་གུ་མར་གྲགས་པ་དེ་ཁ་ཡིན། དེར་གདན་བཞི་གསན། འདི་ལ་གདན་བཞི་ཀའི་བཤད་པ་བྱུང་། ལོག་ནས་བླ་མས་གནང་། ཚིག་ཆེས་རྒྱས་པ་དོན་ཁྱད་མེད་པར་བྱུང་གཞན་ཡང་དཔལ་སིངྒ་ལི་པ་སོགས་བསྟེན། རྒྱུད་མན་ངག་མཐའ་དག་ཞིག་གསན་ཏེ། རྗེ་ནཱ་རོ་ཆེན་པོས་སྣ་དྲངས་པའི། །གྲུབ་ཐོབ་བླ་མ་རྣམས་དང་མཇལ། །སྤྱིར་རྒྱུད་སྡེ་བཞི་ལ་ཉན་བཤད་བྱས། །ཁྱད་པར་མ་རྒྱུད་མཐའ་དག་བསླབས། །ཕ་རྒྱུད་གསང་བ་འདུས་པ་ཐོབ། །དང་། ལར་དུར་ཁྲོད་ཉུལ་བའི་རྣལ་འབྱོར་པ། །ཤིང་དྲུང་གནས་པའི་ཀུ་ས་ལི། །ཡོངས་སུ་མ་གྲགས་འགའ་ཡོད་དེ། །རྫོགས་རིམ་ཁ་འཐོར་མང་དུ་ཞུས། །ངོ་མཚར་ཅན་གྱི་སྒྲུབ་ཐབས་དང་། །ཕྲན་ཚེགས་གདམ་ངག་རྩིས་ལས་འདས། །ཆོས་འབྲེལ་བ་ཙམ་གྱི་བླ་མ་མང་། །དཔལ་སིངྒ་ལི་པས་སྣ་དྲངས་ནས། །མངོན་ཤེས་རིག་པ་མངའ་བརྙེས་ཤིང་། །སྣང་བ་འགྱུར་ངེས་བཅུ་གསུམ་བཞུགས། །དང་། ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་དང་། །ཁྱད་པར་གྲུབ་ཐོབ་ཞལ་ལྔ་བཞུགས། །རྗེ་འགྲན་གྱི་དོ་མེད་རྣམ་གཉིས་ཏེ། །གཙོ་བོ་པཎ་ཆེན་ནཱ་རོ་པ། །དེ་འོག་རྒྱལ་སྲས་མཻ་ཏྲི་པ། །དེར་དཔེ་རྣམས་ལ་གཞི་འགྱུར་མཛད། བླ་མ་རྣམས་ལ་ཞུས་ཏེ་གཏན་ལ་ཕབ་བོ། །དེ་ནས་གསེར་ཡང་ཟད་ཚུར་བྱོན་པས་གཉོས་ཀྱི་འཚོ་ཆས་ཀྱང་འཛད་ནས་ལོག་འོང་བ་དང་འགྲིགས་ནས་བསྡེབས་བྱོན་པ་ན། གཉོས་ཀྱི་བསམ་པ་ལ། གསེར་ང་མང་རུང་ཆོས་ཁོ་མཁས་པར་འདུག་བསམ། ངན་ཞུགས་ཏེ། ཁོང་ལ་ཁུར་ཙ་འཁུར་བའི་ཨ་ཙ་ར་འདུག་ནས་དེ་ལ་བསླབས། ལོ་ཙཱ་བ་བྱ་བ་ཁྲེས་པོ་འཁུར་ནས་ཕྱིན་ན་མིའི་མཐོང་མི་འབྱུང་། དཔེ་འདི་ལ་ཁོལ་ཟེར་ནན་ཆེ་བས་དཔེ་ཁྲེས་ཨ་ཙ་ར་ལ་གཏད་པས། དེས་གངྒའི་དབུས་སུ་ཆུ་ལ་ཤོར་སྐད་བྱས་ཏེ་བསྐྱུར། ཆུ་ཁར་ཨ་ཙ་ར་བཟུང་ནས་རྒྱལ་པོ་ལ་གཏུག་བྱས་པས། གཉོས་ཀྱིས་བསླབས་པ་དང་རྔན་པ་བྱིན་པ་ཞིབ་པར་བཤད་བྱུང་། དེར་གཉོས་ལ་ཁྲེལ་འདེད་ཙམ་མཛད། མྱུར་དུ་རྒྱ་གར་ལ་ལོག་པའི་ཐུགས་དམ་མཛད་དེ། བལ་པོའི་མཐའ་འཁོབ་ཏུ་ཤོ་གམ་པས་བསྐྱིལ། དེ་དུས་ས་ར་ཧས་མནལ་ལམ་དུ་བྱིན་གྱིས་བརླབས། དོ་ཧ་རྡོ་རྗེའི་མགུར་སྩལ། བལ་པོ་ནས་རིམ་གྱིས་བོད་དུ་ཕྱགས་ཕེབས། དེར་སྒྱེར་༼༢༢༢༽ཕུ་ཀློག་སྐྱ་ཆེན་པོ་གཤེགས། དེའི་སྲས་པོ་ཤེས་རབ་བརྩེགས་ཀྱིས་ཞབས་ནས་བཏེག ཐོག་མར་མཧཱ་མ་ཡཱའི་ཆོས་བཙུགས། རིམ་གྱིས་ཡུལ་དུ་བྱོན། ལྷོ་ལ་ཡག་གི་བ་རང་ལྦ་བ་ཅན་སོགས་འདུས། དཔེ་མེད་ཀྱང་གདམ་ངག་རྣམས་ཐུགས་ལ་བྱང་བར་བཞུགས་པས་འཆད་ཉན་སྨར་བར་བྱུང་། དེ་ནས་སླར་བྱང་ནམ་རའི་གསེར་ཁ་རྡོལ་བ་དང་ཐུགས་གསེར་མང་དུ་རྙེད་ནས་རྒྱ་གར་དུ་བྱོན། བླ་མ་རྣམས་ལ་བཏང་རག་གི་མཎྜྻལ་ཚོགས་དང་མཆོད་པས་མཉེས་པར་བྱས་ཏེ། སྔར་མ་གསན་པ་རྣམས་གསན་པ་དང་གསན་པ་རྣམས་ཀྱི་དཔེ་བོད་ན་འགྱུར་གྲུབ་པ་རྣམས་གཞི་དེ་ཁར་བཞག་ནས། བཅོས་དགོས་པ་རྣམས་བླ་མ་རྣམས་ལ་ཞུས་ཏེ་གཏན་ལ་ཕབ། འགའ་ཞིག་མ་བསྒྱུར་བར་རྒྱ་དཔེ་རང་བསྣམས། ཇོ་བོ་ནཱ་རོ་པ་ལ་དེ་རེས་བདེ་མཆོག་རང་ལུགས་ཀྱི་ཚོགས་བཤད་ཙམ། ལོ་དྲིལ་ནག་པོའི་སྐོར། འདུས་པ་ཡེ་ཤེས་ཞབས་ལུགས་སོགས་གསན། མཻ་ཏྲི་པ་ལ་དགྱེས་རྡོར་སངས་རྒྱས་ཐོད་པ་གསན་ནས། བོད་དུ་འབྱོན་ཁར་རྗེ་བཙུན་ནཱ་རོ་པས་ཕྱག་དབུ་ཐོག་ཏུ་བཞག་ནས། ནམ་མཁའི་མེ་ཏོག་སྐྱེས་བུ་ཡིས། །མོ་ཤམ་བུ་ཡི་རྟ་ཞོན་ནས། །རུས་སྦལ་སྤུ་ཡི་ཐུན་བྲབས་ཏེ། །རི་བོང་རྭ་ཡི་ཕུར་པ་ཡིས། །དགྲ་བོ་ཆོས་ཉིད་ཀློང་དུ་བསད། །ལྐུགས་པས་སྨྲ་ཞིང་དམུས་ལོང་ལྟ། །འོན་པས་ཉན་ཞིང་ཞ་བོས་རྒྱུག །ཉི་ཟླ་གར་མཁན་དུང་འབུད་ཅིང་། །འཁོར་ལོ་བུ་ཆུང་སྐོར་བར་བྱེད། །ལན་གཅིག་ཅིས་ཀྱང་ཤོག་ཅིག་གསུངས། །འབྱོན་པའི་དམ་བཅའ་ཕུལ། དེ་ནས་བོད་དུ་ཕེབས་མེས་རྔོག་མཚུར་དབང་དེ་ལ་སོགས་པ་རྗེས་སུ་བཟུང་། སླར་འཕན་ཡུལ་ནས་བྱང་འདམ་གྱི་བར་བྱོན། སྙིང་དྲུང་དུ་མར་པ་མགོ་ཡགས་ཀྱིས་གསེར་སྲང་བཞི་བཅུས་ཡོལ་གོ་ཆེན་པོ་ཞིག་བཀང་སྟེ་ཕུལ་བ་སོགས་གསེར་གཏོས་ཆེ་བ་རྙེད། དེར་ཐོ་རངས་མནལ་ལམ་ན་དར་གྱི་གོས་གྱོན། རུས་པའི་རྒྱན་བཏགས་པའི་བུ་མོ་གསུམ་བསྒྲིགས་ནས། མཁའ་འགྲོ་ནམ་མཁའི་མེ་ཏོག་གིས། །སྙན་རྒྱུད་མོ་ཤམ་རྟ་ཞོན་ནས། །བརྗོད་མེད་རུས་སྦལ་སྤུས་བྲབས་ཏེ། །སྐྱེ་མེད་རི་བོང་རྭ་ཕུར་བུས། །ཏེ་ལོ་ཆོས་ཉིད་ཀློང་དུ་བསད། །ཏེ་ལོ་ལྐུགས་པ་སྨྲ་བསམ་བརྗོད་མེད་ཀྱིས། །ནཱ་རོ་འོན་པ་ཆོས་ཉིད་ཆོས་སྐུའི་རི་བོ་ལ། །བློ་གྲོས་ཞ་བོ་འགྲོ་འོང་མེད་པར་རྒྱུག །ཉི་ཟླ་དགྱེས་པ་རྡོ་རྗེ་སྟེ། །གར་མཁན་དུ་མ་རོ་གཅིག་ཡིན། །དུང་ནི་སྙན་པ་ཕྱོགས་བཅུར་གྲགས། །འབུད་པ་སྣོད་ལྡན་དག་༼༢༢༣༽ལ་འབུད། །འཁོར་ལོ་བདེ་མཆོག་འཁོར་ལོ་སྟེ། །བསྐོར་བ་སྙན་རྒྱུད་འཁོར་ལོ་ཉིད། །བུ་ཆུང་ཞེན་པ་མེད་པར་བསྐོར། །ཟེར་མནལ་སད་པ་དང་དཔལ་ནཱ་རོ་པའི་དྲུང་དུ་འགྲོ་བ་ལ་བསྐུལ་བར་དགོངས་ཏེ། ཆོས་འཕྲོ་རྣམས་འཕྲལ་ལ་བསྒྲིལ་ལྷོ་བྲག་ཏུ་བྱོན། རྒྱ་གར་དུ་ཆས་པ་ལ་གྲྭ་བུ་སློབ་རྣམས་ཀྱིས་ནན་གྱིས་ཞུས་ཀྱང་མ་གསན། ང་བླ་མ་ལ་དམ་ཉམས་ན་མི་རུང་། ལན་གཅིག་ཅིས་ཀྱང་ཤོག་གསུངས་པས་འགྲོ་གསུངས། ཅིས་ཀྱང་ཐེགས་ན་ཕྱག་ཕྱི་བ་དང་བཅས་ཏེ་ཐེགས་དགོས་ཞུས་པས་མ་གསན་པར་གཅིག་པུར་བཞུད་པར་ཆས། དེར་གྲྭ་པ་ཐམས་ཅད་ཀྱིས་གསེར་ཅི་རྙེད་བྱས་པས་གཏོས་ཆེ་བ་བྱུང་བ་བསྣམས་ཏེ་བྱོན། ཉང་སྟོད་དུ་ཇོ་བོ་རྗེ་ཕེབས་པ་དང་མཇལ། ཆོས་འགྲེལ་གསན་སྐད་ཆ་ཞུས་པས། རྗེ་བཙུན་ནཱ་རོ་པ་ན་ནིང་གི་ལོ་གསར་གྱི་ཉ་ལ་སྤྱོད་པ་ལ་གཤེགས་གསུངས་པ་ཐོས་པས་ཐུགས་ཐོན་འགྲོ་བ་ལྟ་བུ་ཞིག་བྱུང་། འོན་ཀྱང་བླ་མ་གྲོངས་པ་ནི་མིན་མཇལ་བ་ཞིག་ཅིས་ཀྱང་ཡོང་སྙམ་པའི་རེ་བས་གསོས། དེར་ངའི་ལོ་ཙཱ་ལ་སྡོད་གསུངས། བླ་མ་ལ་དམ་བཅའ་ཕུལ་པའི་ལོ་རྒྱུས་ཞུས་པས། འོ་ན་བདེན། རྗེ་བཙུན་ཐུགས་རྗེ་ཆེ་བས་མཇལ་བའི་སྐབས་དབྱེ་སྟེ་འོང་གསུངས། དེ་ནས་བལ་པོར་ཕེབས། དགུན་དེ་ཉིད་ལ་རྒྱ་གར་དུ་བྱོན། དགེ་ཚུལ་པ་དང་མཇལ་ལོ་རྒྱུས་རྣམས་ཞིབ་ཏུ་དྲིས་པས། ཇོ་བོ་དང་མཐུན་པར་བྱུང་ལ། སྤྱོད་པ་ལ་གཤེགས་ཁར་ཁོ་ཅིས་ཀྱང་སླེབ་འོང་། དེ་ལ་འདི་གཏོད་གསུང་བྱིན་རླབས་རྟེན་འགའ་ཞིག་གཏད། དེར་ཁོང་ནས་རྗེ་བཙུན་ཐུགས་རྗེ་ཆེ་བས་དང་ཁྱོད་རང་མོས་གུས་ཀྱི་གདུང་ཤུགས་ཆེ་བ་འཛོམ་པས་མཇལ་རང་འོང་། དེ་ལ་ཡོ་བྱད་འདི་ཚོས་ཚོགས་འཁོར་བསྐོར་ལ་གསོལ་བ་ཐོབ་གསུངས་པ་བདེན་སྙམ། ཐོག་མར་མཻ་ཏྲི་པའི་དྲུང་དུ་བྱོན། དེའི་དུས་སུ་དཔལ་གཉིས་མེད་རྡོ་རྗེས་ཐུགས་ལ་བཏགས། དུས་དེའི་ཚེ་ངོ་མཚར་བའི་ལྟས་ནི་སྣ་ཚོགས་པ་བྱུང་སྟེ། སྐུ་རྒྱབ་གཏད་པའི་ལྗོན་ཤིང་གིས་ཡང་ཡང་གཡོ་བ་དང་མགུལ་བ། སྤྲུལ་པའི་ཅེ་སྤྱང་དམར་མོ་བདུན་ནམ་མཁའ་ནས་དངོས་སུ་གཏོར་མ་ལེན་པ། ས་གསུམ་གྱི་མཁའ་འགྲོ་རྣམས་གར་བསྒྱུར་སྔགས་ཀྱི་རང་སྒྲ་སྒྲོག་པ། བར་སྣང་གང་བའི་ཞིང་སྐྱོང་གི་མཁའ་འགྲོ་རྣམས་རོལ་མོ་འབུལ་བ། སྒྲོན་ཤིང་མར་མེ་མཛུབ་གང་ཞག་བདུན་དུ་འབར་བ། མངའ་བདག་གི་གསུངས་ནས། ཁྱོད་སྐྱེ་བ་གསུམ་གྱི་འོག་རོལ་ཏུ་སངས་རྒྱ་བར་འགྱུ་རོ་ཞེས་དང་། ལྗོངས་ཁ་བ་ཅན་གྱི་རྒྱུད་དུ་གདུལ་བྱ་སྣོད་ལྡན་༼༢༢༤༽ཡོད་པ་དང་། རྗེ་བཙུན་ནཱ་རོ་པ་དང་མཇལ་བར་ལུང་བསྟན། ལྷོ་དུག་མཚོའི་གླིང་དུ་བྱོན། དེའི་དུས་སུ་དཔལ་ཞི་བ་བཟང་པོ་དེ་ཚོགས་ཀྱི་འཁོར་ལོ་མཛད། བུད་མེད་ཀྱི་རོ་ཞིག་ཚོགས་གྲལ་དུ་འདུག་པའི་ཐོད་པ་རློན་པ་ཁྲག་ཙ་རེ་བའི་ནང་དུ། དཔལ་ཞི་བ་བཟང་པོས་གུ་ཡ་མ་ཏྲིའི་ཆུ་ལྟེམ་ནས་ཀླད་པ་དང་དྲི་ཆུ་བསྲེས་པ་དེ་དམ་ཚིག་ཏུ་བྲིམ་ཞིང་འདུག་པ་མར་པའི་ཐད་དུ་སླེབ་པ་དང་། ཐོད་པའི་རྫས་ཆིལ་ཆིལ་ཁོལ་གྱིན་འདུག་ནས་ནང་དུ་གཟིགས་པས་མཧཱ་མ་ཡཱའི་ཡིག་འབྲུ་སྔགས་ཀྱི་འཁོར་ལོ་ཞལ་གཟིགས། ཟབ་མོ་སྔགས་ཀྱི་རྣལ་འབྱོར་གྱི་རྟོགས་པ་དང་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་པར་བྱས་སོ། །དེ་ཡང་ནཱ་རོ་པ་དང་མཇལ་བར་ལུང་བསྟན། དེ་ནས་ནུབ་ཏུ་ལ་ཀྵེ་ཏྲར་བྱོན། དཔལ་ཡེ་ཤེས་སྙིང་པོ་གང་ན་བཞུགས་དྲིས་པས། རིགས་ངན་མ་ཞིག་གིས་ཉེ་གནས་བྱས་ནས་ནགས་གསེབ་ཡ་གི་ན་བཞུགས། རིགས་ངན་མ་དེ་ད་ལྟ་ཆུ་འཆུ་རུ་འོང་ཟེར། ཆུ་མིག་རྩར་བསྡད་པས་དེ་བྱུང་ནས་བླ་མ་ལ་མཇལ་བའི་ཞུ་བ་བསྐུར་བས་སྤྱིལ་པོར་སོང་། དེ་ནས་རིགས་ངན་མོ་དེས་བུམ་པ་ཞིག་ཁྱེར་ནས་འོང་སྟེ་ཆུ་འདིའི་སུམ་གཉིས་ཀྱིས་ཁྲུས་གྱིས་སུམ་གཅིག་ཁ་རུ་འཐུང་ཟེར་ནས། རིགས་ངན་མ་དེས་ཝ་ཏི་ལ་ཆུ་བཟེད་ཀྱི་འདུག་པས་ཆུ་བུམ་པའི་ནང་དུ་བླུགས་པ་དང་། དེ་ཐམས་ཅད་བྱང་ཆུབ་སེམས་སུ་སྐྱ་མེར་གྱིས་སོང་། དེ་ནས་བུད་མེད་དེ་རང་བུམ་པའི་སྟེང་དུ་ལུས་ཀྱི་འཁྲུལ་འཁོར་བཅས་ནས་འདུག་པས། གསང་བའི་གནས་ནས་རཀྟའི་རྒྱུན་བབས་པས་བྱང་སེམས་དཀར་དམར་དུ་འདྲེས་པ་དེའི་སུམ་གཉིས་ཀྱིས་ཁྲུས་བྱས། སུམ་གཅིག་འཐུངས། ལྷག་མ་ཡོད་དམ་སྙམ་བུམ་ནང་དུ་བལྟས་པས། བུམ་ནང་ན་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་ཁྲ་སྲམ་མེ་གཟིགས། དེ་མ་ཐག་ཏུ་དཔལ་ཡེ་ཤེས་སྙིང་པོ་བྱོན་ནས་ཕྱག་ཕུལ་བས། ཞལ་ནས་ཁྱོད་ཉོན་མོངས་པའི་འཆིང་བ་ལས་གྲོལ་ལམ། རྒྱུད་ཡོངས་སུ་སྦྱངས་སམ། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་དམ། ཞེས་གསུངས་ནས་བྱིན་གྱིས་བརླབས་སོ། །དེར་ས་བརྒྱད་པ་བརྙེས། དེ་ནས་སོ་ས་གླིང་དུ་བྱོན་པས་ལམ་པ་ལི་པ་ཊ་ཞེས་བྱ་བར་བརྟོལ། དེར་བུ་མོ་ཞིག་ཤིང་ཐོག་དཔལ་འབྲས་སྲུང་གིན་འདུག དེ་ལ་ཤིང་ཐོག་བསླངས་པས། དེ་ན་རེ་ངའི་མ་ལ་བསླང་དགོས་ཟེར་ནས་དེས་མ་ལ་སྦྲན་བྱུང་། དེ་རྣལ་འབྱོར་མའི་ཆས་ཅན་དུ་འདུག དེས་ལྟུང་བའི་ལྟ་སྟངས་བྱས་བྱུང་བའི་མོད་ལ་ཤིང་༼༢༢༥༽ཐོག་རྣམས་ས་ལ་འབྱར་ཏེ་བབ་བྱུང་། དེ་ནས་གང་འདོད་ཟོ་ཟེར། བསྒྲུབས་ཏེ་གཅིག་ཟ་བར་བརྩམས་ཏེ་ཁ་ཕྱེ་བས། དེའི་ནང་དུ་གདན་བཞི་བའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་གཟིགས་ཏེ། བུད་མེད་མ་སྨད་མཁའ་འགྲོ་མར་མཁྱེན། རྣལ་འབྱོར་མ་མི་རུས་ཀྱི་རྒྱན་ཆ་ཅན་གྱིས་བྱིན་གྱིས་བརླབས་པ་ཡིན། དེ་ནས་རི་རི་པ་དང་། ཀ་སོ་རི་པ་དགེ་ཚུལ་ཅན་དུ་ཕྱིན་ཚོགས་ཀྱི་འཁོར་ལོ་བསྐོར། དེ་ཐམས་ཅད་དུ་དཔལ་ནཱ་རོ་པ་དང་མཇལ་བ་ཁོ་ནར་ལུང་བསྟན། དེ་ནས་བི་ཀྲ་མ་ལ་ཤཱི་ལའི་ནཱ་རོ་པའི་གཙུག་ལག་ཁང་ཤར་ཁྲི་སྒོ་བརྩེགས་པ་ཞེས་ཡོད་པ་དེར་བཞུགས་ཏེ། དགྱེས་རྡོར་རྒྱུད་གཟིགས། རྒྱུད་ཀྱི་ཆིངས་འཆད་ལུགས་ཐམས་ཅད་པཎྜྻི་ཏ་གཞན་ལས་ནཱ་རོ་པ་ལྷག་པར་མཁྱེན་ནས་ཤིན་ཏུ་ངོ་མཚར། ག་ན་བཞུགས་ཀྱང་བཙལ་དགོས་སྙམ་པ་ཀ་ལི་ཞལ་བལྟ་བ་སྟེ་འབྲས་དཀར་མོ་བྲེ་གསུམ་དང་ཉ་ཤ་ཞིག་ཆས་སུ་བསྣམས་ཏེ་ཚོལ་དུ་ཕྱིན་པས་མ་རྙེད་པར་རིགས་ངན་གྱི་གྲོང་དུ་ཚུད། དེར་རྒྱལ་པོས་བཙོན་དུ་བཟུང་། ཞག་གསུམ་ནས་བཏང་། རྒྱལ་པོ་དེ་འཚོ་བའི་ཡོ་བྱད་ནི་སྦྱིན་སྲེག་གི་ཐབ་ཁུང་དུ་རླུང་གཡབ་ཀྱིས་གཡབས་པས་མེ་འབྱུང་། དེའི་གསེབ་ནས་ཟས་སྣ་ཚོགས་པ་གཟར་བུས་བཅུས་ནས་འོང་བ་གཟིགས། བླ་མ་རྣམས་རྒྱལ་པོ་དེའང་ནཱ་རོའི་སྤྲུལ་པ་ཡིན་གསུང་ངོ་། །དེ་ནས་མ་རྙེད་པར་དཔལ་པེནྡ་པ་ཆུང་བ་བྱོན་པ་དང་ཐུག་དེ་ས་མཁན་དུ་བྱས་ནས་བཙལ་ཡང་མ་རྙེད། པེནྡ་པ་ལོག བླ་མ་རང་གིས་སྨྱོན་པ་འཁྱམ་པ་ལྟ་བུར་ནགས་གསེབ་དུར་ཁྲོད་བས་མཐའ་ཐམས་ཅད་ཉུལ་བས། ཉིན་གཅིག་ཙནྡན་གྱི་སྡོང་པོ་ཞིག་གི་སྟེང་ན། དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུ་སྣང་ལ་རང་བཞིན་མེད་པ། སྡོང་པོ་ལ་མ་རེག་རེག་ལ་ཁད་པ་དེའི་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་ཐུགས་ཀར་ཨུཥྚ་སྔགས་ཀྱི་འཁོར་ལོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་སྒོར་རེ་བ་སྐུས་མི་སྒྲིབ་པ་ཞལ་གཟིགས། ཡང་བཙལ་བས་ཤེལ་གྱི་ཕ་བོང་ལ་ནཱ་རོ་གཤེགས་པའི་ཞབས་རྗེས་རྙེད། ད་དེ་མྱུར་བར་མཇལ་འོང་སྙམ་དྲོད་པ་སྐྱེས་ཏེ། དེ་ཁོ་ནའི་མདུན་དུ་མཎྜྻལ་འབུལ་གྱིན་གསོལ་བ་བཏབ་ནས་ཞག་བདུན་སོང་བ་དང་། དཔལ་ནཱ་རོ་པ་དངོས་སུ་དེའང་མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཐོད་པ་དང་ཁ་ཊྶཱཾ་ག་བསྣམས་ཤིང་། སྐུ་གཅེར་བུ་སྟག་ཤམ་རལ་པའི་ཐོར་ཙུགས་རུས་པའི་རྒྱན་དྲུག་གིས་བརྒྱན་པ་དཔལ་ཧེ་རུ་ཀའི་༼༢༢༦༽ཆས་སུ་ཞུགས་པ་ཞིག་བྱོན། རབ་ཏུ་དགའ་ཆེས་ཡུན་རིང་པོ་སྡུག་བསྔལ་བཞིན་དུ་བཙལ་བའི་ཡུས་ཀྱིས་བརྣངས་ཏེ་ལུས་སྐུ་ལ་བཙུན་མོ་ལྟ་བུར་འཁྱུད་དེ་ངུས་ནས་རྗེ་བཙུན་ཐུགས་རྗེ་རེ་ཆུང་ཞེས་ཞུས། དེ་ནས་གསེར་ལྷག་ཐམས་ཅད་མཎྜྻལ་དུ་ཕུལ་བས་མ་བཞེས། ནན་གྱིས་ཞུས་པས་བཞེས་ཏེ། སྤྱན་ཟིམ་མཛད། བླ་མ་དཀོན་མཆོག་མཆོད་ཅིག་གསུང་ནམ་མཁའ་ལ་གཏོར་སོང་བས། འཕངས་སྙམ་ཤར་བས་མོད་ལ། ཁྱོད་འདོད་ན་སླར་ཡང་ཡོད་དོ་གསུངས་མ་གོད་པར་གཏད། འདི་ཐམས་ཅད་གསེར་གླིང་ཡིན་མོད་གསུངས་ཞབས་བརྡབས་པས་ས་གཞི་ཐམས་ཅད་གསེར་དུ་སོང་། དེར་ཚོགས་འཁོར་ཤོམས་གསུང་། འདི་ན་ཉ་ཁོག་གཅིག་ལས་མི་འདུག་ཞུས་པས། དེ་དུམ་བུ་དྲུག་ཅུར་གཏུགས་ལ་ལ་བའི་ཁུང་དུ་ཤིང་ལོས་གཏུམས་ལ་ཅུང་ཟད་ཞོག་གསུངས་བཞག དེ་ནས་ཅུང་ཟད་སོང་བ་དང་དབྱེ་བས་བཟའ་བ་དང་བཅའ་བའི་རིགས་སྣ་དྲུག་ཅུ། རོ་བརྒྱ་དང་ལྡན་པ་མང་པོ་ཞིག་ཏུ་སོང་འདུག་པས། དེར་ཚོགས་ཀྱི་འཁོར་ལོ་མཛད་དེ། རང་གྲོལ་ཡེ་ཤེས་ཉི་མ་ཡིས། །པུཥྤ་ཧ་རིའི་དགོན་པ་རུ། །བྷཱུ་ཏིའི་མ་རིག་མུན་སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཞེས་བླ་མས་ལུང་བསྟན་པ་ཡིན་པས་པུཥྤ་ཧ་རིར་འགྲོ་གསུངས་བྱོན། དེར་མཁའ་འགྲོ་སྙན་རྒྱུད། རང་ལུགས་བདེ་མཆོག་འཁོར་ལོའི་སློབ་བཤད་ཀྱི་རྩེ་མོར་ཕྱིན་པ། གཞན་ཡང་བསྲེ་འཕོའི་མན་ངག་ལྷག་མ་ལུས་པ། རོ་སྙོམས་སོགས་སྔར་མ་གནང་བ་དང་གནང་བ་རྣམས་སྙིང་པོར་བསྒྲིལ་ཏེ་གནང་དེར་ཟླ་བ་གསུམ་བཞུགས་ཟེར། དེ་དུས་བླ་མ་འདི་མ་རྙེད་པས་སྦྱངས། ད་བོད་དུ་ལོག་མི་འགྲོ་བླ་མ་འདི་རང་གི་དྲུང་དུ་སྡོད་སྙམ་ཐུགས་ལ་ཤར་བས། སློབ་དཔོན་སྤྱོད་པ་བས་ཤར་ཕྱོགས་ཀྱི་རྒྱུད་བྱིན་གྱིས་བརླབས་པ་ཡིན། སློབ་དཔོན་འཕགས་པས་ལྷོ་ཕྱོགས་ཀྱི་རྒྱུད་བྱིན་གྱིས་བརླབས། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ནུབ་ཕྱོགས་ཀྱི་རྒྱུད་བྱིན་གྱིས་བརླབས། ངས་བྱང་ཕྱོགས་པ་ཏའི་རྒྱུད་ཁ་བ་ཅན་བྱིན་གྱིས་བརླབས་པ་ཡིན་པས། ཁྱོད་འདི་རུ་མ་སྡོད་བོད་དུ་སོང་ཞིག བྱང་ཕྱོགས་ཁ་བ་ཅན་གདུལ་བྱ་སྣོད་ལྡན་ཡོད་དོ་གསུངས་ཏེ། བླ་མ་རང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་ཞུགས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་གསེར་ལྷག་མ་རྣམས་ཀྱིས་རྟེན་མཧཱ་བོ་དྷི་སོགས་ལ་མཆོད་པ་མཛད་དགོངས། དེའི་དུས་སུ་རྡོ་རྗེ་གདན་གྱི་དུས་མཆོད་དང་འཛོམ། དེར་ཉིན་མོ་མིས་མཆོད་པ་འབུལ། ནུབ་མོ་མི་མ་ཡིན་གྱིས་མཆོད་པ་འབུལ་བ་ཡིན་པས། དེའི་དུས་སུ་ནུབ་མོ་ཀུ་ཅོ་ཆེན་པོ་བྱུང་། ནང་པར་བལྟས་པས་སྲིན་༼༢༢༧༽པོ་ཤིན་ཏུ་ཆེ་བ་ཞིག་ཤི དེའི་གདོང་པ་རང་ལའང་མཐོ་བཅུ་དྲུག་འདུག་ནས། ཐམས་ཅད་ལངས་དོགས་སྐྲག་ནས་ཡོད་པའི་ཚེ། ལོ་ཙཱ་བས་པེནྡ་པ་ལ་ངས་བསྒོམས་པའི་ནུས་པ་བསྟན་ནམ་བྱས་པས། གདམ་ངག་གི་རྩལ་ཅི་འདུག་ལྟ་ཡི་གྱིས་གསུངས། དེར་ལུས་པནྡེ་པ་ལ་བཅོལ་ནས་སྲིན་པོའི་རོ་ལ་གྲོང་འཇུག་མཛད་ནས་བས་མཐར་དོར། དེར་ཐམས་ཅད་ཀྱིས་ལོ་ཙཱ་བ་གྲུབ་ཐོབ་ཏུ་ཤེས་ནས་བཀུར་སྟི་བགྱིས་སོ། །དེ་ནས་བལ་པོར་སླེབ་དུས་དུར་ཁྲོད་ར་མ་དོ་ལིར་བླ་མ་མེ་མཉམ་རྡོ་རྗེ་ཚོགས་འཁོར་མཛད་འདུག་པས། དེ་ཀྲི་ཡ་ཞུས་པའི་བླ་མ་ཡིན་པས་དེས་བོས་བྱོན། རྣལ་འབྱོར་པ་དེ་རྣམས་ཚོགས་མགྱོགས་པར་གྱིས། འཕྱིས་ན་མཁའ་འགྲོ་མའི་བར་ཆད་འོང་ཟེར། དེ་རྣམས་ལ་འདི་འདྲ་བའི་རྣལ་འབྱོར་པ་འོང་བ། མཁའ་འགྲོ་མ་ལ་འཛེམ་པ། མཁའ་འགྲོ་མས་བྱིན་གྱིས་རློབ་དངོས་གྲུབ་སྟེར་བ་ཡིན་མོད། ངའི་བླ་མ་རྣམས་ཞིང་སྐྱོང་གི་མཁའ་འགྲོ་མ་དངོས་སུ་གྲལ་ལ་སྒྲིག་པ་ཡིན་ཏེ་སྙམ་ནཱ་རོ་མཻ་ཏྲི་དྲན་དུ་སོང་རྒྱ་གར་དུ་ལོག་དགོངས་ཐོ་རངས་མནལ་ལམ་ལ། ཤིང་ལོ་གྱོན་པའི་བུད་མེད་ཅིག་སྔས་སུ་འོངས་ནས་ཕྱག་སྤྱི་བོར་བཞག ད་རྒྱ་གར་དུ་མ་ལྡོག་བོད་ན་གདུལ་བྱ་ཡོད། དེའི་བར་དུ་བར་ཆད་མི་འབྱུང་ཟེར་བ་དང་། བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་ན་བཞུགས་པའི་ཚེ། ཐོ་རངས་མནལ་ལམ་ལ་ཇོ་བོ་མཻ་ཏྲི་པ་སེངྒེ་ལ་ཆིབས་ནས་བྱོན་ཏེ། སྐྱེ་མེད་མཚོན་པའི་བརྡ་བསྟན། ཡི་གེ་མེད་པའི་ཆོས་གསུངས། བརྗོད་དུ་མེད་པའི་དོན་རྟོགས། སྔར་མ་ཤར་བའི་ཉམས་ཤར་བ་རྨིས། མནལ་སད་པ་དང་རྗེ་བཙུན་མཻ་ཏྲི་པ་དྲན་དུ་སོང་། དེ་ནས་རིམ་པས་བོད་དུ་ཕེབས། བུ་སློབ་རྣམས་ཀྱིས་གཞི་ལེན་ཕུན་སུམ་ཚོགས་པ་བགྱིས། དེའང་རྒྱ་གར་དུ་བྱོན་ཐེབས་དང་པོ་ལ་ལོ་བཅུ་དགུ བར་པ་ལ་དྲུག དེ་རེས་རྒྱ་གར་རང་དུ་ལོ་གཅིག་བཞུགས། དགུང་ལོ་བཅུ་གཉིས་ནས་ལྔ་བཅུ་རྩ་གཉིས་ཀྱི་བར་ལ་སྦྱངས་པ་མཛད་པས་ལོ་བཞི་བཅུ། དཔལ་ནཱ་རོ་པ་རང་བསྟེན་པ་ལ་སྔ་ཕྱི་བསྡོམས་པས། ལོ་བཅུ་དྲུག་དང་ཟླ་བ་བདུན་དུ་བསྟེན། དུས་སྐད་ཅིག་མི་འབྲལ་འགྲོགས་པའི་ཕྱིར། །དང་། ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི། །ཚེ་སུམ་གཉིས་རྒྱ་གར་ཡུལ་དུ་བསྐྱལ། །ལོ་བཞི་བཅུའི་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་རྟ་ཡི་ཟླ་བ་ལ། །༼༢༢༨༽མི་ཁོ་བོ་ལམ་དུ་ཞུགས་ནས་མཆི། །དང་། དུས་གཞེས་ནིང་རྒྱ་གར་འགྲོ་བའི་ཚེ། །ལོངས་སྤྱོད་འབྱོར་པས་ཕོངས་དུས་སུ། །རིན་ཆེན་གསེར་གྱིས་ཡོལ་མོ་བཀང་། །དང་། རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །ལུས་སྲོག་ལ་མ་བལྟས་དམ་ཆོས་བཙལ། །ཞེས་གསུངས་སོ། །འབྱོན་ཐེབས་བར་པ་ལོག་ནས་རྔོག་སྟོན་མགོ་ཡགས་ལ་སོགས་པ་རྗེས་སུ་བཟུང་། ཕྱི་མ་འབྱོན་དུས་རྗེ་བཙུན་མི་ལ་ཞབས་ཕྱིར་འབྱོན་པ་སྐད་དང་། མར་པའི་ཉེར་དགུ་པ་ལ་མི་ལ་འཁྲུངས་པ་དང་། ཕྱི་མ་འབྱོན་པ་བཞི་བཅུ་རྩ་གཉིས་པ་ལ་བྱེད་པ་མར་པའི་དགུང་ལོ་སོ་གཅིག་པ་ལ་ཇོ་བོ་བོད་དུ་འབྱོན་པ་རྣམས་དུས་མི་འགྲིག དེས་ན་རྗེ་བཙུན་རང་གི་མགུར་དང་བསྟུན་ན་ལྔ་བཅུ་རྩ་གཅིག་པ་ལ་བྱོན། རྩ་གཉིས་པ་ལ་རྒྱ་གར་དུ་བཞུགས། ང་གསུམ་པ་ལ་ཕྱིར་འཁོར། དེ་ནས་ཇོ་མོ་བདག་མེད་མ་ཁབ་ཏུ་བཞེས། དེར་གཞན་གྱི་ཐ་མལ་པ་འཇིག་རྟེན་ལ་ཞེན་པ་ཞིག་ཏུ་རྟོག་གོ །སྐལ་ལྡན་རྣམས་ལ་སྐལ་བ་ཇི་ལྟ་བའི་ལམ་སྟོན་པར་མཛད་པ་ལས་རྔོག་ཆོས་སྐུ་རྡོ་རྗེ་ལ་དགྱེས་རྡོར། གུར། མཧཱ་མ་ཡཱ། གདན་བཞི་རྩ་བཤད་འགྲེལ་པ་མན་ངག་དང་བཅས་པ་གནང་། རྗེས་ཀྱི་བརྒྱུད་པ་བདུན་ཚུན་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག ཁོ་བོ་རང་གིས་བྱིན་གྱིས་རློབ་པ་ཡིན་གསུང་། མེས་ཚོན་པོ་ལ་བདེ་དགྱེས་གསང་གསུམ་མ་ཡཱ་སངས་རྒྱས་ཐོད་པ་མན་ངག་དང་བཅས་པ་གནང་། དོལ་གྱི་མཚུར་སྟོན་དབང་ངེ་ལ་གསང་བ་འདུས་པ་ལུགས་གསུམ། རྩ་རྒྱུད་སྒྲོན་གསལ། རྒྱུད་ཕྱི་རྩ་འགྲེལ། བསྐྱེད་རྫོགས་ཀྱི་མན་ངག་དགྱེས་རྡོར་སོགས་གནང་། འདི་གསུམ་ལ་བཤད་རྒྱུན་མུ་ཏིག་སྟར་ལ་རྒྱུས་པ་ལྟ་བུའི་བཀའ་བབས་གཞན་ཡང་འདམ་སྙིང་དྲུང་གི་མར་པ་མགོ་ཡགས། དོལ་པ་གག་སྟོན། གྲའི་མེའུ་ཆུང་། ཆུ་གོད་དཔལ་ལེ། དགེ་བཤེས་ཁེ་གད། མཇལ་བ་ལ་སྔ་བ་ཀློག་སྐྱ། གཉལ་གྱི་ཤུད་ཀྱི་ལྦ་བ་ཅན། ལ་ཡག་པ་བ་རང་ལྦ་བ་ཅན། འཕྲང་གི་རྒྱ་སྟོན་ཞིག་པོ། གཙང་རོང་རྒྱ་མཁར་གྱི་ཞང་སྟོན་ནོ། །ཁེ་གད་ནི་ལོ་ཙཱ་བ་འཁོར་ལོ་གྲགས་ཀྱི་ཡབ། རྗེ་བཙུན་གྲོངས་ནས་རྒྱུད་རྒྱུད་འགྲེལ་གྱི་རྒྱ་དཔེ་ཕལ་ཆེར་འདིའི་ལག་ཏུ་བྱུང་། མར་པ་བྱ་ཟེ་བ། མྱང་སྒོམ་སྤྲང་ལྟག ལྷ་རྗེ་སེ་རིངས། དེ་དག་རྒྱུད་དབང་མན་ངག་གིས་རྗེས་སུ་བཟུང་བ་ཁོང་རང་ཚོ་ནས་མི་ཐོག་འགའ་ཟུང་གི་བར་དུ་འཆད་ཉན་གྱི་རྒྱུན་བྱུང་བ་རྐྱང་། ཞང་སྟོན་གྱིས་མར་མེས་གཉིས་ཀ་ལ་གཏུགས། གཞན་ལྷོ་པ་ཏེ་སྒོམ་ནི། རྗེ་བཙུན་གྱི་ཆིབས་ཁ་བ་སྐུ་ལུས་འདི་ཁས་མཁའ་སྤྱོད་བྱོན་པ། ཆོས་འབྲེལ་བ་ཙམ་གྱི་༼༢༢༩༽སློབ་མ། རྩ་མི་ལོ་ཙཱ། མར་དོ། སྤུ་སྲེང་ལོ་ཆུང་སོགས་མང་ངོ་། །ཇོ་མོ་གཞན་བརྒྱད་དེ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དགྱེས་རྡོར་སྤྲུལ་པའི་ལྷ་དགུར་དངོས་སུ་སྟོན། གཙོ་མོའི་སྲས་སུ་མདོ་སྡེ་འཁྲུངས། དགུང་ལོ་ཉེར་གཅིག་པ་ལ་རྟས་བརྡབ་པས་དབུ་ཆག རྒྱུད་མན་ངག་ལ་སྦྱངས་པ་ཆེ། གྲོང་འཇུག་ནུས་པས་བོད་དུ་གདུལ་བྱ་མེད་པས་གྲོང་འཇུག་བཏུབ་པའི་མི་རོ་མ་རྙེད་ནས་ཕུག་རོན་གྱི་རོ་ལ་གྲོང་འཇུག་མཛད། རྒྱ་གར་ཤར་ཕྱོགས་སུ་བྲམ་ཟེ་གཞོན་ནུའི་རོ་ལ་གྲོང་འཇུག་གྱིས་ལ་འཕྲིན་ལས་མཛོད་བླ་མ་གསུངས་པ་ལས་ཕྱིས་ཐོས་པའི་ལོ་རྒྱུས་མེད། གཞན་འཁོར་གྱི་བདག་མེད་མ་བཞི་ཙམ་ལ་སྲས་དྲུག སྲས་མོ་གཅིག་སྟེ་བདུན་ཡོད་ཟེར། སྲས་མྱ་ངན་ལས་འདས་པའི་གོང་དུ་རྗེ་བཙུན་མི་ལས་གཏུགས་ནས་ལོ་བཞི་ཙམ། ཡི་ཆད་བརྒྱད་ཀྱི་སྒོ་ནས་ཚར་བཅད། སྲས་ཀྱི་ཆེ་འདོན་མཛད་པའི་དུས་ནས་རྗེས་སུ་བཟུང་། ཆེ་འདོན་ནས་ལོ་གཉིས་ཙམ་ལ་སྲས་གཤེགས། དེ་དུས་རྗེ་མར་པ་དགུང་ལོ་དོན་དྲུག་ཙམ་མོ། །མི་ལ་ལ་བདེ་དགྱེས་གསང་འདུས། གདན་བཞི། སངས་རྒྱས་ཐོད་པ། མཧཱ་མ་ཡཱ་རྣམས་ཀྱི་རྒྱུད་དབང་སྒྲུབ་ཐབས་རིམ་པ་གཉིས་དང་བཅས་པ་སྙིང་པོ་དོན་གྱི་སྐོར་རྣམས་མཐར་ཕྱིན་པ་གནང་ཡང་། སྒྲུབ་རྒྱུད་ཀྱི་བཀའ་བབས་པས་བརྒྱུད་འཛིན་རྒྱས་ཀྱང་བཤད་རྒྱུན་བདེ་མཆོག་ལས་མ་དར་རོ། །རྗེ་མར་པས་རྒྱ་གར་ན་གདན་བཞི་ཀའི་དཔེ་ནཱ་རོ་པ་མིན་པ་ལ་མེད་གསུངས། བླ་མ་གྲོ་བོ་ལུང་ན་ཆོས་གསུང་དུས། སྔ་སྡེ་སྒང་ན་ཇོ་བོ་ཁྱུང་པ་བྱ་བ་འགོས་ཀྱི་སློབ་མ་ཞིག་གདན་བཞི་འགྲེལ་པ་ལུགས་འཆད་པ་ལ། བླ་མའི་གསུང་ནས་ང་ཅག་དམག་དྲང་དགོས་གསུངས། དེ་ཅི་ལགས་ཞུས་པས། རྒྱ་གར་ན་གདན་བཞི་ཀ་ཤེས་པ་གཞན་མེད་པར་བོད་དུ་གདན་བཞི་ཀ་འཆད་པ་དེས་གསུངས། དེ་ཁོང་གིས་གསན་ནས་ཁོང་གསུང་བ་མད་དེ་མཆི། དཀའ་བ་མཛད་པ་ཡིན་གསུངས་འཕྲོ་བཅད། རྗེ་བཙུན་གདན་བཞིའི་རྒྱུད་གསུམ་འཆད་པ་ན་མཁའ་འགྲོ་མ་རྣམས་ཐིབ་སེ་ཉན་པ་ལ་འོང་གསུངས། དེ་ལྟ་བུའི་རྗེ་བཙུན་དེ་རྒྱུད་མན་ངག་གི་རྒྱ་མཚོར་བཞུགས་པ་ལ་བོད་རྣམས་ཀྱི་བསོད་ནམས་ལ་བུམ་པ་གང་བ་ཙམ་ཞིག་དར་བ་ཡིན། དེ་ནས་རྗེ་མར་པས་གྲོང་འཇུག་ཀྱང་འགའ་རེ་མཛད་དེ་བསྟན། སྐུའི་བཀོད་པའང་དུ་མར་སྣང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་ནས་མངོན་སུམ་དུ་སྟོན། ས་ཐམས་ཅད་རྫོགས་ཀྱང་ས་བཅུ་པའི་ཚུལ་འཛིན། བརྒྱད་ཅུ་རྩ་བརྒྱད་པ་ལ་ཡུམ་བདག་མེད་མ་འོད་ཀྱི་གོང་བུར་༼༢༣༠༽བྱས་ཏེ་ཐུགས་ཁར་བསྡུས། འགྲོ་དོན་གཞན་ཆེ་བར་དགོངས་པ་དང་། སྐུ་གདུང་གི་གདུལ་བྱ་གཟིགས་ནས་སྐུ་སྤྱི་བོ་ནས་འོད་དང་བཅས་ཏེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་གདུགས་རྒྱལ་མཚན་རོལ་མོ་སྒྲ་མཆོད་པའི་སྤྲིན་དང་ལྷན་དུ་གཤེགས། སྐུ་གདུང་གི་གདུང་རྣམས་རྔོག་མདོ་སྡེས་སྲས་བྱ་རིང་འཁོར་ལོ་ལ་བླུས་ཏེ་ད་ལྟ་གཞུང་སྤྲེ་ཞིང་ན་དངུལ་གྱི་གདུང་རྟེན་བཞེངས། དེའང་གསེར་གྱི་གདུང་ཁང་དུ་བཞུགས་སུ་གསོལ་ལོ། །རྗེ་བཙུན་འདི་ལ་ཐམས་ཅད་དུ་འཕགས་པ་ཀུན་ཏུ་བཟང་པོ་དང་། ཌོམྦི་ཧེ་རུ་ཀའི་སྤྲུལ་པར་གྲགས་སོ། །རྔོག་ཆོས་སྐུ་རྡོ་རྗེ་ནི། རྔོག་ལོ་ཙཱ་བ་ཁུ་དབོན་དང་ཡབ་ཚན་དང་པོ། འབྲོག་པ་ཡིན་ལ། འཁྲུངས་ས་གཞུང་རི་བོ། སྔགས་རྙིང་མ་སློབ་ཏུ་གཙང་སྒྱེར་ཕུའི་དགེ་བཤེས་སྒྱེར་ཆུང་པ་ཅན་དུ་བྱོན། སྒྱེར་ཕུའི་ཆག་ལོ་དང་ཡང་མཇལ། བྱེ་མ་ལུང་པ་ལས་མཚན་བརྗོད་གསན། དེ་དུས་དགེ་བཤེས་སྒྱེར་ཆུང་པས་རྗེ་མར་པའི་བསྔགས་པ་བརྗོད་པས་མཚན་ཐོས་པ་རང་ལ་དད་པའི་སྤུ་ལོང་གཡོས། ཆོས་འཕྲོ་མྱུར་བར་ཞུས་ནས་གཞུང་དུ་ལོག རྟ་ཞིག་ཁྱེར་ནས་ལྷོ་གྲོ་བོ་ལུང་དུ་བྱོན། རྟ་ཕུལ་བས། ཁྱོད་ཀྱི་རྟ་ཕུལ་བ་དེ་ཕྱག་རྟེན་ཡིན་ན་ཆེས། འབུལ་བ་ཡིན་ན་ཆུང་གསུང་། དེའི་དུས་རྔོག་རང་གིས་དགུང་ལོ་བཅུ་དྲུག་ཙམ། རྗེ་མར་པ་ཞེ་དྲུག་ཙམ་ཡིན། ཐོག་མར་བདག་མེད་ལྷ་མོ་བཅོ་ལྔ་ཞུས་ཉམས་སུ་བླངས་རིང་པོར་མ་ཐོག་པར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དངོས་སུ་གཟིགས། བླ་མ་ལ་བདག་སྐལ་བར་ལྡན་ནམ། ཆོས་འདི་བྱིན་རླབས་ཆེ་བར་ཡིན་ཞུས་པས། གཉིས་ཀ་ཡིན་གསུང་། དེ་ནས་གཞུང་དུ་ན་མ་ཟླུམ་པོ་ཞིག་གི་ཁར་གནས་གཞི་ཁྱུང་ལྟ་བུ་ཞིག་བཏབ་པས་ཟླུམ་ཁྱུང་དུ་གྲགས་པར་ལན་གྲངས་དུ་མ་སྤྱན་དྲངས། ཀ་ཅ་སྤོང་ཐག་ལན་གསུམ་བྱས་ནས་དགྱེས་རྡོར་རྩ་འགྲེལ་མ་ཡཱ་གདན་བཞི་ཡོངས་རྫོགས་སོ་སོའི་མན་ངག ཁྱད་པར་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རྣམས་གནང་། འདིས་ཐོས་པ་དང་བསྒྲུབ་པ་སྟབས་སུ་མཛད་པས་ཡེ་ཤེས་ཀྱི་སྐུ་བརྙེས། འཆད་ཉན་མཛད་པས་སློབ་མ་བསམ་གྱིས་མི་ཁྱབ་པ་ཐོན། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་དབེན་གནས་ནས་སྟོན་བཙས་མ་རྔ་བའི་དུས་གསུང་ཆེན་པོས་བོས་ཏེ། ངའི་ཕྱི་ལ་སུ་འགྲོ་འདོད་ཤོག་གསུངས་པ་ལ་གཞན་སུའང་མ་བྱུང་བར་ཀུན་གྱིས་མཐོང་བར་ནམ་མཁའ་ལ་གཤེགས་སོ། །འདི་མཁའ་སྤྱོད་ཆུང་ངུ་ཡིན་སྙམ་གླེང་བ་ནི་ལོག་རྟོག་སྟེ། མི་ལས་སེར་༼༢༣༡༽བ་ཕབ་དུས་བྱ་བྱིའི་རོ་སྤུངས་པ་དུམ་ཞིག་ཐུགས་དམ་ལ་བཞུགས་ཏེ་སེ་ཁོལ་གཏོགས་པས་གནམ་ལ་དི་རི་རིར་ཞེས་འཕུར་སོང་ཞེས་གྲགས་ལ། རྒྱ་གར་གྱི་སློབ་དཔོན་ནག་པོ་སྤྱོད་པས་ཀྱང་བསད་པ་ནུས་ཏེ་སླར་གསོ་མི་ནུས་ཞེས་སྨྲ་ན་བསད་གསོ་ནུས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གང་དུ་བྱོན་པའི་མཁའ་སྤྱོད་ཀྱང་འོག་མིན་ཞེས་གྲགས་པས་བཅུ་པ་རྣམས་སངས་རྒྱས་བྱེད་པ་དེར་རོ། །དེ་ལ་སློབ་མ་རམས། སྤ། རྔོག རྒྱང་། སུམ་པ། ལྷོ་པ་སོགས་མང་། དེ་ལས་རམས་ཀླུ་གོང་པ་དེ་གཞུང་ལུགས་མཐའ་དག་ལ་སྦྱངས་པའི་མཁས་པ་རྒྱ་གར་གྱི་པཎྜྻི་ཏ་འབུམ་ཕྲག་གསུམ་པའང་རྩོད་པས་ཕམ་པར་བྱས། དེས་བླ་མ་ཆོས་རྡོར་ལ་གཏུགས། དེ་དུས་གཞུང་མདར་བླ་མ་ལ་སྒུགས་གྲ་བྱུར་སར་ཁོང་གིས་བླ་མ་ཡིན་པ་སྐད་བྱས་དེ་སྔོན་ལ་བྱོན་པས་བཙོན་ལ་ཤོར། བླ་མ་ལ་སྐྱོན་མ་བྱུང་བས་ཤིན་ཏུ་མཉེས། ཆོས་གསུང་དུས་གཞན་གྱི་འདྲེས་བྱུང་ན་ང་ལ་རྗེ་མར་པའི་གསུང་གཙང་མ་དེ་ཞུས་བྱས་ཞུ་ཕོད་བྱས་ཆོག དེས་དགྱེས་རྡོར་ལ་བཤད་པ་ཤིན་ཏུ་གཙང་། དེས་དབོན་པོ་རམ་རྡོ་རྗེ་བཙན་སོགས་དང་། མཁས་པ་རྒྱ་ནམ། དེའི་སློབ་མ་ཏྲེ་བོ་མགོན་པོ་བ། དེའི་སློབ་མ་གཉན་རྡོ་རྗེ་སེངྒེ། དེའི་སློབ་མ་སྙེ་མདོ་ཐམས་ཅད་མཁྱེན་པ། དེའི་སྲས་ཀུན་དགའ་དོན་གྲུབ་སོགས་དེ་ལུགས་འཛིན། སྲས་ནི་མདོ་སྡེ། ལས་སྟོད་ཀྱི་སྤུག་ཡེ་རྒྱལ་གྱི་སྐྱེ་བ། རྔོག་སྟོན་དང་སྤ་མོ་ཆོས་བརྩོན་གཉིས་ཀྱི་སྲས་མར་པ་མཇལ། འདི་དགུང་ལོ་བརྒྱད་ལོན་པ་ན་རྗེ་མར་པ་གཤེགས། བཅུ་གསུམ་ལ་ཡབ་གཤེགས། དེ་དུས་ཡབ་ལ་དབང་རྒྱུད་མན་ངག་གསན་ཡང་བརྒྱུད་པ་འདེད་པ་ཙམ་ལས་མེད་པས། ཡབ་གཤེགས་གདོང་ཞལ་ཆེམས་ལ་དགྱེས་རྡོར་རམ། མ་ཧཱ་མ་ཡཱ་སྤ་ལ་ཉོན་སོགས་བྱུང་། མན་ངག་ནི་ཆོས་རྡོར་གྱིས་བརྗེད་ཐོར་བཏབ་སྟེ་རྨོ་མོ་ཞིག་ལ་བུ་འདི་ལོ་བཅོ་བརྒྱད་ལོན་དུས་སྤྲོད་གསུངས་པས། དཔེ་འདི་ལ་རྔོག་པའི་བསྲེ་འཕོར་གྲགས། གསུང་བཞིན་རམ་ཅན་བྱོན། དེས་དང་དོད་མ་བྱས་པས་མ་མགུ་བར་ལོག རྔོག་དང་སྤ་ལ་གསན་ཟེར། གཞན་ཡང་བླ་མ་མང་དུ་བསྟེན། དེ་དུས་ཀྱི་གསང་སྔགས་པ་ལ་མཁྱེན་པ་ཆེ་བར་གྲགས། དགུང་ལོ་བདུན་ཅུ་རྩ་བདུན་གྱི་བར་དུ་དབང་དང་རྒྱུད་གདམས་པ་ལ་འཆད་ཉན་མཛད། འགྲེལ་པ་རིན་ཆེན་རྒྱན་འདྲ་བརྩམས། འདི་ལ་བླ་མ་ཆོས་རྡོར་༼༢༣༢༽གྱིས་མཛད་པ་རིན་པོ་ཆེའི་རྒྱན་བྱ་བ་ཞིག་ཡོད། དཔེ་ཁམས་སུ་ཤོར་ནས་དེ་དང་འདྲ་བ་ཞིག་བྱེད་གསུངས་པས་དེ་ལྟར་གྲགས་སོ་ཟེར་བ་བླུན་གཏམ་ཡིན། རྗེ་ཡབ་སྲས་ཀྱི་བཀའ་ཡང་དག་པའི་ཚད་མ་ལུས་ལྟ་བུ་དེ་ལ་རྒྱན་བཏགས་པ་འདྲ་བར་འདི་མཛད། གཞན་གུར། སམྦུ་ཊི་དང་། མཚན་བརྗོད་ལའང་མཛད། མན་ངག་གི་ཡི་གེའང་མང་ངོ་། །དེ་ལ་སློབ་མ་རྩགས་ཆོས་ཀྱི་རྒྱལ་པོ། མགར་བཀྲ་ཤིས་རིན་ཆེན། འཚོའུ་དར་རེ། མལ་ཡེར་པ་བ། ཏྲེ་པོ་མགོན་པོ། ངོར་རྗེ་ཀུན་དགའ་འོད། ཤེན་རྡོ་རྗེ་སེངྒེ། མཉམ་མེད་ཤཱཀྱ་ཡེ་ཤེས། ཅོག་རོ་ཆོས་ཀྱི་རྒྱལ་མཚན། ལྷ་ཕུག་མཁར་བ། རྔོག་ཚ་ཆོས་སྐུ། དྲན་སྟོན་མཐའ་བྲལ། ལྷོ་ནག་གཉལ་བ་རྡོག