མཆོག་གསང་ལམ་ཁྲིད་ཆེན་མོ

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-12-NA-002
Jump to navigation Jump to search

གསང་སྐོར་གྱི་དབང་གི་ལག་ལེན་གསལ་བའི་སྒྲོན་མེ klong chen rab 'byams kyi gsung 'bum (pe cin 2009)· Volume 12(NA) ཡེ་གྲོལ་སོར་བཞག

Title མཆོག་གསང་ལམ་ཁྲིད་ཆེན་མོ
Wylie mchog gsang lam khrid chen mo


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 12(NA), text 2, pages 37–39 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.2.04
Citation Klong chen rab 'byams pa. mchog gsang lam khrid chen mo. In Kun mkhyen klong chen rab 'byams kyi gsung 'bum, vol. 12, pp. 37–39. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །མཆོག་གསང་ལམ་ཁྲིད་ཆེན་མོ་བཞུགས་སོ། །

«ཨཱོཾ་ཨཱཿཧཱུྃ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐིག་ལེ་གསང་བ་ཡི་གེ་མེད་པ་ལས། ཁྲིད་ཀྱི་རིམ་པ་ངོ་སྤྲོད་ཟབ་མོའི་གནད། །གཅིག་ཏུ་བསྡུས་ཏེ་ཕྱི་རབས་དོན་དུ་བྲི། །དེ་ལ་གསུམ་ལས། སྔོན་འགྲོ་ཉམས་སུ་བླང་པ་ལ་བདུན་གྱི་དང་པོ་བླ་མའི་རྣལ་འབྱོར་ནི། སྣང་སྲིད་ཀུན་ཏུ་བཟང་པོའི་ཞིང་དུ་གསལ་བའི་ངང་ལས། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་སྤྱི་བོར་བསམས་ལ་གསོལ་བ་གདབ་བོ། །གཉིས་པ་མཎྜལ་ནི་གླིང་བཞི་རི་རབ་དང་བཅས་པའི་ཚོམ་བུ་བཀོད་ལ་སངས་རྒྱས་ཀྱི་ཞིང་དང་ལྷ་མིའི་ལོངས་སྤྱོད་དུ་བསམས་ལ་དབུལ་ལོ། །གསུམ་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུག་ཀར་ཡི་གེ་བརྒྱ་པ་བསམ་ལ་བཟླས་སོ། །བཞི་པ་ཚེ་མི་རྟག་པའི་ལམ་ཁྱེར་ནི། ཕྱི་དུས་བཞི་འགྱུར་བ། ནང་ཕུང་པོ་འགྱུར་བ། གསང་བ་བར་དོ་ཡིན་པའི་འདུ་ཤེས་བསྒོམ་མོ། །ལྔ་པ་འཁོར་བའི་སྐྱོ་ཤས་ནི། འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ་བསམ་མོ། །དྲུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ལ་ཕར་རང་གི་བདེ་བ་བྱིན་པ་དང༌། དེ་དག་གི་སྡུག་བསྔལ་ཚུར་རང་ལ་བླང་བ་གཉིས་སྤེལ་མར་བསྒོམ། སྙིང་རྗེ་ཆེན་པོ་བསྒོམ་པའོ། །བདུན་པ་གཟུང་འཛིན་སེམས་ཀྱི་རྩ་བ་གཅད་པ་ལ་གསུམ་ལས། དང་པོ་ཕྱི་གཟུང་བའི་ཡུལ་ལྔར་རང་བཞིན་མེད་པར་སྦྱར་བ་ནི། འདི་ལྟར་ཡུལ་ལྔར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་མེད་བཞིན་སྣང་བ་ཡང༌། སྣང་བའི་དུས་འདི་ཉིད་ནས་རྟེན་མེད་པ། གནས་མེད་པ་ནམ་མཁའི་རང་བཞིན་དུ་བསྒོམ་མོ། །ནང་འཛིན་པ་སེམས་ཀྱི་རྩ་བ་གཅད་པ་ལ། དགག་སྒྲུབ་རྟོག་ཚོགས་སུ་ཤར་བའི་སེམས་འདི་ཉིད། དང་པོ་བྱུང་ས་དང༌། བྱུང་མཁན་དང༌། བར་དུ་གནས་ས་དང༌། གནས་མཁན་དང༌། ཐ་མར་འགྲོ་ས་དང་འགྲོ་མཁན། དབྱིབས་ཁ་དོག །ངོ་བོ་ངོས་གཟུང་བརྟགས་པས་སེམས་ཉིད་ནམ་མཁའ་ལྟར་རྟོགས་པ་ནི། འཁོར་འདས་མཉམ་པ་ཉིད་དུ་བསྟན་པའོ། །སྔོན་འགྲོ་དེ་དག་ཤིན་ཏུ་འབྱོངས་པ་གཅེས་ སོ། །གཉིས་པ་དངོས་གཞི་ངོ་སྤྲད་པ་ལ་གཉིས་ལས། ཀ་དག་ཆོས་སྐུ་རུ་ངོ་སྤྲད་པས་ད་ལྟ་ཉམས་སུ་བླང་བ་ནི། ཚོགས་གཏོར་བཤམས། གསོལ་བ་བཏབ། ལུས་གནད་བཅས། བརྒྱུད་པའི་བཤར་བཏབ་ནས། བརྡ་སྦྱར་བ་ནི། ད་ལྟར་གྱི་རང་རིག་ཟང་ཐལ་རྗེན་པའི་ངོ་བོ་འདི་ལ་ལྟོས་དང༌། གསལ་བ་ལ་འཛིན་པ་མེད་པ། སྟོང་པ་ལ་བདག་མེད་པ། རིག་པ་ངོས་བཟུང་མེད་པ་འདི་ཆོས་སྐུ་ཡིན་པས། འདིའི་ངང་ལ་མ་ཡེངས་བཅོས་བསླད་མེད་པར་རང་སོར་སྐྱོངས་ཤིག །ཅེས་ཐེབས་པར་གདབ་བོ། །ལྷུན་གྲུབ་འོད་གསལ་དུ་ངོ་སྤྲད་པས་བར་དོར་གྲོལ་བར་བྱེད་པ་ལ། མཐོངས་ཁ་ཉི་ཞུར་ལ་ཤེལ་གྱིས་མཚོན་ཏེ། ཡེ་ཐོག་གཞིའི་གནས་ལུགས། ཀུན་ཏུ་བཟང་པོའི་གྲོལ་ལུགས། མ་རིག་སེམས་ཅན་ཀྱི་འཁྲུལ་ལུགས། སེམས་དང་ཡེ་ཤེས་ཀྱི་གནས་ལུགས། གདམས་པ་ཉམས་ལེན་གྱི་བྱེད་ལུགས། བར་དོ་འོད་གསལ་གྱི་གྲོལ་ལུགས་རྣམས་ངོ་སྤྲད་རྟིང༌། སྐར་ཁུང་བཀག་ལ། མི་མོ་ལ་བརྟེན་ནས་ཞུགས་གནས་དོན་གསུམ་གྱི་ངོ་སྤྲོད་དམ། བརྡ་བསྐོར་ས་ལ་བཀོད་པ། དེ་ཤེལ་གྱི་བཏེག་ལ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་ནས་སྐུ་གསུམ་ངོ་སྤྲད་པའང་ཤེལ་དང་ཉི་མ། འདྲ་འབག་གསུམ་ལ་བརྟེན་ནས། ཤེལ་ཆོས་སྐུ། འདྲ་འབག་ལོངས་སྐུ། ཉི་མ་ལས་ཟེར་འཕྲོས་པ་སྤྲུལ་སྐུའི་ངོ་སྤྲོད་རྣམས་ལག་ལེན་བརྒྱུད་པ་བཞིན་ངོ་སྤྲད་ནས། ཉི་ཞུར་ལ་ཤེལ་འཕྱར་བའི་ཞུར་གྱིས་སྙིང་ནས་མིག་ཏུ་འབྲེལ་པའི་རྩ་ལམ་ངོ་སྤྲད་པ་དང༌། སེམས་དང་ཡེཤེས་རྒྱབ་གྱེས་པའི་དུས་ངོ་སྤྲད་པ་དང༌། བར་དོའི་གཞི་སྣང་ངོ་སྤྲད་པ་དང༌། སྒྲ་འོད་ཟེར་གསུམ་གྱི་འཆར་ཚུལ་ངོ་སྤྲད་པ་དང༌། ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་ནང་གསལ་ཆོས་སྐུར་བཞུགས་བཞིན་དུ། ཕྱི་གསལ་ལོངས་སྤྲུལ་གྱིས་གཞན་དོན་མཛད་པ་དང་བཅས་པ་རྣམས་གཟབས་ལ་ངོ་སྤྲད་དོ། །འདི་རྣམས་སྙན་བརྒྱུད་གསུམ་ཀ་རྫོགས་པའི་ལམ་ཁྲིད་ཆེན་མོ་ཡིན་ནོ། །གསུམ་པ་རྗེས་རྒྱབ་ཆོས་ནི། རྒྱས་བསྡུས་ཅི་རིགས་བཤད་ནས་བཀའ་རྒྱས་གདབ་པར་བྱའོ། །དེ་ལྟར་སྙན་བརྒྱུད་ཡི་གེ་མེད་པ་ཡི། །ལམ་ཁྲིད་ཆེན་པོ་བཀོད་པའི་བསོད་ནམས་དེས། །མ་ལུས་འགྲོ་ཀུན་ཐེག་མཆོག་འདིར་ཞུགས་ཏེ། །རྒྱལ་མཆོག་ཀུན་ཏུ་བཟང་པོའི་གནས་ཐོབ་ཤོག །ཡི་གེ་མེད་པའི་སྙན་བརྒྱུད་མཆོག་ཏུ་གསང་བའི་ལམ་ཁྲིད་ཆེན་མོ་ཞེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་བཀོད་པ་རྫོགས་སོ།། །།དགེའོ། ། དགེའོ། །དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).