དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་བསྟན་ཆོས་ཀྱི་འགྲེལ་བ་བཞུགས།

From Rangjung Yeshe Wiki Texts
Revision as of 08:18, 13 February 2013 by Eric (talk | contribs)
Jump to navigation Jump to search

༄༅། །དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་བསྟན་ཆོས་ཀྱི་འགྲེལ་བ་བཞུགས་སོ། །[1]

༄༅། །ཟག་མེད་མཁྱེན་གཉིས་ལྷུན་གྲུབ་ནམ་མཁའ་ལས། །ཐུགས་རྗེ་རྨད་དུ་བྱུང་བའི་དཔལ་འབར་བས། །འགྲོ་བའི་མ་རིག་མུན་པ་ཀུན་སེལ་བའི། །ཐུབ་དབང་ཉི་མ་དེ་ལ་ཀུན་ནས་འདུད། །རྒྱལ་བའི་དགོངས་པ་ཟབ་ཡངས་ནམ་མཁའ་ཡི། །སྡེ་སྣོད་རྒྱ་མཚོའི་ཆུ་གཏེར་ཐམས་ཅད་ལས། །དམ་ཆོས་དྲན་པ་ཉེར་གཞག་ཚིག་དོན་རྣམས། །གསལ་ཞིང་མ་ལུས་རྫོགས་པར་མཛད་པ་ཡི། །རྒྱལ་སྲས་རང་བྱུང་རྡོ་རྗེའི་ཞབས་ལ་འདུད། །བདག་ནི་ཐོས་ཆུང་ཤེས་རབ་དམན་པའི་ཕྱིར། །བསྟན་ཆོས་འདི་དོན་ཚང་བར་མ་རྙེད་ནའང་། །བླ་མ་མཆོག་དང་དེས་གསུང་བསྟན་ཆོས་ལ། །དད་པའི་སྟོབས་ཀྱིས་ཅུང་ཟད་བཤད་པར་བྱ། །བསྟན་ཆོས་འཆད་པ་ནི་ཐོག་མར་དགོས་པ་བརྗོད་དགོས་པས། དེ་བརྗོད་པར་བྱ་སྟེ། དེ་ལ་བདག་ཅག་གི་སྟོན་པ་འདིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་བསྐོར་བ་ཡིན་ཞེས་གྲགས་སོ། །དེ་ཡང་སྔོན་བསྐལ་པ་གྲངས་མེད་གསུམ་འདས་པའི་གོང་རོལ་ན། །ཐུབ་པ་ཆེན་པོ་ཞེས་བྱའི་སངས་རྒྱས་གཅིག་འཇིག་རྟེན་དུ་བྱོན། དེའི་ཚེ་ན་བདག་ཅག་གི་སྟོན་པ་འདི། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་པས་སངས་རྒྱས་དེའི་དྲུང་དུ་གདུག་གཅིག་མཆིལ་ལྷམ་ཟུང་གཅིག་བུམ་པ་ཆུས་བཀང་བ་གཅིག །མགྲོན་བུ་ལྔ་ཕུལ་སྟེ། དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་དང་པོར་བྱང་ཆུབ་དུ་སེམས་བསྐྱེད་དོ། །དེ་ནས་བཟུང་ནས་སངས་རྒྱས་ཡུལ་འཁོར་སྐྱོང་གི་བར་དུ་སངས་རྒྱས་བདུན་ཁྲི་ལྔ་སྟོང་སྒོ་གསུམ་གྱིས་མཉེས་པར་བྱས་ཏེ་བསྐལ་པ་གྲངས་མེད་གཅིག་ལ་ཚོགས་བསགས་ནས་སྦྱོར་ལམ་རྫོགས་པར་མཛད་དོ། །ཡང་སངས་རྒྱས་མར་མེ་མཛད་ནས། སངས་རྒྱས་དབང་པོའི་རྒྱལ་མཚན་ཐུབ་པའི་བར་དུ། སངས་རྒྱས་བདུན་ཁྲི་དྲུག་སྟོང་དྲུང་དུ་བསྐལ་པ་གྲངས་མེད་གཅིག་ཚོགས་བསགས་ནས་ས་དང་པོ་ནས་བདུན་པའི་བར་རྫོགས་པར་བྱས། ཡང་སངས་རྒྱས་མར་མེ་མཛད་ནས་སངས་རྒྱས་འོད་སྲུང་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་ཚོགས་བསགས་ནས་ས་བཅུའི་བར་རྫོགས་པར་བྱས་སོ། །དེ་ལྟར་ཡིན་པར་ཡང་། འདུལ་བ་ལུང་གཞི་ལས། །སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཅེས་དང་། སངས་རྒྱས་མར་མེ་མཛད་ནས་ནི། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་པ་ཡི། སངས་རྒྱས་རྣམས་ནི་ང་ཡིས་མཆོད་ཅེས་པ་དང་། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་དུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །ཅེས་གསུངས་སོ། །དེ་ནས་ཡང་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་ནས། མཐར་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེངས་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་དོན་མཛད། དེ་ནས་འཛམ་བུའི་གླིང་པ་རྣམས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་བཅོམ་ལྡན་འདས་བྱམས་པ་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱི་སྟོན་པར་བསྐོས་ནས། ཁོང་རང་གིས་གཟིགས་པ་ལྔ་ལ་གཟིགས་ཏེ། བུད་མེད་ཀྱི་གཡོ་སྒྱུ་ཐམས་ཅད་དང་བྲལ་བ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་བཞུགས་ཏེ། སེར་སྐྱའི་གྲོང་ཁྱེར་གྱི་དབུས་སུ། འཛམ་བུ་གླིང་གི་རྒྱལ་པོ་ཟས་གཙང་མའི་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པར་སྐུ་སྐྱེ་བ་བཞེངས་ནས། འཇིག་རྟེན་པ་དང་མཐུན་པར་མཛད་པའི་ཕྱིར་བཟོ་དང་སྒྱུ་རྩལ་རྣམས་བསྟན། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ལ་སོགས་པ་བཙུན་མོ་རྣམས་བཞེས་ནས། ས་འཚོ་མ་ལ་སྲས་སྒྲ་གཅན་འཛིན་བཟང་པོ་ཡང་བལྟམས་པར་མཛད་དོ། །དེ་ནས་སིལ་སྙན་གྱིས་སྒྲ་དང་ལྷ་རྣམས་ཀྱིས་རབ་ཏུ་བྱུང་བར་བསྐུལ་བ་ལ་རྟེན་ནས་གྲོང་ཁྱེར་སེར་སྐྱ་ནས་བྱུང་སྟེ། ཀོ་ཤམ་བྷིའི་ཡུལ་དུ་རང་གིས་རང་གི་དབུ་སྐྲ་བྲེག་སྟེ་རང་བྱུང་གི་བསྙེན་པ་རྫོགས་པར་མཛད་དོ། །དེ་ནས་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དཀའ་ཐུབ་ཀྱི་ང་རྒྱལ་གཅག་པའི་ཕྱིར་ཆུ་བོ་ན་རན་འཛའ་ནའི་འགྲམ་དུ་ལོ་དྲུག་དཀའ་ཐུབ་མཛད་དོ། །དེ་ནས་གདུལ་བྱ་རྣམས་ལ་དཀའ་ཐུབ་ཁོ་ནས་མི་གྲོལ་བར་བསྟན་པ་དང་། མུ་སྟེགས་པ་རྣམས་དཀའ་ཐུབ་ཀྱིས་དག་པར་འཛིན་པ་རྣམས་སུན་ཕྱུང་བའི་ཕྱིར། ཟས་རགས་པ་གསོལ་ནས་དཀའ་ཐུབ་ལས་བཞེངས་ནས། རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་བཏིང་ནས་དེའི་སྟེང་དུ་བཞུགས་ནས། སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །སྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །གསུངས་ནས། སྲོད་ལ་བདུད་བཏུལ། ཏིང་འཛིན་ལ་མཉམ་བར་བཞག །ཐོ་རངས་རྡོ་རྗེ་ལྟ་བུ་ཏིང་འཛིན་གྱིས་སྒྲིབ་པ་ཕྲ་མོ་རྣམས་སྤངས་ནས། མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཞག་བདུན་ཕྲག་བདུན་ཆོས་མ་གསུང་པ་ལ། ཚངས་པའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལ་བརྟེན་ནས། ཆོས་གསུང་བར་བཞེད་ནས། བཀའ་སྩལ་པ། ཚངས་པ་མ་གའི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ལྡན་གྱུར་ལ། །མི་འཚེ་རྟག་ཏུ་འདུ་ཤེས་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ནས། དྲང་སྲོང་ལྷུང་བའི་རི། རི་དྭགས་འབྱིན་པའི་གནས་སུ་གཤེགས་ནས། ཀུན་ཤེས་ཀོའུ་ཌི་ནྱ་ལ་སོགས་པ་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་རྣམས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བཟུང་སྟེ། །གདུལ་བྱ་མོས་པ་སྣ་ཚོགས་ཀྱི་རྒྱུད་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་གཅིག་སྐོར་བར་མཛད་ཅེས་གྲགས་སོ། །དེ་ནས་དགུང་ལོ་བརྒྱད་ཅུ་ལོན་པའི་དུས་ན། ལེ་ལོ་ཅན་རྣམས་བསྐུལ་བ་དང་། རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར། རྩ་མཆོག་གི་གྲོང་ཤིང་ས་ལ་ཟུང་གི་བར་དུ་ཀུན་དགའ་བོས་གཟིམ་ཁྲི་བཤམས་པའི་སྟེང་དུ་བཞུགས་ནས། དགེ་བསྙེན་ཙུ་འདས་སྦྱར་པའི་ཞལ་ཟས་ཀྱི་ཐ་མ་ནི། གསོལ་ནས། ཀུན་ཏུ་རྒྱུ་རབ་བཟང་ལ་སོགས་པ་གདུལ་བྱའི་ཐ་མ་རྣམས་བཏུལ་ལོ། །དེ་ནས་འཁོར་ལ་ང་མྱ་ངན་ལས་འདས་པའི་འོག་ཏུ་བཀའ་བསྡུ་བ་འདི་ལྟར་དུ་གྱིས་ཅིག་བྱ་བ་ལ་སོགས་པ་གསུངས་ནས། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ། དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ཞེས་གྲགས་ས།ོ །དེ་ནས་སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཕྱིས། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་ལན་གསུམ་མཛད་པའི་ཐ་མར། ཕྱི་མའི་གདུལ་བྱ་རྣམས་ལ་ཕན་བར་བྱ་བའི་ཕྱིར། གསུང་རབ་རྣམས་ཡི་གེར་བྲིས་ནས། པུ་ཏི་དང་གླེགས་བམ་དུ་བཞུགས་པ་ལ། བོད་ཡུལ་དུ་ཡང་། ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་ཆོས་དཔག་ཏུ་མེད་པ་བསྒྱུར་རོ། །དེ་ལ་མདོ་ཆེན་པོ་དྲན་པ་ཉེ་བར་བཞག་པ་འདི་ནས་དམྱལ་བ། ཡི་དྭགས། དུད་འགྲོ། འདོད་ལྷ་རིས་དྲུག །གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་རྣམས་ཀྱི་རྒྱུ་འབྲས་ཞིབ་པར་སྟོན་པ་ཡིན་པ་ལ། སྔར་གྱི་ལོ་པཎ་རྣམས་ཀྱི་སུམ་ཅུ་རྩ་གསུམ་གྱི་ལྷའི་རྒྱུ་འབྲས་བར་བསྒྱུར། དུས་ཕྱིས་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་འཐབ་བྲལ་གྱི་ལྷའི་རྒྱུ་འབྲས་བར་དུ་བསྒྱུར། གཞན་རྣམས་རྒྱ་གར་གྱི་དཔེ་ལ་ཆད་ནས་བོད་དུ་མ་འགྱུར་བས། མདོ་འདི་ཡི་ཚིག་དོན། འགའ་ཞིག་མ་ཚང་བ་ཡིན་ནོ། །དེ་ལ་རྩོད་པའི་དུས་ཀྱི་སྙིགས་མའི་སེམས་ཅན་ཉོན་མོངས་པ་སྣ་ཚོགས་ཀྱིས་བློ་བཅིང་བ་སངས་རྒྱས་གྲངས་མེད་པ་འདས་པ་རྣམས་ཀྱིས་ཡང་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་གདུལ་བར་དཀའ་བ་རྣམས་ལ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་གཞན་པས་ཀྱང་ཐུགས་རྗེས་ལྷག་པར་བསྐྱེད་ནས་བྱང་ཕྱོགས་ཁ་བ་ཅན་འདིར་སྐུ་སྐྱེ་བ་བཞེངས་པ། རང་བྱུང་རྡོ་རྗེ་ཞེས་མཚན་ཡོངས་སུ་གྲགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མཁྱེན་པའི་འོད་ཟེར་དང་བརྩེ་བའི་ཐུགས་རྗེ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དུས་ཐམས་ཅད་ལ་གཟིགས་པའི་ཐུགས་རྗེ་ཅན་དེ་ཉིད་ཀྱིས་མདོའི་དོན་ཚང་བར་བྱ་བ་དང་མ་རིག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལྡོངས་ནས་ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ལེགས་པར་མི་ཤེས་པའི་སེམས་ཅན་འགའ་ཞིག་གིས། དེ་ཤེས་པར་བྱ་བའི་ཕྱིར། འཕགས་པ་རྣམས་ཀྱིས་མཛད་པའི་བསྟན་ཆོས་དང་། མདོ་རྣམས་ལ་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ནས། དོན་འཐོར་བ་རྣམས་ནི་བསྡུས་འཁྲུག་པ་རྣམས་ནི་བསྡེབས། མི་གསལ་བ་རྣམས་གསལ་བར་བྱས་ཏེ་མ་ཚང་བ་རྣམས་ཁ་བསྐང་ནས། དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པའི་བསྟན་ཆོས་འདི་མཛད་དོ། །འདི་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱིས། འདི་ནི་མི་དགེ་བའི་ལས་དེ། འདི་ལྟར་བྱས་ན་ངན་སོང་གསུམ་དུ་སྐྱེ་ནས་སྡུག་བསྔལ་མྱོང་། དགེ་བའི་ལས་འདི་དང་འདི་བྱས་ན་མཐོ་རིས་སུ་སྐྱེ་ནས་བདེ་བ་མྱོང་། ཐེག་པ་གསུམ་གྱི་ལམ་འདི་ལྟ་བུ་བསྒྲུབ་ན་འབྲས་བུ་ཐར་པ་དང་། ཐམས་ཅད་མཁྱེན་པ་ཐོབ་པར་འདུག་སྙམ་དུ་གོ་བ་ནི། བསྟན་ཆོས་འདི་ཡི་དགོས་པ་ཡིན་ནོ། །དེ་ལྟར་གོ་ནས་དགེ་སྡིག་ལ་བླང་དོར་བྱས་ནས་ལམ་གསུམ་ཉམས་སུ་བླང་ནས་འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ནི་འདི་ཡི་དགོས་པའི་དགོས་པ་ཉིང་དགོས་ཡིན་ནོ། །དེ་ལྟར་འབྲས་བུ་ཐོབ་པ་དེ་དགེ་སྡིག་ལ་བླང་དོར་བྱས་ནས་ལམ་བསྒྲུབ་པ་ལས་བྱུང་། དེ་བླང་དོར་ཤེས་པ་ལ་བྱུང་། དེ་བསྟན་ཆོས་ལས་བྱུང་བས། བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག་འབྲེལ་བར་ཤེས་པར་བྱའོ། །དགོས་པ་བཤད་ཟིན་ཏོ། །ད་ནི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལྟར་ངག་དང་ངག་ཅན་འབྲེལ་པའི་བསྟན་ཆོས་འདི་ལ་ལེའུ་བཅུ་ཡོད་པས་ཁམས་གསུམ་གྱི་སེམས་ཅན་གྱི་རྒྱུ་འབྲས་དང་བར་དོ་དང་། སྣོད་ཀྱི་འཇིག་རྟེན་ཆགས་འཇིགས་སྟོན་པས། དེ་ལ་ལེའུ་དང་པོས་རིས་དྲུག་གི་སེམས་ཅན་ཅི་ལྟར་འཁྲུལ་བ་དང་། དེས་བསྒྲུབས་པའི་མི་དགེ་བ་དང་། དགེ་བ་དང་། མི་གཡོ་བའི་ལས་དང་། ལམ་བསྒྲུབ་པའི་ཚུལ་རྣམས་མདོར་བསྟན་ནས། ལེའུ་གཞན་རྣམས་ཀྱིས་རྒྱས་པར་བཤད་པས། ལེའུ་གཉིས་པས་ནི་ཚ་བའི་དམྱལ་བ་བརྒྱད་རེ་རེ་ལའང་འཁོར་བཅུ་དྲུག་རེ་ཡོད་པ་དང་། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང་། དེ་རྣམས་ཀྱི་རྒྱུ་འབྲས་སྐྱེ་བའི་ལས། སྐྱེས་གནས། སྐྱེས་ན་སྡུག་བསྔལ་ཅི་ཡོད། ཚེ་ཅི་ཐུབ་རྣམས་སྟོན་པ་ཡིན་ནོ། །ལེའུ་གསུམ་པས་ནི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གི་སྐྱེ་བའི་ལས་ཅི་ཡིན་སྐྱེ་སའི་གནས། སྐྱེ་ན་སྡུག་བསྔལ་ཅི་ཡོད་ཅི་ལྟར་འབྱུང་བ་ཚེ་ཅི་ཐུབ་རྣམས་བསྟན་པ་ཡིན་ནོ། །ལེའུ་བཞི་པས་ནི་དུད་འགྲོ་ཁ་འཐོར་བ་རྣམས་དང་དུད་འགྲོ་ཀླུ་དང་དུད་འགྲོ་ལྷ་མ་ཡིན་རྣམས་ཀྱི་སྐྱེ་བའི་རྒྱུ་དང་། སྐྱེ་ས་གནས་དང་འབྲས་བུ་བདེ་སྡུག་དང་ལྷ་དང་ལྷ་མ་ཡིན་འཐབ་པའི་ཚུལ་བསྟན་ནོ། །ལེའུ་ལྔ་པས་ནི་མི་འདི་དང་པོ་ཅི་ལྟར་བྱུང་བ་དང་། རིགས་བཞི་ཅི་ལྟར་གྱེས་པ། །མཆོག་གང་ཡིན་པ་དང་། དེ་རྣམས་ལ་མུ་གེ་དང་ནད་དང་མཚོན་གྱི་བསྐལ་པ་རྣམས་བསྟན་ནོ། །ལེའུ་དྲུག་པས་ནི། རྒྱལ་ཆེན་བཞི་སུམ་ཅུ་རྩ་གསུམ། མཚེ་མ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ལྷའི། སྐྱེ་བའི་རྒྱུ། སྐྱེ་ས་གཞལ་ཡས་ཁང་གི་བཀོད་པ། སྐྱེས་ན་བདེ་སྐྱིད་ཅི་ཡོད་ཚེ་ཚད་བསྟན་ནོ། །ལེའུ་བདུན་པས་ནི། གཟུགས་ཁམས་ཀྱི་ལྷ་གནས་བཅུ་བདུན་གྱི་རྒྱུ་བསམ་གཏན། གནས། བདེ་སྐྱིད། ལུས་ཚད་ཚེ་ཚད་རྣམས་བསྟན་ནོ། །ལེའུ་བརྒྱད་པས་ནི། གཟུགས་མེད་སྐྱེ་མཆེད་མུ་བཞིའི་རྒྱུ་སྙོམ་འཇུག་ཚེ་ཚད་རྣམས་བསྟན་ནོ། །དགུ་པས་ནི་འདུས་བྱས་མི་རྟག་པར་བསྟན་པའི་ཕྱིར། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་འཇིགས་ཇི་ལྟར་འབྱུང་བ་བསྟན་ནོ། །བཅུ་པས་ནི་སེམས་ཅན་རྣམས་འཆི་བ་ན། རེས་དྲུག་གང་དུ་འགྲོ་བ་ལ་བར་དོ་ཅི་ལྟར་འབྱུང་བ་དང་། འཁོར་བ་དེ་རྣམས་ལ་ཐར་བའི་ཐབས་ལམ་གྱི་རིམ་པ་ཅི་ལྟར་བསྒྲུབ་པ་བསྟན་ནོ། །དེ་ལྟར་བསྡུས་པའི་དོན་བཤད་ཟིན་ནས། ད་ནི་དྲན་བ་ཉེར་བར་གཞག་པའི་ཚིག་དོན་གཞུང་དངོས་སྟོན་པ་ལ་དོན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གསུམ་ལས། མཚན་བརྗོད་པ་ནི། དེ་ཡང་མཚན་ལ་འདོགས་ལུགས་མང་དུ་ཡོད་དེ། དཔེ་དང་གཞུང་ཚད་དང་། གནས་དང་། ཞུ་བ་པོ་དང་། བྱེད་པ་དང་། དོན་ལ་མཚན་དུ་བཏགས་པ་ཡོད་དེ། འདི་ནི་སྤྱི་ལའོ། །དེ་བཤད་པ་ནི། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་དོན་ལ་མཚན་དུ་བཏགས་པའི་མདོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་སྣང་ཞིང་གསལ་བར་བྱེད་པའོ། །ལས་རྒྱུ་འབྲས་སོ་སོར་འབྱེད་པའི་ཚིག་རྣམས་མ་འདྲེས་པར་ལེའུར་བྱས་པའི་ཐོག་མར། སྐྱབས་གནས་ཡིན་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཕྱག་འོས་ཡིན་པས་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ཡང་ལས་དང་ཉོན་མོངས་ཐམས་ཅད་སངས་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཤེས་བྱེད་ཀྱི་བློ་ཡེ་ཤེས་རྒྱས་པས་ན་སངས་རྒྱས་སོ། །བྱང་ཆུབ་ནི་སངས་རྒྱས་ཡིན་ལ། རང་གཞན་གྱིས་དེ་བསྒྲུབ་པའི་བསམ་པ་སེམས་པ་དང་འདུན་པ་དང་ལྡན་ཞིང་། སྦྱོར་བས་དེ་བསྒྲུབ་པ་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའོ། །སྲིད་པ་ཐ་མ་ལ་སངས་རྒྱས་དང་། ཉན་ཐོས་ཀྱང་མ་བཞུགས་པའི་ཞིང་ཁམས་སྟོང་པ་གཅིག་ཏུ་སྐྱེ་བར་སྨོན་པས་དེར་སྐྱེས་ནས་སློབ་དཔོན་མི་དགོས་པར་རང་གིས་བྱང་ཆུབ་རྟོགས་ཏེ། དུར་ཁྲོད་གཅིག་དུ་ཕྱིན་ནས་ཤི་བའི་རོ་མཐོང་ནས་བརྟགས་པས་ཤི་བ་ལ་བྱུང་བར་རྟོགས་དེ་རྒས་པ། མཐར་མ་རིག་པ་ལ་བྱུང་བར་རྟོགས། མ་རིག་པ་འགག་ན་རྟེན་འབྲེལ་བཅུ་གཉིས་ཐམས་ཅད་འགག་འདུག་སྙམ་ནས་སྒོམ་པས་སློབ་དཔོན་མི་དགོས་པས་རང་གིས་རང་བྱང་ཆུབ་རྟོགས་པས་ན་རང་སངས་རྒྱས་སོ། །ཐེག་པ་ཆེན་པོ་རང་གིས་མི་བསྒྲུབ་པར་རང་གིས་ཐོས་ཚད་དེ་གཞན་ལ་སྒྲོག་པས་ན་ཐོས་སྒྲོག་གམ་ཉན་ཐོས་སོ། །དེ་རྣམས་ལ་ལུང་དུ་མ་ཡོད་ལ་མ་སྤྲོས་སོ། །མཆོད་པར་བརྗོད་པ་ནི། ཕྱག་འཚལ་ཅེས་པ་གཞིའོ། །དེ་ལ་ལྔ་སྟེ། །གང་གིས་ན་བསྟན་ཆོས་རྩོམ་པ་པོས། དུས་ནི་རྩོམ་པའི་ཐོག་མར། ཡུལ་གང་ལ་ན་རྒྱལ་དབང་ཉི་མ་དེ་ལའོ། །དེ་ཅི་ལྟ་བུ་ཞེ་ན། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་སྣང་བའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་། ཤེས་བྱའི་གནས་ལུགས་ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ལེགས་པར་གདུལ་བྱ་རྣམས་ཀྱིས་ཤེས་ཤིང་བློ་ལ་གསལ་བའི་འོད་ཟེར་རབ་ཏུ་འཕྲོ་བས། གདུལ་བྱ་རྣམས་ཀྱི་ལས་དཀར་ནག་གི་རྒྱུ་འབྲས་དང་བདེན་པ་གཉིས་ཀྱི་གནས་ལུགས་མི་ཤེས་པའི་གཏི་མུག་གི་མུན་པ་དང་མ་རིག་པའི་ཚང་ཚིང་རབ་ཏུ་སེལ་བར་མཛད་པའི་རང་ཉིད་ཉེས་པ་ཐམས་ཅད་ལས་རྒྱལ་བའི་ཐུབ་པའི་དབང་པོ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཚུལ་ཅི་ལྟར་ན་ལུས་ངག་ཡིད་གསུམ་གུས་པ་དང་བཅས་པས་སོ། །ཕྱག་ནི་ཐལ་མོ་སྦྱར་བ། འཚལ་ནི་གུས་པ་འདུད་པ་སྟེ། ལུང་ལས། ཤཱཀྱ་སེངྒེ་དེ་ཡི་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་སྟེ། །ཞེས་དང་དགོས་པ་ནི་མཆོད་བརྗོད་བྱས་པས་བསོད་ནམས་འཐོབ་ཅིང་བར་ཆད་མི་འབྱུང་བས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་དང་། འཕྲལ་གྱི་བདེ་བའི་མཐོ་རིས་དང་། ཕུགས་ཀྱི་ཕན་པ་བྱང་ཆུབ་ཐོབ་པ་ཡིན་སྟེ། མདོ་ལས། རིགས་ཀྱི་བུའམ་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན་དེ་ཐམས་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ་ཞེས་སོ། །བཤད་པར་དམ་བཅའ་བ་ནི་ཀུན་གཞི་ལ་གནས་པའི་མ་རིག་པས་ཡང་དག་པའི་ཤེས་པ་ལ་བསྒྲིབ་ནས་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་ལས་བསགས་པས་འཁོར་བར་དབང་མེད་དུ་འཁྱམ་བའི་སེམས་ཅན་རྣམས། ཡང་དག་པའི་ལམ་ལ་བཀོད་ནས་བདག་དུ་ལྟ་བའི་མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་སེལ་བར་བྱེད་ཅིང་ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་རྟོགས་ནས་འཁོར་བའི་འདམ་རྫབ་བདག་འཛིན་དང་ལས་ངན་རབ་ཏུ་སྐེམས་པར་བྱེད་པ་འདི་མདོ་ཆེན་པོ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་ཚིག་དོན་གྱི་འོད་ཟེར་ནི་གདུལ་བྱ་རྣམས་ཀྱི་གོ་བདེ་བའི་ངག་ཏུ་སྤྲོ་ཞིང་རྒྱས་པར་བྱ་བའི་ཕྱིར་རོ། །འཐོར་བ་བསྡུས་འཁྲུགས་པ་བསྡེབ་མི་གསལ་བ་གསལ་བ་མ་ཚང་བ་ཁ་བསྐངས་པའི་བསྟན་ཆོས་འདི་བརྩམས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ་བཞི་ལས། སྟོན་པས་གསུང་པའི་ཚུལ་ནི་ཤེས་བྱའི་གནས་ལུགས་ཐམས་ཅད་མཁྱེན་པས་གསལ་བར་མཛད་ཅེས་པ་གཞིའོ། །དེ་ལྔ་ལས། སྟོན་པ་གང་གིས་ན་ཤེས་བྱའི་གནས་ལུགས་མ་ལུས་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་སོ། །དེ་ཡང་བཅོམ་པ་སྟེ་བདུད་བཞི་འཇིག་རྟེན་པའི་ལམ་ལ་བར་དུ་གཅོད་པའི་དགྲ་འདོད་ཡོན་ལ་ཆགས་པ་ལྷའི་བུའི་བདུད་དང་། ཕུང་པོ་ལྷག་བཅས་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཚེ་གནས་པ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་བཞི་བཅོམ་བའོ། །ལྡན་པ་ནི་ལེགས་པ་དྲུག་དང་ལྡན་པ་སྟེ། དཔལ་དང་གྲགས་པ་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། ཅེས་གསུངས་པས་སོ། །བཅོམ་ལྡན་འདས་ཀྱི་དབང་ཕྱུག་ལ་སོགས་པ་ནི། བག་ཆགས་མ་ལུས་པ་བཅོམ་པའི་བདག་ཉིད་ཀུན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཕུན་སུམ་ཚོགས་པ་དང་གཟུགས་བཟང་བ་ནི་ཡོན་ཏན་གྱི་འབྱུང་གནས་མེ་ལོང་ལྟ་བུའོ། །གྲགས་པ་དང་དཔལ་ནི་འགྲོ་བ་ལ་ཡོན་ཏན་སྟེར་བའི་ཕྱིར་མི་གཡོ་བ་མཉམ་པ་ཉིད་ཡིན་ཏེ། ཡེ་ཤེས་ནི་ཇི་སྙེད་པ་མཁྱེན་པས་སོ་སོར་རྟོགས་པ་ཡིན་ལ། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་པ་དེ་རྣམས་དང་ལྡན་པ། འཁོར་འདས་གཉིས་ཀྱི་མཐའ་ལས་འདས་པས་ན་བཅོམ་ལྡན་འདས་ཀྱིས་སོ། །གནས་གང་དུ་ན་རྒྱལ་པོའི་ཁབ་ཏུ་ན་ལ་ཏའི་གྲོང་གི་བྲམ་ཟེའི་གྲོང་ནའོ། །དུས་ནམ་གྱི་ཚེ་ན་གྲོང་དེར། བཞུགས་པ་ནའོ། །དགོས་པ་གང་གི་ཕྱིར་ན་སེམས་ཅན་རྣམས་ལ་ཕན་པར་བཞེད་པས་སོ། །ཆོས་གང་གསུང་ན་དྲན་པ་ཉེར་བཞག་གི་མདོ་འདི་བར་ཏུ་གསལ་བར་མཛད་དོ། །གང་ཟག་གང་ལ་ན་ན་ལ་དའི་བྲམ་ཟེ་རྣམས་དང་དགེ་སློང་རབ་ཏུ་མང་པོ་རྣམས་ལའོ། །དེ་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏི་བུ་དང་། དགེ་སློང་རབ་ཏུ་མང་པོ་ལྷན་ཅིག་ཏུ་བསོད་སྙོམས་ལ་གཤེགས་པ་ན། དགེ་སློང་རྣམས་ཤ་ར་དྭ་ཏིའི་བུ་དང་བྲལ་ནས་སོང་བའི་དུས་གཅིག་ན། མུ་སྟེགས་ཅན་སྤྱོད་པ་བ་འགའ་དང་ཕྲད་ནས་ཆོས་ཀྱི་གཏམ་འགའ་རེ་བྱས་པ་ལ། ཁོང་རྣམས་ན་རེ། ཀྱེ་ཤཱཀྱ་པ་དག་ཁྱེད་ཅག་གི་དགེ་སློང་གོའུ་ཏ་མ་ལུས་ངག་ཡིད་གསུམ་གྱི་ཆད་པ་མི་དགེ་བ། མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་པ་སྟོན་ཅིང་གཞན་དག་གི་ཡང་རྗེས་སུ་ཡིད་རང་བར་མི་བྱེད་པ་ཡིན་ཟེར་བ་བདེན་ན་དེ་ལྟར་ན། ངེད་ཀྱང་དེ་ལྟར་འདོད་པས་གོའུ་ཏ་མའི་ཆོས་འདུལ་བ་དང་། ངེད་ཀྱི་ལས་ཁྱད་པར་དུ་ཅིའི་ཕྱིར་འཕགས། གོའུ་ཏ་མ་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ཅེས་དེ་སྐད་དྲིའོ། །དེ་ལ་དགེ་སློང་རྣམས་ཀྱིས་ལན་མ་བཏབ་བོ། །དེ་ནས་དགེ་སློང་རྣམས་ཤ་ར་ད་ཏིའི་བུ་དང་ཕྲད་ནས་སྔར་གྱི་དྲི་བ་རྣམས་བསྙད་ནས་དྲིས་པ་དང་། ཤ་ར་དྭ་ཏིའི་བུས་སྨྲས་པ། བདག་དང་མུ་སྟེགས་པ་རྣམས་ཕྲད་ན་ཆོས་དང་མཐུན་ཚར་བཅད་ཟིན་པ་ཞིག་སྟེ། བདག་གིས་མུ་སྟེགས་པ་རྣམས་ཀྱི་དྲི་བའི་ཚུལ་ཡང་མ་ཚོར་བས། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ལས་དང་འབྲས་བུ་ཐམས་ཅད་མཁྱེན་པ་ཧ་ཅང་མི་རིང་བ་ན་བཞུགས་པ་དེ་ལ་ཞུས་ཤིང་མུ་སྟེགས་ལན་དང་ལས་དང་འབྲས་བུ་སྟོན་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་མུ་སྟེགས་ཀྱི་དྲི་བ་རྣམས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་དེ་དག་དང་། ན་ལ་དའི་བྲམ་ཟེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་མུ་སྟེགས་པའི་དྲི་བའི་ལན་དང་ལས་རྒྱུ་འབྲས་ལེགས་པར་སྟོན་པའི་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བྱའོ། །ཅེས་གསུངས་ནས་མདོ་དྲན་པ་ཉེར་གཞག་འདི་བསྟན་ཏོ། གཉིས་པ་མ་རྟོགས་པའི་སེམས་ཅན་གྱི་གཞི་ངོས་བཟུང་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་རབ་ཏུ་རྒྱུ་བའི་འཁོར་བའི་རྒྱ་མཚོ་ན་དམྱལ་བ་ཡི་དྭགས་དུད་འགྲོ་མི་ལྷ་རྣམས་སུ་འགྲོ་བའི་སེམས་ཅན་འདི་རྣམས་རང་གི་སེམས་ཉིད་སྐྱེ་བ་མེད་པར་མ་རྟོགས་པས་ཀུན་གཞི་ལ་བག་ཆགས་ཡོད་པའི་ནུས་པས་ཕྱི་རོལ་ཏུ་ཤར་བའི་གཟུགས་ལ་སོགས་པ་དྲུག་ལ་དོན་དང་དབང་པོ་ལྔ་བར་གཞན་གྱི་རྒྱུད་ལ་སྣང་བ་ལ་སེམས། བདག་ཏུ་རྨོངས་པ་དང་བདག་ཏུ་ལྟ་བ་དང་། བདག་དུ་ང་རྒྱལ་བ་དང་། བདག་ཏུ་ཆགས་པ་དང་མཚུངས་པར་ལྡན་པའི་ཉོན་ཡིད་ལ་བདག་དང་ཡུལ་འཛིན་པའི་རྣམ་པར་རིག་ཅིང་སྣང་བའི་རྣམ་པར་ཤེས་པ་ཚོགས་དྲུག་ལོག་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཡིན་ཏེ་དེས་ན་གཟུང་བ་དང་འཛིན་པ་འདི་གཉིས་ནི་བདེན་པར་མེད་བཞིན་དུ་བདག་དང་གཞན་དུ་འཁྲུལ་པ་འདི་ནི་སྲིད་པ་སྟེ་འཁོར་བའི་རྩ་བ་ཡིན་ནོ། །གསུམ་པ་གཉེན་པོ་གོ་རིམ་དང་བཅས་པ་ནི་འཁྲུལ་རྟོག་འདི་འཁོར་བའི་རྒྱུ་ཡིན་པ་དེས་ན་འཁོར་འདས་ཀྱིས་རྒྱུ་འབྲས་ཀྱི་དོན་འདི་མ་ནོར་བར་བློ་ལ་གསལ་བར་བྱེད་འདོད་པ་གང་ལ་ལ་ཞིག་ཆོས་དགེ་བ་དང་ཆོས་མིན་པ་མི་དགེ་བ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཤེས་རབ་རྣམས་དང་པོར་ཐོས་པའི་ཤེས་རབ་ཀྱི་གོ་ནས་མོས་པར་བྱའོ། །བར་དུ་སྔར་གོ་བ་དེ་ཡང་ཡང་བསམ་པའི་ཤེས་རབ་ཀྱིས་བློ་ལ་ངེས་ནས་རྟོགས་པར་བྱའོ། །མཐའ་མར་ཡང་ཡང་བསམ་པ་དེ་སྒོམ་པའི་ཤེས་རབ་ཀྱིས་མངོན་སུམ་དུ་རྟོགས་པར་བྱའོ། །ཐོས་བསམ་སྒོམ་གསུམ་གྱིས་ལ། བཞི་པ་དེའི་རྒྱུ་འབྲས་རྣམ་པར་དབྱེ་བ་ལ་ལྔ་སྟེ། ཟག་བཅས་ཟག་མེད་སྤྱིར་བསྟན་པ་དང་། ལས་ནག་པོའི་རྒྱུ་འབྲས་དང་། དཀར་པོའི་རྒྱུ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་དང་དཔེ་བཀོད་པ་དང་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ནི་ཐོས་བསམ་སྒོམ་གསུམ་གྱིས་ལས་རྒྱུ་འབྲས་ཤེས་པར་བྱེད་པ་དེ་ལ་ཐོག་མར་རེས་ཤིག་མ་བརྗེད་པའི་དྲན་པའི་ཤེས་པ་ཡིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུ་རབ་ཏུ་ལྡན་པ་ལ་བརྟག་པར་བྱས་ན་འཇིག་རྟེན་པ་རྣམས་ཟག་པ་དང་བཅས་པའི་ལས་དང་། འཇིག་རྟེན་ལས་འདས་པ་རྣམས་ཟག་པ་མེད་པ་ཉིད་ཀྱི་ལས་ཀྱིས་བསྐྱེད་དོ། །དེ་ཡང་འདོད་ཁམས་པ་རྣམས་ནི་ཉོན་མོངས་དང་ཟག་པ་རགས་པ་དང་གཟུགས་ཁམས་པ་རྣམས་ནི་ཉོན་མོངས་དང་ཟག་པར་རགས་པ་བཅོམ་པ་དང་། གཟུགས་མེད་པ་རྣམས་ནི་ཉོན་མོངས་དང་ཟག་པ་བག་ལ་ཉལ་དུ་ཡོད་པ་ཡིན་པས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་བཅས་པ་ཡང་གོ་རིམ་བཞིན་སོ་སོར་དེ་ལྟར་ཡོད་པ་ཡིན། ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་རྒྱུ་ནི་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་དགེ་བའོ། །གཉིས་པ་ལས་ནག་པོའི་རྒྱུ་འབྲས་བསྟན་པ་ལ་བཞི། སྤྱིར་བསྟན་པ་དང་དབྱེ་བ་རྒྱས་པར་བཤད་པ་དང་། འབྲས་བུ་བཀོད་པའོ། །དང་པོ་ནི་ཟག་བཅས་ཟག་མེད་ཀྱི་ལས་བཤད་པ་དེ་ལ་རེས་ཐོག་མར་དགེ་བ་དང་མི་དགེ་བ་ཡི་ངོ་བོ་རྒྱུ་འབྲས་ཡིན་ཚུལ་ལ་རབ་ཏུ་བརྟག་པར་བྱ་སྟེ། དེ་ཡང་སྲོག་གཅོད་པ་དང་མ་བྱིན་ལེན་པ་དང་། འདོད་པར་ལོག་པར་གཡེམ་པ་དང་ལུས་ཀྱི་ལས་རྣམ་པ་གསུམ་ཡིན་སྟེ། གཞན་ཡང་རྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་དང་ངག་གི་ལས་ཚིག་འཁྱལ་པ་ཞེས་བྱ་བ་བཅས་ངག་གི་ལས་བཞི་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དང་བཅས་ཡིད་ཀྱི་ལས་གསུམ་པོ་དང་མི་དགེ་བ་བཅུ་པོ་འདི་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་དང་བསྐྱེད་པའི་ལས་ནི་བསྡུས་ནས་བརྗོད་པ་ཡིན་ནོ། །གཉིས་པ་ཚ་བའི་རྒྱུ་རྐྱེན་དེ་ལ་མི་དགེ་བ་བཅུ་སོ་སོ་ལ་ཡང་རྒྱུ་དང་ངོ་བོ་དང་དབྱེ་བ་དང་འབྲས་བུ་དང་གྲངས་རྣམ་པར་བཞི་བཞིར་ཤེས་པར་བྱའོ། །དེ་ལ་མི་དགེ་བ་སྤྱི་ཡི་རྒྱུ་ནི་ཐོག་མ་མེད་པའི་སྡིག་པའི་བབ་ཆགས་ཀུན་གཞི་ལ་ཡོད་པའི་མ་རིག་པས་ཡང་དག་པའི་ཤེས་པ་ལ་བསྒྲིབས་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ལས་ངན་པ་རྣམས་ཀུན་གཞི་ལ་བསགས་པ་ཅན་ལས་དེའི་བག་ཆག་སད་པས་བདེན་པར་མེད་བཞིན་དུ་བདག་དང་གཞན་དུ་བདེན་པར་འཛིན་པའི་རྐྱེན་གྱིས་ཚུལ་བཞིན་མ་ཡིན་བ་ཡིད་ལ་བྱེད་པའི་ཉོན་མོངས་པའི་བདག་ཉིད་དོ། །གསུམ་པ་དབྱེ་བ་རྒྱས་པར་བཤད་པ་དོན་བརྒྱད་ལས་དང་པོ་སྲོག་གཅོད་པ་ལྔ་ལས། ངོ་བོ་ནི་མི་དགེ་བ་སོ་སོ་ལ་ནང་ཚན་གྱི་དབྱེ་བ་ཡོད་པ་ལས་དང་པོར་སྲོག་གཅོད་པའི་ངོ་བོ་ནི་སེམས་ཅན་ཕ་རོལ་སེམས་ཅན་དུ་འདུ་ཤེས་ནས་མདའ་དང་འཁོར་ལོ་ལ་སོགས་པ་མཚོན་ཆ་སྣ་ཚོགས་དང་། དུག་དང་དུག་མདའ་དང་ངན་སྔགས་ལ་སོགས་པ་རྣམས་ཀྱིས་གསོད་ཅིང་ལུས་སྲོག་གི་དབང་པོ་དང་ཕྲལ་བའོ། །གཉིས་པ་ཡུལ་དབྱེ་བ་ནི་ངོ་བོ་དེའི་དབྱེ་བ་བྱེད་ན་རྣམ་པ་དགུ་ཡིན་སྟེ། ཕ་དང་མ་དགྲ་བཅོམ་གསོད་པ་དང་སྲོག་གཅོད་པ་ཆེན་པོ་ཡིན་ལ་ལམ་ལ་གནས་པ་གསོད་པ་ནི་སྲོག་གཅོད་པ་འབྲིང་པོ་ཡིན་ཏེ་དུད་འགྲོ་དང་ཚུལ་ཁྲིམས་འཆལ་པ་ལ་སྤྱད་པ་གསོད་པ་ལ་སོགས་པ་ནི་སྲོག་གཅོད་པ་ཆུང་བ་ཡིན་ནོ། །གསུམ་པ་དུས་ཀྱི་དབྱེ་བ་ནི་སྔར་བྱས་ཟིན་པ་དང་ད་ལྟར་བྱས་པ་དང་ད་གཟོད་བྱེད་པར་འགྱུར་བ་རྣམས་ཀྱི་དུས་ཀྱི་དབྱེ་བ་ཡང་རྣམ་པ་གསུམ་མོ། །བཞི་པ་རྐྱེན་ཀུན་སློང་གི་དབྱེ་བ་དགུ་བསྟན་པ་ནི་འདོད་ཆགས་དང་ཞེ་སྡང་གཏི་མུག་གི་ཉོན་མོངས་པ་གསུམ་གྱིས་རྐྱེན་བྱས་ན་བསད་པ་རྣམ་པ་གསུམ་ཡང་འདོད་ཆགས་ཀྱིས་བྱས་པ་ན་རི་དྭགས་ལ་སོགས་པ་ལའོ། །ཞེ་སྡང་གིས་བྱས་པ་ནི་སྦྲུལ་དང་ནིལ་ལེ་ལ་སོགས་པ་ལའོ། །གཏི་མུག་གིས་བྱས་པ་ནི་སྲོག་གི་མཆོད་སྦྱིན་ལ་སོགས་པ་ལའོ། །ལྔ་པ་སྡིག་པར་མི་འགྱུར་བ་ལྔ་ངོས་བཟུང་བ་ན་ནད་ལ་ཕན་པར་འདོད་པས་སྨན་པས་སྨན་བྱིན་ནས་ཤི་བ་དང་། ལམ་དུ་ཞུགས་ཤིང་འགྲོ་བའི་ཚེ་རང་གིས་མི་ཤེས་པར་གྲོག་སྦུར་ལ་སོགས་པ་སྲོག་ཕྲ་མོ་ཤི་བ་དང་། རང་གིས་མེ་བུས་ནས་མེ་འབར་བའི་ནང་དུ་རང་གིས་མི་འདོད་བཞིན་སྲོག་ཆགས་ལྷུང་ནས་ཤི་བ་དང་། མས་བུ་གདུལ་བར་བྱ་བའི་ཕྱིར་ཕན་སེམས་ཀྱིས་བརྡེག་ནས་ཤི་བ་དང་། གཞན་ལ་མཚོན་གདག་པར་གཟས་སར་མ་ཕོག་པར་མི་འདོད་པ་ལ་མཚོན་ལྷུང་ནས་ཕོག་ནས་ཤི་བ་དང་། དེ་དག་རྣམས་ནི་ཁ་ན་མ་ཐོ་བའི་སྡིག་པས་གོས་པར་མི་འགྱུར་རོ། །གཉིས་པ་མ་བྱིན་པར་ལེན་པ་ལ་གསུམ་ལས། ངོ་བོ་ནི་མ་བྱིན་པའི་ལེན་པའི་ངོ་བོ་ནི་སེམས་ཅན་ཕ་རོལ་པོས་བདག་གིར་བྱས་པའི་རྗེས་གང་ཡང་རུང་བ་སྟེ། བསམ་པ་རྐུ་བའི་སེམས་ཀྱིས་སྦྱོར་བས་རྫས་དེ་བླངས་པའོ། །ལེན་ལུགས་ཀྱི་དབྱེ་བ་ནི་ནོར་ཟས་དངོས་སུ་འཕྲོག་པ་དང་གཡོ་ཐབས་ཀྱི་ལེན་པ་དང་། བདག་པོས་མ་མཐོང་བར་ལྐོག་ཏུ་རྐུ་ནས་ལེན་པ་རྣམ་པ་གསུམ་ཡིན་ནོ། །གཞན་དབྱེ་བ་དགུ་ཤུགས་ལ་བསྟན་པ་ནི་ཉོན་མོངས་པ་དུག་གསུམ་གྱིས་རྐྱེན་བྱས་ནས་བདག་གིས་བྱས་པ་དང་། བདག་ལ་གཞན་གྱིས་བཅོལ་བ་དང་། བདག་གིས་གཞན་ལ་བཅོལ་བ་དང་། བདག་གཞན་གཉིས་ཀས་བསྡོང་ནས་བྱས་པ་ལ་སོགས་གཞན་དེ་རྣམས་ནི་སྲོག་གཅོད་སྐབས་བཞིན་ནོ། །དེ་རྣམས་ཀྱི་ཆེ་འབྲིང་གི་དབྱེ་བ་བྱས་ན་རྒྱལ་པོའི་ཆད་པས་ཉེན་ན་རང་སྐྲག་ནས་ལེན་པ་དང་། བླ་མ་དོན་དང་ཕ་མ་དང་། ནད་པ་དང་། རང་སངས་རྒྱས་དང་། དགྲ་བཅོམ་དང་། ཕྱིར་འོང་ཕྱིར་མི་འོང་དང་། རྒྱུན་ཞུགས་དང་། ལྡོོགས་པ་དང་། དེ་རྣམས་ཀྱི་དོན་དུ་མ་བྱིན་པར་བླང་བ་ནི་འབྲས་བུ་ཆུང་བ་ཡིན་ནོ། །སྡོམ་པ་མ་བླངས་པས་བླངས་པ་དང་། བླངས་པ་ལ་འགྱོད་པས་བཤག་བ་དང་། དེ་རྣམས་འབྲས་བུ་ཆུང་བ། ཞིང་བཟང་པོ་མ་ཡིན་བ་ལ་དངོས་པོ་ཆུང་ངུ་བརྐུས་པ་ནི་འབྲིང་ངོ་། །དཀོན་མཆོག་གསུམ་ལ་ནི་ཆུང་ངུ་གཅིག་བརྐུས་ཀྱང་ཆེན་པོར་འགྱུར་ལ། སངས་རྒྱས་དང་ཆོས་བརྐུས་པ་ནི་རིས་མཐུན་པའི་སངས་རྒྱས་ཆོས་ལ་ཕུལ་ན་དག་པར་འགྱུར་ལ། དགེ་འདུན་གྱི་བརྐུས་པ་ནི་འབྲས་བུ་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ་ཞིང་ལྗི་བའི་ཕྱིར་རོ། །དངོས་པོ་ཆུང་ངུ་གཅིག་བླངས་ཀྱང་དེ་ལ་ཡིད་རང་བར་བྱེད་དགའ་བར་བྱེད་ཅིང་བཤག་པར་མི་བྱེད་ན་ཆེན་པོར་འགྱུར་རོ། །གསུམ་པ་འདོད་པ་ལ་གཉིས་ལས། ངོ་བོ་ནི། འདོད་པར་ལོག་པར་གཡེམ་པ་ནི་རང་ངམ་གཞན་གྱི་ཆུང་མ་ལ་དུས་དང་། གནས་མ་ཡིན་པ་སྤྱོད་པའོ། །དེ་ཡང་རང་དབང་བའི་བུད་མེད་ཡིན་ཡང་ན་བ་དང་སེམས་མི་བདེ་བའི་དུས་དང་ཕ་མ་དང་། དཀོན་མཆོག་གི་རྟེན་དྲུང་དུ་སྤྱད་པ་དང་གྲོད་བྱ་མ་ཡིན་པ་ཁ་དང་གཤང་ལམ་ལ་སྤྱད་པ་དང་། གཞན་ཡང་རང་ལ་བདུན་རྒྱུད་ཀྱི་ཚུར་ཉེ་བའི་བུད་མེད་དང་། བདག་པོས་བཟུང་བའི་བུད་མེད་དང་། དུད་འགྲོ་ལ་སོགས་པ་ལ་སྤྱད་པའོ། །དེ་རྣམས་ལ་དབྱེ་བ་བྱེད་ནི་འདོད་ལོག་སྤྱད་ནས་ཕྱིས་འགྱོད་པ་དྲག་པོ་དང་བཅས་བསམ་པས་བཤགས་པར་བྱེད། ཕྱིན་ཆད་མི་བྱེད་བར་དམ་བཅའ་ན་ཆུང་བ་ཡིན་སྟེ་འབྲས་བུ་མྱོང་བར་མ་ངེས་པའི་ལས་ཡིན་ནོ། །དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་དང་། མ་ལ་སྤྱད་པ་དང་། སྔར་བྱས་པ་རྣམས་འགྱོད་པ་མེད་པར་དགའ་བཞིན་དུ་ཡང་ཡང་བྱེད་པ་དང་། གཞན་ཡང་འདོད་ལོག་ལ་སྦྱོར་བ་དེ་ནི་ཆེན་པོ་ཡིན་ལ། གཞན་ཕལ་པ་རྣམས་ནི་འབྲས་བུ་འབྲིང་པོ་མྱོང་བའི་ལས་ཡིན་ནོ། །བཞི་པ་རྫུན་ལ་གཉིས་ལས། ངོ་བོ་ནི་རྫུན་ནི་བདག་དང་གཞན་བསླུ་བར་བྱེད་པའི་ངག་གི་རྣམ་པ་བརྗོད་པའོ། །དབྱེ་བ་ནི་བླ་མའི་རྫུན་ནི་རང་གི་མ་ཐོབ་བཞིན་དུ། ངས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅེས་པ་ལ་སོགས་པ་དང་། ལྷ་མ་མཐོང་བ་མཐོང་འདྲེ་མ་མཐོང་བ་མཐོང་ཅེས་སོགས་དེ་རྫུན་ཆེན་པོ་དང་ཕལ་པའི་རྫུན་འབྲིང་པོ་དང་། ཆེད་ཀྱིས་གཉེར་ནས་སྨྲས་པ་མ་ཡིན་ཡང་ཞར་ལ་བརྗོད་པ་བཞིན་དུ་སོང་བ་དང་གསུམ་དུ་བརྗོད་པའོ། །དེ་རྣམས་ཀྱང་མཛའ་བཤེས་ཀྱི་ཕྱིར་ཆགས་པའི་རྫུན་སྨྲ་བ་དང་། དགྲའི་ཕྱིར་ཞེ་སྡང་གི་དང་། རང་གསོད་དོགས་པ་ལ་སོགས་པ་འཇིགས་པའི་ཕྱིར་དང་། ནོར་རྙེད་པའི་ཕྱིར་སྨྲས་བ་རྣམས་དང་། ཡང་ལ་ལ་ཞིག་གིས། ཡོན་ཏན་གྱི་ཕྱིར་དང་རང་གི་སྲོག་གི་ཕྱིར་དང་བག་མ་ལེན་པ་ཕྱིར་རྫུན་སྨྲས་ཀྱང་སྡིག་པས་མི་གོས་ཟེར་བའི་ཚིག་དེ་ནི་ཆོས་ལོག་པའི་ཚིགས། ཡོངས་སུ་སྨྲ་བའི་གཏི་མུག་གི་རྫུན་ཡིན་ཏེ་དེས་ནི་དམྱལ་བ་མི་བཟད་པར་ལྷུང་ངོ་། །དེས་ན་དམྱལ་བ་འགྲུབ་པའི་རྒྱུ་ནི་རྫུན་ཡིན་པས་རང་གཞན་གྱི་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་ནི་མཆོག་ཡིན་ནོ། །མདོ་ལས། འཇིག་རྟེན་ཕ་རོལ་ཁྱད་བསད་ཅིང་། །ཆོས་གཅིག་ལ་ནི་འདའ་བྱེད་པ། །རྫུན་དུ་སྨྲ་བའི་ལུས་ཅན་གྱིས། །རྡོ་རྗེ་ལས་བྱ་གཅིག་ཀྱང་མེད། །མི་ཡི་ལུས་སུ་སྐྱེས་མ་ཐག །ཁ་ནས་སྟ་རེ་ལྟ་བུ་ཡི། །ཚིག་འབྱུང་ངན་པར་བརྗོད་སྨྲ་བ། །དེ་ཡིས་བདག་ཉིད་གཅོད་པར་བྱེད། །བདེན་པར་སྨྲ་ཞིང་འཁྲུལ་མི་བྱ། བསླང་ན་ཆུང་ཡང་སྦྱིན་པར་བྱ། །གནས་འདིར་གསུམ་དང་ལྡན་པ་ནི། །ལྷ་རྣམས་ཀུན་གྱི་དྲུང་དུ་འགྲོ། །ཅེས་གསུངས་སོ། །ལྔ་པ་ཕྲ་མ་ལ་གཉིས་ལས། ངོ་བོ་ནི་ཕྲ་མ་མཐུན་པ་རྣམས་འབྱེད་པར་བྱེད་པའང་ངག་གི་ལས་དབྱེ་བ་ནི་དེ་ཡང་ཡུལ་བཟང་པོ་དང་འབྲིང་ཆུང་གི་དབྱེ་བ་དང་བསམ་པ་ཡང་ཉོན་མོངས་པ་དུག་གསུམ་གྱིས་བསླང་པ་དང་། སྦྱོར་བ་བྱས་ནས་གང་དེ་བྱེ་བར་གྱུར་པའི་དབྱེ་བ་རྣམ་པ་གསུམ་གྱིས་བདག་ཉིད་ཅན་ནོ། །ཚིག་རྩུབ་ནི་བདག་དང་གཞན་གྱི་ཡིད་གདུངས་པར་བྱེད་པའི་ངག་ཡིན་ཏེ་དབྱེ་བ་བྱེད་ན་སྔ་མ་སྲོག་གཅོད་བཞིན་ནོ། །དྲུག་པ་ངག་འཁྱལ་ལ་གསུམ་ལས་ངོ་བོ་ནི་ངག་འཁྱལ་པས་ཚིག་ནི་སྔ་ཕྱི་འབྲེལ་པ་མེད་པའི་ཚིག་ཏུ་བརྗོད་པའོ། །དབྱེ་བ་ནི་སྨྲ་བའི་ཡུལ་བཟང་ངན་གྱི་བསམ་པ་བཟང་ངན་གྱི་ཚིག་སྨྲས་པ་རྣམས་ཡུལ་བཟང་པོ་ལ་བསམ་པ་ངན་པས་སྨྲས་ན་ཉོན་མོངས་པ་ཅན་ཡིན་པ་དང་། གཞན་རྣམས་ཉོན་མོངས་པ་ཆུང་བའོ། །གསུམ་པ་བདུན་པོའི་ལྕི་ཡང་ནི་ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞི་དང་བདུན་པོ་འདི་རྣམས་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་རྫོགས་པ་ནི་སྡིག་པ་ལྕི་བ་ཡིན་སྟེ་སྦྱོར་དངོས་གཉིས་རྫོགས་ན་སྡིག་པ་འབྲིང་ལ་གང་ཡིན་གཅིག་ན་སྡིག་པའི་འབྲས་བུ་ཡང་བའོ། །བརྒྱད་པ་ཡིད་ཀྱི་མི་དགེ་བ་བཤད་པ་ལ་བཞི་ལས་བརྣབ་སེམས་ནི་གཞན་གྱི་བདོག་པ་ཕུན་སུམ་ཚོགས་པ་ལ་འདོད་པའི་སེམས་གདུང་རྫས་འདི་བདག་གི་བྱ་བའོ་སྙམ་དུ་སེམས་བར་བྱེད་ཡིད་ཀྱིས་ཀུན་ཏུ་རྟོགས་པར་བྱེད་རོ་མྱོང་བར་བྱེད་ཡང་དང་ཡང་དུ་བྱེད་རྟག་ཏུ་འདོད་པར་བྱེད་པར་བྱེད། དགའ་བར་བྱེད། གཞན་གྱི་ནོར་ཕུན་སུམ་ཚོགས་པ་མཐོང་ན་སྡུག་བསྔལ་བ་ཡིན་ཏེ་ངོ་བོ་ནི་འདོད་ཆགས་ཀྱིས་བསྐྱེད་པའོ། །གནོད་སེམས་ནི་གཞན་ལ་ཡིད་རབ་ཏུ་སྡང་བ་དང་གདུང་བའི་བསམ་པ་ཡིན་ཏེ་ཉོན་མོངས་པ་ཞེ་སྡང་གི་སྐྱེས་པ་ཡིན་ཏེ་གནོད་སེམས་འདི་ནི་དགེ་བའི་ལོག་གི་སེར་ཆེན། ཡང་དག་པའི་ཤེས་རབ་ཀྱི་མུན་གནག །ཚུལ་ཁྲིམས་བསྲེག་པར་བྱེད་པའི་མེ་ཆེན། ཚེ་འདི་ཕྱི་དགྲ་ནང་དུ་ཞུགས་པ། རྩེ་གཅིག་པ་ཉིད་འཇིགས་པར་བྱེད་པ། འཕགས་པའི་བདེན་པ་བཞི་འཇིགས་པར་བྱེད་པ། སེམས་ཅན་དམྱལ་བའི་ཕོ་ཉ་མཆོག་ཡིན་ཏེ། སྐྱེ་བོ་དམ་པ་ཐོས་པ་དོན་དུ་གཉེར་བ་རྣམས་ཀྱི་རྟོགས་ནས་དེ་སྤོང་བར་འགྱུར་རོ། །ལོག་པར་ལྟ་བའི་ངོ་བོ་ནི་བདག་དུ་ལྟ་བ་དང་གང་ཟག་དུ་ལྟ་བ་དང་། འདི་ལྟར་སྦྱིན་པ་མེད་སྦྱིན་སྲེག་མེད། མཆོད་དང་ལེགས་པར་བྱེད་པ་ངེས་པར་བྱེད་པའི་ལས་ཀྱི་འབྲས་བུ་རྣམ་སྨིན་མེད་བདེ་སྡུག་ཐམས་ཅད་ལྷ་དང་དབང་ཕྱུག་གིས་བྱས་ཀྱིས་ལས་ཀྱི་འབྲས་བུ་མ་ཡིན་རྒྱུ་མེད་ཟེར་ནས་རྒྱུ་འབྲས་ཁྱད་དུ་གསོད་པ་ནི་ལོག་པར་ལྟ་བ་ཞེས་བརྗོད་དོ། །ངོ་བོ་ནི་གཏི་མུག་དང་ལྡན་པས་མ་རིག་པའི་བསྐྱེད་པ་ཡིན་ཏེ་འདི་ནི་ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསྐྱེད་པ། མུན་པ་མུན་ནག་ཏུ་གྱུར་པ་ལྟ་བ་ངན་པ་ལ་དགའ་བ། ཡང་དག་པའི་ལམ་གྱི་མི་མཐུན་པར་གྱུར་པ་མཚོན་དང་། མེ་དང་། དུག་དང་། གཡང་ས་ལྟ་བུ། སྐྱེ་བོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ། ཕྱིན་ཅི་ལོག་ཏུ་ལྟ་ཞིང་ལོག་པར་ལྟ་བ་འདི་ཡིན་ནོ། །བཞི་པ་ལོག་ལྟའི་དབྱེ་བ་ནི་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བ་ཡིས་ཡུལ་དང་དུས་རྣམས་ལ་ཅི་རིག་སྦྱར་རོ། །བདག་གིས་བྱས་པ་དང་གཞན་ལ་རང་གིས་བྱེད་དུ་བཅུག་པ་དང་རང་གཞན་གྱིས་བྱས་པ་ལ་ཡི་རང་བྱེད་པའི་དབྱེ་བ་མི་དགེ་ཀུན་ལ་བརྗོད་དེ། རྣམ་པའི་དབྱེ་བ་དགག་ཏུ་མེད་དོ། །འདི་རྣམས་ཀྱི་ནང་ནས་མི་དགེ་བ་གང་ལྕི་སྙམ་ན། ལུས་དང་ངག་གི་ལས་སྔ་རིམ་ནས་ལྕི། ཡིད་ཀྱི་གསུམ་ཕྱི་མས་ལྕིའོ། །རེ་རེའི་ལྕི་བ་ནི། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུང་ཕ་ཡང་ཡིན་ལ་རང་སངས་རྒྱས་ཡིན་པ་གསོད་པ་ནི་སྲོག་གཅོད་པ་རྣམས་ཀྱི་ནང་ནས་མ་རུང་པ་ཡིན་ནོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ནས་མི་རུང་པ་ཡིན་ནོ། །མ་ཡིན་ལ་དགྲ་བཅོམ་མ་ཡིན་བ་དང་ཉལ་པོ་བྱེད་པ་འདི་ནི་འདོད་པར་ལོག་པར་གཡེམ་བ་རྣམས་ཀྱི་ནང་ནས་མ་རུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་རྫུན་དུ་སྨྲ་བ་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱེད་པ་འདི་ནི་ཕྲ་མ་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་ནོ། །འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་འདི་ནི་ངག་རྩུབ་པོ་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་ནོ། །ཆོས་ཐོས་པར་འདོད་པ་རྣམས་ཀྱི་སེམས་རྣམ་པར་གཡེང་བར་བྱེད་པ་ནི་ཚིག་འཁྱལ་པ་རྣམས་ཀྱི་ནང་ནས་མ་རུང་པ་ཡིན་ནོ། །ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་རྣམས་ཀྱི་ནང་ནས་མི་རུངས་པ་ཡིན་ནོ། །མཚམས་མེད་པར་བྱེད་པར་སེམས་པ་འདི་ནི་གནོད་སེམས་རྣམས་ཀྱི་ནང་ནས་མ་རུང་པ་ཡིན་ནོ། །ལྟ་བ་ཤིན་ཏུ་འཛིན་པ་འདི་ནི་ལོག་པར་ལྟ་བ་རྣམས་ཀྱི་ནང་ནས་མ་རུང་པ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་མི་དགེ་བཅུ་པོ་འདི་ཡུལ་ཁྱད་པར་ཅན་ལ་བྱས་ན་དམྱལ་བ་མི་ཐ་མ་ལ་ཡི་དྭགས་འགྲོ་བ་དམན་བ་ལ་བྱས་ན་དུད་འགྲོར་སྐྱེའོ། །ཉོན་མོངས་པ་ཞེ་སྡང་གིས་བསླང་ན་དམྱལ་བ། འདོད་ཆགས་ཀྱིས་ཡི་དྭགས་གཏི་མུག་གིས་དུད་འགྲོར་སྐྱེའོ། །གྲངས་མང་པོ་བྱས་ན་དམྱལ་བར་སྐྱེ། འབྲིང་པོ་བྱས་ན་ཡི་དྭགས་སུ་སྐྱེ། གྲངས་ཉུང་ངུ་བྱས་ན་དུད་འགྲོར་སྐྱེའོ་དེ་རྣམས་ཀྱིས་དབྱེ་བ་རྒྱས་པར་བཤད་ཟིན་ནས། ད་ནི་བཞི་པ་འབྲས་བུ་བཀོད་པ་ལ་གཉིས་ལས། དང་པོ་འབྲས་བུ་བཞི་བསྟན་པ་ནི་དེ་ལ་དང་པོ་འབྲས་བུ་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་གང་དང་གང་བྱས་པ་དེ་དང་དེ་བྱེད་པ་འདོད་པའོ། །དེ་ཡང་མི་དགེ་བ་བྱས་པས་ངན་སོང་གསུམ་ལས་མི་ཐར། བརྒྱ་ལ་མཐར་ནས་མིར་སྐྱེས་ཀྱང་། སྲོག་གཅོད་པ་གོམས་པས། སྲོག་གཅོད་པ་ལ་དགའ། སྲོག་གཅོད་སྙིང་འདོད། སྲོག་གཅོད་པའི་ཕྱོགས་སུ་གཞོལ། དེ་ལས་བཟློག་པར་དཀའ་བ་སྟེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མྱོང་བ་རྒྱུ་མཐུན་གྱི་རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེར་བཤད་པ་ནི་ད་གཟོད་འོག་ཏུ་རྒྱས་པར་བཤད་པའི་སྐབས་ལས་འབྱུང་བས། འདིར་མདོར་བསྡུས་པ་བཤད་དོ། །དེ་ཡང་མི་དགེ་བས་ངན་སོང་དུ་སྐྱེ། །རྒྱ་ལ་དེར་ཐར་ནས་མིར་སྐྱེས་ཀྱང་། །སྲོག་བཅད་པས་ནི་ཚེ་ཐུང་ཞིང་ནད་མང་བར་འགྱུར། །མ་བྱིན་པ་ལེན་པས་དབུལ་པོར་འགྱུར། འདོད་ལོག་སྤྱད་པས་གྲོགས་ཟླ་ངན་པའམ། །མ་མཛེ་མོ་དང་མ་རབས་ཀྱི་བུར་སྐྱེ། རྫུན་གྱིས་བདག་གཞན་གྱི་མགོ་བསྐོར་ཞིང་བསླུ་བར་འགྱུར། །ཕྲ་མས་འཁོར་སྙིང་རིང་ཞིང་། འཁོར་མེད་པར་འགྱུར། ཚིག་རྩུབ་ཀྱིས་ངག་མི་སྙན་ཅིང་གཏམ་མི་སྙན་པ་ཐོས་པར་འགྱུར། །ངག་འཁྱལ་གྱི་ངག་མི་བཙུན་པར་འགྱུར། བརྣབ་སེམས་ཀྱིས་རང་གི་ནོར་ལ་གཞན་གྱིས་མཁོས་འདིངས་པར་འགྱུར། གནོད་སེམས་ཀྱིས་བྱས་པ་མེད་པར་མི་སྡང་བར་འགྱུར། ལོག་ལྟས་སྐྱབས་དཀོན་མཆོག་གསུམ་དང་མི་འཕྲད་པར་འགྱུར་རོ། །རིན་ཆེན་ཕྲེང་བ་ལས་ཀྱང་། །སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་ནོར་དང་འབྲལ། །བྱི་བོ་བྱེད་པ་དགྲ་དང་བཅས། །རྫུན་ཏུ་སྨྲ་བས་བསྐུར་བ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །རྩུབ་པོ་ཡིས་ནི་མི་སྙན་ཐོས། །མ་འབྲེལ་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་སྟེར། ཅེས་གསུངས་སོ། །དབང་གི་འབྲས་བུ་ནི་ཕྱི་རོལ་གྱི་ཡུལ་ལ་སྣང་བར་འགྱུར་བ་ཡིན་སྟེ། ལས་མི་དགེ་བ་གང་གི་སྟོབས་ཀྱིས་འབྲས་བུ་ངན་པ་གང་སྐྱེས་པའི་འབྲས་བུ་དེ་སྐྱེས་བུ་དེའི་ལས་ངན་གྱི་བྱེད་ལས་ཀྱིས་སྐྱེས་པ་ཡིན་ནོ། །དེ་ཡང་མི་དགེ་བའི་སྟོབས་ཀྱིས་ངན་སོང་དུ་སྐྱེ། བརྒྱ་ལ་དེར་ཐར་ནས་མིར་སྐྱེས་ཀྱང་། སྲོག་བཅད་པའི་དབང་གི་འབྲས་བུ་འཁྲུག་པའི་ཡུལ་ལ་སོགས་པ་ཡུལ་བཀྲ་མི་ཤིས་ཤིང་གཟི་མདངས་ཆུང་བར་སྐྱེ། ལོ་ཏོག་རྣམས་ཀྱང་བཅུད་ཆུང་བར་འགྱུར་རོ། །མ་བྱིན་པ་བླང་པས་ཡུལ་སད་སེར་མོད་པར་སྐྱེ། ལོ་འབྲས་སད་ཀྱིས་འཁྱེར། འདོད་ལོག་སྤྱད་པས་ཡུལ་ཚ་གདུང་ཅན་དུ་སྐྱེ། ལོ་འབྲས་དུས་སུ་མི་སྨིན། རྫུན་གྱིས་ཁ་ཟས་མི་ཞིམ་པའི་ཡུལ་དུ་སྐྱེ་ནས་པྲེ་ཏར་འགྱུར་རོ། །ཕྲ་མས་བ་ཚ་ཅན་སྐམ་པ་ཅན་དུ་སྐྱེ། ལོ་འབྲས་ངན་པ་སྐྱེ། ཚིག་རྩུབ་ཀྱིས་ངམ་འགྲོག་དང་གཡང་ས་ཅན་དུ་སྐྱེ། ལོ་འབྲས་རོ་མི་ཞིམ་པར་འགྱུར། ངག་འཁྱལ་གྱིས་དབྱར་དགུན་ལོག་པར་སྐྱེ། ལོ་ཉེས་ཤ་སྟག་འོང་། བརྣབ་སེམས་ཀྱིས་འབྲས་བུ་ཉུང་བའི་ཡུལ་དུ་སྐྱེ། ལོ་ཏོག་རྣམས་འབྲས་བུ་ཆུང་བར་འགྱུར། གནོད་སེམས་ཀྱིས་འབྲས་བུ་ངན་པའི་ཡུལ་དུ་སྐྱེ། འབྲས་བུ་ཟོས་ན་ལུས་ལ་གནོད། ལོག་ལྟས་འབྲས་བུ་མེད་པའི་ཡུལ་དུ་སྐྱེ། གལ་ཏེ་ཡོད་པར་སྐྱེས་ན་ཡང་། སེར་བའམ་དགྲ་རྐུན་གྱིས་འཁྱེར་ནས་མེད་པར་འགྱུར་རོ། །གཏན་ལ་དབབ་པ་བསྡུ་བ་ལས་དེ་ལྟར་བཤད་དོ། །དབུས་མཐའི་འགྲེལ་པ་ལས་ནི་མི་དགེ་བའི་སྣོད་དུ་གྱུར་པའི་དབང་གིས་ཞེས་ནང་ནལ་ཡང་སྨིན་པར་བཤད་དོ། །བྲལ་བའི་འབྲས་བུ་ཞེས་བྱ་བ་ནི་ལས་ངན་དེ་ཟད་ནས་དྲི་མ་མེད་པར་ནམ་གྱུར་པ་དེའོ། །གཉིས་པ་ལས་ཀྱི་མུ་བཞི་བསྟན་པ་ནི་རྒྱུ་མི་དགེ་བ་རྣམས་སྤྱོད་ཅིང་སྦྱོར་དངོས་རྗེས་གསུམ་ཡོངས་སུ་རྫོགས་པའི་མི་དགེ་བ་དེ་ནི་ཐེ་ཚོམ་མེད་པར་འབྲས་བུ་ངེས་པར་མྱོང་བར་འགྱུར་བའི་ལས་ཀྱི་མུ་གཅིག་ཡིན་ནོ། །རང་དབང་མེད་པར་མི་དགེ་སྤྱོད་ཀྱང་རང་མི་དགེ་བ་སྤྱོད་པ་དེ་ལ་མི་དགའ་བ་དང་། སྦྱོར་དངོས་རྗེས་གསུམ་མ་རྫོགས་པ་དང་། རྫོགས་ཀྱང་གཉེན་པོས་བཅོམ་བའི་ལས་གསུམ་པོ་གང་བྱས་ཀྱང་འབྲས་བུ་མྱོང་བར་འགྱུར་བ་མ་ཡིན་བའི་ལས་ཀྱི་མུ་གཉིས་པ་ཡིན་ཞེས་བརྗོད་དོ། །མི་དགེ་བ་དངོས་སུ་རང་གིས་སྤྱད་པ་མ་ཡིན་ཀྱང་། མི་དགེ་བ་བྱེད་པ་ལ་དད་ཅིང་འདུན་པ་དང་། རང་ཉིད་མི་དགེ་བར་བྱེད་པར་སྨོན་ཅིང་། གཞན་གྱིས་བྱས་པ་རྗེས་སུ་ཡིད་རང་བར་བྱེད་པ་རྣམས་ནི་ལས་རང་གིས་མ་བྱས་ཀྱང་འབྲས་བུ་སྡུག་བསྔལ་ངེས་པར་མྱོང་བར་འགྱུར་བའི་ལས་ཀྱི་མུ་གསུམ་པ་ཡིན་ནོ། །རྒྱུ་མི་དགེ་གཏན་ནས་མ་བྱས་ཤིང་འབྲས་བུ་སྡུག་བསྔལ་མི་མྱོང་བ་ཞེས་བྱ་བ་འདི་ནི་ལས་ཀྱི་མུ་རྣམ་པ་བཞི་པ་ཡིན་ནོ། །གསུམ་པ་དཀར་པོའི་རྒྱུ་འབྲས་བསྟན་པ་ལ་དྲུག་ལས། དང་པོ་ངོ་བོ་བརྗོད་པ་ནི་དེ་ལ་དགེ་བ་བཅུ་གང་ཞེ་ན། མི་དགེ་རྒྱུ་དང་འབྲས་བུ་བཅས་པ་སྔར་གོང་དུ་བཤད་པ་དེ་ལས་བཟློག་པ་དེ་ནི་དགེ་བ་བཅུ་ཡིན་ཏེ། དེ་ཡང་སྲོག་གཅོད་པ་སྤང་པའི་སྟེང་དུ་གཞན་གྱི་སྲོག་འདོན་པ་དང་། མ་བྱིན་བར་ལེན་པ་སྤངས་པའི་སྟེང་དུ། མ་ཆགས་པའི་སྦྱིན་བ་གཏོང་བ་དང་། འདོད་ལོག་སྤངས་པའི་སྟེང་དུ་ཚངས་པར་སྤྱོད་པ་ལ་གནས་པ་དང་། རྫུན་སྤངས་པའི་སྟེང་དུ། བདེན་པ་དྲང་པོས་གཞན་བསྡུ་བ་དང་། ཕྲ་མ་སྤང་བའི་སྟེང་དུ་གཞན་མི་མཐུན་པ་བསྡུམ་པ་དང་། ཚིག་རྩུབ་སྤང་བའི་སྟེང་དུ། ཞི་བ་དང་དེས་པ་དང་སྲོང་པོར་སྨྲ་བ་དང་། ངག་འཁྱལ་སྤང་བའི་སྟེང་དུ། དོན་དང་ལྡན་བའི་གཏམ་སྨྲ་བ་དང་། བརྣབ་སེམས་སྤང་བའི་ཐོག་ཏུ། ཆོག་ཤེས་པར་བྱ་བ་དང་། གནོད་སེམས་སྤང་བའི་སྟེང་དུ། བྱམས་པ་དང་སྙིང་རྗེ་ལ་གནས་པ་དང་ལོག་ལྟ་སྤངས་བའི་སྟེང་དུ་ལྷ་དཀོན་མཆོག་གསུམ་ལ་ཡིད་ཆེས་བསྐྱེད་ཅིང་སྐྱབས་སུ་འགྲོ་བ་རྣམས་ཡིན་ནོ། །གཉིས་པ་རྣམ་དབྱེ་ནི་དགེ་བ་ལ་དད་པ་དང་དགེ་བ་བྱེད་འདོད་པའི་འདུན་པ་དང་ལྡན་བ་ནི་དགེ་བ་ཆུང་བ་དང་། སྡོམ་པ་བླང་བ་མ་ཡིན་པ་རང་བཞིན་གྱིས་དགེ་བ་སྤྱད་པ་རྣམས་ནི་དགེ་བ་འབྲིང་བ་དང་། སྡོམ་པ་ཡང་དག་པར་བླངས་པའི་ཁྱད་པར་གྱིས་དགེ་བ་སྤྱོད་པ་ནི་ཆེན་པོ་ཡིན་ལ། བདག་ཉིད་ཀྱང་དགེ་བ་བཅུ་བྱེད་པ་དང་གཞན་དག་ཀྱང་དགེ་བ་བཅུ་ལ་འགོད། གཞན་དགེ་བ་བྱེད་པ་ལ་ཡིད་རང་བར་བྱེད་པ་དེ་ནི་དགེ་བ་བླ་ན་མེད་པ་ཡིན་ནོ། །གསུམ་པ་དགེ་བ་བཅུ་སོ་སོའི་རྣམ་སྨིན་གྱི་འབྲས་བུ་ནི་འོ་ན་དགེ་བ་བཅུ་བསྒྲུབ་ན་འབྲས་བུ་ཅི་འཐོབ་ཅེ་ན་སྲོག་གཅོད་པ་སྤངས་པས་དེའི་འབྲས་བུ་ཚེ་རིང་བ་དང་ནད་མེད་པར་འགྱུར་བ་དང་། མ་བྱིན་པ་ལེན་པ་སྤངས་པས་ཅི་འདོད་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་དབང་བྱེད་པར་འགྱུར་བ་དང་། འདོད་པར་ལོག་པར་གཡེམ་པ་སྤངས་པས་རང་གིས་འདོད་པའི་བུད་མེད་འགྲན་ཟླ་མེད་པ་འཐོབ་པར་འགྱུར་ཅིང་། རྫུན་སྤངས་པས་ལྷ་མི་ཀུན་གྱིས་འདི་དྲང་པོ་ཡིན་ཟེར་ནས་བདེན་པའི་བསྔགས་པ་འཐོབ་པར་འགྱུར་རོ། །ཕྲ་མ་སྤངས་པས་གཞན་གྱིས་དབྱེན་བྱས་ཀྱང་མི་ཕྱེད་པའི་འཁོར་ཐོབ་པར་འགྱུར་ཅིང་། ཚིག་རྩུབ་སྤངས་པས་རྣ་ལམ་དུ་སྙན་པའི་ཚིག་ཐོས་ཅིང་བདེན་པས་དུས་ཀུན་ཏུ་སྨྲ་བར་འགྱུར་རོ། །ངག་འཁྱལ་སྤངས་པས་ཅི་ཐོས་པ་ཀུན་ཀྱང་། དོན་དང་ལྡན་པའི་ཚིག་ཐོས་པ་དང་། བརྣབ་སེམས་སྤངས་པས་བདག་ཉིད་ལ་ཅི་ཡོད་པའི་འབྱོར་པ་ལ་གནོད་པ་གཞན་གང་གིས་ཀྱང་བྱེད་མཁན་མེད་པ་དང་། གནོད་སེམས་སྤངས་པས་ལུས་སེམས་ལ་གདུག་ཟླ་མེད་ཅིང་འགྲོ་བ་ཀུན་གྱིས་མཆོད་པར་འགྱུར་རོ། །ལོག་ལྟ་སྤངས་པས་ཡང་དག་པའི་ལྟ་བ་མཆོག་འཐོབ་པར་འགྱུར་ཏེ། དེ་རྣམས་ནི་དགེ་བ་བཅུ་སོ་སོ་ཡི་རྣམ་སྨིན་གྱི་འབྲས་བུ་ཡིན་ནོ། །བཞི་པ་འབྲས་བུ་གཞན་སྔ་མ་དང་སྦྱར་བ་ནི་འོ་ན་དགེ་བའི་རྒྱུ་མཐུན་ལ་སོགས་འབྲས་བུ་གསུམ་པོ་ཅི་ལྟ་བུ་ཞེ་ན། རྒྱུ་མཐུན་གྱི་འབྲས་བུ་ལ་སོགས་པ་རྣམས་ནི་སྔར་མི་དགེ་བའི་འབྲས་བུ་བཤད་པ་བཞིན་དུ། འདིར་ཡང་དེ་ལས་བཟློག་ཏེ་བརྗོད་པར་བྱའོ། །དེ་ཡང་བྱེད་པ་རྒྱུ་མཐུན་གྱི་དགེ་བ་བཅུ་པོ་གང་ལ་གོམས་པ་དེ་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི་དགེ་བ་བཅུ་སྤྱད་པའི་མཐུས་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་པ་དང་དབང་གི་འབྲས་བུ་ནི་ལོ་ལེགས་པ་ལ་སོགས་པ་ཅི་འདོད་པ་ཐམས་ཅད་ལག་ཏུ་འོང་བར་འགྱུར་རོ། །བྲལ་བའི་འབྲས་བུ་ནི་དགེ་བ་བཅུ་སྒྲུབ་པས་མི་དགེ་བ་བཅུ་བྲལ་བར་འགྱུར་རོ། །ལྔ་པ་ཆུང་འབྲིང་གི་དབྱེ་བ་ནི་མདོར་ན་འདོད་ཁམས་ཀྱི་ཕུན་སུམ་ཚོགས་པའི་བདེ་བའི་ལོངས་སྤྱོད་རྣམས་ཀྱང་། དགེ་བ་ཆུང་ངུས་ལོངས་སྤྱོད་ཆུང་ངུ་ཐོབ་པ། དགེ་བ་འབྲིང་གི་ལོངས་སྤྱོད་འབྲིང་། དགེ་བ་ཆེན་པོས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་ལྷའི་དབང་པོ་བརྒྱ་སྦྱིན་དང་། འདོད་པའི་དབང་ཕྱུག་ཆེན་པོ་འཐོབ་པར་འགྱུར་རོ། །དྲུག་པ་ཞར་ལ་ཟག་པ་མེད་པ་དང་མཚུངས་ལྡན་བསྟན་པ་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རབ་ཏུ་བསྟོད་པ་དང་བསྔགས་པ་བརྗོད་པའི་དགེ་བ་ཆོས་བསྡུད་དང་། སེམས་ཅན་དོན་བྱེད་དང་། ཉེས་པ་སྡོམ་པའི་ཚུལ་ཁྲིམས་ཟག་པ་མེད་པ་དང་ལྷན་ཅིག་པའི་དགེ་བ་བསྒྲུབས་པས་ཐེག་པ་གསུམ་གྱི་འབྲས་བུ། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་འཐོབ་པར་འགྱུར་རོ། །བཞི་པ་ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་བསྟན་པ་ལ་བདུན་ལས། དང་པོ་དགེ་མི་དགེ་འདོད་ཁམས་ཀྱི་རྒྱུར་བསྟན་པ་ནི་གོང་དུ་དེ་ལྟར་བཤད་པའི་དགེ་བ་དང་མི་དགེ་བ་རྣམས་སྤྱད་པའི་འབྲས་བུ་ནི། འདོད་པའི་ཁམས་ལས་མ་འདས་པའི་ཕྱིར། གཉིས་པ་གཟུགས་ཁམས་དང་གཟུགས་མེད་ཀྱི་རྒྱུ་སེམས་བས་ཕྱི་རོལ་ཏུ་རྟོག་པ་ནི་བློ་གྲོས་དང་ལྡན་པ་གང་ལ་ལ་ཞིག་འདོད་པའི་ཁམས་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར། ཟང་ཟིང་ལ་མ་ཆགས་པའི་སྦྱིན་པ་གཏོང་བ་ལ་བརྩོན་འགྲུས་བསྐྱེད་པ་ལ་འབད་པར་བྱས་ནས་དེའི་སྟེང་དུ་གཞི་ངེས་འབྱུང་གི་ཚུལ་ཁྲིམས་ལ་བརྟེན་ནས་སེམས་སྤྲེལ་བུ་ལྟ་བུ་འདི་གདུལ་བའི་ཕྱིར་ལུས་ངག་ཡིད་གསུམ་བག་ཡོད་པར་བྱ་སྟེ། འདུ་འཛིས་དབེན་པར་གནས་པར་བྱས་ཏེ། ཅི་ལྟར་བྱས་ན་སེམས་འདི་བསྡུ་བ་དང་བཟུང་བ་དང་རྩེ་གཅིག་པར་འགྱུར་སྙམ་པས། དེ་འཐོབ་བྱེད་པའི་ཐབས་ལ་ངེས་པར་ཡང་དང་ཡང་དུ་སེམས་པར་བྱེད་དགོས་སོ། །གསུམ་པ་ཕྱི་ནང་བར་གསུམ་གྱི་ཁམས་བཅོ་བརྒྱད་ལ་རྟོག་པ་ནི་དེ་ཅི་ལྟར་སེམས་བར་བྱེད་ཅེ་ན་དེ་ཡང་ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་དྲུག་ཕྱི་རོལ་ན་སྣང་བ་དང་། བདག་རྐྱེན་དབང་པོ་དྲུག་དང་། དེ་ལ་བརྟེན་ནས་ཡུལ་དྲུག་འཛིན་པའི་རྣམ་ཤེས་ཚོགས་དྲུག་གི་སྦྱོར་བར་གྱི་རག་རིམ་ལ་སེམས་ཀྱིས་རྟོག་ཅིང་ཞིབ་ཀྱིས་དཔྱོད་པ་ན། ཡུལ་ཡིད་དུ་འོང་བ་དང་ཕྲད་ན་བདེ་བ་དང་ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ན་ཡིད་སྡུག་བསྔལ་བ་དང་། ཡུལ་བར་པ་དང་ཕྲད་ན་བདེ་སྡུག་བཏང་སྙོམ་དང་། དེ་ལྟར། ཡུལ། དབང་པོ། ཤེས་པ་དྲུག་ལ་བརྟེན་པའི་བདེ་སྡུག་བཏང་སྙོམས་གྱི་རྟོག་པ་བཅོ་བརྒྱད་ལེགས་པར་མཐོང་བར་གྱུར་ནས། ཡང་ས་གཞན་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ལ་ཡང་རྟོག་དཔྱོད་འཇུག་པར་འགྱུར་རོ། །བཞི་པ་ཁམས་ཀྱི་རྐྱེན་གྱིས་ཚོར་བ་ལ་སེམས་པ་ནི་ཁམས་ལ་བརྟག་ཟིན་བ་དེ་ནས་ཚོར་བ་གསུམ་པོ་ཐམས་ཅད་ཀྱི་གནས་ལ་མངོན་པར་རྟོགས་པར་བྱེད་དེ། དེ་ཡང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་དང་ལྔ། རྣམ་པར་ཤེས་པའི་ཁམས་དང་ཁམས་དྲུག་པོ་ཕྱི་ཡུལ་དུ་སྣང་བ་དང་། རང་གི་ལུས་ལ་ནང་དུ་སྣང་བ་དག །བྱེད་པ་པོས་གནས་སུ་བྱས་པ་མེད་པ། ཚོར་བ་པོས་གནས་སུ་མ་བྱས་པའི་རང་རང་གི་ཡང་མཚན་ཉིད་འཛིན་པར་བྱེད་པར་མཐོང་ནས་ཀྱེ་མའོ་འགྲོ་བ་འདི་རྣམས་ཤེས་པ་དྲུག་ལ་བརྟེན་ནས་བྱུང་བའི་ཚོར་བ་མྱོང་བ་འདི་ནི་ཚོར་བ་བདེ་བ་ལ་ནི་ཡིད་འདོད་ཆགས་ཤིང་། ཚོར་བ་སྡུག་བསྔལ་ལ་ནི་ཡིད་ཞེ་སྡང་བ་དང་། ཚོར་བ་བཏང་སྙོམས་ནི་འདོད་མི་འདོད་ཀྱི་ཡུལ་མ་ཡིན་པས་མ་རིག་པས་གཏི་མུག་བསྐྱེད་པས། དེ་ལྟར་དུག་གསུམ་གྱིས་འཁོར་བ་ན་རང་ཉིད་ཀུན་ཏུ་འཆིང་བར་བྱེད་པར་གྱུར་ཏོ། །ལྔ་པ་འདུས་ཏེ་རེག་པ་ལ་རྟོག་པ་ནི་ཡང་ནི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ལས་ས་གཞན་རེག་པ་དང་ཚོར་བ་འདུས་པ་ལ་ཡང་རྟོག་དཔྱོད་འཇུག་པར་འགྱུར་ཏེ། ཡུལ་དྲུག་ལ་ཤེས་པ་དྲུག་གིས་རེག་པའི་རྐྱེན་གྱིས་བདེ་སྡུག་གི་ཚོར་བ་འབྱུང་སྟེ། དེ་ལ་འདི་ལྟར་རྟོག་སྟེ། ཚོར་བ་བདེ་སྡུག་འདི་ནི་རྟག་པ་མ་ཡིན་ཞིང་བདེན་པ་ཡང་མ་ཡིན་ནོ། །དེ་ཡང་ཡིད་བདེ་བའི་གནས་སུ་གྱུར་པ་ཡུལ་ཡིད་དུ་འོང་བ་སྔར་ཡོད་ལ་ཕྱིས་འགག་པ་མཐོང་ན་ཡིད་བདེ་བའི་ཚོར་བ་ལ་འདོད་ཆགས་དང་བྲལ་བར་འགྱུར། དེ་བཞིན་དུ་ཡུལ་མི་སྡུག་པ་ལ་རྟེན་ནས་ཚོར་བ་སྡུག་བསྔལ་སྔོན་སྐྱེས་པ་རྣམས་འགག་པ་ན་ཞེ་སྡང་དང་བྲལ་བ་སྐྱེ་སྟེ། དེ་ལྟར་སོ་སོར་བརྟག་ནས་ཚོར་བ་བདེ་སྡུག་ཐམས་ཅད་མི་རྟག་པར་མཐོང་ནས་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་ཞེ་སྡང་བ་དང་། གཉིས་ཀ་མཉམ་ཞིང་སྙོམས་པའི་རྟོག་པ་རབ་ཏུ་སྦྱང་བར་བྱེད་དོ། །དྲུག་པ་བསམ་གཏན་དང་གཟུགས་མེད་ལ་རྟོགས་པ་ནི། དེ་ལྟར་བཏང་སྙོམས་ལ་བརྟག་ཟིན་ནས་དེ་ནས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་བཅས་པ་ལ་རབ་ཏུ་རྟོག་ཅིང་འཇུག་པར་བྱེད་དོ། །བདུན་པ་འཇིག་རྟེན་ལ་འདའ་བར་བྱེད་པའི་ཆོས་ལ་རྟོག་པ་ལ་བཞི་ལས། དང་པོ་རྟེན་འབྲེལ་གྱི་ཡན་ལག་ལ་རྟོག་པ་ནི། དེ་ལྟར་ཁམས་གསུམ་གྱི་རྒྱུ་འབྲས་རབ་ཏུ་བརྟག་པ་དེ་ཡིས་ཁམས་གསུམ་དུ་སྐྱེ་བ་སྲེད་ལེན་དང་། དེས་གསོས་བཏབ་ནས་སྲིད་པ་འགྲུབ་པ་མངོན་དུ་རྟོག་པར་བྱེད་དེ། སྲིད་པས་སྐྱེ་བ་འགྲུབ་པའི་ལུས་དེར་གནས་པའི་མིག་དང་གཟུགས་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་དང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་སྣང་བ་ཀུན་ཀྱང་། འདུ་བྱེད་ཀྱིས་ལས་བྱས་པའི་བག་ཆགས་ཀུན་གཞི་ལ་བཞག་པའི་རྒྱུ་རྐྱེན་དེའི་སྟོབས་ཀྱིས་རྣམ་པར་ཤེས་པ་ཚོགས་དྲུག་ལ་སྣང་བའི་ཡུལ་ཡིད་དུ་འོང་མི་འོང་ལ་བདེ་སྡུག་ཏུ་འདུ་ཤེས་པའི་ཚོར་བ་རབ་ཏུ་སྣང་བར་འགྱུར་རོ། །ཚོར་བ་དེའང་བདེ་བ་སྐྱེས་ན་སྡུག་བསྔལ་དང་བཏང་སྙོམས་འགག །སྡུག་བསྔལ་སྐྱེས་ན་བདེ་བ་དང་བཏང་སྙོམས་འགག་བཏང་སྙོམས་སྐྱེ་དུས་གཉིས་ཀ་འགག་པས་བདེ་སྡུག་མི་རྟག་ཅིང་སྐད་ཅིག་གིས་སྐྱེ་འགག་བྱེད་པ་མཐོང་བར་འགྱུར་རོ། །གཉིས་པ་རྩ་བ་མཐོང་བ་ནི་དེ་ལྟར་མིང་གཞི་གཟུགས་དང་བཅས་པ་འདི་རྩ་བ་རྒྱུ་ཅི་ལས་བྱུང་སྙམ་ན་ཀུན་གཞི་ལ་གནས་པའི་མ་རིག་པས་ཡང་དག་པའི་ཤེས་པ་ལ་བསྒྲིབ་པའི་རྐྱེན་གྱིས། འདུ་བྱེད་ཅེས་བྱ་བ་འདིས་དགེ་མི་དགེ་དང་། མི་གཡོ་བའི་ལས་གསུམ་བསགས་ནས་ཁམས་གསུམ་དུ་ལུས་སྣ་ཚོགས་ལེན་པའི་ལས་རྒྱུ་འབྲས་ཀྱི་ས་ཀུན་མཐོང་བར་གྱུར་ནས་ཞིབ་ཏུ་རྟོགས་སོ། །གསུམ་པ་ཕུང་པོ་ལྔའི་ངོ་བོ་ནི། ཁམས་གསུམ་གྱི་རྩ་བ་མཐོང་བ་དེ་ལ་བརྟེན་ནས་འདུས་བྱས་ཀྱི་ལས་དཀར་ནག་ཀུན་མངོན་དུ་མཐོང་བར་འགྱུར་ཏེ། དེ་ལ་ཟག་པ་དང་བཅས་པའི་ཆོས་ཀུན་གྱི་གཞི་ཡིན་པས་ཀུན་གཞིའི་སྟེང་དུ་རྣམ་པར་ཤེས་པ་གཞན་གྱི་བག་ཆགས་ཡོད་པས་རྒྱུའམ་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ཏེ། ཀུན་གཞིའི་རྐྱེན་དེ་ལས་བྱུང་བའི་ཚོགས་དྲུག་དང་ཉོན་ཡིད་ནི་སོ་སོ་ཡི་ཡུལ་དོན་དུ་གཉེར་ཞིང་ཉེ་བར་དཔྱོད་པ་ཅན་ནམ་ཡང་ན་བདེ་སྡུག་མྱོང་བ་འདི་ཚོར་བ་དང་ལྡན་པའི་ཕྱིར་རོ། །བདེ་སྡུག་དེ་ལ་ཉེ་བར་ལོངས་སྤྱོད་པ་ནི་ཚོར་བ་ཡིན་ཏེ། །བདེ་སྡུག་གི་བྱེ་བྲག་ཤེས་ཞིང་ཡོངས་སུ་ལོངས་སྤྱོད་པ་ནི་འདུ་ཤེས་ཉིད་ཡིན་ནོ། །ཚོར་བས་མྱོང་ཞིང་། འདུ་ཤེས་ཀྱིས་ཐ་སྙད་བཏགས་པའི་ཡུལ་དེ་ལ་རྣམ་པར་འཇུག་པའི་རྐྱེན་བྱེད་མཁན་དེ་གང་ཡིན་ཅེ་ན། འདུ་བྱེད་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་བཅས་པ་ཀུན་ཡིན་ནོ། །བཞི་པ་རྟེན་འབྲེལ་གྱི་བྱེད་ལས་ནི་ཀུན་གཞི་ལ་གནས་བག་ཆགས་སྔ་མས་བཞག་པའི་མ་རིག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡང་དག་པ་དེ་ཁོ་ན་ཉིད་མཐོང་བ་དང་། ལས་རྒྱུ་འབྲས་ཤེས་པ་ལ་སྒྲིབ་པར་བྱེད་དོ། །དེ་ལྟར་མ་རིག་ནས་འདུ་བྱེད་ཀྱིས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་བག་ཆགས་རྣམས་ཀུན་གཞི་ཡི་སྟེང་འཇོག་པར་བྱེད་དོ། །དེ་བཞིན་འདུ་བྱེད་གསུམ་གྱིས་ལས་ཀྱི་ས་བོན་བཏབ་པའི་ཀུན་གཞི་ཡི་རྣམ་ཤེས་ཀྱིས་ལམ་གསུམ་དུ་རྒྱུན་མི་ཆད་པར་འཇུག་པས། འཆི་འཕོ་བའི་གནས་འདི་ནས་ཕ་རོལ་སྐྱེ་བའི་གནས་སུ་ཡང་སྲིད་པའི་ས་བོན་ཕྱིན་པར་བྱེད་དོ། །དེར་ཕྱིན་ནས་མངལ་ན་གནས་ཚེ། ཉིང་འཚམས་སྦྱོར་བ་ནས་ནུར་ནུར་པོ་ནས་སྐྱེ་མཆེད་མ་དོད་ཀྱི་བར་མིང་དང་གཟུགས་འབྲེལ་པས་ལུས་འཛིན་ཏོ། །སྐྱེ་མཆེད་དྲུག་གིས་དབང་པོ་དེ་རྟེན་ཀུན་ཚང་སྟེ། འདོད་ཁམས་དང་གཟུགས་ཁམས་སུ་ལུས་རྫོགས་པར་བྱེད་དེ། ཡུལ་དབང་པོ་རྣམ་ཤེས་གསུམ་འདུས་པས་དབང་པོ་བདེ་བ་ལ་སོགས་པ་མྱོང་བ་དང་མཐུན་པར་ཡུལ་ཡིད་དུ་འོང་མི་འོང་ཐ་མལ་པ་གཅོད་པ་རེག་པའོ། །སྲེད་པའི་དབང་གིས་བདེ་སྡུག་ཡོད་པའམ་ཡང་ན་འདུ་བྱེད་རྣམས་ཀྱི་འབྲས་བུ་བདེ་སྡུག་རྣམས་ཚོར་བས་ཉེ་བར་ལོངས་སྤྱོད་པར་བྱེད་ལ། འདུ་བྱེད་ཀྱིས་དགེ་མི་དགེའི་ས་བོན་ཀུན་གཞི་ལ་བཏབ་པ་དེ་སྲིད་པ་ཚེ་ཕྱི་མར་སྐྱེ་བ་སྲེད་པས་སྡུད་པར་བྱེད་དོ། །འདུན་པའི་འདོད་ཆགས་ཀྱི་མཚན་ཉིད་ཉེ་བར་ལེན་པ་བཞིས་ལས་ཀྱི་ས་བོན་ཀུན་གཞི་ལ་ཡོད་པ་དེ་གསོས་པས་ཁམས་གསུམ་དུ་སྐྱེ་བ་སྦྱོར་བ་ཡིན་ཏེ། སྲིད་པས་མངོན་དུ་ལས་ཀྱི་རྣམ་སྨིན་མངལ་དོག་པ་ལ་སོགས་པ་སྐྱེ་བའི་སྡུག་བསྔལ་དང་། སྐྲ་དཀར་ལུས་རྒུད་པ་ལ་སོགས་པ་རྒས་པ་དང་། མིང་གཟུགས་འཇོག་པ་ཤི་བའི་སྡུག་བསྔལ་དང་སེམས་ཅན་གྱི་རིས་གཅིག་ནས་གཅིག་ཏུ་འགྲོ་བ་ལ་སོགས་པ་རྣམས་ཉེ་བར་བསྒྲུབ་པར་བྱེད་མཁན་ནི་དེ་ལྟར་ཤེས་པ་ཡིན་ནོ། །སྤྱི་དོན་ལྔ་པ་དེས་བཀོད་པ་ཕན་ཡོན་དང་བཅས་པ་ལ་ལྔ་ལས། དང་པོ་སྤྱིར་བསྟན་པ་ནི། དེ་ལྟར་ལས་དང་ཆོས་དང་རྣམ་པར་སྨིན་པ་རྣམས་ལེགས་པར་རྟོགས་པའི་རྣལ་འབྱོར་སྤྱོད་པ་ནི། ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཀུན་ནི། དཔེར་ན་རི་མོ་མཁན་མཁས་པ་གཅིག་གིས་ས་གཞི་འཇམ་པ་གཅིག་མཐོང་ནས་དེར་འདུག་སྟེ། ཚོན་སྣ་ཚོགས་ཀྱིས་རི་མོའི་གཟུགས་སྣ་ཚོགས་སེམས་ཀྱི་དབང་གིས་བྲི་བ་དེ་བཞིན་དུ། ཁམས་གསུམ་དུ་སྣང་བའི་བྲི་གཞི་རྒྱ་ཆེན་པོ་འདི་ལ། སེམས་ཉིད་རི་མོ་མཁན་གྱིས་ནི། ལས་ཀྱི་རྣམ་པར་སྨིན་པས་འཁོར་བའི་སར་སེམས་ཅན་དང་འགྲོ་བ་དང་གནས་ཀྱི་རྣམ་པ་ཐ་དད་པར་འགྲུབ་པར་བྱེད་དོ་དེ་ཅི་ལྟར་བྱེད་ཅེ་ན། དེ་ལྟར་སེམས་རི་མོ་མཁན་འདིས་འདོད་པ་བསྟེན་ཅིང་འདོད་པའི་ཁམས་ལ་དམིགས་ཤིང་ཉེར་བར་ལེན་པས་དགེ་མི་དགེའི་ལས་ཀྱིས་འདོད་པའི་ཁམས་ན། མི་ཡུལ་གླིང་བཞི་འདོད་ལྷ་དྲུག །དུད་འགྲོ། ཡི་དྭགས། ཚ་དམྱལ་བརྒྱད་དང་གཟུགས་ནི་ཉི་ཤུ་བྲིའོ། །ཡང་སེམས་རི་མོ་མཁན་དེས་འདོད་པའི་འདོད་ཆགས་བྲལ་བས་གཟུགས་ཁམས་ལ་དམིགས་ནས་བསམ་གཏན་བཞིས་ཏིང་ངེ་འཛིན་འབྲས་བུ་ཆེ་མན་ཆད་ལྷ་གནས་བཅུ་གཉིས་བྲིའོ། །གཙང་མ་རིས་ཀྱི་ལྷ་རྣམས་རྣམ་ལྔ་གཞན་ཤེས་རབ་འབྲེལ་པའི་འཕགས་པའི་བསམ་གཏན་གྱིས་བྲིའོ། །ཡང་སེམས་རི་མོ་མཁན་དེས་གཟུགས་ཁམས་ཀྱི་དམིགས་པ་དེ་དང་བྲལ་བའི་གཟུགས་མེད་པའི་སྙོམ་པར་འཇུག་པ་བཞིའི་ཏིང་ངེ་འཛིན་ལ་སྲེད་པས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་བསྒྲུབ་པ་ཡིད་ནོ། །གཉིས་པ་རྒྱས་པར་བཤད་པ་ནི་དེ་ཡང་རང་གི་ལུས་སུ་སྣང་བ་འདི་ནི་དཔེར་ན་ཚོན་རྩིའི་སྣོད་བཞིན་ཡིན་དེ། ཕྱི་ཡི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་ནི་ཚོན་རྩི་ཁ་དོག་སྣ་ལྔ་བཞིན་ཡིན། ལས་མངོན་པར་འདུ་བྱེད་པ་དང་བཅས་པའི་བརྩོན་འགྲུས་ལག་པ་སྣའུ་དེ་ཡིས་མིག་རྣ་བ་སྣ་ལྕེ་ལུས་ཡིད་དང་དབང་པོ་དྲུག་གི་ཕྱིར་བཟུང་སྟེ་དཀར་པོ་དགེ་བའི་ཚོན་གྱིས་ནི་ལྷ་གནས་ཕུན་སུམ་ཚོགས་པ་བྲིའོ། །དམར་པོ་འདོད་ཆགས་དང་བཅས་པའི་དགེ་བས་འདོད་ཁམས་ཀྱི་ལྷ་མི་ཡི་གཟུགས་བྲིའོ། །གཏི་མུག་གིས་བསྐྱེད་པའི་མི་དགེ་བ་ཚོན་སེར་པོ་ལྟ་བུས་དུད་འགྲོ་ཡི་རིག་རྣམས་བྲི་སྟེ། སེར་སྣས་བསྐྱེད་པའི་མི་དགེ་བ་ཚོན་སྔོན་པོ་ལྟ་བུས་ཡི་དྭགས་བྲི་བར་བྱེད་ཅིང་། ཞེ་སྡང་གིས་སྐྱེད་པའི་མི་དགེ་བ་ཚོན་ནག་པོ་ལྟ་བུས་དམྱལ་བའི་གཟུགས་བྲིའོ། །གཞན་ཡང་སེམས་ཉིད་རི་མོ་མཁན་འདིས་ནི་མཉེས་ནས་དགེ་བ་བསྒྲུབས་པས་མཐོ་རིས་ལྷ་མི་བྲི་བར་བྱེད་དེ། མ་མགུ་ཁྲོས་ནས་མི་དགེ་བ་བསྒྲུབས་པས་ངན་སོང་གསུམ་བྲི་ལ་བར་མ་བཏང་སྙོམས་ཀྱིས་བདེ་སྡུག་འདྲེས་མའི་སེམས་ཅན་བྲི་བ་ཡིན་ནོ། །གསུམ་པ་ལས་འབྲེལ་བའི་དོན་ནི་གོང་དུ་བཤད་པ་དེ་ལྟར་དགེ་བ་དང་མི་དགེ་བ་དག་གི་ལས་རང་གིས་བྱས་པའི་ལས་ཀུན་གྱི་འབྲས་བུ་བདེ་སྡུག་རང་གི་ཐེ་ཚོམ་མེད་པར་ངེས་པར་སྤྱོད་པ་འགྱུར་རོ། །དཔེར་ན་བྱའི་རྗེས་སུ་གྲིབ་མ་འབྲང་བ་བཞིན་དགེ་སྡིག་བྱེད་པོས་ལུས་ཅི་ལྟར་བླངས་པའི་ལུས་ཅན་རྣམས་དང་། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་བདེ་སྡུག་འབྲེལ་བར་འགྱུར་བ་ཡིན་ནོ། །བཞི་པ་ཉོན་མོངས་དང་འབྲལ་བ་ཡང་ནི། ལུས་ཅན་གྱི་ཕྱི་ན་ལས་རྗེས་སུ་འབྲང་བ་དེས་ན། སེམས་ཅན་རྣམས་ཉོན་མོངས་པ་དུག་གསུམ་གྱི་དབང་གིས། མི་དགེ་བ་སྤྱོད་པའི་ས་ནི་དང་པོར་ལས་བསྒྲུབ་དུས་སུ་མངར་བའི་འདོད་པས་འཇུག་སྟེ། ཕྱིས་སྡིག་པ་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ནི་རབ་ཏུ་ཚ་བ་ཡིན་པས། སྡུག་བསྔལ་ཡ་ང་བ་མང་པོ་མྱོང་བར་འགྱུར་བ་ཡིན་ནོ། །དེས་ན་མི་དགེ་བ་སྤྱོད་པ་དེ་དག་ནི་དོན་མེད་པའི་སྡུག་བསྔལ་བསྐྱེད་པའི་ལས་བྱེད་པ་ཡིན་པས་ན། དཔེར་ན་དུག་ཁོང་དུ་སོང་ན་སྡུག་བསྔལ་སྐྱེད་པར་ཤེས་ནས་ཡོང་བ་བཞིན་དུ། མི་དགེ་བས་ཀྱང་སྡུག་བསྔལ་བསྐྱེད་པས་དུག་དང་འདྲ་བར་སྤང་བར་བྱའོ། །ལྔ་པ་གཉེན་པོ་དང་འབྲེལ་པ་བསྟན་པ་ནི། དུག་གསུམ་གྱིས་བསྐྱེད་པའི་མི་དགེ་བས་སྡུག་བསྔལ་བསྐྱེད་པ་དེས་ན། ཉོན་མོངས་པའི་དབང་དུ་བདག་གི་སེམས་མི་འགྲོ་བར་བྱ་ཞིང་། དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་དབང་དུ་སེམས་འགྲོ་བར་བྱ་སྟེ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཡེ་ཤེས་དང་ལྡན་བ་ནི་ཚེ་འདིར་བདེ་བ་དང་། ཚེ་ཕ་རོལ་དུ་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་དམ་པ་འཐོབ་པར་འགྱུར་རོ། །དེས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་ལ་འབད་པར་བྱའོ། །ལེའུ་དང་པོའི་འགྲེལ་པའོ། །རྒྱས་པར་བཤད་པ་ལ་དགུ་ལས། དང་པོ་དམྱལ་བ་ལ་ཡང་གསུམ་ལས། དང་པོ་དམྱལ་བའི་རིག་གསུམ་མདོར་བསྟན་པ་ནི། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་སྲིད་པའི་འཁོར་ལོ་འདི་ནི་ངན་སོང་གསུམ་ལྷ་མི་གཉིས་དང་འགྲོ་བ་རྒྱུད་ལྔ་དག་ཏུ་གཅིག་ནས་གཅིག་ཏུ་རབ་ཏུ་འཁོར་རོ། །འགྲོ་བ་རྒྱུད་ལྔ་དེ་ལ་དང་པོ་དམྱལ་བ་ལ་ཡང་ཚ་གྲང་གཉིས་དང་། ཉེ་ཚེ་བ་ཞེས་བྱ་བ་དང་རྣམ་པ་གསུམ་ཡོད་དོ། །གཉིས་པ་བྱེ་བྲག་ཏུ་ཚ་དམྱལ་བརྒྱད་སྤྱིར་བསྟན་པ་ནི་ཚ་བའི་དམྱལ་བ་ལ་ཡང་དབྱེ་ན་ཡང་སོས་དང་གཅིག །ཐིག་ནག་དང་གཉིས་བསྡུས་འཇོམས་དང་གསུམ། ངུ་འབོད་དང་བཞི། ངུ་འབོད་ཆེན་པོ་དང་ལྔ། ཚ་བ་དང་དྲུག །རབ་ཏུ་ཚ་བ་དང་བདུན། མནར་མེད་ཅེས་བྱ་བ་དང་བརྒྱད་དུ་བཤད་དོ། །དེ་རྣམས་ཀུན་ལས་ལྷག་པའི་འཁོར་བཅུ་དྲུག་རེ་རེ་ཡོད་དེ། ཀུན་ཀྱང་མི་དགེ་བ་ཆེན་པོ་སྤྱད་པའི་རྒྱུས་དེར་སྲེད་པས་བསླུས་ནས་དེར་རབ་ཏུ་སྐྱེ་བ་ཡིན་བས་དེ་དག་རྣམས་རྒྱས་པར་བཤད་པར་བྱའོ། །གསུམ་པ་རྒྱས་པར་བཤད་པ་ལ་དོན་བཅུ་གཅིག་ཡོད་པའི་ཐོག་མར་ཡང་སོས་ལའང་བདུན་ལས། གཙོ་འཁོར་ཀུན་གྱི་རྒྱུ་འབྲས་ཐམས་ཅད་འཇུག་པ་གཅིག་གིས་འཆད་པས། དམྱལ་ཁམས་བཅོ་བརྒྱད་ཡོད་པའི་དང་པོ་ཡང་སོས་ཀྱི་གཙོ་བོར་སྐྱེ་བའི་རྒྱུ་གང་ཡིན་ཞེ་ན་ཚུལ་ཁྲིམས་དང་ལྡན་པའི་སྡོམ་པ་བླང་པའི་ཚུལ་ཁྲིམས་ཀྱི་ཕྱོགས་སྤྱད་པ་བསད་ནས་དེ་ལ་འགྱོད་པར་མི་བྱེད་ན། ཡང་སོས་ཀྱི་གཙོ་བོར་སྐྱེ་ཞིང་དེར་ལྕགས་ཀྱི་ར་བ་མེ་འབར་བ་དུ་མའི་ནང་དང་། མཚོན་ཆའི་ནགས་ཚལ་དང་། རོ་ཉེ་དང་མི་གཙང་བའི་འབབ་ཆུ་དང་ལྡན་པའི་ནང་དུ་སྐྱེ་ཞིང་། ཕན་ཚུན་གཅིག་གིས་གཅིག་བསོད་པའི་སེམས་དང་ལྡན་ཞིང་། གཤིན་རྗེ་རྣམས་ཀྱིས་མཚོན་རྣོན་གྱིས་གཏུབ་པ་དང་ལུས་གཤོག་པ་ལ་སོགས་པའི་མི་བཟད་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ནས་ལས་མ་ཟད་བར་མི་འཆི་ནས་ཡང་སོས་པར་འགྱུར་རོ། །དེ་ལ་འཁོར་བཅུ་དྲུག་ཡོད་པའི་དང་པོ་ནི། འདོད་ཆགས་ཀྱི་བྱ་དང་ཁྲ་དང་གདོས་དང་རྔོན་ཁྱི་ལ་སོགས་པས་རི་དྭགས་བསད་ནས་འགྱོད་བཤགས་མི་བྱེད་པར་དེ་ལ་དགའ་བར་བྱེད་ན། ཡང་སོས་ཀྱི་འཁོར་དམྱལ་བ་མི་གཙང་བའི་འདམ་ཞེས་བྱ་བར་སྐྱེ་ཞིང་མི་གཙང་བའི་འདམ་ན་རོ་ཚ་བ་ཟངས་བཞུས་པ་ལྟ་བུ་ཡིན་ཏེ། དེའི་ནང་དུ་སྲིན་བུ་མཆུ་རྡོ་རྗེ་ལྟ་བུས་གང་ནས་ཡོད་པས་དམྱལ་བ་དེས་མི་གཙང་བ་དེ་ཟ་བའི་ནང་དུ་སྲིན་བུ་དེ་རྣམས་སོང་ནས་ཁོང་པའི་ནང་ཐམས་ཅད་ཟ་བས་སྲན་མི་བཟོད་པའི་ཚ་ཞིང་རྩུབ་པའི་སྡུག་བསྔལ་མྱོང་ངོ་། །བརྒྱ་ལ་དེར་ཐར་ཡང་རང་གིས་གང་བསད་པ་དེ་ལྟ་བུའི་ལུས་ལེན་ཅིང་། ཚུར་ལ་ཡང་དེ་བཞིན་དུ་གསོད་དོ། །གཉིས་པ་ནི། གལ་ཏེ་རྙེད་པ་དང་། གཙང་ཞིང་ཁེ་བྱེད་པའི་ཕྱིར་སེམས་ཅན་བསད་ནས། འགྱོད་པར་མི་བྱེད་ན་ཡང་སོས་ཀྱི་འཁོར་དམྱལ་བ་ལྕགས་ཀྱིས་བསྒྱུར་བ་བྱ་བར་སྐྱེ་ཞིང་ལྕགས་ཀྱི་ར་བ་མེ་རབ་ཏུ་འབར་བའི་ནང་དུ། མཚོན་ཆའི་ཆར་གྱིས་ཡུང་དཀར་ཙམ་དུ་གཏུབ་ཅིང་བསྲེག་གོ །ཡང་དེ་ན་རལ་གྲི་ལོ་མ་ལྟ་བུའི་ནགས་ཚལ་ཡོད་དེ། སྟེང་འོག་གི་སོ་རྣོ་བ་བ་ཚ་ལྟ་བུའི་ཚལ་ཡོད་དེ། དེ་རྒྱང་རིང་པོ་ནས་ཟས་སྐོམ་དང་སྐྱབས་ཡོད་པའི་ནགས་ཚལ་བཟང་པོར་མཐོང་ནས། བཀྲེས་སྐོམ་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པས་ཆོ་ངེས་འདེབས་ཅིང་སྐྱབས་འཚོལ་བ་ལ་ནགས་དེར་རྒྱུག་པ་དང་། དེ་ན་ཡང་། ནགས་ཚལ་གྱི་མཚོན་ཆ་རྣམས་ཀྱིས་ལུས་གཤོག་པར་བྱེད་དོ། །གསུམ་པ་ནི་རྔ་མོང་དང་། ཕག་གམ། རི་བོང་ངམ། སེམས་ཅན་གང་ཡང་རུང་བ་སྤུ་དབྱེ་བའི་དོན་དུ་སྣོད་དུ་བཙོས་ཤིང་གསོད་ན་ཡང་སོས་ཀྱི་འཁོར་དམྱལ་བ་སྣོད་དུ་བཙོ་བ་ཞེས་བྱ་བར་སྐྱེ་བར་འགྱུར་ཏེ། ལྕགས་ཀྱི་སྣོད་མེ་འབར་བའི་ནང་དུ་སྲན་མ་མུད་པ་བཞིན་དུ་དམྱལ་བའི་མེ་མི་བཟད་པར་འཚེད་དོ། །བཞི་པ་ནི་འཆི་བ་དང་བརྡེག་པ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱིས་སེམས་ཅན་གསོད་ན། ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་གནོད་པ་མ་ཞི་བར་སྐྱེ་བར་འགྱུར་ཏེ། མི་གསལ་ཤིང་གི་བར་དུ་བཙིར་བ་ལྟ་བུའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་གྱི་རིགས་སྣ་ཚོགས་འབྱུང་བར་འགྱུར་རོ། །ལྔ་པ་ནི་སེམས་ཅན་གང་དག་ལྟ་བ་ལོག་པ་ལས་དང་འབྲས་བུ་ཕྱིན་ཅི་ལོག་དུ་སྟོན་པ་དང་མཆོད་སྦྱིན་དག་ལ་ཕྱུག་བསུབ་ནས་གསོད་པ་དང་། རུས་སྦལ་དག་སོ་ཕག་གིས་གཡོག་ཅིང་མུན་པར་འཇུག་པ་བྱེད་པ་དེ་དག་ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་མུན་པར་སྐྱེ་བར་འགྱུར་རོ་དར་ཁབ་ཀྱི་མིག་ཙམ་གྱི་བུ་ག་མེད་པའི་མུན་པའི་ནང་དུ་མུན་པའི་མེས་བསྲེག་ཅིང་རྡོ་རྗེ་ལྟ་བུའི་རི་ཤུག་དྲག་པོ་གཉིས་འོང་ཞིང་། དེའི་བར་དུ་ལས་ཀྱིས་བདས་ནས་བྱེ་མ་གཏོར་བ་བཞིན་དུ་ཐལ་བར་རློག་ཅིང་། སྤུ་གྲི་ལྟ་བུའི་རླུང་གིས་ཡན་ལག་ཐམས་ཅད་གཅོད་པར་བྱེད་དོ། །དེར་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་སྲན་མི་བཟོད་པར་ངུ་མོའི་སྒྲ་ཆེན་པོ་འབྱིན་ཏོ། །དྲུག་པ་ནི། དེ་ཡང་རྔ་དང་དུང་དང་། བོང་བུའི་སྐད་ཀྱིས་ནགས་ཁྲོད་ན་རྒྱུ་བའི་བྱ་དང་། སེངྒེ། དྲེད། གུང་། སྤྲེལ་ལ་སོགས་པ་རྣམས་བག་ཚ་བ་མེད་པར་གནས་པ་རྣམས་སྐྲག་དུ་བཅོལ་ནས་བསད་ན། ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་ཀུན་ཏུ་མི་དགའ་བར་སྐྱེ་བར་འགྱུར་ཏེ། མེ་ནང་དུ་བཅུག་ན་བྱ་ཤ་ཟ་བ་རྣམས་དང་། སྲིན་པོ་དང་། ཝ་རྣམས་ཀྱིས་མི་སྙན་ཅིང་རབ་ཏུ་འཇིག་པའི་སྒྲ་སྒྲོག་ཅིང་ཤ་ཟ་བ་དང་། མང་ཀོ་ཏས་མཆུ་རྡོ་རྗེ་ལྟ་བུས་རུས་པའི་གསེབ་དང་། ནང་ཁྲོལ་དང་རྣ་བ་ཟའོ། །བདུན་པ་ནི་སེམས་ཅན་བག་ལ་ཉལ་བདོ་བ་དང་ཞེ་འདྲས་པ་བ་དོ་བའི་ཕ་རོལ་བ་བདེ་བའི་སེམས་ཅན་ནི་སེམས་ཅན་གཞན་ལ་གནོད་པ་དུ་མས་སྡུག་བསྔལ་གྱི་ཚོར་བ་དུ་མ་འདོན་ནས་སེམས་ཅན་མང་པོ་གསོད་པར་བྱེད་པ་དེ་ནི། དམྱལ་བ་ཡང་སོས་ཀྱིས་འཁོར་སེམས་ཅན་དམྱལ་བ་ཚོར་བ་བདེ་བར་སྐྱེ་བར་འགྱུར་ཏེ། དེར་ཡང་། བ་ཚ་དང་། མཚོན་དང་། མེ་དང་ངམ་འགྲོ་དང་གཡང་ས་དང་ཕུར་བུ་དང་། མེ་འབར་བའི་འཕྲེང་བའི་རྒྱན་བྱས་པའི་སྡུག་བསྔལ་གྱི་ཚོར་བར་རྟག་ཏུ་རྒྱུན་མི་འཆད་པར་ཉིན་གཅིག་བཞིན་དུ་འབྱུང་བར་འགྱུར་རོ། །བརྒྱད་པ་ནི་དུག་སྦྱིན་ནས་སེམས་ཅན་གསོད་པ་ནི་དམྱལ་བ་ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་ནད་ཐམས་ཅད་པར་སྐྱེ་སྟེ། ནད་སྣ་ཚོགས་ཀྱིས་ལུས་ཉེན་ནས་སྡུག་བསྔལ་སྣ་ཚོགས་འབྱུང་བར་འགྱུར་རོ། །དགུ་པ་ནི་ཉོན་མོངས་པ་འདོད་ཆགས་ཀྱིས་མཚམས་སྦྱར་ནས་ཤན་པ་བྱེད་ན། དམྱལ་བ་ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་མཚོན་བབས་པ་ཞེས་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཀྱིས་ལུས་མགོ་ལུས་ཀུན་གཏུབ་ཤིང་གཤིག་པར་འགྱུར་རོ། །བཅུ་པ་ནི་དམག་དཔོན་བྱས་ནས་གཞན་གསོད་པ་ལ་སོགས་པའི་གནོད་པ་བྱས་ན་ཡང་སོས་ཀྱི་འཁོར་བཅུ་པ་སེམས་ཅན་དམྱལ་བ་གནོད་པ་དྲག་པོ་ཞེས་པར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་གནོད་པ་སྣ་ཚོགས་ཀྱི་ལུས་བཙོ་ཞིང་མཚོན་ཆ་དུ་མའི་ལུས་ལ་བསྣུན་ཞིང་ཉིན་མཚན་མེད་པར་སྡུག་བསྔལ་སྣ་ཚོགས་པ་མྱོང་བར་འགྱུར་རོ། །བཅུ་གཅིག་པ་ནི་གནོད་པ་སྣ་ཚོགས་ཀྱིས་སེམས་ཅན་གསོད་ན། ཡང་སོས་ཀྱི་འཁོར་ནེའུ་ལེ་ནག་པོ་འདྲ་བར་སྟེ། ནེའུ་ལེའི་ནག་ལྟར་ལུས་མེ་འབར་ཞིང་དུད་པས་ཀྱང་ལུས་ལ་ཁྱབ་པར་འགྱུར་རོ། །བཅུ་གཉིས་པ་ནི། གཡོ་ཐབས་སྣ་ཚོགས་ཀྱི་བྱེད་ནས་སེམས་ཅན་གསོད་ན་ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་གཞན་དུ་གྱུར་བ་ཞེས་བྱ་བར་སྐྱེ་སྟེ། བཀྲེས་པས་ཉེན་པས་ཟས་ཚོལ་བ་ལ་འགྲོ་བའི་ཚེ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཁའི་ནང་དུ་ཟངས་ཞུན་བླུགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །བཅུ་གསུམ་པ་སྔགས་ཀྱི་སྦྱོར་བས་སེམས་ཅན་གསོད་ན་ཡང་སོས་ཀྱི་འཁོར་སྡུག་བསྔལ་གྱི་ནོན་པ་ཞེས་བྱ་བར་སྐྱེ་བར་སྐྱེ་སྟེ། སྡུག་བསྔལ་རྣམ་པ་དུ་མས་ལུས་གཙེས་པར་འགྱུར་རོ། །བཅུ་བཞི་པ་ས་མདའ་ལ་སོགས་པ་མཚོན་ཆའི་འཕྲུལ་འཁོར་སྣ་ཚོགས་ཀྱིས་སེམས་ཅན་གསོད་ན། ཡང་སོས་ཀྱི་འཁོར་པད་མའི་འཕྲེང་བ་ཞེས་བྱ་བར་སྐྱེ་བར་འགྱུར་ཏེ། ལུས་པད་མ་ལྟར་ཕྱོགས་ཐམས་ཅད་དུ་གས་ནས་ཁྭ་དང་བྱ་རྒོད་ཀྱིས་ཟ་བར་འགྱུར་རོ། །བཅོ་ལྔ་པ་ཆུའི་སྦྱོར་བས་སེམས་ཅན་གསོད་པར་བྱེད་ན་ཡང་སོས་ཀྱི་འཁོར་སེམས་ཅན་དམྱལ་བ་མཚེའུ་ཞེས་བྱ་བར་སྐྱེ་སྟེ། ཟངས་བཞུས་པའི་ཁུ་བ་དམར་ལྷུད་ལྷུད་བྱེད་པའི་ནང་བར་དུ་ལྷུང་ནས་སྡུག་བསྔལ་བསྲན་མི་བཟོད་པས་ཆོ་ངེས་འདེབས་ཅིང་ངུན་མོའི་སྒྲ་འབྱིན་པར་འགྱུར་རོ། །བཅུ་དྲུག་པ། སེམས་ཅན་གསོད་པའི་ཐབས་དང་དེའི་བསྒྲུབ་བཤམ་བྱེད་པ་ནི་དམྱལ་བ་ཡང་སོས་ཀྱི་འཁོར་གནོད་པ་མཐོང་བ་ཞེས་བྱ་བར་སྐྱེ་བར་འགྱུར་ཏེ། མཚོན་ཆ་རྣོན་པོ་སྣ་ཚོགས་བྲེས་པའི་ལམ་དུ་འགྲོ་བས་ཤ་དང་རྒྱུས་པ་དང་ཡན་ལག་ཐམས་ཅད་གཅོད་ཅིང་དུམ་བུར་བྱེད་པར་འགྱུར་རོ། །དེ་ལ་སོགས་པ་སྡུག་བསྔལ་དུ་མ་རབ་ཏུ་འཁྲུགས་པ་མྱོང་བར་འགྱུར་རོ། །ཡང་ན་མི་ཡི་ལུས་གཅིག་ལ་མཚོན་བསྣུན་པ་དང་མེ་ནང་དུ་བསྲེག་བའི་སྡུག་བསྔལ་ཅི་ཡོད་པའི་རེ་རེ་དམྱལ་བའི་སྡུག་བསྔལ་ནི་དེ་ཙམ་བཅུ་འགྱུར་གྱིས་སྡུག་བསྔལ་ཆེ་བར་གསུངས་སོ། །སྲིད་པ་གཞན་གྱི་རྒྱུ་མཐུན་ནི་བརྒྱ་ལ་དམྱལ་བ་དེ་ལས་ཐར་ཡང་ཡི་དྭགས་དང་དུད་འགྲོར་སྐྱེ་སྟེ་ཐར་ནས་མིར་སྐྱེས་ཀྱང་ཚེ་ཐུང་བ་ནད་རྣམ་པར་སྣ་ཚོགས་ཀྱིས་གཙེས་ནས་སྲོག་དང་འབྲལ་བར་བྱེད་ཅིང་མི་ཁོམ་བའི་གནས་གཞན་དང་མཚུངས་པའི་ལུས་སུ་སྐྱེས་བར་འགྱུར་རོ། །ཚེ་ཚད་ནི་བུད་མེད་བལ་འཁེལ་བའི་ཧ་ཅང་མི་རིང་བ་ཧ་ཅང་མི་ཐུང་བར་མར་སྨེར་པའི་ཚོད་ནི་སྐད་ཅིག་ཡིན་ནོ། །དེ་ལྟ་བུ་ཉི་ཤུ་ལ་དེའི་སྐད་ཅིག །དེ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་མི་ཡི་ལོ་གཅིག །མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་ཅིག་དེ་སུམ་ཅུ་ལ་ཟླ་བ་གཅིག་དེ་བཅུ་གཉིས་ལ་ལོ་གཅིག་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །མི་ལོ་བྱས་ན་ས་ཡ་གཅིག་དང་འབུམ་ཕྲག་བརྒྱད་ཡོད་དོ། །དེ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་བྱས་པ་དེ་ལྟར་དུ་དམྱལ་བ་ཡང་སོས་པ་རྣམས་ཀྱི་ཚེའི་ཚད་ནི་རང་ལོ་ལྔ་བརྒྱ་ཐུབ་སྟེ། མི་ལོ་བྱས་ན་བྱེ་བ་ཕྲག་འབུམ་དང་། བྱེ་བ་དྲུག་ཁྲི་དང་། བྱེ་བ་ཉིས་སྟོང་རྣམས་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ནི་རྫོགས་པ་དང་མ་རྫོགས་པས་དུས་མ་ཡིན་པར་འཆི་བ་ནི་ཡོད་དེ། གཉིས་པ་ཐིག་ནག་བཤད་པ་ལ། དམྱལ་བའི་མིང་རྒྱུ་འབྲས་སྡུག་བསྔལ་སོ་སོ་སྦྱར་ནས་བཤད་པ་ཡིན་པས། གཙོ་བོའི་རྒྱུ་འབྲས་ནི། སེམས་ཅན་དམྱལ་བ་ཐིག་ནག་གི་སྤྱིར་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་བྱུང་བ་ཡིན་ཏེ། ཁྱད་བར་དུ་ཡང་དེའི་གཙོ་བོ་སྐྱེ་བའི་རྒྱུ་ནི། སྲོག་གཅོད་པའི་རྒྱུ་འབྲས་སྔར་གོང་དུ་བཤད་པ་ལྟར་ཡིན་པ་དང་། དེའི་སྟེང་དུ་ཁྱད་པར་དུ་མ་བྱིན་བ་ལེན་པ་ནི་བླ་མ་དང་། དཀོན་མཆོག་གསུམ་དང་། དགེ་འདུན་དང་། ནད་པ་དང་། སྡུག་བསྔལ་ཞིང་། འཕོངས་པར་རྣམས་ཀྱི་ནོར་རྫས་རྣམས་རང་གིས་རྐུ་ཞིང་གཞན་ཡང་དེ་རྣམས་རྐུ་བ་ལ་སྦྱོར་བར་བྱེད་པ་ནི་སེམས་ཅན་དམྱལ་བ་ཐིག་ནག་ནི་གཙོ་བོར་སྐྱེ་བར་འགྱུར་ཏེ་སྡུག་བསྔལ་གྱི་རིགས་ལ་ཅི་སྲིད་པ་མ་ལུས་པ་ཐམས་ཅད་མྱོང་བར་བྱེད་པ་ཡིན་ཏེ། དེ་ཡང་ཐིག་ནག་གི་གནས་ན་ལྕགས་སྲེག་གི་ས་གཞི་མེ་རབ་ཏུ་འབར་བའི་སྟེང་དུ་བཞག་ནས། ལས་ཀྱི་གཤིན་རྗེ་རབ་ཏུ་འཇིགས་པ་མི་སྡུག་པ་ཡིད་དུ་མི་འོང་བ་རྣམས་ཀྱིས། སྤྱི་བོ་ནས་རྐང་བའི་བར་དུ་ཐིག་ནག་པོ་བཏབས་ནས་དཔེར་ན་ཤིང་བཟོ་མཁན་པོས་ཤིང་ལ་བྱེད་པ་ལྟར། སོག་ལེ་མེ་རབ་ཏུ་འབར་བས་ཐིག་དེ་ལ་དྲང་ནས་གཤོག་པར་བྱེད་ཅིང་། སྟ་རེས་ནི་བཞོག་གོ །གསོར་གྱིས་ནི་ལུས་ཕྱི་ནང་མེད་པར་འབུག་པར་བྱེད་ཅིང་དེའི་སྟེང་དུ་ཡང་ཐོ་བས་རྡུང་བར་འགྱུར་རོ། །འཁོར་གྱི་རྒྱུ་འབྲས་དང་པོ་ནི་དད་པ་དང་ལྡན་པའི་ལོངས་སྤྱོད་འཕྲོག་པར་བྱེད་ན་ཐིག་ནག་གི་འཁོར་རོ་མྱག་གི་འདམ་ཞེས་བྱ་བར་སྐྱེ་སྟེ། སྐྲག་ནས་བྲོས་པས་རོ་ཉེའི་འདམ་གྱི་ནང་དུ་ལྷུང་ནས་ལུས་ཀུན་རུལ་ཅིང་མྱག་པར་གྱུར་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །གཉིས་པ། དགེ་འདུན་གྱི་ལོངས་སྤྱོད་པའི་ནོར་རྫས་འཕྲོག་ཅིང་རང་གིས་བདག་གིར་བྱེད་ན་ཐིག་ནག་གི་འཁོར་ཕྱི་སའི་འདམ་ཞེས་བྱ་བར་སྐྱེ་སྟེ། ཕྱི་སའི་འདམ་གྱི་ནང་དུ་ལྷུང་ཅིང་དེའི་ལུས་སྲིན་བུ་མར་ཀོ་ཏས་ཟ་ཞིང་སྡུག་བསྔལ་བར་འགྱུར་རོ། །གསུམ་པ། གཞན་གྱིས་དབང་བའི་ནོར་ཀུན་འཕྲོག་ཅིང་བདག་གིར་བྱེད་ན། ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་རལ་གྲིའི་ཚལ་ཞེས་བྱ་བར་སྐྱེ། རལ་གྲིའི་ཚལ་ཆེན་པོ་ཡོད་པའི་ནང་དུ་སྐྲག་ནས་བྲོས་པས་ལུས་ཀུན་གཏུབ་ཅིང་ཡན་ལག་གི་ཤ་དང་རྒྱུས་པ་ཐམས་ཅད་གཅོད་པར་འགྱུར་རོ། །བཞི་པ་བུ་དང་ཆུང་མའི་ཕྱིར་སྲེད་པ་དང་བཅས་པས་གཞན་གྱི་ནོར་རྫས་བརྐུས་ན། ཐིག་ནག་གི་འཁོར་ཤལ་མ་རི་ཞེས་བྱ་བར་སྐྱེས་སྟེ། ཤལ་མ་རིའི་སྡོང་པོ་ཡལ་ག་དང་ལོ་མ་ཐམས་ཅད་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་སྟེང་དུ་རང་བུ་སྨད་ལ་སྲེད་པའི་དབང་གིས་བུ་སྨད་ཡོད་པར་མཐོང་ནས་འཛེགས་པས་ཡན་ལག་དང་ཤ་དང་རུས་པ་ཐམས་ཅད་གཅོད་པར་འགྱུར་ལ་སྟེང་དུ་ཕྱིན་ན་རྩ་བར་བུ་སྨད་མཐོང་ནས་འཛེགས་པས། ཡང་ཤ་དང་རྒྱུས་པ་དང་ཡན་ལག་ཐམས་ཅད་གཅོད་པར་འགྱུར་རོ། །ལྔ་པ་ཆུའི་འགྲམ་དུ་ཉ་ལ་སོགས་པ་ཆུ་ལ་གནས་པ་རྣམས་འཇོམས་པར་བྱེད་ན། ཐིག་ནག་གི་འཁོར་ཆུ་རླུང་རབ་མེད་ཞེས་བྱ་བར་སྐྱེ་སྟེ། ནོར་དང་ཟས་མཐོང་ནས་དེར་བརྒྱུག་པའི་ཚེ་ཆུ་བོ་ཆེན་པོ་རབ་མེད་པ་ཚ་བའི་དབལ་མེ་དང་འདྲ་བའི་ནང་དུ་ལྷུང་ནས་ལུས་ཐམས་ཅད་མྱག་ཅིང་རུལ། ཤ་དང་རུས་པ་སོ་སོར་འབྱེ་ཞིང་རང་དབང་མེད་ཅིང་སྲན་མི་བཟོད་པའི་སྡུག་བསྔལ་འབྱུང་ནས་ཀྱེ་མ་ཀྱི་ཧུད་ཟེར་ཞིང་ངུན་མོའི་སྒྲ་ཆེན་པོས་འབོད་པར་འགྱུར་རོ། །དྲུག་པ། ནོར་གྱི་ཕྱིར་གཞན་ལ་མཚོན་བསྣུན་པ་ལ་སོགས་པ་བྱས་ནས་གཞན་གྱི་ནོར་རྫས་ཕྲོག་ན། ཐིག་ནག་གི་འཁོར་སྤུ་གྲིའི་ཚལ་ཞེས་པར་སྐྱེ་སྟེ། སྤུ་གྲི་སོ་རབ་ཏུ་རྣོ་བ་རྣམས་ལུས་ལ་ཆར་པ་བཞིན་དུ་འབབ་ནས་སྡུག་བསྔལ་ཆེན་པོ་འབྱུང་བས་ངུན་མོའི་སྒྲ་ཆེན་པོ་འབྱིན་ཅིང་ཡིད་ཀློང་བར་བྱེད་པར་འགྱུར་རོ། །བདུན་པ་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞན་གྱི་ནོར་རྫས་བརྐུས་ན། ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་རྨོངས་པ་ཞེས་བྱ་བར་སྐྱེ་སྟེ། ལྕག་ལེབ་མེ་རབ་ཏུ་འབར་བས་ལུས་དཀྲིས་ནས་དྲན་པ་ཉམས་པར་འགྱུར་རོ། །བརྒྱད་པ། གཞན་བསྲེག་ཅིང་ནོར་རྫས་འཕྲོག་ན་ཐིག་ནག་གི་འཁོར་རབ་ཏུ་རྨོང་བ་ཞེས་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་བརྡེག་ཅིང་ལུས་དུམ་བུར་བྱས་ཀྱང་ལས་མ་ཟད་པས་འཆི་བར་མི་འགྱུར་རོ། །དགུ་པ་ཞེ་སྡང་གི་གཞན་གྱི་ནོར་རྫས་ཕྲོག་ན་ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་སྲེད་པ་ཅན་ཞེས་བྱ་བར་སྐྱེ་སྟེ། ལྕགས་ཀྱི་གཞི་མེ་འབར་བའི་སྟེང་དུ་མེ་འབར་བའི་ཕུར་བུས་ལུས་བརྒྱངས་ནས་མཚོན་རྣོན་པོས་ཡན་ལག་དང་གནད་ཀུན་གཅོད་པར་འགྱུར་རོ། །བཅུ་པ་ལྟ་བ་ངན་པའི་བསྟན་ཆོས་ཀྱི་གཏན་ཚིག་དང་དཔེ་དག་གིས་ཚུལ་ཁྲིམས་སྤང་པའི་མི། ངམ་འགྲོག་དང་གཡང་སར་རབ་ཏུ་ལྷུང་བ། ཡང་དག་པ་མ་ཡིན་པའི་དབང་དུ་སོང་བ་སྟེ། ཐིག་ནག་གི་འཁོར་སྲེད་པ་མི་ཟད་པས་ཉེན་པ་ཞེས་བྱ་བར་སྐྱེ་སྟེ། མི་དེ་ཐག་པ་མེ་འབར་བས་བཅིང་ནས་དཔག་མང་པོར་གྱེན་དུ་བཏེག་ནས། མཐུར་དུ་ངམ་འགྲོག་དང་སྤུ་གྲི་དང་མཚོན་གྱི་ནང་དུ་འདོར་བར་བྱེད། ཡན་ལག་ཐམས་ཅད་བཅད་ཅིང་ངུ་མོའི་སྒྲ་འབྱིན། ཁྱི་མཆེ་བ་རབ་ཏུ་རྣོ་བ་རྣམས་ཀྱིས་ཀུན་ཏུ་ཟ་བར་བྱེད་ཅིང་སྡུག་བསྔལ་གྱི་དབང་གིས་ངུ་མོའི་སྒྲ་ཆེན་པོ་འབྱིན་ཀྱང་དེ་ལ་སྐྱབ་བྱེད་པ་ནི་མེད་པའི་སྟེང་དུ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་འདི་སྐད་ཅེས་སྨྲའོ། །ལོག་པར་ལྟ་བའི་གཏི་མུག་གིས། །གཏི་མུག་ལུས་ཅན་སྐྱེ་བོ་ཁྱོད། །དམ་པའི་ཆོས་ལ་རྨོངས་པ་ན། །སེམས་ཅན་དམྱལ་བ་ཆེན་པོར་ཁྲིད། །གནོད་པ་མི་བཟད་འདུས་པ་ཐོབ། །ཁྱོད་ཀྱིས་མི་དགེ་བྱས་པ་ཡི། །རྨོངས་པ་དེའི་འབྲས་བུ་སྤྱོད། །ཁྱོད་ཀྱིས་ལེགས་པ་དག་མ་བྱས། །རང་གི་སེམས་ཀྱིས་ཡོང་བསླུས་པ། །གཞན་གྱི་ནོར་དག་འཕྲོག་པ་དང་། །གཞན་གྱི་ཆུང་མ་བསྟེན་བ་ཡི། སྐྱེ་བོ་དག་ནི་རྟག་ཏུ་བཅིངས། །དེའི་ལས་ཀྱི་རྣམ་སྨིན་གྱིས། །ཁྱོད་ནི་དེ་རིང་དམྱལ་བར་བསྲེག །མི་ཡི་ཐ་མ་རང་གིས་སུ། །ལས་ངན་བསགས་པས་ངུར་ཅི་ཡོད། །ཁྱོད་ཀྱིས་ལས་ངན་བྱས་པ་ལ། །ཕྱིས་ན་འགྱོད་པར་མ་གྱུར་ཏམ། །སྔོན་གྱི་ཡུལ་གྱིས་དབང་བྱས་ཤིང་། །སྲེད་པ་དག་གིས་ཡོངས་སུ་བསླུས། །བདག་ཉིད་ངན་པ་བདག་ཉིད་ཀྱིས། །བྱས་པས་བདག་ཉིད་ངུར་ཅི་ཡོད། །ཅི་ཕྱིར་ཁྱོད་ནི་བསྲེག་མི་བྱེད། །ཅེས་བརྗོད་ནས། ལས་མ་ཟད་བར་དུ་ལོ་འབུམ་ཕྲག་མང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །བཅུ་གཅིག་པ་བཟའ་བ་ཁོ་ནའི་ཕྱིར་གཞན་གྱི་ནོར་རྫས་རྐུས་ན། ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་ཐུ་ལུམ་ཟ་བྱ་བར་སྐྱེ་སྟེ། བཀྲེས་པའི་དབང་གིས་ཟས་ཚོལ་བའི་ཚེ་གཤིན་རྗེའི་སྐྱེས་བུས་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བ་ཁའི་ནང་དུ་བཅུག་ནས་ནང་ཁྲོལ་ཐམས་ཅད་བསྲེག་པར་འགྱུར་རོ། །བཅུ་གཉིས་པ་བཏུང་བ་ཁོ་ནའི་ཕྱིར་གཞན་གྱི་ནོར་རྫས་རྐུས་ན་ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་ཟངས་ཁུ་ཐུང་བ་ཞེས་བྱ་བར་སྐྱེ་སྟེ། སྐོམ་པའི་དབང་གིས་བཏུང་བའི་འཚོལ་བའི་ཚེ་ཁའི་ནང་དུ་ཟངས་བཞུས་པའི་ཁུ་བ་མེ་འབར་བ་བླུགས་པས་ནང་ཁྲོལ་རྣམས་བསྲེག་པར་འགྱུར་རོ། །བཅུ་གསུམ་པ་ཐན་འགྱེད་ལ་སོགས་པ་བྱེད་ནས་ཐན་གཏོང་ཞིང་གནོད་པས་ཕ་རོལ་གྱི་སེམས་ཚིམ་པར་བྱེད་ན་ཐིག་ནག་གི་འཁོར་སྲེག་པ་མི་ཟད་པར་སྐྱེ་སྟེ། །ཐག་པས་བཅིང་ནས་མེ་འབར་བའི་མཚོན་ཆའི་ནང་དུ་ལྷུང་བར་འགྱུར་རོ། །བཅུ་བཞི་པ་མུན་པའི་ཁྲོད་དུ་མ་བྱིན་པར་ལེན་པ་ནི་ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་མུན་པ་ཅན་ཞེས་བྱ་བར་སྐྱེ་སྟེ། མུན་ནག་གི་ནང་དུ་དུ་བ་ཀུན་ཁར་འཇུག་པར་བྱེད་པར་འགྱུར་རོ། །བཅོ་ལྔ་པ་བག་མེད་ཀྱིས་གཞན་དབང་བའི་དཀོར་ལ་བདག་གིར་བྱེད་ཅིང་སྤྱད་པ་དང་། གཞན་ལ་སྙད་བཏག་ནས་ཕྱུག་གསོད་པ་དང་། ལྷ་ལ་སྙད་བདགས་པའམ། བྲམ་ཟེ་འདོད་པའི་སྲེག་པས། ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་རབ་ཏུ་མི་ཟད་པར་སྐྱེ་སྟེ། མེ་འབར་བའི་སྣོད་ཀྱི་ནང་དུ་རོ་ཉེ་དང་ཟངས་ཞུན་ཁུ་བ་དང་། བྱ་རོག་དང་། བྱ་རྒོད་དང་། ཕག་རྒོད་གཏུམ་པོ་རྣམས་ཀྱིས་མིག་འབྱིན་པ་དང་། ཡན་ལག་ཐམས་ཅད་གཅོད་པར་འགྱུར་རོ། །བཅུ་དྲུག་པ་རྒྱལ་ཕམ་གྱི་ཕྱིར། མི་བསད་པའམ་བཅིངས་པའམ་བཀྲེས་པའམ་སྐོམ་པ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པར་བྱས་ན་ཐིག་ནག་གི་འཁོར་སེམས་ཅན་དམྱལ་བ་བྱ་རྒོད་ཀྱིས་འཇིགས་པར་སྐྱེ་སྟེ། ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བའི་ནང་དུ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མཚོན་སྣ་ཚོགས་ཀྱིས་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བའི་ཆད་དུ་མ་གཅོད་པས། དེ་ཡིས་མྱོང་བར་འགྱུར་བའི་སྡུག་བསྔལ་འདི་ནི་སྲན་བཟོད་པ་མེད་དེ། ཡང་སོས་ཀྱི་སྡུག་བསྔལ་བཅུ་འགྱུར་ཀྱང་སྡུག་བསྔལ་ལྷག་པར་འགྱུར་རོ། །རྒྱུ་མཐུན་བརྒྱ་ལ་དེ་ལས་ཐར་ཀྱང་ཡི་དྭགས་ཀྱི་འཇིག་རྟེན་དུ་རབ་ཏུ་སྐྱེ་བར་འགྱུར་ཞིང་མིར་སྐྱེས་ན་ཡང་ལོངས་སྤྱོད་མེད་ཅིང་ནོར་ཉམས་པར་འགྱུར་བའི་ལུས་སུ་སྐྱེའོ། །ཚེ་ཚད་ནི་མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་གྱི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག་བྱས་པའི་རང་ལོ་སྟོང་ཐུབ་བོ། །མི་ལོ་བྱས་ན་བྱེ་བ་ཕྲག་གསུམ་དང་ས་ཡ་དྲུག་ཡོད་དེ་ཐམས་ཅད་ཐིག་ནག་གི་ཞག་གཅིག་ཡིན་དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་བྱས་པའི་ཐིག་ནག་འདི་དག་གིས་རང་ལོ་སྟོང་ཐུབ་སྟེ། མི་ལོ་བྱས་ན་བྱེ་བ་ཕྲག་འབུམ་ཕྲག་ནི་བཅུ་གཉིས་དང་། ཡང་བྱེ་བ་ཕྲག་དགུ་ཁྲི་དང་། ཡང་བྱེ་བ་ཕྲག་དྲུག་སྟོང་ཉིད་ཡིན་ནོ། །རྒྱུ་མི་དགེ་ཅི་བྱས་པ་བཞིན་དུ་འབྲས་བུ་སྡུག་བསྔལ་ཡང་མྱོང་བར་འགྱུར་ཏེ། དེ་ཡང་། ལོངས་སྤྱོད་ལ་སྟེར་ཅིང་འདོད་པས་བསླུས་ནས་མི་དགེ་བ་བྱས་པའི་མཐུ་ཡིན་གྱི་གཞན་གྱིས་ལན་པ་མ་ཡིན་ནོ། །གསུམ་པ་བསྡུས་འཇོམས་ལ། གནས་དང་རྒྱུ་འབྲས་སོ་སོར་སྦྱར་ནས་བཤད་ན། དང་པོ་གཙོ་བོའི་རྒྱུ་འབྲས་ནི། སྲོག་གཅོད་ལུས་ཀྱི་ལས་གསུམ་རྫོགས་པ་དང་། ཁྱད་པར་དུ་ཡང་། རང་གི་ཚུལ་ཁྲིམས་འཇིགས་པར་བྱེད་ཅིང་འདོད་ལོག་སྤྱོད་པ་ལ་དགའ་ཞིང་ཆགས་པར་བྱེད་ན་སེམས་ཅན་དམྱལ་བ་བསྡུས་འཇོམ་དུ་སྐྱེ་སྟེ། བྱ་རྒོད་མཆུ་རབ་ཏུ་འབར་བ་དག་གིས་ཟུང་ནས་རྒྱུ་མ་བླུས་ཏེ་ཟ་བར་བྱེད་དོ། །དེ་ནས་དེར་ནི་གཤིན་རྗེའི་ཁྱི་རྣམས་ཀྱིས་གནོད་པ་སྣ་ཚོགས་ཀྱིས་གནོད་པར་བྱས་པས་དམྱལ་བའི་སེམས་ཅན་རྣམས་ལྷན་ཅིག་ཏུ་འདུས་པའི་ཚེ་ལྕགས་ཀྱི་དྲ་བ་མེ་འབར་བས་སྟེང་ནས་གཡོག་ཅིང་དེའི་སྟེང་ནས་ཐོ་བ་དང་མཚོན་ཆའི་ཆར་པས་ལུས་དམྱལ་ཞིང་བརྡུང་བར་བྱེད་ལ། ཁྱད་བར་དུ་ཡང་འདོད་པར་ལོག་པ་སྤྱད་པའི་རྒྱུ་ཡིས་བྱས་པའི་ཤལ་མ་རི་ཡི་སྡོང་པོ་ཡལ་ག་དང་། འདམ་མ་ཡུ་བ་ཡོད་པའི་སྟེང་དུ་བུད་མེད་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། བྱིས་པའི་ཡིད་འཕྲོག་པ་གཅིག་མཐོང་ནས། བདག་མིར་གྱུར་པ་ན་བདག་གི་ཡིན་ནོ་སྙམ་ནས་ཤིང་དེ་ལ། འཛེག་པས་ལོ་མ་རལ་གྲི་ལྟ་བུ། མཐུར་དུ་ཟུག་པས་ཡན་ལག་ཤ་རྒྱུས་ཐམས་ཅད་གཅོད་པར་བྱེད་དོ། །ཤིང་གི་རྩེར་ཕྱིན་པ་ན་བུད་མེད་དེ་སའི་སྟེང་ན་འདུག་ཅིང་སྐྱེས་བུ་ལ་ཆགས་པའི་མིག་གིས་ལྟ་ཞིང་གདུང་བའི་ཚིག་གིས་འབོད་པ་དང་། ཡང་མཐུར་དུ་བབས་པས་ན་སྤུ་གྲི་ལྟ་བུ་རྣམས་གྱེན་དུ་ཟུག་ནས་ཡན་ལག་ཤ་དང་རྒྱུས་པ་རྣམས་གཅོད་པར་བྱེད་ཅིང་། དེ་རུ་ཡང་དང་ཡང་དུ་དེ་ལྟར་བྱེད་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །སྡུག་བསྔལ་ཆེན་པོ་དེ་ལྟ་བུ་འབྱུང་བ་དེས་ན་སྐྱེས་བུ་དམ་པ་བསམ་ཤེས་པ་རྣམས་ཀྱིས་སྡུག་བསྔལ་གྱི་རྒྱུ་ལུས་ཀྱི་ལས་ངན་ཐམས་ཅད་སྤང་བར་བྱའོ། །གཉིས་པ་འཁོར་གྱི་རྒྱུ་འབྲས་དང་པོ་ནི་སྲོག་གཅོད་མ་བྱིན་གྱི་སྟེང་དུ། བུད་མེད་འོས་པ་མ་ཡིན་པ་ལ་ཚུལ་བཞིན་མ་ཡིན་པའི་འདོད་པ་ལོག་པ་སྤྱོད་ན། བསྡུས་འཇོམས་ཀྱི་གནད་ཀྱི་སེམས་ཅན་དམྱལ་བ་ཚོར་བ་ཚད་པ་ཞེས་པར་སྐྱེ་སྟེ། གསལ་ཤིང་རབ་ཏུ་འབར་བས་ལུས་ཕྱི་ནང་མེད་པ་ཐམས་ཅད་འབིགས་པར་བྱེད་ཅིང་། ལྕགས་ཀྱི་འཕྲ་སྐམ་མེ་འབར་བས་རླིག་པ་འབྱིན་པར་བྱེད་ཅིང་བྱ་རྒོད་ཀྱིས་ཀྱང་ལུས་ཟ་བར་བྱེད་པར་འགྱུར་རོ། །གཉིས་པ། བུད་མེད་འོས་པ་མ་ཡིན་པའི་ཁར་བཅུག་ན། བསྡུས་འཇོམས་ཀྱི་འཁོར་སེམས་ཅན་དམྱལ་བ་འབྲས་བུ་ལ་ལ་བུད་ལྟར་གཅོད་པ་ཞེས་བྱ་བར་སྐྱེ་སྟེ། དེའི་ཁར་ལྕགས་ཀྱི་ཕུར་བུ་མེ་འབར་བཅུག་ནས་བརྡུང་བར་བྱེད་ཅིང་། ཟངས་བཞུས་པའི་ཁུ་བ་ཁར་བླུག་པས་ཁ་དང་ནང་གྲོལ་ཐམས་ཅད་བསྲེག་པར་འགྱུར་རོ། །གསུམ་པ། བུད་མེད་འདོད་ཆགས་སྤྱོད་མི་འདོད་པ་དེའི་མངལ་མ་ཡིན་པ་ཁ་ལ་སོགས་པར་མཐུ་བཙན་ཐོང་གིས་བཅུག་ན། བསྡུས་འཇོམས་ཀྱི་འཁོར་སེམས་ཅན་དམྱལ་བ་གནད་གཅོད་པ་ཞེས་བྱ་བར་སྐྱེ་སྟེ། ལྕགས་ལེབ་མེ་འབར་བ་དག་གིས་ཁ་འགེབ་པར་འགྱུར་རོ། །བཞི་པ། སྤྱོད་པ་བྱེད་མི་ཉན་པའི་བྱིས་པ་གཞན་ངུ་བཞིན་དུ་ཚན་གྱིས་ལྦ་བའི་གནས་སུ་མཐུས་བཅུག་ན་བསྡུས་འཇོམས་ཀྱི་འཁོར་འཇིགས་པར་ལྟ་བ་ཞེས་བྱ་བར་སྐྱེ་སྟེ། སྔོན་མེར་པའི་བུ་དེའི་ལྦ་བའི་གནས་སུ་གཤིན་རྗེས་ཕུར་བུ་བཏབ་པ་བུ་ལ་སྡུག་བསྔལ་འབྱུང་ཞིང་མཐོང་ནས་ཁོ་ལ་ཡང་སྡུག་བསྔལ་འབྱུང་ཞིང་། བུད་མེད་དེའི་སར་རྒྱུག་ནས་འགྲོ་བ་དང་། ཁོ་རང་ཡང་ཁ་སྦུབ་དུ་བཞག་ནས་ཟངས་ཁུ་མེ་འབར་བ་ལྭ་བའི་གནས་སུ་ལྷུག་པས་ནང་གྲོལ་ཐམས་ཅད་བསྲེག་པར་འགྱུར་རོ། །ལྔ་པ། གང་གིས་རྟའམ་ཕྱུག་རྨིག་ཟླུམ་གཅིག་གི་མངལ་དུ་བུད་མེད་གཞན་ཞིག་ཡིན་པར་བསམ་ནས་བཅུག་ན། བསྡུས་འཁོར་སེམས་ཅན་དམྱལ་བ་འཁུམས་ཞེས་བྱ་བར་སྐྱེ་སྟེ། སྔར་སྤྱོད་པ་བྱས་པའི་བའམ་རྟ་རྒོད་མ་དེ་ལས་ཀྱིས་བྱས་པས་དེར་ཡོད་པར་མཐོང་ནས་དེ་ལ་འདོད་ཆགས་ཀྱིས་སོང་ནས་སྤྱད་པའི་ཚེ་དེའི་ཁོང་པར་རང་ཉིད་ནུབ་པས་དེའི་ཁོང་མེ་མདག་རབ་ཏུ་འབར་བ་དག་གིས་གང་བའི་ནང་དུ་ལོ་འབུམ་ཕྲག་མང་པར་བསྲེག་ཅིང་འཚོད་པས་ངུ་བར་ཡང་མི་ནུས་པར་འགྱུར་རོ། །དྲུག་པ་སྐྱེས་པའི་གཤང་ལམ་དང་ཁ་ལ་སོགས་པར་འཇུག་པར་བྱེད་ན། བསྡུས་འཇོམས་ཀྱི་འཁོར་དམྱལ་བ་ཉམ་ང་བ་མང་ཞེས་བྱ་བར་སྐྱེ་སྟེ། སྐྱེས་པ་དེ་ཉིད་གཤིན་རྗེའི་སྐྱེས་བུ་རབ་ཏུ་འཇིག་པ་གཅིག་ཏུ་མཐོང་ནས་དེས་འཇིག་ཤིང་ཞུམ་པ་དང་ཡན་ལག་ཐམས་ཅད་ལ་གནོད་པ་བྱེད་ཅིང་ལྕགས་ཀྱི་རྫ་མ་མེ་འབར་བའི་ནང་དུ་འཚོད་པར་འགྱུར་རོ། །བདུན་པ། སྡེ་པ་གཞན་གྱི་བུད་མེད་ཐོབ་ནས། སྐྱེས་པ་མང་པོ་ལ་བྱིན་ཞིང་སྤྱོད་དུ་བཅོལ་བདག་ཉིད་ཀྱང་དེའི་མངལ་ལམ་མངལ་མ་ཡིན་བ་ཁའམ་གཤང་བར་འཇུག་པར་བྱེད་ན། བསྡུས་འཇོམས་ཀྱི་འཁོར་དམྱལ་བ་གནོད་པ་མི་ཟད་པ་ཞི་བར་སྐྱེ་སྟེ། གཤིན་རྗེའི་མི་རྣམས་ཀྱིས་རྐང་པ་གྱེན་དུ་ཤིང་ཁར་བཏག་ནས་ལུས་ཐམས་ཅད་བསྲེག་པས་སྡུག་བསྔལ་གྱི་ཉམ་ཐག་ནས་ངུ་ཞིང་ཁྲོ་བའི་ཁར་མེ་བླུགས་པས་ལུས་ཕྱི་ནང་ཀུན་བསྲེག་པ་དང་བྱ་ཀུན་གྱིས་ཟ་བར་འགྱུར་རོ། །བརྒྱད་པ། བུད་མེད་མ་རྙེད་ནས། ལུག་མ་མོའམ། བོང་བུ་ལ་འཇུག་པར་བྱེད་ན། བསྡུས་འཇོམ་གྱི་འཁོར་དམྱལ་བ་ཨ་ཚ་ཞེས་བྱ་བར་སྐྱེ་སྟེ། ལྕགས་ཀྱི་གྲོག་སྦུར་གྱི་ལུས་ལ་ཟ་བར་བྱེད། ལྟོ་ཡང་མེས་གང་ནས་བསྲེག་གོ །སྲིན་བུ་ཨ་ཚ་ཞེས་བྱ་བས་ལུས་གཡེང་ཞིང་ཤ་ཟ། ཁྲག་འཐུང་། རྒྱུས་པ་གཅོད། རྐང་འཇིབ་པའི་ཚེ། སྡུག་བསྔལ་བསྲན་མི་བཟོད་པས་འོ་དོད་འབོད་ཅིང་ངུ་ལ་ཆོ་ངེས་འདེབས་ཤིང་སྙིང་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་འགྱུར་རོ། །དགུ་པ། སྲིང་མོ་དང་མ་ལ་བྱེད་ན་བསྡུས་འཇོམ་གྱི་འཁོར་དམྱལ་བ་ཀྱི་ཧུད་ཟེར་བར་སྐྱེ་སྟེ། ལྕགས་ཀྱི་རི་ཁ་སྤུངས་པ་ཞེས་བྱ་བ་དཔག་ཚད་སྟོང་ལྔ་བརྒྱར་མེ་འབར་བ་གཅིག་ཡོད་དེ། ལྕགས་ཀྱི་ལྗོན་པ་དང་། ལྕགས་ཀྱི་ཁ་རབ་ཏུ་འབར་བས་གང་བ་གཅིག་ཡོད་དེ། དེར་གཤིན་རྗེའི་མི་རྣམས་ཀྱིས་སྡུག་བསྔལ་དཔག་ཏུ་མེད་པ་བཏོན་པས་རི་དེ་སྐྱབ་ཀྱི་ཚོལ་དུ་མཐོང་ནས་དེར་བྲོས་པ་དང་། མེ་འབར་བ་དག་གིས་ལུས་ཚིག་པ་དང་། ཁ་རབ་ཏུ་འབར་བ་མཆུ་རྣོ་བ་རྣམས་ཀྱིས་མགོ་ལུས་རྣམས་སོ་སོར་གཏོར་ནས་ཟ་བར་འགྱུར་རོ། །དེ་ལས་མ་ཟད་པར་དུས་མ་ཡིན་པར་འཆི་བ་ནི་མེད་དོ། །བཅུ་པ། དགེ་སློང་མ་ཚུལ་ཁྲིམས་རལ་བ་ལ་སྤྱད་ན། བསྡུས་འཇོམ་གྱི་འཁོར་མཆི་མའི་རྒྱུན་མེ་ལྟ་བུར་སྐྱེ་སྟེ། མིག་གི་ནང་དུ་སེང་ལྡིང་གི་རྟག་མས་འགེངས་པས་སྡུག་བསྔལ་བས་མཆི་མ་གང་འབྱུང་བ་དེ་མེའི་མཆི་མ་འབྱུང་བས་ལུས་བསྲེག་པར་འགྱུར་རོ། །ཕྲ་སྐམ་རབ་ཏུ་འབར་བས་གཞང་གདང་བའི་ནང་དུ་ཞ་ཉེ་བསྐོ ལ་བས་བཀང་སྟེ། ནང་ན་ནི་ཞ་ཉེ་བསྐོལ་བས་བསྲེག་ལ། ཕྱི་ན་ནི་མཆི་མའི་མེས་བསྲེག་པར་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །བཅུ་གཅིག་པ། འདོད་ཆགས་བདོ་བ་དག་གིས་བུད་མེད་ཀྱི་སྐྱེ་གནས་མ་ཡིན་བ་ཁའམ་རྐུབ་ལ་སྤྱད་ན། བསྡུས་འཇོམ་གྱི་འཁོར་དམྱལ་བ་དབང་པོ་ཐམས་ཅད་འགག་པ་ཞེས་བྱ་བར་སྐྱེ་སྟེ། ཁའི་ནང་དུ་མེས་བཀང་ནས་ཟངས་བཞུས་པའི་ཁུ་བས་ཁ་ཡང་ཡང་ཏུ་བརྫངས་བར་བྱེད་ཅིང་འོག་ཏུ་སྲོག་ཆགས་མར་ཀོ་དས་ཟ་བར་བྱེད། མེའི་དབུས་སུ་བསྲེག་ཅིང་གྲོག་སྦུར་མེ་འབར་བས་མིག་འགང་ནས་ཟ་ཞ་ཉེས་ནི་རྣ་བ་བཀང་། རལ་གྲིས་ནི་སྣ་བཅད། སྤུ་གྲིས་ནི་ལྕེ་བཅད། སྤུ་གྲིའི་ཆར་གྱིས་ནི་ལུས་གཤེགས་ནས་སྡུག་བསྔལ་ནི་དཔེ་མེད་པ་འབྱུང་བར་འགྱུར་རོ། །བཅུ་གཉིས་པ། དགེ་སྦྱོང་ཁས་ཆེས་པ་གང་གིས་སྔོན་རང་གི་མེད་ལ་འདོད་པའི་བུད་མེད་དག་ལ་སེམས་གཏོང་ཞིང་ཡང་ཡང་དུ་ཡིད་ལ་བྱེད་པས་མཚན་མའི་རྨི་ལམ་དུ་བུད་མེད་ལ་འཁྲིག་པ་སྤྱད་པ་རྨིས་ནས། སད་པ་ན་དེ་དགའ་ཞིང་རྗེས་སུ་ཆགས་པར་བྱེད་ཅིང་འགྱོད་པ་དང་བཤགས་པ་མི་བྱེད་ན། བསྡུས་འཇོམས་ཀྱི་འཁོར་དམྱལ་བ་པད་མ་ལྟར་གས་པར་སྐྱེ་སྟེ། བུམ་པ་དག་གི་ནང་དུ་འཚོད་ཅིང་ལྕགས་ཀྱི་གཏུན་ཤིང་གིས་བརྡེག་གོ་དེ་ལ་སོགས་སྡུག་བསྔལ་གྱིས་བརྡེག་པར་འགྱུར་རོ། །བཅུ་གསུམ་པ། གང་གིས་བུད་མེད་འོས་པ་མ་ཡིན་པ་དྲན་ནས། འདོད་ཆགས་ཀྱི་དབང་གིས་ཁུ་བ་འབྱིན་པར་བྱེད་ན་བསྡུས་འཇོམས་ཀྱི་འཁོར་དམྱལ་བ་ཚོར་བ་ཚད་མེད་པ་ཞེས་བྱ་བར་སྐྱེ་སྟེ། དེ་རང་གི་ལས་ཀྱིས་བྱས་པའི་ཚོར་བ་ཚད་མེད་པ་འབྱུང་སྟེ། མེའི་ཚོར་བ་དང་། མཚོན་གྱི་ཚོར་བ་དང་། བ་ཚའི་ཚོར་བ་དང་། ནད་ཀྱི་ཚོར་བ་དང་སྡུག་བསྔལ་སྲན་མི་བཟོད་པའི་ཚོར་བ་སྣ་ཚོགས་མྱོང་བར་འགྱུར་རོ། །བཅུ་བཞི་པ །དགེ་སྦྱོང་ལྟར་འཆོས་པ་གང་ཞིག་མྱ་ངན་ལས་འདས་པ་སྨོས་ཅིང་ཐར་པ་འདོད་པ་མ་ཡིན་པར་བདག་ལྷར་སྐྱེས་ནས་ལྷ་མོ་རྣམས་ཀྱིས་བསྐོར་ནས་དེ་དང་སྤྱོད་པར་གྱུར་ཅིག་སྙམ་ནས་འདོད་ཆགས་ཀྱི་སེམས་ཀྱིས་ཚངས་པར་སྤྱོད་པ་ནི། བསྡུས་འཇོམ་གྱི་འཁོར་དམྱལ་བ་པད་མ་ཆེན་པོ་ལྟར་གས་པར་ཞེས་བྱ་བར་སྐྱེ་སྟེ། བ་ཚའི་མཚོ་ཟངས་ཁུ་ལྟར་ཚ་བའི་ནང་དུ་བཙོ། དེ་ལས་ཐར་ནས་མཚོ་དང་པད་མ་ཡོད་པར་མཐོང་ནས་དེ་ལ་སྐྱབས་འཚོལ་བའི་ཕྱིར་རྒྱུག་པ་དང་། པད་མ་ནི་ལྕགས་ལས་བྱས་པས་སྤུ་གྲི་ལྟ་བུ་ཡིན་པས་ལུས་ཐམས་ཅད་ཟ་བར་བྱེད་གཅོད་པར་བྱེད། གཤེགས་པར་བྱེད། རྡུང་བར་བྱེད་པར་འགྱུར་རོ། །བཅོ་ལྔ་པ། དགེ་སྦྱོང་དུ་དམ་བཅས་པ་དག །སྔོན་གྱི་རང་དང་བུད་མེད་དང་བརྩེས་པ་དང་རྒོད་པ་དང་དགའ་བ་དེ་དྲན་ནས་དེ་འདོད་པ་ཉིད་ལ་ཡང་ཡང་སེམས་པར་བྱེད། ཆགས་པར་བྱེད། དུས་རྒྱུན་དུ་ཡིད་ལ་ཡོངས་སུ་རྟོག་པར་བྱེད་ཅིང་། དཀོན་མཆོག་གསུམ་དང་། འཆི་བ་མི་དྲན། འཁོར་བ་ལ་ཡིད་མི་འབྱུང་། དགེ་བའི་ཆོས་མི་སྒྲུབ་ན། བསྡུས་འཇོམ་གྱི་འཁོར་དམྱལ་བ་མེ་ཐབ་ཞེས་བྱ་བར་སྐྱེ་སྟེ། མེ་ཐབ་དུ་མེ་ལྕེ་ཆེན་པོ་གཅིག་ཏུ་འབར་བའི་ནང་དུ་བསྲེག་པར་བྱེད་པ་སྡུག་བསྔལ་བས་ངུ་སྐད་འབྱིན་པའི་ཚེ། ཁར་མེས་བཀང་ངོ་། །ཚུལ་ཁྲིམས་ཅན། ཆགས་པ་ཆེན་པོས་འདོད་སེམས་བསྐྱེད་ནས་བུད་མེད་ལ་མིག་གཅེར་ན་མེས་མིག་བསྲེག་གོ །བུད་མེད་ཀྱི་གླུ་དབྱངས་ལེན་ཅིང་རྒོད་པ་དང་སྒྲ་འབྱིན་པ་ལ་ཆགས་པས་ཞེན་ཅིང་ཉན་པ་དེའི་རྣ་བ་རོ་ཉེ་རབ་དུ་བསྐོལ་བས་འགེངས་པར་འགྱུར་རོ། །བཅུ་དྲུག་པ། དགེ་སྦྱོང་དུ་ཁས་བླངས་པ་དག །བུད་མེད་གཞོན་ནུ་མ། གླུ་གར་དང་བརྩེ་བ་དང་། སྒེག་པ་དང་། ལྟ་ན་སྡུག་པ་དང་། ཡིད་དུ་འོང་བ་རང་གིས་མཐོང་ཞིང་ཐོས་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཆགས་པ་ཡིད་ལ་བྱས་ནས་རང་གི་ཁུ་བ་བྱུང་ལ་དེ་ལ་དགའ་བར་བྱེད། དེའི་རོ་མྱོང་བར་བྱེད་ཆགས་པར་བྱེད་ཞེན་པར་བྱེད་ན། བསྡུས་འཇོམ་གྱི་དམྱལ་བ་ལྕགས་ཀྱི་མེ་མདག་ཞེས་བྱ་བར་སྐྱེ་སྟེ། ལྕགས་ཀྱི་ར་བ་གྲུ་བཞི་པའི་ནང་དུ་མེའི་ཆར་དང་། ལྕགས་ཀྱི་མེའི་ཆར་རྒྱུན་མི་ཆད་པ་འབབ་པས་སྡུག་བསྔལ་བསྲན་མི་བཟོད་པ་འབྱུང་བར་འགྱུར་རོ། །རྒྱུ་མཐུན་ཚེ་ཚད་གཞུང་དུ་གསལ་ལོ། །ངུ་འབོད་ལ། གཙོ་བོ་ཡི་གནས་རྒྱུ་འབྲས་ནི། ལུས་ཀྱི་ལས་གསུམ་དང་ཆང་བསྟེན་ཅིང་དགའ་བར་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་མཁས་པ་བསམ་གཏན་གྱི་བདེ་བས་སེམས་སྦྱང་པ། ཞི་བའི་དགེ་སློང་གི་དགེ་འདུན་གྱི་འཁོར་གྱི་ནང་དུ་ཆང་བྲིམས་པ་སྟེ་ར་རོ་ཞིང་མྱོས་པར་བྱས་ན། དམྱལ་བ་ངུ་འབོད་ཀྱི་གཙོ་བོར་སྐྱེ་སྟེ་ལྕགས་སྲེག་གི་སྟེང་དུ་གཤིན་རྗེའི་སྐྱེས་བུས་ཕྲ་སྐམ་གྱིས་ཟངས་དམར་པོ་བསྐོལ་བའི་ཁུ་བ་ཁར་བླུག་ནས་སྡུག་བསྔལ་བསྲན་མི་བཟོད་པས་ངུ་བའི་ནང་གྲོལ་ཐམས་ཅད་བསྲེག་ཅིང་དུད་པ་འཐུལ་བ་དང་། སྐོལ་མའི་ནང་ཟངས་ཁུ་ཁོལ་བ་ནི་ལྷག་ལྷག་ཟེར་བའི་སྒྲ་འབྱིན་ཅིང་གནོད་པ་གཞན་ཡང་དཔག་ཏུ་མེད་པ་འབྱུང་བས་སྡུག་བསྔལ་བསྲན་མི་བཟོད་ནས་ངུ་མོའི་སྒྲ་ཆེན་པོ་འབྱིན་པའི་ཚེ། གཤིན་རྗེའི་མི་རྣམས་ཀྱིས། དེ་ལ་འདི་སྐད་ཅེས་སྨྲའོ། །སྡིག་པ་དག་ནི་བྱེད་པ་ན། །འབྲས་བུ་ཚ་བར་ཤེས་པར་གྱིས། །ཅི་ལྟར་བློ་གྲོས་ངན་པ་དག །སྡིག་པ་དག་གི་ལས་བྱས་པ། །མ་ངུ་དེ་ལྟར་ལ་འུར་སྤྱོད། །སྨྲེ་སྔགས་དོན་མེད་ཅི་ཞིག་འདོན། །སྡིག་པའི་ལས་ཀྱི་འབྲས་བུ་ནི། །མི་ནི་ཀུན་གྱི་འཐོབ་པར་འགྱུར། །ཆོས་ནི་ཅི་ཕྱིར་བསྟེན་མི་བྱེད། །སྡིག་པ་ཅི་ཕྱིར་རྣམས་མི་སྤང་། །སྡིག་པས་སེམས་ཅན་དམྱལ་བར་འགྲོ། །སྡིག་པ་སྤྱོད་པའི་མི་དག་ནི། །ནམ་ཡང་བདེ་བ་མི་འཐོབ་བོ། །བདེ་འདོད་ཆོས་ལ་རྟག་ཏུ་བསྟེན། །ཅེས་ཡང་ཡང་ཟེར་ཞིང་གནོད་པ་སྣ་ཚོགས་བྱེད་དོ། །ཡང་རི་རབ་ཏུ་འབར་བ་སྲ་ཞིང་མཁྲེགས་པ་གཉིས་ཤུགས་ཀྱིས་རྒྱུགས་པའི་བར་དུ་སེམས་ཅན་དེ་འཇུག་སྟེ། བར་མེད་པར་འཐག་གོ །ཡང་ཕྱིར་བཀྱེད་ནས་ཡང་ཡང་ཤིན་ཏུ་འཐག་པར་འགྱུར་རོ། །འཁོར་གྱི་རྒྱུ་འབྲས་ནི། དང་པོ་གང་གིས་གསོ་སྦྱོང་བ་རྣམས་ལ་ཆང་བླུད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་སྒྲ་ཆེན་བྱའོ་བྱ་བར་སྐྱེ་སྟེ་རོ་ཉེ་རབ་ཏུ་བཞུས་པ་ཁར་བླུད་པས་དམྱལ་བ་གཞན་ལ་མེད་པའི་སྙིང་རྗེའི་སྒྲ་འབྱུང་བར་འགྱུར་རོ། །འཁོར་གཉིས་པ་ནི། ལུས་ཀྱི་གསུམ་དང་། གསོ་སྦྱོང་དང་སྡོམ་པ་བླངས་པ་ལ་ཆང་བླུད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་སྒྲ་འབྱིན་ཞེས་བྱ་བར་སྐྱེ་སྟེ། གཏུན་ཤིང་གིས་བརྡེག་ནས་སྡུག་བསྔལ་བསྲན་མ་བཟོད་པས་སྒྲ་སྐད་ཆེན་པོར་ངུས་ཀྱང་སླར་ཡང་ཡང་བརྡེག་པར་འགྱུར་རོ། །གསུམ་པ། དགེ་བསྙེན་བསླབ་པའི་གཞི་ལྔ་ཡོད་པ་ལ། ཆང་བཏུང་བ་ཡོན་ཏན་ཡིན་པར་བསླབ་པའི་གཞི་འཛིན་འཇུག་ནས་ཆང་འཐུང་པ་ལ་སྦྱར་ན། བསྡུས་འཇོམས་ངུ་འབོད་ཀྱི་འཁོར་དམྱལ་བ་སྐྲ་མེ་འབར་བ་ཞེས་བྱ་བར་སྐྱེ་སྟེ། མེ་ཡི་ཆར་རབ་ཏུ་འབབ་པས་སྐྲ་དང་ལུས་ཀུན་ལ་རྩ་བཞིན་དུ་འབར་ཞིང་བསྲེག་པར་བྱེད་ཅིང་། ཁྱི་དང་། བྱ་རྒོད་དང་། ཝ་དག་གིས་ཟ་སྟེ། ཉོན་མོངས་ཅན་དེ་དག་ངུ་བཞིན་དུ། གཤིན་རྗེ་རྣམས་ལ་འདི་སྐད་ཅེས་སྨྲའོ། །བདག་ཅག་སྙིང་རྗེའི་གནས་སུ་གྱུར། །ཁྱེད་ལ་སྙིང་རྗེ་མེད་དམ་ཅི། །ཁྱེད་ལ་ཞི་བ་མེད་དམ་ཅི། །བདག་ལ་ཁྱེད་ཅག་སྙིང་མི་རྗེ། །ཅེས་སྨྲས་པ་དང་། གཤིན་རྗེ་རྣམས་ཀྱིས་སྨྲས་པ། ཅི་ལྟར་ཁྱེད་ཅག་གཏི་མུག་གིས། །བསྒྲིབ་པའི་སྡིག་ལས་མང་པོ་བྱས། །མེ་བཟད་པ་ཡིས་ཁྱེད་ཅག་བདས། །དེ་ནི་ངེད་ཀྱི་རྒྱུ་མ་ཡིན། །རྨོངས་པས་ཚུལ་ཁྲིམས་མ་བསྲུངས་ཤིང་། །སྡིག་པ་མང་པོ་བསགས་པ་ཡིས། །འབྲས་བུ་དེ་ནི་ཉེ་བར་གནས། །དེ་ནི་ཁྱོད་ལ་དྲག་དུ་འཚེར། །ངེད་ལ་ཅི་ཞིག་སྨྲ་བར་བྱེད། ཆང་ནི་དུག་གི་མཆོག་ཡིན་ཏེ། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །མི་སྡུག་སྡིག་པའི་ཆོས་ཅན་ཏེ། །དེ་ལྟ་བས་ན་དུག་ལྟ་བུའི། །ཆང་འཐུང་བ་ནི་རྣམ་པ་སྤོང་། །ཆང་གིས་འདོད་ཆགས་བསྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་གཏི་མུག་དག །ཡང་དང་ཡང་དུ་བསྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོང་གཅིག །དེ་སྐད་ཟེར་ཞིང་རང་གི་སྡིག་པའི་ལས་མ་ཟད་བར་དུ་སྡུག་བསྔལ་སྣ་ཚོགས་འདོན་པར་འགྱུར་རོ། །བཞི་པ། ཆང་འཚོང་བ་ནི་ཆུ་མང་བར་བྱེད་ལ། གཞན་བསླུས་ནས་གོང་ཐང་གཞན་དུ་འཚོང་ན། རྫུན་དང་། མ་བྱིན་ལེན། ཆང་འ ཐུང་བའི་ཉེས་པ་གསུམ་འབྱུང་བས། ངུ་འབོད་ཀྱི་འཁོར་དམྱལ་མེའི་ཕྱེ་མ་སྲིན་བུ་བྱ་བར་སྐྱེ་སྟེ། གླིང་བཞི་པ་ཐམས་ཅད་དུས་གཅིག་ཏུ་འཆི་བར་བྱེད་ནུས་པའི་རླུང་མཁྲིས་བད་ཀན་འདུས་པའི་ནད་ཐམས་ཅད་དེ་ལ་དམྱལ་བ་དང་མཐུན་པར་འབྱུང་བ་དང་། རང་གི་ལུས་ལ་སྲིན་བུ་སྣ་ཚོགས་འབྱུང་ནས་ལུས་ཐམས་ཅད་སྲིན་བུས་ལྕིབ་ལྕིབ་ཟ་བར་འགྱུར་རོ། །ལྔ་པ། སེང་གེ། སྟག་གཟིག །རི་སྐེག །ཤང་ཤང་། ཏེའུ་ལ་སོགས་པ་བྱ་དང་དུད་འགྲོ་རྣམས་ཆང་གིས་བྲིད་དེ། ཆང་གིས་ཉམས་པར་བྱས་ལ་བཟུང་ནས་བསད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་ལྕགས་ཀྱི་མེ་འབར་བ་གཏུན་ཤིང་བྱ་བར་སྐྱེ་སྟེ། རང་གི་ལས་ཀྱིས་བྱས་པའི་གཏུན་ཤིང་འབར་བ་འབྱུང་བས་ཡན་ལག་ཐམས་ཅད་ཕྱེ་མར་རློག་པས། སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་ནས་འོ་དོད་ཆེན་པོས་ངུ་སྐད་འབྱིན་པར་འགྱུར་རོ། །དེའི་ཚེ་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་ཡན་ལག་ཐམས་ཅད་གཤེགས་ཤིང་གཅོད་པར་འགྱུར་རོ། །དྲུག་པ། གཡུལ་འགྱེད་པའི་ཕྱིར་གླང་པོ་ཆེ་ལ་ཆང་བླུད་ནས་མྱོས་པར་བྱས་ནས་དགྲ་ལ་སྦད་ནས་མི་བསད་ན་ངུ་འབོད་ཀྱི་འཁོར་དམྱལ་བ་རྡོ་རྗེ་མེ་འབར་བ་ཆར་ལྟར་འབབ་པ་བྱ་བར་སྐྱེ་སྟེ། ལས་ལ་སྐྱེས་པའི་མེ་རབ་ཏུ་འབར་བའི་གླང་གིས་རང་ཉིད་བཟུང་ནས་ཡན་ལག་ཐམས་ཅད་འཇོམ་པར་བྱེད་ལ། དེ་ནས་གཤིན་རྗེའི་སྐྱེས་བུས་བཟུང་ནས། ཟངས་བཞུས་པའི་ཁུ་བ་ཁར་བླུག་ཅིང་སྟེང་དུ་ཡང་རྡོ་རྗེ་ཆར་ལྟར་དུ་འབེབས་པར་འགྱུར་རོ། །བདུན་པ། བུད་མེད་འོས་མ་ཡིན་བསླུ་བའི་ཕྱིར་ཆང་བླུད་ནས་མྱོས་པས་སེམས་འཁྲུལ་བར་བྱས་ནས་དེ་དང་མི་ཚངས་པར་སྤྱད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་འཆི་མེད་བྱ་བར་སྐྱེ་སྟེ། རབ་ཏུ་འབར་བའི་ཁྱི་དག་གིས་རླིག་པ་འབྱིན་པར་བྱེད་དེ། དེ་ཕྱུང་ཞིང་བཏོན་ཡང་། ཡང་སྐྱེ་ཞིང་འབྱིན་པས་སྡུག་བསྔལ་བསྲན་མ་བཟོད་ནས་ངུ་སྐད་འབྱིན་ཅིང་གར་བབ་བབ་དུ་འབྲོས་སོ། །དེར་བྲོས་པའི་ཚེ་བྱ་རོག །བྱ་རྒོད། འུག་པ་དང་། བྱ་འདུ་མི་ཀ །ལྕགས་ཀྱི་མཆུ་དང་། སྡེར་མོ་ཡོད་པས་ཡན་ལག་ཐམས་ཅད་སོ་སོར་ཕྱེས་ཟའོ། །བརྒྱད་པ། །དགྲ་བསད་པའི་ཕྱིར་ཆང་ལ་དུག་སྦྱར་ནས་བླུད་ནས་བསད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་ལྕག་ཚལ་དགོན་པ་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུས་ལྕགས་ཀྱིས་ཐག་པས་བཅིང་ནས། མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་ཅིང་། ཡན་ལག་ཐམས་ཅད་ཡུང་འབྲུ་ཙམ་དུ་གཏུབ་བོ། །དེ་ལས་ཐར་ནས་གར་བབ་བབ་དུ་འབྲོས་པའི་ཚེ་ལས་ཀྱིས་བྱས་པའི་ལྕགས་ཀྱི་སྦྲུལ་རྣམས་ཀྱིས་བཟུང་ནས་ལས་ཟད་པར་མ་བྱས་བར་དུ་ཟ་བར་འགྱུར་རོ། །དགུ་པ། སེམས་ཅན་སོ་སོར་འཚོ་བར་བྱ་བའི་ཕྱིར་ཆང་འཐུང་བའི་ཟོང་ངམ། རིན་བྱིན་ན། ངུ་འབོད་ཀྱི་འཁོར་དམྱལ་བ་རབ་རིབ་ཀུན་བསགས་བྱ་བར་སྐྱེ་སྟེ། ཕྱོགས་ཀུན་མུན་པས་བསྐོར་བའི་ནང་དུ། མེ་འོད་མི་གསལ་བའི་ནང་དུ་འཇུག་ནས་བསྲེག་པར་བྱེད་ཅིང་སོག་ལེ་དག་གིས་གཤོགས་པར་འགྱུར་རོ། །བཅུ་པ། ནད་མི་བཟོད་པས་ཐེབས་པ་དང་། བུ་བཙས་པ་དག་ལ་ཆང་འཐུང་བའི་ཟོང་དང་རིན་གྱི་དོན་དུ་ཟས་ཀྱི་རྒྱུའམ། གོས་ཀྱི་རྒྱུ་བྱིན་ན། ངུ་འབོད་ཀྱི་འཁོར་དམྱལ་བ་གཤིན་རྗེའི་འཚམས་ཀྱི་དགོན་པ་བྱ་བར་སྐྱེ་སྟེ། གཤིན་རྗེའི་མི་ཁ་ནས་མེ་འབར་བ་དག་གིས་ཡན་ལག་གི་ཤ་དང་རྒྱུས་པ་གཅོད་པ་དང་གཤོགས་ནས་ཟ་བར་འགྱུར་རོ། །བཅུ་གཅིག་པ། དེད་དཔོན་ལ་སོགས་པ་ལ་ཆང་གིས་ར་རོ་བར་བྱས་ནས་དེ་བསད་ནས་ནོར་གང་དང་གང་ཡོད་པ་ཕྲོག་ན། ངུ་འབོད་ཀྱི་འཁོར་དམྱལ་བ་ཤལ་མ་རིའི་ཚལ་ཆེན་པོ་བྱ་བར་སྐྱེ་སྟེ། མེ་མདག་དམར་པོ་རབ་ཏུ་ཚ་བས་བཞུས་པའི་ཟང་དང་རོ་ཉེ་བསྲེས་པ་བསྐོལ་བའི་ཆུ་བོ་དེར་ལོ་འབུམ་ཕྲག་དུ་མར་བསྲེག་ཅིང་འཚེད་ལ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མཚོན་ཆའི་ཚལ་སྣ་ཚོགས་ཀྱིས་ལུས་འབིག་པར་འགྱུར་རོ། །བཅུ་གཉིས་པ། འབྲོག་དགོན་པའི་སྐྱེ་བོ་མང་པོ་ལ་ཆང་སིང་པོ་ཡིན་པ་སྐད་བྱས་ནས་བླུད་པས་མྱོས་པ་དང་སེམས་རྨོངས་པར་བྱས་ན། ལས་ཀྱིས་བྱས་པའི་ཤལ་མ་རི་ཡི་སྡོང་པོ་དཔག་ཚད་གཅིག་ཙམ་ཡོད་པ་ཡལ་ག་ནི་མེ་འབར་བ་ལྟ་བུ། འདབ་མ་ནི་སྤུ་གྲི་ལྟ་བུ། དུད་པ་གདུག་ཅིང་། རླུང་དུག་ལྟར་དུ་འབྱུང་བའི་ནང་དུ་ལས་ཀྱི་རླུང་གིས་བདས་ནས་ཡན་ལག་ཐམས་ཅད་བསྲེག་པ་དང་གཏུབས་པ་དང་བདུག་པར་འགྱུར་རོ། །བཅུ་གསུམ་པ། བུད་མེད་ཡོན་ཏན་ཅན་ལ་དག་ལ་ཐབས་གཞན་གྱི་སྤྱོད་པས་བྲིད་ནས་ཆང་བླུད་དེ་ར་རོ་བར་བྱས་ནས་སེམས་མྱོས་པར་བྱས་ན་ངུ་འབོད་ཀྱི་འཁོར་དུད་པའི་ཚལ་བྱ་བར་སྐྱེ་སྟེ། དཔག་ཚད་ལྔ་བརྒྱ་ཡོད་པའི་ནང་དུ་དུད་པ་དང་མུན་ནག་གིས་བཏིབ་པ་མེ་མདག་ཁྲོལ་བུ་འབར་བས་གང་བའི་སའི་བུ་ག་དེར་དམྱལ་བའི་སེམས་ཅན་དེ་དག་འཇུག་པས་སྡུག་བསྔལ་ཆེན་པོས་མནོན་པས་འགྲེ་ལྡོག་ཅིང་སེམས་ཅན་རབ་ཏུ་རྨོངས་པས་ངུན་མོའི་སྒྲ་འབྱིན་པར་འགྱུར་རོ། །བཅུ་བཞི་པ། དགྲ་དང་ཆོམ་རྐུན་བསད་པའི་ཕྱིར་ཆང་བླུད་ན། ངུ་འབོད་གྱི་འཁོར་དམྱལ་བ་མི་མདག་དང་དུད་པ་འདྲེས་བའི་ཚལ་བྱ་བར་སྐྱེ་སྟེ། རང་གི་ལས་ཀྱིས་བྱས་པའི་མི་མདག་སྤུ་གྲི་ལྟ་བུའི་རླུང་ལྡང་བས་ལུས་ལ་ཐུག་པ་ན་ལུས་ཕྱེ་མ་བྱེད་ཅིང་ཚོར་བ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །བཅོ་ལྔ་པ། སེམས་ཅན་གཞན་ཐབས་ཀྱིས་བསླུ་བའི་བསམ་པས་ཆང་བླུད་ན་ངུ་འབོད་ཀྱི་འཁོར་དམྱལ་བ་གློག་གི་ན་བུན་ཞེས་བྱ་བར་སྐྱེ་སྟེ། མེ་འབར་བས་ལུས་ཀུན་དཀྲིས་ནས་གཤིན་རྗེའི་མི་རྣམས་ཀྱིས་རྐང་པ་ན་བཟུང་ནས་བཏེག་ནས་མེའི་ནང་དུ་བསྲེག་ཅིང་རབ་ཏུ་བཅོམ་བར་འགྱུར་རོ། །བཅུ་དྲུག་པ། ཆང་འཐུང་ནས་ཡིད་གཡེང་པར་གྱུར་ན་ལམ་དུ་ངལ་མི་འགྱུར་སྙམ་པ་དང་། རྔོན་པ་དག་རི་དྭགས་གསོད་པ་ལ་འགྲོ་མགྱོགས་སྙམ་ནས་དེ་རྣམས་ལ་ཆང་བླུད་ན། ངུ་འབོད་ཀྱི་འཁོར་དམྱལ་བ་ཀུན་ཏུ་རྟོག་བྱེད་བྱ་བར་སྐྱེ་སྟེ། དམྱལ་བའི་འཁོར་གཞན་གྱི་སྡུག་བསྔལ་ཅི་བྱུང་དེ་ལས་བཞི་འགྱུར་གྱིས་ཆེ་བའི་སྡུག་བསྔལ་འབྱུང་ཞིང་འདོད་པའི་རྟོག་པས་བཅོམ་ནས་དེ་བཞིན་དུ་འཚེ་བ་འབྱུང་བས་སྡུག་བསྔལ་བར་འགྱུར་པ་དེའི་ཚེ། ཀྱི་ཧུད་ཅེས་ཉམ་ཐག་པའི་སྒྲ་འབྱིན་པའི་ཚེ། དེ་ལ་གཤིན་རྗེའི་མི་རྣམས་ཀྱིས་འདི་ལྟར་སྒྲ་སྒྲོགས་ཤིང་སྨྲའོ། །ཆང་གིས་ཀུན་ཏུ་གཡེང་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པའི། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །གསོན་ཡང་ཤི་བ་དག་དང་མཚུངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམས་སྐས་སྟེ། །མུན་གནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གིས་དུད་འགྲོར་འགྲོ་བར་འགྱུར། །དུག་གི་ནང་ནས་དུག་གི་ཆང་། །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཏུ། །ཆང་ཞེས་མཁས་པ་རྣམས་ཀྱི་བཤད། །བློ་ངན་དབང་པོ་ཉམ་བྱེད་ལ། །ཆང་གིས་ཆོས་ནི་ཟད་པར་བྱེད། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །སྲེག་བྱེད་ཁོ་ན་ཆང་ཡིན་ནོ། །ཁྱེད་ཅག་འདོད་པ་མི་བཟད་པས། །དྲག་པོ་སེམས་ཅན་དམྱལ་བར་འོངས། །ཁྱེད་ཅག་གིས་ནི་སྡིག་སྤྱོད་ཚེ། །དེ་ཚེ་ཅི་ཕྱིར་ཁྲོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །མྱུར་དུ་ལས་འདི་སྤྱད་གྱིས་ལ། །སྡིག་སེམས་སླར་ཡང་བཟློག་པར་གྱིས། །དེ་སྐད་ཅེས་སྟོན་པར་འགྱུར་རོ། །སྡུག་བསྔལ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ་བས་དམྱལ་བའི་རྒྱུ་མི་དགེ་བ་དང་ཆང་འཐུང་བ་ལས་བཟློག་ནས་དགེ་བ་བསྒྲུབ་པ་ལ་འབད་པར་བྱའོ། །སྲེད་པའི་རྒྱུ་མཐུན་ནི། བརྒྱ་ལ་དམྱལ་བ་འདི་ལས་ཐར་ནས་མིར་སྐྱེས་ཀྱང་། བློ་རྨོངས་པར་སྐྱེ་ནས་མ་རབས་ཀྱི་སྤྱད་པ་སྤྱོད་པར་འགྱུར་རོ། །ཚེ་ཚད་ནི་མི་ལོ་བཞི་བརྒྱ་ལ་དགའ་ལྡན་གྱི་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ་གཅིག་དེ་བཅུ་གཉིས་ལ་ལོ་གཅིག་བྱས་པའི་དགའ་ལྡན་བ་རྣམས་ཀྱིས་ལོ་བཞི་སྟོང་ཐུབ་བོ། །མི་ལོ་རྐྱང་པར་བྱས་ན། བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ས་ཡ་ཕྲག་དྲུག་ཡོད་དེ། དེ་ཐམས་ཅད་དམྱལ་བ་ངུ་འབོད་ཀྱི་ཞག་གཅིག་ཡིན། དེ་སུམ་ཅུ་ལ་ཟླ་བ་ཅིག །དེ་བཅུ་གཉིས་ལ་ལོ་གཅིག་བྱས་པའི་དམྱལ་བ་ངུ་འབོད་པ་འདིས་ནི། རང་གི་ལོ་ནི་སྟོང་ཕྲག་བཞི་ཐུབ་བོ། །དེ་མི་ལོ་རྐྱང་པར་བྱས་ན། བྱེ་བ་བརྒྱ་ཕྲག་བརྒྱད་དང་། དེ་བཞིན་དུ་ཡང་བྱེ་བ་ས་ཡ་གཉིས་དང་། ཡང་བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་དང་། ཡང་བྱེ་བ་ཉིས་སྟོང་རྣམས་ཡིན་ནོ། །བཞི་པ། ངུ་འབོད་ཆེན་པོ་ལ། མིང་། རྒྱུ། འབྲས་བུ་ཐམས་ཅད་སྦྱར་ནས་བཤད་པས་གཙོ་བོའི་རྒྱུ་འབྲས་ནི། ལུས་ཀྱི་ལས་གསུམ་དང་ཆང་དང་། རྫུན་ལས་བྱུང་བ་དང་། ཁྱད་པར་དུ་ཡང་། གང་ཟག་གཉིས་ཤིག་ཆོས་ཀྱི་ཚུལ་བརྗོད་ཅིང་རྩོད་པར་བྱེད་པའི་ཚེ། དེའི་དཔང་པོ་བྱེད་པ་དག་གིས་བདེན་པར་ཤེས་བཞིན། མི་བདེན་པ་དེ་བདེན་ཞེས་བརྗོད་ན། དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་སྟེ། དེར་ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བའི་སྟེང་དུ། ཁ་ནས་ལྕེ་དྲང་ནས་ཕུར་བུ་མེ་འབར་བས་ཕྱོགས་བཞིར་བརྒྱངས་པ་ནི་རྒྱང་གྲག་ལྷག་ཙམ་དུ་འགྱུར་ཏེ། དེའི་སྟེང་དུ་གཤིན་རྗེའི་མི་རྣམས་ཀྱིས་ལྕགས་ཀྱི་ཐོང་བཤོལ་མེ་འབར་བ་དག་གིས་རྨོས་ཅིང་འདྲལ་བ་དང་། དེའི་སྟེང་ཟངས་ཞུན་མའི་ཁུ་བས་ཆག་ཆག་འདེབ་ཅིང་ལྕེ་རང་ལས་བྱུང་བའི་སྲིན་བུས་ཟ་བ་དང་། ཁྭ་དང་། སྦྲུལ་གྱིས་ཟ་ཞིང་། ལྕགས་འབར་བས་བསྲེག་ཅིང་། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མཚོན་ཆ་དུ་མས་གནོན་པ་དང་དེ་ལ་སོགས་པ་སྡུག་བསྔལ་ངུ་འབོད་ལས་བྱུང་བ་དེ་བས་བཅུ་འགྱུར་གྱིས་ཆེ་བ་འབྱུང་བར་འགྱུར་རོ། །དམྱལ་བ་ངུ་འབོད་ཆེན་པོའི་འཁོར་གྱི་རྒྱུ་འབྲས་ནི། དེ་ལ་འཁོར་བཅུ་དྲུག་ཡོད་པའི་དང་པོ་ནི་མི་གཉིས་རྩོད་པ་བྱེད་པ་ལ་དཔང་པོ་གཅིག་གིས་རང་གི་ཕྱོགས་རྒྱལ་བར་བྱ་བའི་ཕྱིར་དུ་མའི་རྫུན་བྱས་པས་བདེན་པ་ཡོད་པའི་མི་གཞན་དག་ལ་གནོད་པ་བྱེད་པ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཤིན་ཏུ་ངུ་སྒྲ་འབྱིན་པ་ཞེས་བྱ་བར་སྐྱེ་སྟེ། དེ་ལ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་དེའི་ལྕེ་ནི་སྤུ་གྲིས་དུམ་བུར་བྱེད་ཅིང་བ་ཚའི་ཆུ་རབ་ཏུ་ཚ་བས་ཆག་ཆག་འདེབ་ལ། མར་ཀོ་ཏ་ཀའི་ཁའི་མེ་རབ་ཏུ་འབར་བས་ཟ་བར་བྱེད་དོ། །གཉིས་པ་ནི། བདག་གི་མཛའ་བོ་ལ་ཆགས་ཞིང་ཞེན་པས་དེ་རྒྱལ་བར་བྱ་བའི་ཕྱིར་བདག་ཉིད་ཀྱང་རྫུན་སྨྲ་བར་བྱེད་ལ། དཔང་པོ་ལྟ་བུ་ལ་ཁྱོད་འདི་རྒྱལ་བའི་ཕྱིར་རྫུན་གྱིས་ཅིག་ཟེར་ནས་གཞན་དག་ཀྱང་རྫུན་དུ་སྨྲ་བ་ལ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི། །ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཚོར་བ་དཔག་ཏུ་མེད་པ་ཞེས་བྱ་བར་སྐྱེ་སྟེ། དེ་ལ་མེ་དང་། བ་ཚ་དང་། དུག་དང་། མཚོན་ལ་སོགས་པའི་ཚོར་བ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །གསུམ་པ་ནི། ཕྱི་རོལ་གྱི་བུ་རམ་གྱི་ཤིང་དང་། ཞིང་གི་གནང་སྐལ་ལ་སོགས་པ་གཡོ་ཐབས་ཀྱིས་འཕྲོག་པའི་རྫུན་སྨྲ་བ་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་གནོད་པ་དཔེ་མེད་པ་ཞེས་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུས་མེ་རབ་ཏུ་འབར་བའི་ནང་དུ་བཅུག་ནས་སྦུད་པས་སྦུད་ཅིང་ལུས་བཞུས་ནས་ཐོ་བ་ཡིས་ལྕགས་ལེབ་བཞིན་དུ་རྡུང་ཡང་ལས་དེ་མ་ཟད་བར་དུ་ཚེ་འཕོ་བར་མི་འགྱུར་རོ། །བཞི་པ་ནི། གཞན་གྱི་བུད་མེད་ལ་ལྐོག་ཏུ་མི་ཚངས་པར་སྤྱོད་ཅིང་མ་བྱས་ཞེས་སྨྲ་ལ། བུད་མེད་དེའི་ཁྱིམ་ཐབ་དེ་ལ་གནོད་པ་བསྒྲུབ་པའི་རྫུན་སྨྲ་བ་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་མུན་པ་བྱ་བར་སྐྱེ་སྟེ། དེ་ལ་གཤིན་རྗེའི་སྐྱེས་བུ་ཡིས། སྤྱི་བོ་དེར་ཕུག་ཅིང་དེའི་ནང་དུ་ལྕེ་དེ་ཡར་དྲངས་ནས་རྣམ་པ་བརྒྱར་ཡང་དང་ཡང་དུ་གཏུབ་པར་བྱེད་ཀྱང་ལས་མ་ཟད་བར་དུ་མི་འཆིའོ། །ལྔ་པ་ནི། ཚོང་ཁེ་སྤོག་གིས་འཚོ་བའི་ཚེ་རྫས་དེ་ནི་བདག་དབང་བ་ཡིན་ནོ་ཞེས་གཡོ་ཐབས་ཀྱིས་གཞན་གྱི་ནོར་རྫས་རྣམས་འཕྲོག་ཅིང་ཁྱོད་མི་དབང་ཞེས་རྫུན་སྨྲ་བ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་འཇིག་རྟེན་བར་གྱི་དུད་པ་བྱ་བར་སྐྱེ་སྟེ། མེ་དང་། སྲིན་བུ་རང་གི་ལུས་ལ་བྱུང་བ་རྡོ་རྗེའི་མཆུ་ཅན་ཁ་ལ་མེ་རབ་ཏུ་འབར་བ་ཁ་དོག་སྣ་ཚོགས་ཀྱིས་གནོད་པ་སྣ་ཚོགས་བྱེད་པར་འགྱུར་རོ། །དྲུག་པ་ནི། གང་གིས་དགེ་འདུན་གཅིག་ལ་རིན་ཐང་ཆུང་ངུས་ཉོས་པའི་ནོར་རྫས་གཅིག་ཡང་དགེ་འདུན་གཅིག་རིན་ཐང་ཆེན་པོ་ལ་བཙོང་ནས་བདག་གིས་འདི་ལ་རིན་ཐང་ཆེན་པོ་བྱིན་ཅེས་རྫུན་གྱིས་དགེ་འདུན་གྱི་ནོར་ལ་བསླུ་བར་བྱེད་པ་གང་ཡིན་པ་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཕྱེ་ལེབ་ལྟར་ལྟུང་བ་ཞེས་བྱ་བར་སྐྱེ་སྟེ། ཁྱིས་ལྟོ་བ་ཕུག་ནས་ནང་གྲོལ་གཏོར་བར་བྱེད་ཅིང་། གཤིན་རྗེའི་སྐྱེས་བུས་སྟེལ་བུ་མེ་འབར་བས་ཤ་ཀུན་བཞོག་ནས་སྲང་ལ་གཞལ་ནས་ཁྱི་ལ་སྦྱིན་ནོ། །ཡང་མཚོན་ཆས་ཀྱང་བརྡེག་པར་བྱེད་དོ། །བདུན་པ་ནི། རྐུ་འཕྲོག་བྱེད་པའི་ཆོམ་རྐུན་པ་དག་དགེ་སྦྱོང་གི་ཆ་བྱད་ལྟར་བཅོས་ནས་ཚོང་པ་དག་ལ་ལམ་དེར་སོང་དང་ཆོམ་རྐུན་མེད་ཟེར་ནས་ཚོང་པ་རྣམས་བསླུ་ཞིང་ནོར་རྫས་རྣམས་འཕྲོག་པའི་རྫུན་སྨྲ་བ་ན་ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཤི་མ་ཐག་ཏུ་འཚོ་བ་བྱ་བར་སྐྱེ་སྟེ། ཐོ་བས་བཅོམ་ནས་ཡང་ཤི། ཐོ་བ་བདེག་ན་སླར་ཡང་འཚོ་ཞིང་། ཡང་ཡང་དེ་ལྟར་འོང་ཅིང་། དེ་ལས་ཐར་ཡང་ཨུཏ་པ་ལ་འདྲ་བའི་མེས་བསྲེག་པར་འགྱུར་རོ། །བརྒྱད་པ་ནི། ཕ་རོལ་དབྱེ་བའམ། བསད་པའམ། བདག་རྒྱལ་བའི་ཕྱིར་བདག་ནི་རྫུན་མི་ཤེས་བདེན་པ་ཡིན་ནོ་ཞེས་ཟེར་ནས། གཞན་གྱིས་ཁོ་བདེན་སྙམ་ནས་བག་ཕེབ་པ་ན། རང་གི་བདེན་པ་དེ་བཅོམ་ནས་ནོར་འཕྲོག་པ་དང་། གསོད་པ་དང་། རང་ཕྱོགས་རྒྱལ་བའི་རྫུན་དུ་སྨྲ་བར་བྱེད་པ་གང་ཡིན་པ་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་གཞན་དུ་འགྱུར་བ་བྱ་བར་སྐྱེ་སྟེ། སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བས་རྒྱང་རིང་པོ་ནས་རང་གི་སྔར་གྱི་ཉེ་དུ་རྣམས་ཡོད་པར་མཐོང་ནས་དེར་སྐྱབ་ཚོལ་བ་ལ་ཀུན་ནས་རྒྱུག་པས་མདག་མའི་མཚོ་ལྟུང་ངོ་། །དེ་ནས་ཡང་ཕྱོགས་ཐམས་ཅད་དུ་བྲོས་པ་དང་། ལས་ཀྱིས་བྱས་པའི་ཕུར་བུ་དང་། ལས་ཀྱི་སྟག་དང་། གཅན་གཟན་རྣམས་ཀྱིས་བཟུང་ནས་འགྲམ་སོའི་བར་དུ་བཅུག་ནས་གནོད་པར་བྱེད་ཅིང་། ཕྱིས་བརྒྱ་ལ་མི་ལུས་ཐོབ་ཀྱང་བསམ་པ་འགྲུབ་པར་མི་འགྱུར་རོ། །དགུ་པ་ནི། ནད་པ་དང་ཉམ་ཐག་པ་དང་སྡུག་བསྔལ་བ་དང་། ལྟོག་པ་དང་། མགོན་མེད་པ་རྣམས་ལ་ཟས་གོས་ལ་སོགས་པ་སྦྱིན་པར་ཁས་བླངས་ནས་ཕྱིས་མི་སྦྱིན་ནས་དེ་རྣམས་བསླུ་བའི་རྫུན་བྱེད་པ་གང་ཡིན་པ་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཀུན་ལ་རེ་བ་མེད་པ་ཞེས་བྱ་བ་སྐྱེ་སྟེ། སྔར་ཁས་བླངས་ནས་མ་བྱིན་པ་དེ། ཟས་དང་གོས་དང་གནས་བཟང་པོར་མཐོང་ནས་བཟའ་བ་དང་བཏུང་བར་བྱའོ། །གནས་སུ་འདུག་པ་བྱ་སྙམ་ནས། གནས་དང་ཟས་ཀྱི་འདུ་ཤེས་ཀྱིས་ཟོས་པས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་། རོ་ཉེའི་འདམ་མེ་འབར་བའི་ནང་དུ་འཚོད་པས་སྡུག་བསྔལ་དཔག་ཏུ་མེད་པར་འབྱུང་ངོ་། །སྲིད་པ་གཞན་དུ་སྐྱེས་ཀྱང་ན་བའི་གསོ་སྨན་མེད་པར་འགྱུར་རོ། །བཅུ་པ་ནི། བཟའ་བོ་འཚོག་པ་ལ་འཁྲིམ་བཅད་པ་ལ་ཉེས་པ་མེད་བཞིན་དུ། རྫུན་བྱེད་ནས་ཆད་པས་གཅོད་པ་དང་། ཕ་དང་མེས་པོ་གཅིག་པའི་སྤུན་གཉིས་ནོར་རྩོད་པ་ན། དེ་དང་རིགས་གཅིག་པ་གཅིག་གིས་རང་གི་ཕྱོགས་རྒྱལ་བའི་རྫུན་དང་། དེ་ལྟར་བཟའ་བོ་དང་ནོར་གྱི་ཕྱིར་རྫུན་བྱེད་པར་གང་ཡིན་པ་དེ་ནི། །ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཕན་ཚུན་གཅོད་པ་འཇུག་པ་བྱ་བར་སྐྱེ་སྟེ། སྦྲུལ་ཆེན་པོ་དང་། སེང་གེ་རྣམས་ཀྱིས་གནོད་པ་བྱེད་པར་འགྱུར་རོ། །བཅུ་གཅིག་པ། གྱད་རྣམས་སྟོབས་འགྱེད་པའི་ནང་དུ་སོང་ནས་རང་གིས་ཉེས་པ་བྱས་པས་འཁྲིད་ནས། ངས་མ་བྱས་ཁོས་བྱས་ཟེར་ནས་རྫུན་བྱས་ན་ངུ་འབོད་ཆེན་པོ་འཁོར་དམྱལ་བ་ནགས་ཚལ་མཆེད་པ་བྱ་བར་སྐྱེ་སྟེ། ལྕགས་ལེབ་མེ་རབ་ཏུ་འབར་བས་ལུས་བསྐྲིས་ནས་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །བཅུ་གཉིས་པ། དགེ་འདུན་ལ་སྔར་སྦྱིན་པར་ཁས་བླངས་ནས་ཕྱིས་ཁས་མ་བླང་ཟེར་ནས། དགེ་འདུན་ལ་གནོད་པའི་འགལ་བའི་རྫུན་བྱེད་པ་དེ། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཚོར་མྱོང་བ་བྱ་བར་སྐྱེ་སྟེ། མེ་འབར་བའི་ཁབ་ཀྱིས་ལུས་ཀུན་འབིགས་པར་འགྱུར་རོ། །བཅུ་གསུམ་པ། མཉན་པ་མཁན་པོ་ཆོམ་རྐུན་དང་བསྡོང་ནས་ཚོང་པ་བསླུ་བའི་རྫུན་བྱས་ནས། ཚོང་པ་དེད་དཔོན་དང་བཅས་པ་འཇོམ་པར་བྱེད་པ་ནི་ལོག་པར་ཁྲིད་པ་ཚད་མེད་པ་ཡིན་པས་དེ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཚོར་བ་མཐའ་ཡས་བྱ་བར་སྐྱེ་སྟེ། ཆུ་སྲིན་དང་སྲིན་བུ་དུ་མས་ཟ་བར་འགྱུར་རོ། །བཅུ་བཞི་པ་ནི། དགེ་འདུན་ལ་ན་བའི་གསོ་སྨན་རྣམས་སྦྱིན་ཞེས་སྨྲ་ཞིང་མི་སྦྱིན་པར་གཞན་དུ་བྱེད་ན། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་མཆུ་རྡོ་རྗེ་འདྲ་བ་བྱ་བར་སྐྱེ་སྟེ། མེ་འབར་བའི་ཁྭ། མཆུ་རྡོ་རྗེ་ལྟ་བུ་ཡོད་པ་རྣམས་ཀྱིས་ཤ་བཅད་ནས་ཟ་བར་འགྱུར་རོ། །བཅོ་ལྔ་པ་ནི་རྒྱལ་པོའམ་བློན་པོའམ་རྗེ་དཔོན་གྱིས་གཞན་ལ་ལོག་པའི་བབས་འབེབས་ཤིང་། ངས་དྲང་པོ་བྱས་ཟེར་ནས་རྫུན་སྨྲ་བ་ནི། ངུ་འབོད་ཆེན་པོའི་འཁོར་དམྱལ་བ་ཁྲག་དང་རྐང་ཟ་བ་བྱ་བར་སྐྱེ་སྟེ། མེ་འབར་བའི་སྤུ་གྲིའི་ཚལ་ན་ལྕགས་ཀྱི་ཐག་པ་མེ་འབར་བས་བཅིང་ནས་ཁ་སྦུབ་ཏུ་དཔྱང་པས། རང་གི་ཤ་ཁྲག་ཟ་ཞིང་ངུ་བར་འགྱུར་རོ། །བཅུ་དྲུག་པ་ནི་ཉེས་པ་ཡོད་ལ་གསུག་རྡོར་བླང་ནས་ཉེས་པ་མེད་པ་ལ་ཁྲིམས་གཅོད་ཀྱིས་ཁྲིམས་ལོག་པར་གཅོད་པ་གང་ཡིན་པ་དེ་ནི། ངུ་འབོད་ཀྱི་འཁོར་དམྱལ་བ་མེ་བཅུ་གཅིག་བྱ་བར་སྐྱེ་སྟེ། ལུས་ཀྱི་ནང་དང་ཕྱི་རོལ་དུ་མེ་ལྕེ་ནི་བཅུ་གཅིག་གིས་བསྲེག་ཅིང་སྡུག་བསྔལ་བས་ངུ་ཞིང་འོ་དོད་འབོད་པར་འགྱུར་རོ། །སྲིད་པ་གཞན་གྱི་རྒྱུ་མཐུན་ནི། དམྱལ་བ་དེ་ལས་ཐར་ནས་བརྒྱ་ལ་མིར་སྐྱེས་ན་ཡང་ཤིན་ཏུ་ཉམ་ཐག་པ་དང་གཞན་གྱིས་འཕྱ་བར་འགྱུར་རོ། །ཚེ་ཚད་ནི། མི་ཡི་ལོ་བརྒྱད་བརྒྱ་ལ། འཕྲུལ་དགའི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་འཕྲུལ་དགའ་བ་རང་གི་ལོ་སྟོང་ཕྲག་བརྒྱད་ཐུབ་བོ། །དེ་མི་ལོ་རྐྱང་པར་བྱས་ན་བྱེ་བ་ཕྲག་ཉིས་བརྒྱ་དང་སུམ་ཅུ་དང་། ས་ཡ་ཕྲག་བཞི་ཡོད་དེ། དེ་ཐམས་ཅད་དམྱལ་བ་ངུ་འབོད་ཆེན་པོའི་ཞག་གཅིག་ཡིན། དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལོ་གཅིག་བྱས་པའི་ངུ་འབོད་ཆེན་པོ་རང་གི་ལོ་བརྒྱད་སྟོང་ཐུབ་སྟེ། མི་ལོ་བྱས་ན་བྱེ་བ་ཕྲག་དྲུག་ཅུ་དང་། ཡང་བྱེ་བ་ཕྲག་ས་ཡ་གསུམ་དང་། ཡང་བྱེ་བ་ལྔ་འབུམ་དང་། ཡང་བྱེ་བ་ལྔ་ཁྲི་དང་ཉིས་སྟོང་ཡིན་ནོ། །ལྔ་པ་ཚ་བའི་དམྱལ་བ་ལ་གཙོ་བོའི་རྒྱུ་འབྲས་ནི་སྔར་བཤད་པ་ལས་རྣམས་དང་དེའི་སྟེང་དུ་འདི་ལྟར་སྦྱིན་པ་མེད། མཆོད་སྦྱིན་མེད་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་མེད་འཇིག་རྟེན་འདི་དང་ཕ་རོལ་མེད། ཕ་དང་མ་མེད་ཅེས་ཕ་རོལ་ལ་ལས་རྒྱུ་འབྲས་མེད་པར་སྟོན་པ་ནི་ཆོམ་རྐུན་པ་ཚུལ་བཟང་པོར་འཆོས་པ་ཡིན་ཏེ། དེ་ལུས་དང་བྲལ་ན་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་བར་སྐྱེ་བར་འགྱུར་ཏེ། འདི་ནི་སྔ་མའི་སྡུག་བསྔལ་རྣམས་ལས་ཤིན་ཏུ་དྲག་པ་ཡིན་ཅིང་ལས་ངན་གྱི་དབང་གིས་འཆི་ཁར་ཡང་འཁྲུལ་སྣང་དང་གནད་གཅོད་ཆེན་པོ་འབྱུང་སྟེ། གཤིན་རྗེའི་སྐྱེས་བུ་གཟུགས་མི་སྡུག་མཐོང་ནས་དེས་འཇིགས་ཤིང་སྐྲག་ནས། ཡིད་བློང་བློང་པོར་འགྱུར། གཤང་ལྕི་བ་འབྱུང་བར་འགྱུར། སྐད་ངན་འདོན་པ་དང་ཁ་གདང་བར་བྱེད། ཉལ་མལ་གྱི་ཐ་མ་ན་ནོམ་ནོམ་བྱེད་པར་འགྱུར་རོ། །ཤི་བའི་ཚེ་དམྱལ་བའི་མེས་བསྲེག་ཅིང་། བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་དུས་གཅིག་ལ་ལུས་ལ་སྨིན་པར་འགྱུར་ཏེ་གོང་དུ་བཤད་པའི་དམྱལ་བ་ངུ་འབོད་ཀྱི་སྡུག་བསྔལ་ཅི་བྱུང་བ་ཐམས་ཅད་བཅུ་འགྱུར་འབྱུང་བར་འགྱུར་དེ། ཚ་བའི་དམྱལ་བ་འདི་ཡི་སྡུག་བསྔལ་བ་ནི་འདི་འདྲ་ཅེས་དཔེར་བྱ་བར་རུང་བ་མ་ཡིན་ནོ། །ལོག་པར་ལྟ་བ་དྲག་པོས་བདག་ཉིད་དམྱལ་བར་འཕང་བའི་ཕྱིར་སྡུག་བསྔལ་ཚ་ལ་དྲག་པ་སྲན་མི་བཟོད་པ་ཡིན་ནོ། །འཁོར་གྱི་རྒྱུ་འབྲས་ནི། དང་པོ་ནི། སྲོག་བཅད་ན་སྲོག་གཅོད་པ་པོ་དེ་ལྷར་སྐྱེ་བོ་ཞེས། ལས་རྒྱུ་འབྲས་ལོག་པར་སྟོན། ཚ་བའི་འཁོར་དམྱལ་བ་རབ་ཏུ་བསྲེག་པ་ཆེ་བ་ཞེས་བྱ་བར་སྐྱེ་སྟེ། དམྱལ་བ་གོང་མ་རྣམས་ཀྱི་སྡུག་བསྔལ་བཅུ་འགྱུར་འབྱུང་བའི་ཐོག་ཏུ་རང་གི་ལུས་ལས་བྱུང་བའི་མེ་ཁབ་ཀྱི་མདག་མ་ལྟ་བུ། ཕྱི་ན་ཡོད་པའི་མེ་བཅུ་དྲུག་འགྱུར་གྱིས་ཚ་བས། ལུས་ཕྱི་ནང་མེད་པ་བསྲེག་ཅིང་ཐལ་བར་རློག་པར་འགྱུར་རོ། །གཉིས་པ་ནི་ཟས་མི་ཟ་བས་མཐོ་རིས་འཐོབ་པའི་བསྟན་ཆོས་བྱས་ནས་གཞན་དེ་ལས་འགོད་ཅིང་། བདག་ཉིད་ཀྱང་དགའ་བར་བྱེད་ན། ཚ་བའི་འཁོར་དམྱལ་བ་པད་མ་དཀར་པོ་ལྟ་བུ་བྱ་བར་སྐྱེ་སྟེ། གོང་གི་སྡུག་བསྔལ་རྣམས་འབྱུང་བའི་སྟེང་དུ། པད་མ་དཀར་པོ་འདྲ་བའི་ཚལ་དུ་མེ་ཐམས་ཅད་ཀྱི་ནང་ནས་རབ་ཏུ་ཚ་བས་ལུས་ཕྱི་ནང་མེད་པ་བསྲེག་པར་འགྱུར་རོ། །གསུམ་པ་ནི། འདི་ལྟར་ཙོག་ཙོག་པོར་བསྒྱིངས་པར་འདུག་ལ་སྐོམ་འཐུང་ཞིང་ལག་པ་དང་ལྡན་ན་མྱ་ངན་ལས་འདས་པ་འཐོབ་ལ། འདོད་ཆགས་ཞེ་སྡང་གཏི་མུག་སྤངས་པས་མ་ཡིན་ཞིང་། དབང་པོ་ཞི་བས་ཀྱང་མ་ཡིན་ནོ་ཞེས་དབང་པོ་ཞི་བ་སྨོད་པར་བྱེད་ན། ཚ་བའི་འཁོར་དམྱལ་སྦྲུལ་འཁྱིལ་པ་བྱ་བར་སྐྱེ་སྟེ། སྦྲུལ་གདུག་པ་གདེང་ཀ་ཅན་རབ་ཏུ་འབར་བ་ལྟ་བའི་དུག་དང་རེག་པའི་དུག་དང་། མཆེ་བའི་དུག་དང་ལྡན་པས་གང་ནས་ཡོད་པས་དེར་སེམས་ཅན་དམྱལ་བ་ཁ་ཅིག་གི་ནང་དུ་སྦྲུལ་འབྱུང་ནས་ལུས་ཕྱེ་མར་འཐག་ཅིང་། མཆེ་བ་དང་འདྲེས་པའི་དུག་གིས་ཡང་འཆི་ཞིང་ཡང་སྐྱེ་སྟེ། དུག་གི་མེ་དང་། དམེ་བའི་མེ་དང་བཀྲེས་པ་དང་སྐོམ་བའི་མེ་སྟེ། མེ་གསུམ་གྱི་དབུས་ན་བཅུག་ནས། ཚོར་བ་ཚ་བ་རྩུབ་པ་མྱོང་བས་ཉམ་ཐག་པར་འགྱུར་རོ། །བཞི་པ། འགྲོ་བ་ཐམས་ཅད་ནི་དབང་ཕྱུག་གིས་སྤྲུལ་གྱི་ལས་ཀྱིས་མ་བྱས་སོ་ཞེས་སྨྲ་ན། ཚ་བའི་འཁོར་དམྱལ་བ་ཟངས་བཞུས་པ་ཉ་འཁྱུག་པ་ལྟ་བུ་བྱ་བར་སྐྱེ་སྟེ། ཟངས་བཞུས་པའི་རྒྱ་མཚོ་དམར་ཀྱིལ་ལེ་བའི་ནང་དུ་ལྕགས་ཀྱི་ཉ་རབ་ཏུ་འབར་བས་ཡོད་པས་ཁ་གདང་ཤིང་རྒྱུག་པའི་ཁ་མཆུ་ལྕགས་ཀྱུ་ལྟ་བུའི་ཞགས་པས་བཟུང་ནས། ལུས་ཕྱེད་ཉའི་སོས་ཕྱེ་མར་བྱེད། ལུས་ཕྱེད་ཟངས་སུ་སྐུལ་ཞིང་འཚེད་པར་འགྱུར་རོ། །ལྔ་པ། མཐོ་རིས་ཐོབ་པའི་དོན་དུ་མཆོད་སྦྱིན་ལ་མི་གསོད་པ་དང་། རུས་སྦལ་གསོད་པར་བྱེད་ཅིང་། ལམ་བཟང་པོ་སུན་འབྱིན་ལམ་ངན་པ་ལ་གཞན་འགོད་ན། ཚ་བའི་འཁོར་དམྱལ་བ་ལྕགས་ཀྱི་བུམ་པ་བྱ་བར་སྐྱེ་སྟེ། ལྕགས་ཀྱི་བུམ་པ་མེ་འབར་བ་རོ་ཉེ་དང་སྤུ་གྲི་དང་ཟངས་བཞུས་པའི་ནང་དུ། འཇོམ་པར་བྱེད། བསྲེག་པ་དང་གཤེགས་པར་འགྱུར་རོ། །དྲུག་པ། ཚུལ་ཁྲིམས་འཆལ་པ་གང་ཞིག་བདག་དཀའ་ཐུབ་དཀའ་བ་བྱས་པ་དང་། ཉེས་པར་བྱས་པ་དང་ཉེས་པར་མ་བྱས་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ་སྙམ་ནས། ཚལ་དུ་སོང་ནས་ཤིང་ལ་རྐང་པ་བཏག་སྟེ་མགོ་མཐུར་དུ་དཔྱངས་སྟེ། སྣ་ནས་འཕྲལ་བ་གཅོད་དེ་དེས་ཁྲག་ག་བྱུང་བ་དེ་མེར་བསྲེག་བླུག་བྱེད་པས་ཁྲག་ཟད་ནས་འཆི་ནས། མཐོ་རིས་ཐོབ་པར་འདོད་པ་དེ་ཚ་བའི་འཁོར་དམྱལ་བ་ཆུ་བོ་དམར་པོ་འབབ་པ་ཞེས་བྱ་བར་སྐྱེ་སྟེ། དེ་ལ་གཤིན་རྗེའི་སྐྱེས་བུས་མཚོན་ཆ་སྣ་ཚོགས་ཀྱི་ལུས་ལ་བརྡེག་ཅིང་རོ་ཉེ་བསྐོལ་བའི་ནང་དུ་འཚོད་ཅིང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བས་ངུ་བའི་སྒྲ་ཆེན་པོ་འབྱིན་པར་འགྱུར་རོ། །བདུན་པ། ཐོས་པ་ངན་པས་བློ་རྨོངས་པ་ལ་ལ། ལྕི་བའི་མེ་ཐབ་ཀྱི་ནང་དུ་རང་འཇུག་མེར་བསྲེག་ནས་མེ་ལྔ་བསྟེན་པས་གྲོལ་བར་སྨྲ་བ་ནི་ཚ་བའི་འཁོར་དམྱལ་བ་རྐང་རུས་ལ་སྲིན་བུ་མང་བ་བྱ་བར་སྐྱེ་སྟེ། ལྕགས་ལས་བྱས་པའི་འཁོར་ལོ་དང་། རི་དང་། མེས་ལུས་འཇོམས་ཡང་ལས་མ་ཟད་པར་འཆི་བར་མི་འགྱུར་རོ། །གང་གིས་རང་དང་གཞན་གྱི་ལུས་ལ་བྱུང་བའི་ཤིག་གམ་སྲིན་བུ་མ་ཀོ་ཏའམ་རྐང་ལ་ལ་ཟ་བའམ་གཞན་ཡང་རྣམ་པ་དེ་ལྟ་བུ་བསད་ན། དམྱལ་བ་རྐང་དང་རུས་པའི་རི་རབ་ཆེན་པོ་ཡོད་པའི་ནང་དུ་དྲོད་ལ་སྐྱེས་པའི་སྲིན་བུ་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུས་ལས་ལ་བྱུང་བའི་མེས་བསྲེགས་པར་འགྱུར་རོ། །བརྒྱད་པ་ཐོས་པ་ངན་པས་རྨོངས་པ་དག་ཚལ་ལམ་རིའམ་འཚམས་ཀྱི་བར་རབ་ལྕུག་མའི་རི་ལ་མེས་བསྲེགས་པས་ལྷ་དག་དགའ་ནས་བདག་ལྷ་ཡུལ་དུ་ཁྲོད་ནས་དགའ་བར་ཐོབ་ཅེས་གཞན་ལ་ཡང་རང་ཡང་སྤྱོད་ན། ཚ་བའི་འཁོར་དམྱལ་བ་སྐྱེ་བོ་ཐམས་ཅད་བསྲེག་པ་བྱ་བར་སྐྱེ་སྟེ། ལས་ཀྱིས་སྤྲུལ་པའི་བུ་ཆུང་མ། ཕ་མ་ལ་སོགས་པ་རྣམས་མེས་འཚེད་པ་ངུ་སྐད་འབྱིན་ཅིང་འབོད་པ་མཐོང་ནས། ཁོ་ཡི་ཡིད་སྡུག་བསྔལ་བའི་མྱ་ངན་གྱི་མེ་ཚ་ཞིང་རྩུབ་པ་བསྲན་པ་འབྱུང་ངོ་། །ལུས་ལ་ཡང་མེས་བསྲེག་པར་འགྱུར་རོ། །དགུ་པ། གྲོག་སྦུར་ལ་སོགས་སྲོག་ཆགས་དག་མེར་བཅུག་པས་མེ་དེ་དགའ་ནས་འཇིག་རྟེན་མཐའ་ཡས་པ་སྦྱིན་བར་བྱེད། མེར་ཚིག་པ་དག་ཀྱང་དྲག་པོ་འཇིག་རྟེན་མི་ཟད་པར་བྱེད་ཅིང་ཆོས་ཆེན་པོ་འཐོབ་བོ་ཞེས་ཟེར་ནས། གཞན་དེ་ལ་སྦྱོར། རང་ཉིད་ཀྱང་སྤྱོད་ན། དམྱལ་བ་ཚ་བའི་འཁོར་སར་འབྱིང་མཐའ་ཡས་བྱ་བར་སྐྱེ་སྟེ། མདོག་དམར་བའི་གཤིན་རྗེ་རྣམས་ཀྱི་ལུས་ཐམས་ཅད་མེར་བསྲེག་པར་འགྱུར་རོ། །བཅུ་པ། མིས་བསང་གའི་དུག་ད་དྲ་སྦྱར་བའི་མཆོད་སྦྱིན་བྱས་པས། འཇིག་རྟེན་ཉམས་པ་མེད་པ་འཐོབ་བོ་ཟེར་བ་ནི། ཚ་བའི་འཁོར་དམྱལ་བ་པད་མ་ཆེན་པོ་ལྟ་བུར་སྐྱེ་སྟེ། དམྱལ་བའི་བྱད་གཟུགས་པདྨ་འདྲ་བ་ལ་ཟེར་བའི་བར་རྡོ་རྗེ་ལྟ་བུའི་ཚེར་མས་གང་བའི་ནང་དུ་སྐྱེས་ནས་ལུས་ཚེར་མས་འབུག་ཅིང་རྨ་རྣམས་མེས་གང་བར་འགྱུར་རོ། །བཅུ་གཅིག་པ་ཆུར་བཞུག་ན་ཉེས་པ་ཐམས་ཅད་འབྱང་ཞིང་གཡོ་བ་མེད་པ་ཁྱབ་འཇུག་གི་འཇིག་རྟེན་སྐྱེ་བོ་ཆུར་འཆི་བའི་བརཏལ་ཞུགས་སྤྱོད་པ་ནི། ཚ་བའི་འཁོར་དམྱལ་བ་མཐའ་དྲག་བྱ་བར་སྐྱེ་སྟེ། རི་ཟུར་རྣོ་བ་ལ་འཛེག་པས་སྐྲག་ནས་ལྷུང་བས་རོ་ཉེའི་ནང་དུ་བསྲེག་པར་འགྱུར་རོ། །བཅུ་གཉིས་པ། ཚེ་རྣོ་བ་དང་། རྨ་བྱ་དག་གི་བཀྲ་བ་དང་། སྨིག་རྒྱུ་རྣམས་རྒྱུ་རྐྱེན་ནི་མེད་དེ་འདོད་རྒྱལ་ལས་བྱུང་ཞིང་འགག་སྟེ། དངོས་པོ་ཐམས་ཅད་དེ་ལྟ་བུ་ཡིན་ཟེར་ཞིང་འདོད་རྒྱལ་དུ་རང་སྤྱོད་ཅིང་གཞན་འགོད་པ་ནི་ཚ་བའི་འཁོར་དམྱལ་བ་རུས་པ་རྡོ་རྗེ་ལྟ་བུ་འབྱུང་འདུ་བ་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུས་མཚོན་ཆ་རྣོན་པོས་ཤ་མེད་པར་བྱས་ལ། དགྲ་གཞན་བྱུང་བས་རུས་པ་དེ་དག་བླངས་ནས་ཕན་ཚུན་འབིགས་པར་བྱེད་དོ། །རང་ལས་ངན་རུས་པ་དེ་ཡང་རྡོ་རྗེ་ལྟ་བུར་འགྱུར་རོ། །བཅུ་གསུམ་པ། །ལོག་པར་ལྟ་བ་ནི་མཚན་མ་དང་མཚན་མ་ལས་བྱུང་བའི་བྱས་པ་སྟོན་པར་བྱེད་སྒོམ་པར་བྱེད་ཅིང་དེས་གྲོལ་བར་སྨྲ་བ་ནི་ཚ་བའི་འཁོར་དམྱལ་བ་ལྕགས་ནག་པོའི་སྐུད་པས་འདྲེལ་ཞིང་གཅོད་པ་བྱ་བར་སྐྱེ་སྟེ། གཤིན་རྗེས། མཚོན་གྱིས་གཤིགས་པ་དང་། ལྕགས་ནག་པོའི་སྐུད་པས་ཡུང་འབྲུ་ཙམ་ཡང་མི་མངོན་བར་ཆེར་ཕྲ་མོར་གཅོད་པར་འགྱུར་རོ། །བཅུ་བཞི་པ། བདག་དང་འཇིག་རྟེན་ནི་རྟག་པ་ཐེར་ཟུག་པ་ཡིན་ཞེས་སྨྲ་ཞིང་སྤྱོད་པ་ནི་ཚ་བའི་འཁོར་དམྱལ་བ་སྲིན་བུ་ན་ཀྲ་དང་། འཁོར་ལོ་དང་། མེས་འཇིག་འཇིག་ལྟར་བྱ་བར་སྐྱེ་སྟེ། ལྕགས་ཀྱི་ཀ་བས་ཀླད་པར་བརྒྱབ་ནས་རྐུབ་དུ་ཕྱུང་ནས་ས་མ་ནུབ་བ་དང་། སྲིན་བུ་ན་ཀྲ་བྱ་བས་ཡན་ལག་ཐམས་ཅད་ཕུག་ནས་ཟ་བ་དང་། ལྕེ་ཕྲ་སྐམ་གྱིས་དྲང་ནས་ཁྱི་ལ་ཟར་འཇུག །མེ་རབ་ཏུ་འབར་བས་ལུས་ཐམས་ཅད་བསྲེག་པས་བསྲན་མི་བཟོད་པའི་སྡུག་བསྔལ་འབྱུང་བས་མཁུན་པའི་སྒྲ་ཆེན་པོ་འབྱིན་པར་འགྱུར་རོ། །བཅོ་ལྔ་པ། འདི་ལྟར་ཁ་ཅིག་ནི་མི་རྟག་སྟེ་ལུས་ཡིན་ནོ། །ཁ་ཅིག་ནི་རྟག་སྟེ་ས་སོགས་འབྱུང་བ་ཡིན་ནོ་ཞེས་མཐར་འཛིན་པ། ལྟ་བ་གཉིས་ཀྱི་རྒྱུད་ངན་པ་རང་བརྟེན་ཅིང་གཞན་སྦྱོར་བ་ནི། ཚ་བའི་འཁོར་དམྱལ་བ། ནགས་ཚལ་གྱི་མེ་མུན་ལྟར་འཁྲིག་པ་བྱ་བར་སྐྱེ་སྟེ། མུན་པ་མུན་ནག་གི་མེའི་ནང་དུ། སྤུ་གྲི་ལྟ་བུའི་རླུང་གིས་བདས་ནས་ཆང་ས་ནས་མ་གཏོར་བ་ལྟར་ཕྱོགས་བཅུར་གཏོར་ཏེ། ཡང་སྐྱེ་བ་དང་སྡུག་བསྔལ་སྲན་མི་བཟོད་པ་འབྱུང་བར་འགྱུར་རོ། །བཅུ་དྲུག་པ། འཁོར་བ་འདི་ནི་ཐོག་མ་ཡོད་ཅིང་རྒྱུ་ཡོད་པའོ་ཞེས། འཁོར་བའི་ཐོག་མ་ཡོད་པར་སྨྲ་བ་ནི་ཚ་བའི་འཁོར་དམྱལ་བ་བུང་བ་རྡོ་རྗེ་ལྟ་བུས་གནོད་པའི་གོ་ཆ་བྱ་བར་སྐྱེ་སྟེ། གཤིན་རྗེའི་ཕྲ་སྐམ་གྱིས་ཤ་རྣམས་ཤ་བའི་སྤུ་ཙམ་དུ་བཏོགས་ནས་ཁོ་རང་ལ་ཟར་འཇུག་གོ །བུང་བ་མཆུ་རྡོ་རྗེ་ལྟ་བུས་ལུས་ལ་བཙུག་པས་ཁྲག་དྲོན་མོ་འབྱུང་བ་ཁོ་རང་ལ་ཟ་འཇུག་གོ །བདུན་པ་རབ་ཏུ་ཚ་བ་ལ། གཙོ་བོའི་རྒྱུ་འབྲས་ནི། འདི་ལྟར་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ན། དེ་ཡི་དགེ་སློང་མའི་དགེ་འདུན་རྣམ་པ་འདུ་བྱེད་པ་ལྟ་བུས་ཅི་ཞིག་ཏུ་འགྱུར་དེ་ཐམས་ཅད་ནི་བརྫུན་པ་ཡིན་ཏེ། བསྟན་པ་འདི་ནི་ངན་པ་ཡིན་ཏེ། དེ་ལ་བྱིས་པས་ཆོས་སུ་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་འཐོབ་བོ་ཞེས་ཟེར་ཞིང་། དགེ་སློང་མ་གཞོན་ནུ་སྟོན་པ་ལ་གནས་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལས་ཉམས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལས་འཁྲུལ་བར་བྱས་ནས། ལོག་པར་ལྟ་བ་ལ་སྦྱར་ན། སེམས་ཅན་དམྱལ་བ་རབ་ཏུ་ཚ་བར་སྐྱེ་བར་འགྱུར་ཏེ། དེར་འཆི་ཁ་མའི་ཚེ་རང་གི་ལུས་གཞོན་ཤ་ཅན་དུ་འགྱུར་ལྕེ་ལྐུག །འདུ་བྱེད་ནི་ཉམས། རྣམ་པར་ཤེས་པ་ནི་ཤིན་ཏུ་སྐྲག །འབྱུང་བ་ཆེན་པོ་བཞི་འཁྲུག་པས་ནི་ཤིན་ཏུ་སྡུག་བསྔལ། རྣ་བས་སྒྲ་མི་སྙན་པ་ཐོས། སྣར་ཆུ་ནི་འབྱུང་ཞིང་ཡོ། སྐྲ་དང་སྤུ་ཐམས་ཅད་ཤིག་ཤིག་པོར་བྱེད་དེ། དེ་ནི་ལས་ངན་སྤྱད་པའི་འཆི་ཁའི་སྡུག་བསྔལ་ཟུར་ཙམ་མོ། །དེ་ནས་དབུགས་ཆད་ནས། བདག་ཉིད་བྱིས་པ་ལོ་བརྒྱད་ཐུབ་པའི་ལྕགས་ནག་པོའི་ཁ་དོག་ལྟ་བུ་མུན་པའི་ནང་དུ་ཞུགས་པ་དེ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱི། ལྕགས་ཀྱི་ཐག་པ་ནག་པོས་ཕྱིན་ཅི་ལོག་དུ་བཅིངས་ནས་ཐོག་པ་མེད་པར་ཁྲིད་པ་དང་མིག་གི་ནི་གཟུགས་མི་སྡུག་པ་མཐོང་། རྣ་བས་ནི་སྒྲ་མི་སྙན་ཐོས་ཅིང་འགྲོ་བའི་ཚེ། ལས་ངན་པ་མི་དགེ་བ་སྤྱད་པ་འདི་ལ་བདག་གིས་གནོད་པར་བྱའོ་བསམ་ནས་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་དེ་ལ་སྨྲས་པ། གཉེན་བཤེས་ཚུལ་ནི་དགྲ་ཡིན་ཏེ། །མི་ཕན་ཕན་པའི་ཚུལ་གྱིས་ཁྱོད། །བཅོམ་ནས་མི་ཡི་འཇིག་རྟེན་ནས། །དེ་རིང་མུན་ནག་ཆེན་པོར་འགྲོ། །ལས་རྣམ་གསུམ་གྱིས་ཁྲིད་དེ་འོང་། །གཤིན་རྗེའི་གནས་སུ་ཁྲིད་པར་བྱེད། །ཁྱོད་ཀྱིས་ལས་ནི་བྱས་པ་དག །ལོངས་སྤྱོད་རྗེས་སུ་སྤྱོད་པ་ཡིན། །སེམས་ཅན་དམྱལ་བར་སྡིག་ཅན་འགྲོ། །འཁོར་བར་མུན་པར་བསྒྲིབ་པ་དག །སངས་རྒྱས་བསྟན་པ་རྙེད་པར་དཀའ། །གང་ཞིག་ཆོས་ནི་མི་འདོད་པ། སྡུག་བསྔལ་ཤིན་ཏུ་སྡུག་བསྔལ་འགྲོ། །གང་ཞིག་རྟག་ཏུ་སེམས་མ་ཞི། །ཡུལ་རྣམས་ཀྱིས་ནི་ངེས་པར་འཇོམ། །གནས་འདི་དག་ཏུ་དེ་འགྲོ་སྟེ། འདི་ལྟར་ཁྱོད་ནི་རྗེས་སུ་ལྟོས། །དེ་ལྟར་རྗེས་སུ་བསྟན་ནས་ལས་ཀྱི་རླུང་ལས་མང་པོའི་སེམས་ཅན་དག་གིས་དབང་མེད་པར་ཁྲིད་པ་དང་། དེ་ནས་ས་འོག་དཔག་ཚད་མང་པོའི་འོག་ཏུ། གཤིན་རྗེའི་སྐྱེས་བུ། སྤྲིན་ནག་པོ་ལྟ་བུ། ལག་ན་མཚོན་ཆ་ཐོགས་པ་མིག་རབ་ཏུ་འབར་བ། མཆེ་བ་འཁོར་ལོ་ལྟར་རྣོ་བ་གསུས་པ་ཆེ་ཞིང་ལག་པ་ཐུང་བ། །སྒྲ་སྐད་འབྲུག་ལྟར་སྒྲོག་པ་མཐོང་བ་དང་། དམྱལ་བའི་སེམས་ཅན་རྣམས་སོ་སོ་སྙིང་རྗེ་བའི་སྐད་དང་། འཇིགས་པས་སྐྲག་སྡངས་ཆེན་པོ་འབྱུང་བའི་སྐད་དང་། ཚ་ཞིང་རྩུབ་པ་སྡུག་བསྔལ་བསྲན་མི་བཟོད་པ་གྲངས་ཀྱིས་མི་ལང་བའི་བར་འཚམས་མེད་པར་ངུ་མོའི་སྒྲ་སྒྲོག་པ་ཐོས་ནས་ཡིད་བཅུ་འགྱུར་གྱིས་འཇིག་ཤིང་སྐྲག་གོ །དེར་གཤིན་རྗེའི་སྐྱེས་བུ་རྣམས་ཀྱི་ཁྲིད་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །འདི་ནི་སེམས་ཅན་དམྱལ་བའི་སྒྲ། །ཐོས་ནས་བློ་ངན་ཁྱོད་འཇིགས་སམ། །ཀུན་ཏུ་ཁྱོད་ནི་མི་ཡིས་སུ། །ཤིང་ལྟར་བསྲེག་ན་ཅི་ལྟར་བྱ། །མེ་ཡིས་བསྲེག་པས་བསྲེག་པ་མིན། །ངན་པར་བྱས་པས་ཁྱོད་བསྲེགས་སོ། །མེ་ནི་ཞི་བར་འགྱུར་སྲིད་ཀྱི། །ནམས་ཀྱང་ངན་བྱས་མེ་མི་ཞི། །ཁྱོད་དང་བཅས་པ་མྱུར་དུ་བསྲེག །རྟག་ཏུ་གཏི་མུག་དབང་དུ་སོང་། །སེམས་ཅན་དམྱལ་བ་དྲག་པོ་འཐོབ། །གལ་ཏེ་དམྱལ་བ་རྣམ་འཇིག་ན། །སྡིག་པ་དག་ནི་རྣམ་པར་སྤོང་། །དེ་ལ་སྡུག་བསྔལ་འབྱུང་མི་འགྱུར། །དེ་སྐད་བསྟན་ནས་གཤིན་རྗེའི་གནས་དེར་ཁྲིད་ནས། དེར་དཔག་ཚད་སྟོང་ཕྲག་དུ་མ་འཁྲུག་པའི་མེའི་ནང་དུ་དཔེར་ན་རི་བོ་མཐོན་པོའི་མགོ་ནས་ལྕགས་ཀྱི་མདའ་འཕང་ན་ཐོག་པ་མེད་པར་འགྲོ་བ་བཞིན་དུ་མགོ་ཐུར་བསྟན་ནས་འདོང་སྟེ། །སྤྱི་གཙུག་ནས་རྐང་མཐིལ་བར་དུ་བསྲེག་ནས་བྱེ་མ་གཏོར་བ་བཞིན་དུ་ཞིག་པར་འགྱུར་རོ་དེ་ནས་གཤིན་རྗེའི་སྐྱེས་བུས་འཕར་སྐམ་མེ་རབ་ཏུ་འབར་བས་བཟུང་སྟེ་དྲང་ནས། །ལྕགས་ཀྱི་ས་གཞི་འབར་བའི་སྟེང་འཇོག་ནས་ཕུར་བུ་འབར་བ་དང་། རལ་གྲི་འབར་བས་འདོམ་ཕུག་ཅིང་། ཕོ་མཚན་གཅོད་པར་འགྱུར། ལྕགས་སྲེག་ས་གཞིའི་སྟེང་ལྕེ་ཕུར་བུས་བརྒྱང་ནས་དེའི་སྟེང་དུ་ཐོང་ཤོལ་འབར་བས་རྨོད་དོ། །དེ་ལས་ཐར་ནས་བཀྲེས་པས་ཉེན་པ་དང་། ལྕགས་ཀྱི་བུམ་པ་མེ་རབ་ཏུ་འབར་བ་ཁར་འཇུག་པར་བྱེད་ཟངས་ཁུ་ཡང་བླུད་པར་བྱེད་ལ་ཁྱིའི་ཚོགས་འཇིགས་སུ་རུང་བ་ཁ་གདང་པ་མཆེ་བ་རྣོ་བ་གཙིགས་པས་ངར་ཞིང་འཇིགས་པའི་སྒྲ་འབྱིན་རྣམས་ཀྱིས་བདས་ནས་ཟ་བར་བྱེད། བྱའི་ཚོགས་ཀྱིས་ཤ་གཏོར་བར་བྱེད། ཤལ་མ་རི་ཡི་སྡོང་པོ་འཛེགས་པས་ཡན་ལག་ཐམས་ཅད་ཆད་ནས་ས་ལ་ལྷུང་བ་དང་། སྲིན་བུ་མར་ཀོ་ཏས་ལུས་ཐམས་ཅད་གཏོར་བས་སྡུག་བསྔལ་སྲན་མི་བཟོད་པས། ངུ་བའི་སྒྲ་འབྱིན་པའི་ཚེ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་འདི་སྐད་ཅེས་སྨྲ་བར་བྱའོ། །ཅི་ལྟར་ཁྱོད་ལ་སྲོག་གཅེས་པ། །གཞན་ལ་ཡང་དེ་ལྟར་རབ་ཏུ་གཅེས། །སྡིག་པ་དག་གི་རྗེས་འབྲང་བ། ཁྱོད་ཀྱིས་ཅི་ཕྱིར་སྡིག་པ་བྱས། །གཞན་གྱི་ནོར་ལ་འདོད་པས་སུ། དེ་ནི་ཅི་ཕྱིར་ཁྱོད་ཀྱིས་ཕྲོག །བསྡུག་ཅིང་འཕང་པའི་ཆུང་མ་དེ། ཁྱོད་ཀྱི་ཆགས་པས་ཅི་ཕྱིར་ཕྲོག །སྐྱེ་བོ་རྨོངས་པས་ཆོས་ལ་སུན་འབྱིན་པའི། །སྡིག་པའི་ཆང་ནི་འཐུང་བ་དག །ཁྱོད་ཀྱིས་ཅི་ཕྱིར་ཡོངས་མ་སྤངས། །དུག་ལྟ་བུའི་ལྕེ་ལས་བྱུང་། སུ་ཡང་ཡིད་ཆེས་མི་བྱེད་པའི། རྫུན་དུ་སྨྲ་བའི་སྡིག་པ་དག །ཁྱོད་ཀྱིས་ཅི་ཕྱིར་ཡོངས་མ་སྤངས། །སྡིག་པའི་རྗེས་སུ་ཆགས་ལྡན་ཁྱོད། །དེ་ཕྱིར་མ་ངུ་ལེགས་པར་བཟོད། །སྨྲེ་སྔགས་དོན་མེད་ཅི་ཞིག་འདོན། །དུག་ལྟ་བུ་ཡི་སྡིག་པའི་ཆོས། །གང་ཕྱིར་ཡོངས་སུ་མ་སྤངས་པ། །དེ་ཕྱིར་འབར་བའི་འཕྲི་བ་ཡིས། །དམྱལ་བ་འཁྲུག་པ་ཆེན་པོ་ཐོབ། །ཅེས་སྒྲོག་ཤིང་། རང་གིས་བྱས་པའི་ལས་ངན་མ་ཟད་བར་སྡུག་བསྔལ་དེ་རྣམས་ལ་སྤྱོད་དེ། སྔར་བཤད་པའི་དམྱལ་བ་ཀུན་གྱི་སྡུག་བསྔལ་དེ་བས་བཅུ་འགྱུར་གྱིས་ཆེ་བར་འབྱུང་བར་འགྱུར་རོ། །གཉིས་པ་འཁོར་གྱི་རྒྱུ་འབྲས་ནི། དང་པོ་ནི། དགེ་བསྙེན་བསླབ་པའི་གཞི་ལྔ་ཡོད་པའི་བསླབ་པ་སུན་ཕྱུང་ནས་ལོག་པར་ལྟ་བ་བསྟན་པས་སེམས་ཉམས་པ་ནི། རབ་ཏུ་ཚ་བའི་འཁོར་དམྱལ་བ་ཕྱོགས་ཐམས་ཅད་རབ་ཏུ་བསྲེག་པ་བྱ་བར་སྐྱེ་སྟེ། ནམ་མཁའ་ལ་ཡང་རབ་ཏུ་འབར་བའི་མེའི་ནང་དུ་ཐལ་བ་ཡང་མི་ལུས་པར་ལོ་འབུམ་ཕྲག་དུ་མར་བསྲེག་གོ །བརྒྱ་ལ་དེ་ལས་ཐར་ཡང་། །གཤིན་རྗེས་བཟུང་ནས་ལྕགས་ཀྱི་ཐག་པས་བཀྱིག་ནས་ཐམས་ཅད་སྤྱི་གཙུག་དུ་བསྡུས་ནས། དེའི་སྟེང་དུ་ཕུར་བུ་མེ་འབར་བ་ཙུག་པར་ཁྲག་འབྱུང་བ་ཐམས་ཅད་མེ་རེད་ནས་ལུས་ཐམས་ཅད་འཁྲུག་ཅིང་སྲེག་པར་འགྱུར་རོ། །གཉིས་པ། དགེ་ཚུལ་མ་སུན་ཕྱུང་ནས་ལྟ་ལོག་གིས་སེམས་ཉམས་པར་བྱས་ན། རབ་ཏུ་ཚ་བའི་འཁོར་ལུས་ཆེན་པོ་སྒྲ་འབྱིན་པ་འཇིག་འཇིག་ལྟ་བུ་བྱ་བར་སྐྱེ་སྟེ། ལུས་ཆེན་པོ་དཔག་ཚད་གཅིག་ཙམ་ལ་མར་པ་ལྟར་བསྙི་བ་དེ། གཤིན་རྗེས་བཟུང་ན་སྐམ་པ་མེ་འབར་བས་ཤ་རུས་མ་ལུས་པ་ཐོག་ནས་ཟོས་པས་སྡུག་བསྔལ་བསྲན་མི་བཟོད་པས། དམྱལ་བ་པ་གཞན་གྱིས་ཐོས་ན་ཡང་། སྙིང་གས་ཤིང་རྟོལ་བ་ཙམ་གྱི་ངུན་མོའི་སྒྲ་ཆེན་པོ་འབྱིན་ཏོ། །དེའི་ཚེ་གཤིན་རྗེ་སྐྱེས་བུས་འདི་སྐད་ཟེར་རོ། །ཁྱོད་ཀྱིས་སྡིག་པའི་ལས་བྱས་པས། །ངན་སོང་ངེས་པར་མྱོང་བ་ཡིན། །ཡིད་བློད་དམན་པ་སྙིང་རྗེའི་སྐད། །ཅི་ཞིག་དེ་རིང་ཡོངས་སུ་གདུང་། སྡིག་ལས་ཟད་ན་ཐར་འགྱུར་གྱི། །ངུ་སྒྲ་འབྱིན་པས་ག་ལ་ཐར། །ཅེས་བྱ་བ་ལ་སོགས་པ་འཇིག་ཤིང་ཉམ་ང་བའི་སྒྲ་སྒྲོགས་པར་འགྱུར་རོ། །གསུམ་པ། ཞེ་སྡང་མེད་ཅིང་སྤྱོད་པ་ལྡན་པའི་བུ་མོ་གཞོན་ནུ་མའི་སྐྱེ་གནས་མ་ཡིན་པ་སྒོ་སུན་ཕྱུང་ནས་ལོག་ལྟ་ལ་སྦྱོར་ན། རབ་ཏུ་ཚ་བའི་འཁོར་མེ་སྤྱི་གཙུག་ལྟ་བུ་བྱ་བར་སྐྱེ་སྟེ། མེ་འབར་བའི་ས་གཞི་ཡི་སྟེང་བཞག་ནས་ལུས་བསྲེག་ཅད་བསྲེག་ཅིང་འབར་བས། དབང་པོ་རྨོངས་པར་འགྱུར་རོ། །བཞི་པ། དགེ་སློང་མ་སུན་འབྱིན་ནས་དེ་ལ་དགའ་བར་བྱེད་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་འདག་མ་བྱེ་མ་ལྟ་བུ་རྟག་ཏུ་འབབ་པ་བྱ་བར་སྐྱེ་སྟེ། བྱེ་མ་རྡོ་རྗེའི་གཟིགས་མ་ལྟ་བུའི་ཟུར་གསུམ་ཡོད་ཅིང་སོ་རྣོ་བ་དེ་དག་གིས། ཤ་དང་རུས་ལྷག་མ་ལུས་པར་འཐག་གོ །ཡང་འཆི། ཡང་སྐྱེ་ཞིང་སྔར་བཞིན་འཐག་གོ །ལྔ་པ་ནི། དགེ་བསྙེན་མ་བསླབ་པའི་གཞི་ལྔ་ཡོད་པ་སྟོབས་ཀྱིས་མནན་ནས་མི་ཚངས་པར་སྤྱད་ནས། ཆོས་མ་ཡིན་པར་མི་འགྱུར་སྙམ་ནས་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་ན་ལོག་ལྟ་ལ་སྦྱོར་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་ནང་ན་མེ་མདག་ཡོད་པ་ཞེས་བྱ་བར་སྐྱེ་སྟེ། མེ་མདག་གི་རི། ཀུན་སྲེག །གཏིང་ཟབ། མུན་ནག་ཐིབས་མེ་མདག་ཚ་བ་ལྟ་བུ། ལས་མངོན་སུམ་པ་བྱ་བ་ལྔ་ཡོད་པ་སྟེ། མེ་ཏོག་པདྨའི་ཚལ་དུ་མཐོང་ནས་དེ་ལས་སྐྱབས་འཚོལ་བ་ལ་རྒྱུག་པ་ན། རླུང་མེ་ལྟ་བུ་ལང་ནས་མེ་མདག་གི་རི་དེའི་ནང་དུ་བདས་ནས་བསྲེག་པར་བྱེད་དོ། །དེ་ནས་སྡུག་བསྔལ་སྲན་མ་བཟོད་པས་གར་བབ་བབ་ཏུ་བྲོས་པ་དང་། གཤིན་རྗེའི་སྐྱེས་བུས་བཟུང་ནས་རྐུབ་ཀྱི་ཤ་སོག་ལེ་འབར་བས་གཅོད། བཤགས་པ་དང་། དྲལ་བར་བྱེད་དོ། །དྲུག་པ་ནི། བུ་སྲིང་ངམ་བུ་སྲིང་དང་འདྲ་བའམ། །གྲོང་གི་ཆུང་མའམ་བསླབ་པའི་གཞི་གང་ཡང་རུང་བླངས་པའི་ཁྱིམ་པའི་བསླབ་པ་འདྲེལ་ཞིང་ལོག་པ་ལྟ་བ་ལ་སྦྱར་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་ཨ་ལ་ལ་བྱ་བར་སྐྱེ་སྟེ། སྤུ་གྲི་ལྟ་བུའི་རླུང་ཤུག་དྲག་པོ་ཚ་ཞིང་རྩུབ་པ་དེས་བྱེ་མའི་ཚད་ཙམ་ཡང་མི་མངོན་པར་འཁྱེར་རོ། །དེ་ལས་ཐར་ནས་ཡང་། བྱི་བ་སོ་རྡོ་རྗེ་ལྟ་བུ་ཡོད་པས་ཡུང་འབྲུ་ཙམ་དུ་བརླག་ནས་ཟའོ། །དེས་ནས་ཡང་སྲིན་བུ་མར་ཀོ་ཏས་ཟ་ནས་སྨྲེ་སྔགས་དང་འོ་དོད་འབོད་པར་འགྱུར་རོ། །བདུན་པ། བུད་མེད་སྡོམ་པ་བླངས་པ་དག་གིས། འོས་པ་མ་ཡིན་པའི་དགེ་སློང་ལ་ཆང་བླུད་ནས་དེ་འཁྲུལ་པར་བྱས་ཤིང་ཡིད་ལ་ཆགས་པ་བསྐྱེད་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་ཤར་གྱུར་པ་ཐམས་ཅད་སྡུག་བསྔལ་བར་སྐྱ་བ་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུས་མཚོན་ཆ་ཧུ་ལུ་འབར་བས་པགས་པ་མ་ལུས་པ་བཤུས་ནས་དེའི་སྟེང་དུ་ལྕགས་ཀྱི་སྣོད་དུ་བ་ཚྭ་རབ་ཏུ་སྐོལ་བ་ལྡུག་པ་དང་། རོ་ཉེ་སྐོལ་བ་ཁར་བླུག་པས་ཚ་ཞིང་རྩུབ་པའི་སྡུག་བསྔལ་བསྲན་མི་བཟོད་པ་འབྱུང་ངོ་། །བརྒྱད་པ། གྲོགས་ཀྱི་ཆུང་མ་ཉམས་པ་མེད་པ་ལ་སུན་འབྱིན་པར་བྱེད་པ་དང་། ལོག་པར་སྤྱོད་པ་ལ་རྟག་ཏུ་དགའ་བར་བྱེད་པ་ནི། རབ་ཏུ་ཚ་བའི་འཁོར་དམྱལ་བ་ཆུ་བོ་རབ་མེད་བྱ་བར་སྐྱེ་སྟེ། མུན་ནག་ཐིབས་པའི་ལས་ཀྱིས་བྱས་པའི་མཚོན་ཆ་སྣ་ཚོགས་ཀྱིས་བདས་ནས་བ་ཚའི་ཆུ་བོ་རབ་མེད་པ་མེ་དང་འདྲ་བའི་ནང་དུ་བསྐྱུར་ནས། ལས་ལ་བྱུང་བའི་སྦྲུལ་གདུག་པ་མཆེ་བ་རྣོ་བ་རྣམས་ཀྱིས་མགོ་ལུས་ཐམས་ཅད་ཟ་ནས། སྡུག་བསྔལ་བསྲན་མི་བཟོད་པས་ངུ་སྐད་འབྱིན་ཅིང་ཆོ་ངེ་འདེབས་པར་འགྱུར་རོ། །དགུ་པ། ཕྱི་རོལ་པའི་ཉོན་མོངས་པ་དུག་གསུམ་གྱི་ཆགས་པ་དང་བྲལ་བ་དེ། བུད་མེད་དག་གིས་བསླུས་ནས། །ཡང་འདོད་པ་རྣམས་ལ་འཇུག་པར་བྱེད་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་རྟག་ཏུ་མུན་པ་བྱ་བར་སྐྱེ་སྟེ། སྲིན་བུ་ས་རྐོ་བྱ་བ་མཆུ་རྡོ་རྗེ་ལྟར་རྣོ་བ་དག་གིས་གང་དུ་བྲོས་ཀྱང་མི་གཏོང་བར་ཟ་བར་འགྱུར་རོ། །ལུས་འཇིག་པར་འགྱུར་རོ། །བཅུ་པ། དགེ་སློང་ཚུལ་ཁྲིམས་དང་ཆོས་ཀྱི་ལམ་ལ་གནས་ཤིང་ཡོད་པའི་དྲུང་དུ། བུད་མེད་སྤྱར་མ་གཅིག་སོང་། འདི་སྐད་དུ། ཁྱོད་ཀྱིས་བདག་ཅི་དགའ་བར་མཛོད་ཅིག་གལ་ཏེ་དགེ་སློང་ཁྱོད་ཀྱིས་བདག་ལ་ཆགས་པ་མ་སྤྱད་ན་དགེ་སློང་འདིས་བདག་ལ་འདོད་པ་སྤྱོད་དགོས་ཟེར་བ་ལ་ཁོ་མོས་མ་འདོད་པ་ཡིན་ནོ་ཞེས་ཀུན་བསྒྲག་པར་བྱའོ། །དེས་ན་རྒྱལ་པོའམ་བདག་གི་ཁྱིམ་ཐབས་ཀྱིས་ཆ་གཅོད་པར་འགྱུར་རོ། །གལ་ཏེ་སྤྱད་ན་བདག་གིས་ཁྱོད་ལ་ཟས་གོས་མང་པོ་འབུལ་བ་ཡང་བྱེད། གཞན་གྱིས་ཀྱང་མི་ཚོར་བར་འགྱུར། དགེ་སློང་འདི་ནི་ཚུལ་ཁྲིམས་ལྡན་བ་ཡིན་པས། ཀུན་གྱིས་ཡོ་བྱད་མང་པོ་ཕུལ་ཅིག་སྨྲ་བར་ཅེས་གྲགས་པ་བསྒྲགས་པས། ཀུན་གྱིས་བཀུར་བར་འགྱུར་རོ་ཞེས། དེ་ལྟར་འཇིགས་པས་བསྡིགས་ནས་བྲིད་དེ། དགེ་སློང་དེ་ཡང་དག་པའི་ལམ་ལས་ཉམས་པར་བྱེད་ན། བུད་མེད་དེ་ལུས་དང་བྲལ་ནས་ཚ་བའི་དམྱལ་བའི་འཁོར་དམྱལ་བ་གནོད་པའི་རྒྱུན་བྱ་བར་སྐྱེ་སྟེ། ཡང་ལོགས་ཀུན་གྱི་སྡུག་བསྔལ་འབྱུང་བའི་སྟེང་། གཤིན་རྗེའི་སྐྱེས་བུས་བུད་མེད་དེ་བཟུང་སྟེ། པགས་པ་མ་ལུས་པ་དམར་ཟུལ་ཀྱིས་བཤུས་ནས། ལྕགས་ཀྱི་སོ་མང་མེ་འབར་བས་བཤད་པར་བྱེད། གཤོགས་པར་བྱེད། ཡང་པགས་པ་སྐོན་པར་བྱེད་ཅིང་། ཡང་བཤུས་ནས་ཟངས་ཞུན་མའི་ཁུ་བ་བླུགས་པས། སྡུག་བསྔལ་བསྲན་མི་བཟོད་པ་འབྱུང་བས། དམྱལ་བ་གཞན་གྱི་ཐོས་ན་ཡང་ཡིད་བློང་བའི་ངུན་མོའི་སྒྲ་ཆེན་པོ་འབྱིན་པར་འགྱུར་རོ། །བཅུ་གཅིག་པ། གཞན་གྱི་ཡུལ་འཁོར་འཕྲོག་ཅིང་། དགེ་སློང་མ་ཉམས་པ་མེད་པ་མཐུ་སྟོབས་ཀྱིས་སུན་ཕྱུང་ནས་སྡོམ་པ་འཇིག་པར་བྱས་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་སྲད་བུའི་རྒྱུད་སྐྲུག་པ་བྱ་བར་སྐྱེ་སྟེ། དྲ་བ་རྡོ་རྗེ་ལྟར་སྲ་བའི་ནང་དུ་བཅུག་ནས། མདའ་མེ་འབར་བ་དག་གིས་བསྲེགས་པ་དང་། །སྤུ་ལ་འབྱར་བའི་སྦྲང་བུ་མཆུ་རིང་གིས་བཏོག་པས་སྡུག་བསྔལ་ནས་བྲོས་པ་དང་། རྒྱང་རིང་པོ་ན་སྒོ་གསལ་བ་གཅིག་མཐོང་ནས་ནང་དུ་ཞུགས་པ་དང་། སྦྲུལ་གདུག་གི་ཁ་ནང་དུ་ཕྱིན་ནས་མི་ལོ་དུ་མར་བསྲེག་གོ །བཅུ་གཉིས་པ་ནི། ལོག་པར་ལྟ་བའི་དབང་གིས་སྲིང་མོ་ཆང་གིས་ར་རོ་བར་འགྱུར་བ་ལ་མི་རིག་པ་བྱས་ཤིང་ལོག་པར་ལྟ་བ་ལ་སྦྱར་ན་རབ་ཏུ་ཚ་བའི་འཁོར་དམྱལ་བ་སྐྲ་ཤད་འཛིངས་པ་བྱ་བར་སྐྱེ་སྟེ། ལྕགས་ཀྱི་ཀོ་རོའི་ནང་དུ་བཅུག་ནས་སྦུད་པ་གཉིས་ཀྱི་སྦུད་ནས་གསེར་བཞིན་དུ་བཞུའོ། །བརྒྱ་ལ་ཀོ་རོའི་ཞབས་སུ་ལྷུང་ན། མགར་བས་ལྕགས་རྡུང་བ་བཞིན་དུ་བརྡུང་ངོ་། །དེ་ལས་ཐར་ཡང་རྔ་མེ་རབ་ཏུ་འབར་བའི་ནང་དུ་བཅུག་ནས་བསྲེག་ཅིང་སྙིང་འགས་པར་བྱེད་དོ། །བཅུ་གསུམ་པ། ཅི་ལྟར་བྲམ་ཟེའི་སྨྲང་ལས། བུད་མེད་གཞོན་ནུ་མ་འདོད་ཆགས་ལངས་པ་ལ་གང་བག་མར་མ་བླང་ན། མི་ཡི་སྲོག་བཅད་པ་དང་འདྲ་བར་འགྱུར་རོ་ཞེས། བསྟན་ཆོས་ངན་པས་བསླུས་ནས་ལྟ་བ་ལོག་པས། འོས་པ་མ་ཡིན་པའི་བུད་མེད་ལ་བྱེད་ཅིང་། ཆགས་པའི་དབང་གིས་ལྟ་བ་ངན་པར་འཇུག་པར་བྱེད་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་སྙིང་རྗེ་སྐད་སྒྲ་འབྱིན་པ་ཞེས་བྱ་བར་སྐྱེ་སྟེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མཚོན་སྣ་ཚོགས་འཕེན་ཞིང་ལྕགས་བསྲེག་གི་ས་གཞིའི་སྟེང་དུ། །བདས་པ་དང་ལས་ལས་སྐྱེས་པའི་སྦྲུལ་མགོ་སྟོང་ཡོད་པ་དག་གདུག་ཅིང་འཇིགས་པའི་ཆ་བྱད་ཅན་གཅིག་གིས་ཁ་མེ་རབ་ཏུ་འབར་བས་བཟུང་ནས་ཟ་བར་འགྱུར་རོ། །བཅུ་བཞི་པ། འདོད་ཆགས་བདེ་བའི་མི་དག་གིས་རང་གི་གོང་མ་མཁན་པོའི་ཆུང་མ་ཉེས་པ་མེད་པ་སུན་འབྱིན་པར་བྱེད་ན། རབ་ཏུ་ཚ་བའི་འཁོར་དམྱལ་བ་སྙིང་རྗེ་ཆེན་པོ་ཞེས་པར་སྐྱེ་སྟེ། མཚོན་ཆ་རྣོན་པོ་མེ་འབར་བས་ཤ་དང་རྒྱུས་པ་དང་པགས་པ་དང་། རུས་པ་དང་། རྐང་ལ་སོགས་པ་དང་མིག་ལ་སོགས་པ་དབང་པོ་ཐམས་ཅད་གཅོད་པས་སྙིང་རྗེའི་སྐད་དུ་ངུ་བཞིན་སྨྲེ་སྔགས་འདོན་ཏོ། །བཅོ་ལྔ་པ་ལོག་པར་ལྟ་བའི་དབང་གིས་མནའ་མ་ལ་མི་རིགས་པ་བྱེད་པ་དང་། སྤྱོད་པ་བཟང་བའི་བུད་མེད་ལོག་པར་ལྟ་བ་ལ་སྦྱོར་བ་བྱེད་ན་རབ་ཏུ་ཚ་བའི་འཁོར་དམྱལ་བ་སྙིང་རྗེ་མེད་པ་བྱ་བར་སྐྱེ་སྟེ། ལྕགས་བསྲེགས་ས་གཞིའི་སྟེང་དུ། ལས་མཐུན་པའི་དམྱལ་བའི་སེམས་ཅན་བརྒྱ་སྟོང་མང་པོ་གཅིག་གི་སྟེང་དུ་གཅིག་བརྩེག་ནས། དེའི་སྟེང་མེས་བུས་ནས་བསྲེག་ཅིང་། གཤིན་རྗེའི་སྐྱེས་བུས་ཐོ་བ་ཐོག་སྟེ་འགར་བ་བཞིན་བརྡུང་བར་འགྱུར་རོ། །བཅུ་དྲུག་པ། བསོད་པར་འོས་པའི་མི་གཅིག་གསོད་པའི་སར་ཁྲིད་པ་ན། མི་གཞན་གཅིག་གིས་སྲོག་བླུས་ཏེ་བཏང་བའི་ཚེ། དེས་དྲིན་མེད་པའི་སྟེང་དུ། སྲོག་བླུ་མི་དེའི་བུད་མེད་ལོག་ལྟའི་དབང་གིས་ཕྲོག་ན། ཆུ་བོ་སྒྲ་ཆེ་བྱ་བ་རབ་མེད་པ་མེ་འབར་བའི་ནང་དུ། ལས་མཐུན་པའི་དམྱལ་བའི་སེམས་ཅན་གྲངས་མེད་པ་དུས་གཅིག་དུ་ཤུག་དྲག་པོས་བདས་པས་ཀུན་གྱི་འོག་ཏུ་བཅུག་ནས། །སྟེང་དུ་ནི་གཞན་རྣམས་ཀྱིས་མནན། འོག་ཏུ་ནི་ཞ་ཉེ་བསྐོལ་བས་འཚེད་ཅིང་། ལས་ཀྱིས་བྱས་པའི་ཆུ་སྲིན་རྣམས་ཀྱིས་ཡན་ལག་ཐམས་ཅད་ཟའོ། །འདི་རྣམས་ཀྱི་སྡུག་བསྔལ་ནི་བློས་དཔག་ཏུ་མེད་པས་ཚོད་བཟུང་བར་མི་ནུས་སོ། །ཚེ་ཚད་གཞུང་ལས་གསལ་ལོ། །མནར་མེད་ལ། །བཅུ་ཡོད་པའི། དང་པོ་མདོར་བསྟན་པ་ནི་སྔར་བཤད་པའི་དམྱལ་བ་དེ་རྣམས་ཁྱད་པར་དུ་མི་བཟོད་པ་མེ་རབ་ཏུ་འབར་བའི་མནར་མེད་པའི་དམྱལ་བར་སྐྱེ་བའི་རྒྱུ་ནི། བསམ་བ་ངན་པས་ཕ་དང་མ་བསད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ངན་སེམས་བསྐྱེད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དགྲ་བཅོམ་བསད་པ་དང་དེ་ལ་གནོད་པ་བྱས་པ་ལ་སོགས་པ་འཚམས་མེད་པ་ལྔ་བྱེད་པ་དེ་ནི་མནར་མེད་དུ་ཐེ་ཚོམ་མེད་པར་ངེས་པར་འགྲོ་བར་འགྱུར་རོ། །གཉིས་པ་གནད་གཅོད་ཀྱིས་སྡུག་བསྔལ་ནི་མནར་མེད་དུ་སྐྱེ་བ་དེ་ནི། གསོན་པའི་དུས་ན་ཡང་མི་དགེ་བ་སྣ་ཚོགས་འབྱུང་ཞིང་། །འཆི་ཁ་མའི་ཚེ་ལྟས་འདི་ལྟ་བུ་འབྱུང་སྟེ། ལས་ཀྱི་སྣང་བ་ལོག་པ་ཉིན་པར་ཟླ་བ་དང་། མཚན་མོ་ཉི་མ་མཐོང་བ་དང་། རང་གྲིབ་མི་མཐོང་བར་འགྱུར། གློ་བུར་དུ་སྒྲ་མི་སྙན་པ་ཐོས་པར་འགྱུར། སྣ་ཡོ། སྐྲ་དང་ཁ་སྤུ་འཛིངས་པར་འགྱུར། ནད་བཞི་བརྒྱ་རྩ་བཞི་ལས་ཆེས་ཚབ་ཆེ་བས་འདེབས་ཅིང་འཚེད་པ་དང་། ཡོངས་སུ་གདུང་བས་སྲིན་བུའི་རིགས་བརྒྱད་ཅུ་དག་ལ། རླུང་ནི་བརྒྱད་ཅུ་དག་བཞུག་ཅིང་འཁྲུག་པ་ཡིས། ལུས་དང་རྩ་དང་རུས་པ་དང་པགས་པ་དང་། རྒྱུས་པ་དང་། ཤ་དང་ཚིལ་བུ་དག་ལ་ཞུགས་ནས་ལུས་ཀུན་སྲིན་བུས་འབིགས་པར་བྱེད། མེས་འཚིག་པ་དང་མུན་པར་ཞུགས་པ་དང་། གཅན་གཟན་སྣ་ཚོགས་རང་གི་སྟེང་འོང་བ་དང་། གཤིན་རྗེའི་སྐྱེས་བུས་རང་ལ་བསྲེག་པའི་སྣང་བ་འབྱུང་བ་ཡིས་ཡིད་རབ་ཏུ་རྨོངས་ནས་ངུ་བའི་སྒྲ་འབྱིན་ཅིང་དབང་པོ་ནི་སྔ་མ་ལས་འགྱུར་ནས། སྐྲགས་པས་གཤང་ལྕི་འཆོར་ཞིང་འབྱིག་པ་ལ་སོགས་འཆི་བའི་རྟགས་རྣམས་འབྱུང་ངོ་། །དེའི་ལུས་ལ་དམྱལ་བའི་མེས་ཤི་བ་འདི་ནས་བར་དོར་ཡང་གདུང་བར་བྱེད་དོ། །གསུམ་པ། བར་དོའི་སྡུག་བསྔལ་ནི། །དེ་ནས་སེམས་ཅན་དེ་ནི་འདི་ནས་བར་དོར་འཕོས་མ་ཐག་ཏུ། ཡང་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ལྕགས་ཀྱི་ཐག་པ་མེ་འབར་བས་སྐེ་ནས་འཆིང་ཞིང་། ལག་པ་གཉིས་ཕྱིན་ལོག་དུ་བཅིང་ནས་སྤྱོ་ཞིང་ཁྲིད་པ་དེའི་ཚེ། མྱ་ངན་དང་སྨྲེ་སྔགས་འདོན་པའི་ཚིག་ནི། གཤིན་རྗེའི་སྐྱེས་བུས་ཡོངས་བསྐོར་ཅིང་། །དབང་མེད་འཇིགས་པར་རབ་ཏུ་ཁྲིད། །བདག་གི་ལུས་ནི་ཐམས་ཅད་དག །སོག་ལེས་ཡོངས་སུ་གཤོགས་པར་བྱེད། །སྡུག་བསྔལ་འདི་ལས་རྣམ་གྲོལ་བར། །སྐྱབས་སུ་འགྱུར་བ་ཡོང་མེད་དེ། །ལུས་དང་སེམས་ལ་སྐྱེས་པ་ཡི། །སྡུག་བསྔལ་ཡང་དང་ཡང་དུ་འཕེལ། །སྡུག་བསྔལ་གྱིས་ནི་ནོན་པ་ན། །བདག་ལ་ཀུན་ནས་གྲོགས་མེད་དོ། །ཅེས་ཉམ་ཐག་པའི་ཚིག་དེ་སྐད་སྨྲས་པ་དང་། དེ་ནས་དམྱལ་བ་དེ་ལ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས། བསྡིག་པའི་ཚིག་འདི་ལྟར་སྤྱོ་བ་ཐོས་པར་འགྱུར་རོ། །ཀྱེ་མ་ལས་ནི་རབ་སྤྱད་པའི། །ཁྱོད་ལ་འབྲས་བུ་འདིར་འོངས་སོ། །ཁྱོད་ཀྱིས་ངན་བྱས་གང་བྱས་པ། །སྡུག་བསྔལ་ལས་ནི་སྡུག་བསྔལ་ཆེ། །སྐལ་པའམ་བསྐལ་པའི་ལྷག་མ་རུ། །ཁྱོད་ནི་མེ་ཡིས་བསྲེག་པར་བྱེད། །ལས་ཀྱི་ཞགས་པས་གང་བཅིངས་པ། །མེ་དེ་སེམས་ཅན་དམྱལ་བར་བཅིངས། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཤ་ཟ་ལྟོ་འཕྱེ་སྲིན་པོ་དག །ཁྱོད་ལ་ཡོངས་སུ་སྐྱོབ་མི་བྱེད། །ལས་བྱས་ངེས་པར་འགྲོ་བ་ནི། །མ་ནི་གསོད་པར་བྱེད་པ་དང་། །གང་གིས་ཁྱོད་ནི་སྔོན་བསྐྱེད་པའི། །ཕ་ལ་འཁྲུལ་པས་གནོད་པ་བྱས། །གང་གིས་ཁམས་གསུམ་ཁྱད་འཕགས་པ། །དེ་ལ་ཁྱོད་ཀྱིས་ངན་སེམས་བསྐྱེད། །ཐར་པའི་སྒོ་ནི་རྣམ་འབྱེད་པ། །ཁྱོད་ཀྱིས་དགེ་འདུན་མཐུན་པ་ཕྱེ། །རྨོངས་པས་དགྲ་བཅོམ་གནོད་བྱས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །ལུས་ངག་ཡིད་ཀྱི་སྡིག་པ་བཅུ། །རབ་སྤྱད་ཁྱོད་ནི་ངེས་འགྲོ་བ། །དམྱལ་བ་དྲག་པོ་འདི་ཐོབ་སྟེ། །ངེད་ཅག་གིས་ནི་ཡོངས་བསྐོར་བ། །གཏི་མུག་ཅི་ཞིག་ཡོངས་སུ་གདུང་། །རྒྱ་མཚོའི་ཁྱད་པར་གང་ཡིན་པ། །གང་གིས་ཁྱད་པར་ཆུ་ཐིག་ཙམ། །གང་དག་མི་བཟོད་ཐོབ་པ་ཡི། །སྡུག་བསྔལ་དེ་ནི་འདི་ཙམ་མོ། །ཞེས་བྱ་བ་ལ་སོགས་པའི་ཚིག་དུ་མས་རབ་ཏུ་བསྡིག་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་བྱེད་དོ། །བཞི་པ། གཙོ་བོའི་སྡུག་བསྔལ་ནི། །དམྱལ་བ་དེའི་གནས་དེ་ནི་ལྕགས་བསྲེག་ལས་གྲུབ་པ། དབྱིབས་གྲུ་བཞིར་འདུག་པ། སྒོ་བཞི་ཡོད་པ་རྣམས། དུག་སྦྲུལ་དཔག་ཏུ་མེད་པས་རྣམ་པར་ཕྱེ་བ། དེའི་ནང་དུ་སེམས་ཅན་དམྱལ་པ་དཔག་ཏུ་མེད་པ་དུ་མ་དག་རང་དབང་མེད་པར་དམྱལ་བ་དེར་ནི་འཚེད་པར་བྱེད་དེ། །དམྱལ་བ་དེའི་སྡུག་བསྔལ་འབྱུང་བའི་སྒྲ་གྲགས་པ་ཐོས་ན། དམྱལ་བ་གཞན་གྱི་སྡུག་བསྔལ་བྱུང་བ་ཀུན་བརྗོད་ཅིང་། །དམྱལ་བ་འདི་ཡི་སྡུག་བསྔལ་གྱི་ཅན་དུ་དམྱལ་བ་གཞན་གྱི་སྡུག་བསྔལ་ནི་བདེ་བ་དང་འདྲ་བར་འདུག་སྙམ་ནས་ཡིད་སྨོན་བྱེད་པར་འགྱུར་བ་ཡིན་ནོ། །དེར་ཡང་། མེ་ཤིན་ཏུ་ཚ་བས་དོག་ལེ་བསྲེག་པའི་ནང་དུ་སྣུམ་ཐིག་པ་གཅིག་བསྲེག་པ་བཞིན་དུ་ནི་བསྲེག །དུག་དང་རྡོ་རྗེ་འབར་བ་རྣམ་ཀྱིས་ནི་ལུས་ལ་འཇོམ། ཤ་ཟ་བའི་སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། ཁྱུང་དང་། བསེ་ཁྱི་དང་། གླང་པོ་ཆེ་རྣམས་ཀྱིས་ཤ་རུས་ཐམས་ཅད་ཁམ་ཆོམ་དུ་ནི་ཟ། སྦྲུལ་ཆེན་པོ་མེ་འབར་བ་དང་། ལྕགས་ཀྱི་ཁྱི་དང་། སྲེན་བུ་མར་ཀོ་ཏ་ལ་སོགས་པས་ཤ་ཟ་བའི་རིགས་དུ་མས་ལུས་ནི་གང་ནས་ཟ། གཤིན་རྗེའི་སྐྱེས་བུ་གཟུགས་འཇིགས་ཤིང་མི་སྡུག་པ་རྣམས་ཀྱིས། གནོད་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་རྣམས་ཀྱིས་ལུས་སེམས་གཟིར་ནས། སྡུག་བསྔལ་སྲན་མི་བཟོད་པས་ཡི་མུག་ནས་ཨ་ལ་ལ་སྡུག་བསྔལ་ཞེས་དམྱལ་བ་པ་གཞན་གྱིས་ཐོས་ན་ཡང་ཡིད་ནོངས་བར་བྱེད་པའི་ངུན་མོའི་སྒྲ་བར་འཚམས་མེད་པར་སྒྲོགས་སོ། །དེ་རྣམས་ཀྱི་ཚོར་བའི་སྡུག་བསྔལ་ནི་འཇིག་རྟེན་ན་ཚོད་འདི་ཙམ་ཡིན་ཞེས་དཔེར་བྱར་རུང་བ་ནི་གཅིག་ཀྱང་མེད་དེ། དེ་ལ་སོགས་པ་མི་དགེ་བ་སོ་སོའི་འབྲས་བུ་མྱོང་བ་ནི་དཔག་ཏུ་མེད་པ་ཡོད་པས། འཇིག་རྟེན་འདི་ན་སུ་ཞིག་གིས་བརྗོད་པར་ནུས་ཏེ། བརྗོད་ནུས་པ་སུ་ཡང་མེད་དོ། །དམྱལ་བ་དེར་སྐྱེ་བའི་ལུས་ནི། ཐུགས་མི་བཟོད་པའི་གཞོན་ཤ་ཡིན་ལ། ཚད་ནི་མཚམས་མེད་གཅིག་བྱས་ན་ལུས་དཔག་ཚད་གཅིག་འགྲུབ་ལ། ལྔ་ཀ་ཚང་བ་བྱས་ན་ལྔའི་བར་དུ་འགྲུབ་སྟེ། མནར་མེད་ཀྱི་སྡུག་བསྔལ་མྱོང་བར་བྱེད་དོ། །ལྔ་པ་འཁོར་གྱི་མིང་དང་། དྲུག་པ། རྒྱུ་འབྲས་གཉིས་འཇུག་པ་གཅིག་གིས་བཤད་ན། མཚམས་མེད་པ་ལྔ་བྱེད་མནར་མེད་གཙོ་བོར་སྐྱེ་དང་། དེ་དང་ཉེ་བ་ལྔ་བྱེད་ན་འཁོར་དུ་སྐྱེའོ། །དང་པོ། དེ་ཡང་བསམ་བཞིན་དུ་མ་ལ་ངན་སེམས་བསྐྱེད་ནས། དགའ་ཞིང་གོམས་པར་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་བྱ་རོ་ལ་བྱ་བར་སྐྱེ་སྟེ། གཤིན་རྗེ་མི་ནག་ཅེས་བྱ་བས། བ་ཚྭའི་ཆུ་བོ་ཟངས་བཞུས་པ་ལྟ་བུ་དེ་བླང་ནས། ཁ་བྱ་རོག་ཁ་ལྟར་གདངས་སུ་བཅོལ་ནས་དེའི་ནང་དུ་བླུག་ནས་ནང་གྲོལ་ཐམས་ཅད་བསྲེག་པར་བྱེད་དོ། །གཉིས་པ། དགེ་སློང་མ་དགྲ་བཅོམ་མ་ལ་ལོག་པར་སྤྱོད་ན། མནར་མེད་ཀྱི་འཁོར་དམྱལ་བ་ཐམས་ཅད་ས་འོག་བྱ་བར་སྐྱེ་སྟེ། ལྕགས་ཀྱི་ས་གཞི་ལ་དོང་མེ་འབར་བ་རྐོས་པའི་ནང་མགོ་ཐུར་དུ་བསྟན་ནས་འཇུག་ཅིང་། མཚོན་ཆ་རྣོན་པོ་སྣ་ཚོགས་ཀྱིས། ཤ་བཞོག་ཅིང་དུམ་བུར་བྱས་ནས། བ་ཚྭའི་ཆུ་དང་། ཟངས་བཞུས་པས་རུས་པ་ལ་ཆག་ཆག་འདེབས་པར་བྱེད་དོ། །གསུམ་པ། ར་རོ་བའམ་བག་མེད་པའི་ཉེས་པས། མ་ལ་ལོག་པར་གཡེམ་པར་བྱེད་ཅིང་། དགའ་ཞིང་བཤགས་པར་མི་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་སྡུག་བསྔལ་མཐའ་ཡང་ཡང་བྱ་བར་སྐྱེ་སྟེ། རྐུབ་དུ་ཕུར་བུ་མེ་རབ་ཏུ་འབར་བ་དང་། ཚེར་མ་དག་དུ་འཇུག་པར་བྱེད། དེ་བཞིན་དུ་ལུས་ཀུན་ཕུར་བུ་དང་ཚེར་མས་འཇོམ་པར་འགྱུར་རོ། །བཞི་པ། ཐམས་ཅད་མཁྱེན་པའམ། །རང་སངས་རྒྱས་སམ། དགྲ་བཅོམ་པའམ་ཆོས་དང་འདུལ་བ་ལ་ངན་དུ་བརྗོད་ཅིང་། ཆོས་མ་ཡིན་པ་ལ་ཆོས་ལྟ་བུ་བརྗོད་ནས་ཡང་ཡང་དུ་སྟོན་པར་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་ཝ་སྐད་འབྱིན་པ་བྱ་བར་སྐྱེ་སྟེ། སྐྱེས་མ་ཐག་དུ་ཝ་མཆེ་བ་འབར་བས་བཟུང་ནས་ཡན་ལག་དང་ནང་གྲོལ་ཐམས་ཅད་སོ་སོར་གཏོར་ནས་འཁྱེར་རོ། །དེ་ལས་ཐར་ན་གར་བབ་བབ་དུ་འགྲོ་བ་དང་། །གཤིན་རྗེའི་སྐྱེས་བུས་བཟུང་ནས་ཁ་གདང་སྟེ་ལྕེ་བཟུང་ནས་མཚོན་ཆ་ཧུ་ལུ་དག་གིས་དུམ་བུར་བྱེད་དོ། །ཡང་ལས་ངན་གྱི་དབང་གིས་ལྕེ་ཡང་སྐྱེས་ནས། ལྕགས་ཀྱི་ས་གཞི་མེ་འབར་བ་ལ་ལྕེ་ལྡག་དུ་འཇུག་གོ །དེ་ནས་ཐོང་བཤོལ་སོ་རྣོན་པོ་མེ་འབར་བ་དང་། རྨོན་གླང་རྨིག་པ་མེ་འབར་བས་བརྐོ་ཞིང་རྨོད་པར་བྱེད་ཅིང་བསྲེག་པས་བསྲན་མི་བཟོད་པས། མཁུན་པར་བྱེད། ཀུ་ཅོ་འདོན་པར་བྱེད། ངུ་སྐད་འབྱིན་པར་བྱེད་དོ། །ལྔ་པ། ཞེ་སྡང་དང་སེམས་རྩུབ་མོས་དགའ་ནས། གཙུག་ལག་ཁང་མེ་སྦར་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་། དགེ་འདུན་གྱི་དཀོར་མང་པོ་མེས་བསྲེག་ནས། དེ་ལ་དགའ་ཞིང་བཤགས་པར་མི་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་ལྕགས་ཀྱི་ལྕེ་སྤྱང་གྱིས་ཟ་བ་བྱ་བར་སྐྱེ་སྟེ། ལུས་ཆེན་པོ་མགོ་བཅུ་གཅིག་ཡོད་པར་སྐྱེ་སྟེ། དེ་ལ་མེ་འབར་ནས་མཆེད་པ་དང་། རྡོ་རྗེ་མེ་ཆར་ལྟར་འབབ་པ་དང་། ལྕེ་སྤྱང་གི་སོ་མེ་འབར་བ་ལྕགས་ཀྱི་མེར་བསྲེག་པ་ལྟ་བུས་ལུས་བཅའ་སྒ་ལྟར་སྲབ་མོར་བྱས་ནས་ཟ་བར་འགྱུར་རོ། །དྲུག་པ། །འཛེམ་པ་མེད་པར་སངས་རྒྱས་ཀྱི་དཀོར་ལ་མ་བྱིན་པར་བླང་ནས། དཀོར་ཡང་བར་སེམས་ནས་ལོངས་སྤྱོད་པར་བྱས་ནས། དགའ་བར་བྱེད་ཅིང་བཤགས་པར་མི་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་ལྟོ་གནག་བྱ་བར་སྐྱེ་སྟེ། རང་ཀྱི་ལུས་བཀྲེས་པ་དང་སྐོམ་པས་གདུང་བས་རང་ཉིད་ཀྱི་ཤ་ལ་ཟ་ཞིང་། གར་བབ་བབ་དུ་བྲོས་པས། །སྦྲུལ་ཆེན་པོ་ལྟོ་ལ་མདོག་ཆར་སྤྲིན་ལྟར་འདུག་པས་བཟུང་ནས་ཤ་རུས་ཐམས་ཅད་འཇོམ་པར་བྱེད་དོ། །ལྕགས་ཀྱི་བུམ་པ་མེ་འབར་བའི་ནང་དུ་མོན་སྲན་བཞིན་བསྲེག་ཅིང་འཚེད་པར་ཡང་འགྱུར་རོ། །བདུན་པ། གང་གིས་ཆོས་ཀྱི་ནོར་ལ་འཛེམ་པ་མེད་པར་བབ་ཆོལ་དུ་སྤྱད་ཅིང་ཉམས་པར་བྱས་ན། མནར་མེད་ཀྱི་འཁོར་དམྱལ་བ་ལུས་ཞུམ་བྱ་བར་སྐྱེ་སྟེ། ལྕགས་ཀྱི་ལྗོན་ཤིང་མེ་འབར་བ་གཉིས་འབྱུང་བ་དེ། ལས་ཀྱི་རླུང་ཤུག་ཆེན་པོས་ཕན་ཚུན་འདྲུད་ཅིང་བདར་བའི་བར་དུ། དམྱལ་བའི་ལུས་དེ་འཐག་པར་བྱེད་ཅིང་། ཤིང་དེའི་ཡན་ལག་ལ་བྱ་རྡོ་རྗེའི་མཆུ་ལྟ་བུས་ལུས་ཀུན་འཐོག་ཅིང་ཟ་བར་བྱེད་དོ། །བརྒྱད་པ། གང་གིས་དགེ་འདུན་གྱི་དཀོར་འཕྲོག་ཏེ་ཟ་བ་དང་ཕྲོག་ཤིང་འཇོམ་ནས་ལུས་ལ་གནོད་ཅིང་། དགེ་བའི་ཆོས་བསྒྲུབ་མི་ནུས་པར་འགྱུར། །བསམ་གཏན་ལ་དགའ་བ་མེད་པར་འགྱུར། སེམས་སྦྱོང་མི་ནུས་པར་འགྱུར་བར་བྱེད་ཅིང་། །དགའ་ཞིང་བཤགས་པར་མི་བྱེད་ན། །མནར་མེད་ཀྱི་འཁོར་དམྱལ་བ་རྨི་ལམ་འཇིག་བྱེད་སྟོན་བྱ་བར་སྐྱེ་སྟེ། །ལྕགས་སྲེག་གི་གཏུན་ཁུང་མེ་རབ་ཏུ་འབར་བའི་ནང་དུ་བཅུག་ནས། གཏུན་ཤིང་གིས་བརྡུང་བས། རུས་པ་དེ་སྦྲང་རྩིའི་ཚིག་མའི་གོང་བུ་ལྟར་བྱེད་པར་འགྱུར་རོ། །དགུ་པ། ཁྱིམ་གྱི་ནང་ནས་རབ་ཏུ་བྱུང་བའི་ནད་པའི་ནད་ཞི་བར་བྱའོ་སྙམ་ན་སྦྱིན་བདག་གཅིག་གིས་དད་པ་དང་གུས་པ་དང་བཅས་པས་ལོངས་སྤྱོད་ཀྱི་རྫས་བྱིན་པ་དེ། སྡིག་ཅན་གཅིག་གིས་ཕྲོག་པར་བྱས་ན། མནར་མེད་ཀྱི་འཁོར་དམྱལ་བ་ལུས་ཞུམ་མི་བཟད་བྱ་བར་སྐྱེ་སྟེ། བཞི་བརྒྱ་རྩ་བཞིའི་ནད་རྣམ་པ་སྣ་ཚོགས་ཀྱིས་གདུང་བ་དང་། ལྕགས་ཀྱི་སྡོང་པོ་མེ་རབ་ཏུ་འབར་བའི་ནང་དུ་བཅུག་ནས་བསྲེག་པར་འགྱུར་རོ། །བཅུ་པ། གང་གིས་རང་སངས་རྒྱས་བཀྲེས་པ་བསོད་སྙོམས་བྱས་པའི་ཟས་འཕྲོག་པར་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་རི་བརྩེག་ཆར་ལྟར་འབབ་པ་བྱ་བར་སྐྱེ་སྟེ། རྡོ་རྗེའི་རི་སྲ་ཞིང་མཁྲེགས་པ་བརྩེགས་པ་དཔག་ཚད་ཙམ་ཡོད་པ་ཆར་བབ་པ་བཞིན་དེའི་སྟེང་ཕབ་པས་ཕྱེ་མར་བཏག་ཡང་སྐྱེ་ཞིང་ཡང་འཐག་གོ །མེ་བཅུ་གཅིག་གི་དབུས་ན་བཅུན་ནས་བསྲེག་པར་འགྱུར་རོ། །བཅུ་གཅིག་པ། ཡུལ་དགོན་པ་གཅིག་ན་སྲོག་ཆགས་མང་པོ་གཅིག་ལ་ཆུ་ཉུང་ངུ་གཅིག་ཡོད་པ་དེ། མི་ངན་པས་སྡང་བའི་སེམས་ཀྱིས་བཅད་ནས། དགེ་སྦྱོང་དང་། བྲམ་ཟེར་བཅས་པ་དང་། རི་དྭགས་དག་དང་བྱ་ལ་སོགས་པ་སྐོམ་གྱིས་གདུང་ནས་འཆི་བའི་འཚེ་བ་བྱེད་པ་ནི་མནར་མེད་ཀྱི་འཁོར་དམྱལ་བ་བྱ་འཛམ་བྷ་སྒྲ་འབྱིན་བྱ་བར་སྐྱེ་སྟེ། མེ་སྟག་འབར་བའི་ཚལ་གྱི་ནང་དུ་ལོ་དུ་མར་བསྲེག་གོ །བརྒྱ་ལ་དེ་ལས་ཐར་ཡང་བཀྲེས་པ་དང་སྐོམ་པས་ཉེན་ནས་གར་བབ་སུ་འབྲོས་པ་དང་། བྱ་འཛམ་སྐད་འབྱིན་བྱ་བ་གླང་པོ་ཆེ་ཙམ་ལ་མཆུ་རྣོ་བ་གཅིག་ཡོད་པས་བཟུང་ནས། གནམ་དུ་འཕང་པས་སྐྲགས་པས་དྲན་པ་མེད་པར་གྱུར་ཏོ། །དེ་ནས་ལྕགས་ཀྱི་ས་གཞི་མེ་འབར་བའི་སྟེང་དུ་རྡོ་བཞིན་དུ་ལྷུང་བས་ལུས་དུམ་བུ་བརྒྱར་གྱེས་སོ། །ཡང་སོས་པ་དང་། བྱ་དེས་ཡང་སྔོན་བཞིན་བྱེད་པར་འགྱུར་རོ། །བཅུ་གཉིས་པ། འདོད་ཆགས་ཟད་པར་བྱེད་པའི་འགོག་པ་ལས་ལངས་པའི། །དགེ་སློང་དང་པོར་ཤིན་ཏུ་བཀྲེས་པ་དེའི་ཟས་འཕྲོག་ཅིང་། དེ་ལ་དགའ་ཞིང་བཤགས་པར་མི་བྱེད་ན། མནར་མེད་ཀྱི་འཁོར་དམྱལ་བ་སྐར་འཕྲེང་བྱ་བར་སྐྱེ་སྟེ། སྐར་མའི་འཕྲེང་བ་བཀྲམ་པ་ལྟ་བུའི་ཟངས་ཀྱི་ནང་དུ་ལོ་བྱེ་བ་དུང་ཕྱུར་ཕྲག་མང་པོར་བསྲེག་གོ །བརྒྱ་ལ་དེ་ལས་ཐར་ཡང་ཀུན་ནས་རབ་ཏུ་བཞུས་པའི་ཟངས་ཞུན་པའི་ཁུ་བ་འབབ་པ་རེ་ཐུང་བར་འགྱུར་རོ། །བཅུ་གསུམ་པ། སེམས་ཅན་རྣམས་སངས་རྒྱས་ལ་ཆོས་ཉན་པ་དང་དད་པ་མེད་པར་བྱ་བའི་ཕྱིར། ཆོས་ཀྱི་གཞི་བཤིག་སྟེ་གཏང་ངོ་སྙམ་ནས་ཆོས་ཀྱི་གླེགས་བམ་དུ་གཏོགས་པ་རྣམས་སྡང་བའི་སེམས་ཀྱིས་ཁྲོ་བོས་འདོར་ཞིང་འཇིགས་པར་བྱེད་པ་ནི། མནར་མེད་ཀྱི་འཁོར་དམྱལ་བ་སྡུག་བསྔལ་ཀུན་གྱིས་ཉེན་པ་བྱ་བར་སྐྱེ་སྟེ། མིག་གི་ནང་དུ་ཟངས་ཞུན་མའི་ཁུ་བ་ནི་བླུག །སོག་ལེ་མེ་འབར་བས་ཡན་ལག་ཐམས་ཅད་ནི་གཅོད། རྫ་མ་མེ་འབར་བའི་ནང་དུ་ལུས་ཀྱི་ཕྱེད་བཅུག་ནས་བསྲེག་ཅིང་ནི་བཞུ། ལུས་ཕྱེད་རྫ་མའི་ནང་དུ་མ་བཅུག་པ་ནི་གཤིན་རྗེས་བཞོག་ཅིང་གཏུབས་པའི་སྟེང་དུ་བ་ཚའི་ཆུས་ཆག་ཆག་འདེབས་པས་སྡུག་བསྔལ་སྲན་མི་བཟོད་པས་ངུ་ཞིང་འོ་དོད་འབོད་པར་འགྱུར་རོ། །བཅུ་བཞི་པ། ལོག་པར་ལྟ་བའི་དབང་གིས། དགེ་སློང་གི་ཡོ་བྱད་རྣམས་བསྲེག་ནས་དེ་མ་རུང་པ་བྱ་སྙམ་ནས། དགེ་འདུན་གྱི་ཞིང་ངམ། བུ་རམ་ཤིང་ངམ། ལྡུམ་རྭའམ། ཀུན་དགའ་རྭ་བའམ་དེ་ལ་སོགས་པ་དགེ་འདུན་གྱི་འཚོ་བའི་ཡོ་བྱད་མེར་བསྲེག་ཅིང་འཇོམ་ན། མནར་མེད་ཀྱི་འཁོར་དམྱལ་བ་གོས་དྲིས་བྱ་བར་སྐྱེ་སྟེ། ལྕགས་ཀྱི་དྲ་བ་མེ་འབར་བ་བུ་ག་ཁབ་མིག་ཙམ་གྱི་ནང་དུ་བཅུག་ནས། གཤིན་རྗེའི་སྐྱེས་བུས་མདེའུ་རྩེ་མོ་ཤིན་ཏུ་བདར་བའི་མདའ་རྣོན་པོའི་ཆར་ཕབ་པས། ལུས་ཕྱི་ནང་མེད་པ་ཐམས་ཅད་འབིག་ཅིང་བསྲེག་པར་བྱེད་དོ། །བཅོ་ལྔ་པ། བློ་དང་བསམ་པ་ངན་པའི་མི་གཅིག་གིས་དགེ་སློང་རྣམས་བསླུ་བར་བྱ་སྙམ་ནས། དགེ་སློང་རྣམས་ལ་དབྱར་ཟས་མེད་པའི་ཚེ། དགེ་སློང་དག་ན་བའི་གསོ་སྨན་གྱི་རྐྱེན་དང་། ཟས་ངས་སྦྱར་གྱི། ཁྱེད་སེམས་ལས་ཆུང་གྱིས་ཅིག་ཅེས་ཟེར་ནས་སྤྱན་དྲངས་སོ། །དེ་ནས་མི་ངན་པ་དེས། དགེ་སློང་གིས་རེ་བའི་ཟས་མེད་པར་བྱས་པ་དང་། དགེ་སློང་དེས་ཀྱང་ཁོ་ཡི་དད་པ་བསྐྱེད་པའི་ཕྱིར། ཟས་སྟེར་བའི་ཡོན་བདག་གཞན་མ་བཙལ་བས། དེར་ཟས་མེད་པས་ལ་ལ་ནི་ཤི །ལ་ལ་ནི་སྡུག་བསྔལ། ལ་ལ་ནི་ཆོས་བསྐྱེད་མི་ནུས། ལ་ལ་ནི་ཡུལ་གཞན་དུ་འགྲོ་བར་བྱེད་དེ། དེ་ལྟར་དགེ་འདུན་བསླུ་བའི་རྫུན་སྨྲས་ན། མནར་མེད་དམྱལ་བའི་འཁོར་ལྕགས་ལེབ་བྱ་བར་སྐྱེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཟངས་དམར་པོ་བསྐོལ་བ་དང་། ལྕགས་ཀྱི་ཐུ་ལུམ་འབར་བས་ལུས་རབ་ཏུ་ཞུམ་པ་དེ་པད་མ་ཆེན་པོ་ཁ་ཕྱེ་བ་བཙུམ་པ་ལྟར་མེ་བཅུས་བསྲེག་ཅིང་འཚེད་དོ། །དེ་ནས་ཡང་། ལྕགས་ལེབ་མེ་རབ་ཏུ་འབར་བ། ཆུ་ཞིང་དཔག་ཚད་ལྔ་པ་དེ་ཁྱེར་ནས །བསླུ་བར་བྱེད་པ་དེ་ཡོངས་སུ་བཀྲིས་ཅིང་དུ་མར་སྐོལ་བར་འགྱུར་རོ། །བཅུ་དྲུག་པ། གང་གི་འཕགས་པའི་གང་ཟག་མི་གནས་པར་བྱ་སྙམ་ནས། སངས་རྒྱས་ཀྱི་གཙུག་ལག་ཁང་འཇིག་པར་བྱེད་དེ། སངས་རྒྱས་ཀྱི་གསུང་རབ་ཡི་གེར་བྲིས་པ་འབྱེད་དམ། ཀླན་ཀ་བཙལ་བའི་ཕྱིར་མཁས་པ་དག་ལ་ཆོས་ཉན་ནས། འདིས་ཆོས་མི་ཤེས་འདུག་ཟེར་ནས། ཆོས་འདུལ་བ་དེ་ལ་འཇུག་པར་མི་བྱེད་པའི་སྟེང་དུ། ཆོས་དང་གང་ཟག་ལ། ཡོངས་སུ་མི་སྙན་པའི་ཚིག་བརྗོད་ཅིང་། ཡང་ཡང་དུ་དེ་ལྟར་བྱས་ན། མནར་མེད་ཀྱི་འཁོར་དམྱལ་མེས་བསྲེག་པ་བྱ་བར་སྐྱེ་སྟེ་དེ་དམྱལ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཅི་ཡོད་དེ་ཐམས་ཅད་བཅུ་འགྱུར་འབྱུང་ངོ་། །དེ་གཤིན་རྗེའི་མི་རྣམས་ཀྱིས་ལག་ན་ཐོ་བ་ཐོགས་པར་བསྲེག་པར་བྱེད། དུག་གི་མེ་ཆེན་པོས་ཀྱང་བསྲེག་པར་བྱེད་པ་ན་སྙིང་རྗེའི་སྐད་དུ་ངུ་བའི་ཚེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་སྨྲས་པ། གླེན་པ་དམ་པའི་ཆོས་འཇིག་པ། །རྨོངས་པའི་ཤུགས་ཀྱིས་ཐམས་ཅད་དུ། །བསྲེག་པའི་དུག་གིས་མྱོས་པ་དག །དོན་མེད་ཅི་ཞིག་ཡོངས་སུ་སྨྲེ། །སྡིག་པ་བྱེད་ཚེ་བདེ་བ་ནི། །བཟློག་ན་མེ་དང་འདྲ་བ་ཡིན། །མི་འདོད་མི་ཕན་སྡང་བའམ། །རྣམ་པར་སྨིན་པ་སྡུག་བསྔལ་ཚ། །གཏི་མུག་ཞགས་པའི་དབང་སོང་བས། །ལོངས་སྤྱོད་ཀྱིས་སྡིག་རྟག་ཏུ་བྱས། །སྡིག་དང་བཅས་པའི་ལས་བྱས་པས། །བྱིས་པ་དོན་མེད་ཅི་ཞིག་ངུ། །གཏན་ཚིག་ལྡན་པའི་ཚིག་རྣམས་ཀྱིས། དེ་ལ་བསྒོས་ནས་གཤིན་རྗེའི་མིས། །མདུང་ཤིང་ཐོ་བ་ཐོགས་ནས་སུ། །དེ་ནས་ཁྲོ་ཞིང་རྔམ་པར་འགྱུར། །ཅེས་པའི་ཚིག་བརྗོད་ཅིང་ལོ་འབུམ་ཕྲག་དུ་མར་གནོད་པ་བྱེད་པར་འགྱུར་རོ། །བརྒྱད་པ་ཚེ་ཚད་ནི། འདི་རྣམས་ཀྱི་ཚེ་ནི་བར་བསྐལ་གཅིག་ཡིན་སྟེ། གོང་བཞིན་བསྒྲེས་ན་མི་ལོ་ནི། བྱེ་བ་བྱེ་བ་སུམ་ཁྲི་དང་། བྱེ་བ་སུམ་སྟོང་དགུ་བརྒྱ་བདུན་བཅུ་དང་། བྱེ་བ་ས་ཡ་ཕྲག་བརྒྱད་དང་། ཡང་བྱེ་བ་དྲུག་འབུམ་ཉི་ཁྲི་བཞི་སྟོང་ཡིན་ནོ། །སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་རོ། །དགུ་པ། ཆོས་སྤང་བའི་སྡུག་བསྔལ་ནི། ཆོས་སྤོང་བའི་ལས་ནི་ཉེ་བར་བསགས་ན་བསྐལ་པ་ཆེན་པོ་ཉི་ཤུར་དམྱལ་བར་བསྲེག་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བཅུ་པ། དེ་ལ་བཟློག་པར་གདམས་པ་ནི། མི་དགེ་བས་དམྱལ་བར་སྐྱེས་ན་སྡུག་བསྔལ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ་བས། དགེ་བ་བཅུ་བསྒྲུབ་པའི་བརྩོན་འགྲུས་ཀྱི་དད་པ་དུ་མ་ཡིས་ཉོན་མོངས་པ་རྣམ་པར་འཇོམས་པ་དང་མི་དགེ་བ་སྤོང་བ་ལ་བརྩོན་འགྲུས་བསྐྱེད་པར་གྱིས་ལ། ཡང་དག་པའི་ལྟ་བ་ལ་རབ་ཏུ་ཞུགས་པར་གྱིས་དང་། དགེ་བ་ལ་ཞུགས་པ་དེའི་ཚེ། འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་བསྟོད་པ་དང་། བསྔགས་པ་བརྗོད་ཤིང་། འཁོར་བ་ལ་ཡིད་ངེས་པར་འབྱུང་བ་འཐོབ་པར་འགྱུར་རོ། །དགུ་པ། གྲང་དམྱལ་བ་བརྒྱད་བཤད་པ་ནི་དོན་བཞི་སྟེ། མིང་། རྒྱུ། གནས། ཚེ་ཚད་དོ། །དང་པོ་ནི། ཚ་བའི་དམྱལ་བ་བརྒྱད་པོ་བཤད་པ་དེ་ལས་གཞན་པའི་གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་ཅན་དང་། སོ་ཐམ་ཐམ་པ་དང་། །ཨ་ཆུ་ཟེར་བ་དང་། ཀྱེ་ཧུད་ཟེར་བ་དང་། པད་མ་ལྟར་གས་པ་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ཆེན་པོ་ལྟར་གས་པའོ། །གཉིས་པ་རྒྱུ་ནི། དེ་རྣམས་ཀྱང་རྒྱུ་མི་དགེ་སྤྱད་པས། ལས་དང་རྗེས་སུ་མཐུན་པར། །གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་གྲང་བའི་རིགས་སྣ་ཚོགས་ཀྱིས། དམྱལ་བ་པ་གཞན་རྣམས་ཀྱི་ལུས་ལ་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པ་བྱེད་དེ། འདི་གྲངས་ཀྱིས་མི་ལང་ངོ། །གནས་ནི་ཚ་བའི་དམྱལ་བ་བརྒྱད་པོའི་བྱང་ཕྱོགས་སུ་གནས་ཏེ། ཡང་སོས་ཀྱི་བྱང་ཕྱོགས་སུ། ཆུ་བུར་ཅན་ལ་སོགས་པ་ཚ་དམྱལ་རེ་རེའི་བྱང་ཕྱོགས་སུ། གྲང་དམྱལ་རེ་རེ་རིམ་པ་བཞིན་གནས་སོ། །ཚེ་ཚད་ནི་མ་ག་དྷའི་ཏིལ་འཁལ་བརྒྱད་ཅུ་སྦྱང་བ་གཅིག་གི་ནང་དུ་བླུག་པ་དེ། དཔེར་ན་སྐྱེས་བུ་རྒས་པ་དང་ཤི་བ་མེད་པ་གཅིག་གིས་མི་ཡི་ལོ་བརྒྱ་རེ་ཐོལ་རྩ་ཏིལ་འབྲུ་རེ་རེ་བཏོན་དེ། སྦྱང་བ་གང་པོ་ནི་ཟད་ཙ་ན་གྲང་བའི་དམྱལ་བའི་རྒྱུད་ཐུང་ཤོས་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། གཞན་རྣམས་ནི་ཚེ་ཚད་ཉི་ཤུར་འགྱུར་ཏེ། ཏིལ་སྦྱང་བ། ཉི་ཤུ་དང་། བཞི་བཅུ་དང་། དྲུག་ཅུ་དང་། བརྒྱད་ཅུ་དང་། བརྒྱ་དང་། བརྒྱ་ཉི་ཤུ་དང་། བརྒྱ་བཞི་བཅུ་རིམ་བཞིན་ཐུབ་བོ། །དེ་རྣམས་ནི་སྲེད་པ་དང་བཅས་པས་གཞན་ལ་གནོད་པ་བྱས་པའི་ལས་ངན་གྱི་དབང་གིས་སྐྱེ་བ་ཡིན་ནོ། །བཅུ་པ། ཉེ་ཚེ་བ་ལ་གསུམ་ལས། གནས་ནི་ཉི་ཚེ་བ་ཞེས་བྱ་བའི་དམྱལ་བ་པ་རྣམས་ནི། འཛམ་བུའི་གླིང་གི་ཁྲོད་དང་། མུ་ཁྱུད་དང་། གླིང་བར་གྱི་མུན་པ་ལ་སོགས་པ་རྣམས་སུ་གནས་སོ། །ལས་ནི་སྔ་མ་གྲང་དམྱལ་དང་མཚུངས་པ་ལ། དེ་ཡང་ཅུང་ཟད་དགེ་བ་དང་འདྲེས་པས་སྲེད་པ་དང་བཅས་པས་གཞན་ལ་གནོད་པ་བྱས་པ་ལས་བྱུང་བ་ཡིན་ནོ་སྡུག་བསྔལ་ནི་ལ་ལ་ནི་ཉིན་པར་བདེ་བ་ཅུང་ཟད་དང་ལྡན་ལ། མཚན་མོ་ནི་གནོད་པ་སྣ་ཚོགས་ཀྱིས་ལུས་གཙེ་བར་འགྱུར་རོ། །དེ་བཞིན་དུ་གཞན་ལ་ལ་ནི་ཉིན་པར་ནི་གཞན་གྱིས་རང་གསོད་ཅིང་སྡུག་བསྔལ་ཆེན་པོ་འབྱུང་སྟེ། མཚན་མོ་ནི་ལྷའི་བུ་མོ་རྣམས་དང་ལྷན་ཅིག་བརྩེ་བ་དང་། དེ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །བཅུ་གཅིག་པ་སྐྱེ་གནས་ཀྱི་དོན་བསྡུ་བ་ནི་མནར་མེད་པའི་དམྱལ་བ་མ་གཏོགས་པའི་དམྱལ་བ་གཞན་རྣམས། ཕལ་ཆེར་ཞག་བདུན་ནས་སྐྱེ་བ་ཡིན་ཏེ། མནར་མེད་དུ་སྐྱེ་བ་ལ་ནི་བར་དོ་མེད་དེ་རྫུས་སྐྱེས་པ་ཡིན་ནོ། །ལེའུ་གཉིས་པའི་འགྲེལ་པའོ། །ཡི་དྭགས་ལ་བརྒྱད་དེ། མདོར་བསྟན་པ་དང་། གནས་དང་། གཤིན་རྗེའི་རྒྱལ་པོ་དང་། རིགས་སུམ་ཅུ་རྩ་དྲུག་མདོར་བསྟན་པ་དང་། རྒྱུ་འབྲས་རྒྱས་པར་བཤད་པ་དང་། སྐྱེ་གནས་དང་། སྲིད་པ་གཞན་གྱི་རྒྱུ་མཐུན། སྲེད་པའི་བྱེད་ལས་དཔེ་དང་བཅས་པའོ། །དང་པོ་ནི་མི་དགེ་བ་ཆེར་སྤྱད་ན་དམྱལ་བར་སྔར་བཤད་པ་བཞིན་སྐྱེ་ལ། དེ་ནས་ཡང་ཕྲག་དོག་དང་སེར་སྣའི་དབང་དང་། རྙེད་པ་བཞིན་པས་ཟིལ་གྱིས་ནོན་པས་སྦྱིན་པ་མ་བྱིན་ཚུལ་ཁྲིམས་མ་བསྲུངས་ཅིང་མི་དགེ་བའི་ལས་འབྲིང་དུ་མངོན་པར་འདུ་བྱས་པ་དེ་ནི་ཡི་དྭགས་སུ་སྐྱེ་སྟེ། ཡི་དྭགས་ཕལ་ཆེར། ཡི་དྭགས་མོར་སྐྱེ་བར་འགྱུར་རོ། །ཡི་དྭགས་གི་རིགས་ལ་གཉིས་ཡོད་དེ། ཁ་འཐོར་བ་དང་། ཡི་དྭགས་ཀྱི་གནས་ན་གནས་པའོ། །གཉིས་པ་ནི་ཡི་དྭགས་ཀྱི་གནས་ནི་སའི་འོག་དཔག་ཚད་ལྔ་བརྒྱ་ན་གནས་སོ། །གསུམ་པ་ནི་དེ་ལ་གཤིན་རྗེའི་རྒྱལ་པོ་ནི་དྲག་པོའི་ལས་དང་འདྲེས་མ་ལས་བྱུང་བ་ཡིན་ཞིང་། ལས་དཀར་ནག་བསྒྲོགས་པར་བྱེད་པ་ཡིན་ནོ། །བཞི་པ་རིགས་མདོར་བསྟན་པ་ནི་ཡི་དྭགས་ཀྱི་རིགས་ལ་ནི་སྤྱིར་དཔག་དུ་མེད་པ་ཡོད་ཀྱང་མདོར་བསྡུས་ན་རིགས་སུམ་ཅུ་རྩ་དྲུག་ཡོད་དེ། ལས་རྒྱུ་འབྲས་དང་བཅས་པ་རྣམ་པར་དབྱེ་བར་བྱའོ། །ལྔ་པ་རྒྱུ་འབྲས་རྒྱས་པ་ལ། སུམ་ཅུ་རྩ་དྲུག་ཡོད་པའི་དང་པོ་ལྟོ་ཁུག་ནི་ཟས་ནོར་འདོད་པས་སྙིང་རྗེ་མེད་ཅིང་ཆགས་པའི་དབང་གིས་སྲོག་གཅོད་ནས་ནོར་བསོག་པ་དང་། ནོར་རྫས་བཅོལ་བ་བཅབ་སྟེ་འཕྲོག་པ་དང་དེ་གཉིས་ནི། ལྟོ་ཁུག་ཞེས་བྱ་བའི་ཡི་དྭགས་སུ་འགྱུར་ཏེ། །མུན་པའི་ནང་དུ་སྟེང་འོག་གཉིས་ནས་རི་ཆེན་པོ་གཉིས་ཀྱིས་རང་གི་ལུས་དཔག་ཚད་ཙམ་ཡོད་པ་དེ་ལེབ་ལེབ་པོར་བྱས་ཞིང་། བཀྲེས་སྐོམ་གྱིས་གདུངས་པས་མེའི་མདག་མ་ཟ་བས་སྡུག་བསྔལ་བར་འགྱུར་རོ། །ཞིང་ཚལ་གྱི་ཤིང་བསྲེག་པ་བཞིན་དུ་བསྲེག་པར་ཡང་འགྱུར་རོ། །གཉིས་པ་ཁ་ཁབ་འདྲ་ནི་ནོར་རྫས་ཀྱི་ཕྱིར་མི་གསོད་པའི་གཤེད་མ་བྱེད་པ་དང་སེར་སྣ་དང་ཕྲག་དོག་གིས་སྦྱིན་པ་བྱེད་པ་མེད་པ་དང་། སྐྱེས་པས་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཟན་སྦྱིན་ནོ་ཞེས་ཁས་བླངས་ལ། བུད་མེད་སེར་སྣས་མངོན་པར་ཟིན་པ་དེས། བཟའ་བ་དང་། བཅའ་བ་ཡོད་བཞིན་དུ། དག་སྦྱོང་བྲམ་ཟེ་ལ་སྦྱིན་རྒྱུ་ག་ལ་ཡོད་ཅེས་ཁྱིམ་ཐབས་ལ་སྟེར་རྒྱུ་མི་བཅོལ་བ་དང་དེ་རྣམས་ནི། ཁ་ཁབ་འདྲ་བྱ་བའི་ཡི་དྭགས་ཀྱི་ནང་དུ་སྐྱེ་སྟེ། ཁ་ནི་ཁབ་མིག་བས་དོག །མིད་པ་ནི་རྟ་རྔ་བཞིན་ཕྲ། ལྟོ་བ་ནི་རི་རབ་ཀྱི་ཁོག་པ་བཞིན་ཆེ། རྐང་ལག་ནི་ཉག་མ་བཞིན་ཕྲ། རྟག་ཏུ་བཀྲེས་པ་དང་སྐོམ་པས་ཉེན་པས་མེ་མདག་ཟ་བར་འགྱུར་རོ། །བུད་མེད་ཕལ་ཆེར་ནི་སེམས་ཆུང་ཞིང་སེམས་ཡང་བ་ཡིན་པས་དེའི་དབང་གིས་ཕྲག་དོག་དང་། སེར་སྣ་ཆེ་བས་གཞན་ལ་སྦྱིན་པ་རང་གིས་ཀྱང་མི་གཏོང་། གཞན་གྱིས་གཏོང་བ་ལ་ཡང་གེག་པ་ཡིན་པས། བུད་མེད་ཕལ་ཆེ་བ་ལས་ངན་གྱི་དབང་གི་ཡི་དྭགས་ཀྱི་ནང་དུ་རྫུས་སྟེ་སྐྱེ་ནས་ཡི་དྭགས་མོར་འགྱུར་ནས་ཡང་དེ་ལ་ཡི་དྭགས་མང་པོ་སྐྱེ་བར་འགྱུར་རོ། །རྒྱ་ལ་དེ་ལས་ཐར་ཡང་བྱ་ཁུག་ཏ་མོར་སྐྱེས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་གདུངས་པར་འགྱུར་རོ། །གསུམ་པ་ཡིད་སྐྱུག་པ་ཟ་བ་ནི་བུད་མེད་གང་གིས་བཟའ་བ་དང་བཅའ་བ་ལ་ཆགས་བདག་ཉིད་ཟ་ཞིང་། ཁྱིམ་ཐབས་དང་། བུ་དང་བུ་མོ་ལ་མི་སྟེར་ཞིང་གནོད་པ་བྱེད་ན་དེ་ནི་ཡི་དྭགས་སྐྱུག་པ་ཟ་བའི་ནང་དུ་སྐྱེ་སྟེ། ལུས་ཆེན་པོ་དཔག་ཚད་ཕྱེད་ཡོད་པ་བཀྲེས་སྐོམ་གྱིས་གདུང་ནས་ཉོན་མོངས་ཤིང་ཡོད་པའི་སྟེང་དུ་དགོན་པ་ཆེན་པོ་གཅིག་ཏུ་བུ་བཙའ་བ་ལ་རྒྱུག་ཅིང་། ཆོ་ངེས་འདེབས་ངུ་ཞིང་སྨྲེ་སྔགས་འདོན་ཞིང་། སྐྱུག་པ་ཟ་བས་སྲོག་ཅུང་ཟད་འཚོ་བར་འགྱུར་རོ། །བཞི་པ་ཡི་དྭགས་གཤང་ཟ་ནི་བུད་མེད་གང་ཞིག་སྦྱིན་པ་དང་བྲལ་ཞིང་། དགེ་སྦྱོང་དང་བྲམ་ཟེ་དག་ལ་ཕུལ་བའི་སྦྱིན་པའམ་ཁ་ཟས་ཀྱི་ཕུད་དེ་ཟོས་ནས་ལྷག་མར་བྱས་ནས་བྱིན་ཏེ། དགེ་སྦྱོང་དེས་གཙང་མ་ཡིན་ཉམས་ནས་ཟོས་ན