རྒྱ་ཚ་རིན་ཆེན་མགོན་སོགས་མཐའ་ཡས་པ་ཞིག་བྱུང་། སྲས་གཙང་ཚ་ཇོ་ཚུལ། མཚན་ཚུལ་ཁྲིམས་བླ་མ། དེའི་སྲས་རྔོག་ཀུན་དགའ་རྡོ་རྗེ། འདི་བྱུང་ནས་ཡབ་ཀྱིས་དགེ་སློང་མཛད་དེ་རིང་པོར་མ་ལོན་པར་གཤེགས་པས་མེས་ཀྱིས་བསྐྱངས། དགུང་ལོ་བཅུ་ལོན་ཚེ་མེས་གཤེགས། བླ་མ་མང་པོ་ལས་ཐོས་པ་མཛད། འཆད་ཉན་ལེགས་པར་བྱས། སློབ་མ་མང་དུ་ཐོན། སྤྲེ་ཞིང་བཏབ། བདུན་ཅུ་རྩ་བརྒྱད་པ་ལ་གཤེགས། དེའི་སྲས་གཟི་བརྗིད་གྲགས་པ། ཡབ་ཞེ་དྲུག་བཞེས་པ་ལ་འཁྲུངས་ཆོས་རྣམས་ཡབ་དང་ལོ་རས་སོགས་ལས་གསན། བྱ་འདུལ་གྱི་སློབ་མ་འཆར་བ་ལ་བསྙེན་པར་རྫོགས། བརྒྱད་ཅུ་བཞུགས། འཆད་ཉན་མཛད་སློབ་མའང་ལེགས་པར་ཐོན། ཁོང་གི་གཅུང་པོ་རྒྱལ་པོ་དགའི་སྲས་བླ་མ་རིན་ཆེན་བཟང་པོ། ཁུ་བོ་ལ་རྔོག་ཆོས། གཞན་ཡང་མང་དུ་བསྟེན། ཟུལ་ཕུར་བསྙེན་པར་རྫོགས། ཉེར་བདུན་བཞེས་པ་ལ་ཁུ་བོ་གྲོངས་ཁམས་སུ་བྱོན། ཚལ་པས་བླ་མར་ཁུར། བཀའ་བསྟན་འགྱུར་རོ་ཅོག་བཞེངས། འཆད་ཉན་དར། བདུན་ཅུ་རྩ་བདུན་ལ་གཤེགས། རིན་ཆེན་བཟང་པོའི་གཅུང་པོ་ལ་སྲས་ལྔ་བྱུང་བའི་ཆེ་བ་སློབ་དཔོན་ཆོས་ཀྱི་རྒྱལ་མཚན་ཁུ་བོ་སོགས་ལས་ཐོས་པ་མཛད། སོ་བདུན་པ་ལ་རིན་ཆེན་བཟང་པོ་གཤེགས། ཁམས་དར་རྩེ་མདོ་ཐུག་བྱོན། བསྟན་པ་བསྐྱངས། འཕྲིན་ལས་ཆེ། བདུན་ཅུ་རྩ་བདུན་པ་ལ་གྲོངས་དེའི་གཅུང་པོ་སེངྒེ་འབུམ་གྱི་སྲས་དོན་གྲུབ་དཔལ། དེའི་སྲས་བྱང་ཆུབ་དཔལ། དེ་རིན་པོ་ཆེ་ཆོས་རྒྱལ་བ་གཤེགས་པའི་ཕྱི་ལོ་འཁྲུངས། སུམ་ཅུ་རྩ་དགུའི་བར་དུ་ཡབ་ཀྱི་ཉེ་གནས་༼༢༣༣༽དང་། སློབ་གཉེར་སྦྲགས་པས་རྔོག་ཆོས་ལ་མཁས་པ་ཆེན་པོར་གྱུར་དུས་ཆོས་མ་ཆག་པར་གསུངས། བདག་པོ་དྲུང་ཆེན་པའི་བཀའ་སྐྱོན་བྱུང་བས་ཞུར་བྱོན་པ་ལ། རྗེ་ཙོང་ཁ་པ་དང་ལམ་དུ་མཇལ་ཆོས་ཞིབ་ཏུ་དྲིར་བྱུང་བ་ལ་ལན་འདེབས་མཛད་པས་མཁྱེན་རབ་ཆེ་བས་བསྔགས་པ་བརྗོད། དེ་ཉིད་ཀྱི་སློབ་མ་འབྲས་སྤུངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་མཁན་ཆེན་པདྨ་བཟང་པོ། གཙང་ཆུང་ཆོས་ཀྱི་གྲགས་པ་ལ་གཏུག་བཅུག དེས་འུར་ལངས། སྟག་ལུང་ངག་དབང་གྲགས་པ། ཆེས་སངས་རྒྱས་རྒྱལ་མཚན། བདག་པོ་གྲགས་པ་འབྱུང་གནས། བྱམས་གླིང་པ་ཆེན་པོ་བསོད་ནམས་རྣམ་རྒྱལ། འགོས་གཞོན་ནུ་དཔལ། ཁྲུས་ཁང་ལོ་ཙཱ་བ་སོགས་མང་པོས་ཞབས་ལ་བཏུགས། ལྷག་པར་འབྲུག་པ་རྒྱལ་དབང་ཆོས་རྗེ། ཟླུམ་ཁྱུང་པ་དང་སྣ་ར་བ་སོགས་རྩ་བའི་གྲྭ་པ་བཟང་ལ་མང་བ་ཐོན། ཕྱག་དཔེ་བརྟག་གཉིས་ཀྱི་གཞུང་རྡོ་རྗེ་མར་གྲགས་པ་གཅིག་ལ་ཆོས་ཚར་རེ་ལ་མཚན་མ་རེ་བཏབ་པའི་གྲངས་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད། རང་ལོ་བརྒྱད་ཅུ་རྩ་བདུན་པ་ལ་གཤེགས། གདན་ས་དབོན་བྱང་ཆུབ་དཔལ་གྲུབ་པས་བཟུང་། མདོ་སྡེའིེ་སྲས་རྒྱལ་ཚ་ཐོགས་མེད་གྲགས་པ། ཡབ་ལས་སྔགས་གཞུང་མཁས་པར་བསླབས། ཡི་གེའང་དུ་མ་མཛད། བཤད་པའི་འཕྲིན་ལས་ཆེ། དེའི་སྲས་རྒྱལ་ཚ་ར་མོ་དང་རྡོ་རྗེ་སེངྒེ། དང་པོ་ཕྱ་པའི་ཇོ་སྲས་ཤིག་ཡིན། རྡོ་རྗེ་སེངྒེ་ལ་གཙང་པ་རྒྱ་རས་སོགས་ཀྱིས་གཏུགས། དེ་ལྟ་བུ་ཆོས་སྐུ་རྡོ་རྗེ་རྗེས་འབྲང་དང་བཅས་པས་བཤད་པ་མཛད་པ་ལས་རྒྱ་ཤིན་ཏུ་ཆེ་བར་འཕེལ་ཞིང་བརྒྱུད་པ་སྔ་ཕྱི་རྣམས་ཀྱིས་བརྩམས་པའི་རྒྱུད་འགྲེལ་གྱིས་ཀྱང་ལུང་པ་ཐམས་ཅད་གང་ངོ་། །མེས་ནི་མྱང་སྟོད་སྟག་ཚལ་དུ་འཁྲུངས། རྗེ་མར་པ་ལ་འབུལ་མོ་ཆེ་ལན་གསུམ་མཛད་པས་ཞབས་ཏོག་གིས་མཉེས་པ་ཡིན། གནས་གཞི་བ་ཐོ་བཏབ། བརྟག་གཉིས་ལ་ཊིཀྐ་མཛད། དགྱེས་བདེ་གསང་གསུམ་མ་ཡཱ་ཐོད་པ་རྣམས་ལ་བཤད་གྲྭ་བཙུགས། སྐུ་ཁམས་བཟང་བའི་ཚེ་ཞག་བདུན་བདུན་ཙམ་མནལ་གཅིག་ལ་འགྲོ། རོང་ངུར་སྨྲིག་ཏུ་གཤིན་པོ་རྗེས་སུ་འཛིན་པ་ལ་ཕེབས་པ་ཞིག་ལ་ཁོང་ཆང་གསོལ་གྱིན་གཟིམས་རང་བཞུགས། དགེ་བཤེས་གཞན་རྣམས་ཆོ་ག་མཛད་པས་ཡོན་བདག་བློ་མ་བདེ། གཞན་རྣམས་ཀྱིས་ཁྲེལ་བགད་བྱས་པ་དང་། ཡོན་བདག་གིས་ཐུགས་དམ་མཛད་པར་ཞུ་ཡང་ཡང་བྱས་པས། ཁོ་རེ་ཚོ་༼༢༣༤༽ངས་ཁྱེད་ཀྱི་དེ་མིན་ད་ལྟ་གྲོང་གོང་མ་ཡ་གིར་རྒན་མོ་ཞིག་སྣ་ཁྲག་འཛགས་ཏེ་ཤི་སོང་། དེ་ཚུན་གྱི་ཡར་འདྲེན་བྱས་ཡོད་གསུང་། ལྟར་སོང་བས་ཇི་ལྟ་བ་བཞིན་འདུག་ནས་ཐམས་ཅད་ཡིད་ཆེས། ཕྱིས་ང་ཞག་ཉི་ཤུ་རྩ་གཅིག་ཉལ། དེ་ནས་མ་ལོངས་ན་རོ་འདི་བསྲེགས་གསུངས་པ་ལ། ཞག་བཅུ་དགུ་སོང་ནས་དབོན་པོ་ཞིག་གིས་ལོག་མི་སྲིད་སྙམ་བསྒུལ་བས་ཤངས་ནས་ཁྲག་མང་པོ་བརྡོལ་ཏེ་སྐུ་མདངས་ཡལ་ལོ་ཟེར། ཞང་སྟོན་གྱིས་ཀྱང་མར་མེས་གཉིས་ཀ་ལ་གཏུགས། མས་རང་གི་དབོན་མེས་ཀུན་པོ་སོགས་ན་རིམ་ཡང་ལེགས་པར་བྱུང་ཞིང་། ཞང་སྟོན་གྱི་སློབ་མ་ཡེ་ཤེས་སྙིང་པོ། དེ་ལས་ཞང་སྟོན་ཀུན་དགའ་གྲགས་སོགས་མེས་ལུགས་ཀྱི་བཤད་རྒྱུན་ད་ལྟའི་བར་དུའང་ཡོད། འཚུར་སྟོན་དབང་ངེ་ནི་དོལ་གྱི་མདའ་འཚུར་གྱི་རིགས་སྔགས་འཆང་ཤིན་ཏུ་མཐུ་ཆེ་བ་ཞིག་གི་སྲས་སུ་འཁྲུངས། དགེ་བཤེས་ལྕེ་བ་སོགས་ལས་སློབ་གཉེར་ལ་བརྩོན་འགྲུས་ཆེན་པོ་མཛད་སྐུ་བསོད་རྒྱས། འབུམ་བཞེང་པའི་ཡིག་མཁན་དང་འཕྲོས་གཏམ་ལ་ད་ལྟ་གསང་བ་འདུས་པ་ལ་སུ་མཁས་དྲིས་པས། ཁོང་རྣམས་ན་རེ། མར་པ་ལྷོ་བྲག་པ་མཁས་ཟེར། དེ་ནས་ལྷོ་བྲག་པར་འབུལ་བ་མཛད། ཁྱད་པར་མར་པ་མོན་ནག་ལ་མཐུ་མཛད་དུས་བཀོད་པ་ལ་དེ་ཤི་བས་མཐུས་བླ་མ་མཉེས་པར་བྱས་པ་ཡིན། དོལ་མདར་གདན་དྲངས། གསང་བ་འདུས་པ་ལུགས་གཉིས། ཡེ་ཤེས་ཞབས་ལུགས་ལ། ཛ་ཡ་ན་དང་། ཐག་ན་དང་། སྙིམ་པའི་མེ་ཏོག་དང་བཅས་པའི་བཤད་པའི་སྲོལ་གསུམ་མངའ། དེ་རྣམས་ལ་རྒྱུད་དོན་མན་ངག་ཏུ་བསྒྲིལ་ནས་བཤད་པ་མེད་པས་འཕགས་ལུགས་ལ་གཙིགས་ཆེ། ལུགས་བཞི་ཀ་གསན། བཤད་པ་བྱས་པའི་སློབ་མ་ཁམས་པ་རོ་མཉམ་རྡོ་རྗེ། འཁོན་གད་པ་ཀཱིརྟི། མཚེས་སྟོན་བསོད་ནམས་རྒྱལ་མཚན་གསུམ་གཙོ་བོ། ཁམས་པ་རོ་མཉམ་རྡོ་རྗེས་རྒྱ་གར་དུ་མཻ་ཏྲི་པ་ལ་གསང་འདུས་ཞུ་སྙམ་ཕྱིན་པས་གཤེགས་ནས་མ་མཇལ། གཞན་ཉན་ས་མ་རྙེད་བོད་དུ་ལོག རྗེ་མར་པ་ལས་ཉན་སྙམ་པ་ལ་ལམ་དུ་ཨ་ཙ་ར་གཉིས་དང་མཉམ་དུ་བྱུང་། གར་འགྲོ་གསུངས་པས་འཚུར་ལ་འདུས་པ་ཉན་དུ་འགྲོ་ཟེར། རྗེ་མར་པའང་གཤེགས་ནས་མི་འདུག་པས་འཚུར་གྱི་དྲུང་དུ་བྱོན། འཁོན་གད་པ་ཀཱིརྟི་དང་མཉམ་དུ་ཉན། འཁོན་གད་པ་ཀཱིརྟིས། མདར་སེངྒེ་རྒྱལ་མཚན་ལ་འཕགས་སྐོར་འགོས་ནས་བརྒྱུད་པ་མཁས་པར་ལོབས། མན་ངག་ལ་མ་འགུ་བར་༼༢༣༥༽འཚུར་ལ་བཞུགས་པ་ཐོས་ནས་གསན། ཉམས་ལེན་མཛད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྐྱེས། དེས་བྱང་ཁང་པ་བསོད་ནམས་རིན་ཆེན། ཁོང་གཉིས་མ་གཅིག་པའི་སྤུན། སྔར་བྱང་ཁང་པ་སློབ་དཔོན། ཕྱིས་འཁོན་ལ་འདུས་པ་གསན་པ་ཡིན། འདི་ལ་སྦ་བ་སྦུབས་སུ་ནུབ། གཙུག་ཏོར་འཕགས། དེས་ཐུར་ལ་བ་ཚུལ་ཁྲིམས་སྐྱབས་ལ། དེ་མདོ་རྒྱུད་ཀུན་ལ་མཁས་པ་ལོ་བཅུ་གཉིས་བསྒོམས་པས་གྲུབ་པ་བརྙེས། དེས་ཐད་དཔེ་བ་འཕགས་པ་སྐྱབས་ལ་སློབ་གཉེར་མཐར་ཕྱིན། ཉམས་རྟོགས་ཁྱད་པར་ཅན་སྐྱེས། དེས་གསེར་སྡིངས་པ་གཞོན་ནུ་འོད་ལ། དེས་འདུལ་འཛིན་ཆེན་པོ་ཇོ་བོའི་ལམ་རིམ་ལ་མཁས་པ་ཞིག་ཤབ་ཀྱི་སྣ་རིངས་སུ་ཀླས་མོ་ཆེ་བས་ཞབས་ཏོག་མཛད། ཁོང་གི་སྟོན་པས་འཕགས་སྐོར་མི་མཁྱེན་ནམ་ཞུས་པས། འཕགས་སྐོར་མཁན་པོ་གར་བདོག་གསུངས་པས། ཁོང་ན་རེ། ལྷ་སའི་རྒན་མོས་ལྷ་ས་མི་མཐོང་། ཐུར་ལ་ན་གསང་སྔགས་ཀྱི་སྡོང་པོ་འཕགས་སྐོར་མཁས་པ་འཕགས་པ་སྐྱབས་བཞུགས་པ་མ་གསན་ནམ་གསུང་། ཅུང་སྐྱེངས་པ་ཞིག་བྱུང་། ཚུར་ལོག་སློབ་དཔོན་གཙང་པ་ལ་ངོ་ཆེན་བཅོལ། འཕགས་པའི་གསུང་གིས་ཁོ་བོ་ལམ་ཐོགས་པ་ཞིག་བགྱི་གསུང་གསང་འདུས་གཞུང་བཤད་མན་ངག་ཐམས་ཅད་ཚང་བར་གནང་། གཞན་ཡང་མང་དུ་ཞུས། བླ་མ་མང་དུ་བསྟེན། ཁ་ཆེ་པཎ་ཆེན་དང་ཀླས་མོ་ཆེར་མཇལ། གསེར་སྡིངས་བཏབ། མཁས་པ་ཐམས་ཅད་ཀྱི་དྲི་ས། མི་ཆེན་ཐམས་ཅད་ཀྱི་གཏུགས་སར་གྱུར། དེ་ལ་ཉིད་ཀྱི་སློབ་མ་མགར་གྲགས་པ་དབང་ཕྱུག་བྱ་བའི་སྲིང་མོ་ལ་སྲས་སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་དུ་མེད་པ་ཞིག་བྱུང་ནས་བདག་རྐྱེན་མཛད། སྦྱངས་པ་མཐར་ཕྱིན་བྱེད་དུ་བཅུག མཚན་ཆོས་སྐུ་འོད་ཟེར། འདིས་ཆོས་ཅི་ཞུས་པ་ཐམས་ཅད་ལན་རེས་འཛིན་ནུས་པ་ཡིན་ཟེར། དུས་འཁོར་སོགས་རྒྱུད་སྡེ་ལ་མཁས་པ་ཆེན་པོ་དེ་ལ་འཕགས་འོད་ཡོན་ཏན་རྒྱ་མཚོས་གསན། བུ་སྟོན་གྱི་བླ་མ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་གསན་པའི་ཚེ། ཁོ་བོ་ཡོ་གའི་ཆོས་འདི་རྣམས་ཉན་པར་འདོད་དེ་ཉན་ས་མ་རྙེད་ཞུས་པས། འོ་ན་ངེད་ཀྱི་མཆེད་གྲོགས་འཕགས་འོད་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ཞིག་སྐྱིད་མཁར་མདའ་ན་ཡོད། དེ་ལ་ཞུས་གསུང་། ཞ་ལུར་ཕེབས་འཕྲལ་རྩད་བཅད་པས་མཚན་མཐུན་པ་ཞིག་དང་ནོར། ཕྱིས་མ་ནོར་བ་རྩད་ཆོད། ཡང་ན་ངེད་དེར་ཡོང་། ཡང་ན་འདིར་ཕེབས་དགོས་ཞུས་པས། འཕགས་པའི་གསུང་༼༢༣༦༽ནས་ཁོང་ཆོས་སྡེ་ཆེན་པོའི་བདག་པོ་ཡིན་པས་ངའི་སྤེའུ་འདིར་ག་ན་ཤོང་། ང་རང་ཁོང་གི་ཐད་དུ་འགྲོ་གསུངས་ནས་ཞ་ལུར་ཕེབས། སྤྱིར་ཡོ་ག་དུས་འཁོར་སོགས་ཆོས་མང་དུ་གསན། ཁྱད་པར་འདུས་པ་གསན་པའི་ཚེ། ཁྱོད་མཁས་པ་ཡིན་པས་རྒྱ་བའི་རྒྱ་ལུགས། གར་པའི་གར་ལུགས་ལ་སོགས་པ་མི་དགོས་གསུངས། བཤད་པ་ཡམ་མེ་ཞིག་བྱས་ནས་ཆོས་ཐོབ་ཆེ་བར་བྱ་གསུངས་པ་ལ། བདག་ཆོས་འདི་ལ་ཤིན་ཏུ་མོས་པ་ཞིག་ལགས་པས་བཤད་པ་དཔྱིས་ཕྱིན་པ་ཞིག་ཞུ་ཞུས་པས། ཨ་པ་འོ་ན་དེ་ཙུག་གིས་མི་འོང་། སྔོན་ལ་རིམ་ལྔའི་ཁྲིད་བྱ། དེ་རྟིང་བཤད་པ་མ་བྱས་ན་རྒྱུད་ལ་གོ་བ་ལེགས་པོ་མི་འཆར་གསུངས། ཟླ་བ་དྲུག་གི་བར་དུ་མཚམས་བསྡམས་རིམ་ལྔ་བསྐྱངས། རྟགས་ཚུལ་དང་མཐུན་པ་བྱུང་། བཤད་པ་མཐར་ཕྱིན། འབྱོན་ཁར་ཕྱག་ན་གང་ཡོད་ཀྱི་འབུལ་བ་ཕུལ་བས། ང་ལ་མི་དགོས་ཁྱོད་རང་སྡེ་གོག་འཛིན་པ་ལ་དགོས། ངའི་ཆོས་རྣམས་མ་ཤིའི་བར་དུ་འཆད་དགོས་གསུངས། ཡོ་ག་དང་འཕགས་དུས་ལ་ཡིག་ཆ་རྩོམ་དགོས་པའི་བཀའ་རྒྱ་བསྡམས། བུ་སྟོན་གྱི་ཞལ་ནས་ངས་ཀྱང་བསྒོམས་ན་མན་ལུང་གུ་རུ་ལྟ་བུ་ཞིག་འོང་སྟེ། འཕགས་པའི་གསུང་མ་ཆོག་པས་མི་ཚེ་བཤད་པ་ལ་སྐྱེལ་དགོས་བྱུང་གསུང་ངོ་། །བུ་སྟོན་ལ་དཔལ་ལྡན་བླ་མ་དམ་པ་དང་ཤར་པ་ཡེ་ཤེས་རྒྱ་མཚོ་གཉིས་ཀྱིས་གསན་ནས། ས་སྐྱ་པ་རྣམས་ལ་ད་ལྟ་འདུས་པ་དེ་གཉིས་ལས་བརྒྱུད། ཡང་བུའི་དངོས་སློབ་དག་ལས་རེད་མདའ་བ། དེ་ལས་ཙོང་ཁ་པས་གསན་ཏེ་ཉམས་བཞེས་ཀྱི་སྙིང་པོ་འདི་ལ་མཛད། དེས་ནང་མཆོད་ཀྱི་ཀ་པ་ལ་བདུད་རྩིས་བཀང་བ་ཞིག་སློབ་བུའི་དབུས་སུ་ཕྱར་ནས། འདི་སུས་འཐུངས་པ་ལ་ངའི་རྒྱུད་ཀྱི་བཀའ་བབས་གསུངས་པ་ལ། གཞན་སུས་ཀྱང་ལེན་མ་ནུས། སྣར་ཐང་པ་ཤེས་རབ་འབྱུང་གནས་ཀྱིས་བླངས། དེ་ལ་མཁས་གྲུབ་རྗེས་ཁྲེལ་བགད་བྱས་ཞེས་གྲགས་ཀྱང་། དེས་གཙང་དེ་ལས་དབུར་སྟོད་ཀྱི་རྒྱུད་སྟོད་སྨད་གྱེས། འདི་དག་མར་པའི་བརྒྱུད་འཛིན་ངོ་མ་ཡིན་ནོ། །གཞན་མ་ཡཱ། གདན་བཞི། སངས་རྒྱས་ཐོད་པ་གསུམ་སུས་འཆད་ཀྱང་རྗེས་བཙུན་མར་པ་རང་ལ་ཐུག་པའོ། །དེའང་བུ་ནས་ཐུགས་སྲས་ལོ་ཙཱ་བ། དེ་ལས་སྐུ་ཞང་ཆོས་རྗེ་རྣམས་ལས་བདག་ཅག་རང་ལ་བརྒྱུད་དོ།། །། ༈ བླ་མ་མར་པའི་སྒྲུབ་རྒྱུད་ཀྱི་བཀའ་བབས་པ་རྗེ་བཙུན་མི་ལ་འཁྲུངས་ཡུལ་གུང་ཐང་སྨད་ཀྱི་ལུང་ཕྲན། ཕ་ལྔའི་ནང་ནས་ཀོ་རན་དེའི་རྩ་བྱ་༼༢༣༧༽བར། རིགས་ཁྱུང་པོ། ཡབ་མི་ལ་ཤེས་རབ་རྒྱལ་མཚན། ཡུམ་མྱང་བཟའ་དཀར་རྒྱན་གྱི་སྲས་སུ་ལྕམ་སྲིང་གཉིས་འཁྲུངས། མིང་པོའི་མཚན་ཐོས་པ་དགའ་སྲིང་མོ་ལ་པེ་ཏ་མགོན་སྐྱིད་དུ་བཏགས། སྐུ་ཆུང་ངུའི་དུས་ནས་ཡབ་གཤེགས། དེའི་ཁ་ཆེམས་འཇོག་ལུགས་ནོར་བ་དང་། ཨ་མས་ལོ་ཉི་ཤུ་རྩ་བཞི་ལས་མི་འགྲོ་བས། ཨ་ཁུའི་བུའི་ཆུང་མ་བྱེད་དགོས་བྱས་པ་ལ་མ་ཉན་པས་ནོར་རྫས་ཐམས་ཅད་ཨ་ཁུ་དང་ཨ་ནེས་བགོས། གཡོག་བཅོལ་ཤིན་ཏུ་ཁ་ཉེན། དང་པོ་གསེར་གཡུའི་རལ་པ་ཉི་ལེ་བ། ཕྱིས་ཤིག་སྲོའི་རལ་པ་ཉི་ལེ་བ་ཞིག་བྱུང་། མི་རྣམས་ཀྱི་གཏམ་སྐད་ལའང་མི་བདག་བདག་ཏུ་རེ། བདག་པོ་སྒོ་ཕྱིར་བཏོན་ཞེས་གླེང་། དེར་ལོ་བཅུ་དྲུག་འགྲོ་དུས་ཁ་ཆེམས་རྒྱུས་ཡོད་རྣམས་བོས་སྟོན་མོ་བཤམས། ཁྱད་པར་ཨ་ཁུ་ཨ་ནེ་ལ་གཟུག་འདྲེན་བྱས། མས་ད་བུས་ཁྱིམ་སོ་ཟིན་པ་འདུག་པས་ནོར་རྣམས་ཕྱིར་སྤྲོད་དགོས་པའི་རྒྱུ་མཚན་གླེང་བས། ཨ་ཁུ་ཨ་ནེ་ཟ་བ་ལ་མཐུན་ནས་ཧར་ལངས་རྒྱབ། སྒོས་ལྕག་གིས་བརྡུངས། ཞང་པོ་ཁ་ཞན་པས་ལབ་མ་ནུས། གཞན་མི་རྣམས་ཟས་ངོ་བལྟས་ནས་ཅང་མི་ལབ། དེར་མས་ཐོས་པ་དགའ་ལ་ཀློག་སློབས་ཟེར། ལོ་ཙཱ་བ་གླན་ཆུང་ལ་སྐྲ་བཅད། ཁོང་ལ་འབྲི་ཀློག་དང་ཕྱག་ན་རྡོ་རྗེ་ལས་ཀྱི་རྡོ་རྗེའི་ལུགས་ཞིབ་མོ་ཕག་མོ་སོགས་གསན་ཟེར་གླན་ལོའི་ཕྱག་རྡོར་ལོ་རྒྱུས་ལས་བྱུང་། སློབ་དཔོན་གྱི་ཟླ་ལ་སྐྱིད་སྟོན་ཞིག་ལ་ཕྱིན། མི་རྣམས་གླུ་ལེན་པ་ལ་སེམས་འཕྲོས་ནས་ཆང་གིས་ཀྱང་གཟི། གླུ་ལེན་ཅིང་འོངས་པ་མས་ཐོས་ནས། ཕ་མི་ལ་ཤེས་རབ་རྒྱལ་མཚན་ལ་བུ་ཁྱོད་འདྲ་སྐྱེ་བ། ངེད་རང་མ་སྨད་ཀྱི་འཁོས་ཁྱེར་འདི་ལ་གླུ་དྲན་པ་འདུག་གེ་ཟེར་བརྒྱལ། སངས་བའི་ཐབས་བྱས་ནས་མ་ཅི་གསུང་བྱེད་བྱས་པས། དབུས་གཙང་དུ་སོང་ལ་མཐུ་མཁས་པ་ཞིག་སློབས་ལ་དགྲ་ཐམས་ཅད་ཁ་ཕུང་ལ་ཐོང་ཟེར། བྱ་ཡི། ཆ་རྐྱེན་བསྒྲུབས་བྱས། མ་རང་གི་ལྟོ་སྐལ་ཞང་པོས་འདེབས་པ་ཞིག་ཡོད་པ་དེའི་ཕྱེད་བཙོངས། རྟ་བཟང་པོ་ཞིག་དང་ཚོས་ལྟང་དྲུག གཞན་ཡང་ཟོང་འདྲ་བ་བྱུང་ནས་མངའ་རིས་སྟོད་ནས་དབུས་གཙང་དུ་མཐུ་སློབ་ཏུ་འགྲོ་མི་ལྔ་ཙམ་གྲོགས་སུ་བྱོན། དགུང་ལོ་བཅོ་བརྒྱད་པ་ལ་མས་དཔལ་ཐང་སྒྲོལ་བ་ཚུན་བསྐྱལ། ལམ་དུ་མཐུ་སུ་ཆེ་རྩད་བཅད་པས། ཡར་ཀླུངས་ན་གཉགས་གཡུང་སྟོན་ཁྲོ་རྒྱལ་བྱ་བ་ཡོད། དེ་ཆེ་ཟེར་བ་རིམ་པར་གསན་ནས་དེ་རང་ལ་གཏད་དེ་བྱོན། དེ་ལ་དངོས་པོ་གང་ཡོད་ཕུལ། འདི་མིན་༼༢༣༨༽ལུས་ངག་ཡིད་གསུམ་ཡང་འབུལ། བདག་ལ་ཡུལ་མི་ཁྱིམ་མཚེས་སྐྱིད་དུ་འཕངས་པ་འགའ་བདོག་པ་མཐུ་མཐིལ་ཕྱིན་པ་ཞུ་བྱས་པས། ཁ་ཕོ་ཆེ་བར་མཛད། ཁོང་ལྔ་དང་མཉམ་དུ་མཐུ་ཟབ་ཟབ་འདྲ་བར་མང་པོ་བསླབས། གྲོགས་པོ་རྣམས་མགུ་ནས་ལོག རྗེ་བཙུན་གྱིས་ཁོང་ཚོ་བསྐྱལ་ནས་ལོག་བྱོན་པས། བླ་མ་ནས་ཁྱོད་མི་འགྲོ་བ་ཅི་ཡིན་ཟེར། དེར་བླ་མ་རང་གིས་གནང་བའི་རྫོང་དེ་རྣམས་ཕྱག་རྟེན་དུ་བཏང་ནས། ངས་ཡུལ་དུ་མཐུའི་རྟགས་མ་ཐོན་པར་ལོག་ན་ཨ་མ་ངའི་མདུན་དུ་ལྕེབ་ནས་འཆི་སྡོད་པ་ཡོད། མཐུ་རྟགས་ཐོན་པ་ཞིག་ཞུ་བྱས་པས། གླེན་པ་ཁྱོད་དང་པོ་ནས་དེ་སྐད་ཟེར། བརྟག་པ་མྱུར་བ་ཞིག་བྱ་གསུང་གྲྭ་པ་སྟོབས་ཆེ་ལ་མགྱོགས་པ་ཞིག་ཡོད་པ་དེ་བདེན་རྫུན་ལྟར་བཏང་། ཁོ་འཁོར་ནས་ཐོས་པ་དགའ་བདེན་པར་འདུག་ཟེར། འོ་ན་གཙང་རོང་གི་ལྷ་རྗེ་ཡེ་ཤེས་གཟུངས་དང་ང་གཉིས་བློ་མཐུན་པའི་གྲོགས་པོ་བྱས། མཐུ་དང་སེར་བ་བརྗེས། ངའི་ཐད་དུ་མཐུ་སློབ་པ་བྱུང་ན་ཁོང་ཅན་གཏོང་། ཁོང་གི་རྩར་སེར་བ་སློབ་ཏུ་བྱུང་ན་ང་ཅན་གཏོང་བར་བྱས་པ་ཡིན་འབུལ་ཆས་དང་། ངའི་བུ་འདི་སྙིང་རྗེ་བར་ཡོད་པས་མཐུ་གཤའ་མ་ཞིག་སློབས་ཤིག་ཟེར་བའི་ཡི་གེ་མཛད་དེ་བརྫངས། ཁུ་ལུང་དུ་ལྷ་རྗེ་ཡེ་ཤེས་གཟུངས་ལ་ཡི་གེ་གཏད་འབུལ་བ་ཕུལ་ནས། སྒྲུབ་ཁང་ལག་མཐུས་གླགས་མི་རྙེད་པ་ཞིག་བཟོས། དེར་དྲག་སྔགས་གཟའ་གདོང་དམར་ནག་ཞུས་ནས་བསྒྲུབས། ཞག་བདུན་སོང་བ་དང་བླ་མ་བྱོན། སྔར་ཡིན་ན་དེས་ཆོག་གི་ཡོད་གསུངས་པ་ལ། ཐག་རིང་གི་མཐུ་ལགས་པས་རྒྱུན་བསྲིང་པ་ལགས་ཞུས་པས། བདེན་ཡོང་གསུངས། ཡང་བདུན་སོང་བའི་ཉིན་བླ་མ་བྱོན་ནས། མདང་དམ་ཅན་རྣམས་ཀྱིས་མི་མགོ་སུམ་ཅུ་རྩ་ལྔ་དཀྱིལ་འཁོར་གྱི་མཐར་སྤུངས། ངོ་སོ་ཟླ་བ་བཞིན་འཕྱར་ནས་སླེབས་བྱུང་། བསྒྲལ་རྒྱུ་གཉིས་འདུག་པ་བསྒྲལ་ལམ་གསུང་། སྙིང་ཚིམ་གྱི་རྟེན་དུ་གཞོག་པ་ཞུ། ད་ཆོས་སྐྱོང་ལ་གཏང་རག་ཐོང་གསུངས། མཚམས་ཐོན་བཏང་། དེའི་ཚེ་ཨ་ཁུའི་བུ་ལ་ཆུང་མ་བླངས་ནས་བག་སྟོན་བྱེད་པའི་མི་ཚོགས་པའི་ཁྱིམ་རྡིབ་ནས་མ་སྨད་ལ་གནག་པའི་མི་སུམ་ཅུ་རྩ་ལྔ་ཤི་ཨ་ཁུ་དང་ཨ་ནེ་ལུས། དེར་ལྷ་རྗེ་ལ་གནུབས་ཀྱི་མ་ཕུར་གཤིན་གསུམ་སྒྱུ་འཕྲུལ་དང་བཅས་པ་བསླབས་ཤིང་བཞུགས་པའི་ཕྱི་ལོ་མའི་ཡི་གེ་སླེབས། མཐུའི་རྟགས་ཐོན་བྱུང་ཚུལ། ད་དུང་སེར་བ་གྱང་༼༢༣༩༽རིམ་པ་དགུ་ཡོད་ཟེར་བ་ཕོབ་ཟེར་བ་དང་། ཞིང་ཕྱེད་པོ་བཙོངས་པའི་རིན་གསེར་རང་སྲང་བདུན་བྱུང་བ་དབུས་ཀྱི་བྱ་བྲལ་ཞིག་ལ་དམོད་བཙུགས་ནས་བརྟགས་པས་འཕྲོད་པར་གོ ཡི་གེ་གབ་ཡིག གསེར་བེམ་པོ་ལ་སྦས། དེས་རྩད་བཅད་པས་ཆོད་ནས་ཡི་གེ་གཏད། དེ་བླ་མའི་ཡུམ་གྱིས་དགོངས་ནས་གསེར་རྣམས་གནང་བྱུང་། སླར་སེར་བ་ཞུ་བ་ལ་གཉགས་ཀྱི་དྲུང་དུ་བྱོན། དེར་གུ་ལང་འབྱུང་བའི་འཁྲུགས་སེར་ཆེན་པོ་གནང་ནས། ཐུན་དོང་དུ་འབྲུག་ལྡིར་གློག་གཡོ། སྔར་གྱི་གྲ་པ་དེ་གྲོགས་སུ་བཏང་བྱུང་ནས་སེར་བ་ཕབ་པས། གྱང་རིམ་གསུམ་ཡོད་ཟེར་བ་བབས། མ་དང་འཕྲད་འདོད་ཀྱང་ཁོང་གཉིས་ཁྱི་ར་བས་མཐོང་བས་བྲོས། ཁོ་སྟོབས་ཆེ་བས་མགྱོགས་པས་ཡུལ་མིའི་དམག་གིས་བཅར་བཅར་ཚུན་བསྡད་དེ་སྙིང་ཚིམ་བསྒྲུབས། དེ་ནས་བླ་མ་རྣམ་གཉིས་ཀྱི་ཕྱག་ཕྱིར་ལོ་འགའ་ཤས་གསན་པ་མཛད། དེར་མི་མང་པོ་བསད་པའི་སྡིག་པ་ཡོད། དེ་ཙུག་བྱས་སྦྱང་དགོས་སྙམ་ཡོད་པ་དང་། གཉགས་ཀྱི་ཡོན་བདག་བཟང་པོ་ཞིག་ན་བའི་སྔས་བསྲུངས་ལ་བླ་མ་བྱོན། དེར་ཕན་མ་ཐོགས་པར་ཁོ་ཤི་བས་བླ་མ་ཐུགས་སྐྱོ་ནས་ལོག་ཕེབས་པའི་དུས། ཐོས་པ་དགའ་ངེད་རང་གཉིས་པོས་སྡིག་པ་ཆེན་པོ་བསགས་ཡོད་པས། ཡང་ན་ཁྱོད་ཀྱིས་ཆོས་གཤའ་མ་ཞིག་གྱིས་ལ་ང་དྲོངས། ངས་བརྒྱགས་སྐྱེལ། ཡང་ན་ངས་ཆོས་བཤའ་མ་ཞིག་བྱས་ཁྱོད་དྲང་། ཁྱོད་ཀྱིས་འདི་ཀུན་སྐྱོངས་ལ་ང་ལ་བརྒྱགས་སྐྱོལ་གསུངས་པས། སྐབས་རྙེད་ནས་བདག་གིས་ཆོས་བྱ་བར་ཞུས་པས། འོ་ན་དེ་ཁ་གྱིས། ཁྱོད་ན་སོའང་གཞོན། སྙིང་རུས་ཀྱང་ཆེ་བར་འདུག་པས་གསུངས། དབུས་ཀྱི་གོས་སྣམ་ལེགས་བསྡུས་པ་མཛོ་གཅིག་རྒྱབ་སྩལ་ཏེ་གཙང་དུ་བྱོན། གནུབས་མཇལ། མྱང་སྟོད་རྒྱང་ཁར་དུ་སྒྱེར་སྟོན་དབང་ངེ་བྱ་བ་ཡོད་པས་དེར་སོང་ལ་རྫོགས་ཆེན་ཞུས་གསུངས། དེར་བྱོན་ཁོང་རང་གི་གདམ་ངག་གང་ཡོད་གནང་། དེས་ཁོར་རེ་བྱ་བར་ངབ་མི་བྱང་ཆུབ་རྒྱལ་པོ་སྒྱུ་འཕྲུལ་ཡང་དག་བདུད་རྩི་རྣམས་ལ་མཁས་པ་ཞིག་ཡོད་པ་དེར་བརྫངས། དེས་ཡར་འབྲོག་ངོར་མར་པ་འབྱུང་ངེ་བྱ་བ་མ་མོ་མཁན་ཞིག་གི་རྩར་བརྫངས་ནས་ཚུལ་དེ་བཞིན་གྱིས་བླ་མ་དགུ་བསྟེན། ཁོང་གིས་གཙང་རོང་གི་འབྲེ་སྟོན་ལྷ་དགའ་ལ་གཏད་དེ་བརྫངས། དེར་རྫོགས་པ་ཆེན་པོ་གསན། དེ་ཡན་དུ་བླ་མ་རེའི་རྩར་ལོ་གཅིག་༼༢༤༠༽ཙམ་གཉིས་ཙམ་བཞུགས། ཡོངས་དྲིལ་ལོ་བཅོ་ལྔ་ཙམ། རང་རང་གི་ཆོས་ལ་སློབ་གཉེར་སློབ་དཔོན་དང་མཉམ་ཟེར་ཟེར་བྱས་སྦྱངས་པ་ཆེ། བསྐྱེད་རིམ་ལ་ནུས་པ་ཐོན་ཀྱང་ཐུགས་མ་ཚིམ། དེར་འབྲེ་སྟོན་གྱིས་ནངས་ཤིག་གུང་ཐང་པ་ཞེས་བོས་ནས། ལགས་ཞུས་ཙ་ན། འ་ཅག་གཉིས་ཁྱོད་ཀྱིས་ཆོས་ཉན་ལོ་ཙམ། ངས་བཤད་ལོ་ཙམ་འདིས་མི་ཕན། རྫོགས་ཆེན་དང་སྒྱུ་འཕྲུལ་ཡང་ལྟ་དགོངས་ཀྱི་དོན་སྟོན་ཙམ། སྤྱིའི་རྣམ་པ་ལས་རྒྱུད་ཐོག་ཏུ་ཁེལ་བ་དཀའ་བ་འདུག ད་ལྟ་ལྷོ་བྲག་ཆུ་ཁྱེར་བྱ་བ་དེ་ན་རྒྱ་གར་གྱི་གྲུབ་ཐོབ་ནཱ་རོ་པ་དང་མཻ་ཏྲི་པའི་དངོས་ཀྱི་སློབ་མ་རྒྱ་གར་དུ་ཡུན་རིང་པོར་བཞུགས། དཀའ་བ་མང་དུ་སྤྱད་པ་མར་པ་ལོ་ཙཱ་ཞེས་བྱ་བ་ཞིག་ཡོད། དེ་ལ་གསང་སྔགས་བྱིན་རླབས་ཀྱི་ལམ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་ཞིག་ཡོད་འདུག ངེད་རང་ཕ་སྤད་དེར་འགྲོ་དགོས་པ་མིན་ནམ་གསུངས། རྗེ་ལོ་ཙཱ་བའི་མཚན་ཐོས་པ་ཙམ་གྱིས་ལུས་བ་སྤུ་ཟིང་། མཆི་མ་ལྷུག་པར་ཤོར། ད་ལྟ་རང་དེའི་དྲུང་དུ་སླེབ་ན་བསམ་པ་འཁྲུངས་ཏེ། ཅིས་ཀྱང་འཐད་ཞུས། དཔོན་སློབ་བསྡེབས་ནས་བྱོན། འབྲོག་ཏུ་བླ་མ་བསྙུང་ནས་མཁའ་འགྲོ་མ་དགའ་འམ་ཅི་ཙུག་ཡིན། ང་མ་ཚུད་པར་འདུག ཁྱོད་རང་སོང་གསུངས། སྨན་ཐང་བརྒྱུད་དེ་བྱོན། དེ་རིང་འབྱོར་རྒྱུ་མདང་དགོངས་དེ་རྗེ་ལོ་ཙཱ་བ་ལ་བླ་མ་ནཱ་རོ་པས་གནང་བ་ཡིན་སྙམ་པའི་རིན་པོ་ཆེ་བཻ་ཌཱུརྻའི་རྡོ་རྗེ་ཕུན་སུམ་ཚོགས་པ་དྲི་མས་ནོགས་པ་ཞིག་བྱུང་བས་ཁྲུས་མཛད་དེ། རྒྱལ་མཚན་གྱི་རྩེ་ལ་འཆར་བས་འོད་ཀྱིས་ཕྱོགས་བཅུར་ཁྱབ་པ་ཞིག་རྨིས། དེ་དང་དུས་མཚུངས་ཡུམ་བདག་མེད་མ་ལ། བླ་མ་ནཱ་རོ་པས་བླ་མ་ལ་གནང་བ་ཡིན་སྙམ་པའི་ཤེལ་གྱི་མཆོད་རྟེན་དྲི་མས་ནོགས་པ་ཞིག་བླ་མས་ཁྲུས་བྱས་ཕ་རིའི་རྩེ་མོར་བསྐྱལ་བ་ལ་ཐམས་ཅད་ཀྱིས་ཕྱག་མཆོད་པ་བྱེད། དེའི་དཀོན་གཉེར་བུད་མེད་གཉིས་ཀྱིས་བྱེད་པ་ཞིག་བྱུང་ནས་ནང་པར་བླ་མ་ལ་ཞུས་པས། རྨི་ལམ་ཉིང་འཁྲུལ་ལ་གཏད་པ་ཅི་ཡོད་གསུངས། དེར་བསུ་བ་ལ་འཕྲལ་ཕྲུ་སློག་པ་སྐད་མཛད་དེ་བྱོན། དེར་མཇལ་དེ་ཁ་ལ་སྣང་བ་འགྱུར་ཡང་ངོ་མ་ཤེས། མཇལ་སྣ་བཅོལ་བས་ཁྲུའི་འཕྲོ་འདི་སློག ཆང་འདི་འཐུང་། ཁོང་གི་མཇལ་སྣ་ངས་བྱའོ་གསུངས། དུམ་ཞིག་ན་བྱིས་པ་སྣུམ་རལ་ཤིག་གེ་བ་ཞིག་འབོད་དུ་བྱུང་། ཁོང་གིས་གོ་ཆོད་འདུག ངས་ཀྱང་གོ་ཆོད་པ་བྱེད་བསམ་རེམས་པས་ཕྲུ་ལྷག་མ་མེད་པར་ལྷོགས། །ཆང་ཡང་ལྷག་མ་མེད་པ་གསོལ་བས་༼༢༤༡༽རྟེན་འབྲེལ་འགྲིག ཡུད་ཙམ་ཞིག་ལ་དཔོན་སློབ་གཉིས་ཀྱིས་སློག་པའི་ཞིང་དེ་ད་ལྟ་ནི་མི་ལག་མང་པོས་ཀྱང་ཉིན་གཅིག་ལ་ཟིན་དཀའོ། །དེ་ནས་བླ་མ་མཇལ་བ་དང་། ད་གིའི་དེ་ཁར་འདུག་པ་དང་ཟིལ་ཆེ་ནས་ཚོམ་མེ་ལུས་པས། ཁྱོད་བདེན་རྔོག་གིས་ཀྱང་ངོ་མ་ཤེས། མར་པ་ལོ་ཙཱ་ང་རང་ཡིན་གསུངས་ཏེ། ལྟེ་བ་གུང་ཐང་སྨད་དུ་བཅད། །སློབ་གཉེར་དབུས་གཙང་ཕྱོགས་སུ་བགྱིས། །སྒྱེར་སྟོན་ངབ་མིས་དབུ་མཛད་ནས། །རོང་སྟོན་ལྷ་དགའ་ཡན་ཆད་དུ། །དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། །ཆོས་ནི་རྒྱུད་སྡེ་སྔ་འགྱུར་ཞུས། །ལྟ་དགོངས་ཀྱི་ཆོས་ལ་མཁྱེན་པ་ཆེ། །ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཁོང་སྒྲུབ་འཕྲིན་གྱི་ཕྱག་ལེན་མཁས་ན་ཡང་། །མི་ཁོ་བོའི་སྒྲོ་འདོགས་ཅུང་མ་ཆོད། །རྗེ་ནཱ་རོ་མཻ་ཏྲིས་བྱིན་བརླབས་པ། །ལུས་རྟེན་འབྲེལ་གནད་དུ་བསྣུན་པ་ཡིས། །སེམས་ཆོས་ཉིད་མ་དང་སྤྲོད་པ་ཞིག །ལྷོ་ཆུ་ཁྱེར་གྱི་ཕུ་ན་བཞུགས་སོ་སྐད། །ཕ་ལོ་ཙཱའི་སྙན་པ་རྒྱང་ནས་འཁུམས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བ་རང་གིས་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པ་འདྲ། །དེར་བདག་ལ་སྟོད་ནས་འོངས་པའི་མི་སྡིག་པོ་ཆེ་ཞིག་ལགས་པས་བླ་མས་ཐུགས་རྗེས་གཟུང་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམ་ངག་ཅིག་གནང་བར་ཞུ་བྱས་པས། གདམ་ངག་ཡོད། སངས་རྒྱ་མི་རྒྱ་ཁྱོད་རང་གི་སྙིང་རུས་ལ་རག་ལས་གསུངས། ནངས་པར་ནས་ནང་མིར་ཚུད། ཡུམ་ཤིན་ཏུ་བྱམས། དེ་དུས་ལྷོ་བྲག་ལ་ཁ་བས་བླ་མའི་གྲྭ་པ་རྡུང་འཚོག་མང་དུ་བྱས་པས་མཐུ་གྱིས་གསུངས་བྱས། ཁོང་རྣམས་ནང་འཛིངས་མི་འགའ་ཤི བླ་མ་ལ་བབས་དགོས་བྱུང་བས་མིང་དུ་མཐུ་ཆེན་དུ་བཏགས། དེར་སྡིག་པ་བྱང་བའི་ཆེད་དང་སྲས་ལ་འབོགས་དགོངས། རི་ཟུར་གཅིག་ཏུ་མཁར་གྱི་རྨང་ཟླུམ་པོ་ཞིག་བརྩིགས། ཐོག་སོ་གཉིས་ཙམ་ལོངས་པ་དང་དེ་བཤིག ཟླ་གམ། དེའང་བཤིག གྲུ་གསུམ། དེའང་བཤིག་ནས་ད་ལྟའི་སྲས་མཁར་འདིའི་རྨང་བཏིང་། ཐོག་སོ་བདུན་ཚར་བ་དང་ཁྱམས་རྩིག་ཏུ་བཅུག དེ་ཐམས་ཅད་ལ་མི་ལ་རང་མིན་པ་རྡོ་ར་མགོ་ཙམ་ཞིག་དང་། ས་ཁྱེམ་གང་སྐྱེལ་རོགས་མེད། དེའི་བར་ལ་ཆོས་གནང་ལ་རེ་ནས། རྔོག་མེས་འཚུར་སོགས་དབང་གསན་པ་ལ་བྱོན་པའི་ཟླར་༼༢༤༢༽འཚངས་པས། གྲལ་ནས་བཏོན་ཕྱག་འབེབས་འཆི་བ་ལ་གཏུགས་པ། དུས་རྒྱུན་དུའང་རྐྱེན་ཕྲ་མོ་རེ་ལ་བསྙད་བཏགས་ནས་བཀའ་སྐྱོན་ཕྱག་འབེབས་མཛད་དེ་ཡི་ཆད་ཐེངས་བདུན་སོང་གི་བར་ལ་ཡུམ་ལའང་མ་ཞུས། དེ་ནས་རྒྱབ་ལ་སྒལ་མིག་གསུམ་རྡོལ་བ་བསྟན་ནས་ཆོས་ཞུ་བའི་རོགས་ལ་སྦྲན་པས་ཡུམ་སྤྱན་ཆབ་ཤོར། བླ་མ་ལ་ཞུས་པས་སྒལ་བ་རང་བྱུང་མེད་དམ་གསུངས། སྔར་རྟ་བོང་ལ་སྒལ་པ་བྱུང་ཟེར་བ་ཐོས། མི་ལ་སྒལ་པ་བྱུང་ཟེར་བ་མ་ཐོས། སྒལ་པ་བྱུང་བར་མ་ཟད་གསུམ་ཡང་རྡོལ་འདུག་ཞུས་པས། ཁྲིད་ཤོག་གསུངས། རྒྱབ་རྨར་སོང་བ་དེ་གཟིགས་ཕུལ་བས། འདི་བཞིན་གྱིས་ལ་ས་སྐྱོལ་གསུངས། ཅི་ལ་ཕན་ཞུས་པས་རྨ་ལ་ས་མི་འཆོར་བ་ལ་ཕན་གསུངས། དེར་ཡང་དད་པ་སྐད་ཅིག་ཀྱང་མ་ལོག བདག་གིས་སྡིག་པ་དེ་ཙམ་བྱས་རྟིང་འདི་ལ་ལམ་བགྲོད་པ་ཞིག་མ་བྱུང་ན་འགྲོ་ས་དམྱལ་བ་མིན་པ་མེད། ཚེ་གཅིག་ལ་སངས་རྒྱ་བའི་ལམ་བླ་མ་གཞན་ལ་མེད་པས་བླ་མས་ཅི་གསུང་བསྒྲུབས་ཏེ་མཉེས་པ་ཞིག་བྱ་དགོས་བསམ་པ་ཁོ་ན་བྱུང་། དེར་རྨ་རྣམས་འགྲམས་འཁྲུགས་ནས་ན་ཚ་མི་བཟོད། ཡུམ་ལ་ཞུས་པས་རེ་ཞིག་ངལ་གསོས་གསུངས། རྨ་འགྲམས་པ་དྲག་ནས་མཐུ་ཆེན་ད་ལས་གྱིས་གསུངས། རྒྱབ་ཀྱི་རྨ་མ་དྲག་པས་ས་རྡོ་པང་དུ་གཟུང་ཞིང་བསྐྱལ་ཏེ་ལས་མཛད། ཁྱམས་ལོངས་ནས་བླ་མས་གདམ་ངག་མི་གནང་བ་འདྲ་བསམ་ཐུགས་མུག་ནས་བྱོན། སླར་བསམ་མནོ་བཏང་ནས་ལོག དེ་དུས་ཡུམ་གྱིས་མ་ཕོད་པར་བྱིན་རླབས་རྟེན་འགའ་དང་ཕྱག་ཐམ་ཡིག་རྫུས་བསྐུར་ཏེ་རྔོག་ཅན་བརྫངས། ཁོང་གི་གྲ་རིགས་དོལ་ཡས་ཕོ་ཡས་མོ་བས་བརྡུངས་པ་ལ་སེར་བ་ཕོབ་གསུངས་ཕབ། རྒན་མོ་ཞིག་ལ་གནས་ཚང་བཅོལ་བ་དེ་ངུ་། སྙིང་རྗེ་ནས་ཁྱོད་ཀྱི་ཞིང་ཇི་ལྟ་བུ་ཞིག་ཡོད་གསུངས། འདི་འདྲ་ཡོད་ཟེར་གྲུ་གསུམ་མཆུ་རིང་ཞིག་བྲིས་པས། དེ་མ་ཐག་ཏུ་སླ་ང་བཀབ་སྡིགས་མཛུབ་མཛད་པས་མོའི་ཞིང་མ་ལ་གནོད་པ་མེད་པ་སྣུམ་སྲུག་གེ་འདུག སླ་ངས་མ་ཁྱབ་པའི་མཆུ་ལྷག་པ་ཆུ་ལོག་གིས་གནན། གཞན་ཡུལ་དེ་གྲོག་ཤུལ་དུ་བཏང་། ཕྱི་ཐན་བཞག་པས་ཁོང་རྣམས་རྔོག་ལ་བབས། སེར་བའི་དུས་དེའི་སྲིས་ཁོ་བོའི་ཐོག་འདི་ལའང་ཡུལ་དེར་སེར་བ་ཐུ་བས་ཞིང་ཐམས་ཅད་བཅོམ་ནས་རྒན་མོའི་ཞིང་དེ་ལ་སྐྱོན་མེད། མཆུ་ཆུ་ལོག་གིས་མནན་པ་ཞིག་ཀྱང་བྱུང་ངོ་། །དེ་ནས་ལམ་དུ་བྱ་བྱིའི་རོ་བསྡུས་པས་སྟེང་གཡོགས་༼༢༤༣༽ལྟེམ་གང་བ་བྱུང་། དེ་བླ་མའི་སྤྱན་སྔར་དཀྱིལ་འཁོར་གྱི་སྟེགས་བུ་ཡོད་པའི་ཁར་སྤུངས་ནས་བཤུམས་པས་ཅིའང་མི་ལྟོ། ཇོ་བོ་ནཱ་རོ་པའི་བུ་བརྒྱུད་ལ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་ཡོད་པ་ཡིན་གསུངས། ཅུང་ཟད་དགོངས་པ་ལ་བཞུགས་པའི་མཐར་སེ་གོལ་གཏོགས་པས་ཐམས་ཅད་ནམ་མཁའ་ལ་དིར་རྒྱབ་སྟེ་འཕུར། དེ་དག་གི་བྱ་རྗེས་སྟེགས་བུ་ལ་བྱུང་བ་ད་ལྟའི་བར་དུ་ཡོད་དེ། དེས་བླ་མ་ཡབ་སྲས་ལ་ཡིད་ཆེས། རྔོག་གིས་གདམ་ངག་གནང་ཡང་བླ་མའི་བཀས་མ་གྲོལ་བས་མྱོང་བ་མ་སྐྱེས་སྲས་ཆེ་འདོན་གྱི་དུས་སུ་བླ་མའི་སྤྱན་སྔར་བྱོན། ཆེ་འདོན་ཚར། གྲྭ་པ་བྱིང་གྱེས། དབུ་ཆེ་རགས་པ་ཡོད་པའི་དགོངས་ཤིག་ཚོགས་འཁོར་བྱེད་གསུངས། དེར་བྱིང་ཚོགས། དབྱུག་པ་ཞིག་སྐུ་གཞོགས་སུ་བཞག་པས། ཡུམ་གྱིས་དགོངས་ནས་རྒྱང་བསྐྱེད་དེ་བཞུགས། དེར་མར་པས་ཕྱག་སྡིགས་མཛུབ་མཛད་རྔོག་ལ་གཏད་དེ་སྤྱན་ཧུར་ཕྱུང་ནས། ཆོས་སྐུ་རྡོ་རྗེ་ཟེར་བ་མ་བཅོལ་བ་བྱེད་མཁན་ཁྱེད་མཐུ་ཆེན་ལ་དབང་བསྐུར་མན་ངག་སྟེར་བའི་རྒྱུ་མཚན་ཅི་ཡིན་གསུངས། རྔོག་བྲེད་ནས་དེ་ལྟར་བྱས་ཆོག་པའི་བླ་མ་རང་གི་ཕྱག་ཐམ་དང་བྱིན་རླབས་རྟེན་རྣམས་གནང་བྱུང་བ་ལགས་ཞུས་པས། མཐུ་ཆེན་དེ་ཁྱོད་ལ་སུས་བསྐུར་གསུངས། བྲེད་ནས་བདག་ལ་ཡུམ་གྱིས་གནང་བ་ལགས་ཞུས་ནས་རྒྱ་མཐོངས་སུ་མཆོངས་ཏེ་ཕྱིར་བྱོན། ཡུམ་ལ་ཕྱག་འབེབས་མཛད་དུ་ཕེབས་པས་ཡུམ་གྱིས་སྒོར་བྱོན་བཅད་དེ་བཞུགས་པས། ཕྱག་སྲད་སྲད་པ་ཞིག་མཛད་བཞུགས་གདན་ཁར་བཞུགས། རྔོག་ལ་ངའི་བྱིན་རླབས་རྟེན་རྣམས་ད་ལྟ་རང་ལོང་ཤོག་གསུངས་འབྱོན་པར་ཆས་ཏེ་ཕྱིར་ཐོན་པ་ན། ཨ་བོ་མཐུ་ཆེན་གྱིས་ན་བཟའ་ལ་འཇུས་ནས་ཕྱག་ཕྱིར་འགྲོ་བར་ཞུས་པས། ཨ་བོ་མཐུ་ཆེན་ངས་ཁྲིད་རུང་ད་རེས་ཀྱི་འདི་དང་འདྲ། བླ་མས་རྗེས་སུ་འཛིན་ཏེ་འོང་། ཡུས་ཀྱིས་མི་འཛིན་ན་གདོད་བླ་མའི་གནང་བ་ཞུས་ཏེ་ཕན་གདགས་སོ་གསུང་བ་ལ། ཕུང་པོ་ང་འདྲ་བ། ང་རང་སྡུག་པ་མ་ཟད་ཡུམ་དང་བླ་མ་ལའང་འདི་ལྟ་བུའི་འོ་བརྒྱལ་བྱུང་། ང་སྐྱེ་བ་ཕྱི་མར་ཆོས་དང་མཇལ་བ་ཞིག་ཐུགས་རྗེས་འཛིན་དགོས་ཞེས་ལྕེབ་པར་བརྩམས་པ་ན། བླ་མས་བུ་དེ་འདྲ་མ་བྱེད། གསང་སྔགས་བླ་མེད་ཀྱི་ལུགས་ལ་ཕུང་པོ་སངས་རྒྱས་ཀྱི་བདག་ཉིད་ཡིན་པས་དེ་ལ་བརྙས་ན་རྩ་ལྟུང་ཕོག མདོ་ལུགས་ལའང་རང་སྲོག་རང་གིས་གཅོད་པ་སྡིག་པ་ཆེ་ཤོས་སུ་གསུངས་པ་ཡིན། དེ་ལྟར་མ་བྱེད་གསུངས་པའི་རིང་བླ་མ་ཐུགས་སོས་༼༢༤༤༽ནས་བདག་མེད་མ་ཤོག་གསུངས། ཡུམ་བྱོན་པས་རྔོག་ལ་སོགས་པ་གར་སོང་། བླ་མ་རྔོག་སྐུ་ཆས་ལེན་དུ་ཆས་པ་ལ་མཐུ་ཆེན་ཞུ་བ་འདི་ལྟར་འབུལ་བ་ལ་ལན་འདི་ལྟར་འདེབས་ཀྱིན་བཞུགས་གདའ་ཞུས་པས། འོ་ན་ཤོག་གྱིས་གསུངས། ཨ་བོ་མཐུ་ཆེན་གྱིས་ང་འདྲ་བ་བླ་མ་ཐུགས་སོས་ནས་ཀྱང་སྐུ་དྲུང་དུ་འགྲོར་མེད་ལ། ཕྱིན་ན་བཀའ་སྐྱོན་དང་ཕྱག་འབེབས་མྱོང་བ་ལས་མེད་པ་ཞེས་བརྒྱལ་བརྒྱལ་བཤུམས་པས། བླ་མ་རྔོག་གིས་ཁྱོད་ཡར་སོང་ལ་བླ་མའི་སྤྱན་སྔར་མཐུ་ཆེན་ཕྱིན་ཨེ་ཆོག་ལྟོས། དེ་མིན་ངས་འདིར་མ་བསྡད་ན་འདིས་གང་མིན་བྱས་དོགས་འདུག དེས་ཞུས་པས། བླ་མ་མར་པའི་ཞལ་ནས། ད་རེས་འབོད་པའི་མགྲོན་གྱི་གཙོ་བོ་ཨ་བོ་མཐུ་ཆེན་ཡིན། བདག་མེད་མ་རང་སོང་ལ་བོས་ཤོག་གསུངས་དེར་ཡུམ་རང་ཕེབས། མཐུ་ཆེན་ད་ཁྱོད་རང་ངུ་མི་དགོས་ཐུགས་རྗེས་གཏིང་ནས་འཛིན་པར་འདུག དེའི་རྟགས་ལ་ད་རེས་མགྲོན་གྱི་གཙོ་བོ་མཐུ་ཆེན་ཡིན། ཁྱོད་རང་སོང་ལ་བོས་ཤིག་གསུང་འདུག་པ་གསུངས་པས། ཡུམ་གྱིས་སེམས་གསོ་ཡིན་ནམ། བདེན་ནམ་ཐེ་ཚོམ་མེ་བ་ལ་དྲུང་དུ་བསླེབས། དེར་བུ་ཆེན་དེར་ཡོད་ཀུན་ཡང་འཛོམ་ཟིན་འདུག དེའི་ཚེ་བླ་མ་ཐུགས་ཞི་བར་བཞུགས་ནས། བརྟགས་བརྟགས་ན་རང་རེ་ཀུན་ལ་སྐྱོན་མེད། ངས་ནི་མཐུ་ཆེན་གྱི་སྡིག་པ་སྦྱོང་བའི་ཕྱིར་བྱས། བདག་མེད་མ་ནི་སྤྱིར་བུད་མེད་སེམས་ཆུང་། ཁྱད་པར་སྙིང་རྗེ་ཆེ་བར་འདུག་པས་ཁོ་ལ་སྙིང་རྗེ་ནས་ཡིག་བརྫུས་བསྐུར། རྔོག་གིས་ཡི་གེ་བསྐུར་ནས་དེ་ལྟར་བྱེད་པ་བདེན་མོད། འོན་ཀྱང་བྱིན་རླབས་རྟེན་ཚར་ཅིག་འདིར་སྐྱོལ། ཕྱིས་ཁྱོད་རང་ལ་སྟེར་གསུངས། དེའང་ཁྱོད་བུ་སློབ་ལས་དང་པོ་པ་རྣམས་དད་པ་མ་ལོག ངས་འདོད་པས་ཀུན་ནས་བླངས་པའི་ལས་ཡིན་ན་ཞི་བས་བཅོལ་བས་ཆོག་སྟེ་མིན། བུ་འདི་ལ་ཡིད་ཆད་ཆེན་པོ་ལན་དགུ་ཐོངས་ན་ལམ་ལྷག་མེད་དུ་སངས་རྒྱ་བ་ཡིན་པ་ལ། ད་ལན་ཐེ་བའི་བརྒྱད་ལས་མ་ཐོངས་པས་ད་དུང་དཀའ་བ་སྤྱོད་པ་ཅུང་ཟད་དགོས། འདི་ངས་སྐལ་ལྡན་དུ་ཤེས་ནས་ཕྲུ་སློག་པའི་ཟོལ་གྱིས་བསུ་རུ་ཕྱིན་གསུངས། གྲལ་དེ་ཉིད་དུ་སྐྲ་བཅད་མཚན་མནལ་ལམ་བཞིན་རྡོ་རྗེ་རྒྱལ་མཚན་ཞེས་བཏགས། དགེ་བསྙེན་དང་བྱང་ཆུབ་སེམས་ཀྱི་སྡོམ་པ་གནང་སྟེ། གསང་སྔགས་ཀྱི་དབང་བསྐུར་ནི་སང་གནངས་ནས་རིམ་བཞིན་བྱའོ་གསུངས་པས། ངའི་འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། རྨི་ལམ་ཡིན་ན་གཉིད་མ་སད་ན་དགའ་སྟེ་སྙམ་པ་འཁྲུངས་ནས་༼༢༤༥༽ཚོགས་ཀྱི་འཁོར་ལོ་ལ་དགྱེས་པར་རོལ། དེར་སང་ནས་ས་ཆོག གནངས་སྟ་གོན་ཞག་གསུམ་པ་དངོས་གཞི་མཛད་པའི་དཀྱིལ་འཁོར་བསྟན་པའི་དུས། འདིར་མཚོན་བྱེད་དཔེའི་དཀྱིལ་འཁོར་ཡིན། མཚོན་བྱ་དོན་གྱི་དཀྱིལ་འཁོར་འདི་ན་ཞེས་བར་སྣང་ལ་དཔལ་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་བཞུགས་པ་མཇལ། གསང་མཚན་འདོགས་པའི་དུས་ས་གསུམ་གྱི་མཁའ་འགྲོ་མ་ནམ་མཁའི་སྤྲིན་ཕུང་ཙམ་གྱིས་མགྲིན་གཅིག་ཏུ་བཞད་པའི་རྡོ་རྗེ་ཞེས་བཏགས་སོ། །དབང་གོང་མ་གཉིས་ཀྱང་དངོས་དབང་དུ་མཛད། དབང་དུས་སུ་དཔེའི་ཡེ་ཤེས་གཟིགས་པས་འཇིག་རྟེན་ཆོས་མཆོག་གི་རྟོགས་པ་བརྙེས་པ་ཡིན་གསུང་། དེ་ནས་བརྩམས་ཏེ་དགྱེས་པ་རྡོ་རྗེ། མ་ཧཱ་མ་ཡཱ། གདན་བཞི། སངས་རྒྱས་ཐོད་པ། གསང་བ་འདུས་པ། དེ་དག་གི་རྒྱུད་རྒྱུད་འགྲེལ་དབང་སྒྲུབ་ཐབས་རིམ་པ་གཉིས། དོན་མཐར་ཐུག་སྟོན་པའི་སྙིང་པོ་སྐོར། ཁྱད་པར་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ལ་སྨར་ཁྲིད་དུ་མཛད། ལྷོ་བྲག་སྟག་ཉའི་བྲག་ལ་སྒོམ་དུ་བཅུག་གོ །ཚར་གཅོད་ལ་ལོ་བཞི། རྗེས་འཛིན་མཛད་ནས་ལོ་གཉིས་དང་ཟླ་བ་བརྒྱད་བཞུགས། ལོ་ཙམ་བཞུགས་རྒྱུའི་ནང་ལ་མཁའ་འགྲོ་སྙན་རྒྱུད་ཀྱི་གདམ་ངག་གནང་། དཔལ་ནཱ་རོ་པས་མཛད་པ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དགྱེས་པའི་རྡོ་རྗེ་ལ་བརྟེན་ནས་མཛད་པས། མེས་རྔོག་འཚུར་མི་ལ་མགོ་ཡགས་ལ་སོགས་ཐམས་ཅད་ཀྱིས་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དངོས་སུ་གཟིགས། གཞན་བདེ་མཆོག་འཁོར་ལོ་ལ་སོགས་པའི་ཡི་དམ་དུ་མར་སྣང་བ། ཟད་པར་ས་ལ་སོགས་པའི་རྫུ་འཕྲུལ། གྲོང་འཇུག་མཛད་པ་ལ་སོགས་ཆེ་བའི་ཡོན་ཏན་སངས་རྒྱས་དང་མཉམ་པར་གཟིགས་པས། ཅི་གསུང་བའི་བཀའ་ལ་སྐད་ཅིག་ཀྱང་མི་འགོང་བའི་དམ་བཅའ་མཛད་དེ། ཕ་སྐུ་དྲིན་ཅན་གྱི་ཞབས་དྲུང་དུ། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ནོར་ཟང་ཟིང་གི་འབུལ་བ་མ་མཆིས་ཏེ། །ལུས་ཀྱི་ཞབས་ཏོག་རྡུལ་དུ་བརླག །དང་། ཐུགས་གཏིང་ནས་མཉེས་པའི་གནད་ཀ་དེས། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་དང་། །བྱིན་རླབས་ཅན་གྱི་བདེ་མཆོག་དང་། །སྙིང་པོ་མཧཱ་མ་ཡཱའི་རྒྱུད། །དཔལ་ནམ་མཁའ་ལྟ་བུའི་གསང་འདུས་དང་། །བཀའ་སྲུང་ཅན་གྱི་གདན་བཞི་དང་། །སྤྲུལ་པ་སངས་རྒྱས་ཐོད་པའི་རྒྱུད། །དོན་མཐར་༼༢༤༦༽ཐུག་སྟོན་པ་སྙིང་པོའི་སྐོར། །བཀའ་རྒྱ་མཚོ་ལྟར་ཟབ་རྒྱུད་འགྲེལ་ལས། །བཅུད་ནོར་བུ་རིན་ཆེན་གཏིང་ནས་བླངས། །གནད་ཟབ་དགུའི་དོན་སྙིང་ཕྱུང་བ་རྣམས། །གསེར་ཞུན་མ་ལྟ་བུར་དྲིལ་ནས་གནང་། །ཕྲི་བསྣན་ལྷག་ཆད་ཡོད་རེ་ཞེས། །ཌཱ་ཀི་དཔང་བཙུགས་དབུ་སྙུང་བཞེས། །དེ་ནས་བླ་མ་ལ་ཞུས་ཏེ་ཡར་ལོག རྔོག་ལ་ཕྱག་སྐྱེལ་དུ་བྱོན། དེ་ནས་ཡུལ་དུ་སླེབ་དུས་ཡུམ་ཤི སྲིང་མོ་འཁྱར། ཁང་ཞིང་མཐུས་འཇིགས་ནས་བདག་མེད་དུ་ལུས་འདུག དེར་སྐྱོ་ཤས་གཏིང་ནས་ལངས་ཨ་མའི་རུས་བུ་རྙེད། དེ་ལ་གླན་ལོའི་དབོན་པོའི་རྩར་བྱོན་ཚ་ཚ་བཏབ། ཡོན་དུ་དཀོན་མཆོག་བརྩེགས་པའི་མདོ་ལུས་འདུག་པ་དེ་ཕུལ། དགོང་གཅིག་བཞུགས། རྐང་བཙུགས་ཕུག་ཏུ་བྱོན། དེར་ཨ་ནེས་ཁ་ཅང་བགྱིས་ཏེ་ཞིང་ཐབས་ཀྱིས་ཕྲལ། རིན་སྤྲད་པ་བསྣམས་ཏེ་བྲག་དཀར་རྟ་སོར་བྱོན། འཚོ་བ་ཕྱེ་དྲི་ཡོད་ཙམ་ལོ་གསུམ། ཅིའང་མེད་པ་ཟྭ་རང་གི་ཚོད་མ་ལ་བརྟེན་པ་ལོ་དྲུག་སྟེ་དགུ་རྩེ་གཅིག་ཏུ་བསྒོམས། སྒོམ་ལ་བོགས་ཆེ་བསམ་པ་མ་བྱུང་། དེར་ཁྱི་ར་བས་མཐོང་ལུས་དཀའ་ཐུབ་ཀྱིས་གདུངས་པས་མི་ཡིན་ནམ་འདྲེ་ཡིན་ཟེར། དེ་དག་ལས་འཕྲོས་ཐོས་ནས་པེ་ཏས་རྙེད། མཛེས་སེ་དང་གཉིས་ཀྱིས་རྩམ་ཆང་ཤ་དང་བཅས་པ་དུམ་ཞིག་ཕུལ་ཏེ་ཟོས་པས་སྒོམ་མི་ནུས་པ་སྙམ་བྱེད། གེགས་འདི་ལས་ཆེ་བ་མི་ཡོང་དགོངས་ཏེ་བླ་མས་གནང་བའི་ཤོག་དྲིལ་བལྟས་པས། སྔར་རྩ་ནང་དུ་རླུང་སེམས་འདུ་རྒྱུ་ཟས་ངན་པས་མ་ལྷོངས་པ་དེས་བསླང་བར་ཤེས། དེའི་ལུགས་བཞིན་བཅོས་པས་སྐྱོན་འཛིན་ཡོན་ཏན་དུ་ངོ་འཕྲོད་ནས། བྱང་ཆུབ་ཀྱི་སེམས་རང་བྱུང་གིས་གྱེན་དུ་ལོག གསང་གནས་ཀྱི་རྩ་མདུད་གྲོལ། ས་དང་པོ་དང་གཉིས་པ་ནོན། དེ་ནས་ལོ་ཙམ་དུ་བརྩོན་པར་མཛད་པས་ལྟེ་བའི་རྩ་མདུད་གྲོལ། དེ་ནས་བྲག་དམར་ཆོང་ལུང་ལ་སོགས་པར་བྱོན། ལྷག་པར་ལ་ཕྱིར་བྱོན་ནས་ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་དམ་ལ་བཏགས། སློབ་བརྒྱུད་རྣམས་ཀྱི་སྦྱིན་བདག་བྱེད་པར་ཁས་བླངས་རང་སྲོག་མདོངས་གསོལ་དུ་ཕུལ། དེ་ནས་རྩར་མར་སྐོར་ཅིག་བྱོན། དགུན་དེ་གཤེན་རྡོར་མོ་ཤཱཀྱ་གུ་ཎ་སོགས་བན་སྐྱེས་དྲུག་ཆོས་ཞུ་བར་འོང་བའི་ལུགས་བྱས། འཚོ་ཆས་ཉུང་ངུ་ཞིག་ལས་བསྣམས་མ་བྱོན། ཁོང་ཚོ་ལ་སྒང་ནས་ལོག དེ་དགོང་ནས་ཁ་མོ་ཆེ་བབ། སོས་ཟླ་བ་ལྔ་པ་ཙམ་ལས་ལམ་མ་བྱེ། དེར་བུ་སློབ་རྣམས་ཀྱིས་གྲོངས་ཡོད་སྙམ་གཤེགས་རྫོངས་ལ་དམིགས་མཆོད་པ་བྱས། དེ་ནས་༼༢༤༧༽སོས་ཁོང་རྣམས་ཀྱིས་སྤུར་རམ་སྤུར་རུས་གང་རྙེད་སྙམ་ལྟར་འོངས་པས་གསའ་ཞིག་ཕ་བོང་ནས་བྱ་ར་བྱེད་པ་མཐོང་། དེ་ནས་ངུ་བ་དང་གསུང་ཐོས་ཆས་ཅུང་ཟད་ལས་མ་ཟད་པར་འདུག་པས་ཏིང་ངེ་འཛིན་གྱིས་འཚོ་བར་ཤེས། དད་པ་ལྷག་པར་སྐྱེས། མཆི་མ་ལྷུག་པར་ཤོར། ནན་གྱིས་ཡུལ་དུ་གདན་དྲངས། དེར་བསུ་མི་རྣམས་བྲོ་རྩེ་བས་ཐུགས་ཉམས་འུར་བ་སྐད་མཛད་དེ། ཕ་བོང་འདམ་བཞིན་བརྫིས། དེ་དུས་སྙིང་ཀའི་རྩམ་མདུད་གྲོལ་ས་དྲུག་པ་ནོན་པ་ཡིན་ཏེ། སྟོད་བྱང་ཆུབ་སེམས་ཀྱི་རྒྱུན་འབབ་བདེ། །སྨད་དྭངས་མའི་ཐིག་ལེས་གང་བས་བདེ། །བར་དཀར་དམར་ཐུག་ཕྲད་རྩེ་བས་བདེ། །དེ་ནས་མི་མ་ཡིན་གྱི་གདུལ་བྱ་ཕལ་བཏུལ་ནས་མིའི་གདུལ་བྱ་འདུས་པའི་ཐོག་མ། ར་ལའི་ཕུ་ཟ་འོག་ཕུག་ཏུ་བཞུགས་དུས། ཡུལ་དེའི་ཕྱུགས་རྫི་རྣམས་དྲུང་དུ་བྱུང་བའི་བྱིས་པ་ཞིག་རྗེ་བཙུན་མཐོང་བ་ཙམ་གྱིས་ལུས་སྐྱི་བུང་། སེམས་ཚེ་འདིའི་སྣང་བ་འགགས། ཁྲོང་ངེ་ལུས། དེ་ནས་བརྩམས་ཏེ་ཡང་ཡང་ཆོས་ཉན་དུ་འོང་བ་ལ་མ་ཁུས་སྡང་པོ་བྱས་ཕྲུ་སློག་ཏུ་བཅུག དེའི་དུས་ཆུང་ངུ་ལ་མཛེ་ནད་བྱུང་། དེར་རྗེ་བཙུན་གྱིས་སྒོམ་བཟླས་འདྲ་བསླབས། དེའི་ཚེ་མཛོ་ཀི་བཞི་བྱུང་བའི་རྒན་པས་གྲོགས་བྱས་རྒྱ་གར་དུ་འཁྲིད་པར་བརྩམས། བྱིས་པ་དེ་ཕར་འགྲོ་དུས་རྗེ་བཙུན་ཐུགས་དམ་ལ་བཞུགས་གསུངས། དེས་ཕུག་པའི་སྒོ་བརྩིགས་ལོ་གཅིག་ཙམ་འགོར་ཏེ་མཛེ་ནད་གསོས། ཚུར་ལོག་མི་ལ་གར་བཞུགས་རྩད་བཅད་པས། དང་པོ་དེ་སྐད་ཟེར་བ་ཞིག་འདུག ད་གར་སོང་ངམ་མ་ཤེས་ཟེར། སྔར་གྱི་ཤུལ་དུ་བལྟས་པས་ཕུག་པའི་སྒོ་བརྩིགས་བརྩིགས་པར་འདུག གཤེགས་ཡོད་སྙམ་བཤིག་པས་རྗེ་བཙུན་སྐུ་ཁྲོང་ངེ་བཞུགས། ཁྱོད་ཀྱིས་དོན་འགྲུབ་བམ། འགྲུབ་ཞུས། དེར་རྗེ་བཙུན་ལ་སྐྲ་བཅད། མཚན་རྡོ་རྗེ་གྲགས་པ་དེ་ཁར་བཞག དགེ་བསྙེན་དང་སེམས་བསྐྱེད། བདེ་མཆོག་འཁོར་ལོའི་དབང་བསྐུར། བསྲེ་འཕོའི་མན་ངག་སྩལ་ཏེ་སྒོམ་དུ་བཅུག་པས་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པས་རས་རྐྱང་མཛད། ཐམས་ཅད་ཀྱིས་རས་ཆུང་པ་ཞེས་སྙན་པའི་དྲིལ་བསྒྲགས་སོ། །དེ་ནས་ཐུགས་སྲས་བུ་སློབ་ཕལ་ཆེར་འདུས། དེ་ནས་ཆུ་བར་དུ་བྱོན། སྨན་ལུང་དུ་བཞུགས་དུས་བཀྲ་ཤིས་ཚེ་རིང་མས་གཡོས་ནས། ནམ་མཁའི་ལྷ་ཕྲན་མན། ས་འོག་ལྟོ་འཕྱེ་ཡན། གདོན་ཆེན་བཅོ་བརྒྱད་ཀྱིས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་མ་ཚོགས་པ་མེད། དེ་ལས་ཤིན་ཏུ་འཇིགས་ཤིང་མི་བསྲུན་པའི་ཤ་ཟ་མ་ལྔ། ཀེང་རུས་བཞེད་པའི་བུད་༼༢༤༨༽མེད་རི་རབ་པང་དུ་བཏེག་ནས་རྡེག་པར་རྩོམ། དམར་མོ་ཁྲག་འཛག་ཅེ་སྤྱང་གི་གདོང་ཅན་རྒྱ་མཚོ་ཧུབ་ཀྱིས་འཐུང་། གཤིན་རྗེ་གཟུགས་འཆང་བ་ཉི་ཟླ་ཆ་ལང་བཞིན་དུ་རྡེབ། སོལ་བའི་བུད་མེད་གད་བརྒྱངས་ཅན་གཟའ་སྐར་ཐང་ལ་འབེབས། ཤིན་ཏུ་མཛེས་པ་ལྷ་མོའི་གཟུགས་ཀྱིས་ཡིད་བསླུ། གཞན་ཡང་གཟུགས་མེད་ལག་པ་རྐྱོང་བ། རྩི་ཤིང་ནགས་ཚལ་འགུལ་བ། ས་རྡོ་རི་བྲག་བགད་པ། ཕྱོགས་བཞི་འོབས་ཀྱིས་བསྐོར། མཚམས་བཞི་གྱད་ཀྱིས་སྲུང་བ། ནམ་མཁའ་མེ་དང་ས་གཞི་ཆུས་གཏམས་པ། མི་སྡུག་པའི་གཟུགས་བྲེད་དགུ་ཚོགས། མི་བཟད་པའི་མཚོན་སྲིད་དགུ་འཕེན། མི་སྙན་པའི་ཚིག་དགུ་སྨྲ། བར་ཆད་ལུང་བསྟན་གྱིས་གླུ་ལེན། མི་བསྲུན་པའི་བྱ་བ་ཡོད་དགུས་བསམ་གཏན་གྱི་དྲོད་ཉུལ་དུ་བྱུང་བ་རྣམས་གསུང་ངག་བདེན་པའི་ཚིག་གིས་བཀྲོལ། ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་མནན། རང་རྟགས་སྲོག་གི་སྙིང་པོ་བཞེས། བཀའ་འབངས་བགྱིད་པར་བརྩིས་ལ་ཕབ། ལྷག་པར་བཀྲ་ཤིས་ཚེ་རིང་མས་གཙོས་པ་རྣམས་ལ་ལྟ་བ་དབུ་མར་གཏན་ལ་ཕབ། སྒོམ་པ་ལམ་གྱི་རིམ་པར་བསྐྱེད་རྫོགས་ཀྱི་གནད་བཅུན། སྤྱོད་པ་འཕྲང་སྒྲོལ་གནད་ཀྱི་བར་དོར་ཕྱེ་ནས་བསྟན། བཀའ་གསང་སྙན་རྒྱུད་ཀྱི་གདམས་པ་རྣམས་གཉེར་གཏད། རྗེ་བཙུན་ཉིད་ཀྱི་ལས་ཀྱི་ཕྱག་རྒྱར་བཞེས། ཕྱི་རབ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་འགྱུར་བར་མཛད་པས། ངའི་བསྟན་པ་མི་མ་ཡིན་ཚེ་རིང་མ་དང་། མི་དབུས་པ་སྟོན་པ་དེས་འཛིན་པ་ཡིན་གསུངས། དེའི་དུས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དྭངས་མས་གང་བས་ས་བརྒྱད་ཀྱི་རྟོགས་པ་བརྙེས། དེ་ནས་གངས་ཏི་སེའི་བར་དུ་བྱོན། དེར་བོན་པོ་མིང་སྲིང་བཏུལ། ནུས་པ་ཆེ་ཤོས། སྲིང་མོ་དེའང་བོན་རང་གི་ལོ་རྒྱུས་ལ། བསམ་ཡས་སུ་འཁྲུངས་པ་ཅོ་ས་བོན་མོ། བླ་མ་ཚེ་དབང་རིག་འཛིན་གྱི་ཡུམ་ཚེའི་རིག་འཛིན་བརྙེས་པ་དེ་ཡིན། ནཱ་རོ་བོན་ཆུང་དེའི་སློབ་མ་ཡིན་ཟེར། སྟག་ལ་མེ་འབར་གྱི་སྤྲུལ་པ་ཡིན་ཡང་ཟེར། མིང་པོ་རྫུ་འཕྲུལ་གྱིས་བཏུལ། སྲིང་མོ་ཕྱག་རྒྱར་མཛད་དེ་དྭངས་མ་དབང་དུ་བསྡུས་པས་ཐུལ། ཐོང་ལའི་ལ་ཐོག་ཏུ་དམ་པ་སངས་རྒྱས་དང་རྫུ་འཕྲུལ་འགྲན། སྤངས་རྟོགས་མཚུངས་པར་ཞལ་བཞེས། རྗེ་རས་ཆུང་པ་རྒྱ་གར་དུ་བརྫངས་པ་ལ་སྟོན་པ་དར་བློའི་རྩོད་ལན་མ་ཐེབས་པས་ཡིན། ཐོས་པའང་གལ་ཆེ་ཟེར་བ་བྱུང་། རྗེ་བཙུན་ཡབ་སྲས་ཟབ་མོའི་གདམས་པ་ལེན་རྒྱུ་ལ་དགོངས། ཚུར་འཁོར་དུས་རས་ཆུང་པ་༼༢༤༩༽ང་རྒྱལ་སྐྱེས་པ་གཡག་རུ་ཆེ་རུ་མ་སོང་། རྗེ་བཙུན་ཆུང་དུ་མ་སོང་བར་དེའི་ནང་དུ་འཁྲུལ་འཁོར་ལྡེམ་མེ་བཞུགས་པ་དང་། དཔེ་ལ་ཆགས་པ་རྐྱང་མ་བརྒྱ་བུ་བརྒྱ། སྤྱང་ཀི་མ་བརྒྱ་བུ་བརྒྱའི་འབྲོས་འདེད། རྗེ་བཙུན་རང་གི་སྐུའི་རྩ་འཁོར་བདེ་དགྱེས་གསང་འདུས་གདན་ཐོད་མ་ཡཱ་དྲུག་ཏུ་བསྟན་པ་དང་། དཀར་བརྒྱུད་བླ་མ་དང་སྔགས་ཀྱི་དཀྱིལ་འཁོར་སོགས་དང་། ཕ་བོང་རྟ་ལྟར་ཞོན་ནས་རྒྱུག་པ། ཆུ་ལྟར་འཕྱར་བ། འདམ་ལྟར་རྫི་བ་སོགས་སྐུ་གསུང་ཐུགས་ཀྱི་བཀོད་པ་མཐའ་ཡས་པ་བསྟན་ནས་ང་རྒྱལ་ལྷག་མ་མེད་པར་མཛད། དེའི་སྐབས་སུ་དཔྲལ་བའི་རྩ་མདུད་གྲོལ་བས་ས་བཅུའི་བྱང་ཆུབ་སེམས་དཔར་གྱུར་པའི་ཚུལ་བསྟན། ས་བཅུ་པ་ལ་རྗེས་ཐོབ་དེ་བཞིན་གཤེགས་པ་རྣམས་དང་ཁྱད་པར་མེད་ཀྱང་། ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །བལ་པོ་རྫོང་དུ་དྷརྨ་བོ་དྷི། ཤཱི་ལ་བྷ་རོ་གཉིས་ཀྱི་ཕྱག་བཞེས། དེ་ནས་མི་རིང་བར་དབུས་པ་སྟོན་པ་རྗེ་བཙུན་རང་གི་རྫུ་འཕྲུལ་གྱིས་ཐུགས་བསྒྱུར་ནས་བཀུག མཇལ་དུས་ཆང་བཞེས་འཕྲོ་དེ་གནང་བས་ལྷག་མ་མེད་པར་བཞེས་པས་བརྒྱུད་པ་ཟིན་པར་དགོངས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། །སེམས་ཅན་ཀུན་གྱི་རིན་པོ་ཆེ། །ཞེས་བསྒྲགས། དེ་ལ་བདེ་མཆོག་ལྷ་བཅུ་གསུམ་གྱི་དབང་བསྐུར་བའི་དུས་ན་ང་མི་ལ་རྒས་པས་མི་ལོངས། བུམ་པ་ཁྱོད་རང་སོང་ལ་བསྐུར་ཅིག་གསུངས་པས་བུམ་པ་ནམ་མཁའ་ལ་འཕགས་ཏེ་དབང་བསྐུར། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བསྟན་ཏེ་སྒོམ་བཅུག་པས་ཐུན་མོང་དང་ཁྱད་པར་གྱི་ཉམས་མོད་ལ་སྐྱེས། གཞན་ཡང་གདམ་ངག་ལེགས་པར་གནང་། རས་ཆུང་པས་རྡོ་རྗེ་ཕག་མོ་བྲིས་ཐང་ལ་རབ་གནས་ཞུས་པས། ཡེ་ཤེས་པ་དམ་ཚིག་པ་འདི་ལ་བཞུགས། དགའ་སྟོན་དུ་མེ་ཏོག་འདི་བཞེས་གསུངས་པས། ཡེ་ཤེས་ཀྱི་ལྷ་དངོས་སུ་བྱོན་ཏེ་དེ་ལ་ཐིམ། བྲིས་སྐུ་དབུ་སེང་བྱས་ཏེ་མེ་ཏོག་བཞེས་ཞེས་གྲག་གོ །མཐར་གཤེགས་པའི་ཚེ་ས་བཅུ་གཉིས་ཀྱི་དབང་ཕྱུག་བརྙེས་མོད་ཀྱང་། ལམ་གཉིས་ལྷག་མར་ལས་པ་སྐད་མཛད་དེ། འདི་ནས་མངོན་པར་དགའ་བའི་ཞིང་དུ་བྱོན་ནས། དེར་ཡོངས་སུ་སྦྱོང་བ་མཛད་དོ་ཞེས་ཞལ་གྱིས་བཞེས་ལ། མྱ་ངན་ལས་འདས་ནས་རས་ཆུང་པ་བྱོན་པ་ལ་ལམ་དུ་དངོས་སུ་བསུ་བ། རྗེས་མ་སྤུར་གྱི་རྩར་ཕེབས་དུས་འཁོར་གསར་པ་རྣམས་ཀྱིས་མ་བཏང་བར་རས་ཆུང་པ་ཡུས་ནས་བརྒྱལ། བརྒྱལ་སངས་༼༢༥༠༽བ་དང་སྤུར་ཁང་ནང་ན་མེ་རང་འབར་བ་དེའི་དབུས་སུ་ཕྱག་གཅིག་གིས་མེ་ལྕེ་མནན། གཅིག་གིས་ཞལ་འགྲམ་སྐྱོར་ཏེ། ཁོ་རེ་ཚོ་དེ་སྐད་མ་བྱེད་དང་། འབག་བརྒྱ་བས་སེངྒེ་གཅིག་དགའ་བ་དེ་རས་ཆུང་པ་ཡིན་ཡར་ཐོང་། རས་ཆུང་པ་རང་ཡང་དེ་ལྟར་ཡུས་མི་དགོས་གསུང་མཐའ་ཚིག་གི་མགུར་གསུངས། སླར་སྤུར་དུ་སོང་། དེར་གདུང་རྣམས་རིང་བསྲེལ་གྱི་གོང་བུ་གཅིག་ཏུ་བྱས་ཏེ་ཡལ། ལྷ་དང་མཁའ་འགྲོའི་མཆོད་པ་བློས་མི་འཁྱུད་པ་བྱུང་། བོད་དུ་ཀུན་མཐུན་སྣང་གྲུབ་པའི་རྫུ་འཕྲུལ་སྟོན་པ་འདི་ལས་ལྷག་པའང་ལྟ་ཅི། མཉམ་པའང་མ་བྱུང་ངོ་། །སློབ་མ་ཉི་མ་ལྟ་བུ་གཅིག ཟླ་བ་ལྟ་བུ་གཅིག རྒྱུ་སྐར་ལྟ་བུ་ཉེར་གསུམ་སྟེ་གྲུབ་ཐོབ་ཉེར་ལྔ། ཕྱིར་མི་ལྡོག་ཐོབ་པའི་རྟོགས་ལྡན་བརྒྱ། དྲོད་ཐོབ་པའི་སྐྱེས་བུ་རྩ་བརྒྱད། ལམ་སྣ་ཟིན་པའི་རྣལ་འབྱོར་ཕོ་མོ་སྟོང་རྩ་གཅིག ཆོས་འབྲེལ་ཐོབ་པས་ངན་སོང་གི་རྒྱུན་ལམ་ཆད་པ་བརྩིས་ལས་འདས་པ་འོངས་ཞེས་བཅོམ་ལྡན་འདས་མས་ལུང་བསྟན་པ་ལྟར་བྱུང་ངོ་། །དེའི་སྲས་ཀྱི་ཐུ་བོ་ཟླ་བ་ལྟ་བུ་ནི་རྗེ་བཙུན་རས་ཆུང་པ་སྟེ། ཡུལ་གུང་ཐང་འཕྲང་རར་ཡབ་གཉན་དར་མ་གྲགས་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་རྡོ་རྗེ་གྲགས་པ་ཟེར། སྐུ་འབྲས་གཙང་བས་ལྷའི་བུ་འདྲ། དེར་ཀློག་ཡིག་མཁས་པར་བསླབས། དགུང་ལོ་བརྒྱད་ལ་ཡབ་གཤེགས། ཡུམ་ཨ་ཁུས་བསྡུས། དེ་ཆོས་ལ་མི་དགའ་བས་མའང་དེ་དབང་སོང་ནས་ཤིན་ཏུ་སྡང་། དེར་ཀློག་བཀླགས་པས་ཟ་ཡོན་ཕུན་སུམ་ཚོགས་པ་བྱུང་། དེ་བསྣམས་ཟ་འོག་ཕུག་ཏུ་མི་ལའི་རྩར་བྱོན། དེ་ནས་མ་ཁུས་དབང་མེད་ཁྲིད་ནས་ཕྲུ་སློག་ཏུ་བཅུག་པས་མཛེས་ཟིན། དེ་ནས་མ་ཁུས་ཀྱང་མི་ལའི་རྩར་རྒྱུག་ཟེར། དེར་རྗེ་བཙུན་གྱིས་གླན་ལུགས་ཀྱི་ཕྱག་ན་རྡོ་རྗེ་གནང་བཟླས་པ་བྱས་པས་ཐུ་རུ་རེད། ཞང་པོའི་ས་གུང་ཐང་ཚེར་ཡུལ་བྱ་བར་ཕྱིན་ནས་ཁང་གོག་ཅིག་ཏུ་བསྡད་ཡོད་པས། ཛོ་ཀི་བཞི་བྱུང་བའི་རྒན་པ་དེ་སྙིང་རྗེ་ཆེ། དེས་ཁྲིད་ནས་རྒྱ་གར་དུ་བྱོན། ལམ་དུ་འཕྲལ་སྐད་སྦྱངས། ཐུགས་རབ་ཆེ་བས་སྐད་ཀྱང་མཐར་ཐུག་པ་ཞིག་མཁྱེན། ལམ་ཡང་ཡུན་རིང་བ་འགོར། ཏ་པ་ས་ཏའི་གྲོང་ཁྱེར་བླ་མ་བ་ལ་ཙནྡྲ་བཞུགས་པར་བརྟོལ། ལས་ཀྱི་རྡོ་རྗེའི་སྒྲུབ་ཐབས་འབྲིང་པོ་ཡི་གེ་བཅུ་པའི་དབང་སྒྲུབ་ཐབས་གནང་། ཟླ་བ་གསུམ་སོང་བ་དང་ལུས་ཐམས་ཅད་ཕུས་བཏབ་པ་བཞིན་སྐྲངས། ནད་ཟུག་ཚུགས་ཐབས་མེད་པ་བྱུང་། རྣག་ཁྲག་ཆུ་སེར་ཡང་གང་མིན་ནས་རྡོལ་བའི་ཕོལ་མིག་མང་པོ་བྱུང་ནས། བླ་མ་ལ་མི་སོས་པ་འདྲ་ན་ཞུས་པས། དམངས་པོ་༼༢༥༡༽ཡུལ་འཚོལ་བ་བྱ་བའམ། ཕམ་པོ་སྲིད་ཚོལ་བ་བྱ་བ་ཡིན། དང་པོ་འདི་ཚུགས་འོང་གསུངས། བླ་མས་ཀྱང་ཞག་བདུན་མཚམས་གཅོད་གྲོགས་མཛད། དེ་ནས་བརྩོན་པས་མནལ་ལམ་དུ་ལ་ཞིག་ལ་མི་མང་པོ་འགྲོ་ཡི་འདུག ཅི་ལ་འགྲོ་དྲིས་པས། ངེད་རྣམས་གུང་ཐང་གི་གཉན་རྡོ་རྗེ་གྲགས་ལ་གནོད་པའི་ཀླུ་བསྐྱས་བྱེད་པར་ལྟར་འགྲོ་བ་ཡིན་ཟེར། མཉམ་པོར་ཕྱིན་པས་རི་མཐོན་པོ་ཞིག་གི་ཁར་བསླེབས་དུས། ལུང་པ་ཞིག་ནས་སྦལ་སྦྲུལ་མང་པོ་ཕྱུང་ཕྱུང་ཟེར་ཞིང་འགྲོ །བྱ་མང་པོས་ཕྱི་ནས་ཡར་འདེད་བྱེད་ཅིང་ལ་བརྒལ་སོང་། མནལ་སད་པ་ན་ངོ་གདོང་ཡང་འཇམ་ཉལ་ཉལ་འདུག ལུས་ཐམས་ཅད་བདེ་སངས་སོང་། བརྒྱུགས་པས་ཀྱང་དེ་ཁར་འདུག་ནས། ཡུལ་ན་ནི་མཛེས་ཐུ་ལུམ་སོང་ཟེར་བ་ཡོད། ཕ་དར་མ་གྲགས་ལ་བུ་མ་སྐྱེས་རི་ཤི་བྱས་ནས་ཏེ་ཏེ་མང་དུ་བརྡུངས། ནངས་པར་བླ་མ་ལ་ཞུས་པས་སོས་པ་ཡིན། ད་དུང་ལོག་ཉེན་ཡོད་པས་སྲུང་བ་བྱེད་དགོས་གསུངས། བསྲུང་བའི་ཆེད་དུ་ཟླ་ཕྱེད་མཚམས་བཅད། དེ་གྲོལ་འཕྲལ་བོད་དུ་བྱོན། བསོད་སྙོམས་མཛད། གསེར་སྲང་ཕྱེད་དང་བཞི་རྙེད་པ་འབུལ་དུ་བྱོན། དེ་རེས་གདམ་ངག་ལྷག་མ་མེད་པ་གསན། ཏི་བུ་དང་ཡུད་ཅིག་མཇལ། དེ་ནས་འཁོར་ཏེ་རྗེ་བཙུན་ལ་གཏུགས་ནས་དབང་གདམ་ངག་མང་པོ་གསན། བསྒོམས་པས་གཏུམ་མོའི་དྲོད་རྟགས་ཐོན། རས་ཆེན་རས་ཆུང་ཞེས་ཡབ་དང་མཚུངས་པའི་གྲགས་པ་ཐོབ། བླ་མའི་ཁྲིད་གསར་པ་རྣམས་ཀྱི་སློབ་དཔོན་མཛད། དེ་ནས་རྗེ་བཙུན་གྱིས་བརྫངས་ནས་རྒྱ་གར་དུ་ཕྱི་མ་བྱོན། དེར་བླ་མ་ཏི་བུ་དང་མཇལ། བ་ལ་ཙནྡྲའང་དེའི་སློབ་མ་པཎྜྻི་ཏ་ཟླ་བ་བཟང་པོ་ཡིན། དེ་ལས་ནཱ་རོ་མཻ་ཏྲི་ནས་བརྒྱུད་པའི་གདམས་པ། གཞན་ཡང་དེ་ཉིད་ཀྱི་ཡབ་ག་ཡ་དྷ་ར་པཎ་ཆེན་མཁས་ལ་མན་ངག་ཆེ་བས་དེའི་གདམས་པ་སོགས་གསན། དེའི་དུས་གྲུབ་ཐོབ་ཨ་མོ་གྷ་བཛྭ་ཡིས། བོད་ཕྲུག་སྙིང་རྗེ་བར་འདུག་སྟེ་ཚེ་ཞག་བདུན་ལས་མི་འདུག་པ་ཟེར། ཐུགས་དངངས་ཏེ་བླ་མ་ལ་ཞུས་པས། གྲུབ་པའི་རྒྱལ་མོ་ཞེས་པ་ཚེ་དཔག་མེད་དངོས་སུ་མཇལ་བ་ཞིག་ཡོད་པས་སྤྱན་དྲང་གི་གསུངས། ཚོགས་དང་གསེར་གྱི་མཎྜྻལ་བཤམས་གསོལ་བ་བཏབ་པས་ཤིང་སྤངས་གསེར་གྱི་མཎྜྻལ་དེ་ཉིད་དུ་བྱོན། ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས་ཚོགས་རྟ་མགྲིན་ལ་སོགས་པའི་ཤམ་བུ་དང་བཅས་པ་གནང་། ཞག་བདུན་གཉིད་མེད་དུ་བསྒྲུབས་ནས་མ་གཅིག་གིས་༼༢༥༢༽ཁྱོད་ལོ་ཇི་ཙམ་ཐུབ་པར་འདོད་གསུངས། ཤིའང་མི་ལྟོ་སྙམ་པ་ཚུན་ཞུས་པས། བོད་ངན་པ། བསམ་པ་མཐོ་དམའ་ངེས་པ་མེད། བུ་ཕའི་ཚེ་དང་མཉམ་པ་ཞིག་བྱ་ཡི་གསུངས། བརྒྱད་ཅུ་རྩ་བརྒྱད་ཐུབ་པར་ལུང་བསྟན། དེ་ནས་གདམ་ངག་རྣམས་ཚང་བར་བྱས་ནས་ལོག་འབྱོན་ཁར་ཏི་བུས་ཁྱོད་ཀྱིས་སྒྲ་མི་ཤེས་པའི་སྐྱོན་གྱིས་དཔེ་འདི་རྣམས་བོད་སྐད་དུ་ཇི་ལྟ་བར་བསྒྱུར་མེད་པ་འདྲ་སྟེ། ལམ་དུ་མཁའ་འགྲོ་མ་ཞིག་གིས་ཞུས་དག་བྱེད་པར་འགྱུར་རོ་སོགས་ཞལ་བཀོད་ཐེམས་པར་སྩལ། མ་གཅིག་འདི་དེ་དུས་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན། གཞན་ཕལ་པས་མཐོང་བར་མི་ནུས་པ་ཞིག་གོ །ཇི་ལྟར་གསུང་པ་བཞིན་བལ་པོར་ཕེབས་དུས་བྷ་རི་མས་བསུས་ཏེ་དཔེ་རྣམས་ཀྱི་ལྷག་ཆད་བསལ་ཚུར་བྱོན་ཐུགས་ལ་ཁེངས་པ་ཅུང་ཟད་འཁྲུངས་པ། རྗེ་བཙུན་གྱིས་རྫུ་འཕྲུལ་བསྟན་དེ་བཟློག བླ་མ་ལ་གདམས་པ་ཡར་སྐྱེས་སུ་ཕུལ་བ། དེ་ཡང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལྷག་ཆད་ནོར་འཁྲུལ་མཁའ་འགྲོས་བསལ། །ཟབ་དང་ཡང་ཟབ་བཀའ་རྒྱས་བཏབ། །འཆི་མེད་བདུད་རྩིའི་བཅུད་ལེན་དང་། །གཞན་ཡང་གསེར་དང་འདྲ་བའི་ཆོས། །ངོ་སྤྲོད་གནད་ཀྱི་བར་དོ་དང་། །བསམ་གཏན་ཐུན་འཇོག་གདམ་ངག་དང་། །བརྡ་དོན་གསུམ་དང་རིན་ཆེན་ལྔ། །ཉམས་སུ་ལེན་པའི་ཆོས་དྲུག་དང་། །ཞེས་བྱ་བ་རྣམས་སོ། །གཞན། བོད་ཕྲུག་རྒྱ་གར་ཕྱིན་པ་ལ། །གདམས་པ་བདག་རང་ཆེའོ་སྙམ། །ཞེས་གསུངས། དེ་ནས་ཉ་མ་རྣམས་རྗེ་བཙུན་ཡབ་ལས་སྲས་ངོ་མཚར་ཆེ་བ་སྐད་ཟེར་བས་སྡིག་ཏུ་འགྱུར་སྙམ་ནན་གྱིས་ཞུས། སྙེ་ནམ་དྲོད་ཕུག་ཏུ་མཁའ་འགྲོ་སྙན་རྒྱུད་ཀྱི་གདམ་ངག་རྣམས་ཕྲི་བསྣན་ལྷག་ཆད་མེད་པར་གནང་། རྗེ་བཙུན་གྱིས་མར་པ་ལ་གསན་པ་ཐམས་ཅད་ཐུགས་སྲས་རས་ཆུང་པ་ལ་ཚང་བར་བཞུགས་སྐད། དེ་ནས་དབུས་ལ་བྱོན་སུམ་འཕྲེང་དུ་ཨ་སུ་མཇལ་བ་ལ་འགྱུར་གྱི་དོ་ཧ་གསན། ཡར་ཀླུངས་སུ་རྗེ་བཙུན་སྐུ་མཚར་བ་དང་། དབུས་མོའི་གསོལ་ཉམས་ནང་འཛོམ་ལོ་གསུམ་ཕོ་བྲང་སྐྱོར་ལྡེམ་དུ་གྲགས་པར་རྒྱལ་པོའི་སྲས་ཚབ་མཛད། རྗེ་བཙུན་གྱིས་མཛེ་པོར་སྤྲུལ་ནས་གཡུ་བསླངས། རས་ཆུང་པ་གཏོང་ཕོད་ཆེ་བས་སྦྱིན། དེས་ཡབ་ཡུམ་ཁྲོས་ཏེ་སླར་རྗེ་བཙུན་གྱི་དྲུང་དུ་བཞུགས། གཡུ་སྤྲང་པོ་ལ་སྦྱིན་པ་མི་ལས་ལོན། །དོ་ནུབ་བདེ་མཆོག་གི་དབང་ཡོན་མཛོད། །གསུངས། དེ་ནས་རེ་ཞིག་ན། ད་ནི་རས་ཆུང་དབུས་སུ་སོང་། །དབུ་རུ་བྱང་ངོས་འགྲིམས་ལ་༼༢༥༣༽བཞུད། །དང་། དགེ་བཤེས་འགའ་ལ་ཕན་ཐོགས་པར་འགྱུར། ཤམ་པོའི་གངས། བྱར་པོའི་ནགས། དགོན་པ་རྡོ་བོད་མཚམས་སུ་ཐོབ། །དེ་ན་གདུལ་བྱ་སྣོད་ལྡན་ཡོད། །ཡོས་བུའི་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ཚུན་ལ་འདིར་སླེབས་པ་གྱིས་གསུང་བ་བཞིན། རྫེ་བཙུན་གྱིས་ཀྱང་ལམ་དུ་སྐལ་ལྡན་མང་པོ་རྗེས་སུ་བཟུང་སྟེ། བླ་མའི་བཀས་རོ་སྙོམས་ད་ལྟ་སྟོན་པའི་དུས་མིན་པས་བོད་ཡུལ་གྱི་བྲག་མཁའ་འགྲོ་མ་དང་ལྷ་འདྲེ་ཐམས་ཅད་འདུ་བ་ཞིག་ཡོད་པ་དེར་སྦོས། མི་རབས་གསུམ་ནས་ཆོས་འདིའི་བདག་པོ་འོང་། དེ་ལ་གཏོད་ཅིག་གྱིས་གསུང་པ་བཞིན་ལྷོ་བྲག་མཁར་ཆུར་བྱོན། རོ་སྙོམས་དང་སངས་རྒྱས་ཐོས་ཆོག་གཏེར་དུ་སྦས། ཤམ་པོར་ཕེབས། དེར་མཁའ་འགྲོ་མ་བཙུན་ཆུང་དུ་གྲགས་པ་དེས་སླེབ། བློན་ལ་སྤྱན་དྲངས། གྲུབ་པའི་རྒྱལ་མོས་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་གནས་སུ་ལུང་བསྟན། ཚུལ་ངེས་པ་མེད་པར་དེའི་སྤྲུལ་པའི་བུད་མེད་རེ་རྗེ་བཙུན་གྱི་བསྟན་པ་ནམ་གནས་ཚུན་འོང་གསུང་། དེ་ནས་བྱར་པོ་ནགས་སུ་ཕེབས། འདི་ཡན་དུ་རྗེ་བཙུན་གྱིས་མོས་པས་སྤྱོད་པའི་ས་པ་ཁོ་ནའི་ཚུལ་བཟུང་། འདིར་ཆོས་ཉིད་ཀྱི་བདེན་པ་གཟིགས་ཏེ་ཡུན་རིང་པོར་མ་ལོན་པར་ས་བཅུ་པའི་དབང་ཕྱུག་ཏུ་གྱུར་པས། རྗེ་བཙུན་གྱིས་ངའི་བུ་བདུད་ཀྱིས་ཁྱེར། བདུད་སུས་ཁྱེར། མི་ལའི་བདུད་ཀྱིས་ཁྱེར་རོ་གསུངས་དེ་ནས་གཉལ་ལོ་རོ་རང་དུ་བཞུགས་ཏེ་འཕྲིན་ལས་ཡུན་རིང་དུ་བསྐྱངས་ནས་མཐར་ཚེ་གོང་གི་ཕུག་པ། གྲུབ་རྒྱལ་མ་དང་མི་ལ་གཉིས་ཀས་ལྕང་ལོ་ཅན་དང་ཁྱད་པར་མེད་པར་ལུང་བསྟན་པའི་གནས་དེ་ཉིད་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པ་ཡིན་ལ། ད་ལྟའང་ལྕང་ལོ་ཅན་ན་བཙུན་མོ་ལྔ་བརྒྱའི་དབུས་སུ་རྡོ་རྗེ་འཆང་ཡེ་ཤེས་ཀྱི་སྐུར་བཞུགས་པ་ཡིན་ནོ། །དེ་ལྟར་སྤྱན་འདྲེན་པའི་མཁའ་འགྲོ་བཙུན་ཆུང་མ་ཚོགས་ཀྱི་དབུས་ནས་མཁའ་སྤྱོད་དུ་བྱོན། སློབ་མ་ལོ་གཙང་ར་དང་བྱེས་འགོལ་བ་བཞི་ལ་ལྷོའི་བུ་བཞི། ཁྱུང་ཚང་པ། འབྲོག་སྒོམ། བུར་སྒོམ། རྟ་ཤོད་རས་པ་ལ་བྱང་གི་བུ་ཆེན་བཞི། གཞན་ལ་སྟོད་པ་གཉན་ཆོས་སྐྱབས་སོགས་ཚད་མེད་པ་ཐོན། རྗེ་ཟླ་འོད་གཞོན་ནུ། སྣེའུ་ཟུར་པ། བྱ་ཡུལ་པ་སོགས་དགེ་བའི་བཤེས་གཉེན་དུ་མས་ཀྱང་གཙུག་གི་ནོར་བུར་བསྟེན་ནོ། །དེའི་སློབ་མ་ཙའི་རྒྱལ་བ་ལོ། འཁྲུངས་ས་གཉལ་སྟོད། མདོ་རྒྱུད་ལ་སྦྱངས། རྗེ་བཙུན་གྱི་ཚོགས་པ་རྣམས་ཀྱི་དཔོན་དུ་ལོ་ཉི་ཤུ་རྩ་ལྔ་བཞུགས། གཙང་པ་ནི། ལ་སྟོད་གཅུང་། སུམ་༼༢༥༤༽པ་ཉེའུ་མཁར་པ། ཡབ་སུམ་པ་དབང་ཕྱུག ཡུམ་རྨ་མོ་ཁྱི་ཁར་གྱི་སྲས་སུ་འཁྲུངས། ཁྱིམ་ཐབ་བྱེད་འཇུག་རྩིས་ལ་བྲོས་ནས་མྱང་སྟོད་སྟག་ཚལ་དུ་སྟོད་ལུང་རྒྱ་དམར་བ་དཔོན་སློབ་ཕེབས་པའི་སར་བྱོན། མདོའི་སྦྱངས་པ་དང་། རྔོག་ཇོ་སྲས་མདོ་སྡེ་ལ་དགྱེས་རྡོར་རྒྱུད་བསླབས། རྗེ་རས་ཆུང་པའི་སྙན་པ་ལ་གཏད་དེ་བྱོན། ཕྱག་གཡས་པའི་སྲིན་ལག་མར་མེར་ཕུལ། ལོ་ཉི་ཤུ་རྩ་གཅིག་གཟིམས་གཡོག་མཛད། ཁོང་མེད་པར་སུ་ལའང་ཆོས་མི་གནང་ཞེས་ཟེར་གྲགས། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རང་ཡང་ཚར་དྲུག་ཅུ་རྩ་བཞི་གསན། ཆུ་བོ་གངྒཱ་ཚུན་ལ་གདམ་ངག་ཆེ་བར་གྲགས། ཏིང་ངེ་འཛིན་གྲུབ་པས་མངོན་ཤེས་རྫུ་འཕྲུལ་ལ་ཐོགས་པ་མེད་དོ། །བྱེས་འགོལ་བ་ནི། མཁའ་འགྲོ་བཙུན་ཆུང་མ་མིང་སྲིང་གཉིས་ཡོད་པའི་མིང་པོ། མཚན་སྟོན་པ་ཡང་དག་དཔལ་ཟེར། རྗེ་བཙུན་གྱི་སྤྱན་སྔར་ཆོས་སྒོར་ཞུགས། མཚན་ཆོས་ཀྱི་གྲགས་པར་བཏགས། གདམ་ངག་དང་ནུས་པས་གྲུབ་ཐོབ་ཀྱི་གྲགས་པ་ཐོན། འདི་གསུམ་ལ་སྐུ་མཆེད་གསུམ་ཟེར། དེ་དག་གི་སྲས་ཀྱི་ཐུ་བོ་གྲུབ་ཐོབ་གླིང་ཡིན། གཞན་རི་ཐུབ་མང་དུ་བྱུང་། བྱར་པོར་ཤེས་སྣང་བ་ནི། ཉེ་གནས་རིན་ཆེན་གྲགས་རང་ཡིན། འཕྲིན་ལས་ཀྱང་ལེགས་པར་བྱུང་ངོ་། །ཁྱུང་ཚང་པ། འཁྲུངས་ཡུལ་སྟོད་ལུང་། བྱ་འདུལ་ལས་རབ་ཏུ་བྱུང་། རྒྱ་དམར་བ་ལས་བསྙེན་པར་རྫོགས། པ་ཚབ་ལས་དབུ་མ་གསན་པས་བསྟེན་ལོང་མ་བྱུང་བར་དར་ཡོན་ཏན་གྲགས་ལས་བཟེད་པ། དབང་རྡོར་ལས་སྤྱོད་འཇུག རྒྱ་དམར་བ་ལས་ཚད་མ་དང་རང་རྒྱུད། སེ་ལས་ཕར་ཕྱིན་མཚན་བརྗོད། ཕུག་པ་བ་ལས་ར་ལི། ཇོ་བསོད་ལས་བདེ་མཆོག་དང་ཀྲི་ཡ། ལྷོ་པ་ལས་ཁ་རག་སྐོར། རྭ་ལོ་ལས་དུས་འཇིགས་དགྲ་ནག འཆར་པ་ལས་བཀའ་གདམས། འཁོན་ཕུ་བ་ལྕམ་སྲིང་ལས་ལམ་འབྲས། རྒྱ་ལས་རིམ་ལྔ། རྔོག་ལས་དགྱེས་རྡོར་བསླབས། ཡང་དག་པའི་གདམ་ངག་ལ་བློ་མ་རྫོགས། འབྲི་སྒོམ་གླིང་ཁ་པའི་རྩར་བྱོན། ཁོང་གིས་དབུས་པ་གླེན། སློབ་དཔོན་རས་ཆུང་པ་འདྲ་བ་དབུས་སུ་བཞུགས་པ་ལ་མི་ཞུ་བ་འདི་ནས་ཡར་འོང་བ་གསུངས། བདེན་དགོངས་རས་ཆུང་པའི་དྲུང་དུ་སྔ་འགྲོས་བཏང་། བྱོན་པས། ངའི་རྨི་ལམ་དུ་ཟླ་བ་རང་གཅིག་ནས་ཉི་མ་འོད་དང་ལྡན་པར་འོང་བར་ཡོད་ཟེར། ཟླ་བ་དེ་ཁྱོད་ཀྱིས་བསྔགས་པའི་སློབ་མ་ཁོ་ཡིན། ཉི་མ་ཁྱོད་རང་དུ་འདུག ཞག་བཅུ་དགུ་ལ་སྙན་རྒྱུད་རྫོགས་པར་གནང་། ཕྱིས་༼༢༥༥༽ལན་གཉིས་མཇལ། དེ་ནས་བསྒྲུབས་པས་སྤངས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། དེའི་སློབ་མ་དགེ་སྡིངས་པ། ཤངས་པ་མར་སྟོན། རྟ་སྒོམ་གསུམ་ལ་ཞང་ལོས་གཏུགས། གཞུང་མ་བྱུང་ནས་ཐུགས་ཐེ་ཚོམ་པ་ན། དགེ་སྡིངས་པ་ནས་མ་ཅིག་ཨོང་ཇོ་བླ་མའི་གསང་ཡུམ་ཡིན། ཁོང་ལ་ཡོད་སྲིད་དེར་སོང་གསུངས། ལན་གཉིས་བྱོན་པས་ཡོད་པའི་སྒྲོས་ཀྱང་མི་གསུངས། ཕྱིས་ཁ་ཆེ་པཎ་ཆེན་ལ་བསྙེན་པར་རྫོགས། མཚན་གྲུབ་པ་དཔལ་བཟང་པོ། འདུལ་སྤྱོད་ལེགས་པར་བསླབས། ཁོ་ཐག་མ་ཆོད་པར་མ་ཅིག་གི་དྲུང་དུ་བྱོན་པས། ད་རེས་དགྱེས་བཞིན་དུ་གནང་བས་ཐུགས་ཚིམ། དེ་ནས་ཀྱང་ཐོས་པས་མི་ངོམས་ཉིད་དང་ནི་ཞེས་པའི་སྐབས་བལ་པོར་པཎ་ཆེན་རཏྣ་རཀྵི་ཏ་ལ་སྒྲ་ཚད་བསླབས། རྒྱུད་འགྲེལ་པ་དང་བཅས་པ་ཉིས་བརྒྱ་ཙམ། དབང་ཡོངས་སུ་རྫོགས་པ་བརྒྱད་ཅུ་རྩ་བཞི་གསན། ལར་ཆོས་ཞུས་པའི་བླ་མ་བདུན་ཅུ་ཡོད། འགྱུར་ཡང་མང་བར་མཛད། ཆོས་རྗེ་ས་པཎ་དང་ཕྱག་བྲིས་གཏོང་རེས་མཛད་པ་ནའང་ཆོས་རྗེ་པས་བཀུར་སྟི་ཆེ་བར་འདུག་གོ །དེས་སྦའི་སྔགས་འཆང་དྷ་ར་ཤྲཱི་རྙིང་མ་བ། དེས་ཁོང་རང་གི་སྲས་ཆོས་རྗེ་བསོད་ནམས་རྒྱལ་མཚན། དེས་ཁོང་རང་གི་སྲས་མོ་ཡེ་ཤེས་ཀུན་ལྡན། ཕྱིས་ཀུན་ལྡན་རས་མར་གྲགས་པ། དེ་ལ་ཀུན་སྤངས་པ་བདེ་ལེགས་རིན་ཆེན་པས་གསན། དེ་ལ་མཁས་བཙུན་གཟི་བརྗིད་པས་ཞུ། ཁོང་གིས་ཞུ་དུས་མ་ཅིག་ཀུན་ལྡན་རང་བཞུགས་པ་གསན་ནས་ལ་ཕྱིར་བྱོན། མཇལ་ནས་ཡོངས་རྫོགས་གསན། མཁས་བཙུན་པ་ནས། དིང་སང་ཤ་ར་རབ་འབྱམས་པ། གཙང་སྨྱོན་ཧེ་རུ་ཀས་རྩལ་དུ་བཏོན་པ་ལས་མཆེད་པ་དང་། གཙང་ཆེན་ཆོས་ཀྱི་དབང་ཕྱུག་ནས་མཆེད་པ་གཉིས་སུ་གྱེས། བདེ་ལེགས་པས་གནས་རྙིང་མཁན་པོ་གངས་ཅན་ཀུན་དགའ་དཔལ་ལ། དེས་འབྲུག་པ་རྒྱལ་དབང་ཆོས་རྗེ་ལ་གདམས་ཏེ། མྱ་ངན་ལས་འདའ་ཁའི་ཞལ་ཆེམས་ལ་རས་ཆུང་སྙན་རྒྱུད་ཀྱི་དཔེ་འདི་ར་ལུང་དུ་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་ཕུལ་གསུང་། ཀུན་སྤངས་དཔོན་སློབ་གཉིས་ཀ་སྟོད་འབྲུག་ཏུ་ཞལ་གྱིས་བཞེས་པ་ཞིག རྒྱལ་བའི་དབང་པོས་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ། དེ་ལས་ཁོ་བོས་ཐོབ་བོ། །ངོམ་རྫོང་སྟོན་པ་ནི། གཅེན་ལུང་པ། སྔགས་རྙིང་མ་ལུགས་ཀྱི་སྟོན་པ། རྗེ་བཙུན་གྱི་བཀའི་བསྡུ་བ་པོ། མར་པ་མགོ་ཡགས་ཀྱིས་ཀྱང་གདམ་ངག་བུམ་པ་གང་བྱོ་ལོན་པ་འདི་ལས་རྩ་བ་མེད་༼༢༥༦༽པའི་སྙན་རྒྱུད་ཅིག་བྱུང་བ་ལ་ངོམ་རྫོང་སྙན་རྒྱུད་དུ་གྲགས། དེ་མྱ་ངན་ལས་འདས་ནས་སྤུར་བཞུགས་སིནྡྷུ་ར་བྲེ་གང་མིན་པ་སྤུར་རུས་ཀྱི་རིགས་མ་བྱུང་ཟེར་རོ།། གཞན་ཞི་བ་འོད་ཀྱིས་བྲག་རྒྱ་ཤར་དུ་བསྒྲུབ་པ་མཛད། བྲག་རི་ཟང་ཐལ་ནས་མཁའ་སྤྱོད་དུ་བྱོན། ཁྱི་ར་རས་པ་མཁའ་སྤྱོད་འགྲུབ། སྲིད་གསུམ་ལུས་མ་སྤངས་པར་མཁའ་སྤྱོད་དུ་སོང་། ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མ་ནི་རྗེ་བཙུན་བཞུགས་རིན་དྲུང་ཉིད་ན་བཞུགས་དཔེ་གཉེར་མཛད། གཤེགས་གཤེགས་ཚུན་བཞུགས། དེ་ནས་འདིར་བྱོན། འདིར་བཞུགས། འདིར་གཤེགས་མེད། རྗེ་ཟླ་འོད་གཞོན་ནུའི་ཞལ་ནས། དེ་ནི་ཁོ་བོ་ལ་ཐུགས་རྩིགས་ཆེ། གདམ་ངག་འདི་ལྟ་བུ་ཞུས་ཤིག་གསུངས་ཁུངས་སྟོན། དོན་ལ་ཆོས་བདག་མཁའ་འགྲོ་ཡིན། དཔེ་ཁྱེར་ནས་ཨུ་རྒྱན་དུ་ལོག་པའོ་གསུང་ངོ་། །རྗེ་བཙུན་གྱི་སྲས་ཉི་མ་ལྟ་བུ་ནི་ཆོས་ཀྱི་རྒྱལ་པོ་དྭགས་པོ་ལྷ་རྗེ། མར་པས། རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཞིག་འོང་བ་ཡིན། །ཞེས་གསུངས་པ་དེའོ། །དེ་འང་སྔོན་གྱི་སེམས་དཔའ་མེ་ཏོག་ཟླ་མཛེས། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར་པ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་སྟོན་པ་ཞིག་འབྱུང་བར་འགྱུར་ཏེ། ཞེས་ལུང་བསྟན་པའི་སྐྱེས་བུ་དེ་འཁྲུངས་པའི་ཡུལ་ནི། གཉལ་བུད་ཉིའི་བྱེ་བྲག་སེར་ལུང་། དེ་ཉིད་ཀྱི་ཡབ་མེས་ཀྱིས་བརྩིགས་པའི་གནས་གཞི་སེར་ཁ་ཡོད་པ་དེ་ཡིན། གདུང་རུས་སྙི་བ། ཡབ་སྙི་བ་རྒྱལ་པོ་དང་ཡུམ་དལ་བཟའ་གཉིས་ལ་སྲས་གསུམ་འཁྲུངས་པ། བར་མ་ཞང་དར་མ་གྲགས། དགུང་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་རྟེན་ཁྱིམ་པ། སྨན་གྱི་འགྲོ་དོན་ཁོ་ན་མཛད། དེའང་རྒྱ་གར་གྱི་མཁས་པ་སྐྱེ་མེད་སོགས་རྒྱ་དཀར་ནག བལ་པོ། ལྷག་པར་བོད་ཀྱི་སྨན་པ་པི་ཛི་ལ་ཐུག སྤྱིར་སྨན་གྱི་སློབ་དཔོན་སུམ་ཅུ་བསྟེན། བསྟན་བཅོས་ཡན་ལག་བརྒྱད་པ་ལ་མཁས་པ་དཔེ་མེད་པ། སློབ་མའང་ཞང་༼༢༥༧༽ནག་དང་གྲུམ་པ་ལྷ་རྗེ་སོགས་མང་དུ་ཐོན་པ། གསོ་སྤྱད་མཛད་པའི་དུས་ནའང་དགེ་བའི་བཤེས་གཉེན་ཤ་ར་བ་སོགས་བསྟེན། ཐོས་པ་ལེགས་པར་མཛད་པ་ཞིག་སྟེ། སོ་གཉིས་པའི་དུས་ཇོ་མོ་དང་སྲས་ཀུན་གྲོངས་ནས་དྭགས་པོར་བྱོན། དབྲོངས་ཀ་བྱ་བའི་གནས་གཞིར་མང་ཡུལ་བ་བློ་ལྡན་ཤེས་རབ་ཀྱིས་མཁན་པོ་བྱས། ཞང་ཞུང་པ་ཤེས་རབ་སྙིང་པོ་བྱ་བས་ལས་སློབ་བྱས། ཁོང་མཚན་ཉིད་པ་ཡིན། ཡིད་བདེ་བ་བྱང་ཆུབ་སེམས་དཔའ་བྱ་བ་བླ་མ་མི་ལའི་ཡང་སློབ་མ་ཡིན་པ་ཞིག་གིས་གསང་སྟོན་བྱས་ཏེ་ཚིགས་རྫོགས་སུ་བསྙེན་པར་རྫོགས། དེར་མཁན་སློབ་གཉིས་ལས་འདུལ་བ་ལེགས་པར་བསླབས། མཁན་པོ་ལས་ཟངས་དཀར་ལུགས་ཀྱི་བདེ་མཆོག་གི་སྐོར་བསླབས། བཅས་པ་ལ་སྲོག་ལས་གཅེས་པ་བཟུང་བས་གར་བྱོན་ཡང་བཙུན་པའི་དཔེར་འདྲེན། བྱང་ཆུབ་སེམས་དཔས་གདམ་ངག་ཅིག་བཏབ་བྱུང་བས་ཞག་བདུན་བདུན་ཙམ་ཏིང་ངེ་འཛིན་ལ་འབྱམས་འགྲོ་བ་བྱུང་། ཅི་ཙམ་ཐུབ་བལྟས་པས་ཞག་བཅུ་གསུམ་ཙམ་ཐུབ། དེ་ནས་ངས་རབ་ཏུ་བྱུང་ནས་དེའི་བྱ་བ་གཉིས་ལ་མ་འབད་ན་མི་འོང་དགོངས་ཏེ་དབུར་སྟོད་དུ་བྱོན། དེར་དགེ་བཤེས་སྨྱུག་རུམ་པའི་སྤྱན་སྔར་བཞུགས་ནས་ལམ་རིམ་ཟླ་བ་དགུ་བསྐྱངས། ཐུགས་ལ་འཁྲུངས། དེའི་དུས་ན་དགེ་བཤེས་རྒྱ་ཡོན་བདག་དེ་སྨྱུག་རུམ་པ་དང་གཉིས་བློ་མཐུན་མཛད་ནས་གྲ་པ་རྣམས་ཁོང་ལ་ཞུ་འཇུག ཁོང་རང་དབེན་པ་མཛད་ནས་སྒྲུབ་པ་མཛད་ཀྱིན་འདུག་པ་ལ་ཐུགས་ཤིན་ཏུ་དད་ནས་མཇལ་བར་འདོད་དེ། བསྐོར་བ་བྱས་གསོལ་བ་ཉི་ཚེ་བཏབ་པས། དུས་ལན་གཅིག་ཁོང་གིས་མཁྱེན་ནས་ནང་དུ་བཀུག དེ་ནས་མར་ལམ་རིམ་ཆུང་དུ་བསྐྱངས། ཐུགས་ལ་བཏགས། ལོ་གསུམ་བསྟེན། ཐུགས་ཀྱི་དགོངས་པ་ལོངས། དགེ་བཤེས་རྒྱ་ཡོན་བདག་དེ་དབུ་རུ་སྟོད་ཀྱི་བཀའ་གདམས་པ་ཞིག་ལ་ཐུགས་ཚོད་མ་ཐོབ་ཡིན། དེ་ལྟར་བསྙེན་པར་རྫོགས་ནས་དྭགས་དང་དབུ་རུའི་བར་ལ་ལོ་སྐོར་ཙམ་ཞིག་སྦྱངས་པ་མཛད། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ནོར་བ་ཐུགས་སུ་ཆུད། དེས་གཞན་གྱི་འདྲེན་པ་མཛད་པ་ལ་མཚུངས་པ་མེད་པ་སེངྒེའི་སྒྲ་བསྒྲགས་པ་ཡིན་ནོ། །དེ་ནས་ནམ་ཟླ་དཔྱིད་དུས་ཤིག་མཚམས་ཐོན་ནས་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་སངས་ལ་བྱོན་པས། སྤྲང་པོ་གསུམ་གྱི་གཅིག་ན་རེ། འོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་ཡོང་བ། ཚོལ་མ་དགོས་པར་ཟན་ཆེན་པོ་དང་། ལོ་མའི་ཚོད་མ་ཕོར་པ་རེ་བཏུང་རྒྱུ་ཡོད་ན་ཟེར། གཅིག་ན་རེ་ཡིད་སྨོན་བྱེད་ན་དེ་འདྲས་གར་ཕྱིན། མངའ་༼༢༥༨༽བདག་རྩེ་ལྡེ་ལ་བྱེད་པ་ཡིན་མོད་ཟེར། གཅིག་ན་རེ་རྩེ་ལྡེ་ལའང་འཆི་བ་འོང་། བྱེད་རང་བྱེད་ན་མི་ལ་རས་པ་ལ་བྱེད་པ་ཡིན་མོད། ལུས་ལ་གོས་མི་དགོས། འཚོ་བ་མཁའ་འགྲོ་མས་འདྲེན། གནས་འཕོ་སྐྱས་བྱེད་པ་ན་ནམ་མཁའ་ལ་འཕུར་ནས་འགྲོ། སྐྱེ་ཤིའི་འཇིགས་པ་མེད་པ་དེ་ཡིན་ན་དགའ་མོད་ཟེར་ཤུགས་རིང་ནར་ནར། མཆི་མ་རྩིག་རྩིག་འདུག དེར་སྔར་ནས་དད་པའི་ཁ་ལ་ལྷག་པར་དྲུང་དུ་འགྲོ་འདོད་པ་བྱུང་། སྤྲང་པོ་ལ་སྟོན་མོ་བྱིན། བླ་མ་རྣམས་ལ་དགོངས་པ་ཞུས། དེའི་ནུབ་མོ་དཀོན་མཆོག་ལ་མཆོད་པ་བྱས་གསོལ་བ་བཏབ་པས། རྨི་ལམ་ན་རག་དུང་རིང་མོ་ཞིག་བུས་པས་སྐད་ཛམྦུའི་གླིང་ཐམས་ཅད་དུ་ཐོས་པ་ཞིག་འདུག དིང་སང་དབུས་གཙང་ན་དུང་འདི་ལས་སྐད་ཆེ་བ་མེད་བྱས་པ་ཞིག་རྨིས། ཡང་ནམ་མཁའ་རྟེན་མེད་ལ་རྔ་བོ་ཆེ་བཏགས་ནས་བརྡུངས་པས་སྒྲ་ཆེན་པོ་བྱུང་། དེ་ལ་རི་དྭགས་མང་པོ་ཉན་འདུག མི་མང་པོ་དཔག་ཏུ་མེད་པ་འདུག་པ་ལ། མོན་མོ་ལྟ་བུ་ཞིག་ནས། མི་འདི་རྣམས་ལ་རྔ་བརྡུངས། རི་དྭགས་འདི་ཚོ་ལ་འདི་བྱིན་ཟེར་འོ་མ་ཐོད་ཕོར་གང་བཏང་། འདིས་འདི་ཙམ་མི་ཁྱེད་བྱས་པས། ཁྱོད་རང་འཐུང་དང་འདིར་མ་ཟད་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྱེད་དེ་འོང་ཟེར། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་ཟེར་སོང་བ་རྨིས་བླ་མ་རྣམས་ཀྱིས་ཟངས་ངེད་ཀྱིས་བརྡུངས་པས་ཟངས་སྐད་མིས་འདོན་ཞིག་འོང་བར་འདུག་གསུངས། འགོང་སྟོན་བྱ་བ་ཡུལ་ཕྱོགས་གཅིག་པ་ཞིག་ཡོད་པ་དེ་ལམ་གྲོགས་ལ་ཁྲིད་དེ་ལ་སྟོད་ཀྱི་ཕྱོགས་སུ་གཏད་དེ་བྱོན། སང་སླེབ་ཟེར་བར་འཆི་ལ་ཐུག་པ་ཞིག་བྱུང་། འགོང་སྟོན་ལམ་དུ་ལུས། སྤྲོ་བདེ་བཀྲ་ཤིས་སྒང་དུ་མཇལ། ཆང་ཐོད་ཕོར་གང་གནང་བ་བཏུངས་པས་རྟེན་འབྲེལ་འགྲིག དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར། རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བྱིན་གྱིས་བརླབས། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཁྲིད་དུ་བསྟན། དེ་བསྒོམས་པས་ཡུན་མི་རིང་བར་རྩ་རླུང་གི་དྲོད་རྟགས་ཤར། ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མ་དཔེ་གཉེར་མཛད་པས་ཆོས་འདི་དང་འདི་ཞུས་ཞེས་ངས་བསྟན་པས། རྗེ་བཙུན་གྱི་དབང་ལུང་མན་ངག་བུམ་པ་གང་བྱོར་ལོན་གསུངས། ལོ་གསུམ་ལས་མ་བཞུགས། ལོ་བཅུ་གཉིས་ན་རྟོགས་པ་ཐུན་མོང་མ་ཡིན་པ་ཤར་བའི་ལུང་བསྟན། ལོ་དྲུག་ཏུ་བཀའ་གདམས་ཀྱི་ཁྲོད་དུ་ཚུད། བྱ་ཆ་ཆོས་སྤྱོད་༼༢༥༩༽ལ་གཡེངས། དེས་སྔར་གྱི་ས་མཱ་དྷི་སྟོང་། ཐུགས་མ་བདེ་ནས་ད་ང་ལ་སྒོམ་གྱི་སྐལ་བ་མེད་པ་ཡིན་ནམ། དེ་ན་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་སར་འགྲོ་དགོས་སྙམ་པ་ལ། ཡང་ཐུགས་དགོངས་བཏང་བས། ངའི་བླ་མ་རྗེ་བཙུན་དེ་སངས་རྒྱས་ཡིན། ཁོང་གི་ཞལ་ནས། ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །གསུང་བ་དེ་འདི་ཡིན་འདུག ད་ནི་དམྱལ་བར་སོང་རུང་བླ་མ་དེ་རང་ལ་བལྟོས་པ་འཆའ་བ་ཡིན། ཁོ་རང་མཁྱེན་སྙམ་པའི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ནས། བློ་ཁེལ་ངེས་སུ་བཀལ་ནས་གསོལ་བ་བཏབ་པས། དར་ཅིག་ན་རྗེ་བཙུན་མདུན་དུ་ཡེར་གྱིས་བྱོན་པའི་སྣང་བ་ཤར། དེ་ནས་ལོ་དྲུག་གཉལ་སེ་བ་ལུང་དུ་བསྒོམས་པས་དྲོད་དང་ཏིང་ངེ་འཛིན་ཡང་ཀློང་དུ་ཚུད། ཕྱག་རྒྱ་ཆེན་པོའི་གནས་ལུགས་བཅོས་མིན་དུ་གཟིགས་ནས། རང་རིག་ཡེ་ཤེས་འོད་གསལ་འདི། །ཡོད་མེད་མཐའ་ལས་འདས་པ་ཞིག །སོགས་ཀྱི་མགུར་གསུངས་ནས། བོ་དྷི་ཙིཏྟའི་འཕྲེང་བ་རྡོག་པོ་ཉི་ཤུ་རྩ་གཅིག་ཡོད་པ་ཕྱག་གིས་གླང་མའི་སྡོང་པོ་དེ་ལ་བསྡམས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ང་ལུང་བསྟན་ན། ཤིང་འདི་ལས་ཤིང་ཁྱོད་སྐྱེ་བར་གྱུར་ཅིག གལ་ཏེ་མ་བསྟན་ན་མི་སྐྱེ་བར་གྱུར་ཅིག་གསུངས་པས། མོད་དེ་ལ་ཡལ་ག་དང་ཡལ་ག་ཁྲིའུ། འདབ་མ་དང་བཅས་པ་སྔོ་ཁྲུང་ངེ་སྐྱེས་པས། དེ་ཕན་དེའི་འཁྲིས་ན་གནས་གཞི་ཡོད་པའི་བཀའ་གདམས་པའི་བཙུན་པ་རྣམས་ཀྱིས་བྱ་ཆ་ཆོས་སྤྱོད་མི་ནུས་པ་ཟེར་སྡིག་གསོག་གི་ཡོད་པའི་འཕྲོ་ཆད། དད་དད་མོས་མོས་སུ་གྱུར། དེ་དུས་ཤོ་སྒོམ་བྱང་ཡེས་བྱ་བའི་བཤེས་གཉེན་དེ་ཕྱག་ཕྱིར་འབྲངས། དེར་ཐུགས་སོ་མ་གསོད་ནས་བྲོས་ཏེ་འོལ་འགར་བྱོན། དེའི་རི་ཁྲོད་དུ་ལོ་བདུན་བཞུགས། ཕྱག་རྒྱ་ཆེན་པོའི་རྟོགས་པ་སྒོམ་མེད་དུ་ན་འཕོས། དེར་ཡང་ཟང་ཟིང་གི་འདུ་ལོང་ཆེ་ནས་གཞན་ཞིག་ཏུ་གཤེགས་དགོངས། དབྱར་འོ་དེ་གུང་རྒྱལ་གྱི་གངས་ལ་བཞུགས་པའི་ཐོ་རངས་ཤིག་བཙད་པོའི་གཟུགས་དར་གྱི་ཐོད་ཆེན་པོ་བཅིངས་པ། མགུལ་དུ་གཡུ་ཆེན་པོ་བཏགས་པ་ཞིག་བྱུང་ནས། འདིར་བཞུགས་ན་ཡོན་བདག་ནི་ངས་བྱེད་པ་ཡིན་ཏེ་ད་མི་བཞུགས་ན་ངའི་བུ་དྭགས་ལྷ་སྒམ་པོ་ཅན་དུ་བཞུད་ཅིག ཁོས་ཁྱོད་ཀྱི་ཞབས་ཏོག་བྱེད་པར་འགྱུར་རོ་ཟེར། དེ་ནས་དྭགས་ལྷ་སྒམ་པོར་ཕེབས། བླ་མས་ལུང་བསྟན་པའི་༼༢༦༠༽གནས་སུ་མཁྱེན། ཐོག་མར་ཟངས་ལུང་དུ་གདན་ཕབ་འཇག་སྤྱིལ་བཟོས། ཆུའི་བཅུད་ལེན་མཛད་དགོངས་ནས་ལེན་དུ་བཏང་ཙ་ན། རས་སྒོམ་རས་པ་ན་རེ། ཆུ་ག་ནའང་མི་འདུག་ཟེར། ཁ་རྩང་བྲག་རྩར་བཏིང་བཞག་པའི་སྟན་དེ་སོལ་དང་གསུངས། བལྟས་པས་ཆུ་ཁོག་མའི་ཁ་ཙམ་ཞིག་རྡོལ་ནས་འདུག འདི་ལ་གཏིང་ཇི་ཙམ་ཡོད་སྙམ་ལག་པ་བརྐྱང་བས་གཏིང་མི་འདུག དེར་ལོ་བཅུ་གཉིས་སུ་འདག་སྦྱར་མཛད་དེ་བཞུགས་དགོས་དགོངས་ཙ་ན། བུད་མེད་ལུས་ལ་ཐལ་བ་བྱུགས་པ་ལག་ན་རྨ་བྱའི་སྒྲོ་བཟུང་བ་ཞིག་ན་རེ། བཅུ་གཉིས་འདག་སྦྱར་བྱས་པ་བས། །བཅུ་གཉིས་བསྟན་པ་སྤེལ་ན་དགའ། །ཟེར། དེ་ནས་ཞག་འགའ་ལོན་ཙ་ན་གཙང་གི་ཀློག་སྐྱ་སྟོན་པ་བྱུང་། དེ་ནས་རྒྱལ་བ་ཁྱུང་ཚང་པ། དགེ་བཤེས་གཉན་ནག གཉགས་དམར་པོ་རྣམས་རིམ་པར་བྱུང་། དེ་རྣམས་ཀྱི་ཁྲིད་ཚར་བ་ན་དབུས་གཙང་ཁམས་གསུམ་གྱི་སྣོད་དང་ལྡན་པའི་མི་རྣམས་དུས་གཅིག་ལ་འདུས་པ་ལྟ་བུར་ཚོགས། གདམ་ངག་བཏབ་པས་རིང་པོར་མ་ལོན་པར་ཉམས་མྱོང་ཁྱད་པར་ཅན་རྩ་རླུང་གི་ཡོན་ཏན་མངོན་པར་ཤེས་པ་དྲུག་ཀ་དུས་གཅིག་ཤར་བ་དཔག་ཏུ་མེད་པ་བྱུང་། དེ་ཐམས་ཅད་ཀྱང་མ་དག་པའི་དངོས་པོ་མི་འཆང་ཞིང་། སྦྱངས་པའི་ཡོན་ཏན་ལ་གནས་པ་ཤ་སྟག་སྟེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས། །མ་རུངས་དུས་ན་བདག་གིས་མདོ་འདི་གཟུང་། །ནས། དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དག །ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བ་ལ། །དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། །ཞེས་གསུངས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་མ་འོངས་པའི་དུས་མདོ་སྡེ་ཟབ་མོ་འཛིན་པ་ལ་སྨོན་ལམ་བཏབ་པ་དེ་རྣམས་སོ། །མདོ་ཏིང་ངེ་འཛིན་རྒྱལ་པོས་བརྗོད་བྱ་ལོགས་པ་ཞིག་བསྟན་པ་ལྟ་བུར་པོ་ཏོ་བ་གསུང་ཟེར་ཏེ། མདོ་འདིར་སྒྱུ་མ་ལྟ་བུ། དཔའ་བར་འགྲོ་བ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞིབ་མོར་བསྟན་པས། རྡོ་རྗེ་ཐེག་པའི་ཕྱག་རྒྱ་ཆེན་པོ་དང་མདོར་རྒྱས་ཙམ་དུ་ཟད་དོ། །སྐུའི་བཀོད་པ་དུ་མར་སྟོན་པ་ཟད་པས་ཆུ་མེ་དང་ནམ་མཁའ། གཤེགས་བཞུད་ནམ་མཁའ་ལ་མཛད་པ། ཕུག་པ་ཆེར་མ་སོང་། སྐུ་སྒམ་པོའི་རི་དང་མཉམ་པ་ཕུག་ཏུ་བཞུགས་པ། ཡེ་ཤེས་སེམས་དཔའ་དངོས་སུ་རྟེན་ལ་བསྟིམ་པ་སོགས་རྫུ་འཕྲུལ་ནི་མོའོ་འགལ་གྱི་བུ་༼༢༦༡༽ལྟ་བུ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་ཞལ་གྱིས་བཞེས་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཡེ་ཤེས་བླ་མེད་འདི་ནི་རབ་བསྒྲུབས་ནས། །ཕྱི་དུས་མོད་ལ་དེ་ནི་འཇིག་རྟེན་དུ། །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཟླ་འོད་གཞོན་ནུར་གྱུར་པ་བདག་ཉིད་ཀྱི། །ལུང་བསྟན་འདི་ཐོས་དགའ་བ་རྒྱས་གྱུར་ཏེ། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས་འཆི་བའི་དུས་བྱས་མ་ཐག་ཏུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་དེའང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག་ཅེས་གསུངས་སོ། །དུས་དེའི་ཚེ་ཁམས་པ་མི་གསུམ་གྱིས་དམ་ཚིག་གི་རྫས་ཅུང་ཟད་ཅིག་གསོལ་བས་ཉམས་འུར། དེ་དགེ་སྐོས་ཀྱིས་ཐོས་ནས་ཁོང་གསུམ་བསྐྲད་པས་སྒམ་པོའི་ལྷ་མཆོད་ཐམས་ཅད་མགོ་རྟིང་ལོག རྗེས་ཅི་ཡིན་གསུང་། རྒྱུ་མཚན་གསོལ་བས། ཁོང་ཚོ་མི་འདུག་ན་ངའང་མི་སྡོད་གསུང་དྲ་ཆུང་རྒྱབ་ཏུ་བསྣམས། སྦ་མཁར་ཕྱག་ཏུ་བཟུང་ནས་ཕེབས་པས་གླིང་གི་སྨད་དུ་ཁོང་གསུམ་དང་མཇལ། ཕ་བོང་སྟེང་མའི་ཁར་བླ་མས་བྲོ་འཁྲབས་ཏེ་ཡར་ཤོག་གསུངས། འོག་མའི་ཁར་ཁོང་གསུམ་གྱིས་བྲོ་འཁྲབས་ཏེ་ཡར་འོང་ཞུ་བས་ཕ་བོང་གཉིས་ཀ་ཞབས་ཀྱིས་འདམ་བརྫིས་པ་ལྟར་གྱུར་ཏོ། །དེར་ལོ་བཅུ་གཉིས་འགྲོ་དོན་མཛད། བདུན་ཅུ་རྩ་ལྔ་པ་ལ་གཤེགས། སློབ་མ་བསམ་གྱིས་མི་ཁྱབ་པ་ལས་མཆོག་གྱུར་དངོས་ཀྱི་གདན་ས་སྒོམ་ཚུལ། སྲས་ཀྱི་ཐུ་བོ་ཁམས་པ་མི་གསུམ། འབའ་རོམ་པ་ལ་སོགས་སྒམ་པོའི་གྲུབ་ཐོབ་བཅོ་བརྒྱད་དུ་གྲགས་པ་རྣམས་སོ། །མར་མི་ལ་གདན་སའི་ཀ་དཔེ་མ་མེད། སྒོམ་པ་ཆེན་པོ་རྗེ་ཟླ་འོད་གཞོན་ནུ་རང་གི་གདན་སར་མངའ་གསོལ་བ་ཡིན། དེའང་རྗེ་སྒམ་པོ་པའི་གཅེན་པོ་རྒྱ་པ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ལ་སྒོམ་པ་སྐུ་མཆེད་གསུམ་འཁྲུངས་པའི་བར་པས་མི་ཆོས་གཟུང་། བགྲེས་པ་ཚུལ་ཁྲིམས་སྙིང་པོ། ཆུང་བ་ཤེས་རབ་བྱང་ཆུབ། ༼༢༦༢༽དང་པོ་དགུང་ལོ་བཅུ་བདུན་པ་ལ། དགེ་བཤེས་མངའ་རིས་པ་ལ་རབ་ཏུ་བྱུང་། ལོ་ཉི་ཤུ་པ་ལ་ཤ་བ་པ་གླིང་དུ་བསྙེན་པར་རྫོགས། རྗེས་གདམ་ངག་ཐམས་ཅད་གནང་། ལམ་ཕུག་དང་ཤ་འུག་སྟག་སྒོ་སོགས་སུ་བསྒྲུབ་པ་མཛད། དགུང་ལོ་སོ་ལྔ་པ་ལ་གདན་སར་དབང་བསྐུར། དེའི་དུས་ད་ང་རྒས་པས་ཁྱེད་རང་རྣམས་ཚུལ་ཁྲིམས་སྙིང་པོ་ལ་བཏུད་ཅིག་གསུང་། དཔལ་ཁམས་པ་ཆེན་པོས་ཀྱང་བླ་མ་གཉིས་པར་བཀུར་ན་གཞན་རྣམས་ལྟ་ཅི། སྒམ་པོའི་ནང་རྟེན་མཆོད་ཁང་གྲུབ་ནས། སྟོད་ལུང་དུ་གནས་བརྟན་ཤེས་རབ་གྲགས་ཀྱིས་སྤྱན་དྲངས། འཚུར་ལྷ་ལུང་གི་དགོན་པ་བཏབ། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་ཚད་ཆེ་བ་འདུས། ལྷ་སར་ཕེབས་པའི་ཚེ། ལྷ་ས་སྡེ་འཁྲུག་གི་སྐྱོན་གྱིས་རེ་སྲུལ་དུ་སོང་འདུག་པ་གསོ་བར་མི་ནུས་སམ་སྙམ་པ་བྱུང་བའི་ཚེ། མནལ་ལམ་དུ་རྗེ་སྒམ་པོ་པས་ཁྱེད་ཀྱིས་ང་འཇོག་ཕོད་དམ་གསུངས་པ་བྱུང་། ཇོ་བོ་ཤཱཀྱའི་སྐུ་ཡིས་དངོས་སུ་སྤྱན་ཆབ་ཕྱུང་བས། དེ་ཉིད་དུ་བཞུགས་ནས་ཞིག་གསོས་མཛད། གསེར་སྟོན་ལ་སོགས་པའི་སྲོལ་བཙུགས། འདིས་སྒམ་པོ་པ་ལུང་བསྟན་དུ། དེ་ངའི་སྐུ་གདུང་གི་མཆོད་རྟེན་ཞིག་ཅིང་རལ་བ་མཐོང་ནས་གསེར་གྱིས་བརྒྱན་པར་བྱེད་ཅིང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་དང་། དྲིལ་བུ་གཡེར་ཁའི་དྲ་བ་གཡོག་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མཆོད་རྟེན་གྱི་ཁང་པ་དང་། མཆོད་རྟེན་རྣམས་སེངྒེའི་རྒྱལ་མཚན་གྱིས་བརྒྱན་ཏེ། ལྷ་དང་མི་རྣམས་དགའ་བ་སྐྱེ་ཞིང་། དེ་ཡོངས་སུ་སྐྱོང་བ་དང་། ངའི་བསྟན་པ་ཡོངས་སུ་བསྐྱང་བ་དང་། སེམས་མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བ་དང་། སྐྱེ་བོ་མང་པོའི་དགེ་བའི་རྩ་བ་ཚོགས་བསགས་པའི་ཕྱིར་ལོ་ལྔ་པ་བྱེད་དུ་འཇུག་པར་འགྱུར་རོ་ཞེས་བསྟན་པ་འདི་ཡིན་ཟེར་རོ། །ཕྱག་སོར་བ་དང་གཙང་ནག་པ་སོགས་ཀྱིས་ཞབས་ལ་བཏུད། ལྔ་བཅུ་རྩ་བཞི་པ་ལ་གཤེགས། གདན་ས་གཅུང་སྒོམ་ཆུང་གིས་ལོ་གཉིས་བཟུང་ཞེ་བཞི་པ་ལ་གཤེགས། དེའི་གདན་ས་ཁུ་དབོན་གསུམ་ཀའི་སྲས་དྭགས་པོ་འདུལ་འཛིན་གྱིས་བསྐྱངས་ཏེ། དེ་ནི་ཤ་མི་འདུལ་འཛིན་གྱི་སློབ་མ་ལ་འདུལ་བ་ལ་མཁས་པ་ཆེན་པོ་སྡེ་སྣོད་གཞན་གཉིས་ཀྱང་ལེགས་པར་ཐུགས་སུ་ཆུད་པ་འདིས་མཆོད་ཁང་ཆེན་མོ་བཏབ། བར་དུ་འབྲི་གུང་གླིང་པས་གདན་ས་ཡུད་ཅིག་དང་། འབྲུག་པ་རྒྱལ་དབང་རྗེས་ལོ་དྲུག གཞན་སྤྱན་སྔ་སྒོམ་པ་ཉིད་ཀྱི་༼༢༦༣༽དབོན་རིམ་པར་བྱོན་པ། དཀར་བརྒྱུད་ཀུན་གྱི་གཙུག་རྒྱན་སྒམ་པོ་པ་ཞེས་གྲགས་སོ། །རྗེ་ཟླ་འོད་གཞོན་ནུས་ཟངས་ལུང་ནས་ལུང་བསྟན། སྐྱེ་བོ་ཡེ་ཤེས་རྡོ་རྗེས་གནས་ཀྱི་སྒོ་ཕྱེ་བ་ནས། དིང་སང་གི་བར་དུ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་མྱུ་གུ་སྐྱེ་བའི་ཞིང་། ཇི་ཙམ་དུ་ཉུང་བའི་དུས་ནའང་སྒོམ་ཆེན་སྟོང་ཕྲག་ཙམ་འཁོར་མོར་ཚོགས་པས་སྒྲུབ་བརྒྱུད་ཀྱི་སྲོག་ཤིང་ཚུགས་པའི་ཕྱིར། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཙ་རི་བ་ཞེས་བྱའོ། །རྗེ་ཚུལ་ཁྲིམས་སྙིང་པོའི་སློབ་མའི་ཐུ་བོ་འགྲོ་བའི་མགོན་པོ་གཡུ་བྲག་པ་ཡིན་ཏེ། ཡུལ་ལྷ་སའི་ཚ་བ་གྲུ། སྔགས་རིགས་སུ་འཁྲུངས། ཆོས་ཀྱི་བག་ཆགས་བཟང་། བྱེའུ་སྟོན་པ་ལ་སྡུད་པ། གཤེན་ལ་མཚན་བརྗོད། རྔོག་ལ་མདོ་སྡེ་དགྱེས་རྡོར། གུར་མ་ཡཱ། གསང་ལྡན། སམ་བུ་ལོ་ཙཱ་ལ་མངོན་པ་དང་ཚད་མ་བསླབས། བཅོ་བརྒྱད་པ་ལ་ཕ་ཚན་གྱི་བརྙས་པ་བྱུང་བས་མཐུ་ལོ་གསུམ་བསྒྲུབས་ནས་ཚར་བཅད། ཁམས་སུ་བྱོན། ཉི་ཤུ་རྩ་བཞི་ལ་མནལ་ལམ་དུ་རྣ་ནས་རྣ་ཁྲག་མང་པོ་འཛག་པའི་མཐར་སྦྲུལ་འདྲ་བའི་སེམས་ཅན་རིང་མོ་ཞིག་ཐོན་ནས་ནུབ་ཕྱོགས་སུ་རྒྱང་རིང་པོར་སོང་། དེར་ཁྱོད་དང་ཡུན་རིང་འགྲོགས་ཏེ་ད་ནི་མི་ཕྲད་སྙམ་པ་བྱུང་། གསེར་གཡུ་འདོར། འཁོར་བ་ལས་ཡིད་བྱུང་ནས་མཐུ་མཛད་འཕྲོའི་བཅའ་གཞི་བཤིག་པས་སློབ་མ་ཞིག་ཡོད་པས་སློབ་དཔོན་དེ་འདྲ་མ་བྱེད་ཟེར་དུ་བྱུང་། ཉེར་དྲུག་པ་ལ་དཀོན་མཆོག་བརྩེགས་པ་གཟིགས་པས་དད་པ་ཆེན་པོ་འཁྲུངས། མཁན་པོ་དགེ་བའི་བཤེས་གཉེན་མཁར་སྒོ་བ་དང་། སློབ་དཔོན་གྲབ་མཁར་བ། གསང་སྟོན་གཟུང་ལྗང་མདོ་བ་རྣམས་ཀྱིས་བྱས་ཏེ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་གྲགས་པར་གསོལ། ལོ་གཅིག་ཅོག་པུ་དང་སྟན་གཅིག་མཛད། དཔལ་རྒ་ལོ་སོག་ཏུ་ཕེབས་པ་མཇལ་ཏེ་རིམ་པས་གདམ་ངག་གསན། རྒྱ་གར་གྱི་མཁས་པ་བཻ་རོ་ཙ་ན་དང་མཇལ། རང་ཡུལ་དུ་ལོག་བསྒོམས་པས་ཐིག་ལེའི་གེགས་བྱུང་། རྒ་ལོ་ཐག་རིང་། ཡེར་པ་བ་ལ་གཏུགས། ལོ་གསུམ་སོང་བ་དང་རྒ་ལོ་མཇལ་གདམ་ངག་ལྷག་མ་ཞུས། དགུང་ལོ་སོ་གསུམ་པ་ལ། སློབ་དཔོན་སྒོམ་པ་ལྷ་སར་ཞིག་གསོས་མཛད་པའི་ཚེ་མཇལ། ལྷན་ཅིག་སྐྱེས་སྦྱོར་གནང་ནས་བསྒོམས་པས་སྔར་གྱི་སྒོམ་ཐམས་ཅད་ཤེས་པ་ཁ་ཕྱིར་བལྟས་སུ་འདུག ད་ནི་སྒོམ་མཁན་རང་གཏན་ལ་འབེབས་པར་འདུག་སྙམ་དགའ། རྟོགས་པའི་ས་མཚམས་མ་ཕྱེད་པ་ལ་བན་ད་བུན་དར་སོང་། ༼༢༦༤༽སློབ་དཔོན་ལ་ཞུས་པས་གསོལ་བ་དྲག་ཏུ་ཐོབ། ངེད་ཀྱི་འདི་བྱིན་རླབས་ལ་བརྟེན་པ་ཡིན། དེ་རང་ཕྱག་རྒྱ་ཆེན་པོར་བྱ་དགོས་གསུངས་ནས་གདམ་ངག་ཞིག་གནང་སྟེ་བསྒོམས་པས། སེམས་མ་བཅོས་པ་ནམ་མཁའ་ལྟ་བུའི་ངང་ནས་ཤེས་རབ་ཀྱི་མེ་མཆེད་ཀྱིན་འདུག དེ་ཙུག་ཡིན་སྙམ་རོང་རོང་བྱུང་ཞུས་པས། བརྟག་དཔྱད་མ་མཛད་བརྟགས་དཔྱད་ཀྱིས་སྒྲིབ་པ་ཡིན་གསུང་། ཡང་བསྒོམས་པས་སྔར་བཞིན་ཤེས་རབ་རོང་རོང་བྱུང་བ་དེ་བརྟག་དཔྱད་དུ་འདུག་པས་དེའི་རྗེས་སུ་མ་འབྲངས་པར་གློད་ཀྱིན་བཞག་པས་རྟོགས་པ་ལྷག་གིས་ཤར། སྔར་གྱི་རྟོགས་པ་ཐམས་ཅད་དང་མི་འདྲ་བ་ཞིག་གཏིང་ནས་བྱུང་། དེ་ཞུས་པས། འོ་དེ་ཙུག་འོང་ཡུ་བུ་ལ་དཀར་བརྒྱུད་ཀྱི་བྱིན་རླབས་དེ་ཙུག་ཡོང་བ་ཡིན། ད་འུར་གྱིས་སོང་བ་ཡིན་གསུང་། ང་རང་ཡིད་ཆེས་པས་མོས་གུས་ཀྱང་སྔར་དང་མི་འདྲ་བ་ཞིག་བྱུང་། དེ་ནས་སྔར་རླུང་རྩོལ་བྱེད་བྱེད་པ་དེ་གོམས་པའི་ཤུགས་ཀྱིས་སེམས་མ་བཅོས་པར་འཇོག་པ་འདི་ལ་རླུང་རྩོལ་མ་བྱས་ན་མ་བདེ་བ་བྱུང་ནས་ཞུས་པས། དེ་ལེགས་ཀྱི་གསུང་རླུང་སྐྱེ་མེད་ཀྱི་གདམས་པ་གནང་། དེ་ཡེར་པ་པའི་རླུང་འོད་གསལ་དུ་གཞུག་པའི་ཐོག་ཏུ་སིང་གིས་སོང་ནས་རླུང་དང་ཕྱག་རྒྱ་ཆེན་པོ་གཅིག་ཏུ་འདྲེས། དེ་ནས་ཟླ་བ་ཕྱེད་ལོན་ཙ་ན་རྟོགས་པ་ནི་མ་འགྱུར། སྔར་གྱི་རྟོགས་པ་དང་འདྲ་བའི་ཉམས་མྱོང་རྣམས་མི་འདུག་ནས། ལམ་རྟོགས་པའང་འགྲིབ་པ་འམ་སྙམ་པ་བྱུང་ནས་ཞུས་པས། རྟོགས་པ་ཤིང་འདྲ། ཉམས་མྱོང་སྤྲེའུ་འདྲ་བ་ཡིན་པས་ཅང་མི་ལྟོ་ཡི་གསུང་། ཐབས་ལམ་མ་བཅུན་པའི་ཕྱག་རྒྱ་ཆེན་པོ་བསྐྱང་བ་དེ་རྟོགས་པ་མཐོ་མཐོ་བྱས་ཀྱང་ཉམས་མྱོང་གི་རྩལ་མེད་པར་ས་གཅིག་པུར་རྡུགས་ནས་སྡོད་པར་འདུག་ནས། འབྲོང་བུ་ལྐུག་པར་གཅིག་པུར་བཞུགས་ཏེ་ཐབས་ལམ་སྐྱེ་མེད་བསྒོམས་ཏེ་ཉམས་མྱོང་འུར་གྱིས་འཕེལ། རྟོགས་པ་དང་ཉམས་མྱོང་འདྲེས། དེ་ནས་བླ་མ་འོལ་དགའ་བ་དང་མཇལ་ནས་བྱང་ཆུབ་སེམས་ལ་བོགས་ཐོན། དེ་དུས་ལོངས་སྤྱོད་དེ་ཙམ་མེད། རྒོད་མ་དཀར་མོ་ཞིག་ཡོད་པ་ཉེ་གནས་ལ་བསྐྱོན་ཏེ་གཙུག་ལག་ཁང་གི་ས་དྲོས་གསུངས་པས། ཁོའི་ཡིད་ལ་ཅིའང་མེད་པར་འདི་ཙམ་པའི་བློ་རྒྱ་བྱེད་པ་བསམ་ནས་མས་འཁོར་ཚད་ཅིག་བསྐོར་ཏེ་མཐོ་བཏབ་པས་རྟེན་འབྲེལ་འགྲིག གུང་ཐང་གཙུག་ལག་ཁང་དབུ་རྩེ་གློ་འབུར་ཁྱམས་ར་ལྷ་ཆེན་དཔལ་འབར་ལ་སོགས་པའི་རྟེན་གསུམ་བཞེངས། དེ་ནས་ཚལ་༼༢༦༥༽བཏབ། གཞན་ཕན་རླབས་ཆེན་གྱི་སྤྱོད་པ་འཁྲུག་པ་མང་པོ་མཛད། གནས་བདུན་དུ་སྐུ་འགྱུར་བ་བདུན་བསྟན་ནས་མཚན་བདུན་ཐོགས་ཏེ། སྐལ་ལྡན་རྣམས་བྱང་ཆུབ་ཀྱི་མྱུར་ལམ་ལ་བཀོད། ཆོས་སྐྱོང་བྱ་རོག་མ་ཅི་བསྒོ་བསྒྲུབ་པ་ཡིན་ཞེས་གྲགས། སྐུ་འབུམ་བཞེངས། དགུང་ལོ་དོན་གཅིག་བཞེས་པ་ལ་གཤེགས། དེའི་དངོས་ཀྱི་གདན་ས་མཉམ་མེད་ཤཱཀྱའི་ཡེ་ཤེས་ཀྱིས་མཛད། གཞན་ནམ་མཁའ་འོད། ཉི་མ་འོད། འདུལ་བ་འོད། ཤཱཀྱ་འོད་བཞི་སློབ་མའི་མཆོག་ཏུ་གྲགས་པའི་ནམ་མཁའ་འོད་ཀྱིས་ལྷ་རི་ཁ་དང་། ཀོང་པོའི་ལྷ་རི་གྱང་ཐོ། འབྲོག་ཡང་སྟེང་། ཉི་མ་འོད་ཀྱིས་ཕྱུག་ཁ། འདུལ་བ་འོད་ཀྱིས་ཁ་རག་ཏུ་ཀླུ་བཏུལ་དགོན་པ་བཏབ། དེའི་དབོན་པོའི་རིང་ལ་བན་ཁྲི་ཙམ་ཚོགས་ཟེར། ཤཱཀྱ་འོད་ཀྱིས་བྱང་དུ་དགོན་པ་བཏབ་བོ། །གཞན་མར་པ་འོད་ལ་སོགས་པ་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་བུ་རིམ་པར་བྱོན་པས་ཚལ་པ་དཀར་བརྒྱུད་ཅེས་ལུགས་ཀྱིས་འོད་ཁྱབ་པར་བྱུང་ངོ་། །ཁམས་པ་མི་གསུམ་གྱི་གསལ་སྟོང་ཤྭ་རེ་པ་ལ་འཕྲིན་ལས་ཆེར་མ་བྱུང་ཞེས་གྲགས་ལ། དབུ་སེ་ནི། མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར། ཡབ་རྡོ་རྗེ་མགོན་གྱི་སྲས་སུ་འཁྲུངས་ཡབ་ལ་གྲུབ་སྐོར་ཕྲན་དང་། རྒྱ་གར་གྱི་བླ་མ་བཻ་རོ་ཙ་ན་མཇལ། བཅུ་དྲུག་བཞེས་ཚེ་ཏྲེ་བོ་མཆོག་གི་བླ་མ་ལ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པར་གསོལ། ཇོ་བོའི་སློབ་མ་ཡོལ་ཆོས་དབང་བྱོན་པ་མཇལ། བཅུ་དགུ་པ་ལ་དབུས་སུ་བྱོན། ཉི་ཤུ་པ་ལ་སྟོད་ལུང་རྒྱ་དམར་བ་དང་། དེའི་སློབ་མ་ཕྱྭ་བ་ཆོས་ཀྱི་སེངྒེ་ལ་མཚན་ཉིད། ཤ་ར་བ་དཔོན་སློབ་ལོ་དྲུག་བསྟེན་བཀའ་གདམས། པ་ཚབ་ལ་དབུ་མ། མལ་འདུལ་འཛིན་གྱི་མཁན་པོ་བྱས། ཡེ་ཤེས་བློ་གྲོས་ཀྱིས་སློབ་དཔོན། མལ་གྱི་གཅུང་པོས་གསང་སྟོན་བྱས་ཏེ་བསྙེན་པར་རྫོགས་འདུལ་བ་ཉན། རྒ་ལོ་ཙཱ་བ་དང་ཨ་སེང་གཉིས་རྒྱལ་ན་བཞུགས་པ་ལ་སྦྱོར་དྲུག་དང་མགོན་པོ་བྱ་རོག་མ་གསན། སུམ་ཅུ་པ་ལ་སྒམ་པོར་བྱོན། ཆོས་རྗེ་ཁུ་དབོན་མཇལ། ཐོག་མར་ལམ་རིམ་བསྐྱངས། དེ་ནས་དབང་ཞུས་ཐབས་ལམ་གྱི་གདམ་ངག་གནང་ནས་བསྒོམས་པས། སྒོམ་ཆེན་བརྒྱད་བརྒྱའི་ནང་ནས་སྒོམ་སྲན་ཆེ་བར་གྲགས། ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ། ལོ་རེར་རས་ཆུང་པ་མཇལ་ཆོས་དྲུག་དང་ཐུན་འཇོག་སོགས་འགའ་རེ་གསན། གཞན་སྡེན་ཕུག་པ། མེས་ཚོན་པོའི་སློབ་མ་རྐྱང་མོ་སྤང་ཁ་བ། གཤེན་རྡོ་རྗེ་སེངྒེ། ༼༢༦༦༽དར་ཡུལ་བ་སོགས་མང་དུ་བསྟེན། སྒམ་པོ་པས་ལུང་བསྟན་ནས། འོལ་དགའི་བྲག་གུ་རི་བོ་ཆེའི་བྲག་ཕུག་ཅིག་ཏུ་བཞུགས་པས། བུད་མེད་ཅིག་ན་རེ། ངའི་མ་ཇོ་འོང་ངོ་ཁྱོད་མ་བཞུགས་ཟེར་བས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་བསྣུན་ཟླ་བ་བཅུ་བཞིར་བཞུགས་པས་དྲོད་ཀློང་དུ་ཚུད། རྟགས་ངོ་མཚར་ངེས་ཤེས་ཁྱད་པར་ཅན་སྐྱེས། དེ་ནས་ཆོས་རྗེ་ཇ་ལྐོག་ན་བཞུགས་དུས་རྟོགས་པ་ཕུལ་བས་ཁྱོད་ཀྱི་དོན་དེ་ནོར་འདུག ང་ཁྱོད་ལ་རེ་ཆེ་བ་ཡིན་པས། ད་དུང་སྒོམས་གསུངས། ཟླ་བ་དྲུག་བསྒོམས་པས་སྔར་གྱི་དེ་ལས་མ་འགྱུར། ཡང་ཞུས་པས་ཕྱག་སྤྱི་བོར་བཞག བུ་འཁོར་བ་དང་འབྲེལ་ཐག་ཆོད་པ་ཡིན་ནོ་གསུངས། དེ་ནས་མོན་རྒྱལ་པོས་སྦྱིན་བདག་བྱས་ཤ་འུག་སྟག་སྒོར་བྱོན། འཁོར་འདས་དབྱེར་མེད་དུ་སོང་། དེ་ནས་གནས་ངེས་མེད་དུ་བྱོན་གྱིན་བསྒྲུབ་པ་མཛད། ལྔ་བཅུ་པ་ལ་ཁམས་སུ་བྱོན་ནས་ཀམ་པོ་གནས་ནང་དུ་བཞུགས། དེ་ནས་ཏྲེ་བོར་བྱོན་དགེ་འདུན་སྟོང་ཙམ་འདུས། དེ་ནས་སྒོམ་ཚུལ་གྱི་ཞལ་ནས། ཁྱོད་ཁམས་སུ་སྐྱིད་སྡུག་ཅི་བྱུང་ཡང་ཡར་ཤོག་གསུང་བའི་བཀའ་སྒྲུབ་པ་དང་། གཞུང་འཚུར་གྱི་བར་འདིར་དགོན་པ་འདེབས་པ་དང་། དྭགས་ལྷ་སྒམ་པོར་གསེར་གྱི་གླེགས་བམ་བརྒྱ་འབུལ་བ་དང་། བླ་མ་ཞང་གི་འཁྲུག་པ་ལ་མི་རྣམས་མི་དགའ་བར་འདུག་པས། ཁོང་ལ་འཁྲུག་པ་མི་མཛད་པའི་ཞུ་བ་འབུལ་བ་རྣམས་ལ་བྱོན། ཞང་ལ་ཞུ་བ་ཕུལ་བས་དེ་ནས་འཁྲུག་པ་མ་མཛད། འཚུར་ཕུར་དགོན་པ་བཏབ། བརྒྱད་ཅུ་རྩ་བཞི་བཞེས་པ་ལ་གཤེགས། དེའི་སློབ་མ་སངས་རྒྱས་རས་ཆེན་ལོ་དགུ་བཞེས་པའི་ཚེ། ཟངས་རི་རས་པའི་རྩར་བྱོན། རས་ཆུང་པའི་གདམ་ངག་གསན། བདེ་གསལ་མི་རྟོག་པའི་ཉམས་ཁོར་ཡུག་ཏུ་ཤར། ན་བཟའ་རས་རྐྱང་དུ་མཛད་པས་རས་ཆེན་དུ་གྲགས། ལོ་བཅོ་ལྔ་པ་ལ་བླ་མ་གཤེགས། དེ་ནས་ཕག་གྲུ་སོགས་དང་། ལྷག་པར་སྒམ་པོ་གནས་ནང་དུ་བྱོན་ནས་དུས་གསུམ་མཁྱེན་པ་བསྟེན། གདམ་ངག་རྫོགས་པར་གསན། དེའི་སློབ་མ་སྤོམ་བྲག་པ་ཡིན་ཏེ། འབྲི་རྒྱལ་དམ་པ་ཆོས་འཕྱུག་བྱ་བར་འཁྲུངས། བཅུ་བཞི་བཞེས་པ་ལ་རས་ཆེན་པའི་སྙན་པ་གསན་ནས་འབོབ་པ་སྐར་སྒང་དུ་སངས་རྒྱས་རས་ཆེན་མཇལ། ཕྱག་ན་རྡོ་རྗེ་དངོས་ཡིན་པའི་སྣང་བ་ཤར། གདམ་ངག་རྫོགས། སྤེལ་སྒོ་དགོན་པར་ལོ་བཅུ་དྲུག་ཏུ་བསྒྲུབ་པ་མཛད་དག་པའི་སྣང་བ་ཤར། སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ། དེ་ནས་ཁྲ་ཤོད་༼༢༦༧༽སྦོམ་བྲག་ཏུ་དགོན་པ་བཏབ། སྨར་ཁམས་སུ་གཤེགས། དེའི་སློབ་མ་རིན་པོ་ཆེ་ཀརྨ་པ་སྟེ། འབྲི་ལུང་དམ་པ་ཆོས་ཕྱུག་ཏུ་རྩད་པོ་ཨུའི་རིགས། ཡབ་རྒྱ་དབང་ཚུར་ཚ་སྲང་དར་གྱི་སྲས་སུ་འཁྲུངས། མཚན་ཆོས་འཛིན་དུ་བཏགས། ལོ་དགུ་དང་བཅུ་པ་ལ་གསུང་རབ་མང་པོ་ཀློག་པ་ཙམ་གྱིས་ཐུགས་སུ་ཆུད། སེམས་ཉིད་གཤིས་འགྱུར་བ་མེད་པར་རང་བཞིན་དུ་གནས། ངོ་ཅུང་ཟད་མ་མཁྱེན་པ་རིན་པོ་ཆེ་སྤོམ་བྲག་པས་ངོ་སྤྲད། དེ་ནས་གདམ་ངག་གནང་བའི་དབུ་ཚུགས། དེ་ནས་ཀ་ཐོག་པ་བྱམས་འབུམ་དང་། ལྕང་མང་ཕུ་པ་ལ་བསྙེན་པར་རྫོགས། མཚན་ཆོས་ཀྱི་བླ་མར་གསོལ། ལོ་བཅུ་བར་མེད་པར་ཉམས་ལེན་བསྐྱངས་པས་མཐར་ཕྱིན། ཁམས་སུ་གྲྭ་པ་ལྔ་བརྒྱ་ཙམ་འདུས། ལྗང་ཡུལ་གྱི་བར་དུ་དྲག་པོའི་ལས་ཀྱི་ནུས་པ་བསྟན་ནས་ལམ་རྒྱ་བཙུགས། འཚུར་ཕུར་ལོ་དྲུག་བཞུགས་གངས་དཀར་མ་དང་ཐང་ལྷ་སོགས་ལྷ་ཆེན་ཐམས་ཅད་བྲན་དུ་བཀོལ། སྙན་པའི་གྲགས་པ་ཐོན། ཧོར་རྒྱལ་པོས་གསེར་ཡིག་པ་བཏང་ནས་གདན་འདྲེན་དུ་བྱུང་། རྒྱ་ཡུལ་དུ་བྱོན། ལམ་དུ་སེམས་ཅན་མང་པོའི་དོན་མཛད། རྒྱ་ཡུལ་དུ་ཆུ་ལ་བསྐྱུར་བ་སོགས་མང་པོ་བྱུང་བ་རྣམས་ཟིལ་གྱིས་མནན། ཀརྨ་པའི་སྙན་པ་ཇེ་ཆེ་ལ་སོང་། ཁྱད་པར་མཁར་ཞིག་ཏུ་བཅུག ཁྲོ་ཆུས་སྒོ་བསྡམས་ནས་གསོལ་ཟས་མེད་པར་བཞག་ཀྱང་ཉམ་ང་བ་མེད་པའི་ཆོ་འཕྲུལ་བསྟན་པས། གོ་པོ་ལས་ཀྱང་ཞབས་ལ་གཏུགས། བོད་ཡུལ་ལ་སོགས་གར་བདེ་བར་ཆོས་སྤྱོད་ཅིང་ངེད་ལ་སྨོན་ལམ་བཟང་པོ་ཐོབ་ཟེར་ནས་འཇའ་ས་བཟང་པོ་བསྒྲགས། ཅོང་ཏོ་མཁར་ནས་འཚུར་ཕུའི་བར་ཕེབས་ལམ་ལ་ལོ་བརྒྱད་སོང་། མཚུར་ཕུར་ཕེབས་ནས་ལྷ་ཆེན་གྱིས་ཐོག་དྲངས་རྟེན་གསུམ་མང་དུ་བཞེངས། འདིའི་དབོན་བརྒྱུད་ཀྱིས་བསྟན་པ་འཛིན་པ་ཞིག་འོང་རྒྱུ་དངོས་དེ་སྙེ་མོ་གྱ་པའི་རུ་བ་དང་ཐུག་པའི་འཐབ་གྲལ་དུ་གཤེགས། དེས་གྲུབ་ཆེན་རང་མི་གཤེགས་གོང་དུ་གྲུབ་ཐོབ་ཨུ་རྒྱན་པ་རྒྱ་ནག་ཏུ་འབྱོན་པའི་ལམ་དབུས་བརྒྱུད་རྩིས་ལ། པག་ཤིས་ཆོས་སྐྱོང་རྣམས་ལ་ཨུ་རྒྱན་པ་འདིར་གདན་དྲོངས་གསུང་། ཨུ་རྒྱན་པས་ཀྱང་མཁྱེན་ནས་འཚུར་ཕུར་ཕྱོགས་བྱོན། དེར་ཀརྨ་པའི་གསུང་ནས། གྱ་བ་བྱང་པས་གྱུ་བ་བྱས། །ཞྭ་ནག་པོ་ཅན་གྱི་བརྒྱུད་པ་བཅད། །འོན་ཀྱང་ཉི་མ་ལ་སྟོད་ཀྱི་ཕྱོགས་ནས་ཞྭ་ནག་པོའི་བརྒྱུད་པ་འཛིན་པ་ཞིག་འོང་། དེའི་བར་དུ་ངེད་ཀྱི་རྒྱལ་ཚབ་ཁྱོད་ཀྱིས་བྱེད་དགོས་གསུང་། ཞྭ་ནག་གསེར་མདོངས་དབུ་ནས་ཕུད་དེ་གྲུབ་ཐོབ་པ་ལ་བསྐྱོན། ལྡེ་མིག་ཀ་ཏོ་ར་གང་དབུ་༼༢༦༨༽ཐོག་ཏུ་བཞག་སྟེ། རྒྱལ་བ་རྒྱ་མཚོའི་དབང་ཡིན་གསུངས་བསྐུར། གྲུབ་ཐོབ་པས་ཀྱང་ཞལ་གྱིས་བཞེས། སྐུ་གསུམ་ངོ་སྤྲོད་ཅིག་གསན། དེར་ཞག་གསུམ་ལས་མ་བཞུགས། ཕྱིས་མཇལ་བ་མེད་དོ། །དེ་ནས་ཀརྨ་པ་རིང་པོར་མ་ལོན་པར་གཤེགས་སོ། །དེའང་དབོན་བརྒྱུད་ཀྱིས་བསྟན་པ་ཟིན་པ་མེད་ནས་སྤྲུལ་པའི་སྐུ་རིམ་པར་བྱོན་པ་འདི་བྱུང་བ་ཡིན་ཞེས་གྲག་གོ །དེའི་སྤྲུལ་པའི་སྐུ་རང་བྱུང་རྡོ་རྗེ་ནི། འཁྲུངས་ཡུལ་མི་ལའི་ཡུལ་རྩ་ཕུའི་གངས་ཞུར་མོའི་འགྲམ་དུ་ཞི་བྱེད་པ་ཞིག་གི་སྲས་སུ་འཁྲུངས། ལོ་ལྔ་ལོན་པ་ན་གྲུབ་ཆེན་ཨུ་རྒྱན་པ་མཇལ། གྲུབ་ཆེན་པའི་གསུང་ནས་སང་ངའི་བླ་མ་ཀརྨ་པ་འབྱོན་པ་ཡོད་གསུངས་ནས་སྟན་མཐོན་པོ་བཤམས། དེར་གྲུབ་ཆེན་པའི་དྲུང་དུ་ཕྱིན་པ་ན་སྟན་དེ་ལ་འཛེམ་པ་མེད་པར་འཛེགས་ཏེ་བཞུགས། གྲུབ་ཆེན་པས་བྱིས་པ་ཁྱོད་ངའི་བླ་མའི་གདན་ལ་སྡོད་པ་ཅི་ཡིན་གསུངས་པས། བླ་མ་དེ་ང་ཡིན་ཏེ། ད་ཁྱོད་ལ་རེ་དགོས་པར་འདུག་ཟེར་ནས་ཞོལ་གྱིས་བབས། ཨུ་རྒྱན་པ་ལ་ཕྱག་མཛད། དེར་དབུ་སྐྲ་བཅད་རང་བྱུང་རྡོ་རྗེར་གསོལ། དགེ་བསྙེན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། དབང་མན་ངག་རིམ་པར་གནང་། དགུང་ལོ་བདུན་པ་ལ་ཀུན་ལྡན་ཤེས་རབ་ལ་དགེ་ཚུལ་བསྒྲུབས། དེ་ནས་འཚུར་ཕུར་པག་ཤིའི་སློབ་མ་གཉན་རས་ལ་ཆོས་གསན། གཞན་གནམ་མཚོ་བ། གསང་ཕུ་གླིང་སྨད་པ་ཤཱཀྱ་གཞོན་ནུ། སྙེ་མདོ་པ་ཀུན་དགའ་དོན་གྲུབ་སོགས་བསྟེན། མདོ་སྔགས་ཀུན་ལ་མཁས་པར་སྦྱངས། དགུང་ལོ་བཅོ་བརྒྱད་པ་ལ་མཁན་པོ་གཞོན་ནུ་བྱང་ཆུབ་དང་། སློབ་དཔོན་དགེ་འདུན་རིན་ཆེན་པས་བྱས་ཏེ་བསྙེན་པར་རྫོགས། ཧོར་རྒྱལ་པོའི་སྤྱན་འདྲེན་བྱུང་ནས་ཐེགས། སྔ་མ་ལ་ཕྱིར་ཕེབས། ཕྱི་མ་རྒྱ་ཡུལ་རང་དུ་གཤེགས། ཆོས་རྗེ་ཉིད་ཟླ་བའི་དཀྱིལ་འཁོར་ནང་དུ་བཞུགས་པ་བསྟན་པས་རྒྱལ་པོ་འཁོར་བཅས་ཤིན་ཏུ་དད། དེ་ནས་ཞྭ་ནག་པོ་ཅན་དང་། རྟོགས་ལྡན་གྲགས་པ་སེངྒེ་ལ་ཞྭ་དམར་པོ་གནང་བས་ཞྭ་དམར་བ་བྱུང་། དེའི་སྤྲུལ་སྐུ་མཁའ་སྤྱོད་དབང་པོ། དེ་ནས་ཞྭ་དམར་ནག་གི་སྤྲུལ་པའི་སྐུ་གཉིས་སུ་གྱེས་ཏེ། དང་པོ་ནི་མ་བྱོན་པའི་སངས་རྒྱས་སེངྒེ། སློབ་དཔོན་པདྨས་རྒྱལ་བ་མཆོག་དབྱངས་ཡིན་པ་དང་། ལྷག་པར་སྤྲུལ་པའི་ན་རིམ་བཅུ་གཅིག་མཚན་གསོལ་ཏེ་ལུང་བསྟན། དེ་དག་ལས་རོལ་པའི་རྡོ་རྗེ། ཧོར་རྒྱལ་པོ་ཐེ་མུར་གན་དང་། དེའི་སྤྲུལ་པའི་སྐུ་གོང་མ་ཡེ་དབང་གིས་སྤྱན་དྲངས་ཏེ་རྒྱ་ཡུལ་དུ་ཕེབས་དུས། རྒྱའི་ཡུལ་འོད་ཀྱིས་ཁེངས་པ་དང་། གཟིམས་ཁང་ལ་འཇའི་ཀ་བ་ཟུག་པ་༼༢༦༩༽སྤྲིན་གྱི་གསེབ་ཏུ་སངས་རྒྱས་དང་བྱང་སེམས་མངོན་སུམ་དུ་བྱོན་པ། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ནམ་མཁའ་ནས་མངོན་སུམ་དུ་མཆོད་པ་འབུལ་བ་ལ་སོགས་པའི་རྫུ་འཕྲུལ་དང་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བསྟན་པས་རྒྱལ་པོ་འཁོར་དང་བཅས་པ་དད་པ་ལྷག་པར་སྤེལ་ནས་ཡང་དག་པའི་ལམ་ལ་བཀོད། གོང་ནས་མཚན་དེ་བཞིན་གཤེགས་པར་གསོལ་ལོ། །དེ་ནས་རིམ་པར་བྱོན་པས་དབུས་གཙང་ཁམས་སུ་ཀརྨ་ཀཾ་ཚང་པ་ཞེས་བྱ་བའི་ལུགས་དར་རོ། །ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་སྲས་ཀྱི་ཐུ་བོ་དཔལ་ཕག་མོ་གྲུ་པ་ནི། ཡུལ་འདོད་ཁམས་ཀྱི་ལྷོ་རྒྱུད་འབྲི་ལུང་རྨེ་ཤོད་ཀྱི་སྟག་ངོས་སབ་ཁང་བྱ་བར། གདུང་རུས་དབས་ཝེ་ན་འཕན་ཐོག་གི་རིགས། ཡབ་དབས་ཝེ་ན་ཨ་དར་བྱ་བ་དང་། ཡུམ་རེ་དབྱེ་བཟའ་བཙུན་ནེ་བྱ་བ་སྲས་སུ་བལྟམས། དེ་དུས་ཡུམ་གྱི་རྨི་ལམ་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་སྐྱེས་པ་ཐུ་བར་བཞག་པ་ལས་ཕྱོགས་བཅུར་འོད་ཟེར་འཕྲོས་པ་རྨིས། དགུང་ལོ་དགུ་པ་ལ་བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྷིང་ངེ་ཡན་ཐུབ་བུ་ཚུལ་ཁྲིམས་བྱ་བ་དང་། སློབ་དཔོན་ལྷིང་ངེ་འོད་ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡི་གེ་མ་བསླབས་པར་མཁྱེན་པས་མཁན་པོ་དངུལ་འབུམ་བཞེང་པའི་ཞབས་ཏོག་མཛད། ཁམས་རང་དུ་སློབ་དཔོན་བཅུ་དྲུག་ཙམ་བསྟེན། གཞན་ལ་སྤྱོད་འཇུག་ལན་འགའ་རེ་བཤད། མཁན་སློབ་ཐུགས་མཉེས་པས་དབུས་སུ་རྫོང་བར་ཞལ་འཆམ་སྟེ། དབས་ཆེན་པོ་དང་སྟབས་སུ་བྱོན། ཁོང་ལ་རྫས་ཆེན་པོ་མངའ་བ་དང་གཅིག་བྱས་ཆོག་པ་བྱུང་། སོག་གི་མེར་ནག་ཁར་ཕེབས་པའི་ཚེ་དབུས་གཙང་གི་ཕྱོགས་ཐམས་ཅད་ནག་པོ་ར་རི་ཞིག་གིས་ཁེངས་འདུག་པ་ལ། མི་གཡོ་བའི་སྐུ་ཆུང་ངུ་ཞིག་གི་རལ་གྲིས་བཅད་ནས་ཕྱོགས་ཐམས་ཅད་སྐྱ་བསང་ལ་སོང་བའི་སྣང་བ་བྱུང་། དགུང་ལོ་བཅུ་དགུ་པ་སྟོད་ལུང་དུ་འབྱོར། རྒྱ་དམར་པའི་སར་གཞི་ཕབ། དབུ་ཚད་ཉན། ཞར་ཆོས་པ་དགེ་བཤེས་ཕྱ་པ་ལ་ཞུས། དེ་ནས་ཁོང་གི་ཕྱག་ཕྱིར་གསང་ཕུར་ཕེབས། སློབ་གཉེར་མཐིལ་ཕྱིན་མཛད་པས་ཁམས་པ་གཅིག་ལ་སྟོན་པ་བཟང་བར་གྲགས། དེ་དུས་ཁམས་པ་སྡེ་ཚན་རྣམས་ཀྱིས་གཡག་བརྐུས་པ་ཕྱྭ་པས་དགོངས་ནས་གཟིགས་སུ་ཕེབས་པས། སྟ་གྲི་བསྣམས་ཏེ་བདས་པས། སློབ་དཔོན་སྤྱིལ་བུར་ཚུད་སྒོའི་ཡ་ཐེམ་ལ་ཕོག་པ་ད་ལྟའང་ཡོད། དེ་ལྟ་བུར་སྡིག་བསགས་པ་ཤིན་ཏུ་བྱང་དཀའ་བར་བྱུང་༼༢༧༠༽གསུང་། གཞན་ཡང་བྱ་ཡུལ་པ་སོགས་བསྟེན། བཀའ་གདམས་ལ་སོགས་པ་གསན། ཉི་ཤུ་རྩ་ལྔ་པ་ལ་ཟུར་ཕུར་བྱ་འདུལ་གྱིས་མཁན་པོ། རྒྱ་དམར་བས་སློབ་དཔོན། དམར་གྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། མཁན་སློབ་ལ་འདུལ་བ། གསང་སྟོན་ལ་ཕར་ཕྱིན། མྱང་བྲན་ལ་སྤྱོད་འཇུག་སོགས་གསན། མཁས་པ་ཆེན་པོར་གྲགས། དམར་ཆོས་རྒྱལ་བ་ལ་བདེ་མཆོག་སོགས་དང་། དཔལ་རྒ་ལོ་དང་མཇལ་མགོན་པོ་ལ་སོགས་པའི་སྐོར། འཇད་བྲག་ལྟག་པ་དང་བརྡོག་མུན་ནེ་ལ་འཕགས་སྐོར་དང་མངོན་པ། དེ་ནས་བུར་དུ་བུར་སྒོམ་ནག་པོ་ལ་ལོ་རོ་རས་ཆུང་པའི་གདམ་ངག་རྣམས་གསན། དེར་ཟླ་བ་བརྒྱད་བསྒོམས་པས་སྐུ་ཐམས་ཅད་བདེ་བས་གང་བ་དང་། ཞབས་ལ་ཚེར་མ་ཟུག་པའང་བདེ་བར་འཆར་བ་བྱུང་། དེ་ནས་ས་སྐྱར་བྱོན། ས་ཆེན་ཀུན་དགའ་སྙིང་པོ་ལ་རྒྱུད་སྡེ་མང་པོ་དང་། ཁྱད་པར་ལམ་འབྲས་སོགས་བུམ་པ་གང་བྱོ་གསན་ཆོས་དྲི་བ་ལ་དགྱེས་པས་ལན་ལེགས་པར་གསོལ་བས་ཁམས་པ་ཤེས་རབ་ཅན་ཞེས་མཉེས། དཔོན་སློབ་ལྷན་དུ་རྡོ་རྗེ་ཕུག་ཏུ་བསྒོམས་པས་རྩ་རླུང་གི་དྲོད་རྟགས་ལེགས་པར་བྱུང་ནས། བླ་མས་མཐོང་ལམ་གྱི་རྟོགས་པ་ཤར་བར་ངོ་སྤྲད། གཞན་ཡང་འབྱིམ་ལོ་དང་། བྱང་སེམས་ཟླ་བ་རྒྱལ་མཚན་བསྟེན། ཁོང་གི་ཞལ་ནས་ཟླ་བ་མར་ངོ་ལ་མཚམས་བཅད། ཡར་ངོ་ལ་ཆོས་བཤད་དབང་བསྐུར་དང་བྱིན་རླབས་བྱས་ན་གཞན་ལ་ཕན་ཆེ་བར་འོང་གསུང་། གཞན་ཡང་བླ་མ་མང་དུ་བསྟེན། སྟོད་ལུང་དུ་སངས་རྒྱས་གཉལ་ཆུང་བྱ་བས་ཁམས་པ་སྟོན་པ་ཁྱོད་ཀྱི་རྗེས་སུ་མཁའ་འགྲོ་མ་གསེར་གྱི་རྒྱན་ཅན་བཞི་འབྲང་གི་འདུག་ཅིང་། ངམ་ཤོད་རིའི་དྲུང་དུ་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འོང་ཟེར་ལུང་བསྟན། སླར་ཡང་ས་སྐྱ་པའི་སྤྱན་སྔར་བྱོན་དོགས་པ་བཅད། མ་ཅིག་ཞ་མ་སོགས་བླ་མ་བཅུ་གསུམ་ཙམ་ལ་གཏུགས། ལར་གདམས་པ་འདི་ཆེ་ཟེར་བ་ལ་མ་གཏུགས་པ་མེད་གསུང་། དེ་དུས་ཞང་སུམ་ཐོག་པས་ས་སྐྱ་པའི་དྲུང་ནས་ཁྲིད་དེ་ཡར་ཀླུངས་སུ་བྱོན། ཁོང་བྱས་བཙད་པོ་ལ་སོགས་པ་དང་ཡོན་མཆོད་ཞིག་ཡོང་རེ་བ་ལ་མཐུན་འཇུག་མ་མཛད་པས་བླ་མ་ཞང་ཅུང་ཟད་མ་མཉེས། ཞང་ལ་ཉེས་པ་མེད་པར་སྐུར་པ་ཆེན་པོ་ཞིག་བྱུང་བས། ཞང་གིས་ང་ལ་ནི་ཉེས་པ་ཡེ་མེད། འདི་འདྲ་བའི་གཏམ་ཇི་ལྟར་བྱས་ན་ཞི་བར་འགྱུར་དྲིས་བྱུང་བས། དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ལ་བརྟེན་ན་ཞི་བར་འགྱུར་རམ་གསུང་། འོ་ན་དགེ་བའི་༼༢༧༡༽བཤེས་གཉེན་སུ་ཆེ་ཟེར། ད་ལྟ་དྭགས་པོ་སྙི་སྒོམ་ཁོ་ན་སྙན་པ་ཆེ་བར་འདུག་པ་གསུངས་པས་དགེ་བཤེས་ཁམས་པས་གྲོགས་བྱེད་ན་འགྲོ་ཟེར། དེར་བསྡོངས་ཏེ་སྒམ་པོར་བྱོན། དེ་དུས་བླ་མ་རིན་པོ་ཆེ་འཁོར་བར་འཁྱམ་པའི་རྒྱུའི་གཙོ་བོ་གང་ལགས་ཞུས་པས། ཐ་མལ་གྱི་ཤེས་པ་ངོ་མ་ཤེས་པ་ཡིན་མོད་གསུངས། གསུང་དེ་ཁོ་ནས་བདེ་ཆམ་སོང་བ་ཞིག་བྱུང་། དེ་ནས་དོགས་གཅོད་ཅི་ཞུས་ཀྱང་དགེ་བའི་བཤེས་གཉེན་ཆོས་དྲི་མཁས་གསུངས་ནས་དགྱེས་དགྱེས་མཛད་དེ་གསུངས། དེར་ཕྱག་རྒྱ་ཆེན་པོ་འདི་ལ་ཟེར། སྙམ་པ་ཐམས་ཅད་ཞུས་པས། རྟོག་པ་ཡིན་མོད་ཀ་གསུངས། དུས་ལན་གཅིག་ངོ་སྤྲོད་ཅིག་གི་རྐྱེན་གྱིས་རྟོགས་པ་གཤའ་མ་དེ་ཤར་བ་བླ་མས། དགོངས་ནས་ཕྱག་རྒྱ་ཆེན་པོ་བྱ་བ་དེ་ལ་ཟེར་བ་ཡིན་གསུངས། དེའི་ཚེ་སྐུ་གཡོ་འགུལ་མ་ནུས། སྔར་གྱི་བླ་མ་རྣམས་ཅི་རེད་ན་བྱ་བ་ལན་འགའ་གསུངས། དེ་ནས་བརྩམས་ཏེ་ཤེས་རབ་ཀྱི་ཀློང་རྡོལ། ཆོས་ཅི་བལྟས་ཀྱང་མི་གོ་བ་མ་བྱུང་། རྗེ་སྒམ་པོ་པ་གཤེགས་ནས་ལོ་གཅིག་བཞུགས། དེ་ནས་ཡར་བྱོན་ཏེ་ཐུགས་ལ་བླ་མ་ས་སྐྱ་པ་ཆེན་པོ་དེ་ཆོས་དྲི་བ་ལ་དགྱེས་པས་ད་ང་ལ་ཤོད་རྒྱུ་ཐོགས་པ་མེད་སྙམ་བྱོན། དེ་རེས་དྲི་བ་ཙམ་ཡང་མི་མཛད་པར་སྤྱན་རྩ་འགྱུར་འདུག་པས། བླ་མ་དེ་མྱུར་དུ་གྲོངས་པར་མཁྱེན། འོན་དུ་ཕེབས་ཚལ་སྒང་དུ་བཞུགས། དེར་སློབ་མ་མང་དུ་འདུས། དེར་ཚ་རོང་བཙད་པོའི་སྒོ་དྲུང་དུ་བྱོན་ནས། ཁོ་བོ་ཚལ་སྒང་དུ་སྡོད་པ་དེ་ལེགས། ད་ཕག་མོ་གྲུའི་ཕུའི་ནགས་ཕ་གིར་བསྡད་ན་སྙམ་པས་སྤྱན་རས་ཀྱིས་བཙའ་བར་ཞུ་བྱ་བའི་ལན་བསྐུར་བས། ནང་དུ་བོས་ཐེམ་པ་མི་འདའ་བའི་དམ་བཅའ་ཡོད་ཞུས་པས། ཁོ་རང་དེར་བྱོན་ཐུགས་དང་བསྟུན་ཆོག་པའི་ཞུ་བ་ཕུལ། དེ་ནས་དྲེའུ་ཞིག་ལ་ཆིབས་པས་རིན་ཆེན་སྤུངས་པའི་བྲག་རྩ་ནས་འགྲོ་མ་ཕོད། དེར་གདན་ཕབ་པས་མཐའ་རྩ་བའམ་ཕག་མོ་གྲུ་པར་གྲགས། རྒྱ་སྒོམ་རྨི་རས་བྱ་བ་ཞིག་གིས་བསྡད་སར་གདན་དྲངས། ས་དེ་ནགས་ཀྱི་སྙིང་པོར་གཟིགས་པས། ཁྱོད་ཀྱི་སྤྱིལ་བུ་འདི་སྐྱིད་ལན་གསུམ་གསུངས་པས་བཞེད་ན་འབུལ་ཟེར། དེ་ཉིད་དུ་ཁོ་བོའི་གདན་ལོང་གསུངས་ཏེ་གནས་བཅས། ཟླ་བ་རྒྱལ་མཚན་གྱི་གསུང་ལྟར་མཛད་དགེ་འདུན་བཏོས་ཆེ་བ་ཚོགས། གཟིམས་སྐྱིལ་ནང་ན་བང་བ་ཆུང་ངུ་ནས་ཁལ་རེ་ལྷག་ཙམ་ཤོང་བ་ཞིག་ལས་མེད་ཀྱང་། གྲྭ་མང་ལ་བརྒྱགས་འགྱེད་ཅི་བཅུས་ཀྱང་ཟད་པ་མི་འབྱུང་། ནོར་རྒྱུན་མས་དཔོན་སློབ་བརྒྱད་༼༢༧༢༽བརྒྱ་ཙམ་གྱི་འཚོ་བ་སྦྱོར་བ་ཡིན་ཟེར། དགེ་འདུན་རྣམས་ཤིན་ཏུ་དད་པས་གཟིམས་སྤྱིལ་ནས་ཆོས་ཁྲིའི་བར་གྱི་ལམ་ཐམས་ཅད་དུ་ཞྭ་གོས་དང་དར་ཁ་ལ་སོགས་པ་འདིང་། དེར་སྒོམ་བཏབ་པ་ཐམས་ཅད་ལ་མྱོང་བ་ཕུན་སུམ་ཚོགས་པ་སྐྱེས་པས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་པས་སློབ་མ་གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཟེར་བ་བྱུང་། སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་སུ་སྟོན། མཁའ་འགྲོ་མ་རྣམས་ལ་རྒྱུད་སྡེ་གསན་པའི་རྒྱུད་དེའི་ལེའུ་གྲངས་དང་དོན་བསྡུ་བའི་ཡི་གེ་མཛད། དུས་དེའི་ཚེ་བླ་མའི་གཟིམས་སྤྱིལ་དུ་བུད་མེད་ཚོགས་པའི་སྐད་ཐོས་ནས་ཉེ་གནས་སྟག་ལུང་ཐང་པས་ལྟར་ཡོངས་པ་དང་པོ་ལ་ཅིའང་མ་མཐོང་བ་དང་། ཡང་སྐབས་ཞིག་སྐད་འདུག་ནས་བལྟས་པས་བྱ་འཇོལ་མོ་ཞིག་ཕུར་བ་ལས་གཞན་མ་མཐོང་། དེར་བླ་མ་ཉིད་ལ་ཞུས་པས། མཁའ་འགྲོ་མ་ཚོགས་པ་ཡིན། ཁྱད་པར་ཕག་མོ་གྲུ་ན་བུ་མོ་ལྔ་གསུམ་བཅོ་ལྔ་ལོན་པ་ཞིག་ཡོད། དེ་ནི་དཔལ་རྡོ་རྗེ་ཕག་མོའི་སྤྲུལ་པའི་སྐུ། ཁྱོད་རང་དེ་ཕྱག་རྒྱར་བསྟེན་ན་ཕུང་པོ་འཇའ་ལུས་སུ་འགྱུར་བ་ཡིན་གསུང་། བཙལ་བས་རྙེད་དེ་ལན་གཉིས་སུ་ཡལ་བར་བོར་བས། དེ་མྱ་ངན་ལས་འདས་ཏེ། དབུ་ཐོད་གྲུབ་ཐོབ་གླིང་གིས་བཅད་ཀླད་པ་བལྡག་རུང་བྱོན། ཐོད་པ་དེ་ལས་ཁོ་མོ་རང་གི་གནས་སུ་འགྲོ་ཞེས་པའི་སྒྲ་བྱུང་བས་ཙ་རིར་ཞོག་ཅིག་པའི་བཀའ་གནང་། ཕུང་པོ་གཞན་རྣམས་སྟག་ལུང་ཐང་པ་དེ་མ་ཐག་ཏུ་ཚོལ་དུ་སོང་བས་ཡལ་ནས་མི་འདུག་ཅེས་གྲགས་ཏེ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ནི་བདེ་གཤེགས་ཕག་གྲུ་པ། མཚན་ལྡན་གྱི་བུ་མོ་དེ་རྡོ་རྗེ་ཕག་མོ་དངོས་སུ་བྱོན་པར་འདུག་གོ །ད་རེས་སྟག་ལུང་ཐང་པས་དེ་གོ་མ་ཆོད། ཚུལ་ཁྲིམས་རིན་པོ་ཆེའི་རྟེན་འབྲེལ་འགྲིག་པས་ཕྱིས་གོ་ཆོད་དུ་སོང་ཞེས་གྲགས་སོ། །དེ་ནས་སྐབས་ཤིག་གྲྭ་པ་རྣམས་བསགས་ནས། གྲུབ་ཐོབ་ནམ་མཁའ་དང་མཉམ་པ་ཞིག་ཏུ་མིས་ཀྱང་མཐོང་ནས་འོང་། སྤྲུལ་པ་མང་པོ་འགྱེད་པ་དང་། མངོན་ཤེས་ལ་སོགས་པའི་ཡོན་ཏན་མང་པོ་འཆར་བ་དང་། ཚེའང་དཔག་ཏུ་མེད་པ་ཐུབ་པར་འདུག ཁྱེད་སློབ་མ་རྣམས་ལྟ་བ་དང་། མཇལ་བ་དང་། བྱིན་རླབས་ཞུ་རུ་ཡོད། ཆོས་འཆད་པ་མི་འོང་བ་དེ་དང་། ཁྱོད་ཚོ་ལ་ཆོས་བཤད་ན་ཚེ་ཐུང་དུ་འགྲོ་བ་འདུག་སྟེ་ཆོས་འཆད་པ་ལ་འདམ་གྲོས་གྱིས་གསུངས། གྲྭ་པ་ཀུན་ཚོགས་ཏེ་གྲོས་ཐག་མ་ཆོད། དགེ་བཤེས་ཞང་ཨེ་ནས་བོས། ཁོང་གིས་དུས་གསུམ་སངས་རྒྱས་ཐམས་ཅད་ཡོན་ཏན་དང་། སྤྲུལ་པ་དང་། ནུས་པ་བསམ་༼༢༧༣༽གྱིས་མི་ཁྱབ་པ་མངའ་ཡང་འོ་སྐོལ་དང་མཇལ་དུ་མེད། ཆོས་མི་གསུང་ན་ཅི་ལ་ཕན་ཅེས་གསུངས་པས་ཐམས་ཅད་དེར་གྲོས་ཐག་ཆོད། རིན་པོ་ཆེ་ལ་ཞུས་པས། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་མདུན་མ་དེ་ལ་མ་མཉེས་གསུང་། ཞང་ནས་ཆོས་བཤད་པ་ལ་མི་དགྱེས་པའི་དཔའ་བོ་དང་མཁའ་འགྲོ་དེ་བདུད་རང་ཡིན་གསུང་། དེར་བཀའ་བགྲོས་སྔ་མ་ལ་གདམས་ན་སྤྱིར་བོད། སྒོས་དཀར་བརྒྱུད་ཀྱི་བསྟན་པ་ལ་ཆེས་ཕན་པ་ཞིག་ཡོང་རྒྱུ་ཡིན་ཏེ་བསོད་ནམས་ལ་མ་བསྐོས་པ་ཡིན་གསུངས། དེ་ནས་གྲྭ་པ་རྣམས་ལ་དབང་བྱིན་བརླབས་རྒྱུད་མན་ངག་ཐམས་ཅད་གང་ལ་གང་འོས་པ་གནང་བས་ནགས་ཁྲོད་དེ་ལ་དཔལ་ཀུན་ཏུ་བཟང་པོའི་ནགས་ཚལ་ཞེས་གྲགས་ཏེ། འོག་མིན་གྱི་ཞིང་བྱས་ཀྱང་དེ་ཁ། རྡོ་རྗེ་འཆང་བྱས་ཀྱང་བདེ་གཤེགས་ཕག་ཕོ་གྲུ་པ། ས་བཅུ་པའི་འཁོར་བྱས་ཀྱང་རབ་ཏུ་བྱུང་བ་བརྒྱད་བརྒྱ་ཙམ་འདུས་པའི་སྐལ་ལྡན་འདི་རྣམས་སོ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་ན་གྲགས་སོ། །དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་གཤེགས་ཏེ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེའི་བུ་ཆེན་བྱོན་པ་ནི། མོས་གུས་མཐར་ཕྱིན་སྟག་ལུང་པ། རྟོགས་པ་མཐར་ཕྱིན་སྣ་ཕུ་པ། ཤེས་རབ་མཐར་ཕྱིན་སྤར་ཕུ་པ། ནུས་མཐུ་མཐར་ཕྱིན་མཆན་བུ་རྒྱ་རས་རྣམས་ལ་མཐར་ཕྱིན་གྱི་བུ་བཞི་ཟེར། སྐལ་ལྡན་ཡེ་ཤེས་སེངྒེ། རྟོགས་ལྡན་མི་ཉག་སྒོམ་རིངས། གྲུབ་ཐོབ་ཉག་རེ་སེ་པོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། ཆོས་རྗེ་འཇིག་རྟེན་མགོན་པོ། བནྡྷ་ཕུག་པ། ཆོས་རྗེ་ལཱུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར། བླ་མ་དམར་པ། ཡེ་ཕུབ་པ། དགྱེར་སྒོམ། བཤེས་གཉེན་སེངྒེ་དཔལ་རྣམས་ལ་ཉེ་བའི་སྲས་བཞི་ཟེར། གཞན་བླ་མ་ཞང་། དགེ་བཤེས་གླང་། གཤེན་རྡོ་རྗེ་སེངྒེ་ལ་སོགས་པ་སློབ་མ་བསམ་གྱིས་མི་ཁྱབ་པ་ཐོན། །དེ་ལས་སྟག་ལུང་ཐང་པ་ནི། གཡང་ཤོད་བོང་ར་སྟེང་དུ། ཡབ་བན་བློན་འབར་པོའི་སྲས་སུ་འཁྲུངས། བཅོ་བརྒྱད་བཞེས་པའི་ཚེ། ཐང་སྐྱ་ལྷ་ཁང་དུ་བླ་སྒང་པའི་སར་བྲོས། མཁན་པོ་ན་སྟོན་བླ་སྒང་པ་ཤེས་རབ་རྡོ་རྗེ་དང་། སློབ་དཔོན་ཚར་སྟོན་སྒོ་མང་པ་ལས་རབ་ཏུ་བྱུང་། དགེ་བཤེས་བྲག་དགོན་པ་ལ་འགྲེལ་ཆུང་སྤྱོད་འཇུག་བསླབ་བཏུས། ལམ་སྒྲོན་སོགས་གསན་རྒྱ་གར་རང་ལ་འགྲོ་དགོངས་ཀྱང་ཟླ་བོ་དང་བངས་བསྙགས་ཀྱིས་ཟིན་ནས་མ་ཐོན། དེ་ནས་ཕག་གྲུའི་སྙན་པ་གསན་ནས་འབྱོན་པར་དམ་བཅས་པའི་དུས། མནལ་ལམ་དུ་སྐས་རིང་ཤིག་ལ་༼༢༧༤༽འཛེགས་ནས་བྱོན་པས་ཐོག་ཁར་མཐོན་ཙ་ན་མི་དཀར་པོ་ཆེན་པོ་ཞིག་གིས་ཕྱག་ནས་བཟུང་ནས་ངས་མ་འཐེན་ན་མི་ཐོན་ཟེར་བ་ཞིག་རྨིས། ཕྱིས་རྗེ་ཕག་གྲུའི་གསུང་ནས། དེ་ཁོ་བོ་ཡིན་གསུངས། ཁོང་གི་དགུང་ལོ་ཉི་ཤུ་རྩ་བཞི་བཞེས་པའི་དུས་ཕག་མོ་གྲུར་ཕེབས། ལོ་དྲུག་ཕག་མོ་གྲུར་བཞུགས། ཉེ་གནས་མཛད། བླ་མའི་ཐུགས་སུ་བྱོན། ཆོས་གསུངས་པ་ཐམས་ཅད་མ་བརྗེད་པར་ཡི་གེར་བཏབ། གདམ་ངག་ཆེ། དཔལ་ཕག་མོ་གྲུ་པ་གཤེགས་ནས་ཟླ་གཅིག་ནས་མལ་གྲོར་འཆད་ཀ་བ་ལ་ཆོས་གསན། དེ་ནས་སླར་ཕག་མོ་གྲུའི་གདུང་རྟེན་གཙུག་ལག་ཁང་བཞེངས་ལ་བྱོན། ཞང་ཤོམ་རབ་ལ་མཁན་པོ་ཞུས། ལས་སློབ་མར་པ་ལམ་ཐང་པ། གསང་སྟོན་ཞང་སྟོན་སྒོམ་མིན་པས་མཛད་དེ་ཤོམ་རར་བསྙེན་པར་རྫོགས། སྟག་ལུང་འདི་འགྲོ་མགོན་རིན་པོ་ཆེས་དྲུག་ཅུ་བཞེས་པ། ས་མོ་གླང་གི་ལོ་སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་མཛད་པའི་ཚེ་སྐུ་ལུས་ཀྱི་བཀོད་པ་གཅིག་གིས་ཐང་པ་ལ། ཁྱོད་ཀྱི་འཕྲིན་ལས་རྒྱས་པའི་ས་ཤིག་ཉི་མ་བྱང་ཕྱོགས་ཕ་གི་ན་འདུག རབ་ཁྱོད་ཁམས་སུ་འགྲོ་ཐང་བ་ཡིན་པས་ཐེངས་གཅིག་སོང་། དེའི་རྗེས་སུ་སྔོན་གྱི་ལས་ཀྱིས་བསྐོས་པའི་གནས་དེ་དང་ཕྲད་ཅིང་། དེར་འཕྲིན་ལས་རྒྱས་པ་ཡིན། དེའང་ས་དེ་ཤིན་ཏུ་རྩུབ་ཅིང་མི་ལས་གྱུར་པའི་འདྲེ་ཞིག་གིས་སྣ་དྲངས་པའི་ལྷ་འདྲེ་གདུག་པ་ཅན་དཔག་ཏུ་མེད་པ་གནས་པ་སུས་ཀྱང་མི་ཟིན་པ་ཡིན་པ་ལ་ཁོ་བོས་ཐམས་ཅད་ཞབས་ཀྱིས་བཅགས། ལྷ་འདྲེ་ཐམས་ཅད་བཏུལ་བྱམས་པའི་ལས་དང་ལྡན་པར་བྱས་ཡོད་པས། ད་ཁྱོད་ཀྱིས་ཟིན་པ་ཡིན་གསུངས། དར་སྤྲད་རོང་གསུམ་དང་ཕོད་མདོ་བས་སྟག་ལུང་དུ་གདན་དྲངས། དགུང་ལོ་སོ་དགུ་པ་ལ་བླ་བྲང་ནག་པོར་ཕྱགས་ཕེབ། ཡོངས་སུམ་ཅུ་ཙམ་བཞུགས། སྐུ་འདའ་ཁར་གྲྭ་པ་སུམ་སྟོང་ལྷག་ཙམ་འདུས། ངོ་མཚར་བའི་རྫུ་འཕྲུལ་དུ་མ་བསྟན། དྲུག་ཅུ་རེ་དགུ་པ་ལ་གཤེགས། དབོན་རིན་ཆེན་མགོན་གདན་སར་བཏོན། འདིས་མཆོད་ཁང་ཆེན་མོ་བཏབ་གླིང་དར་རྒྱས་སུ་མཛད། དེའི་གདན་ས་སངས་རྒྱས་ཡར་བྱོན། དེ་ལ་གདན་ས་ཟེར་བའི་དབོན་པོ་གཉིས་བྱུང་བ་ནས་གཅིག་ཁམས་སུ་བྱོན་རི་བོ་ཆེ་བཏབ། དེ་ནས་སྟག་ལུང་ཡ་ཐང་མ་ཐང་གཉིས་སུ་གྱེས། གཉིས་ཀ་བན་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་རེ་འཚོག དབུས་གཙང་མདོ་ཁམས་གཞན་དུའང་གྲྭ་པའི་དར་རྒྱས་ཆེ་སྟེ། དིང་སང་གི་བར་དུ་དབོན་བརྒྱུད་རིམ་པར་བྱོན། དུས་ཕྱིས་སྟག་ལུང་ངག་དབང་གྲགས་པ་ཞེས་བྱ་༼༢༧༥༽བའི་མཁས་གྲུབ་དེ་བྱོན། སྙན་པ་ཆེ་བས་དབུས་གཙང་གི་ཆེ་དགུས་བཏུད། འབྲི་སྟག་གི་ཆོས་ལུགས་ཉམས་ལ་ཁད་པ་རྣམས་གསོས་སོ། །དེ་དག་ཀྱང་འབྲེལ་ཚད་དོན་ལྡན་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁོ་ནའོ། །སྤར་ཕུ་བ་ནི། གཡོར་རུ་གྲར་འཁྲུངས། གཞོན་ནུ་ནས་ཐོས་བསམ་མཛད། ཁྱད་པར་ཕྱྭ་པ་ཡུན་རིང་དུ་བསྟེན། ཁོང་གི་གྲྭ་པའི་ནང་ནས་ཤེས་རབ་ཆེ་བར་གྲགས། ཨ་སུ་ལས་དོ་ཧ་གསན། བླ་མ་ཡེལ་པ་ཡེ་ཤེས་བརྩེགས་ཀྱི་དོ་ཧ་སྐོར་རྣམས་གསན་པས། འདི་བཤད་པ་རྐྱང་དུ་འདུག ངའི་བླ་མ་དེ་དང་མཇལ་ན་ཉམས་མྱོང་ཁྱད་པར་ཅན་ཡོང་ངེས་བསམ། སྤར་ཕུ་བ་ལ་འགྲོ་མགོན་གྱི་སྤྱན་སྔར་བྱོན་པ་འཐད་ཞུས་པས། རང་རེ་ལས་ལྷག་པ་ཅང་ཡོད་དམ་གསུངས། ཅིས་ཀྱང་འབྱོན་པར་ཞུ། ལྷག་པའང་འོང་སྲིད་ཞུས་པས་བྱོན། འགྲོ་མགོན་དང་མཇལ། གསུང་གླེང་མང་དུ་མཛད། སྤར་ཕུ་བའི་ཐུགས་ལ་བླ་མ་འདི་སེམས་ཙམ་གྱིས་ལྟ་བ་འཛིན་པར་འདུག་སྙམ་པ་བྱུང་ཁྲིད་བཏབ་པས། འདི་ལ་ང་རང་ཞིབ་པར་འདུག་སྙམ་ཡོན་ཏན་མ་སྐྱེས། ཚོགས་ཆོས་གསན་པས། དེ་ལ་མགུ་བར་གྱུར་ཏེ་ལོག ཡང་བླ་མ་ཡེལ་པས་བླ་མ་རིན་པོ་ཆེའི་དྲུང་དུ་མོས་གུས་ཅན་ལ་ཡོན་ཏན་འཆར་རྒྱུ་ཞིག་ཡོང་གི་འདུག་པ་ལ། སློབ་དཔོན་པ་ལ་མ་སྐྱེས་བར་སྣང་བས་ད་དུང་ལན་ཅིག་གཤེགས་པར་ཞུ་བྱས་པས་རུང་གསུངས། སློབ་དཔོན་དང་འགྲོགས་ནས་བྱོན། འགྲོ་མགོན་གྱི་རྟེན་འབྲེལ་མཛད་ནས། བུ་རམ་ལ་པདྨའི་པར་ལེགས་པར་བཏབ་ནས་དྲངས་པས་ཁོང་དེ་ལ་ཆགས་ཏེ་མ་གསོལ་བར་བཞག་པ། ཡེལ་པ་བ་བཞེངས་ནས་བཅག་སྟེ་དྲངས། འགྲོ་མགོན་གྱིས། ཕ་རོལ་ཏུ་ཕྱིན་པ་དང་དབུ་མ་ལ་སོགས་པ་རྒྱུ་མཚན་ཉིད་ཀྱི་ཆོས། ཐབས་ལམ་གྱི་བྱེ་བྲག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འབྲས་བུ་སྔགས་ཀྱི་ཆོས་ཐམས་ཅད་ཀྱང་སེམས་རྟོགས་པའི་ཐབས་སུ་གསུངས་པ་ཁོ་ན་ཡིན། སེམས་རྟོགས་པ་ལ་སྒོམ་དགོས་སྒོམས་ཤིག་གསུངས་པས། ག་རེ་གདམ་ངག་ཅིའང་མ་བསྟན་པར་སྒོམས་ཤིག་གསུངས་བསམ་ཅུང་ཟད་བསམས་ཙ་ན་གནས་ལུགས་ཀྱི་དོན་མངོན་དུ་གྱུར་ནས་འགྲོ་མགོན་ལ་གསོལ་འདེབས་འདོད་འཇོའི་བ་མོ་མཛད། སྤར་བུ་དགོན་བཏབ་ཚོགས་པ་ལྔ་བརྒྱ་ཙམ་འདུས་སོ། །མཆན་བུ་རྒྱ་རས་ནི། ཆོས་སྐྱོང་གིས་རྗེས་སུ་བཟུང་བས་གྲུབ་པ་བརྙེས། སྐལ་ལྡན་ཡེ་ཤེས་སེངྒེ་ནི་མོན་གར་དུ་འཁྲུངས། ཕག་མོ་གྲུའི་རི་མཐོང་པ་རང་གིས་སྒོམ་འཁྲུངས། དེ་ནས་འགྲོ་མགོན་༼༢༧༦༽དང་མཇལ། ངོ་སྤྲོད་ཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། སྐལ་ལྡན་ཡེ་ཤེས་སེངྒེར་གྲགས། དེས་གྲྭ་རབས་སུ་ཟར་དགོན་པ་བཏབ། དེའི་སློབ་མ་གཡའ་བཟང་ཆོས་རྗེ་ཡིན། གཙང་ཞལ་གྱི་དམར་མོར་འཁྲུངས། སྒྲི་ནས་མཁན་པོ་ཆོས་སྟོན་བྱ་བ་ཞིག་ལ་རབ་ཏུ་བྱུང་། མཚན་ཆོས་སྨོན་ལམ་དུ་གསོལ། དེ་ནས་འཆད་དཀར་དུ་འདུལ་བ་དང་བཀའ་གདམས་གསན། དེ་ནས་ལོ་བཅོ་བརྒྱད་པ་ལ་རྒྱ་དུར་དུ་བྱོན་བསྙེན་པར་རྫོགས། ལོ་དྲུག་ཏུ་འདུལ་བ་ལ་སྦྱངས་པ་མཛད་པས་གནུབས་འདུལ་བ་འཛིན་པར་གྲགས། ཉེར་བརྒྱད་པ་ལ་ཟར་ན་སྐལ་ལྡན་ཡེ་ཤེས་སེངྒེ་བཞུགས་པ་གསན་ནས་དེར་བྱོན། ཞལ་མཇལ་བ་ཙམ་གྱིས་རྟོགས་པ་ཤར། གདམ་ངག་རྫོགས། སོ་བརྒྱད་པ་ལ་གཡའ་བཟང་བཏབ། དྲུག་ཅུ་རྩ་ལྔ་པ་ལ་གཤེགས། འཕྲིན་ལས་ཤིན་ཏུ་ཆེ་བའི་སློབ་མའི་མཆོག་སྒོམ་བཞིར་གྲགས་པ་བྱུང་། གདན་ས་རིན་ཆེན་ཇོ་སྲས། དེའི་རྗེས་སུ་རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད། དེའི་རྗེས་སུ་མཁར་ཆུ་པ་ཆོས་བསམ་འོད་ཀྱིས་ལོ་བཅོ་བརྒྱད་མཛད། འདི་གྲུབ་ཐོབ་ཨུ་རྒྱན་པ་ལ་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་དེ་ཡིན། དེ་ནས་རིམ་པར་བརྒྱུད་དེ་གཡའ་བཟང་པ་ཞེས་གྲགས་སོ། །མི་ཉག་སྒོམ་རིངས་ནི། འགྲོ་མགོན་གྱི་དྲུང་ན་ཁྲིད་ཞུ་བའི་ཚེ་ནངས་ཤིག་འགྲོ་མགོན་གྱིས་ཁོའི་མདུན་དུ་ཐག་པའི་རྒྱ་ཞིག་བྲེས། རལ་གྲི་ཞིག་ཞོག་གསུངས། དེ་ནས་ཁོའི་ཕ་གསོད་མི་ཞིག་ཡོད་པ་ཁྲིད་དེ་འགྲོ་མགོན་བྱོན། སྒོམ་རིངས་ཞེ་སྡང་སྐྱེས་ནས་རལ་གྲི་ཁྱེར་བརྒྱུགས་པས། འགྲོ་མགོན་གྱིས་ཁྱོད་རང་གི་སེམས་ལ་ལྟོས་ཤིག་གསུངས་ནས་དེ་ཉིད་དུ་རྟོགས་པ་ཤར། འདིས་འབྲི་གུང་བཏབ། གྲྭ་པ་བརྒྱ་ཙམ་འདུས། སྐྱོབ་པ་ལུང་བསྟན་ཏེ་ཁོང་རང་གཤེགས། ཉག་རེ་སེ་བོ་འགྲོ་མགོན་མཇལ་ནས་གྲུབ་པ་ཐོབ། ཁམས་སུ་སླེས་དགོན་བཏབ་འཕྲིན་ལས་བསྐྱངས་སོ། །རིན་པོ་ཆེ་རྒྱལ་ཚ་དང་། ཀུན་ལྡན་གཙང་པ་རས་ཆུང་གཉིས་མཆེད། གནུབས་ནམ་མཁའ་སྙིང་པོའི་བརྒྱུད་དུ་འཁྲུངས། རྒྱལ་ཚས་བླ་མ་མང་པོ་བསྟེན། སྦྱངས་པ་མཐར་ཕྱིན། ལྷག་པར་དཔལ་ཕག་མོ་གྲུ་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ཡིན། ཀུན་ལྡན་ནི་ཕག་མོ་གྲུར་གཅེན་པོའི་བརྒྱགས་སྐྱེལ་བ་ལ་བྱོན། རྗེ་བཙུན་མི་ལའི་རྣམ་ཐར་གསུང་པ་དང་ཐུག དེ་འདྲ་བ་ཞིག་ངས་ཀྱང་བྱ་སྙམ་ནས་ཆོས་གྲྭ་དེར་མགོ་ལྕོགས་ལན་གསུམ་བྱས། འགྲོ་མགོན་ལ་གདམས་པ་ཞུས་ནས་བསྒོམས་པས་རྟོགས་པ་ཤར་གྲུབ་པ་བརྙེས། མུ་གེ་བྱུང་བའི་ཚེ་ཁྲོ་ཕུའི་མཆོད་ཁང་གི་སྒོ་༼༢༧༧༽ལ་ཕྱག་མཁར་ཐུག་ཐུག་མཛད་ནས་རྣལ་འབྱོར་མ་རྣམས། དེ་རིང་རྣལ་འབྱོར་པ་ལ་བསོད་སྙོམས་ཤིག་ཞུའོ་གསུངས་པས། མཆོད་ཁང་གི་སྒོ་འཕར་ནས་ནས་ཕྱིར་མང་དུ་བྱུང་། ཡུལ་མི་ཐམས་ཅད་ཀྱིས་བླངས་ཀྱང་ཞག་ལྔའི་བར་དུ་ནས་མ་ཟད་པའི་གྲུབ་རྟགས་བསྟན། བདུན་ཅུ་ལ་གཤེགས། ཁོང་མཆེད་ཀྱི་དབོན་པོ་ཁྲོ་ཕུ་ལོ་ཙཱ་བ། ཡབ་ཇོ་ཕན། ལོ་བཅུ་ལོན་པ་ལ་རྒྱལ་ཚ་དང་ཀུན་ལྡན་གྱིས་མཁན་སློབ་མཛད་དེ་དགེ་ཚུལ་བསྒྲུབས། མཚན་བྱམས་པ་དཔལ་བུ་བཏགས། གཙང་དཀར་ལ་གསན་པ་མང་དུ་མཛད། ལྕེ་དོན་ཀུན་བཟང་ལ་ལོ་བརྒྱད་ཅུ་འགྲོ་བ་ཞིག་ལ་རྡོར་དབྱིངས་སོགས་དཀྱིལ་འཁོར་ལྔ་བརྒྱ་ལྷག་ཙམ་ཞིག་གི་ལག་ལེན་བསླབས། འབྲི་མཚམས་པ་ཞང་དགེ་བ་ཟེར་བ་ཞིག་ལ་ལོ་ཙཱ་ཕུལ་དུ་ཕྱིན་པ་སྦྱངས། བཅུ་དགུ་པ་ལ་རྒྱལ་ཚས་མཁན་པོ། གཙང་དཀར་གྱིས་སློབ་དཔོན། ཀུན་ལྡན་རས་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། གཙང་ནག་ལ་འདུལ་བ་ལོ་གཉིས་ཉན། ཀུན་ལྡན་དང་རྒྱལ་ཚ་ལ་གདམ་ངག་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག