མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན༔ ལྷ་མོ་ལྔའི་ཚེ་སྒྲུབ

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-06-CHA-030
Jump to navigation Jump to search

བརྒྱུད་འཛིན་གི་སློབ་བུའི་ལུང་བསྟན klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) སྤྲུལ་སྐུ་ལེགས་པ་ལུང་བསྟན་པ

Title མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན༔ ལྷ་མོ་ལྔའི་ཚེ་སྒྲུབ
Wylie mkha' 'gro snying thig gi cha rkyen:_lha mo lnga'i tshe sgrub


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 30, pages 199–201 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.32
Citation Klong chen rab 'byams pa. mkha' 'gro snying thig gi cha rkyen lha mo lnga'i tshe sgrub. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 199–201. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན༔ ལྷ་མོ་ལྔའི་« »ཚེ་སྒྲུབ་བཞུགས་སོ༔ «རིགས་ཀྱི་མ་མོ་མཁའ་འགྲོ་ཚེ་ཡི་བདག༔ ལྷ་མོ་བདེ་བ་འབྱུང་ལ་ཕྱག་འཚལ་ལོ༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ འབྱུང་བ་འདུས་པའི་ཕུང་པོ་ལ༔ ཕ་མའི་དངས་མ་རྣམ་ཤེས་རྟེན༔ ལས་དང་རྐྱེན་གྱིས་འགྱུར་བ་ཡིན༔ འབྱུང་འཁྲུགས་དངས་མའི་གནད་འཕྱུགས་པས༔ ལུས་དང་སེམས་གཉིས་འབྲལ་བར་འགྱུར༔ དེ་ལ་ལྷ་མོའི་ཚེ་སྒྲུབ་བྱ༔ ཞེས་པས༔ དེ་ལ་དམ་ཆོས་སྒྲུབ་པ་པོས༔ ཚེ་ཡི་བར་ཆད་བསྲུང་བའི་ཕྱིར༔ འཆི་བ་བརྟག་ཅིང་བསླུ་བ་ནི༔ བརྟག་པ་གཞན་དུ་ཤེས་པར་བྱ༔ བསླུ་ཐབས་མང་དུ་བཤད་ན་ཡང་༔ ལྷ་མོའི་ཚེ་སྒྲུབ་ཁྱད་པར་འཕགས༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་སྔོན་དུ་འགྲོ་བ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་བས༔ གཙང་མའི་གནས་སུ་སྟེགས་བུ་བྱ༔ དྲི་བཟང་བདུད་རྩི་ཆག་ཆག་གདབ༔ ནས་ཀྱི་ཚོམ་བུ་ལྔ་བཀོད་དེ༔ བུམ་པའི་ནང་དུ་ཆང་བླུགས་ལ༔ མར་གྱི་རིལ་བུ་ལྔ་ཡང་གཞུག༔ འབྲུ་སྣ་སྨན་སྣ་རཏྣ་བླུག༔ འབྲས་བུ་ཅན་གྱི་ཁ་རྒྱན་གཟུགས༔ དར་སྣའི་མགུལ་ཆིངས་གཟུངས་ཐག་བཏགས༔ བགེགས་གཏོར་བྱིན་ལ་མཚམས་ཀྱང་བཅད༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྤྱན་དྲང་མཆོད་གཏོར་གཏོར་ཚོགས་དབུལ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ ཚེ་ཡི་ལྷ་མོ་སྐུ་མདོག་དཀར༔ རིན་པོ་ཆེ་ཡི་རྒྱན་གྱིས་མཛེས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ སྐུ་གསུང་ཐུགས་ནས་འོད་འཕྲོས་པས༔ བདག་གི་ལུས་ངག་ཡིད་ལ་ཕོག༔ སྒྲིབ་པ་གསུམ་པོ་དག་ནས་ཀྱང་༔ ལུས་ནི་ཤེལ་སྒོང་བཞིན་དུ་བསམ༔ དེ་ནས་ལྷ་མོ་བདག་ལ་ཐིམ༔ གོང་གི་ལྷ་མོར་བདག་བསྐྱེད་ལ༔ སྔགས་བཟླས་འོད་ཟེར་བུམ་པར་འཕྲོས༔ བུམ་པའི་ནང་ནས་ཕྱོགས་བཅུ་ཡི༔ བླ་མ་ཡིད་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་སེམས་ཌཱཀྐིའི་ཚོགས༔ ཆོས་སྐྱོང་ལ་སོགས་མཐུ་ཆེན་གྱི༔ ཚེ་དང་བསོད་ནམས་ཀུན་བསྡུས་ཏེ༔ བུམ་པའི་ནང་དུ་ཐིམ་ཞིང་འཁྱིལ༔ དེ་ལས་མཁའ་འགྲོ་ལྔར་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ཡི༔ རྒྱུན་བབ་བསམ་ལ་སྔགས་འདི་བཟླས༔ ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནི་ཧ་རི་ནི་ས༔ ཨོཾ་ཨཱ་ཡུ༔ཤེ་སིདྡྷི་ཧཱུྃ༔ ཨོཾ་སུ་པ་ཏེ་ན་ཏེ༔ སུ་པ་ཏེ་ན་ཏེ་ཡེ་སྭཱཧཱ༔ རྫོགས་རིམ་བདག་དང་ལྷ་མོ་གཉིས༔ དབྱེར་མེད་ངང་ལ་བཞག་པར་བྱ༔ དེ་ནས་མཇུག་གི་རིམ་པ་ནི༔ རྩ་བའི་བསྙེན་པ་འབུམ་དང་ཁྲི༔ སྟོང་ལ་སོགས་པ་བཟླས་བྱས་ནས༔ གྲུབ་པའི་རྟགས་ནི་འདི་ལྟར་འབྱུང་༔ ལུས་ལ་གོ་ཆ་གོན་པ་དང་༔ ཆུ་ལས་བརྒལ་བ་རྨི་བ་དང་༔ ཉི་མ་ཤར་དང་གྱེན་ལ་འཛེག༔ འབྲུ་དང་ལོངས་སྤྱོད་རྨི་བ་དང་༔ བདུད་རྩིའི་ཆུ་རྒྱུན་འཐུང་བ་རྨི༔ དེ་ལྟར་རྟགས་རྣམས་བྱུང་བ་དང་༔ བུམ་པ་རང་གི་སྤྱི་གཙུག་བཞག༔ བུམ་པའི་ནང་ནས་སྙིང་དཀྱིལ་བབ༔ སྙིང་པད་འདབ་བཞི་དབུས་དང་ལྔར༔ མི་འགྱུར་རྟག་ཏུ་བཞུགས་པར་བསྒོམ༔ དེ་ནས་བུམ་ཆུ་བཏུང་ཞིང་བཀྲུ༔ བུམ་པའི་མར་རྣམས་རང་ཉིད་བཟའ༔ ལྕེ་ཡི་དཀྱིལ་ཡང་རྐན་ལ་ཟེར་བའང་འདུག་དུ་ཧཱུྃ་བསྒོམས་ཏེ༔ ཀཱ་ཡ་སིདྡྷི་ཨོཾཿཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ བཟླས་པས་སྐུ་གསུང་ཐུགས་ཐོབ་བསམ༔ འཆི་མེད་ཡེ་ཤེས་བདུད་རྩི་འདི༔ བཞག་པ་ལྕེ་ཡི་དཀྱིལ་དུ་བཞག༔ བབ་པ་ཙིཏྟའི་དཀྱིལ་དུ་བབས༔ དཀར་ཞིང་འཚེར་ལ་སྣུམ་ཞིང་འདྲིལ༔ བདུད་རྩི་འཆི་མེད་དངོས་གྲུབ་མཆོག༔ ཡེ་ཤེས་ལྷ་མོ་ཨ་ལ་ལ་ཧོ༔ ནད་བཞི་བརྒྱ་རྩ་བཞི༔ རྐྱེན་ཉི་ཁྲི་ཆིག་སྟོང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ བྱང་ཞིང་དག་པར་གྱུར་ཅིག༔ ཅེས་དངོས་གྲུབ་བླང་བར་བྱའོ༔ ཚེ་སྒྲུབ་འདི་ཡི་ཡོན་ཏན་ནི༔ ཚེ་ཟད་པ་ཡི་རྣལ་འབྱོར་ཡང་༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ ལས་འཕྲོ་ལྡན་ན་ཉི་ཟླའི་ཚེ༔ འཆི་མེད་རྡོ་རྗེ་ལྟ་བུ་འོ༔ འདི་ལ་སྒོམ་སྒྲུབ་སུས་བྱས་པ༔ དུས་མིན་འཆི་བ་བརྒྱད་མི་འབྱུང་༔ གློ་བུར་ནད་དང་གདོན་རྣམས་ཀྱིས༔ དེ་ལ་ཚུགས་པར་མི་འགྱུར་རོ༔ ཚེ་འཕོས་མཁའ་སྤྱོད་གནས་སུ་འགྲོ༔ འཆི་བ་བརྟག་དང་བསླུ་བ་ལ༔ བསླུ་ཐབས་མང་དུ་བཤད་ན་ཡང་༔ ལྷ་མོ་ལྔ་ཡི་ཚེ་སྒྲུབ་འདི༔ པདྨ་འབྱུང་གནས་བདག་ཉིད་ཀྱིས༔ ཟབ་ཕྱིར་ཀློང་གསལ་རྒྱུད་ལས་བཏུས༔ གཞན་ལ་མ་སྤེལ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་ཚུར་པའི་དཔེ་ལས་བཤུས»༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields, 1 embedded-object codes. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).