བཀའ་བབས་བཅུ་གསུམ་ཡོད་པ་གསན། ཉེར་བཞི་པ་ལ་བལ་པོར་ཆས། པཎ་ཆེན་བུདྡྷ་ཤྲཱི་བསྟེན། མི་ཏྲ་ཛོ་ཀི་མཇལ་བོད་དུ་སྤྱན་དྲངས། ཁྲོ་ཕུའི་གནས་བཞིའི་ས་བྱིན་གྱིས་བརླབས། དེ་རྟིང་བུདྡྷ་ཤྲཱི་སྤྱན་དྲངས། དེའི་རྗེས་སུ་གྲོ་མོ་བརྒྱུད། བཻ་ཌཱུར་ཚོང་འདུས་སུ་བྱོན། ཁ་ཆེ་པཎ་ཆེན་སྤྱན་དྲངས། ལྷ་མོ་ཆེ་ཁྲུ་བརྒྱད་ཅུ་པ་བཞེངས། སྲས་སེམས་དཔའ་ཆེན་པོ་བྱུང་། རྟོགས་པ་རྒྱལ་ཚ་ལ་རྟེན་ནས་འཁྲུངས། སེམས་དཔའ་ཆེན་པོའི་སློབ་མ་ཡང་རྩེ་བ་རིན་ཆེན་སེངྒེ། དེའི་སློབ་མ་བུ་སྟོན་རིན་པོ་ཆེ། རྒྱལ་ཚ་དང་ཀུན་ལྡན་གྱིས་སློབ་མ་ལྕེ་སྒོམ་དང་། དེའི་སློབ་མ་མ་ཅིག་རེ་མ་ཡིན་ཏེ། ཁྲོ་ཕུ་དཀར་བརྒྱུད་ཅེས་གྲགས་པ་ཆེའོ། །གཤེན་རྡོ་རྗེ་སེངྒེ་ནི། ས་སྐྱ་པ་ཆེན་པོའི་སློབ་མ་ཕག་མོ་གྲུ་པ་དང་མཆེད་གྲོགས། ཕྱིས་ཕག་མོ་གྲུ་པ་ལ་གཏུགས་ནས་རྟོགས་པ་ཤར་བ་ཡིན། འདིས་དབང་སྡུད་བྱས་ནས་ཕག་གྲུ་དབང་དུ་བསྡུས། དེ་ནས་སླར་ས་སྐྱར་བྱོན། དམར་པོ་སྐོར་གསུམ་ཞུས་ཏེ་ཁོ་དབང་དུ་བསྡུས་ཟེར་བ་འདི་དང་། རྒ་ལོ་ལ་སྙིང་རླུང་བྱུང་ནས་བོད་དུ་བྱོན་པ་ས་ཆེན་གྱིས་བསལ་ཟེར་བ་གཉིས་ཀ་སྔོན་གྱི་ཡི་གེ་ཁུངས་མ་ལ་མི་སྣང་། ཕྱིས་བྲིས་པར་འདུག་པས་མི་བདེན་ནོ། །ཆོས་རྗེ་དམར་པས་ཁམས་སུ་ཤྭ་དགོན་བཏབ། ཚོགས་པ་ཉིས་སྟོང་ཙམ་རྒྱུན་དུ་འདུས། དེའི་རྗེས་སུ་ཤྭ་ཡང་དགོན་པ། རྨོག་སྤྱན་སྔ་རིན་པོ་ཆེ། ཤྭ་དབུ་རྩེ་པ། རྣལ་རིན་ཆེན་གླིང་པ་སོགས་མང་དུ་བྱོན། སྨར་དཀར་བརྒྱུད་དུ་༼༢༧༨༽གྲགས་སོ། །བླ་མ་ཞང་སུམ་ཐོག་པ་དང་པོར་མཆེད་གྲོགས། ཕྱིས་ཞབས་ཀྱི་པདྨ་བསྟེན་པའོ། །འབྲི་གུང་འཇིག་རྟེན་མགོན་པོ་ནི། ཡུལ་ལྡན་སྟོང་རྩོད་དུ་ཞེས་བྱ་བར། འབྲུག་རྒྱལ་སྐྱུ་རུའི་གདུང་། རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར་ཡབ་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འཁྲུངས། དབུས་གཙང་དུ་བྱོན་འགྲོ་མགོན་གྱི་ཞབས་དྲུང་དུ་ཕེབས་ནས་ཟླ་བ་སུམ་ཅུ་རྩ་གཉིས་བསྟེན། དེའི་ཚེ་རྟེན་དགེ་བསྙེན་ན་བཟའ་ར་ཐུལ་ཞིག་བཞེས་པས་དགེ་བསྙེན་ར་ཐུལ་ཅན་ཞེས་གྲགས་ལ། བླ་མའང་མཉེས། ཁྱོད་ལ་སྒོམ་ཆེན་བཟང་པོ་ཞིག་འོང་། སྒོམ་ཆེན་ཙམ་ལ་བཟང་བ་ཞིག་འོང་ཞེས་ལུང་བསྟན། འགྲོ་མགོན་གཤེགས་ནས་ཨེ་ཆུང་ཕུག་པར་ཐུགས་དམ་ལ་བཞུགས་པས་གློ་བུར་དུ་བསྙུན་མཛེ་དྲག་པོ་ཞིག་བྱུང་། རྫ་གསེབ་ཏུ་བཞུགས་ཏེ་རོ་སུས་ཀྱང་མི་མཐོང་བ་ཞིག་བྱ་སྙམ་ནས་བྱོན་པར་ཆས། ཡི་དམ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་ལ་ཕྱི་ཕྱག་བགྱིས། སྐུ་ཤེད་ཆུང་བས་ཁ་བུབ་ཏུ་ཅུང་ཞིག་ལུས་པ་ན། དང་པོར་རང་གི་སྡུག་བསྔལ་བསམས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་པས་སྙིང་རྗེ་ཆེན་པོ་བཟོད་གླགས་མེད་པ་ཞིག་འཁྲུངས། ཞག་གསུམ་དྲོ་བཞིར་རྒྱུན་ཆགས་ས་ཐམས་ཅད་སྤྱན་ཆབ་ཀྱིས་བངས། ཀླུ་གདོན་དེ་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་སོང་བ་གཟིགས། སྒོམ་རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས་པས། ཞག་གསུམ་དྲོ་བཞིའི་ནང་པར་ན། །མི་ཁོ་བོའི་ལས་ངན་རང་སར་དག །ཅེས་གསུངས། དེ་ལྟར་གྲུབ་པ་བརྙེས་པའི་སྙན་པས་འུར་བསླང་། གཞན་སྟོན་མོ་བྱེད་པའི་གྲལ་དབུ་ལ་སྤྱན་དྲངས་པའི་ཚེ་ཞིག ཐོད་པ་བསམ་གྲུབ་ཀྱི་སྲས་མོ་ནམ་མཁའ་རྒྱན་གྱིས་སྐུ་མདུན་དུ་གཅེར་བརྒྱུགས་བྱས་པས། ང་རྟེན་དགེ་བསྙེན་དུ་སོང་བས་བརྙས་པ་ཡིན། ཅིས་ཀྱང་རབ་ཏུ་བྱུང་དགོས་འདུག་དགོངས་ནས་དགུང་ལོ་སོ་ལྔ་པ་ལ་ཕག་མོ་གྲུར་ཞང་གསུམ་ཐོག་པས་མཁན་པོ། ཅི་ལུང་སློབ་དཔོན། གཉན་པ་འདུལ་འཛིན་གྱིས་གསང་སྟོན་བྱས་ཏེ་ཚིགས་རྫོགས་མཛད། མཚན་རིན་ཆེན་དཔལ། གཉལ་པ་འདུལ་འཛིན་ལ་མདོ་རྩ་ལེགས་པར་བསླབས། འགྲོ་མགོན་གཤེགས་རྗེས་སུ་བླ་མ་ཞང་གིས་གྲལ་གོང་དུ་བཞུགས། བསྔོ་བ་ཙམ་མཛད་པ་ལས་ལོ་བདུན་དུ་གདན་ས་མེད། དེ་ནས་ཆོས་རྗེ་འདིས་གདན་ས་མཛད་དེ་ལོངས་སྤྱོད་ཆུང་ཞིང་འོ་བརྒྱལ་བར་བྱུང་། གསོལ་བ་བཏབ་པས་མནལ་ལམ་དུ་འགྲོ་མགོན་བྱོན་ནས་ཟ་འོག་གི་འབོལ་རྙིང་པ་ཞིག་འདུག་པ་འདི་ཁོ་རང་ཚོ་ལ་གཏོད་ལ། ཁྱོད་རང་༼༢༧༩༽དབུ་རུ་བྱང་ཕྱོགས་སུ་སོང་གསུངས་པ་རྨིས། མནལ་སད་འཕྲལ་བཞེངས། དཔོན་སློབ་ལྔ་བྲོས་བྱོན་ཏེ། དབུར་སྟོད་དུ་བྱོན་པ་དང་། སྒོམ་རིངས་ཀྱིས་གྲྭ་པ་རྣམས་སྤྱན་འདྲེན་དུ་འོང་བ་དང་འགྲིག འབྲི་གུང་དུ་བཞུགས། བསྟན་པའི་རྩ་བ་དགེ་འདུན་དེའང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས། དབེན་པའི་གནས་སུ་འདུག་པ་དག་ཀྱང་བག་ཡངས་སུ་མི་འདུག སྙན་པས་ནི་འཛམ་བུའི་གླིང་ཁྱབ། སྟག་ལུང་དུ་ཐང་པས་སྤྱན་དྲངས། བླ་མའི་གདམ་ངག་ཡོད་པའི་གླེང་མོ་མཛད། ཁྱོད་བླ་མ་བསྟེན་ཡུན་ཐུང་གསུངས་དོན་གཏུག་ལ་རེ་མཛད་པ་ལ། ཇ་བུ་རམ་གྱི་གནང་སྦྱིན་ཐུགས་རྗེས་བཟུང་སོགས་སྒྲོ་འདོགས་གཅོད་རྒྱུ་མེད་པ་མགུར་དུ་ཕུལ། གཉོས་རྒྱལ་བ་ལྷ་སྣང་བས་སྟོན་མོ་བཤམས་པའི་དུས། འཁོར་ལྷན་ཅིག་ཚོགས་པ་དགུ་ཁྲི་ལ། །ཀུན་འདུས་པའི་གཙོ་བོ་གཉོས་ཆེན་ཡིན། །དེ་ལྟ་བུའི་སྐྱོབ་པ་འཕགས་པ་ཀླུ་སྒྲུབ་ཀྱི་སྤྲུལ་པ་ཡིན་ཏེ། ཁ་ཆེ་པཎ་ཆེན་ལ་སིངྒ་ལའི་དགྲ་བཅོམ་པས་གསེར་གྱི་མེ་ཏོག་གསུམ་བོད་དུ་བསྐུར་བའི་གཅིག་འཕགས་པ་ཀླུ་སྒྲུབ་ཀྱི་སྤྲུལ་པར་གཏོད་ཅིག་གསུངས་པ་སུ་ཡིན་མ་འཚལ། པཎ་ཆེན་གླས་མོ་ཆེར་བཞུགས་པ་ན། པཎ་ཆེན་ལ་བསྙེན་པར་རྫོགས་པ་ཞུས་པའི་མཁན་བུ་རྣམས་ལ་ཆོས་གོས་རེ་གནང་གི་ཡོད་པས། འབྲི་གུང་པའི་ཁམས་བཙུན་ཞིག་ཆོས་གོས་ལ་བལྟས་ནས་བསྙེན་རྫོགས་ཞུས། དེ་རེས་པཎ་ཆེན་གྱི་ཕྱག་ན་འཁྲོལ་མེད་པས་མ་གནང་བས། ཁོས་དབུ་ཚུགས་བྱས་པཎ་ཆེན་རང་གི་སྐུ་ཆོས་དགོས་ཞུས་འཇུས་པས། ཕྱག་གཡོག་རྣམས་ཁྲོས་ནས་ཁོ་བརྡུངས། ཁོའི་ཁ་སྣར་ཁྲག་མང་པོ་ཤོར། པཎ་ཆེན་ཐུགས་དམ་མཛད་པའི་ཚེ། སྒྲོལ་དཀར་མངོན་སུམ་དུ་བྱོན་པ་ལ། དེ་ནས་ཞག་བདུན་དུ་མ་བྱོན། ཕྱི་བཤགས་མཛད་གསོལ་བ་བཏབ་པས་ཞག་བདུན་སོང་ནས་སྐུ་རྒྱབ་གཏད་དེ་བྱོན། འཕགས་མ་བདག་གིས་ཅི་ནོངས་ཞུས་པས། ཁྱོད་དཔོན་སློབ་ཀྱིས་ཀླུ་སྒྲུབ་ཀྱི་སློབ་མ་བརྡུངས་པས་སྡིག་བསགས་གསུངས། དེ་མི་དྲན་ཞུས་པས། ཁ་སང་ཁ་སྣ་ནས་ཁྲག་ཤོར་ཤོར་བརྡུངས་པ་དེ་ཡིན་མོད་གསུང་། ད་དེའི་སྡིག་པ་ཇི་ལྟར་བྱས་ནས་འབྱང་། རབ་ཏུ་བྱུང་བ་ལོ་གྲངས་དང་མཉམ་པ་ལ་ཆོས་གོས་བྱིན་ན་འབྱང་གསུངས། དེ་ལྟར་མཛད་པའི་དམ་བཅས་ཏེ་སུའི་སློབ་མ་ཡིན་རྩད་བཅད་པས་འབྲི་གུང་པའི་སློབ་མར་འདུག་པས་སྐྱོབ་པ་ཀླུ་སྒྲུབ་ཏུ་ཐག་ཆོད། ཕྱིས་མེ་ཏོག་ཀྱང་ཕྱག་ཏུ་ཕུལ་བ་ཡིན། པཎ་ཆེན་སྲིན་པོ་རིར་བཞུགས་དུས་འཚུར་འབྲི་༼༢༨༠༽རྒྱ་གསུམ་གྱི་གདན་འདྲེན་བྱུང་། པཎྜྻི་ཏ་བི་བྷུ་ཏི་ཙནྡྲ་སྤྱིར་ཕྱག་རྒྱ་ཆེན་པོ་བ་ལ་སྐྱོན། ཁྱད་པར་དེ་དུས་ཕྱག་རྒྱ་བ་འདི་རྫུན་ཆེ་བ་ཡིན། འོ་སྐོལ་བཀའ་གདམས་པ་གདན་འདྲེན་སར་བྱོན་པ་འཐད་ཞུ་བ་ལ། པཎ་ཆེན་ཐུགས་ཧུར་ཕྱུང་སྟེ། བི་བྷཱུ་ཏི་བི་བྷཱུ་ཏི། དེ་སྐད་མ་ཟེར་སངས་རྒྱས་ལ་འཁྲུལ་པ་མི་མངའ། འབྲི་གུང་པ་སློབ་དཔོན་ཀླུ་སྒྲུབ་ཡིན་ཞེས་སྔར་གྱི་ལོ་རྒྱུས་གསུངས། ལྷག་པར་ཁྱོད་ཕྱག་རྒྱ་བ་ལ་སྐུར་པ་བཏབ་པས་དམྱལ་བར་སྐྱེ་བར་འདུག་སྡིག་པ་སྦྱོངས་གསུངས། འོ་ན་ཇི་ལྟར་སྦྱངས་ཞུས་པས། འདིར་བདེ་མཆོག་གི་སྐུ་ཞིག་བཞེངས་གསུངས་པས་བཞེང་པར་གསན། ཁ་ཆེ་བ་ཡིན་ཟེར་བའི་བཟོ་བ་ཞིག་བྱུང་། དེས་ཞག་བདུན་ལ་བསྒྲུབས་ནས་དེ་ཉིད་ལ་ཐིམ་པ་དཔལ་ཧེ་རུ་ཀ་ཉིད་ཀྱི་སྤྲུལ་པ་ཡིན་ཞེས་གྲགས་སོ། །འབྲི་གུང་པས་ཙ་རིའི་དག་པ་ཤེལ་གྱི་རི་སྒོ་མང་མཆོད་རྟེན་གྱི་དབྱིབས་ལྷ་ཉིས་སྟོང་བརྒྱད་བརྒྱའི་ཕོ་བྲང་དུ་གཟིགས་ནས་བལ་པོའི་བཟོ་བོ་མཁས་པ་བཀུག་སྟེ་སྒོ་མང་རིན་པོ་ཆེ་ལས་བཞེངས་བདུན་ཅུ་རྩ་ལྔ་པ་ལ་གཤེགས། སློབ་མ་གྲུབ་པ་བརྙེས་པ་བགྲང་གིས་མི་ལང་། གཙོ་བོ་རྗེ་སྤྱན་སྔ། དབོན་རིན་པོ་ཆེ་མཆེད། གཉོས་མགར་ཆོས་གསུམ། དབོན་ཤེར་འབྱུང་སོགས་སོ། །རྗེ་སྤྱན་སྔ་བ་ནི་སློབ་དཔོན་པདྨའི་དངོས་སློབ་ཨ་མི་བྱང་ཆུབ་འདྲེ་བཀོལ་དུ་གྲགས་པའི་གདུང་རབས། རླངས་ལྷ་གཟིགས། ཡབ་ཡོན་ཆེན་རྒྱལ་བསྐྱབས་ཀྱི་སྲས་སུ་བལྟམས། བཅུ་གསུམ་པ་ལ་སྤྱི་གནས་གཡོ་བུ་ཞེས་བྱ་བར་རབ་ཏུ་བྱུང་། མཚན་གྲགས་པ་འབྱུང་གནས་སུ་གསོལ། དགུང་ལོ་བཅོ་ལྔ་པ་ལ་བྲོས་ནས་འབྲི་གུང་དུ་བྱོན། ཆོས་རྗེ་དང་མཇལ། དེར་ཕྱག་དབུ་ལ་བཞག་པ་ཙམ་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་འཁྲུངས། ལོ་ངོ་གསུམ་གཟིམས་སྤྱིལ་ཟུར་པ་ཞིག་ཏུ་དེ་བསྐྱངས། བཅུ་བདུན་པ་ལ་ཆོས་རྗེ་དྭགས་པོར་འབྱོན་པའི་ཕྱག་ཕྱི་གཟིམས་གཡོག་མཛད། དེ་མན་སྤྱན་སྔ་ཁོ་ནར་བཞུགས་པས་སྤྱན་སྔ་བར་ཐོགས། བཅོ་བརྒྱད་པ་ལ་ཞེང་སུམ་ཐོག་པས་མཁན་པོ། ལྷ་འབྲི་སྒང་པས་ལས་སློབ་བྱས་ཏེ་བསྙེན་པར་རྫོགས། ཆོས་རྗེའི་གདམ་ངག་ཐམས་ཅད་ཚང་བར་གསན། ཆོས་རྗེས་ཚོགས་སུ་བྱོན་པའི་ན་བཟའ་བསྣམས་པའི་མོད་ལ་ཁྲི་ཐོག་ཏུ་བཏོན། ཆོས་རྗེ་ཉིད་ཀྱིས་ཕྱག་ཕུལ་ཏེ། ངས་གདན་ས་བརྒྱ་འགྱུར་སྟོང་འགྱུར་དུ་བཟང་དུ་བཏང་གི་གསུངས་ནས་རྗེ་སྤྱན་སྔ་ཕག་མོ་གྲུར་བརྫངས་ཏེ། ངམ་བུས་ཚོགས་པ་འདི་ཙམ་བསྐྱངས་པའི་ཕུད་རྗེ་ཕག་མོ་གྲུ་པ་ལ་ཕུལ་བ་ཡིན་གསུངས། ༼༢༨༡༽དེ་བཞིན་དེའི་རིང་ལ་གདན་ས་ཤིན་ཏུ་དར་རྒྱས་ཆེ། ལོ་ཉི་ཤུ་རྩ་དྲུག་བཞུགས། དེ་ནས་འབྲི་གུང་དུ་དབོན་རིན་པོ་ཆེ་ཞི་བར་གཤེགས་པའི་མ་ལེགས་སྐྱེལ་དུ་བྱོན་དུས་གཅུང་རིན་པོ་ཆེ་འབྲི་གུང་གླིང་པ་སོགས་ཀྱི་གདན་སར་བཞུགས་དགོས་པའི་ཞུ་བ་ཕུལ་བ་མ་བཞེས། ཐ་མ་སྟག་ལུང་པ་དང་བཀའ་གདམས་པ་སོགས་ལ་རྒྱ་འདྲེ་མི་བྱེད་པའི་རྩིས་བཟུང་ནས་ལོ་ཉི་ཤུ་རྩ་གཉིས་མཛད། དེར་བཞུགས་པའི་ལོ་བདུན་པ་ལ་ཧོར་དམག་འདམ་དུ་སླེབ་པའི་འུར་བྱུང་། འབྲི་གུང་གི་དགེ་འདུན་རྣམས་བྲོས་པར་རྩོམ་པའི་ཚེ། འཇིགས་མི་དགོས་གསུངས་ཅག་གེ་བཞུགས། དེའང་ཐོག་མར་ཧོར་གྱི་དམག་དཔོན་མི་ལི་བྱི་བྱུང་། སྐུ་མཐོང་བ་ཙམ་གྱིས་ཕ་དང་བུའི་འདུ་ཤེས་སྐྱེས་ཏེ་ཕྱིས་འབུལ་བ་སྐྱེལ་བར་ཁས་བླངས། དེ་ནས་ཞག་ཉེར་བརྒྱད་ལ་དོར་རྟས་དམག་དཔོན་བྱས་ནས་སླེབས་བྱུང་། ཁོས་སྒོམ་པ་ཤཱཀྱ་རིན་ཆེན་གྱི་ལག་པ་ནས་བཟུང་ནས་ཁྲིད་པས་ནམ་མཁའ་ནས་རྡོའི་ཆར་པ་བབ། ཁོ་ན་རེ་འདི་ཅི་ཡིན་ཟེར། ཁྱོད་ཀྱིས་ངམ་བུའི་སྒོམ་པ་བཟུངས་པས་ངམ་བུ་མ་དགྱེས། ངམ་བུ་མ་དགྱེས་པས་གནམ་མ་དགྱེས་ཏེ་རྡོ་ཆར་བྱུང་བ་ཡིན་གསུངས། འདིས་ཅི་བྱེད་པ་ཡིན། ངམ་བུ་སོ་ནམ་ནི་མི་བྱེད། གཞན་གྱི་འབུལ་བ་བྱུང་བ་རྣམས་འདིའི་ལག་ཏུ་གཏད་ནས་དགེ་འདུན་སྐྱོང་བ་ཡིན་གསུངས་པས་སྒོམ་པ་བཏང་གནོད་པ་མེད་པར་བྱས་སོ། །དེ་ལྟར་ཐམས་ཅད་ཏིང་ངེ་འཛིན་གྱི་དབང་དུ་མཛད་པས་འབྲི་གུང་གི་སྡེའང་ཆེར་འཕེལ། བན་ཁྲི་ཚོ་བཅོ་བརྒྱད་འཚོག་ཅེས་གྲགས་པའང་དེ་དུས་བྱུང་། ཆོས་རྗེ་ས་སྐྱ་པཎྜྻི་ཏས་རྗེ་བཙུན་པ་གཤེགས་པའི་གྲལ་དབུར་སྤྱན་འདྲེན་མཛད་པའི་ཞུ་ཡིག་ཏུའང་། ད་ལྟ་ཁྱོད་ལས་བཟང་བའི་དགེ་བའི་བཤེས་གཉེན་མི་འདུག་པས་ཞེས་བསྔགས་པ་ཡིན། དེའི་ཚེ་གཅུང་རིན་པོ་ཆེ་ལ་ཞེན་འཐེན་པ་འགའ་ཞིག་གིས་མ་གུས་པའི་རྣམ་འགྱུར་བསྟན་པས་ང་འགྲོ་བ་ཡིན་གསུངས་མ་ཟད་ཀྱི་ཐད་དུ་སྒར་མཛད། དེ་གཅུང་རིན་པོ་ཆེས་མཚམས་ཀྱི་ཁུལ་ནས་གཟིགས་ནས་ཧར་འདོན་མཛད་བཞུགས་པར་ཞུས་པས་མ་གནང་། གཅུང་གིས་ད་འོ་ན་ཁྱོད་རྒྱ་གར་ཡུལ་ན་སྐུ་ཁམས་བཟང་འདུག་ཟེར་ནའང་དེ་བར་དུ་ང་གདན་སར་ལ་སྣོམ་རི་བྱས་ནས་དབུ་སྙུང་ཕུལ་བས། འོ་ན་ད་གཟུ་བ་དགུས་ཕུལ་ནའང་མི་འགྲོ་གསུང་། དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལ་གཤེགས་པ་ཡིན་ནོ། །བུ་སློབ་ཀྱང་རྒྱལ་བ་རིན་པོ་ཆེ། གཅུང་རིན་པོ་ཆེ། རྒྱལ་བ་ཡང་དགོན་པ་སོགས་མང་པོ་བྱུང་ངོ་། །རྒྱལ་བ་རིན་པོ་ཆེ་ནི་རྗེ་སྤྱན་སྔའི་དབོན། དགུང་ལོ་བཅུ་དྲུག་པ་ལ་དབུས་སུ་ཕེབས། རྗེ་སྤྱན་སྔས་བྱིན་༼༢༨༢༽བརླབས་མཛད་པས་རྟོགས་པ་འཁྲུངས་སོ། །བཅུ་དགུ་པ་ལ་འབྲི་གུང་དུ་བྱོན་བསྙེན་པར་རྫོགས། སྒྲུབ་པ་མཛད་པས་སྤྲུལ་བསྒྱུར་ནུས། རྗེ་སྤྱན་སྔ་འབྲི་གུང་དུ་བཞུགས་དགོས་བྱུང་བས་དགུང་ལོ་སོ་གསུམ་པ་ལ་ཐེལ་གྱི་གདན་སར་འབྲི་གུང་ནས་བཀོད་དེ་བརྫངས། དེར་གཡོག་རྣམས་ཀྱིས་མཐོང་བཀུར་ཆེར་མ་བྱས་པས། རྗེ་ལ་ཞུས་པས་ཚེས་གྲངས་འདིའི་ཉིན་ངས་ཆོས་རར་ཐོག་འབེབས། ཁྱོད་རང་དེ་ཆོས་གོས་ཀྱིས་བཟེད་ལ་ཕོ་གསུངས་པ་དེ་བཞིན་བྱུང་། ཆོས་ར་ཐམས་ཅད་བརྒྱལ་ནས་སོང་། ཐོག་ཆོས་གོས་ཀྱིས་གཏུམས་ཏེ་གར་འབོ་གར་འབོ་གསུང་བ་ནའང་ཚིག་སྒྲ་འུར་སྒྲ་འབྱིན། མཐར་ཆོས་རའི་མཐར་བོར་བས་ཤུལ་མི་བཟད་པ་བྱུང་། དེས་ཐམས་ཅད་ཀྱིས་གྲུབ་ཐོབ་ཏུ་ཤེས་ནས་གུས་པ་རྙེད། དེའི་སྙན་པ་གསན་པས། ཧོར་རྒྱལ་པོ་ཇིང་གིར་ཧན་གྱི་བུ་ཐུ་བོ་ཧུ་ལའི་ཧུ་གནམ་ཐེའི་སྤྲུལ་པ་ཡིན། འབྲུག་སྒྲ་ཐོས་པ་དང་དངངས་སྐྲག་བསམ་གྱིས་མི་ཁྱབ་པ་སྐྱེས་པས་རྒྱ་ནག་གི་རྒྱལ་ས་མི་ཟིན་པར་འདུག་ཅེས་སོག་ཡུལ་དུ་བསྐྲད་པ་བསོད་ནམས་ཆེ་ནས་སྟོད་ཧོར་གྱི་ཡུལ་ཐམས་ཅད་ཀྱི་བདག་བྱས། ཁ་ཆེའང་ཁོའི་འོག་ཏུ་ཆུག་པ་ཞིག་ཡོད་པ་དེས་བླའི་མཆོད་གནས་སུ་བཀུར། འབུལ་མོ་ཆེ་ལན་གསུམ་རྒྱབ། སྟོད་ཧོར་གྱི་ཡུལ་དུ་ཁ་ཆེའི་བཟོ་བོས་བསྒྲུབས་པའི་སྐུ་རིགས་ཐམས་ཅད་འདིའི་རིང་སངས་རྒྱས་ཀྱི་བསྟན་པ་ལ་སྲི་ཞུ་ཆེན་པོ་བྱས་སོ། །གཞན་ཡང་སིངྒ་ལ། ཏི་ར་ཧུ་ཏི། བོད་ཡ་ཚེའི་རྒྱལ་པོ་ཀུན་གྱིས་འབུལ་བ་མང་དུ་བྱས་ཏེ་དྲུག་ཅུ་རྩ་ལྔ་ལ་གཤེགས། དེའི་གདན་སར་དེ་ཉིད་ཀྱི་དབོན། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ཕེབས་ཏེ། དབོན་བརྒྱུད་རིམ་པར་སྤྱན་སྔ་མཛད། ས་སྐྱ་ནང་འཁྲུགས་ནས་བོད་བྱིང་ལ་འདིའི་དབོན་རིགས་ཀྱིས་ལུང་བརྒྱུགས་པས། ལུགས་གཉིས་ཀ་ལ་ཕག་མོ་གྲུ་པ་ཞེས་འགྲན་ཟླ་མེད་པ་འདི་བྱུང་ངོ་།། འབྲི་གུང་དུ་སྐྱོབ་པ་རང་གི་གདན་ས་དབོན་རིན་པོ་ཆེས་མཛད། དེ་གཤེགས་ནས་རྗེ་སྤྱན་སྔས་མཛད། དེ་རྗེས་གཅུང་རིན་པོ་ཆེས་བསྐྱངས་པས་འབྲི་གདན་གཉིས་སུ་གྱེས། གཉོས་ལྷ་སྣང་བ་ནས་ལྷ་པ་མཆེད། འདིའི་ནང་དུ་མན་ལུང་གུ་རུའང་བྱུང་བ་ཡིན། ས་སྐྱ་པ་དབང་ཆེ་བའི་དུས་ནའང་འབྲི་གུང་པ་ལུང་འོག་ཏུ་མ་ཚུད་པས་ས་འབྲི་སྟོད་སྨད་ཐམས་ཅད་དུ་འཐབ། ཕྱིས་ཨང་ལེན་གྱིས་རྒྱའི་དམག་བོས་ནས་འབྲི་གུང་གླིང་ལོག་བཏང་། ཅུང་ཟད་ལས་མ་གནོད་པ་དིང་སང་བར་དུ་དར་རྒྱས་དཔེ་མེད་པ་འདིས་ཤེས་༼༢༨༣༽སོ།། དབོན་ཤེར་འབྱུང་སྐྱོབ་པའི་རུས་དབོན། སྐྱོབ་པའི་སྤྱན་སྔར་བཞུགས་པའི་ཚེ། བླ་མའི་ཞབས་ཏོག་དང་མཁྱེན་པ་ལ་མཐའ་མེད་པས་ཐམས་ཅད་ཀྱིས་སློབ་དཔོན་པ་ཞེས་ཟེར། སྐྱོབ་པ་གཤེགས་ནས་ཏི་སེ། ལྷོ་བྲག་མཁར་ཆུ་སོགས་སུ་བྱོན། མཁར་ཆུར་ཁྱད་ཆོས་བརྒྱ་དང་དགུ་བཅུ་པ་དགོངས་གཅིག་ཏུ་གྲགས་པ་ཡི་གེར་བཏབ། དེ་ཉིད་དུ་བརྒྱ་ལྔ་བཅུར་བསྡུ་བ་མཛད། དྭགས་སུ་བྱོན་སྒམ་པོའི་སྤྱན་སྔའང་མཛད་དོ། །དེ་ལྟར་འབྲི་གུང་པ་དར་བའི་སྒང་ལ་ཐམས་ཅད་ཁོང་གི་ཁོངས་སུ་གཏོགས་པ་འདྲ་ཞིག་ཡོད་སྐད་དོ། །རྟོགས་པ་མཐར་ཕྱིན་གླིང་རས་པ་ནི། འཁྲུངས་ཡུལ་མྱང་སྟོད་བཞེངས་ཀྱི་གླང་པོ་སྣར། གླིང་སྟོད་སྨད་གཉིས་ལས་གླིང་སྨད་པ། ཡབ་རྒྱལ་པོ་སྐྱབ་བེ། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་འཁྲུངས། མཚན་པདྨ་རྡོ་རྗེ། གཞོན་ནུ་ནས་བྲིས་ཀློག་མཁས་པར་མཁྱེན། བརྒྱད་ལ་ལྷ་རྗེ་རས་སྨན་ལས་སྨན་བསླབས། བཅུ་གསུམ་ལོན་ཚེ་མཁས་པར་གྱུར། བཅུ་བདུན་པ་ལ་ཁུ་བོ་དགེ་བའི་བཤེས་གཉེན་གླིང་ཞེས་པ་བཀའ་གདམས་པ་ཆེན་པོ་དེ་ལ་དགེ་བསྙེན་མཛད། དཔལ་དབྱངས་ཀྱི་སྒྲོན་མ་རྣམ་དྲུག་སོགས་མང་དུ་གསན། དབུས་པ་ཞང་བྱ་བ་རྭ་དང་དཔྱལ་གཉིས་ཀའི་སློབ་མ་ཞིག་ལ་ཕག་མོ་དང་། རྭ་འབུམ་སེང་ལ་དུས་འཁོར། བདེ་མཆོག འཇིགས་བྱེད་སོགས་རྭ་བའི་སྐོར་ཞིབ་མོ་གསན། རྗེ་དཔོན་ཞིག་དང་རབས་ཆད་ལ་མ་འཆམ་པས་མཐུ་མཛད་པས་དེ་བརླག མཐུ་ཆེ་བར་གྲགས། དེ་ནས་དགེ་བཤེས་འོམ་ཐང་པ་ལ་རབ་ཏུ་བྱུང་། བསོད་སྙོམས་ལ་བྱོན་པས་ཇོ་མོ་སྨན་མོས་བྲིད་དེ་ཚུགས་མ་ཟིན། གཉིས་པོ་བསྡོངས་ནས་ཁྱུང་ཚང་པ་རྭ་ལོའི་མཆོད་གནས་མཛད་པ་བསྟེན། ཁོང་གིས་རས་ཆུང་བ་མ་མཇལ་བ་འདྲ་བསམ་ལོག་ལྟ་ཞིག་སྐྱེས་པས། ཕྱིས་དྲོད་སྐྱེ་བ་ལ་གནོད་པར་བྱུང་གསུངས། དེ་ནས་རས་ཆུང་པའི་དངོས་སློབ་གཉལ་ལོ་རོ་ན་མང་དུ་བཞུགས་ཟེར་བ་གསན་ནས་གཉལ་ལོར་དུ་བྱོན། ཚེ་གོང་དུ་རྗེ་སུམ་པ་ལ་ངེད་ཐག་རིང་ནས་ཆོས་ཞུར་འོངས་པ་ཡིན་པས་ཐུགས་ལ་གདགས་པར་ཞུ་བྱས་པས། ཐོག་མར་ལོ་ལ་དབང་ཆོས་ཞུས། དེ་ནས་ང་མཚམས་གྲོལ་ཡོང་གསུང་བ་བཞིན། ལོའི་སྤྱན་སྡར་བྱོན། དེ་ནས་སུམ་པ། གཞན་བྱེས་འགོལ་བ་ལའང་གཏུགས་ཏེ། རྗེ་རས་ཆུང་པའི་གདམ་ངག་ཐམས་ཅད་ཁ་ཚང་བར་ཐོབ་པས། ད་ལྟ་འཛམ་བུའི་གླིང་ན་གདམས་པ་ང་རང་ཆེ་སྙམ་པ་བྱུང་། དེ་ནས་ལྷོ་མོན་དུ་སྒོམ་དུ་འགྲོ་བསམ་པ་ལ། མནལ་ལམ་དུ་མི་༼༢༨༤༽དཀར་པོ་ཞིག་བྱུང་ནས། སྐུ་ལུས་གཅེར་བུར་ཕྱུང་མགོ་མཇུག་ཡོངས་ལ་ལྟ་ཉུལ་ཞིབ་བོ་ཞིག་བྱས་ཏེ། ཁྱོད་ལྷོ་མོན་ལ་མ་འགྲོ། ད་སྟེ་ལོ་ལྔ་ན་ཁྱོད་ཀྱི་དོན་འགྲུབ་འོང་ཟེར་བ་རྨིས། དེས་བཤོལ། དེའང་གླིང་ལ་ཡ་མཚན་ཅན་གྱི་གཏམ་ལྔ་ཞེས་བྱ་བ་ཡོད་པའི་དང་པོ་ནི། མདོ་སྡེ་དཀོན་མཆོག་བརྩེགས་པ་གཟིགས་པས། སྔོན་སངས་རྒྱས་ལོག་པ་དད་སེལ་གྱི་བསྟན་པ་ལ་དགེ་སློང་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་བུད་མེད་ཀྱི་འཁོར་ལ་ཆོས་བསྟན་པ་ལ། གཞན་བསམ་གཏན་པ་དྲུག་ཅུས་འཁྲིག་པའི་ཆོས་ཀྱིས་བསྐུར་པ་བཏབ་པས་དམྱལ་བར་ཡུན་རིང་དུ་སྡུག་བསྔལ་མྱོང་། ཤཱཀྱ་ཐུབ་པའི་དྲུང་དུ་མིར་གྱུར་ནས་ལས་ཀྱི་སྒྲིབ་པ་སྦྱངས་ནས་ལྔ་བརྒྱ་ཐ་མ་ལ་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་ལུང་བསྟན་པའི་ནང་ནས། དེ་དག་གི་འདྲེན་པར་འོས་པ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འོད་བྱ་བ་ཡིན་པར་གཟིགས་པའོ།། གཉིས་པ་ནི། རྗེ་སུམ་པ་གཤེགས་ནས་གདན་ས་མཛད། སྔར་གྱི་ལུང་བསྟན་པ་དེ་ནས་ལོ་ལྔ་སོང་བ་ན་ངམ་ཤོད་ཀྱི་རི་ལ་སྒོམ་དུ་འབྱོན་བསམ་པ་ལྟར་བྱོན། ཡར་ཀླུངས་གདབ་ཁ་བྱ་བར་སྒོམ་ཆེན་འདྲ་བ་དང་ཕྲད། འཕྲོས་བྱས་པས་དཔལ་ཕག་མོ་གྲུ་པའི་སྙན་པ་གསན་པ་ཙམ་གྱིས་བ་སྤུ་གཡོས། སྤྱན་སྔར་ད་ལྟ་རང་སླེབ་ན་བསམ་པ་བྱུང་ནས་ཚམ་ཚོམ་མེད་པར་བྱོན། འགྲོ་བའི་མགོན་པོ་ཆོས་ཁྲིར་ཕེབས་པ་དང་མཇལ། སངས་རྒྱས་དངོས་ཡིན། ཤིང་དང་བྱ་འཁོར་འདི་ཀུན་ཀྱང་སྤྲུལ་པ་ཡིན། ང་རེ་འཚེངས་བསམ་པ་ཞིག་ལས་གཞན་ཐ་མལ་པའི་རྟོག་པ་མ་འགྱུས། དེའི་རྐྱེན་གྱིས་སྣང་བ་ཐམས་ཅད་བུན་ལོང་སོང་ནས་སྒྲིབ་བྱེད་ཞི། ཆོས་ཐམས་ཅད་ཀྱི་ངང་ཚུལ་དྲི་མ་མེད་པ་ཞིག་མཐོང་། སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད་དེ། དཔེ་ཡི་གེ་གཅིག་ཀྱང་མ་ཞུས་ཏེ། །རྒྱལ་བའི་གསུང་རབ་རབ་འབྱམས་ལ། །ཤེས་པའི་སྣང་བ་དེ་ནས་ཐོབ། །ཤེས་རབ་ཀྱི་སྤྱན་ཅིག་གནང་བ་འདྲ། །དེ་ནས་ལྷན་ཅིག་སྐྱེས་སྦྱོར་གསན་ཏེ་ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་མཚམས་ཀྱི་དམ་བཅའ་ཕུལ་ཏེ། ཞག་ལྔ་སོང་བའི་ཉིན། ཕག་མོ་གྲུའི་མཁའ་འགྲོ་མ་དེ་གཤེགས་པ་གཟིགས་ནས་དེར་བྱོན་ཏེ་ཐོད་པ་བྲེགས། ཀླད་པ་བལྡག་གིན་བྱོན་པ་དང་། སྟག་ལུང་ཐང་པ་ཐོད་པ་འབྲེག་བསམ་བྱོན་པ་ལམ་དུ་འཛོམ། གྲོགས་པོ་འདི་གསོལ་བྱས་ཀླད་པ་རྩིད་ཁེམ་གང་གདེངས་པས་ཁོང་ཞལ་ཡོལ་བྱས་ཞལ་རས་ལ་ཕོག དེའི་དབང་གིས་སྟག་ལུང་བའི་ཞལ་ངོ་རིམ་པར་སྐུ་འབྲས་གཙང་༼༢༨༥༽བ་ཡིན་ཟེར། དེ་ནས་འགྲོ་མགོན་རིན་པོ་ཆེ་ཆོས་ཁྲི་ཁར་བུར་སྟོན་ཞིག་གི་གྲལ་དབུ་ལ་ཕེབས་འདུག་པ་ལ། གྲལ་གཤམ་ནས་ཐོད་པ་བཟེད་ནས་བུ་རམ་གྱི་རྩིག་པ་ལྟ་བུ། བླ་མའི་གསོལ་རས་དེ་ལ་རྒྱ་ཕུབས་བཀལ་བ་ལྟ་བུ་ཞིག་བྱུང་ནས་རྟེན་འབྲེལ་བཟང་། འདིར་མ་འོངས་པ་ན་གཙུག་ལག་ཁང་རྒྱ་ཕུབས་ཅན་ཞིག་འབྱུང་གསུངས། ཁྱོད་ལོ་བདུན་ཟླ་བ་བདུན་ཞག་བདུན་དུ་མཚམས་བཅད་དེ་སྒོམ་པར་དམ་བཅས་ནས་ཞག་ལྔ་ལ་གྲོལ་བ་ཅི་ཡིན་གསུངས་པས། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་ནས་བསྒོམས་ལགས་པས། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་བཟུང་རྒྱུ་ཡང་མི་གདའོ། །སོགས་ཕུལ་བས། བླ་མ་མཉེས་ནས་རྒྱ་གར་ཆུ་བོ་གངྒཱ་ཕན་ཆོད་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བ་ཡིན་གསུངས་བསྔགས་པ་བརྗོད། རྗེ་སྤྱིར་རྣལ་འབྱོར་པ། སྒོས་ཆུང་མ་ཅན་ལ་མི་མཉེས་ཀྱང་གླིང་རས་པ་ལ་ལྷག་པར་མཉེས། དེར་ཕག་མོ་གྲུ་པས་རྟེན་འབྲེལ་མཛད་དེ་ཇོ་མོ་སློག་དེ་ནས་སྣ་ཕུའི་བཀྲ་ཤིས་དགེ་གླིང་གི་ཕུག་པར་བཞུགས། ཕག་མོ་གྲུར་ཆོས་བརྡའ་བྱུང་ཙམ་ནས་དེ་ནས་བྱོན་ཏེ་ཆོས་གསན། སླར་དེར་ཟློག་པ་ཡིན་ཞེས་ཨུ་རྒྱན་པར་གསུངས། བཟའ་བཏུང་ཅི་བཞེས་ཀྱི་ཕུད་ཀྱིས་བླ་མ་མཆོད་པས། འགྲོ་མགོན་གྱི་དྲུང་ན་དགེ་བའི་བཤེས་གཉེན་འགའ་དང་བཅས་ཏེ་ཇ་གསོལ་བའི་ཞལ་དཀར་དུ་ཚོད་མ་ཞིག་ལིང་བྱུང་། ཅི་ཡིན་ཞུས་པས། གླིང་རས་ལྐུགས་པ་དེས་ཚོད་མའི་ཕུད་ཕུལ་བར་འདུག་གསུང་དགྱེས། གསུམ་པ་ནི། འགྲོ་མགོན་གཤེགས་ནས་འགྲོ་དོན་མཛད། ནོར་བྱུང་ཚད་ཆ་ལང་ཆེན་པོ་ཞིག་ལ་བཅལ་ཏེ་ནམ་མཁའ་ལ་འཁྲོལ་གྱིན་བྱོན་ཏེ་ཕག་མོ་གྲུར་ཕུལ། ཚུར་ལོག་ནས་བསམ་ཡས་སུ་ཞག་ས་མཛད་པའི་ཐོ་རངས། བུད་མེད་སྔོན་མོ་ཞིག་གིས་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ཡིན་མནོ་བ་ཞིག་ལྗགས་སྟེང་དུ་བཞག་བྱུང་བ་ཁོང་དུ་སོང་བ་རྨིས། དེ་ནས་བཀའ་འགྱུར་ཐམས་ཅད་ཐུགས་ལ་ཆུག བདེན་རྫུན་ལྟ་བ་ལ་ཚལ་དུ་བྱོན་ནས་མནན་ཤར་མཛད་པས་ཕར་ཞུ་དག་ཐུབ་པ་བྱུང་། །བཞི་པ་ནི། དེ་ནས་མདོ་རྒྱུད་མཐོང་ཚད་ལ་དོན་མི་མཁྱེན་པ་མེད་ནས་འགྲེལ་པ་བརྩམ་དགོངས་ཏེ། བདེ་དགྱེས་མཚན་བརྗོད་ལ་སོགས་པ་ལ་འགྲེལ་པ་བརྩམས་པས་སྣ་ཕུའི་མདོ་འཕྲང་པོ་ཞོ་རར་ཀློག་པའི་སྡེ་ཡོད་པ་དག་གིས་སྐུར་པ་བཏབ། དེ་གསན་ནས་དེར་བྱོན་ཏེ་གང་མི་འཐད་པ་འདུག་ཅེས་རྩོད་པས་སུས་ཀྱང་ལན་འདེབས་མ་ནུས། དེའི་ཚེ་ཐུགས་ཁེངས་པ་སྐྱེས་ནས་གླེགས་༼༢༨༦༽ཤིང་གཅིག་སྐུ་མདུན་གཅིག་སྐུ་རྒྱབ། དེ་གླེགས་ཐག་གིས་བསྡམས་ཏེ་ནམ་མཁའ་ལ་ཕར་བཞུད་ཚུར་བཞུད་མཛད་དེ། ང་དམ་ཆོས་ཀྱི་པོ་ཏི་ཞིག་ཏུ་མི་འདུག་གམ་སོགས་ཀྱི་མགུར་བཞེངས་པས། ཐུབ་པའི་དབང་པོས། གླིང་རས་པ་དེ་ལྟ་བུའི་ཁེངས་པ་མ་བྱེད། ངའང་མཐར་འདི་ལྟར་གྱུར་གསུངས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ཞི་བར་གྱུར། ཐམས་ཅད་ཀྱིས་གུས་པས་བཏུད། གྲུབ་ཐོབ་ཆེན་པོ་ཞེས་སྙན་གྲགས་ཀྱི་གདུགས་དཀར་པོ་སྲིད་པའི་ཁོངས་ཐམས་ཅད་གང་བར་གྱུར་ཏོ། །དེ་ནས་གཉལ་ལོར་དབུས་གཙང་ཀུན་ཏུ་དད་པ་ཅན་སྤྱན་འདྲེན་པ་རྣམས་ཀྱི་ངོ་བཞིན་བྱོན། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་རྣམ་པར་ཕྱེ་བར་མཛད། ལོ་རོ་ཚེ་སྤོང་དུ་ལོ་རོ་ཞིག་པོ་གདན་སར་བཀོད། རྗེ་རང་དབུས་གཙང་དུ་གཙོ་བོར་བཞུགས། སྐབས་ཤིག་སྣ་ཕུར་དབང་བསྐུར་ཞུ་བའི་མི་འགའ་ཡོད་པ་ཞིག་ལ་དབང་གཡོག་ལ་ཞིག་པོ་དེ་ཡོད་ན་དགོངས་པ་ཞིག་བྱུང་བ། ཁོ་ལོ་རོ་དོལ་གྱི་ལྷ་རྩེར་ཡོད་པས་ཤེས་ནས་འཕུར་ཏེ་དབང་བསྐུར་གྱི་གྲབས་མཛད་སར་སླེབས། ཁྱོད་ཀྱིས་ཇི་ལྟར་འོངས་གསུངས། རི་མཐོ་བ་རྣམས་ལ་རེག་ལ་ཁྱད་བྱས་ཏེ་འཕུར་ནས་འོངས་ཞུའོ། །ལྔ་པ་ནི་བཀྲ་ཤིས་དགེ་གླིང་གི་ཕུག་ན་བཞུགས་དུས་མཁའ་འགྲོ་མ་ཞིག་བྱུང་ནས། གླིང་རས་པ་དེར་མ་སྡོད་ཟེར། ཕྱིར་བྱོན་མ་ཐག་བྲག་ཕུག་དེ་རྡིབ། དེ་ནས་འཇག་སྤྱིལ་མཛད་དེ་སྒང་དེར་བཞུགས་པའི་སྐབས། མཁའ་འགྲོ་མ་ལྔ་རང་རྟགས་ཀྱི་དབུ་རྒྱན་རེ་ཁྱེར་ནས་གྲུབ་ཐོབ་ཆེན་པོའི་དབུ་ལ་བསྐྱོན། རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ་ནས་མི་སྣང་བར་གྱུར་ཏོ། །དེ་ལྟར་དྲུག་ཅུ་རྩ་གཅིག་གི་བར་དུ་བཞུགས་ནས་དབྱར་ཟླ་ར་བའི་ཉེར་བརྒྱད་ལ་གཤེགས། གདུང་རྟེན་ལ་སོགས་པ་ལེགས་པར་བསྒྲུབས་སོ།། །། ༈ དེའི་སློབ་མའི་གཙོ་བོ་ནི། ཆོས་ཀྱི་རྗེ་ཡིན་ཏེ། དེ་འཁྲུངས་པའི་ཡུལ་མྱང་སྟོད་ཁུ་ལེའི་ཆ། ཡབ་རྒྱ་ཟུར་སོ་ཚབ་པེ་དང་། ཡུམ་མར་བཟའ་དར་སྐྱིད། སྲས་བདུན་བྱུང་བའི་ཆུང་ཤོས་ཏེ་ཕ་མ་འབྲོག་པ་ཡིན་ལ། བསྐྱས་དང་ཐུག བྱིང་སོང་ཡུམ་གཅིག་པུར་ལུས་པ་ལ་གན་ལོགས་ཞེས་བྱ་བའི་ལྷས་སུ་གྲོད་པ་སྒོར་མོ་ཞིག་བཙས་པས། ཡུམ་དངངས་ཏེ་བོར་ནས་འོངས་པ་ཇོ་ཇོས་རྩད་བཅད་པས་ལོ་རྒྱུས་ཇི་ལྟ་བ་བཤད། དེ་ཉིད་དུ་ཇོ་ཇོས་བརྒྱུགས་ཕྱིན་པས་སྦྲ་ཤུལ་ན་བྱ་རྒོད་གཅིག་གིས་གྲོད་པ་དེ་སོས་ནས་རྟོལ། ཁྱེའུ་ཞིག་འདུག ཁོང་བྱུང་བ་དང་བྱ་རྒོད་དེ་འཕུར་སོང་། དེ་སློབ་དཔོན་ལྭ་བ་པ་ཡིན་ཞེས་གྲགས་སོ། །དེ་ནས་གཞོན་ནུའི་༼༢༨༧༽དུས་སུ་པདྨ་སམྦྷ་ཝའི་ལུང་བསྟན། ས་རལ་ཞེས་པའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་འབྱུང་། །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ་ཞེས་པ་ལྟར། དེར་བྱིས་པ་རྣམས་ཁྲིད་ཕ་བོང་དེ་ཁྲིར་བྱས་ནས་ཆོས་འཆད་པའི་ཚུལ་གྱིས་རྩེ། ནངས་ཤིག་དེའི་འཁྲིས་ཀྱི་རྡོ་ལ་ཞབས་ཀྱི་པདྨོ་གཉིས་ཤིན་ཏུ་གསལ་བར་བཀོད། གཅེན་ཆེན་པོ་སྐལ་ལྡན་བྱ་བས་དགུང་ལོ་བཅུ་གཉིས་པ་ལ་ཁུ་ལུང་དུ་སློབ་དཔོན་མཁར་ལུང་པ་ཅན་ཁྲིད་ལོ་བརྒྱད་བསྟེན་ཏེ་ཚད་མའི་གྲྭ་ས་ཡིན་པས། དེར་སྦྱངས་པ་མཐར་ཕྱིན། གྲྭ་བསྐོར་ཡང་མཛད། སློབ་དཔོན་མཉེས་ནས་མཚན་ཤེས་རབ་བདུད་རྩིའི་འཁོར་ལོར་གསོལ། གཞན་སློབ་དཔོན་རྟ་ཐང་པ་ལ་མངོན་པ། ལྷན་གྱི་སོ་དར་མ་སེངྒེ་ལ་སྒྱུ་འཕྲུལ་མདོ་རྒྱུད་སོགས་སྦྱངས། གཞན་ཡང་བླ་མ་འགའ་རེ་བསྟེན། དགུང་ལོ་ཉེར་གསུམ་པ་ལ་གྲུབ་ཐོབ་གླིང་ར་ལུང་དུ་ཕེབས་པ་དང་མཇལ། གསུང་གླེང་ཙམ་མཛད། དེ་ནས་དབུས་སུ་བྱོན། སྣ་ཕུར་མཇལ་ནས་དབང་རྒྱུད་གདམ་ངག་ཞུས། ཞག་བདུན་ནས་རས་ཐུབ། ཡང་ཡུལ་དུ་སྐོར་ཅིག་བརྒྱགས་ལེན་དུ་བྱོན། ཕྱིར་སྣ་ཕུར་ལོག བླ་མ་འབུལ་བས་མཉེས་པར་བྱས་ཏེ་དགུན་འདག་སྦྱར་མཛད་དེ་བསྒོམས་པས། རླུང་ཕྱི་ནང་བསྲེ་ནུས་པ་དང་། རྩིག་པ་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་དྭངས་པ་ལྟ་བུ་ལ་འབྱམས་ནས་བསྒོམ་བྱ་སྒོམ་བྱེད་སྟོར་འགྲོ་བར་འདུག་ནས། བླ་མ་ལའང་འདི་ལས་མེད་དམ་སྙམ་མཚམས་གྲོལ་བའི་དུས་ཞུས་པས། ངོ་མཚར་ཆེ་རྗེ་བཙུན་མི་ལའང་དེ་ལྟར་བྱུང་འདུག་གསུང་། བསྒོམ་བྱ་སྒོམ་བྱེད་མི་གདའ་ན་ཞུས་པས། བུ་དེ་ཀུན་ཉམས་ཡིན། རྟོགས་པ་བཤའ་མ་ཞིག་ད་སྟེ་ལོ་ལྔ་ན་འབྱུང་གསུངས། སྤྱིར་སྣ་ཕུར་ལོ་བཞི་བཞུགས། གདམ་ངག་ཐམས་ཅད་ཚར། ལུང་བསྟན་ནས་མཁར་ཆུར་འགྲོ་བའི་དགོངས་པ་ཞུས་པས། རོ་སྙོམས་གཏེར་ན་ཡོད་ཚུལ། དེ་འདོན་པ་ཁྱོད་ཡིན་ཏེ་ད་ལོ་རེས་སྡོད་གསུངས། ནན་གྱི་ཞུས་པས་ཁྲོལ་ཏེ་རྔོག་རྡོ་རྗེ་སེངྒེ་ལ་དགྱེས་གདན་ཡཱ་གསུམ་གསན་པ་ལ་ཟླ་བ་བརྒྱད་ཙམ་ཐོགས། དེའི་རིང་ལ་བླ་མ་མྱ་ངན་ལས་འདས་ནས་མི་འདུག འདད་དང་གདུང་ཁང་བཞེང་པ་ལ་ལོ་གཅིག་འགོར། དེ་ནས་ལྷོ་བྲག་མཁར་ཆུར་བྱོན། ལོ་གསུམ་བཞུགས། དཔོན་སློབ་བདུན་ཡོད། འཚོ་བ་ཤིན་ཏུ་བཀྲེས་ལ་ཁ་ལྷགས་ཀྱིས་མནར་བས་སྐུའི་མདངས་ཤོར། ཡུལ་མི་རྣམས་ཀྱིས་འདྲེ་མོ་སྤུན་བདུན་ཞེས་བཏགས། དེར་ཕྱག་ཕྱི་བ་རྣམས་ཀྱིས་རྐྱེན་མ་ཐེག་པར་ལོག ཇོ་ཀུན་དགའ་སྒྲ་ཟེར་༼༢༨༨༽ཁོ་སྟོད་པ་ཞིག་གིས་ཟླ་རེ་ལ་ཕྱེ་བྲེ་དོ་ཙམ་རེ་བསྐྱལ། བརྒྱགས་ཐེས་དེ་ཁ་ལ་མཛད་དེ་ལྕགས་ཕུར་ཅན་དུ་འདག་སྦྱར་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས། ཁམས་འདུས་པ་ཞིག་ལངས། དེ་ཇེ་ཐུ་ཇེ་ཐུར་སོང་ལོ་གསུམ་དུ་མ་དྲག ལོ་གསུམ་པའི་ནང་དུ་ཆོས་སྐྱོང་མགོན་པོས་ཕ་རིའི་ལོགས་ནས་སྒྱོགས་རྒྱག ལྷ་མོ་ནག་མོས་ལྷ་འདྲེའི་དམག་གཡོས། མི་རེང་དམར་པོས་མདའ་འཕེན། གཞན་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཚོགས་ཏེ། དམག་གིས་བསྐོར་ནས་རྒྱོབ་ཅིག་སོད་ཅིག་ཟེར། སྐབས་རེ་ན་རི་ཤིང་ནགས་ཚལ་ཐབས་ཅད་བགད། སྐབས་རེ་ན་འགུལ་ཁྱོམ་ལྡེག བྲག་རི་དེ་ཉིལ་ལི་ལི་ཞིག་འགྲོ། རེས་འགའ་ཐམས་ཅད་མགོ་བརྙན་ཅན་དུ་སོང་ནས་མཚོན་ཆ་འཕེན་པ་སོགས་བྱུང་སྟེ་བར་ཆད་ལམ་དུ་ཁྱེར་བའི་གོ་ཆ་སྲ་བས་རི་བཙུགས་པ་བཞིན་དུ་བཞུགས་པའི་མཐར། གྲུབ་ཐོབ་ཆེན་པོ་དྲན་པའི་གདུང་ཤུགས་དྲག་པོ་བྱུང་ནས་གསོལ་བ་བཏབ་པས་མདུན་དུ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་སོ་སྙམ་པ་ཞིག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་ལ་མདུང་བསྐོར་བ་བཞིན་དུ་སོང་། བར་ཆད་དེ་ཐམས་ཅད་དངོས་གྲུབ་ཀྱི་སྣ་འདྲེན། བདུད་རིགས་དེ་ཐམས་ཅད་དམ་ལ་ཐོགས་ནས་ཆོས་སྐྱོང་དུ་སོང་བས། བར་ཆད་ཆེ་དུས་དེར་ཆོས་སྐྱོང་ཡང་དགྲ་རུ་ལངས། ད་ལྟ་བདུད་ཀྱང་དཔལ་དུ་ཤར་གསུང་། རོ་སྙོམས་ཀྱི་གཏེར་ཕྱུང་། དེ་ཚེ་དགུང་ལོ་སོ་གཅིག་པའོ། །ཆོས་འདི་ཕྱིས་ཧ་བོ་གངས་སུ་རླུང་ཇོ་ཡེས་སོགས་བདུན་ལ་རྟེན་འབྲེལ་བསྒྲིགས་ཏེ་བཤད་པ་ཡིན། དེ་ནས་དབུས་གཙང་གཉིས་སུ་བྱོན། ཁ་རག་ཤར་གྱི་རི་ལ་བཞུགས། ཁྱུང་བཙུན་མ་བཀའ་འབངས་སུ་བཅུག དེར་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་ཡོང་ནས་སྲོད་ལ་ཙ་རི་ཏྲར་འགྲོ་བར་ལན་གསུམ་བསྐུལ། མཁའ་འགྲོའི་ལུང་བསྟན་ནམ་བདུད་ཀྱི་བར་ཆད་གང་ཡིན་མི་ཤེས་དགོངས་ཇི་སྙམ་མ་མཛད། ནམ་སེང་ཁར་ཅུང་ཟད་མནལ་དུ་སོང་། སད་པ་དང་ཁ་རག་གི་རི་ལ་ཉི་མ་ཤར་འདུག དེའི་ཉི་ཟེར་ལ་གྲུབ་ཐོབ་ཆེན་པོ་གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་བྱོན་ནས། བུ་རྒྱ་རས་མ་འདུག་སྒོམ་དུ་སོང་སོགས་གསུངས་ཏེ་མི་སྣང་བར་གྱུར། དེར་ལོ་རོ་སྐལ་ལྡན་སོགས་བཞི་ཁྲིད་འབྲི་གུང་དུ་བྱོན། དེ་ནས་ཁོང་རྣམས་ཡུལ་ལ་སློག རླུང་ཐུན་གཅིག་བཟུང་སྟེ་བྱོན་པས་བོད་ཁ་གསུམ་དུ་གཉོས་མགར་ཆོས་གསུམ་གནས་སྒོ་འབྱེད་པར་འགྲོ་བ་དང་འཛོམ། ཁོང་རྣམས་ན་རེ་ཁྱོད་སུ་ཡིན་པར་གར་འགྲོ་ཟེར། ང་གླིང་རས་གསུས་པོ་ཆེའི་བུ་རྒྱ་རས་མིག་པོ་ཆེ་ཡིན། གནས་༼༢༨༩༽ཙ་རི་ལ་སྒོམ་དུ་འགྲོ་གསུངས་ནས་བསྡེབས་ཏེ་ཞིང་སྐྱོང་གིས་བསུས་ནས་རི་པ་ལ་ལ་བྱོན། ཡུལ་སྟོད་སྦལ་བ་གཡུ་མཚོར་སྦལ་པ་གཡག་ཤད་ཙམ་གྱིས་ལམ་བགགས་པས། གྲོགས་གཞན་རྣམས་ཐབས་ཅི་དྲག་ལ་གྱ། ཆོས་རྗེ་དེའི་སྟེང་དུ་མཆོངས་ཏེ་བརྫིས། དེ་རྡོར་གྱུར་པ་ལ་ཞབས་ཀྱི་པདྨོ་འདམ་ལ་བཀོད་པ་ལྟ་བུར་ཨ་རྫོག་གོ་རྫོག་བྱུང་། དེ་ནས་ཅིག་ཅར་ཕུར་བྱོན། ཞིང་སྐྱོང་གི་དབང་མོ་རྡོ་རྗེ་གཡུ་སྒྲོན་དམ་ལ་བཏགས། ཕྱོགས་སྐྱོང་ལས་ཀྱི་གཤིན་རྗེས་དགེ་བསྙེན་བླངས། སླར་གཡུ་མཚོར་བྱོན་པ་ཤ་སྐམ་དུ་ཁོང་རྣམས་དང་འགྲིག དེ་རིང་གི་ཚོགས་འཁོར་ཁྱེད་གཤོམས་ཟེར། རུང་བྱས་ཞིང་སྐྱོང་གི་རུ་བ་ལ་བསླངས་ནས་ཟས་སྣ་ཚང་སྔར་མིང་ཙམ་ཡང་མ་ཐོས་པ་མང་པོ་བྱུང་སྟེ་ཚོགས་བཏང་ལྷག་མ་སྤུངས་པས་དཀར་རྡོག་ཐང་དུ་གྲགས། དེ་ནས་ཞིབ་མོ་ཁྲག་ཁྲིག་ཏུ་ཕེབས་དུས་ཉི་མའི་དགུང་ལ་ས་རུབ་སྐར་མ་ཁྲག་ཁྲིག་བྱུང་ནས་གྲོགས་རྣམས་ཀྱི་དེ་རེས་མ་བགྲོད། ཆོས་པའི་ཚད་རྡོ་བོར་ས་འདུག་གསུངས་ཏེ་བྱོན་པས་ལྷ་མོ་རེ་མ་ཏི་མཇལ། དེ་ནས་ཕོ་བྲང་གི་ཕྱོགས་བཞིའི་ཁྲི་བཞི་ནས་མཁའ་འགྲོ་མ་རྣམས་ལ་ཆོས་བཤད་ཁྱད་པར་ཕོ་བྲང་ཆེན་པོར་སྤྲུལ་པའི་ལྷ་ཞལ་གཟིགས། བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པ་དང་། བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་བསྐལ་པ་བཟང་པོ་འདི་ལ་མོས་པར་སངས་རྒྱ་བར་ལུང་བསྟན། དེ་ནས་སིནྡྷུ་རའི་རྒྱ་མཚོར་ཆུ་སྦུར་གྱི་ཚུལ་དུ་རྡོལ་པའི་མཁའ་འགྲོ་མས་རང་གི་སྐྲ་ལས་བཏགས་པའི་མིག་ར་ཕུལ། མཁའ་འགྲོ་མ་གཞན་རྣམས་ཀྱིས་རྡོ་ཡུར་བ་དྲངས་སྒྲུབ་ཕུག་ངོ་མཚར་བའང་ཕུལ། དེ་ནས་ཡུལ་སྟོད་དུ་ལོག སྡོང་པོ་ཁ་ཊྶཱཾ་གྱི་དྲུང་དུ་ཟླ་བ་གསུམ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། སངས་རྒྱས་རབས་བདུན་འཇལ་ཏེ་རྟེན་འབྲེལ་གྱི་གདམ་ངག་གསན། དེ་ནས་ཡར་ལོག་པའི་ལམ་དུ་རབ་བྱུང་གཅིག་དང་རྟོགས་ལྡན་གཅིག བུད་མེད་གཅིག་སྟེ་བཞི་མཉམ་དུ་བྱུང་། རབ་བྱུང་དེ་གཞན་དུ་སོང་། དེར་ཁོང་གསུམ་ལས་མེད་ནས། བུད་མེད་དེ་འཆལ་གཏམ་གུ་ཡངས་སུ་སྨྲ་བས་རྟེན་གྱིས་ལན་དགོངས་བསྙེན་པར་རྫོགས་པའི་ཐུགས་འདོད་ཆེར་ཡོད་པའི་གསལ་བཏབ། བྱང་འབྲི་གུང་དུ་བྱོན། སྐྱོབ་པ་སྐུ་མཚམས་ཡོད་པས་མཇལ་ཁ་མ་བྱུང་། ཕྱིར་ལོག་སྐྱོབ་པས་དགོངས་ནས་ཞྭ་བསྐུར་པ་ལམ་དུ་འཕྲོད། བླ་མ་ཞང་གི་རྩར་བྱོན། བླ་མ་ཞང་གིས་དགོངས་ནས་བསུ་བ་རྒྱས་པ་མཛད། དེ་ཕན་རྟེན་རས་པར་ཡོད་པས་དབུ་སྐྲ་བསིལ། ༼༢༩༠༽ཞང་གིས་མཁན་པོ་མཛད། རྩི་འདུལ་འཛིན་གྱིས་སློབ་དཔོན་མཛད་ཚིགས་རྫོགས་བསྒྲུབས། མཚན་ཡེ་ཤེས་རྡོ་རྗེར་གསོལ། དེའི་ཚེ་བླ་མ་ཞང་གིས་རྒོད་མ་དཀར་མོ་ལ་ཞོན་ཏེ་ཆིབས་རྒྱུགས་བྱས། རྒྱ་གར་གྱི་ནཱ་རོ་པཎ་ཆེན་གྱི་སྐྲ་གཅོད་མཁན་ང་མིན་པ་སུ་ཡོད་གསུངས། དེ་དུས་འབྲི་གུང་པས་གནང་བའི་ཞྭ་དེ་གྱོན་ནས་བཞུགས། ཞང་ལོག་ཕེབས་པའི་དུས། ཞྭ་རྒོད་པོ་ནམ་འཕངས་སྤྱོད་པ་འདྲ་བ་འདིས་རྒྱལ་ཁམས་འགེངས་བསམ་པ་ཡིན་ཏེ། རྒད་པོ་གཡས་ཆུང་བྱད་པའི་བར་ལ་རྟ་རྨིག་འདྲ་བ་བཞེས་གྲུབ་འདུག་པས་ད་འདིས་རྒྱལ་ཁམས་གང་བར་འགྱུར་གསུངས། སློབ་དཔོན་ལ་འདུལ་བ་གསན། མཁན་པོ་ལ་ཚལ་ལུགས་ཀྱི་བསྐྱེད་རྫོགས། ཁྱད་པར་ཆོས་སྐྱོང་གི་སྐོར་ལེགས་པར་གསན། བླ་མ་ཞང་ལ་བརྟེན་ནས་སྙིང་རྗེའི་ཀློང་རྡོལ། ཁོང་གིས་ལུང་བསྟན་ཀློང་རྡོལ་གྱི་དགོན་པ་བཏབ། དབུ་སེ་མཇལ་གདམས་པ་གསན། ཁོང་གི་ལུང་བསྟན་འབྲུག་བཏབ། ཆོས་རྗེ་དཔོན་སློབ་རྩེ་བོ་ལར་ཕེབས་དུས་ད་ལྟའི་གནས་ཡོད་སར་འབྲུག་མ་མད་དགུ་བབས་ནས་འདུག ནམ་མཁར་སོང་། ཕེབས་དུས་འབྲུག་སྒྲ་དྲག་པོ་ཐེངས་འགར་གྲགས་པས་དགོན་པའི་མིང་འབྲུག་ཏུ་བཏགས། དེ་ནས་དགོན་པ་བཏབ། ལོ་དེ་ཉིད་ལ་སྤྱིལ་བུ་སྟོང་དུ་ལོངས། དེ་ནས་ཀྱང་དེའི་རི་སུལ་ཐམས་ཅད་དུ་དར་བས། ཚོགས་པ་ལ་ཞག་དུས་བྱས། བརྡར་སྒང་མཐོན་པོར་དར་སློང་བ་ཡིན་ཞེས་གྲགས། སློབ་མ་ཁྲི་ཚོ་ལྔ་ཙམ་ཚོགས་ཟེར། དེ་ཐམས་ཅད་ལ་ཡང་དག་པའི་གདམ་ངག་བྱིན་ནས་རབ་འབྲིང་གསུམ་དུ་ཕྱེ་ནས་འཁོར་འགྱེད་དང་པོ་བཏང་། རབ་རྣམས་ནི་འཇའ་ལུས་བརྙེས་པས་སྟེང་ལྷ། འོག་ཀླུ་དང་ལྷ་མིན། བར་མིའི་འཇིག་རྟེན་གཞན་དུ། འབྲིང་རྣམས་ཨུ་རྒྱན། ཤམྦྷ་ལ། སིངྒ་ལ། གསེར་གླིང་ཟངས་གླིང་སོགས། མཐའ་མ་ཛ་ལེནྡྷ་ར་ནས། རྒྱ་ནག་པོ་ཚུན་གྱི་རི་བོའི་ཁྲོད་དུ་བརྫངས་པས་ཐམས་ཅད་གང་བར་བྱས། འཁོར་འགྱེད་གཉིས་པ་ལ་དེ་ལས་ཀྱང་གཏོས་མི་ཆུང་བ་བཀྱེ། གསུམ་པ་ཆོས་རྗེ་མྱ་ངན་ལས་འདས་ནས་ཞལ་ཆེམས་བཞིན་ཕྱོགས་ཕྱོགས་སུ་བྱོན་པ་དེ་ལ་ཐ་སྙད་བྱས་པ་ཡིན། རྒྱུ་མཚན་དེས་དཔལ་འབྲུག་པའི་བསྟན་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་ཅེས་དང་། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་ཀུན་ལ་རླུང་ལྟར་གྲགས་སོ། །དེ་ལྟར་དགུང་ལོ་སོ་བཞི་ནས་ང་གཅིག་གི་བར་དུ་འཕྲིན་ལས་༼༢༩༡༽བསྐྱངས། གླིང་གིས་ལུང་བསྟན་ར་ལུང་བཏབ། དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལ་འབྲུག་ཏུ་གཤེགས། སྤུར་ཞུགས་ལ་སྦྱངས་པའི་དུས། ཐུགས་ལྗགས་སྤྱན་གསུམ། དབུ་ཐོད་ལ་རིགས་གསུམ་མགོན་པོ། སྐུ་ཚིགས་པ་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཉི་ཤུ་རྩ་གཅིག གཞན་རིང་བསྲེལ་ཡང་མང་དུ་བྱོན། འབྲུག་ཏུ་ལྷ་མོ་ཆེ་བཞེངས་དེའི་ནང་དུ་ལྗགས་བཞུགས་པས་ཆོས་བརྒྱུད་ཐམས་ཅད་ལ་འབྲུག་པ་ཟེར་བ་འདི་བྱུང་བ་ཡིན་ནོ།། དེ་ལ་སློབ་མ་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། མཐའ་མར་ཆེ་བ་ལོ་རྒོད་གཉིས། གཞན་རས་པ་གསུམ། རྣལ་འབྱོར་གསུམ། ཞིག་པོ་གསུམ་སོགས་དབུ་ཆེ་གདུགས་ཐོག་པ་ཉིས་སྟོང་བརྒྱད་བརྒྱ་བྱུང་བའི་སྤ་རི་བ། བླ་མ་ཞང་གི་མཆོད་གཤོམས་པ། མཚན་ཡེ་ཤེས་མགོན་པོ་ཟེར། ཞང་གི་ཆོས་རྗེ་ལ་ཆོས་སྐྱོང་གི་དབང་གནང་བའི་དུས། འདི་ངའི་ཟླ་ལ་བྱུང་ན་དགོངས། ཁོང་ཡང་བླ་མ་འདིའི་ཕྱག་ཕྱི་ལ་འགྲོ་རྒྱུ་བྱུང་ན་བསམ་པ་ཞང་གིས་དགོངས་ནས། ཡེ་ཤེས་མགོན་པོ་རང་རྒྱ་རས་པའི་ཕྱི་ལ་རྒྱུག་གསུང་གནང་བ་སྦྱིན་པས་ཆོས་སྐྱོང་ཡང་རྒྱ་རས་པའི་ཕྱི་ལ་འབྲངས་སོ་ཟེར་གྲགས་སོ། །སྐུ་ཡོན་ཆེ་བས་མཁྱེན་པའི་མངའ་བདག་ཅེས་ཐོགས། ཙ་རིས་རས་ཆེན་སོགས་ཀྱིས་ཀྱང་ཆུང་ངུའི་གསན་སྦྱོང་དེར་མཛད། སྤ་རི་བྱང་ཆུབ་གླིང་དགོན་བཏབ། ཆུ་བོ་རི་ལ་ཁ་ཤར་སོགས་མང་དུ་མཆེད། ཁོང་ནས་བརྒྱུད་པ་ལ་བུ་རྒན་དུ་གྲགས། རྐྱང་མོ་ཁ་པ་བདེ་བ་ཅན་དུ་སྦྱངས་པའི་སྟོན་པ་ཆེན་པོ་ཞིག་དང་པོར་ཆོས་རྗེ་ལ་རྒོལ་འདོད་ཀྱིས་དྲུང་དུ་འོངས། ཞལ་མཇལ་བའི་མོད་ལ་རྟོགས་པ་ཤར། རྐྱང་མོ་ཁ་བཏབ། བརྒྱ་ཡགས་བ་གྲྭ་པ་ཡིན། ཆོས་རྗེ་ལ་དབུལ་བ་མཛད་པའི་དུས་སློབ་མ་གཏོས་ཆེ་བ་ཡོད་པས་བཙུན་ཆུང་ན་མཉམ་བརྒྱ་ཕུལ། དེ་ལ་ཆོས་རྗེས་ཡགས་སོ་གསུངས་པས་བརྒྱ་ཡགས་པར་ཐོགས། དེར་བརྒྱ་ཡགས། འབྲོག་དགའ་ལྡན་ལ་སོགས་བཏབ། འབྲས་མོ་པ་ནི་ཉིད་རོ་པ། མཚན་སངས་རྒྱས་འབུམ། ཆོས་རྗེའི་གསུང་ལ་འདྲིས་པ། ཉམས་བཞེས་དགེ་སྦྱོར་བདུན་པ་ལ་རྩལ་དུ་བཏོན། སློབ་མ་མཁོན་སྒོམ་ལ་སོགས་པ་མང་ངོ་། །དེ་བཞི་ནས་བརྒྱུད་པ་ལ་བུ་ཆེན་བརྒྱུད་ཟེར། རས་པ་གསུམ། གཡག་རས། ལི་རས། འགྲན་རས། གཡག་རས་ཀྱི་སློབ་མ་ལ་སྟོད་པ་བདེ་མཆོག་སངས་རྒྱས། དེའི་སློབ་མ་སྤྲུལ་སྐུ་ཤེས་ཡེས། དེའི་སློབ་མ་རྫ་རི་རས་པ། དེའི་སློབ་མ་རྫ་སྒོ་བ་ཤེས་རབ་དཔལ། དེ་༼༢༩༢༽ལ་སྐྱེས་མཆོག་སྨོན་ལམ་དཔལ་བ་དང་། འཇམ་དབྱངས་པ་སོགས་མང་ཞིག་བྱུང་། སྐྱེས་མཆོག་པའི་སློབ་མ་ལ་རྫ་སྣ་པ། རྒྱལ་དབང་རྗེས་ལུང་མང་བར་མཚན་གསོལ་བ་དེ་སོགས་འབྲོག་ཕྱོགས་ན་ཤིན་ཏུ་དར། སྒྲུབ་སྐོར་གྱི་བཀའ་ལུང་ལའང་ཕན་ཤིན་ཏུ་ཐོགས། ལི་རས་ལ་སྒྲོ་སྟོན་སོགས་སློབ་མ་ལེགས་པར་བྱུང་། རྣལ་འབྱོར་གསུམ་ནི། ཇོ་ཡེས། དགའ་ཡེས། བདེ་ཡེས་གསུམ། ཇོ་ཡེས་ཆོས་རྗེའི་བཀའི་སྡུད་པ་པོ་ཡིན་པས་གདམ་ངག་ཆེ། ཁོང་ལ་སྐྱི་སྟོན་དབྱར་རས་སོགས་སློབ་མ་མང་། གྲར་དགའ་ལྡན་བཏབ། དེ་དག་ལ་སོགས་པ་ཉིས་སྟོང་བརྒྱད་བརྒྱའི་སློབ་རྒྱུན་ལ་བུ་ཆུང་བརྒྱུད། གཉིས་ཀ་བསྡོམས་པ་ལ་བར་འབྲུག་ཅེས་གྲགས་སོ།། །། ༈ ལོ་རས་ནི་འཁྲུངས་ས་གཞུང་གི་གྲགས་ཆེན། གདུང་ལོ། ཡབ་རྣལ་འབྱོར་དང་། ཡུམ་མེ་བཟའ་སྐྱིད་ལ་སྲས་མེད་ནས། འབྲུག་ཏུ་ཆོས་རྗེ་དང་། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པས་བྱུང་བ་ཡིན། མཚན་ལོ་བདེ་བ་སྐྱོང་། ཆོས་ཀྱི་བག་ཆགས་བཟང་བས་ལོ་གསུམ་བཞི་ནས་བྲི་ཀློག་མཁྱེན། སྐུའི་ཆོ་བཟང་བས་ལོ་ལྔ་དང་དྲུག་གཉིས་ལ་ཆོས་ལ་འབྲོས་པར་བརྩམས། ཡབ་ཡུམ་གྱི་མཐའ་བཞི་ཤག་དར་གྱི་བུ་མོ་ཇོ་མོར་བསུས། བདུན་པ་ལ་བྲོས་ནས་འབྲུག་ཏུ་སླེབས། དེར་རྗེས་སྤལ་ཏི་ལ་གཏད་ནས་སྐྱོར་མོ་ལུང་དུ་སྐྲ་བཅད། མཚན་གྲགས་པ་དབང་ཕྱུག་ཏུ་གསོལ། ཡུལ་ནས་བདས་མི་བྱུང་། སྐོར་ཅིག་བྱོན་པ་ན་ཇོ་མོ་དང་ལྷན་ཅིག་རྐང་པ་ལྕགས་སུ་བཅུག་ཀྱང་མ་ཆགས་པར་སླར་ཆོས་རྗེའི་སྐུ་དྲུང་དུ་བྱོན། གདམ་ངག་རྣམས་ལེགས་པར་གསན། དེ་ནས་ཡབ་སྲས་ཞལ་དན་ནས་ཆོས་རྗེ་དཔོན་སློབ་གཏོས་ཆེ་བ་གཞུང་དུ་སྤྱན་དྲངས། མི་རྣམས་ཀྱིས་འཚེངས་པ་གསུམ་ཆོས་རྗེ་དཔོན་སློབ་འབུལ་བས་འཚེངས་པ། མཐའ་བཞི་ཤག་དར་ནོར་གྱིས་འཚེངས་པ། ཁོང་རང་ཆོས་མཛད་རྒྱུ་བྱུང་བས་འཚེངས་པ་ཟེར་རོ། །དེ་ནས་ཆོས་རྗེས་ཐུགས་ལ་བཏགས། གདམ་ངག་ཐམས་ཅད་སྦ་སྲི་མེད་པར་གནང་། དགུང་ལོ་བཅུ་གསུམ་ལོན་པའི་ཚེ་ཁ་རག་ཏུ་བྱོན། དེར་ཇོ་གདན་ཀུན་རྒྱལ་ཟེར་བ་ལོ་མཉམ་ཞིག་ཀྱང་ཕྱག་ཕྱིར་འབྱོར། ཁོང་བསོད་སྙོམས་ལ་སོང་བའི་ཤུལ་དུ་ཁ་བ་ཆེན་པོ་བབ་དེ་ལ་ཁོ་མ་ཐར། བླ་མ་ལ་གསོལ་ཟས་མེད་སྙམ་ཁོས་སྙིང་རུས་བསྐྱེད་འོངས་ནས་ཕུག་པའི་ཕྱི། ཆོས་རྗེས་ནང་ནས་བརྐོས་པས་འཕྲོད་ཙམ་བྱུང་། དེར་བསྙུན་གཞི་དམ་པོ་ཞིག་བྱུང་བ་སྡིག་སྒྲིབ་༼༢༩༣༽དག་པའི་རྟགས་བཟང་། དེར་ལོ་གསུམ་བཞུགས། ཆོས་རྗེ་གཤེགས་ནས་གནམ་མཚོ་ཕྱུག་མོའི་དོ་ལ་སྒོམ་བཞེད། དེ་དུས་མཚོ་རུལ་དར་མ་ཆགས་པ་ལ་ཉ་པ་གཞོན་ནུ་ཞིག་གིས་དང་བླངས་བྱས། དེའི་ཕོ་བོ་ན་རེ། ཁྱོད་ལས་ང་དྲག་སྟེ་འོང་ཟེར། རྫིངས་ཆུང་དུ་དེ་བཏང་པས་མཚོའི་དཀྱིལ་དུ་སླེབས་པ་ན་རླུང་དམར་འཁྲུགས། དེའི་དབང་གིས་རྦ་ཀློང་ལོངས་ནས། ཉ་པ་ན་རེ་ངས་མ་ཕྱིན་པ་དྲག་བྱས་ཏེ་ཁྱོད་མ་ཉན། ད་འཆི་བ་མིན་པའི་ཐབས་མེད། ཁྱོད་རང་ཐུགས་དམ་བྱེད་རྒྱུ་ཡོད་ན་མཛོད་ཟེར་ཁོ་མགོ་གོས་ཀྱིས་གཏུམས་ནས་འཇུམས་ཉལ་སོང་། དེར་ཆོས་སྐུ་ཀུན་བཟང་མ་ཞེས་གྲགས་པའི་གསོལ་འདེབས་དེ་མཛད། མོས་གུས་ཀྱི་གདུང་བས་ཆོས་རྗེ་མངོན་སུམ་དུ་ཀོ་རྫིངས་ཀྱི་ཁ་ན་ཕེབས། བུ་འཇིགས་པ་མེད་དོ་གསུང་ངོ་སྙམ་པ་ཞིག་ལ་ལྷགས་པ་འཇམ་ཉལ། དོའི་རྩ་ན་ཕེབས་འདུག་པས་ཉ་པའང་ཡིད་ཆེས། དེར་ཕྱེ་ཁུར་གཅིག་ལ་བགོ་བཤའ་མཛད་དེ་ལོ་གཉིས་ཀྱི་གསོལ་བརྒྱགས་མཛད་རྩིས། ལོ་གཅིག་སོང་བ་ན་དར་ཆགས། ཕྱི་དོའི་སྒོམ་ཆེན་པ་རྣམས་ཀྱིས་ནན་གྱིས་སྤྱན་དྲངས་དོ་ཕྱིར་བྱོན། སླར་ནང་དུ་འདབ་རྩིས་སྒོམ་ཆེན་གཞན་འགའ་སོང་ཟེར་ནས་མ་བྱོན་པར་ཞྭ་མོ་དོ་ལ་བྱོན། དེར་ཉེ་གནས་དགེ་འདུན་དར་ཞག་ཤས་བསྡད་ནས་འགྲོ་རྩིས་ལ། དར་བཙན་ཐབས་སུ་ཞིག་ནས་ནང་དུ་ལུས། དེར་ཆས་མང་བར་ཡོད་པ་ཁོ་ལ་གཏད་པས་སྲི་མ་ཤེས་པར་འཛད། དེ་དུས་ཆོས་རྗེས་དར་ཡོང་ལྟོས་གསུངས། གཞན་མི་སྣང་སྣམ་བུ་བརྐྱང་བ་འདྲ་ཞིག་མཐོང་། དེ་ལ་ཆོས་རྗེས་སྣ་དྲངས་བྱོན། ཕ་གིའི་རུ་གསེབ་ཏུ་ཕེབས་པའི་ཚེ། ཁྱེད་གང་ནས་འོངས་ཟེར། ངེད་ཞྭ་མོ་དོ་ནས་འོངས་བྱས་པས་མཚོ་རུལ་ནས་སུས་བགྲོད་རྫུན་ཡིན་ཟེར། དགོང་མོ་རི་ལ་ཕྱུགས་འཚོར་འགྲོ་བ་རྣམས་ལོག་ནས། ཁོང་རྣམས་ན་རེ། དེ་རིང་རུ་གསེབ་ཏུ་བཙུན་པ་གཉིས་མ་བྱུང་ངམ། དེ་རིང་ལས་ལྟད་མོ་ཆེ་བ་འོང་མ་མྱོང་ཟེར། ཅི་ཡིན། ཞྭ་མོ་དོ་ནས་ཁོང་གཉིས་ཆུ་ལ་མ་བྱིང་བར་འབྱོན་པ་མཐོང་ཟེར་བས་ཀུན་དད། དེ་ནས་ཇོ་མོ་གངས་སོགས་སུ་རྒྱུན་རིང་བར་བཞུགས། ཨུ་རི་བཏབ། འཕྲིན་ལས་དང་པོ་དེར་བསྐྱངས། གདམ་ངག་གི་གཙོ་བོ་ཐུབ་ལྔ་ལ་མཛད། དེ་ནས་རིང་ཞིག་ནས་ཚོགས་པ་དམངས་རི་ལ་བཀྱེ། བརྒྱ་ལྷག་ཙམ་ཤུལ་འཛིན་པ་ལ་བཞག དཔོན་སློབ་སྟོང་ལྷག་ཙམ་གྱིས་གཙང་དུ་བྱོན་ནས་རྫོང་སྒོ་གངས་ལ་༼༢༩༤༽བཞུགས། དེ་དང་འགོ་ཡུལ་དུ་དགོན་པ་མང་པོ་བཏབ། དེ་ནས་དཀར་པོ་ཆོས་ལུང་བཏབ་སྟེ་ཚོགས་ཆེ་ཙ་ན་ཁྲི་ཙམ། རྒྱུན་དུ་ཉིས་སྟོང་ལྷག་པ་འདུས་ཏེ། འཕྲིན་ལས་བར་བ་དེར་བསྐྱངས། བརྒྱད་བརྒྱ་ཙམ་རི་ལ་བཀྱེ། ཆོས་ལུང་དུ་འདག་སྦྱར་ལ་ལྔ་བརྒྱ་ཙམ་བཅུག དེ་ལྷག་སྟོང་ལྷག་པ་ཞིག་ཕྱག་ཕྱིར་ཁྲིད་དེ་ལྷོ་བྲག་མོན་སོགས་སུ་བྱོན། ལྷ་ཁང་དུ་གདན་ཆགས། དེར་གཙུག་ལག་ཁང་གི་སོ་བྲན་སོགས་མཛད་དེ། དཔལ་སེངྒེ་རིར་དབེན་པ་བསྟེན་ནས་བཞུགས་པའི་མཐར་དགེ་སློང་བསླབ་གཙང་སྟོང་དང་ལྔ་བརྒྱ་ལ་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར། དེ་ནས་གང་འདོད་པའི་གདམ་ངག་གནང་འཕྲིན་ལས་མཐའ་མ་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རྩ་བཞི་པ་ལ་ཞི་བར་གཤེགས་སོ། །ཆོས་རྗེ་འདིས་དགུང་ལོ་བཅུ་བདུན་པ་ལ་ཆོས་མཛད་ཟེར་བ་སོགས་རྣམ་ཐར་ཆེན་པོར་ལྷད་ཤོར་བ་ཡིན་ཟེར་བས། འདི་ལྟར་རྣམ་ཐར་རྙིང་པ་རང་དུ་བྱུང་བས་འཐད་དོ།། དེ་ལ་སློབ་མ་འཇམ་དབྱངས་མགོན་པོ་ལ་སོགས་པའི་མཁས་པ་རྣམ་གསུམ། ཙ་རི་རས་ཆེན་སོགས་རས་པ་རྣམ་གསུམ། ཨ་ལོ་ཤཱཀྱ་གསུམ་སྟེ་རྣལ་འབྱོར་རྣམ་གསུམ་སོགས་མཐའ་ཡས་པའི་འཇམ་དབྱངས་མགོན་པོས་མྱང་སྨད་ཀུ་རིང་འཕྲིན་ལས་བསྐྱངས། གཅོད་ཡུལ་ཟབ་དོན་ཐུགས་སྙིང་དང་ཐབས་ལམ་རྡོ་རྗེ་ཚིག་འབྱེད་ཀྱང་འདིས་མཛད། གསང་མཚན་དོན་ཡོད་རྡོ་རྗེ་ཟེར་བ་ཡིན། ཕྱིས་རྒྱ་ནག་རི་བོ་རྩེ་ལྔ་ལ་སྐུ་མ་སྤངས་པར་བྱོན། །སྲས་ཀྱི་གཙོ་བོ་ཙ་རི་རས་ཆེན་ཡིན། དེ་འཁྲུངས་ས་གཞུང་དགེ་རོང་སྟོད་སྡེའི་གྲོང་སྨད། ཡབ་རྒྱ་སྨྱོན་པ་འབུམ་ཞེས་ཁ་དྲག་པ་ཞིག་དང་། ཡུམ་གཅུང་བཟའ་སྒོམ་མ་ཞེས་བྱ་བ་ལོ་རས་ཀྱི་ལྕམ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཡོད་པ་ལ་ཡབ་སྔ་མོར་འདས་པའི་དགེ་བ་ལ་བཏང་། དགུང་ལོ་དགུ་པ་ལ་ཆོས་རྗེ་ལོ་རས་ལ་གོ་མིའི་དགེ་བསྙེན་མཛད། ཆོས་རྗེ་སེ་མོ་དོ་ལ་གཤེགས་དུས། བླ་མ་སྤ་རི་བའི་སར་སྡོད་དགེ་ཚུལ་བསྒྲུབས། སློབ་གཉེར་གྱིས་གསུངས། བཅུ་གསུམ་པའི་ཚེ་ཆོས་རྗེ་ཇོ་མོ་གངས་ལ་བྱོན་པ་ཐོས་ནས་ཕྱག་ཕྱིར་བྱོན་ཉེ་གནས་མཛད། གདམ་ངག་ཚང་བར་གནང་། སྐྱོར་མོ་ལུང་དུ་བྱོན་ནས་བསྙེན་རྫོགས་བསྒྲུབས། ཆོས་རྗེ་གཤེགས་རྗེས་གདན་ས་མཛད་དགོས་ཞུས་ཀྱང་མ་གནང་སྟེ། སྤྱན་སྔ་སྟོན་པ་ཆོས་ལུང་གི་གདན་ས་ལ་བརྫངས། བླ་མ་བདེ་གཤེགས་ལྷ་ཁང་དུ་བཀོད། དགུང་ལོ་ཞེ་དྲུག་པ་ལ་གནས་མཆོག་དཔལ་གྱི་ཙ་རིར་བྱོན་ལོ་༼༢༩༥༽གསུམ་བཞུགས། ཐམས་ཅད་ཀྱི་མིག་ལྟོས་བྱས་མཛད། དེ་ནས་འཁོར་ཏེ་ཏི་སེ་ལ་སྐོར་ཅིག་བྱོན། དེ་དུས་ས་འབྲིའི་ས་སྣ་ན་བཞུགས་པ་ཀུན་གྱིས་ཞབས་ཏོག་ཕུལ་ཕྱིན་བསྒྲུབས། དེ་ནས་འཁོར་ཏེ་གདན་ས་མཛད་ནས་འཕྲིན་ལས་རྒྱ་ཆེར་བསྐྱངས་པའི་སློབ་མ་རྟོགས་ལྡན་མགོན་པོ་ཡེ་ཤེས། གྲུབ་ཐོབ་གསེར་སྒོ་བ། ཁྱི་སྒོམ་ཆེན་པོ་ལ་སོགས་པ་མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ། དེ་ལྟར་ཁུ་དབོན་གཉིས་ལས་བརྒྱུད་པ་སྨད་འབྲུག་ཅེས་བྱ། གཏོས་སའི་དྲེག་པ་ཙམ་ཀུན་ལ་གྲགས། ཕྱིས་རོང་སྤང་ཆེན་དུ་འཁྲུངས་པའི་གཙང་ཆེན་ཆོས་ཀྱི་དབང་ཕྱུག་གིས་ཡོམ་ཆོས་སྡིངས་སོགས་དྭགས་ཀོང་ལྷོ་རྒྱུད་སོགས་སུ་དགོན་གནས་དུ་མ་བཏབ། རྒྱལ་དབང་རྗེ་ལ་སྦྱོར་གཏོད་ཞུས་ཀྱང་དེ་ཉིད་རིང་པོར་མ་ལོན་པར་གཤེགས་ནས། སྦྲུམ་པ་ལ་བདེ་གཟར་གྱིས་ཁག་པའི་སྐབས་སུ་སྦྲུམ་པས་སྤྲུལ་སྐུ་ཞྭ་དམར་པ་ལ་སྦྱོར་གཏོད་བྱས་ཏེ་ཆོས་བརྒྱུད་དེ་ཁར་འདུག་པའི་ལུགས་སོ། །རྒོད་ཚང་པ་ནི་འཁྲུངས་ས་ལྷོ་ལ་ཡག་གི་དོལ་བུ་ཆུང་གི་ཁྲར། ཡབ་ཆུ་ཆལ་མོན་གྲགས། ཡུམ་ཟུག་མོ་དཔལ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། མཚན་མགོན་པོ་རྡོ་རྗེ། སྐུ་ཕྲ་མོའི་དུས་བྲོ་པའི་ལད་མོ་མཛད་པས་པག་ཤི་དོན་གྲུབ་སེངྒེར་གྲགས། དེར་སློབ་དཔོན་ཞང་ལ་འགྲེལ་ཆུང་། སྟོང་ལ་དབུ་མ། ཡུ་བ་པ་ལ་སྤྱོད་འཇུག ཝ་ཞ་ལ་ལམ་རིམ་གསན་པས་ཚར་རེས་ལེགས་པར་མཁྱེན། དེའི་ཚེ་གཙང་ནས་གླུ་མཁན་བཞི་བྱུང་། དེ་རྣམས་ཀྱིས། དགོན་པ་ར་ལུང་གི་ཆོས་རྗེ་རྒྱ་རས་ལ། །ཚེ་འདི་ཕྱི་གཉིས་ཀྱི་བདེ་ལེགས་ཡོད། །དམ་པའི་ལྷ་ཆོས་ཤིག་བྱེད་ན་དེ་རུ་གཤེགས། །སྙིང་ནས་རང་ཆོས་ཤིག་བྱེད་ན་དེ་རུ་གཤེགས། །ཟེར་ཐོས་པའི་མོད་ལ་དད་པ་བཅོས་མིན་ཞིག་སྐྱེས་ནས་ཡབ་ལ་ཞུས་ཏེ་བྱོན། ཆོས་རྗེ་མཇལ་ཕྱག་རྒྱ་ཆེན་པོའི་སྒོམ་ཁྱེར་ཐུན་གཅིག་མ་ཞིག་གནང་། བསྒོམས་པས་ཞག་བཅོ་བརྒྱད་ལ་རྟོགས་པ་ཐུན་མོང་མ་ཡིན་པ་ཤར། འབྲི་གུང་སོགས་བསྐོར་སླར་འབྲུག་ཏུ་ཕེབས། ཆོས་རྗེ་སྐུ་བསྙུང་བའི་སྐུ་རིམ་ཐུན་པའི་ཁྲོད་དུ་ཡོད་པས། ཆོས་རྗེའི་གསུང་ནས་ཐུན་པ་མ་གིའི་གསེབ་ན་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཡོད་པ་ཡིན་གསུངས། གདམ་ངག་ཆོས་རྗེ་དབོན་ལ་བཅད་པས། བླ་མ་ཆོས་རྗེ་རས་པ་ཡིན། །དྲིན་ཅན་སངས་རྒྱས་དབོན་རས་ཡིན། །གསུངས། དེ་ནས་དེར་བསྙེན་པར་རྫོགས་ཏེ། ལྷོ་བྲག་མཁར་ཆུར་སྒྲུབ་པ་ལོ་གསུམ་སྙོན་ཁ་དམ་ལ་བཏགས། ཕོ་མ་ལྷ་ཁབ་ཏུ་བླ་མ་༼༢༩༦༽སྒྲུབ་པ་ལོ་གསུམ་མཛད་པའི་སྐབས་ཤིག་ཆོས་རྗེ་རས་པ་དེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པ་བྱུང་། དེ་མ་ཐག་སེམས་སངས་རྒྱས་སུ་ངོ་སྤྲོད་པའི་བླ་མ་ས་བཅུ་པར་མཐོང་བ་ཁྱོད་འདྲ་བའི་ལོག་ལྟ་ཅན་ཞེས་རང་ལ་སྨད། དེ་ནས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འབྲལ་མ་མྱོང་། དེར་ཤིག་ནད་ཐུ་བ་དང་འགྲོ་ཡིན་འགྲོ་ཡིན་ལ་གཉིད་དུ་འགྲོ། སྣང་བ་སྦྲུལ་གྱིས་ལྟེམ་གང་བ་བྱུང་བས་ས་ནད་ཀྱི་དོགས་པ་བྱུང་། དེ་ནས་སྟོད་ཛ་ལནྡྷ་རའི་བར་དུ་བསྐོར། དེར་མཁའ་འགྲོ་མས་དངོས་སུ་བྱིན་གྱིས་བརླབས། དེ་ནས་ལོག་ཙ་རི་ལ་བྱོན། དེར་གནས་ནང་གི་སྒོམ་ཆེན་རྣམས་ཀྱི་ཆས་འདྲེན་པའི་ཁུར་པ་མཛད་སྐུ་རྒྱབ་ལ་སྒལ་བ་བྱུང་། རྣག་ཁྲག་ཞབས་རྟིང་དུ་ནར་རེ་འཛག་པ། དེ་དུས་སྐུ་ལུས་ནང་ནས་ནང་ཁྲོལ་ཐམས་ཅད་ཐོན་པ་ཞིག་རྨིས། འདི་མི་ལྡོག་གམ་བྱས་པས་མི་དཀར་པོ་ཞིག་ནས་བརྩོན་འགྲུས་ཆུང་ན་ལྡོག་ཟེར། དེ་ལྟར་སྒྲིབ་པ་དག་ཕོ་བྲང་དུ་སྤྲུལ་པའི་ལྷ་ཞལ་ནམ་འདོད་གཟིགས། དེར་ལོ་བཞུགས་མཛད། སྐུས་ནད་ཀྱི་དོགས་པ་དེར་གྲོལ། དེ་ནས་ཡར་བྱོན། སངས་རྒྱས་དབོན་གྱིས་གསུང་ནས། ད་ངའི་ཁྲིད་གཉེར་ལ་སྡོད་གསུང་། སྟོད་དུ་འགྲོ་བར་ཞུས་པས། འོ་ན་དེ་ལྟར་གྱིས་གསུང་། དེ་ནས་ཤྲཱི་ལ་བྱོན་བསྒྲུབ་པ་མཛད། ལྷག་པར་རྒོད་ཚང་དུ་བཞུགས་ནས་མི་ང་དང་གཅིག བྱ་ཁྱོད་དང་གཉིས། བྲག་འདི་དང་གསུམ་མིང་གཅིག་ཏུ་མ་སོང་ཚུན་མི་སྒྲུབ་རི་ཞེས་དམ་བཅས་ཏེ་བསྒྲུབས་པས་རྒོད་ཚང་པ་ཞེས་མཚན་ཐོགས། དེར་ཞིག་པོ་བྱང་དཔལ་སླེབས། སྔར་བྲག་ཕུག་དོག་པར་ཡོད་པ་ལ། སྣང་བ་འདི་ཚོ་ཟང་ངེ་དང་ཐལ་ལེ་རང་དུ་འདུག་པ་གསུང་གིན་གཅོད་ཅིང་གཤགས་པས་ཡངས་པོར་སོང་། ཞིག་པོས་འདིར་ཚང་མལ་བཅའ་ས་སོགས་དགོས་པ་ཞུས་པས་སླར་ཅུང་ཟད་ཅིག་བརྩིགས་སོ། །དེ་ནས་གྲུབ་ཐོབ་ཀྱི་གྲགས་པ་ཐོན་ཏེ། བར་འབྲོག་རྡོར་གླིང་། སྟེང་འགྲོ། གཉའ་ནང་བདེ་ཆེན་སྟེངས་སོགས་སུ་གཙོ་བོ་སྒྲུབ་པ། སེང་བར་ལ་ཆོས་བཤད། དེའང་ཁྲིད་ཆེན་བརྒྱད་དུ་མཛད། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་བཟུང་བ་ཡིན་ནོ། །ཆོས་རྗེ་འདིའི་སྐུ་འཁོར་ན་སྒོམ་མ་བཞུགས་པ་རྣམས་ནི་ཐ་མལ་པ་སྐད་ཡིན་པར་བརྫུས་པ་མ་གཏོགས་མཁའ་འགྲོ་མ་འབའ་ཞིག་སྟེ། ངའི་སྒོམ་མ་སླེ་ཐུལ་ཅན་འདི་རྣམས་ཉིན་མོ་ང་ལ་ཆོས་ཉན། ནུབ་མོ་ནཱ་རོ་པའི་ཕྱི་རྟེན་བཀྲ་ཤིས་སྒོ་མང་༼༢༩༧༽ལ་སྐོར་བ་བསྐོར་ཏེ་ཨུ་རྒྱན་དུ་ཚོགས་ཀྱི་འཁོར་ལོ་ལ་འགྲོ་བ་ཡིན་གསུངས། ནཱ་རོ་པའི་ཕྱི་རྟེན་གསུངས་པ་དེ་ར་ལུང་གི་མཆོད་རྟེན་ཡིན། དེ་བཞིན་བདེན་པ་གྲུབ་ཐོབ་ཨུ་རྒྱན་པས་ཆོས་རྗེའི་ཁྲིད་གཉེར་མཛད་པ་ན་སྒོམ་མ་དང་གྲུབ་ཆེན་བསྲེས་ནས་ཆོས་ཉན་པར་དབྱེས་ཕྱེ། བཙུན་པ་སྟོད། བཙུན་མ་ཁྱམས་སྨད་དུ་འཇོག འགའ་ཞིག་ཨུ་ཚུགས་ཀྱིས་གོང་དུ་འཚངས་པ་བརྡུངས་པས། ཨུ་རྒྱན་དུ་བུད་མེད་དེ་དག་ཆ་ལུགས་དེ་ཁོ་ན་བཞིན་བྱུང་ནས་རྡོ་ཆར་ཕབ་དབུ་ཆག སླར་རླུང་གིས་གསོས་པ་ཡིན་ནོ། །དགུང་ལོ་བདུན་ཅུ་ལ་གཤེགས་སོ། །དེ་ལ་སློབ་མ་རྟོགས་པ་རང་དང་མཉམ་པ་ཡང་དགོན་པ། ཞེ་བཅད་རང་དང་མཉམ་པ་སྤྱིལ་དཀར་བ། མོས་གུས་རང་དང་མཉམ་པ་ནེ་རིངས་པ་བཞི། གཞན་ཕུ་རི་བ། མ་བདུན་པ་སོགས་བསམ་གྱི་མི་ཁྱབ་པ་ཞིག་བྱོན་པའི། ཡང་དགོན་པ་ནི་ལ་སྟོད་ལྷོ་ལྷ་གདོང་དུ། སྔགས་བརྒྱུད། ཡབ་ཇོ་བསམ། ཡུམ་ཆོས་མཐོང་གི་སྲས་སུ་འཁྲུངས། གདུང་རུས་སྟོང་། ཕུལ་དམར་བ། ཀོ་བྲག་པ་ས་པཎ། རྗེ་སྤྱན་སྔ་བ། དྲོད་ཆུང་བ་སོགས་བསྟེན། ཁྱད་པར་རྒོད་ཚང་པ་སྐུ་དྲིན་ཆེ་ཤོས་སུ་འཛིན་པས་རྗེས་འཇུག་རྣམས་དེའི་ལུགས་འཛིན། མཁས་པ་དང་གྲུབ་པར་བོད་ཀྱི་མི་གཅིག་ལ་ཀུན་མཐུན་གྲུབ་བོ། །དེའི་སློབ་མ་སྤྱན་སྔ་རིན་ལྡན་དིང་རིར་འཁྲུངས། ལྷ་གདོང་ན་སྤྲུལ་པའི་སྐུ་བཞུགས་ཞེས་གསན་ནས་མོས་གུས་སྐྱེས། དགུང་ལོ་བཅུ་གཅིག་པ་ཞིག་གིས་ཕྱག་ཕྱིར་བྱོན། དེ་ནས་མ་གཤེགས་པར་སྤྱན་སྔར་བཞུགས་པས་སྤྱན་སྔ་ཞེས་གྲགས་སོ། །དེའི་སློབ་མ་ཟུར་ཕུག་པ་རིན་ཆེན་དཔལ་བཟང་། དེའི་སློབ་མ་ཆོས་རྗེ་འབའ་ར་བ་སྟེ། ཤངས་ཀྱི་ཆབ་ལུང་པར་དཔོན་འབུམ་ཞེས་པའི་སྲས་སུ་འཁྲུངས། གཞོན་ནུ་ནས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་གསོལ་བྱ་བ་མཛད། གསན་པའང་ལེགས་པར་མཛད། དེ་ནས་ངེས་འབྱུང་དྲག་པོ་འཁྲུངས་ནས་ཆོས་ལ་བྲོས་ཟུར་ཕུག་པ་ལས་དཀར་བརྒྱུད་ཀྱི་གདམ་ངག་གསན་ཏེ་བསྒོམས་པས་རྟོགས་པ་མཆོག་ཏུ་གྱུར། འབའ་ར་བྲག་ཏུ་དོན་གྲུབ་སྡིངས་བཏབ། དེ་ལས་སློབ་བརྒྱུད་ཀྱིས་བོད་ཀུན་བཀང་། ཡང་སློབ་མོན་རྩེ་བ་ཞེས་པ་ལས་མཆེད་ནས་འབྲོག་དབུས་ཀོང་པོ་སོགས་སུ་དར། དབུས་སྨྱོན་ཀུན་དགའ་བཟང་པོ་ལས་ཀྱང་༼༢༩༨༽མང་དུ་མཆེད། གདན་ས་ནི་དབོན་བརྒྱུད་ཀྱིས་བཟུང་སྟེ། དེ་དག་ལས་ཀྱང་གྲུབ་པའི་སྐྱེས་བུ་ཚད་མེད་པ་བྱུང་སྟེ་སྟོད་འབྲུག་གི་རྐང་འབའ་ར་བ་ལ་ཐུག་གོ །ཨུ་རྒྱན་པ་ནི་ཟུར་ཚོའི་གོ་ལུང་དུ་ཡབ་ཇོ་ཕན། རུས་རྒྱུད་མཆེད་བཞི་བྱུང་བའི་བགྲེས་ཤོས་གོ་ལུང་པ་ཞང་མདོ་སྡེ་དཔལ། དེ་འོག་གཞོན་ནུ་དཔལ། དེ་འོག་མི་ཆོས་པ། ཆུང་ཤོས་སེངྒེ་དཔལ་ཡིན། དེས་ལོ་བདུན་ནས་རྒོད་ཚང་པ་བྷུ་ཊར་བྱོན་པ་ལ་དགེ་བསྙེན་བླངས། དེ་ནས་བཅུ་དྲུག་གི་བར་དུ་མ་ཕུར། བདེ་དགྱེས། ཕྱག་རྡོར། ཡོ་ག་རྒྱུད་ཕྱག་ལེན་དང་བཅས་པ་ལ་བསླབས། བཅུ་དྲུག་པ་ལ་བོ་དོང་ཨེར་བྱོན། བོ་དོང་རིན་རྩེ་ལ་མངོན་པ་གོང་འོག ཚད་མ་རྣམ་ངེས། ཤེས་རབ་འགྲེལ་ཆུང་བསླབས་ཏེ་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་མེད་པར་གྲགས། ཇོ་ཇོ་མདོ་སྡེ་དཔལ་ལ་འགྲེལ་ཆུང་གསན། འདུལ་བའི་སྐོར་གཟིགས་པས་བག་ཆགས་མཐུན་པར་འདུག ཁྱད་པར་ལས་བརྒྱ་རྩ་གཅིག་པ་གཟིགས་པ་ཙམ་གྱིས་ཐུགས་ལ་ཆུད། དགུང་ལོ་ཉི་ཤུ་པ་ལ་བོ་དོང་རིན་རྩེས་མཁན་པོ། ཞང་བསམ་གླིང་པས་སློབ་དཔོན། སློབ་དཔོན་བསོད་འོད་པས་གསང་སྟོན་མཛད་ནས་ཚིགས་རྫོགས་བསྒྲུབས། མཚན་རིན་ཆེན་དཔལ་དུ་གསོལ། དེ་ནས་ལོ་བཅུ་གཉིས་སུ་སྟན་གཅིག་པའི་བརཏལ་ཞུགས་གཟུང་ཤའང་མ་གསོལ། བོ་དོང་རིན་རྩེ་ལ་དུས་འཁོར་འབྲོ་ལུགས། གོ་ལུང་པ་མདོ་སྡེ་དཔལ་ལ་ཆག་ལུགས་ལེགས་པར་སྦྱངས། ཁོང་གིས་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ལ་རྩ་མི་ལུགས་ཉོན་གསུངས། རོང་ལ་བརྫངས། ཟླ་བ་བཅུ་གཅིག་ཏུ་ཕྲན་དང་བཅས་པ་གསན། དེར་ཁོང་ཆོས་བཅག་ནས་སེར་ཆགས་ལ་བྱོན་པས་ཅུང་ཟད་མ་གུས། ལྷག་པར་རྒྱུད་འདི་ལ་རྫོགས་པའི་རིམ་པ་འདི་མིན་པ་ཞིག་འོང་ཐང་སྙམ་པ་དང་། དཀའ་གནད་མང་པོ་སུས་ཀྱང་དོགས་པ་མ་ཆོད་པར་ཡོད་པས་ཤམྦྷ་ལ་རང་དུ་འགྲོ་དགོངས། དེ་ལ་ཆོས་རྗེ་རྒོད་ཚང་པའི་གྲྭ་པ་རྣམས་རྐང་ཤོ་རྒོད་འདུག་པས་ཟླ་བོ་འོང་། སྔར་སྐོར་ཅིག་ཤོག་གསུང་བ་ཡོད་སྙམ་ཆོས་རྗེ་སྙེ་ནམ་བདེ་ཆེན་སྟེང་དུ་བཞུགས་པ་མཇལ། རྒོད་ཚང་པས་སང་གི་ཉི་མ་ལ་ལས་ཅན་གྱི་སློབ་མ་ཞིག་འོང་བ་ཡིན་གསུངས། མཇལ་ནས་སློབ་དཔོན་ཇོ་བཙུན་ཞེས་དགྱེས་དགྱེས་མཛད། དེར་དཔོན་སློབ་འཕྲོས་ལ་ལོ་རྒྱུས་ཞུས་པས། ཇི་འདྲ་ཇི་འདྲ་ལ་མ་བདེ་གསུངས། འདི་ལྟ་བུ་ལ་མ་༼༢༩༩༽བདེ་ཞུས་པས། དེ་འདི་དང་འདི་མིན་ནམ་གསུངས་པས་མ་བདེ་བ་ཕལ་ཆེར་ཁྲོལ། སྨན་མིན་འགའ་ཞིག་ཕྱིས་ཤེས་པར་འགྱུར་རོ་གསུངས། དེར་འདི་ལྟ་བུའི་དུས་ཀྱི་འཁོར་ལོ་མཁས་པར་མཁྱེན་པ་སུ་ལ་གསན་ཞུས་པས། ངས་གཞན་ལ་མ་ཞུས་ཤྲཱི་རིར་བསྡད་དུས་བུད་མེད་དམར་མོ་ཞིག་གིས་པོ་ཏི་བྱིན། དེ་མིད་པའི་སྣང་བ་བྱུང་ནས་ཆོས་གང་ལའང་མི་ཤེས་པ་མ་བྱུང་བ་ཡིན་གསུངས། འོ་ན་བདག་ལ་དུས་ཀྱི་འཁོར་ལོའི་དབང་གནང་དགོས་ཞུས་པས། སློབ་དཔོན་ཇོ་བཙུན་རང་གསོལ་བ་ཐོབ་ཅིག་གསུངས། དེར་གསོལ་བ་བཏབ་པས་ཐོ་རངས་རྨི་ལམ་དུ་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ཡིན་ནོ་སྙམ་པ་ཞིག་གིས་དཀྱིལ་འཁོར་གྱི་ལས་རིམ་རྒྱས་པ་བྱས་ཏེ་དབང་བསྐུར་རྫོགས་པར་སྦྱིན་པ་རྨིས། གཉིད་སད་དུས་ཉི་མ་ཤར་འབོལ་སོང་སྣང་། དྲུང་དུ་ཕྱིན་པས་སློབ་དཔོན་ཇོ་བཙུན་ཐུགས་ཚིམ་མམ་གསུང་། ཚིམ་ལགས་ཞུས་ཏེ། དེ་ཕྱིན་ནས་ཆོས་རྗེ་སངས་རྒྱས་དངོས་སུ་གཟིགས་པ་ཡིན། དེར་བཀའ་ལས་ཤམྦྷ་ལ་ན་ལས་འབྲེལ་མི་འདུག དངོས་ཀྱི་ལས་འབྲེལ་ཨུ་རྒྱན་དུ་འདུག་དེར་སོང་གསུང་། ཐོག་མར་བྱང་མི་མེད་ཀྱི་ཐང་ལ་ཟླ་བ་དགུ་བཞུགས། དེ་ནས་ཏི་སེ། མར་ཡུལ། ག་ཤ ཛ་ལནྡྷརའི་བར་དུ་བྱོན། དེ་ནས་གྲོགས་མཆེད་ལྔ་ཡོད་པའི་གསུམ་སྣོད་མིན་པར་མཁྱེན་ནས་སློག དཔལ་ཡེས་ཁྲིད་དེ་ཨུ་རྒྱན་དུ་བྱོན། ལམ་དུ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱད་པར་ཆོས་རྗེའི་དྲུང་དུ་སྒོམ་མ་བརྡུངས་པ་རྣམས་ཀྱིས་རྡོ་ཆར་ཕབ། བརཏལ་ཞུགས་ཀྱིས་ཟིལ་གྱིས་མནན་ཏེ་ཨུ་རྒྱན་མཐིལ་དུ་བརྟོལ། ཧེ་རུ་ཀ་རང་བྱུང་གི་ཕོ་བྲང་དེ་ཐོག་མར་ཀ་མ་དྷ་ཀོ་ཞེས་པའི་གངས་རི་ཞིག་ཏུ་གཟིགས། དེ་ནས་དྷཱུ་མ་ཐ་ལར་སྨད་འཚོང་མ་ཞིག་གིས་ཐུག་པ་ཕོར་གང་བྱིན་པ་འཐུངས་པས་སྐད་ཅིག་ལ་ལུས་མི་གཅིག་པ་བཅུ་བདུན་བླངས་པའི་སྣང་བ་བྱུང་། དེ་སངས་པ་ན་སྔར་གྱི་གངས་སོགས་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་གཟིགས། ཁྱད་པར་བཅོམ་ལྡན་འདས་མས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྩལ། སྨད་འཚོང་མ་དེས་ཀྱང་གདམས་པ་དང་། རེག་པ་མེད་པའི་རྡོའི་འོག་ཏུ་ལོ་གཅིག་བསྒོམས་ན་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གཅིག་དང་མཉམ་པར་འགྱུར་ཞེས་ལུང་བསྟན། གཞན་ཡང་རྣལ་འབྱོར་མ་བཞི་དང་མཇལ་ཏེ། དཔལ་ཡེས་སྐྱེལ་བ་ལ་བོད་དུ་ལོག་འབྱོན་དགོས་བྱུང་བ་ཡིན། ཚུར་ལམ་ཁ་ཆེ་བརྒྱུད་བླ་ཆེན་དེ་ཁྱིམ་གྱི་བླ་མཆོད་དུ་བཟུང་། ཁོང་ཆོས་བྱེད་ཟེར་ཁྲིད་བྱོན་པ་༼༣༠༠༽ལམ་དུ་རྒོད་ཚང་པ་གཤེགས་པ་གཟིགས་ཏེ་སླར་སློག ཆོས་རྗེ་རང་རྡོ་རྗེ་གླིང་དུ་བྱོན། རྒོད་ཚང་པའི་ནང་རྟེན་གདན་ས་ལ་སོགས་པའི་བཅའ་བཀོད་མཛད། འཕྲིན་ལས་ཆེ་བས་ཕྱིས་མངའ་རིས་རྒྱལ་པོ་འཁོར་བཅས་རབ་ཏུ་བྱུང་། རྒྱ་གར་རྡོ་རྗེ་གདན་དུ་བྱོན། རྒྱལ་པོ་ཤིང་གཏན་ཅན་ར་མ་པཱ་ལས་སྦྱིན་བདག་བྱས། ཚོགས་བདག་དམ་ལ་བཏགས། ཕྱག་རྒྱ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་སེམས་ཟུང་འཇུག་གི་རྟོགས་པས་ཕུ་གྲོལ་མདའ་གྲོལ་དུ་སོང་། དེ་ཕྱིན་སྤྱན་ཟུར་གྱིས་གཟིགས་པ་ཙམ་གྱིས་ཀྱང་ནད་དང་གདོན་ལས་གྲོལ་བར་བྱེད་ནུས། ལྷ་འདྲེ་མི་གསུམ་ཟིལ་གྱིས་མནན། མདོ་རྒྱུད་འདི་མི་མཁྱེན་བྱ་བ་མེད། ཁྱད་པར་རྒྱ་ནག་ཏུ་བྱོན། ལམ་དུ་ཀརྨ་པས་བསྟན་པ་འཛིན་རོགས་བཅོལ་རྒྱ་ནག་ཏུ་རྒྱལ་པོ་ཧུ་པི་ལི་སེ་ཆེན་ཧན་གྱིས་སྤྱན་དྲངས་པ་བཞིན་བྱོན། ལོ་གཅིག་ལ་ཕྱིར་ལོག དངོས་པོ་ཁབ་ཙམ་ཡང་མ་བསྣམས། དགུང་ལོ་བདུན་ཅུ་པ་ལ་གཤེགས། བསྙེན་སྒྲུབ་སྩལ་བའི་སློབ་མ་རིན་པོ་ཆེ་མཁར་ཆུ་བ། ཀརྨ་པ་རང་བྱུང་རྡོ་རྗེ། བླ་མ་དབུ་མ་བ། མཁས་བཙུན་བསོད་ནམས་འོད་ཟེར། རྟོགས་ལྡན་ཟླ་བ་སེངྒེ། རྟོགས་ལྡན་གཡག་མགོ་བ། ཆོས་རྗེ་ཀུན་དགའ་དོན་གྲུབ། གྲུབ་ཐོབ་ཚ་ཆུང་བ། ཤོང་རྡོ་རྗེ་རྒྱལ་མཚན། ཤོང་བློ་བརྟན་སོགས་བསམ་གྱིས་མི་ཁྱབ་པ་གསུངས་ལ་ངས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་འདི་ཁ་བཤད་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་པ་ཡིན་ཏེ། འབྲུག་པའི་ཞེན་བྱས་ཁྲིད་ཆེན་བརྒྱད་པོ་འདི་རང་བཤད་ཅེས་གསུངས། རྟོགས་ལྡན་ཟླ་སེང་པ་ནི་གྲུབ་ཆེན་པའི་གསུང་ལ་འདྲིས་པས་ཟིན་བྲིས་ཕལ་ཆེར་ཁོང་གིས་བཏབ། དེའི་སློབ་མ་མཆིང་བུའི་མཁན་པོ་བྱང་ཆུབ་སེངྒེ། དེའི་སློབ་མ་འཕགས་མཆོག་བསོད་ནམས་དཔལ་ཏེ། དང་པོར་ཆོས་རྗེ་གངས་པ་ལ་བཏུགས། ཁྲིད་ཞབས་ཕལ་ཆེར་མ་ཚར་བ་ལ་བླ་མ་གྲོངས། མཁན་ཆེན་བྱང་ཆུབ་སེངྒེ་ལ་བཏུགས་ཆུ་བར་དུ་བསྒོམས་པས་རྟོགས་པ་བརྙེས་པ་ཡིན། དེ་ལ་རྒོད་ཕྲུག་གྲགས་པ་འབྱུང་གནས། དེའི་སློབ་མ་ཁ་རག་པ་རྒྱ་མཚོ་དཔལ། དེའི་སློབ་མ་ཁ་རག་གྲུབ་ཆེན་བསོད་ནམས་རྒྱལ་པོ། དེ་ལས་རྒྱལ་དབང་རྗེས་གསན་ནོ། །སྤྱིལ་དཀར་བས་འབྲི་མཚམས་སུ་བ་རི་སྤྱིལ་དཀར་བཏབ། འོད་གསལ་འཁོར་ཡུག་ཏུ་མངའ། སྐུ་ཚེ་ཕལ་སྒྲུབ་པ་ལ་བསྐྱལ་བ་ཡིན།། ནེ་རིངས་པ་ནི། རྒོད་ཚང་པ་རང་གིས་མཇལ་བ་ཕ་གྲུབ་པ་ཞིག་པོའི་དབོན་པོ་ཡིན། རྒོད་ཚང་པ་ལ་གདམས་༼༣༠༡༽པ་གསན། གྲུབ་པ་བརྙེས། ཕལ་ཆེར་སྐུ་མཚམས་རང་ལ་བཞུགས་པས་ནེ་རིངས་ཆོས་རྗེ་སྦས་པས་ཆེ་ཟེར། འཕགས་པ་རིན་པོ་ཆེ་རྒྱ་འཁོར་ནས་བྱང་ལམ་དུ་ཕེབས་དུས་བོད་བྱིང་བསུ་བ་ལ་བྱོན། ཁོང་མ་བྱོན་པར་ཆོས་རྗེ་ཤཱཀྱ་དཔལ་བརྫངས། ཤིན་ཏུ་གྲང་། ལྷག་པར་ཁ་བ་ཆེན་པོ་ཞིག་བྱུང་བས་ཐམས་ཅད་འོ་བརྒྱལ། ཁོང་དཔོན་སློབ་ཅོག་བུ་མཛད། ན་བཟའ་སྲབ་པ་འཕགས་པས་ལྟར་གནང་བས་ཅོག་པུའི་མཐའ་སྐོར་ཐག་ཞགས་ཙམ་གྱི་ཁ་བ་ཞུ་ནས་སྣུམ་རུག་གེ་བྱུང་། དེས་འཕགས་པ་དགྱེས་ནས་ཆེ་བསྟོད་དུ་གངས་ཅན་ཤཱཀྱའི་དཔལ་དུ་བཏགས། འདི་གནས་རྙིང་པའི་ཞལ་ངོ་ཡིན། ཁོང་གི་རྗེས་སུ་ཆོས་རྗེ་ཀུན་དགའ་དཔལ་ལའང་གངས་ཅན་ཀུན་དགའ་དཔལ་ཞེས་ཟེར། ཁོང་དང་མཚན་མཐུན་པས་མོན་རྩེ་བའི་སློབ་མ་ཀུན་དགའ་དཔལ་ལའང་གངས་ཅན་ཀུན་དགའ་དཔལ་ཟེར་བ་བྱུང་། དེ་དུས་གནས་རྙིང་སྟོད་འབྲུག་ཏུ་ཡོད་ཟེར། ནེ་རིངས་པ་རང་གི་དབོན་རྒྱུད་ཀྱང་ལེགས་པར་བྱུང་བ་ཙ་རི་ཏི་སེ་སོགས་འཛིན་པ་ལ་དོ་གལ་ཆེ་བར་མཛད་པ་ཡིན་ནོ། །དེ་ལྟ་བུའི་ཆོས་རྗེ་རྒོད་ཚང་པ་དཔོན་སློབ་བརྒྱུད་པ་དང་བཅས་པ་ལ་སྟོད་འབྲུག་ཅེས་གྲགས་ཤིང་། གནམ་གྱི་སྐར་མ་ཙམ་ཞེས་མང་བའི་དཔེར་ཀུན་གླེང་བ་འདིའོ། །ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་དངོས་ཀྱི་གདན་ས་བ་ནི་སངས་རྒྱས་དབོན་ཡིན། དེ་ནི་ཆོས་རྗེའི་གཅེན་པོ་ལྷ་གཉན་ལ་སྲས་གཉིས་བྱུང་བའི་ཆེ་ཤོས་ཡིན། ཆུང་བ་དབོན་སྟག་གོ ཆོས་རྗེ་འབྲུག་ཏུ་བཞུགས་པའི་དུས་ཉེ་གནས་ལ་དེ་རིང་ཆོས་སྐྱོང་འགོ་བའི་མི་ཞིག་འོང་གཏོར་མ་གྲབས་གྱིས་གསུངས། དེའི་ཉིན་བྱོན་དབུ་སྐྲ་བཅད། མཚན་དར་མ་སེངྒེ། དེ་ཉིད་དུ་ཆོས་སྐྱོང་གི་དབང་གནང་། གཞན་གདམས་པ་རིམ་གྱིས་གསན། བསྙེན་སྒྲུབ་མཛད། བསྙེན་པར་རྫོགས། ཆོས་སྐྱོང་དམ་ལ་ཐོགས། སྡེ་བརྒྱད་ལས་ལ་བཀོལ་བ་ཡིན་ཏེ། ཆོས་རྗེ་དཔོན་སློབ་གཞུང་དུ་བྱོན་པའི་ཚེ་འབྲུག་གི་གནས་བརྟན་དུ་བཞག ཤིང་གཏོས་ཆེ་བ་བསགས་པས། ཆོས་རྗེ་ཕྱིར་བྱོན་དུས་མི་གཅིག་གིས་བསགས་པའི་ཤིང་རང་མང་གསུངས། དེར་ལུང་པའི་ཕྱུགས་རྫི་ཞིག་དེར་སླེབས་ནས་ཤིང་ཁོང་གཅིག་པུ་མིན། མི་མགོ་སྣ་ཚོགས་བྱས་པ་རྐྱང་གིས་བསགས་སོ་ཟེར། ཕྱིས་འབྲུག་ཏུ་ཞིང་གཅིག་སློག་པའང་ཉེ་གནས་ལ་ཚ་བ་འཕྱི་བ་ཞིག་གྱིས། དེ་བར་མ་འོང་གསུང་པ། ཁོས་ཚད་ལ་ཁྱེར་ཕྱིན་པས་ཞིང་གི་སྟེང་སྲོག་ཆགས་སྣ་ཚོགས་ཀྱིས་གང་ནས་ཕལ་ཆེར་སློག་ཟིན་འདུག དེ་ནས་མི་སྣང་བས་འཕྲོ་དུམ་ཞིག་ལུས། གཞན་༼༣༠༢༽ཡང་ཁྱི་ནག་ཕ་ཇོ་ཟེར་བའི་མགོན་ཁྱི་ཞིག་ཡོད་པའི་མགུལ་དུ་ཡི་གེ་བཏགས་དེ་བཏང་བས་གར་བརྫངས་པར་སླེབས་ཏེ། ཚུར་ཡིག་ལན་ཡང་དེ་ཁ་ལ་བསྐུར་བས་ཆོག དེ་ཐམས་ཅད་ཆོས་སྐྱོང་གི་སྤྲུལ་པ་ཡིན། དུས་རྒྱུན་དུའང་གསུང་བཅད་མཛད་དེ་བསྙེན་སྒྲུབ་རང་མཛད། དེའི་དབང་གིས་ནུས་པ་རྫུ་འཕྲུལ་ཐོགས་མེད་མངའ། འབྱུང་བ་ལ་རང་དབང་ཐོབ་པས་ཞུ་མཁན་བྲག་ཏུ་བླ་མ་སྒྲུབ་པ་མཛད་པའི་ཚེ་བྲག་ལ་ཕྱག་གིས་འཇུས་པའི་རྗེས། ར་ལུང་དུ་སྦྱིན་སྲེག་མཛད་པའི་རྡོ་ལ་ཕྱག་རྗེས། ར་ལུང་གི་སྒོམ་སྡེ་ལ་ཆུ་གནོད་ཞི་བའི་ཕྱིར་ཞབས་རྗེས། སྟག་རིའི་དབེན་གནས་རྒྱུན་དུ་བརྟན་པའི་ཕྱིར་དང་ཆོས་རྫོང་སོགས་ཏེ་ཞབས་རྗེས་བདུན་བཞག སྟག་རིར་གསང་སྤྱོད་ལ་བྱོན་པ་ན། བུ་མོ་རུས་པའི་རྒྱན་གྱིས་བརྒྱན་པ་གསུམ་བྱུང་ནས། ཁྱོད་རྒྱ་གར་ཡུལ་དུ་འབྱོན་ཙ་ན། །ངེད་མི་འགྱུར་བུ་མོ་སྤུན་གསུམ་གྱིས། །ལམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །དེ་ཐུགས་ལ་གསལ་ལམ་ལོ་ཙཱ་བ། །ཞེས་ཟེར་བའི་མོད་ལ་རྗེ་མར་པ་འཁྲུངས་པའི་སྐབས་ཤིན་ཏུ་གསལ་པོར་དྲན། ཆོས་རྗེའི་སློབ་མ་ཕྱི་ཚར་རྣམས་ཀྱི་གདམ་ངག་རྫོགས་པར་མཛད། ཉིད་ཀྱི་སློབ་མ་འགྲོ་སྒོམ་ཞིག་པོས་ལྷོ་ཁ་བཞི་དབང་དུ་བསྡུས། ར་ལུང་གི་ཕྱི་རྟེན་བཞེངས་པའི་གཉྫྱི་ར་བསྐྱོན་པ་ལ་སྟག་རི་ནས་རྫུ་འཕྲུལ་གྱིས་རྐྱང་ལ་ཆིབས་ཏེ་བྱོན། དེར་རབ་ཏུ་གནས་པའི་དུས་དཀར་བརྒྱུད་ཀྱི་བླ་མ་རྣམས་དངོས་སུ་བྱོན་པ་གཟིགས། དྲུག་ཅུ་རེ་གཅིག་ལ་ཞི་བར་གཤེགས་སོ། །གཞོན་ནུ་སེངྒེ་གཅེན་ལྷ་བཙན་གྱིས་སྲས་གཉིས་བྱུང་བའི་ཆེ་བ་ཡིན། ཆུང་བ་རིན་ཆེན་དཔལ་ལོ། །དགུང་ལོ་བརྒྱད་པ་ལ་ཆོས་རྗེའི་དྲུང་དུ་རབ་ཏུ་བྱུང་། རྩ་གསུམ་པ་ལ་བསྙེན་པར་རྫོགས། སོ་གསུམ་པ་ལ་གདན་སར་བྱོན། རྗེ་ཁུ་དབོན་གཉིས་ཀྱི་གདམ་ངག་བུམ་པ་གང་བྱོ་ཡོད། རྩ་རླུང་གི་ནུས་པ་ཆེ། འདིའི་རིང་ལ་ལྷོ་འབྲུག་ཐུབ། འབྲུག་ལ་གླིང་ལོག་བྱུང་། དགུང་ལོ་དྲུག་ཅུ་རེ་བདུན་པ་ལ་གཤེགས། ཞལ་སློབ་ཀྱང་གྲུབ་ཐོབ་གཡུ་མོ་ཆེ་བ་ལ་སོགས་ཐོན།། སློབ་དཔོན་རིན་དཔལ་གྱི་སྲས་པོ་ཉི་མ་སེངྒེ་བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལ་རབ་ཏུ་བྱུང་། རྟོགས་པ་མཆོག་ཏུ་གྱུར། བཅུ་དྲུག་པ་ལ་གདན་སར་ཕེབས་དགུང་ལོ་སོ་བདུན་པ་ལ་གཤེགས། སེངྒེ་ཤེས་རབ་དབོན་སྟག་གི་སྲས་སུ་མཆེད་གཉིས་འཁྲུངས་པའི་གཅེན་པོ། དགུང་ལོ་དྲུག་ནས་ཏིང་ངེ་འཛིན་རང་འཁྲུངས། བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལ་རབ་ཏུ་བྱུང་། ༼༣༠༣༽དགུང་ལོ་དགུ་པ་ལ་ལ་ཡག་གངས་ཕུག་ཏུ་ཆོས་རྗེ་པ་ལ་དབང་བསྐུར་ཞུས་པའི་དྲིལ་བུའི་སྒྲ་ལ་བརྟེན་ནས་རྟོགས་པ་འཁྲུངས། བཅོ་བརྒྱད་པ་ལ་རྩ་རླུང་གི་ཁྲིད་བསྐྱངས་པའི་བདེ་དྲོད་བསམ་གྱིས་མི་ཁྱབ། ཞབས་ལ་རྨ་བྱུང་བའི་དུས་ཁྲག་མེད་པར་འོ་མ་འཛགས། རྩ་གཅིག་པ་ལ་གྲུབ་ཐོབ་ཨུ་རྒྱན་པས་གསོལ་བ་བཏབ་ནས་རྒོད་ཚང་པའི་གདན་ས་ལ་བྱོན། ཕྱིས་འཕྲིན་ལས་ཤིན་ཏུ་ཆེ། དཔང་ལོ་ཙཱ་བའི་དབུ་སྐྲ་གཅོད་མཁན་ཡིན། འགའ་ཞིག་ཏུ་རྡོ་རྗེ་གླིང་པ། འགའ་ཞིག་ཏུ་རྒྱལ་སྲས་བྱང་གླིང་པ་ཞེས་ཟེར། ཞེ་གཅིག་པ་ལ་གཤེགས། འདིས་ར་ལུང་གི་གདན་ས་མ་མཛད། གདམ་ངག་རྣམས་ལ་སྐུ་དྲིན་ཆེ་བ་ཡིན། །སེངྒེ་རིན་ཆེན་ནི་རྡོར་གླིང་པའི་གཅུང་པོ་སངས་རྒྱས་དབོན་གྱི་སྤྲུལ་པར་གྲགས། དགུང་ལོ་བཅུ་གཅིག་པ་ལ་ཉི་མ་སེངྒེ་ལས་རབ་ཏུ་བྱུང་། ཆོས་རྗེ་སྐུ་མཆེད་ལ་གདམ་ངག་རྫོགས་པར་གསན། བཅུ་གསུམ་ལོན་པ་ནས་ཚོགས་པ་བསྐྱངས། འདིའི་དུས་ཙ་རི་རྙིང་མ་ནས་འབྲུག་པའི་ལས་ཚན་བསྡུས། དེས་ཀོང་ཁ་དྭགས་ཞབས་རྣམས་སུ་རིམས་ནད་མེ་ལྟར་འབར། ཡོན་བདག་རྣམས་གྲོས་བྱས། རྐྱེན་པ་རྒྱལ་པོ་སྟག་རྡོ་རྗེས་གཙོས། རི་བ་ཞུ་བར་འོངས་བ་ན། ཆོས་རྗེའི་བཀའ་ལས་རི་ཐེབས་མི་གཏོང་གསུངས། རྒྱལ་པོ་ལྕེབ་པར་ཆས་པ་ན་ཞལ་གྱིས་བཞེས་ཏེ་རྒྱལ་པོ་ལ་འགྲོ་མགོན་འདོམས་གསུངས་པས། བསོད་ནམས་རྒྱལ་མཚན་གྲལ་གཤམ་ན་འདུག་པ་ཡིད་ལ་འཐད་ནས་འདམས་པས་འདམ་ཁ་མ་ལོག་གསུངས། གནས་རྙིང་མར་མི་གཏོང་། ང་ལ་ཁྱེའུ་ཁྲག་མདོག་ཤའི་རལ་པ་ཅན་ཞིག་གི་ཕུལ་བའི་གནས། རིབ་པ་ལ་ནས་ཆུ་འབབ་བཅུ་གསུམ་བགྲངས་པ་ན་ཡོད་པ་དེར་རྫོང་། དེ་ན་ནེ་མོ་གཡུའི་མཎྜྻལ་ལྟ་བུ་གསུམ་བརྩེགས་ཡོད་པའི་སྟེང་མ་ལ་རྒྱོབ་ཅེས་ལུང་བསྟན་གདན་ས་ཉིད་དང་། ནེ་རིངས་ཨུ་རི་རྣམས་ནས་ལས་འཛིན་བོས་ཏེ་ཅི་ག་ཅར་དཔལ་གྱི་ནགས་ལྗོངས་བཟུང་བ་ཡིན། འདིས་སྤོས་སྐྱ་བཏབ། དེར་བཞུགས་པས་མཚན་ལྡན་སྤོས་སྐྱ་པ་ཞེས་གྲགས་སོ། །ལྔ་ཅུ་རྩ་དྲུག་པ་ལ་གཤེགས། །དེའི་སློབ་མ་སངས་རྒྱས་དགའ་བདེ། མཚན་གཞན་རྟོགས་ལྡན་ལོ་རོ་རས་པར་གྲགས་པ་དེས་རྗེ་རས་ཆུང་པའི་གདན་ས་རྣམས་བསྐྱངས། ཆོས་རྗེ་སྤོས་སྐྱ་པ་ནས་དབོན་པོ་གཞན་མེད་པས། དེ་ཉིད་ཀྱིས་ཤངས་མོ་ཞིག་ལ་སྲས་བསྐྲུན་པའི་ཆོ་ག་མཛད་དགོས་བྱུང་ལ། སྲས་ནི་ཆོས་རྗེ་སེངྒེ་༼༣༠༤༽རྒྱལ་པོ་སྟེ། ཤངས་སུ་འཁྲུངས། ཡབ་ལ་རབ་ཏུ་བྱུང་། དགུང་ལོ་ཉེར་ལྔ་པ་ལ་གདན་སར་བཞུགས། ཧོར་རྒྱལ་པོ་ཐུའོ་ཧུན་ཐེའི་མུར་གྱིས་བླའི་མཆོད་གནས་སུ་བཟུང་། གཙུག་ལག་ཁང་གོང་འོག་ལ་ཐིག་བླངས་པའི་བླ་རེ་པདྨ་འབུམ་ལྡན་དང་སྟོང་ལྔ། ཧོར་དུད་སྟོང་དགུ་བརྒྱ་མངའ་འབངས་སུ་སྦྱར་བའི་འཇའ་ས་ཕུལ། གདན་ས་ཤིན་ཏུ་དར། དགུང་ལོ་སོ་བརྒྱད་ལ་གཤེགས། །དེའི་སྲས་ཆོས་རྗེ་ཀུན་དགའ་སེངྒེ་སྟེ། གཞུང་དུ་འཁྲུངས། རྒྱུད་དུ་མ་འགྲེལ་པ་དང་བཅས་པ་ཐུགས་སུ་ཆུད་ཅིང་རྣམ་དཔྱོད་གཞན་བས་གཙང་བས་འཇམ་དབྱངས་ཀུན་དགའ་སེངྒེ་ཞེས་ཟེར། ཧོར་རྒྱལ་པོ་ཡེ་སུན་ཐ་མུར་དང་། ཐེ་མུར་སྦོ་ཁའི་འབུལ་སྐྱེལ་ཨ་ག་རུ་ནག་པོ་འབའ་ཞིག་ལ་རིན་པོ་ཆེའི་ཕྲ་སྣ་ཚོགས་བཏབ་པའི་ལྕོག་རྩེ་སོགས་གཏོས་ཆེ། ཡབ་སྲས་དེ་གཉིས་ཀྱིས་གསུང་རབ་ཕལ་ཆེར་གོས་ཤོག་ལ་གསེར་དུ་བཞེངས། གླེགས་ཐག་ལ་སོགས་པའང་སི་ཏའུ་ལ་བྱས་སོ།། དེ་ལ་སློབ་མ་མཁན་པོ་རྡོ་རྗེ་རིན་ཆེན་དང་། བླ་ཆེན་བསམ་རྒྱལ་ཁ་ཆེ་བ་ཞེས་བོན་ནུས་པ་ཅན་ཆོས་ལུགས་སུ་འགྱུར་བ་དེ་གཉིས་གཙོ་བོ། གཞན་ལྷ་ཁབ་འཇིག་རྟེན་བློས་བཏང་སོགས་མང་ངོ་། །དགུང་ལོ་སོ་བཞི་ལ་གཤེགས། འདི་ཆོས་རྗེའི་སྤྲུལ་པར་གྲགས།། དེའི་སྲས་བློ་གྲོས་སེངྒེ་ལྷོར་འཁྲུངས། ཡབ་གཤེགས་པ་སྔས། ཡབ་ཚན་རིང་པོར་འགྲོ་བའི་དབོན་པོ་ཀུན་དགའ་སེངྒེ་ཟེར་བ་ཞིག་གིས་གདན་ས་ཐོབ་རེ་བའི་འཕུང་སྟོབས་ཀྱིས་གདན་ས་ལ་སྐྱོན་ཆེ་བར་བྱུང་། མཆོད་གཞིས་ཕལ་ཆེར་དེ་དུས་ཤོར། ཆོས་རྗེ་རང་མཁན་པོ་དང་བླ་ཆེན་པས་གདན་སར་སྤྱན་དྲངས་ནས་ཆོས་ཀྱི་འཕྲིན་ལས་ཆེ་བར་བྱུང་། སློབ་མ་ཇོ་ནང་ཕྱོགས་པའི་ཞལ་སློབ་མཁྱེན་བརྩེ་རྟོགས་ལྡན་ནམ་སྔོ་ཉལ་མ། དུས་འཁོར་ལ་མཁས་ཤིང་ཉམས་མཐར་ཕྱིན་པ་ཞིག་ཞབས་ལ་གཏུགས་པས་རྟོགས་པའི་ཡེ་ཤེས་འཁྲུངས། སྐུ་ལུས་མ་སྤངས་པར་གངས་བཟང་གི་མཆོད་གནས་སུ་བཞུགས་པ་ཡིན། དེ་ལ་ཞལ་སློབ་གྲུབ་ཆེན་བློ་གྲོས་མཆོག་ལྡན་དཀོན་མཆོག་བསམ་གྲུབ་དང་། མཁས་གྲུབ་ལེགས་པ་རིན་ཆེན་ཟེར་བ་གསུམ་བྱུང་ངོ་། །ཆོས་རྗེ་དེ་རང་དགུང་ལོ་ཞེ་དྲུག་པ་ལ་གཤེགས། ཡབ་ཉིད་ཀྱི་སྤྲུལ་པ་ཡིན་ཟེར། དེ་ལ་སྲས་གཉིས་བྱུང་བའི་ཤེས་རབ་སེངྒེ་ནི། གདན་སར་སྔ་མོ་ནས་བྱོན་ཏེ་དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་གཤེགས། འདི་ཡན་གྱིས་སེངྒེ་དགུ་ཚར་རྫོགས། སྲས་གཅིག་ཤོས་ཡེ་ཤེས་༼༣༠༥༽རིན་ཆེན་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། དགུང་ལོ་ལྔ་བཅུ་བཞུགས། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་ནམ་མཁའ་དཔལ་བཟང་། རྟེན་ངེས་མེད། ཁྱི་ར་མཛད། གནས་ནང་པ་རྣམས་ཀྱིས་སྐུར་བ་ཞུས་པས་བསད་བསད་པ་སླར་གསོས་ཏེ་བཏང་། འཁོར་གསུམ་ཉི་ཟེར་ལ་བཀལ་བས་ར་སྨྱོན་དུ་བཏགས་ཏེ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་དགུང་ལོ་རྩ་བརྒྱད་པ་ལ་གཤེགས། དེའི་གཅུང་པོ་ཤེས་རབ་བཟང་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས། འདིའི་སྲས་དཔལ་རྒྱལ་བའི་དབང་པོ་ཡིན། ཆུང་ངུ་ནས་གཞུང་ཚོགས་མང་པོ་བཟུང་། ཡབ་ལ་གསན་པ་མཐར་ཕྱིན་མཛད་དེ་དགུང་ལོ་བརྒྱད་པ་ལ་གདན་སར་བཏོན། ཚོགས་ལ་བརྟག་གཉིས་བཤད། དེ་ནས་ཡབ་གཤེགས་ནས་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་སྤྱན་དྲངས། ཁོང་གྲུབ་ཆེན་དཀོན་བསམ་པ་དང་མཁས་གྲུབ་ལེགས་རིན་པའི་སློབ་མ་ཡིན། ཁོང་གི་ཞལ་ནས་ཁྱོད་བརྒྱུད་པ་འདིའི་གདུང་མི་གཅོད་ན་སྒྲུབ་པའི་གཙོ་བོ་བླ་མ་སྒྲུབ་པ་ལ་གྱིས། མཆོད་པའི་གཙོ་བོ་བླ་མ་མཆོད་པ་ལ་གྱིས། ཉམས་ལེན་གྱི་གཙོ་བོ་གསོལ་བ་འདེབས་པ་ལ་གྱིས་གསུང་བ་བཞིན་མཛད་དེ། ཕྱག་རྒྱ་ཆེན་པོའི་ཁྲིད་བསྐྱངས་པས་གནས་ལུགས་ཀྱི་རྟོགས་པ་ཤར། དེས་ཇི་ལྟ་བའི་ཕྱོགས་ནས་འཁྲུལ་ཞིག་རིན་པོ་ཆེ་ནམ་མཁའི་རྣལ་འབྱོར་སྐུ་དྲིན་ཆེ་བ་ཡིན་གསུངས། དེ་ནས་བདེ་བ་ཅན་ནས་སློབ་དཔོན་བདེ་རིངས་པ་སྤྱན་དྲངས་བསྡུས་པ་དང་ཚད་མ་སྦྱངས། རིག་ལུང་ལ་བརྫུས་ཏེ་གསང་ཕུ་འབྲས་སྤུངས་སོགས་སུ་ཕེབས། སྟོན་པ་བཟང་བའི་གྲགས་པ་ཐོབ། སྙེ་ཐང་བློ་བརྟན་དང་། ཁོང་གི་ཞལ་སློབ་སྒྲ་པ་ཨ་མོ་གྷ་པར་གྲགས་པ་ལ། ཀ་ཙན། སྙན་ངག མངོན་བརྗོད་སོགས་ཐ་སྙད་ལ་མཁས་པར་སྦྱངས། དེ་ནས་གཞུང་དུ་བྱོན་རྔོག་སྟོན་བྱང་ཆུབ་དཔལ་མཇལ། ཁོང་གི་གསུངས་ནས་ངས་ད་བར་ཁྱོད་ལ་སྒུག་སྡོད་བྱས་བསྡད་པ་ཡིན། ད་ཆོས་བདག་པོའི་ལག་ཏུ་འཕྲོད་པ་བྱེད་གསུངས། རྔོག་ལུགས་ཀྱི་དགྱེས་རྡོར། གུར་མ་ཡཱ་གདན་བཞི། གསང་ལྡན། གཞན་སངས་རྒྱས་ཐོད་པ་སོགས་དབང་རྒྱུད་མན་ངག་ཕྲན་བུ་དང་བཅས་པ་གནང་སྟེ། ད་ངེད་རིང་པོར་མི་སྡོད། ངེད་ཀྱི་འདད་ཀྱི་གྲལ་དབུ་ཁྱོད་ལ་ཞུ་བ་ཡིན་པས་ཅིས་ཀྱང་འབྱོན་པ་ཞུ་གསུངས། ཕྱིར་འབྲུག་ཏུ་ཕེབས། ཟླ་བ་ཙམ་ལ་རིན་པོ་ཆེ་གཤེགས་པའི་གྲལ་དབུ་ལ་སྤྱན་འདྲེན་བྱུང་། ཞལ་ཆེམས་ལ་ངེད་ཀྱི་འདད་ཀྱི་གྲལ་དབུ་རིན་པོ་ཆེ་འབྲུག་པ་ལ་ཞུས། རྔོག་རིན་པོ་ཆེ་བདུན་བརྒྱུད་༼༣༠༦༽ཀྱི་དབང་བུམ་འདིའང་ཁོང་ལ་ཕུལ་ཞིག་གསུངས། དེ་བཞིན་རྔོག་བྱང་ཆུབ་དཔལ་གྲུབ་པ། རིན་ཆེན་བཟང་པོ། དོན་གྲུབ་དཔལ་བཟང་རྣམས་ཀྱིས་འཛད། རྗེ་ནཱ་རོ་པར་བསྔགས་པའི་གཤིས་ཀྱིས་ཐམས་ཅད་ཀྱིས་ཆོས་འབྲེལ་གསན། དེ་ནས་རིམ་པས་གཙང་ཕྱོགས་ཕེབས། པཎ་ཆེན་ནགས་རིན་ཕྱི་རེས་ཕེབས་ནས་བལ་པོར་ལོག་པའི་ལམ་རོང་བྱམས་ཆེན་ནས་ཁྲོ་ཕུའི་བར་ཕྱག་ཕྱི་མཛད། འགྲེལ་པ་སྐོར་གསུམ་གྱི་བཤད་ལུང་། སྒྲའི་དོགས་གཅོད། གཞན་ཡང་སྡེ་སྣོད་ཀྱི་དཀའ་བའི་གནད་ལ་སྒྲོ་འདོགས་ཆོད་པར་བྱུང་ནས། ཇི་སྙེད་པའི་ཕྱོགས་ལ་པཎ་ཆེན་ནགས་རིན་སྐུ་དྲིན་ཆེ་བ་ཡིན་གསུངས། ཚུར་ལམ་ངོར་དུ་ཆོས་རྗེ་ཀུན་དགའ་བཟང་པོ་ལ་བདག་མེད་ལྷ་མོ་བཅོ་ལྔའི་དབང་གསན། གཞན་ཆོས་རྗེ་བྱམས་གླིང་པ། ལྕང་ལུང་པ་གཞོན་ནུ་བློ་གྲོས། འགོས་གཞོན་ནུ་དཔལ་རྣམས་ལས་རྒྱུད་སྡེའི་བཤད་སྲོལ་དུ་མ་ཞིག་གསན། གནམ་མདར་སྔགས་གྲྭ་ཞིག་འཛུགས་པའི་གཞི་བཏིང་། དེའི་འཆད་ཉན་ལ་སྙེ་ཐང་ཆོས་རྫོང་དང་། བཀྲ་ཤིས་སྒང་བའི་མཁན་ཆེན་བསམ་གཏན་པ་ཟེར་བ་ཞིག་བསྐོ་བཞེད། ཁོང་ཕྱག་ཕྱིར་འབྲངས་པ་ལ་ཆོས་རྗེ་ཡིད་བཟང་རྩེ་བ་ལ་དུས་འཁོར། སྐད་གཉིས་ཤན་སྦྱར་གྱི་བཤད་པ་ཞིབ་མོ་གསན་པའི་དུས་སྐྱོར་བའི་ཚུལ་གྱིས་གནང་། དེ་དུས་དགེ་སློང་རིན་ཆེན་རྣམ་རྒྱལ་བས་ཀྱང་གསན། འདི་སྐུ་གཞོགས་རྒྱུན་རིང་བས་རྔོག་ལ་སོགས་པ་ལ་གསན་པ་ཕལ་ཁོང་གིས་རྗེ་ལ་ཐོབ་ཀྱི། གཞན་མཆེད་པ་ནི་མི་སྣང་ངོ་། །ཡུལ་ཕ་ཡུལ་དང་འབྲེལ་བའི་གཞིས་དགོན་དེ། །སེམས་ཆོས་བརྒྱད་ཀྱི་ཁོལ་པོ་བྱེད་བྱེད་ནས། །དོན་ཆུང་ལ་ཚེ་ཞབས་འཛད་པའི་རྒྱུ། །གསུང་། གདན་སའི་འཛིན་སྐྱོང་བོར། ཕྱོགས་བྲལ་གྱི་བསྟན་པ་སྐྱོང་བཞེད། ཁོར་ཡུག་ཅོག་བུ་པའི་སྲོལ་གཏོད། གཙང་ཆེན་ཆོས་ཀྱི་དབང་ཕྱུག་གིས་གདན་དྲངས། ཙ་རི་དྭགས་ཀོང་སོགས་སུ་ཕེབས། སྒམ་པོའི་གོ་སར་ལོ་དྲུག་བཞུགས། ས་སྨད་ཀྱི་བསྟན་པ་དར་བར་མཛད། ཁྱད་པར་བྲག་གསུམ་དུ་མཁའ་འགྲོ་མའི་ལུང་བསྟན་ལ་བརྟེན་ནས་བུ་ཆུ་གསང་བ་ཆེན་པོའི་གནས་སྒོ་ཕྱེས། དེའི་ལྟེ་བ་ཕ་བོང་གཡུ་སྒྲ་བྱ་བ་མཐོ་བས་རྫ་སྒོམ་རྒྱ་བོ་དང་སྤྱོད་པ་སངས་རྒྱས་དཔལ་བགྲེས་ནས་འཛེགས་མ་ཐུབ་པ་ལ་འདིར་ཤོག་གསུངས་ཞབས་ཀྱིས་ནེམ་ནེམ་མཛད་ས་རེ་རེར་འདམ་བརྫིས་པ་ལྟ་བུའི་ཁུང་རེ་བྱུང་། གྲུབ་ཆེན་ཐང་སྟོང་པས་ཙ་གོང་དུ་སྤྱན་དྲངས་གསང་ཕུག་ཏུ་བཞུགས། ཁོང་དང་རྗེ་བཙུན་ཀུན་དགའ་བཟང་མོ། ཆོས་རྗེ་༼༣༠༧༽འཆི་མེད་གྲུབ་པ་སོགས་ལ་ཟླ་བ་གསུམ་དུ་ཁྲིད་ཆེན་བརྒྱད་གནང་། ཁྱད་ཆོས་སུ་བྱུང་བས་ཟིན་བྲིས་བཏབ། ཙ་རི་ལ་ཇོ་བཟང་རྡོར་འཛིན་ལ་སོགས་པའི་གནང་བཀོད་མཛད། སྒམ་པོར་དབོན་རིན་པོ་ཆེ་བསྐོས། བྱ་ཡུལ་དུ་སྤྲུལ་སྐུ་འབྱུང་བར་ལུང་བསྟན། ར་ལུང་དུ་བྱོན། དགུང་ལོ་ཞེ་དགུ་པ་ལ་གཤེགས་སོ། །དེ་ལ་སློབ་མ་མཁན་པོ་བསམ་གཏན་པ་དང་། ཐེལ་མཁན་ཆེན་དཔལ་ལྡན་རྒྱལ་མཚན་ནམ། ལྷུན་སྡེ་རབ་འབྱམས་པར་གྲགས་པ་གཉིས་ལ་མཁན་པོ་རྣམ་གཉིས། དགེ་སློང་རིན་རྣམ་པ་དང་བསོད་མཆོག་པ་གཉིས་ལ་དགེ་སློང་རྣམ་གཉིས། བླ་མ་ཀུན་དགའ་བསམ་གཏན་པ་དང་རིན་ཆེན་དབང་པོ་གཉིས་ལ་བླ་མ་རྣམ་གཉིས། ལྷ་བཙུན་ཀུན་དགའ་ཆོས་རྒྱམ་དང་སྣ་ཕུ་རྟོགས་ལྡན་གཉིས་ལ་རྟོགས་ལྡན་རྣམ་གཉིས། ཤར་ཁ་རས་པ་དང་། གངས་ཁྲོད་རས་པ་གཉིས་ལ་རས་པ་རྣམ་པ་གཉིས། སྔགས་འཆང་རྒྱལ་མཚན་ལྷུན་གྲུབ་ལ་མཐུ་བོ་ཆེ་མི་གཅིག་ཟེར། གཞན་འབྲི་གུང་དབོན་རིན་པོ་ཆེ། འབའ་ར་བའི་དབོན་པོ་མཉམ་མེད་ནམ་མཁའ་རིན་ཆེན། གཙང་སྨྱོན། ཞལ་སྔ་འཕགས་པ་ལྷ་སོགས་མཐའ་ཡས། ལྷ་བཙུན་ཀུན་དགའ་ཆོས་རྒྱལ་ལས་སྒྲུབ་གྲྭ་དུ་མ་མཆེད། གཞན་བསམ་གྱིས་མི་ཁྱབ་བོ། །དེའི་རིགས་ཀྱི་དབོན་ཆོས་ཀྱི་སྲས་སུ་གྱུར་བ་ནི་རྗེ་འབྲུག་པ་ཆེན་པོ་སྟེ། ཡབ་རྒྱལ་དབང་རྗེའི་གཅུང་པོ་ལྷའི་དབང་པོའི་སྲས་སུ་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུ་གཉིས་པ་ལ་རྒྱལ་དབང་རྗེ་དྭགས་ཀོང་ནས་ཡར་ཕེབས་པ་ལྷོ་བྲག་ཏུ་བསུར་བྱོན། ལྷོ་གྲོ་བོ་ལུང་དུ་རབ་ཏུ་བྱུང་། མཚན་ངག་དབང་ཆོས་ཀྱི་རྒྱལ་པོ་གསོལ། དེ་ཉིན་ནས་བརྩམས་ཏེ་ལོ་གཅིག་གིས་རིང་ལ་འབྲུག་རྔོག་གི་དབང་རྒྱུད་མན་ངག་རྫོགས་པར་མཛད། ར་ལུང་དུ་ཕེབས་ནས་མདོ་སྡེའི་ལུང་གསན། རྗེ་གཤེགས་ནས་གྲུབ་ཆེན་ཤཱཀྱ་འཕེལ་པ་ལ་འབྲུག་སྐོར་གྱི་ལྷག་མ་ལག་ལེན་ལ་དོགས་གཅོད་ཞིབ་མོ་མཛད། བཅུ་བཞི་ལ་གདན་སར་བཏོན། མཆོད་རྟེན་ཆེན་མོའི་རབ་གནས་ཀྱི་སྐབས་སངས་རྒྱས་དབོན་གྱིས་མ་འོངས་པའི་དུས་འདི་ལ་ཞིག་གསོས་དགོས་པ་ཡོང་། དེ་དུས་ཁོ་བོ་རང་སླེབས་ནས་བྱེད་གསུངས་པས། མཆོད་རྟེན་ཕྱེད་ཞིག་པ་ཞིག་གསོས་མཛད་པས་དབོན་རས་ཀྱི་སྤྲུལ་པའི་སྐུར་ཤེས། གཞན་སྟག་ལུང་ངག་དབང་གྲགས་པ། སྐུ་ཞང་ཆོས་རྗེ་མཁྱེན་རབ་མཆོག་གྲུབ། ཆོས་རྗེ་ལྷུན་བདེ་བ་སོགས་བླ་མ་མང་དུ་བསྟེན། བདེ་མཆོག་ལ་སོགས་པའི་རྒྱུད་མན་ངག་མང་དུ་གསན། ར་ལུང་ཁ་རོ་༼༣༠༨༽ལ་སོགས་སུ་ལོ་དགུ་ཙམ་བསྒྲུབ་པ་མཛད། ངོ་མཚར་བ་ཞལ་དུ་མི་གླེང་སྦེད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར། འཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་གིས་སྒྲུབ། ཏིང་ངེ་འཛིན་མཐར་ཕྱིན་པས་འདི་ལྟར་འབྱུང་གསུང་མ་འོངས་པ་ལུང་བསྟན་པ་ཐོག་ཏུ་མི་བབ་པ་མེད་པ་ཀུན་ལ་མངོན་གྱུར། མར་པ་ལོ་ཙཱའི་སྤྲུལ་པའི་སྐུར་ཐམས་ཅད་དུ་གྲགས། རྟེན་འབྲེལ་ཐབས་ལ་མཁས་པས་གདུལ་བྱ་འབྲེལ་ཚད་དོན་དང་ལྡན་པར་མཛད། བདུན་ཅུ་རྩ་དྲུག་པ་ལ་གཤེགས་སོ། །དེའི་སྲས་ཀྱི་ཐུ་བོ་ནི་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ཡིན་ལ། དེ་གྲྭ་པའི་ཐོག་མ། ཕྱི་མ་རང་བདག་ཡིན། བར་དུ་མི་ཆེན་སྟག་ལུང་ཐང་པ་མཆེད་གསུམ། བྱ་བཀྲ་ཤིས་རྣམ་རྒྱལ་སོགས་དང་། པཎ་ཆེན་འབུམ་ཕྲག་གསུམ་པ་བསྟན་འཛིན་ཉི་བཟང་། གསེར་མདོག་ཅན་གྱི་མཁས་པ་འབུམ་རམ་པ། མདར་པ་བློ་གྲོས་རྒྱ་མཚོ། རྗེས་མདར་སྟོན་སེངྒེ་བཟང་པོར་གསོལ་བ། ནག་པོ་སྤྱོད་པའི་སྤྲུལ་པ་རིན་པོ་ཆེ་སྒྲོལ་འབུམ་པ། རིག་སྔགས་འཆང་ཆེན་པོ་ཚར་ཆེན། དགེ་ལྡན་པའི་ཆབ་མདོ་ཆོས་རྗེ་སྔགས་རམ་པར་གྲགས་པ། གསང་ཕུ་ཆོས་རྗེ་སྨོན་ལམ་པ། ཚོགས་ཆེན་མཁན་པོ་ནམ་མཁའ་བཀྲ་ཤིས་དང་། དགེ་འདུན་སྒང་མཁན་པོ་རིན་ཆེན་བཀྲ་ཤིས་པ་སོགས་བསྟན་འཛིན་སྦྱིན་བདག་ཆེ་དགུས་བཏུད་པ། ཐོག་དེ་ལ་དབུས་གཙང་དུ་ཆེ་བར་གྲགས་སོ། །ཏིང་ཏིང་རྡོར་འཛིན་པ་སོགས་ཞབས་ཏོག་ཅན། ཐལ་རུ་རྟོགས་ལྡན་སོགས་གྲུབ་ཐོབ་ཏུ་གྲགས་པ། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་སོགས་མཐུ་སྟོབས་ཅན། གཞན་ཡང་མང་དུ་བྱོན། སྲས་གཉིས་ཀྱི་ཆེ་བ་ངག་དབང་བསྟན་པའི་རྒྱལ་མཚན། གཅུང་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཕྱི་མས་བདག་ཅག་རྣམས་ལ་བཀའ་ལུང་ལེགས་པར་སྩལ་ཏེ། དགུང་ལོ་སོ་བརྒྱད་ལ་ཞི་བར་གཤེགས། །འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ནི། ཡུལ་ལྷོ་རྒྱུད། ཡབ་གོང་མ་བཀྲ་ཤིས་དར་རྒྱས་བྱ་བ་བོད་ཡུལ་ལྷོ་རྒྱུད་འབངས་མི་ཁྱིམ་ཁྲི་ཕྲག་གསུམ་ཙམ་ལ་དབང་སྒྱུར་བ་དེ་དང་། ཡུམ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ལྕམ་དཀར་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་ལ་རྒྱལ་དབང་རྗེའི་གྲྭ་རིགས་འཛོམ་པ་རྒྱུན་དུ་ཆོས་རྒྱལ་ལྷུན་པོ་ཞེས་པའི་ཕོ་བྲང་དུ་དགེ་འདུན་བརྒྱད་བརྒྱ་ཙམ་གྱིས་ལོ་གཅིག་གི་བར་དུ་རབ་ཏུ་བྱུང་བར་གསོལ་བ་འདེབས་པ་ལ་བསྡད། དེ་ནས་འབྲུག་པ་རིན་པོ་ཆེ་ཕེབས། གདམས་༼༣༠༩༽པ་ལེགས་པར་གསན་ཞིང་། སློབ་དཔོན་དུས་ཞབས་ཤཱཀྱ་དབང་ཕྱུག་ཏུ་བྱས་པ་སྙེ་མོ་རུ་པའི་དགེ་བཤེས་སྦྱངས་པ་ཅན་ཞིག་ལ་རྒྱུད་དང་ཐ་སྙད་ལ་གསན་པ་མཛད། གཞན་དགེ་སློང་རིན་ཆེན་རྣམ་རྒྱལ་པ་ལ་རྒྱལ་དབང་རྗེ་ནས་བརྒྱུད་སྒྲུབ་བཀའ། གྲུབ་ཆེན་ཤཱཀྱ་འཕེལ་བའི་སློབ་མ་འགྲོ་མགོན་ཆོས་སྐྱབས་པ་ལས་ཁྲིད་དཔེ་ལོགས་སུ་མ་ལུས་པའི་ཕྱག་བཞེས་སུ་ལོན་པ་དང་། གཞན་ཡང་ཞྭ་དམར་ནག་སོགས་བླ་མ་དུ་མ་ལ་གསར་རྙིང་བཀའ་གསུམ་གྱི་གདམ་ངག་ཅིའང་གསན། ཏིང་ངེ་འཛིན་ལ་རྩལ་འབྱོངས་པས་ཞབས་རྗེས་ཕྱག་རྗེས། བར་སྣང་ལ་སྐྱིལ་ཀྲུང་འཆའ། རྡོ་རྗེ་དྲིལ་བུ་བར་སྣང་ལ་བཞག ཁྲོ་བོ་རྡོ་རྗེ་ཤུགས་དངོས་སུ་ཕེབས། ལྷག་པར་རས་ཆུང་ཞབས་ཀུན་གྱིས་མཐོང་བར་ཟླ་བ་གསུམ་བྱ་བྲལ་གྱི་ཟོལ་གྱིས་གདམས་པ་གནང་བར་བྱོན། ཕྱིས་ཡི་གེར་བཏབ་པ་བདེ་མཆོག་མཻ་ཏྲི་ལུགས་ཀྱི་སྙན་རྒྱུད་ཡིན། སུ་ཁ་སིདྷིས་ལུང་བསྟན་བཀྲ་ཤིས་མཐོང་སྨོན་བཏབ་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་ཞེ་ལྔ་པ་ལ་མྱ་ངན་ལས་འདས་སོ། །དེའི་སློབ་མ་ལ་ཅིག་ཅར་རྡོར་འཛིན་བསྟན་པ་རྒྱ་མཚོ། བཤད་པའི་བཀའ་འཛིན་རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས་རྡོ་རྗེ་འཆང་མངོན་སུམ་པ་དེ་ཡིན། སྒྲུབ་བཀའ་འཛིན་པ་ལ་སུ་ཁ་སིདྡྷིས། མི་ཏྲ་ལོ་ཡི་སྤྲུལ་པ་ཡིས། །ཁྱོད་ཀྱི་སྒྲུབ་བརྒྱུད་རྒྱས་པར་བྱེད། །ཅེས་ལུང་བསྟན་པའི་རྗེ་བཙུན་མི་ཏྲ་ཛོ་ཀིའི་སྤྲུལ་པ་ནི་བདག་ཅག་ལ་བཀའ་དྲིན་ཆེན་པོ་སྦྱིན་པ་པོ་ཀུན་སྤངས་རིན་པོ་ཆེའམ། མཚན་གཞན་སྒྱུ་མའི་གར་མཁན་དུ་གྲགས་པ་དེ་ཡིན། ལོའི་སྤྲུལ་པ་ནི། དམར་ཌཱ་ཀི་རས་ཆེན་དུ་གྲགས་པ་ཁོང་ཡིན་པར་བཀའ་སྩལ། སྐུ་དངོས་ཀྱི་གདན་ས་གཅུང་པཎྜྻི་ཏ་བཀྲ་ཤིས་རྣམ་རྒྱལ་ལྔ་རིག་པ་དེའོ། །སྲས་གཉིས། གཞན་རྗེ་དེ་ལ་ཐུག་ཙམ་ཡང་གདམ་ངག་གི་གནད་ཟིན་པས་ཕྱིས་གཞན་གྱི་འདྲེན་པ་བྱེད་པ་འབའ་ཞིག་བྱུང་བས་འཕྲིན་ལས་ཤིན་ཏུ་ཆེ། དེ་ལྟར་དབོན་རས་ནས་འདིའི་བར་དུ་བྱོན་པ་རྗེས་འབྲང་དང་བཅས་པ་ལ་གདན་ས་བརྒྱུད་ཅེས་བྱ་སྟེ། སྒྲ་བསྒྱུར་མར་མི་རས་ཆུང་ནས་བརྒྱུད་པའི་གདམས་པ་ཁོ་ན་ཉམས་སུ་ལེན་ཅིང་ལག་ལེན་གྱི་འཕྲང་ལ་བརྡར་བས། དོན་བརྒྱུད་གདམས་པའི་མངའ་བདག་འབྲུག་པ་ཞེས་བསྟོད་ར་བགྱིས་སོ།། །། ༈ འདིར་འབད་དགེ་བའི་སྤྲིན་དཀར་ནི། །སྲིད་པའི་མཐའ་མཉམ་འཕེལ་འགྱུར་བས། །ཐར་པའི་ཤུལ་རིང་བགྲོད་རྣམས་ལ། །གདུང་སེལ་མཆོག་ཏུ་གྱུར་ཅིག་གུ །དེ་ལྟར་བསྟན་པ་སྤྱིའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་༼༣༡༠༽བྱ་བ། གོང་དཀར་ནས་སྡེ་སྲིད་རིན་པོ་ཆེ་མའི་བཀས་རྩོམ་དགོས་ཞེས་བསྐུལ་བ་ལྟར། ཕལ་ཆེར་གཏམ་ཕྱོགས་ལྷུང་གི་རྗེས་སུ་འབྲང་བས་ཟེར་ཚད་འཆད་དཀའ་ལ། གཟུ་བོར་གནས་པ་དག་གིས་རྣལ་མར་བརྗོད་པ་རྣམས་ཕྱོགས་གཅིག་ཏུ་བྱ་བའི་བར་སེང་ལ་བྲིས་པ་ལས་རྫོགས་པ་ལོ་རོའི་རོང་། དྲོན་དབང་སྒྱུར་དུ་གྲུབ་པ་འདིས་ཐམས་ཅད་དུ་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་བྱོན་ཏེ། སྲིད་ཞུ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག། །།སརྦ་མངྒལཾ།། །།རབ་དཀར་དོན་བརྒྱུད་གཞུང་ལུགས་གངས་རིའི་སྤོར། །ཀུན་མཁྱེན་བླ་མ་མི་ཡི་སེངྒེ་དེའི། །མཚུངས་བྲལ་ཐེག་མཆོག་ལྟ་བའི་ང་རོའི་དབྱངས། །བཀའ་འབུམ་ཁྲིགས་སུ་སྡེབ་པའི་མུ་ཏིག་ཕྲེང་། ༡ །འགའ་ཞིག་བཞན་དབང་ཁ་ཐོར་གྱུར་པའི་རིགས། །ལྷག་བསམ་འབུམ་ལྡན་མཛོད་ཁྲི་ཐབས་མཁས་མཆོག །བསྟན་དོན་གསེར་གྱི་གཉའ་ཤིང་ཕྲག་པར་བརྒྱན། །འཛད་མེད་པར་གཞིའི་འཁྲུལ་འཁོར་འདི་བསྒྲུབས་དགེས། ༢ །ཕ་མ་འབྲེལ་ཐོགས་མཁའ་མཉམ་འགྲོ་ཀུན་དང་། །ཁྱད་པར་སྐུ་གཤེགས་དཔལ་ལྡན་དེ་ཉིད་ཀྱི། །ཚེ་རབས་ཉེས་པའི་ཕུང་པོ་ཡོངས་གཞིལ་ཏེ། །སྐུ་བཞིའི་དབང་ཕྱུག་ད་ལར་འདུ་བར་སྨོན། །ཅེས་མི་རྗེ་མཆོག་ནས་བཀས་བསྐུལ་བ་ལྟར། ངག་གི་དབང་པོ་བདེ་བའི་རྡོ་རྗེས་སོ།། །།