ཡི་དྭགས་གཤང་བ་ཟ་བ་བྱ་བའི་ནང་དུ་སྐྱེ་བར་འགྱུར་ཏེ། བཀྲེས་པ་དང་སྐོམ་པས་གདུངས་པས་ཟས་བཙལ་ཡང་མི་རྙེད། བརྒྱ་ལ། གཤང་བ་མི་གཙང་བ་ཅུང་ཞིག་རྙེད་ན་ཡང་། སྲིན་བུ་ཞུན་ཤིང་ཟོས་ལ་བུ་གར་བྱས་པ་ངན་ངོན་ཅུང་ཟད་ཙམ་ཞིག་ལས་མི་རྙེད། དེ་ཟ་ཡང་ཚིམ་བར་མི་འགྱུར་ཞིང་། བཀྲེས་པ་དང་སྐོམ་པས་ཉོན་མོངས་པར་འགྱུར་རོ། །ལྔ་པ་བསམ་འཚོ་ནི་སྐྱེས་པའམ་བུད་མེད་སེམས་སེར་སྣས་བཅིང་བ་དག་གིས། ཁ་ཟས་མ་བྱིན་པས་སྲོག་ཆགས་བསད་པ་དང་གནོད་པ་བྱས་པས་རྒྱུ་དེས། བསམ་པས་འཚོ་བ་ཞེས་བྱ་བའི་ཡི་དྭགས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་ཁ་ཟས་མེད་པས་བཀྲེས་པ་དང་སྐོམ་པས་གདུང་བ་དང་། ལུས་ཕྱི་ནང་ཀུན་ལ་མེ་འབར་བ་ནི་ཤིང་ཁོང་སྟོང་གི་ནང་དུ་མེ་སྦར་ན་ཕྱི་ནང་ཀུན་བསྲེག་པ་བཞིན་བསྲེག་ཅིང་གདུངས་ཀྱང་། རྒྱ་མཚོའང་སྐམ་པར་འགྱུར་ནས་བཏུང་བ་མེད་པས་ཁ་ནས་མེ་འབར་བར་འགྱུར་རོ། །དྲུག་པ་ཟས་ཀྱི་དྲི་ཟ་ནི་ཆགས་པ་དང་སྲེད་པ་དང་ལྡན་པའི་མི་གང་གིས། ཟ་བ་དང་བཏུང་བ་མང་པོ་བསྡུས་ནས། མི་མང་པོའི་ནང་དུ་འདུག་ནས་བདག་ཉིད་གཅིག་པུ་ཟ་བར་བྱེད་ཅིང་། མདུན་དུ་ཡོད་པའི་བུ་དང་ཆུང་མ་ལ་སོགས་པ་ཟ ས་དེ་ལ་ཟ་བར་འདོད་ཀྱང་ཅུང་ཟད་ཀྱང་མི་སྟེར་ཅིང་། གཞན་མདུན་ན་ཡོད་པ་དག་ལ་ཟས་དེའི་དྲི་ཙམ་ཞིག་ལ་སྣོམ་པར་བྱེད་དུ་འཇུག་ན། དྲི་ཟ་བའི་ཡི་དྭགས་ཉིད་དུ་སྐྱེ་སྟེ། བཀྲེས་པ་དང་སྐོམ་པས་ཉེན་ཀྱང་ཟས་ཅུང་ཟད་ཙམ་ཡང་མི་རྙེད་དེ། །ལ་ལ་ནི་ཡོན་བདག་དད་པ་ཅན་གྱིས་དད་པས་བདུག་སྤོས་དྲི་ཞིམ་པོ་བདུག་པ་དེའི་དྲི་དེ་སྣོམ་པས་འཚོའོ། །ལ་ལ་ནི་ནད་པའི་ཕྱིར་ཀུན་དགའ་ར་བ་ལ་ཕུལ་བའི་སྤོས་ཀྱི་དྲི་སྣོམ་པས་འཚོའོ། །བདུན་པ་ཆོས་ཟ་བའི་ཡི་དྭགས་ནི་ཆོས་ལ་རང་ཡང་དད་པ་མེད་ཅིང་། ཕ་རོལ་པོར་ཕན་པའི་བསམ་པ་མེད་པའི་སྟེང་ཕ་རོལ་གྱི་སྐྱོན་བརྗོད་པ་དང་། རང་ལ་བཟའ་བར་འགྱུར་བ་ཁོ་ནའི་ཕྱིར་འཇིག་རྟེན་རྒྱལ་པོའི་བསྟན་ཆོས་ལ་སོགས་པ་རྣམས། རང་གི་འདོད་པ་ནང་པས་སྟོན་ཅིང་རྙེད་པ་རྣམས་སེར་སྣས་སྦྱིན་པར་མི་བྱེད་ཅིང་། བསོག་པ་འབའ་ཞིག་བྱེད་ན། ཆོས་ཀྱི་སྦྱིན་པ་ཟ་བའི་ཡི་དྭགས་སུ་སྐྱེས་ནས། རི་ཡི་ཡུལ་དུ་རྒྱུག་ཅིང་། བཀྲེས་པ་དང་སྐོམ་པས་གདུང་ཤིང་ངུ་སྐད་འབྱིན་ལུས་སྐམ་ཤིང་ཆར་སྤྲིན་ལྟར་གནག་པ་པགས་པ་དང་རུས་པ་རྩ་རྒྱུས་སྦྲེལ་བ་ཙམ་དུ་གནས། མིག་གཏིང་ཁུང་དུ་སོང་ཞིང་མིག་མཆི་མ་གཡོག་པ། ལུས་སྤུ་རིང་པོས་ཁེབ་པའི་གསེབ་དུ། སྦྲང་བུ་དང་། ཤ་སྦྲང་དང་། སྲོག་ཆགས་མོར་ཀོ་ཏ་རྣམས་ཞུགས་ནས་ཟ་བ་ན། ཕྱོགས་ཐམས་ཅད་དུ་རྒྱུག་པ་ན། དགེ་འདུན་གྱི་གཙུག་ལག་ཁང་དུ་ཚེ་གཅིག་ལ་གནོད་སྦྱིན་ལ་བྱིན་པའི་རྙེད་པ་དང་། དགེ་འདུན་གྱིས་ཆོས་ཀྱི་སྦྱིན་པ་བྱིན་པས་མགུ་ནས་ཚིམ་པ་དང་། སྲོག་འཚོ་བར་བྱེད་དོ། །བརྒྱད་པ་ཆུ་ཐུང་བ་ནི། འདོད་ཆགས་དང་། སེར་སྣ་དང་ལྡན་བའི་མི་དག །བུ་རམ་གྱི་ཆང་ངམ། རྒུན་ཆང་ངམ། སྦྱར་བའི་ཆང་གང་ཡང་རུང་བ་དེ། ཆང་ཉོ་ཞིང་འཐུང་འདོད་པ་དེ་ལ་ཆང་ལ་ཆུ་བསྲེས་ནས་འཚོང་ནས་ཕ་རོལ་པོ་བྲིད་ནས །མི་ཁུགས་པའི་རིན་ཆེན་པོ་བླང་ནས་སེར་སྣས་སྦྱིན་པ་མ་བྱིན། ཆོས་མི་ཉན་ཆོས་མི་སྤྱོད་ན། ཡི་དྭགས་ཆུ་འཐུང་བྱ་བར་སྐྱེ་སྟེ། མདོག་བུང་བ་དང་སོལ་བ་ལྟར་ནི་གནག །ཡན་ལག་ཐམས་ཅད་སྲ་ལ་ཚེ་མ་བཞིན་དུ་ནི་རྩུབ། །ལུས་ས་འཁྲིག་ཅིང་ཁ་གདོང་སྐྲ་རིང་པོས་མུན་པ་བཞིན་དུ་ཁེབ། ཆུ་མེད་པའི་རི་བྲག་དང་འབྲོག་དགོན་རྣམས་སུ་འཁྱམ་པ་བཀྲེས་པ་དང་སྐོམ་པའི་མེས་ནི་གདུང་། །བརྒྱ་ལ་ཆུ་ལ་ཉེ་བ་ན། ཆུ་ལ་འབོག་ཅིང་རྒལ་བའི་རྐང་པ་ཆུ་ཡི་ཟེར་མ་གཏོར་བའི་ཐིག་པ་དང་། ཆོས་སྤྱོད་པ་གང་དག་ཆུ་འགྲམ་དུ་ཆུར་འདོར་ནས་གང་སྐོམ་པ་དག་ལ་སྦྱིན་ནོ་ཞེས་བྱས་པ་དེ་དག་ལས་མི་མྱོང་ཅིང་དེ་དག་གིས་སྲོག་འཚོ་བར་བྱེད་ཅིང་། གཞན་གྱི་མ་བྱིན་པར་ཆུ་འགྲམ་དུ་ཆུ་འཐུང་ན། །ཆུའི་རྒྱུན་སྲུང་བའི་ཡི་དྭགས་རྣམས་ཀྱིས་འཚེ་ཞིང་། ལུས་བཟེ་བཟེ་བསྟོག་བསྟོག་པ་ལྟ་བུར་བྱེད་པས་སྡུག་བསྔལ་གྱིས་ཉམ་ཐག་ནས་ངུ་སྐད་འབྱིན་ཅིང་རྒྱུག་གོ །དགུ་པ་ཡི་དྭགས་ཀུན་སྟོན་ནི་ཕྲ་དོག་དང་སེར་སྣས་སེམས་བཅིང་བ་ཆགས་པ་ལ་རྐམ་པའི་མི་དག་གིས་མཁས་པ་དབུལ་པོ་དག་གིས་ཚོགས་ཆེན་པོས་བསྒྲུབ་པའི་ནོར་རྫས་རྣམས་ལ་རིན་ཐང་སྟེང་དུ་མ་བབ་པའི་སྒྱུ་བྱས་ནས་བྱིན་ཞིང་ཁེ་བྱེད་ཅིང་གཞན་བསླུས་པར་བྱས་ཤིང་། དེ་ལ་དབང་བར་དག་པར་བྱེད་ཅིང་སྦྱིན་པ་དང་བྲལ་བར་བྱེད་ན་ཡི་དྭགས་ཀུན་སྟོན་བྱ་བར་འགྱུར་ནས། རྟག་ཏུ་བཀྲེས་པ་དང་སྐོམ་པས་ཉམ་ཐག་ནས་མཆི་མས་གདོང་ནི་གཡོག །རྐང་ལག་ནི་རྡོལ། སྐྲས་ཁ་གདོང་མུན་པ་ལྟར་ནི་ཁེབ། །མདོག་ཆར་སྤྲིན་ལྟར་ནི་གནག་ལུས་རྩ་གཟུགས་ལྟར་རིད་ཅིང་། །ངུ་སྐད་འབྱིན་ཅིང་། སྨྲེ་སྔགས་འདི་ལྟར་འདོན་ཏོ། །མ་བཏབ་འབྲས་བུ་ག་ལ་འབྱུང་། །མ་བྱིན་བདེ་བ་ག་ལ་ཡོད། །ཅེ་ལྟར་ལུས་ཅན་ལོང་བ་ཡིས། །མིག་གིས་བལྟ་བར་ནུས་མེད་ལྟར། །སྦྱིན་དང་བྲལ་བ་དེ་འདྲ་སྟེ། ཡི་དྭགས་བདེ་བ་མི་རྙེད་དོ། །ལས་བྱས་རྣམས་ཀྱིས་བདག་ཅག་བསྲེག །བཀྲེས་དང་སྐོམ་ལས་བྱུང་བ་ཡི། །མེ་ཡིས་འདིར་ནི་ཡོངས་སུ་སྤྱད། སྡུག་བསྔལ་འདི་ལས་བདག་ཅག་རྣམས། །ནམ་ཞིག་ཡོངས་སུ་ཐར་བར་འགྱུར། །ལམ་དང་ལམ་མིན་མི་ཤེས་ཤིང་། །ལས་འབྲས་བདག་གིས་མི་ཤེས་པས། །བཀྲེས་དང་སྐོམ་ལས་བྱུང་བའི་མེ། །ཚ་བ་འབྱུང་བར་མ་ཤེས་སོ། །ལུས་ནི་སྐྲ་ཡིས་མུན་ལྟར་ཁེབས། །པགས་པ་རྒྱུས་པའི་དྲ་བས་སྦྲེལ། །བདག་ཚོ་ཀྱི་ཧུད་སྡུག་བསྔལ་ལོ། །ཡི་དྭགས་གནས་ཆུད་ལུས་ཅན་ནི། །ཐམས་ཅད་དུ་ཡང་སྡུག་བསྔལ་ཏེ། །འདིར་ནི་སྐྱོབ་པ་གང་ཡང་མེད། །བདག་ཅག་སྡུག་བསྔལ་ཞུགས་པར་གྱུར། །དེ་ལྟར་ངུ་སྐད་འབྱིན་ཅིང་། ཕྱོགས་ཐམས་ཅད་དུ་ཀུན་ཏུ་འཁྱམ་ཅིང་མྱ་ངན་བྱ་བའི་གནས་སུ་འགྱུར་རོ། །བཅུ་པ་མཆིལ་མ་ཟ་བ་ནི་བུད་མེད་དམ་སྐྱེས་པ་ཕྲག་དོག་སེར་སྣས་ཟིལ་གྱིས་ནོན་པ་དག་དགེ་འདུན་ནམ། །གཞན་མཁས་པ་དག་ལ་བྱིན་པའི་སྦྱིན་པ་ཁ་ཟས་ཀྱི་ཕུད་འཇོམ་ཤིང་ལྷག་མར་བྱས་པ་ལ། །ལྷག་མར་མ་བྱས་ཞེས་སྨྲ་ཞིང་། །དགེ་འདུན་ལ་བྱིན་ནས་དེས་བདེན་པར་དགོས་ནས་ཟོན་པར་བྱས་ན། སྡུག་བསྔལ་མང་པོས་རབ་ཏུ་གདུངས་པའི་མཆིལ་མ་ཟ་བའི་ཡི་དྭགས་དུ་སྐྱེའོ། །དེར་བཀྲེས་པ་དང་སྐོམ་པ་གདུང་པ་དེས། མཆིལ་མ་བོར་བ་ལྗན་ལྗིན་ལ་རེག་པའམ། རྩིག་པ་རིག་པའམ། །ས་ལ་བོར་བ་དེ་དག་ཁམ་གྱིས་ལེན་ནས་ཟ་བར་བྱེད་དོ། །སྲོག་འཚོ་བའི་ཟས་ཀྱང་དེ་ཡིན་སྐྱབས་ཀྱང་དེ་ཡིན་ནོ། །བཅུ་གཅིག་པ། ཡི་དྭགས་ཕྲེང་བ་ཟ་བ་ནི། གནོད་སེམས་ཀྱི་ཕྱིར་ནི་མ་ཡིན་ཏེ། གཙང་བར་འདོད་པའི་ཕྱིར། སངས་རྒྱས་ལ་ཕུལ་བ་དང་། བླ་མ་རྣམས་ཀྱི་ཕྲེང་བ་རྐུ་བར་བྱེད་ན་སེར་སྣས་ལེན་པར་བྱེད་ན། ཡི་དྭགས་ཕྲེང་བ་ཟ་བ་ཞེས་བྱ་བར་སྐྱེ་སྟེ། གཙུག་ལག་ཁང་དང་མཆོད་རྟེན་གྱི་གནས་སྲུང་བའི་འཇིག་རྟེན་ན་གནོད་སྦྱིན་དུ་གྲགས་པ། མཐུ་ཆེ་བ། དབང་ཆེ་བར་འགྱུར་རོ། །ལེགས་པ། ཉེས་པར་བྱས་པའི་རྨི་ལམ་དག་སྟོན་ནུས་པར་འགྱུར་རོ། །ཕྲེང་བ་མང་པོ་ཐོབ་ན་དགའ་བར་འགྱུར་ཞིང་། བཀྲེས་སྐོམ་གྱིས་གདུང་བར་མི་འགྱུར་རོ་འཇིག་རྟེན་གྱིས་ཀྱང་བསྟོད་ལ་དེས་ཁོ་དགའ་བར་འགྱུར་རོ། །བཅུ་གཉིས་པ་ཡི་དྭགས་ཁྲག་ཟ་བྱ་བ་ནི་མི་གང་ལ་ལས་ལུས་རྟན་པའི་ཕྱིར། ཤ་ཁྲག་འཐུང་བ་ལ་དགའ་ཞིང་སྲེད་པ། གཏུམ་པ་ཕྲག་དོག་དང་སེར་སྣས་མངོན་པར་ཉམས་པ། བུ་དང་ཆུང་མ་བསླུ་ཞིང་གསོད་པར་བྱེད་ན། ཁྲག་ཟ་བའི་ཡི་དྭགས་དུ་སྐྱེ་སྟེ། ལས་དེ་ཉིད་ཀྱིས་བསྐྱེད་པའི་ཡུལ་དུ་སྐྱེས་ཏེ། དེ་ལ་མི་དག་འདི་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་ཞིག་ཡིན་ཞེས་བརྗོད་ནས། ཤ་ཁྲག་གི་གཏོར་མས་མཆོད་པར་བྱེད་དེ། དེ་ཕྱིར་ཞིང་ཁྲག་གིས་མྱོས་ནས་མི་དག་ལ་གནོད་པར་བྱེད་ཅིང་། ཡི་དྭགས་རྫུ་འཕྲུལ་ཆེན་པོ་ཞེས་སྔར་བྱས་པའི་ལས་ནི་སོ་སོར་འབྲེལ་བར་འཁོར་བ་ན་འཁྱམ་པར་འགྱུར་རོ། །བཅུ་གསུམ་པ་ཡི་དྭགས་ཤ་ཟ་ནི་སེར་སྣས་འཆིངས་པའི་མི་དག་གིས། དུད་འགྲོ་ཤི་བའི་ཤ་རིང་ཐང་ལ་གཡོ་བྱེད་ཅིང་རིན་ཆེན་པོར་བཙོང་ནས་ཁེ་བྱེད་ཅིང་། ཚེར་མ་ལྟ་བུའི་སྦྱིན་པ་ཅུང་ཟད་སྟེར་ན། བཞི་མདོའམ། ཚོང་དུས་སམ། ལམ་སྲང་ངམ། གྲོང་ཁྱེར་རམ། གཙུག་ལག་ཁང་ངམ་དེ་རྣམས་ལ་གནས་པའི་ཡི་དྭགས་ཤ་ཟ་བྱ་བའི་གནོད་སྦྱིན་ཡི་དྭགས་རྫུ་འཕྲུལ་ཆེ་བ་གཏུག་པོར་འགྱུར་རོ། །དེ་ལ་མི་ཕལ་པ་དག་གིས། མ་ཧེ། རི་དྭགས། སྦྲུལ། ལུག་ལ་སོགས་པའི་སྲོག་བཅད་ནས་ཤས་ཚིམ་པར་བྱེད་དོ། །བཅུ་བཞི་པ་ཡི་དྭགས་བདུག་པ་ཟ་ནི་མི་གང་གིས་དཀོན་མཆོག་གསུམ་ལ་དད་པ་མེད་པ་གུས་པར་མི་བྱེད་པའི་མི་ལ་ལ་དག་གིས། གཞན་གྱི་ངོ་སྲུང་བའི་ཕྱིར། བདུག་སྤོས་བཟང་པོ་སེར་སྣས་བསྐུང་ནས་བདུག་སྤོས་ངན་པ་དཀོན་མཆོག་གསུམ་ལ་ཕུལ་ན། བདུག་པ་ཟ་བའི་ཡི་དྭགས་སུ་འགྱུར་ཏེ། གནོད་སྦྱིན་གྱི་གནས་སམ། བཞི་མདོའམ། ལམ་ཆེན་ནམ། སྲང་ངམ། གཙུག་ལག་ཁང་ངམ། ཀུ་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ལམ་གྱི་ཞིའམ་མདོར་རམ། ཕུག་ཤུ་དག་ཏུ། ཨ་གུ་ནག་པོའི་བདུག་སྤོས་ཀྱིས་མྱོང་ཤིང་། སྐྱེ་བོ་ཀུན་གྱིས་ཕྱག་བྱ་བར་འགྱུར་རོ། །སེམས་དང་རྫས་ཀྱི་ཡོན་ཏན་མ་ཡིན་ཏེ། ཞིང་བཟང་བའི་ཕྱིར་ཡིན་ནོ། །བཅོ་ལྔ་པ་ཡི་དྭགས་དྲག་ཤུལ་སྤྱོད་པ་ནི་སེར་སྣའི་དབང་དུ་སོང་བ་དགེ་སྦྱོང་ལྟར་འཆོས་པ་ཚུལ་ཁྲིམས་འཆལ་བ་ཞིག་གིས། དགེ་སྦྱོང་གཞན་ལ་སྙད་བདགས་ནས། དགེ་སྦྱོང་གཅིག་ནད་ཚབ་པོ་ཆེས་ཐེབས་པས། སྦྱིན་བདག་ཁྱོད་ཀྱིས་ན་བའི་གསོ་སྨན་གྱི་ཡོ་བྱད་དག་བྱིན་ཅིག་ཅེས་སྨྲས་ནས་བླངས་ཏེ། བདག་ཉིད་ཀྱིས་ཟ་བར་བྱེད། སྔགས་བསྒྲུབ་ཅིང་ནོར་འདོད་པའི་ཕྱིར། ཚུལ་སྣ་ཚོགས་བཟུང་ནས་སྦྱིན་བདག་རྣམས་བསླུ་བར་བྱེད་ན། ཡི་དྭགས་དྲག་ཤུལ་སྤྱོད་པར་སྐྱེས་ཏེ། བཀྲེས་པ་དང་སྐོམ་པས་གདུངས་པས་ཁ་ཟས་ལྗན་ལྗིན མི་གཙང་བ་ཟ་བར་འགྱུར་རོ། །དེ་ནི་གནོད་སྦྱིན་མཐུ་ཆེན་པོ་དང་ལྡན་པར་འགྱུར་ཏེ། མཆོད་ཅིང་བསྟོད་ནས་སྦད་ན་གཞན་ལ་གནོད་པ་བྱེད་པར་འགྱུར་རོ། །ཤི་ན་ཡང་སྲེད་པས་བསླུས་ནས་ལས་དང་རྗེས་སུ་འབྲེང་བས་འཁོར་བ་ན་འཁྱམ་མོ། །བཅུ་དྲུག་པ་ཡི་དྭགས་གླགས་ལྟ་བ་ནི། ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་པ་དག་གིས་གཞན་གྱི་ནོར་རྫས་ལ་ཆགས་པ་སྐྱེས་ནས་ནོར་གྱི་ཕྱིར། གཡོ་ཐབས་སྣ་ཚོགས་ཀྱིས་བྲེང་ཅིང་གླག་བལྟས་ནས། ནོར་འཛོམ་ནས་སྦྱིན་པ་མི་གཏོང་། མཁས་པ་ལ་ལྷུར་མི་བྱེད་ན། ཡི་དྭགས་གླག་ལྟ་བར་སྐྱེས་ཏེ། བཀྲེས་སྐོམ་གྱིས་སྡུག་བསྔལ་ཞིང་ལུས་དང་སྤུ་རབ་ཏུ་འབར་ཞིང་མི་གཙང་བ་ཙམ་གྱིས་འཚོའོ། །ཟ་སྐོམ་ཚོལ་བ་ལ་ཕྱོགས་ཐམས་ཅད་པའི་ཚེ། མོས་བློ་ཞན་པ་དག །བསྐོར་བ་མི་བྱེད་པས་ལྷ་དང་བྲལ་བ་དང་། བུ་མེད་དང་ཕྲད་པའི་ཚིག་གི་ཉེས་པས་ལྷ་དང་བྲལ་བ་དང་། བུ་མེད་དང་སྐྱེས་པ་མི་བཟང་བའི་བཟའ་བཏུང་གི་ལྷག་མ་ཟོས་ནས་ལྷ་དང་བྲལ་བ་རྣམས་ཀྱི་ཕྱི་བཞིན་དུ་འབྲེང་ནས་དེ་ལ་གླག་ལྟ་བར་བྱེད་དོ། །གླག་སྙེད་ན་དེ་ལ་འཚེ་བར་བྱེད་ཅིང་། མི་དེ་ལ་བཟུང་བས་སྲོག་འཚོ་བར་བྱེད་དོ། །གླག་རྙེད་ན་ཁོ་ཡིས་མགོན་སྐྱབ་དེ་ཡིན་ནོ། །བཅུ་བདུན་པ་ཡི་དྭགས་ས་འོག་གནས་པ་ནི། མི་བློ་ངན་པ་སེར་སྣས་སེམས་གདུངས་པ་དག་གིས་མུན་པ་མུན་ནག་གི་ནང་དུ་ས་ལ་དོང་བྱས་ནས་ས་འོག་དུ་བཙོན་འཇུག་པར་བྱེད་ཅིང་བཀྲེས་པར་བྱེད་ན། ཡི་དྭགས་ས་འོག་ན་གནས་པར་སྐྱེས་ཏེ། མུན་པ་མུན་ནག་གི་ནང་དུ་ལུས་དཔག་ཚད་གསུམ་ཡོད་པ། སྦྲུལ་གདུག་པས་དཀྲིས་ཤིང་། དེ་རླུང་དྲག་ལ་མི་མཐུན་པ་རྣམས་ཀྱིས་གནོད་པར་བྱེད། རླུང་དྲག་པོ་སྤུ་གྲི་ལྟ་བུས་ལྡར་བས་གནོད་པ་བྱེད་པར་འགྱུར་རོ། །བཅོ་བརྒྱད་པ་ཡི་དྭགས་རྫུ་འཕྲུལ་ཆེན་པོ་ནི་སེར་སྣ་དང་ལྡན་པ་དག་གིས། གཡོ་ཐབས་དང་། སྒྱུ་དང་། མཐུས་གཞན་གྱི་ནོར་འཕྲོག་ཏེ། ཞིང་དང་བསམ་པ་བཟང་པོ་མ་ཡིན་པ་དང་། གཞན་ལ་འགྲན་སེམས་དང་། དབང་མེད་པ་དང་། ཡོག་དང་། ངོ་ཆེན་དང་། རྟེན་བརྟེན་པ་དང་། ལན་ལ་རེ་བ་ལ་སོགས་པ་མ་དག་པའི་སྦྱིན་པ་ཚེར་མ་ལྟ་བུ་བྱིན་ན། ཡི་དྭགས་རྫུ་འཕྲུལ་ཆེན་པོར་སྐྱེ་བར་འགྱུར་ཏེ། བདག་ཉིད་གཅིག་པུ་བདེ་བར་འགྱུར་གྱི། འཁོར་རྣམས་ནི་བཀྲེས་པ་དང་སྐོམ་པ་ཉམས་པས་བསྐོར་བའི་ཡི་དྭགས་གི་ཁྲོད་དུ་གནས་སོ། །བཅུ་དགུ་པ་ཡི་དྭགས་ལུས་འབར་བ་ནི་རྒྱལ་པོ་ལ་བརྟེན་པའི་མི་དག་གིས། གཡོ་སྒྱུ་སྣ་ཚོགས་ཀྱིས། གྲོང་ཁྱེར་ཐམས་ཅད་འཇིག་པར་བྱེད་ཅིང་མི་གསོད། གཉེན་འདབ་དང་རྩ་ལག་འཇིག་པར་བྱེད་ཅིང་། དེ་ལས་བྱུང་བའི་ནོར་རྣམས་རྒྱལ་བློན་རྣམས་ལ་འབུལ་ཅིང་། རྒྱལ་པོ་ལ་བརྟེན་པ་དེས་ཡང་ཡང་དུ་དེ་ལྟར་བྱེད་ཅིང་། སྦྱིན་པ་དང་ཚུལ་ཁྲིམས་དང་བྲལ། ཐོས་པ་དང་བྲལ། མཁས་པ་ལ་སྡང་བར་བྱེད་པ་དེ། ཡི་དྭགས་མཚན་མོ་ལུས་ལ་མེ་འབར་བ་ཞེས་བྱ་བའི་ནང་དུ་སྐྱེ་སྟེ། མཚན་མོ་ལུས་ལ་མེ་འབར་བའི་ལུས་ཞིང་། བཀྲེས་སྐོམ་གྱིས་ལུས་གདུངས་པས། ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར་རོ། །ཉི་ཤུ་ཡི་དྭགས་བྱིས་པ་ལ་གླག་ལྟ་བ་ནི་མི་གང་ཁྲོ་བའི་སེམས་དང་ལྡན་པས། བྱིས་པ་རྣམས་གསོད་པར་བྱེད་ཅིང་། བདག་ཤི་བའི་དུས་ན་ཡང་། གནོད་སྦྱིན་འཇིག་པ་གཅིག་ཏུ་གྱུར་ནས་བྱིས་པ་རྣམས་གསོད་པར་གྱུར་ཅིག་བསམ་ན། བྱིས་པ་ལ་གླག་ལྟ་བའི་ཡིད་དྭགས་སུ་སྐྱེ་ཞིང་། བྱིས་པ་ལ་གླག་ཚོལ་འདོད་པས་གདུངས་ནས། བུད་མེད་གང་ཞིག་བུ་བཙས་ན། དེ་ལ་གླག་ཚོལ་བ་ལ་ཐབས་སྣ་ཚོགས་བྱེད་དོ། །གླག་རྙེད་ན་དགའ་ཞིང་། མ་རྙེད་ན་འཁོན་དུ་བཟུང་བས་ལོ་བཅུ་བར་དུ་ཡང་འཕྲེན་པར་བྱེད་ཅིང་གསོད་པར་བྱེད་དོ། །ཉེར་གཅིག་པ་ཡི་དྭགས་འདོད་གཟུགས་ཅན་ནི། བུད་མེད་གང་ཞིག་འདོད་ཆགས་བསྟེན་ཅིང་ནོར་འདོད་པས། སྨད་འཚོང་མའི་ཆ་བྱད་དུ་ཞུག་ནས། ཕ་རོལ་པོ་ལ་འདོད་ཆགས་བསྐྱེད་དུ་བཅོལ་ནས། འཇུག་པར་བྱེད་དུ་བཅོལ་ནས། གླ་ནོར་རྫས་རྣམས་བླང་ནས། ཡུལ་ངན་པ་ལ། བསམ་པ་ངན་པས་སྦྱིན་པ་ཚེར་མ་ལྟ་བུ་བཏང་ན། ཡི་དྭགས་འདོད་པའི་གཟུགས་ཅན་དུ་སྐྱེས་ཏེ། ཅི་འདོད་པའི་གཟུགས་སུ་བསྒྱུར་ནས་ཁ་ཟས་ཟ་བར་ནུས་སོ། །རེས་འགའ་ལྷ་མོ་ཡི་ཚུལ་བཟུང་ནས་དགའ་སྟོན་ལ་ཟ་བར་བྱེད། རེས་འགའ་བྱར་སྤྲུལ་ནས་དུར་འཐོར་བའི་ཟས་ཟ། རེས་འགའ་བུ་མེད་དུ་སྤྲུལ་ནས་སྐྱེས་པ་བསླུ་བར་བྱེད་དོ། །དེ་ལས་ཐར་ཡང་ལས་དང་རྗེས་སུ་འགྲོ་ཞིང་འཁོར་བར་འཁྱམ་མོ། །ཉེར་གཉིས་པ་གླིང་བར་གནས་པ་ནི་གང་ཞིག་ནད་ཀྱིས་ཉམ་ཐག་ཅིང་། མགོན་སྐྱབ་མེད་པ་བསླུས་ནས། ནོར་རྫས་རྣམས་ཐབས་སྣ་ཚོགས་ཀྱིས་འཕྲོག་པའི་ཕྲག་དོག་དང་། སེར་སྣ་ཅན་དེ། གླིང་བར་གྱི་ཡི་དྭགས་སུ་འགྱུར་ཏེ། རྒྱ་མཚོ་དང་ཉེ་བའི་དགོན་པ་དང་། ཆུ་དང་ནགས་ཚལ་མེད་པའི་ཡུལ་དུ། ཚ་བའི་ཚེ་ཉི་མ་རྒྱ་འགྱུར་དུ་ཚ་ཞིང་གདུངས། གྲང་བའི་དུས་ན་ཟླ་བ་བརྒྱ་འགྱུར་གྱིས་གྲང་ཞིང་གདུངས་ཞིང་། ཆུ་ཐུང་བར་འདོད་པས་རྒྱ་འཚོ་ལ་བལྟས་པ་ན། དེ་ཡང་སྐམ་པར་འགྱུར་ཞིང་རི་དང་ནག་ཚལ་དང་རྒྱ་མཚོ་ལ་མེ་འབར་བར་ཡང་མཐོང་། ལུས་རྒྱུས་པའི་དྲ་བས་འབྲེལ་བ་ཙམ་དུ་བཀྲེས་སྐོམ་གྱིས་སྡུག་བསྔལ་བར་གནས་ཤིང་ཟིལ་པའི་ཐེག་པ་ཙམ་གྱིས་སྲོག་འཚོ་བ་ཡིན་ནོ། །ཉེར་གསུམ་པ་གཤིན་རྗེའི་ཆད་པ་ནི་ཕྲག་དོག་དང་། སེར་སྣས་ནོན་ཅིང་། རྒྱལ་པོ་ལ་བརྟེན་ཅིང་། རྒྱལ་པོའི་ལས་བྱེད་པའི་མི། སྙིང་རྗེ་མེད་ཅིང་དྲག་ཤུལ་སྤྱོད་པ། ཆོས་ཀྱི་ཚུལ་བཏང་བའི་མི་དེ། ཡི་དྭགས་གཤིན་རྗེའི་ཆད་པར་སྐྱེས་ཏེ། ཟས་ལ་རླུང་ཟ་བས་སྲོག་འཚོ་ཞིང་། རང་གིས་གཞན་ལ་འཚེ་བ་བྱས་པ་བཞིན། གཤིན་རྗེའི་སྐྱེས་བུ་སྐྲ་མུན་པར་ཁེབས་པ། མཆུ་དང་ལྟོ་འཕྱང་བ་མཚོན་གྱིས་འདེབས་པ་རྣམས་ཀྱིས་ལག་པ་བཅིང་ནས། གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་པ་དང་། གཤིན་རྗེའི་རྒྱལ་པོ་དེས་མི་དེ་ལ་སྨྲས་པ། མི་ཡི་གླིང་དུ་ཁྱོད་སླུས་པ། །ཅིའི་ཕྱིར་ན་ཆོས་མ་སྤྱད། ངན་འགྲོར་ངེས་པར་འགྲོ་བ་ཡིན། །ལས་དགེ་དབང་པོ་ཐུལ་བ་ནི། །ལུས་བྲལ་བདེ་འགྲོ་ལྷར་སྐྱེ་འགྱུར། །ཁྱོད་ནི་བཅིང་བ་དམ་པོས་བཅིང་། །གཤིན་རྗེའི་ཕོ་ཉས་དབང་དུ་བྱས། །གཤིན་རྗེའི་འཇིག་རྟེན་བསྟེན་དཀའ་བ། །དྲག་པོ་མི་བཟད་ཁྱོད་ཀྱིས་ཐོབ། །ཁྱོད་ཀྱིས་ལས་ངན་གང་བྱས་པའི། །ལས་དེ་དེ་རིང་སྤྱད་པ་གྱིས། བྱིས་པ་རང་གིས་བྱས་ལ་སྤྱད། གཞན་གྱིས་བྱས་པ་སྟེར་མི་འགྱུར། །ཅེས་བསྟན་ནས། གཤེད་པ་དུ་མས་འཆོག་ཤིང་ཁྲིད་ནས། ལས་མ་ཟད་ཀྱི་བར་དུ་སྡུག་བསྔལ་དུ་མ་མྱོང་ངོ་། །ཉེར་བཞི་པ་ཡི་དྭགས་བྱིས་པ་ཟ་བ་ནི། ནད་པ་རྣམས་ཀྱི་ལྷ་མཆོད་པའམ། མཆོད་སྦྱིན་མཆོད་པའི་ཕྱིར། ནོར་རྫས་ཕྲོག་པའམ། ར་ལུག་བསད་ནས་ལོག་པའི་མཆོད་སྦྱིན་བྱས་ན། ལས་ངན་གྱི་མཐུས་བྱིས་པ་ཟ་བའི་ཡི་དྭགས་སུ་འགྱུར་རོ། །བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་རྣམས་ཀྱིས་ནོན་ནས་བྱིས་པ་རྣམས་ལ་གནོད་པར་བྱེད་དོ། །ཉེར་ལྔ་པ། མདང་ཟ་བ་ནི་མི་གཡོ་ཅན་ངོ་མ་ཉིས་བྱེད་པ་དག །གཉེན་བཤེས་དང་འཛའ་བོའི་ནོར་ལ་རྐམ་པས། དེ་རྣམས་དགྲ་ས་དང་གཡུལ་འགྱེད་པའི་སར་བཏང་ནས། དེ་རྣམས་ཤི་ན་ནོར་རྫས་རྣམས་བདག་གི་བྱའོ་སྙམ་ནས་གཞན་རྣམས་བསླུ་བར་བྱེད་ན། མི་དེ་ནི་ཡི་དྭགས་མདངས་ཟར་སྐྱེས་ནས་མཚོན་ཆ་སྣ་ཚོགས་ཀྱིས་ལུས་གཤེགས་ཤིང་། བཀྲེས་སྐོམ་གྱིས་གདུང་ནས་གར་བབས་སུ་འབྲོས་པ་ན། མི་གཙང་བའམ། མཆོད་རྟེན་ལ་སྐོར་བ་མི་བྱེད་པ་ལུས་ལྷ་དང་བྲལ་བ་དག་དང་ཕྲད་ན། གླག་ཚོལ་ཞིང་གཟི་བྱིན་འཕྲོག་པར་བྱེད་དོ། །ཉེར་དྲུག་པ། ཚང་པའི་སྲིན་པོ་ནི། ཉེས་པ་མེད་པའི་སེམས་ཅན་བསད་ནས་བཟོད་པར་དཀའ་བའི་མཆོད་སྦྱིན་ངན་པ་བྱས་པ་དང་། ཟས་སྐོམ་སོ་སོར་ཁེ་སྤོག་བྱེད་པ་དང་། རང་གིས་རིན་ཆུང་ངུས་ཉོས་པ་དེ། གཞན་ལ་རིན་ཆེན་པོ་ལ་འཚོང་བ་དང་། ཕྲག་དོག་དང་སེར་སྣར་དང་ལྡན་པ་དེ། ཡི་དྭགས་ཚང་བའི་སྲིན་པོར་སྐྱེ་ནས། སུམ་མདོ་དང་། བཞི་མདོ་རྣམས་ལ་གནས་ནས། མི་དང་བྲམ་ཟེའི་གཟུགས་འདྲ་བར་བྱེད་ནས། མི་རྣམས་ལ་འཚེ་བར་བྱེད་དོ། །དེ་ལྟར་གླག་ལྟ་བ་དེ་ནི། བཀྲེས་སྐོམ་གྱིས་ལུས་གདུངས་པས་སྡུག་བསྔལ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཉེར་བདུན་ཡི་དྭགས་མེ་ཟ་བ་ནི། ཕྲག་དོག་དང་སེར་སྣས་ཉམས་པ་དགེ་བའི་ཆོས་ལ་མི་མོས་པ་ནང་གི་སེམས་མི་དགེ་བ་ལ་རྒྱུག་ཅིང་། ཕྱི་ཡི་ཆ་ལུགས་དགེ་བཤེས་དང་སློབ་དཔོན་ལྟར་བཅོས་ནས་དགེ་འདུན་གྱི་དཀོར་ཟས་སྐོམ་ལ་ལོངས་སྤྱོད་ན། མེ་ཟ་བའི་ཡི་དྭགས་སུ་འགྱུར་ཏེ། གཅིག་པུར་ཕྱོགས་ཐམས་ཅད་དུ་རྒྱུག་ནས། མེའི་ནང་དུ་གང་ལྷུང་བ་དེ་ལ་མེའི་ནང་དུ་བསྡད་ནས་ཟ་བར་བྱེད་ཀྱང་། བཀྲེས་སྐོམ་གྱིས་གདུང་ཤིང་མེས་བསྲེག་པས་སྡུག་བསྔལ་ཞིང་སྲན་མི་བཟོད་པས། ངུ་སྐད་འབྱིན་ཅིང་། ཀུ་ཅོ་འདོན་ནོ། །ཉེར་བརྒྱད་པ་ཡི་དྭགས་མི་གཙང་བ་ཟ་བ་ནི། དགེ་འདུན་གྱི་ཕྱག་བདེ་བ་དང་། ཞལ་ཏ་བ་དག་ཕྲག་དོག་དང་སེར་སྣས་བློ་འཁུམ་པར་བྱས་པ་ངན་པར་སྤྱོད་པ་དག་གིས། བཟའ་བ་དང་། བཏུང་བ་ཞིམ་པོ་རྣམས་རང་གིས་སྤྱོད་ཅིང་། ཚངས་པར་སྤྱོད་པ་གཙང་མ་རྣམས་ལ་ཁ་ཟས་ངན་པ་རྣམས་སྦྱིན་པར་བྱེད་ན། མི་གཙང་བ་ཟ་བའི་ཡི་དྭགས་སུ་འགྱུར་ཏེ། ཉིན་པར་མིག་གི་མི་མཐོང་། མཚན་མོ་མཐོང་ཞིང་། མི་གཙང་བ་མྱག་པ་རུལ་བ་སྲིན་བུས་གང་བ་སྐྱེ་བོས་མཐོང་ན་སྐྱུ་བྲོ་བ་དག་ཟ་བར་བྱེད་ཀྱང་། ཡང་གཤིན་རྗེའི་སྐྱེས་བུ་འཇིགས་པ་རྣམས་ཀྱིས་བསྲེག་ཤིང་ཟླ་བ་རེ་རེ་ལ་ལན་རེ་ཙམ་ལས་ཟར་མི་འཇུག །རྒྱ་ལ་ལན་རེ་ཟོས་ཀྱང་། སྐྱུག་ནས་ལུས་ལ་མི་ཆགས་པས། བཀྲེས་སྐོམ་གྱིས་གདུངས་པས། ངུ་ཞིང་ཚིག་འདི་སྐད་སྨྲ་བར་བྱེད་དོ། །སྡིག་པའི་ཐག་པས་དམ་བཅིངས་ནས། །ཡི་དྭགས་གནས་སུ་འདྲེན་བྱས་ནས། །བཀྲེས་སྐོམ་མེས་གདུང་གྱུར་པ་དེ། །མེ་མཚོན་དུག་གིས་དཔེར་མི་ཕོད། །སྐད་ཅིག་ཙམ་ཡང་བདེ་བ་མེད། །ཆུ་འདོད་དབང་གི་རྒྱུག་པ་དེར། །འབབ་ཆུ་ལྟེང་ཀ་ཆུ་མིག་སྐམས། །རི་བྲག་ནགས་ཚལ་ཆུ་ཆེན་སྐམ། །བདག་ལུས་བཀྲེས་སྐོམ་མེ་ཡིས་གདུངས། །བདག་ལ་སྐྱོབ་བྱེད་ཡོང་མེད་དེ། །ཉོན་མོངས་ཤིན་ཏུ་མི་བཟད་འོང་། །དེ་ལྟར་ལས་ངན་པ་མ་ཟད་ཀྱི་བར་ངུ་ཞིང་། དེ་ཡང་བདེ་བླག་ཐོབ་པར་མི་འགྱུར་རོ། །བརྒྱ་ལ་མིར་སྐྱེ་བ་ཐོབ་ན་ཡང་། བུད་མེད་སྨད་འཚོང་མར་འགྱུར་རོ། །ཉེར་དགུ་པ་ཡི་དྭགས་རླུང་ཟ་བ་ནི། མི་འགའ་ཞིག་གིས། དགེ་སྦྱོང་ངམ། བྲམ་ཟེའམ། ནད་པ་དང་སྡུག་བསྔལ་ཅན་རྣམས་ལ། ཉི་མ་འགའ་ཞིག་ལ་ཟས་བྱིན་པར་ཁས་བླངས་ནས། ཕྱིས་མ་བྱིན་ནས། དེ་རྣམས་བཀྲེས་པས་གདུང་བར་བྱེད་པ། རྫུན་གྱིས་ཟས་མི་སྟེར་ཡང་། སྟེར་བ་ལྟར་སྤྱོད་པ་གང་ཡིན་པ་དེ་ནི། ཡི་དྭགས་རླུང་ཟ་བར་འགྱུར་རོ། །རྒྱང་རིང་པོ་ན་བཟའ་བཏུང་བཟང་པོ་རྣམས་མཐོང་ནས། དེར་རྒྱུག་གོ །དེའི་ཕྱོགས་སུ་ཀུན་ཏུ་རྒྱུག་ཀྱང་ཟས་དེ་ལ་ལུས་ཀྱིས་མྱོང་བ་མེད་པར། ཁ་གདང་བར་བྱེད་པའི་ནང་དུ་རླུང་འཇུག་པ་དེ་ཟ་བར་བྱེད་པས་སྲོག་ཅུང་ཟད་འཚོ་ཞིང་། སླར་ཡང་བཀྲེས་སྐོམ་གྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ལུས་འཚེ་བར་འགྱུར་རོ། །སུམ་ཅུ་པ་ཡི་དྭགས་མེ་མདག་ཟ་བ་ནི་ཉེས་པར་བྱས་པ་ལ་ཁྲིམས་གཅོད་པར་བྱེད་པའི་མི་དག་གིས། ཉེས་པ་མ་བྱས་པའི་མི་བཟུང་ནས་བཅིང་སྟེ། ཟས་མ་བྱིན་པས་བཀྲེས་སྐོམ་གྱིས་གདུང་སྟེ། ཐལ་བ་ཟ་བར་བྱེད་པའི་འཚེ་བ་བྱེད་ན་མེ་མདག་ཟ་བའི་ཡི་དྭགས་སུ་འགྱུར་ཅིང་། དུར་ཁྲོད་ཀྱི་མེ་མདག་དེ་ལ་ཟོས་ནས་ལུས་ཅུང་ཟད་བདེ་བར་སེམས་སོ། །སོ་གཅིག་པ་ཡི་དྭགས་དུག་ཟ་བ་ནི། མི་ལ་ལས། ནོར་འདོད་པའི་ཕྱིར་གཞན་ལ་དུག་སྟེར་ཅིང་སྦྱིན་པར་བྱེད་པ་གང་ཡིན་པ་དེ། ཡི་དྭགས་དུག་ཟ་བ་བྱ་བར་སྐྱེས་ནས་ཀྱང་། རེ་འབིག་བྱེད་ལ་སོགས་པ། རི་ཡི་རྩེ་མོ་དུག་མང་ཞིང་། ཆུ་མེད་ལ། སྦྲུལ་དང་སྟག་གཟིག་གིས་གསོད་པའི་གནས་སུ་གནས་ཤིང་། ཞག་ལྔ་རེ་ལ་མེའི་ཆར་པ་འབབ། ལྔ་རེ་ལ་ཆུ་ཆེས་གྲང་བའི་ཆར་འབབ་ཅིང་། དུག་གི་རེག་པ་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་མིད་མ་ཐག་ཏུ་འཆི་ཞིང་ཡང་སྐྱེའོ། །བཀྲེས་སྐོམ་གྱིས་ཉམ་ཐག་པས་ངུ་སྐད་འབྱིན་པའི་ཚེ། བྱས་མིག་འབྲུད་ཅིང་། གཅན་གཟན་གྱིས་ལུས་ཟ་བར་འགྱུར་རོ། །སོ་གཉིས་པ་ཡི་དྭགས་དགོན་པར་གནས་པ་ནི། ཆོམ་རྐུན་པ་དག་གིས་འབྲོག་དང་། དགོན་པ་ཆེན་པོ་དང་། ཆུ་མེད་པ་དང་ལམ་དོག་པ་དང་། ཚད་པས་གདུངས་པ་དག་ཏུ། ལྟེང་ཀ་དང་། ནགས་ཚལ་གྱི་ལམ་བྱས་ནས། འདིར་འགྲོན་པོ་དག་བྱུང་ནས་ཆུ་འཐུང་། བསིལ་གྲིབ་ལ་བསྡད་ན་བདག་གིས་ནོར་རྫས་ཀྱི་ཕྱིར་བསད་པར་བྱའོ་སྙམ་ནས། སེར་སྣ་དང་ལྡན་པ་དེས། གཞན་འགྲོན་པོ་དག་ལ་གསོད་པ་དང་འཚེ་བར་བྱེད་ན། དགོན་པར་གནས་པའི་ཡི་དྭགས་སུ་འགྱུར་ནས། འབྲོག་དགོན་པ་རྣམས་སུ། མར་མེའི་སྡོང་བུ་མེས་གདུངས་པ་བཞིན་དུ། ཉི་མའི་འོད་ཀྱིས་གདུངས་པས་བཀྲེས་སྐོམ་གྱིས་ཉམ་ཐག་ནས་ཆུ་དང་ཟས་ཀྱི་ཕྱིར་ངུ་ཞིང་རྒྱུག་རྒྱུག་པས། རྩ་དར་བྷའི་རྩེ་མོས་རྐང་རྟིང་ཟུག་ནས་འགྱེལ་ནས་ཁ་གཅིག་འཆི་བའི་དུས་བྱེད་ནས་ཡང་སོས་སོ། །དེ་ནས། བྱ་རོག་དང་། འུག་པ་དང་། བྱ་རྒོད་ལ་སོགས་པ་བརྒྱ་ཙམ་གྱིས་མིག་དང་ལུས་པོ་ཐམས་ཅད་ཆམ་ཆོམ་ཏུ་འཐོག་ཅིག་ཟ་སྟེ། སྡུག་བསྔལ་ཆེན་པོས་ནོན་ནས་འོ་དོད་འབོད་ཅིང་འདི་སྐད་དུ་ངུའོ། །བྱ་རོག་འུག་པ་མཆུ་རྣོན་གྱིས། །གཙེས་ཚེ་བདག་ལ་སྐྱབས་མེད་དོ། །ཅི་ལྟར་བདག་གིས་འགྲོན་པོ་བཅོམ། །དེ་ཡི་ལས་ཀྱི་ཞགས་པ་ཡིས། །དབང་མེད་ཡི་དྭགས་གནས་སུ་ཁྲིད། །བཀྲེས་སྐོམ་མེས་གདུང་སྡུག་བསྔལ་ཞིང་། །མཆེད་པའི་རི་དང་འདྲ་བར་གྱུར། །རི་ལ་མེ་འབར་ཆུ་བོ་ཡི། །རྒྱུན་གྱིས་ཐམས་ཅད་བསད་ནུས་ཀྱིས། །རྒྱ་མཚོའི་ཆུ་ཡིས་བདག་གི་མེ། །འདི་ནི་བསད་པར་མི་ནུས་སོ། །ལས་ཀྱི་ཤིང་སྐམ་བྱུང་ནས་སུ། །སྲེད་པའི་རླུང་གིས་གྲོགས་བྱས་ཏེ། །བདག་ནི་ཀུན་ནས་ཡོངས་བསྐོར་ནས། །ལས་ཀྱི་མེ་ཡིས་ཤིན་ཏུ་བསྲེགས། །མེ་དེ་གང་གིས་གསོད་བྱེད་ན། །ཚུལ་ཁྲིམས་བརྩོན་འགྲུས་ཡེ་ཤེས་ཆུ། །སྦྱིན་པའི་སྣོད་ནི་རབ་བཟུང་ནས། །སྲིད་གསུམ་རྗེས་འགྲོ་ལས་ཀྱི་མེ། བདག་ཉིན་ཆེན་པོས་འཇིག་པ་བྱེད། །དེ་ལྟའི་ཆོས་དཀར་རྣམ་སྤངས་ནས། །མི་དགེ་ལས་ནི་སྤྱད་པའི་མཐུས། །ཡི་དྭགས་འཇིག་རྟེན་འདིར་ཕྱིན་ཏོ། །ཡི་དྭགས་ཁ་གཅིག་ནི་སྔོན་དགེ་བའི་ལས་ཅུང་ཟད་བྱས་པའི་མཐུས་དེ་སྐད་ཡི་དྭགས་གཞན་ལ་བརྗོད་ཅིང་། ལས་ཟད་པར་མ་བྱས་ཀྱི་བར་དུ་རང་རང་གི་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ། །སོ་གསུམ་པ་ཡི་དྭགས་དུར་ཁྲོད་གནས་པ་ནི། རྒྱལ་བ་སངས་རྒྱས་ལ་གཞན་གྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་རང་གི་ལོངས་སྤྱོད་འདོད་པའི་ཕྱིར་རྐུས་ནས་བཙོང་ཤིང་ཁེ་བྱས་ན། དུར་ཁྲོད་ཀྱི་ཡི་དྭགས་སུ་གྱུར་ནས། དུར་ཁྲོད་བོར་བའི་ཟས་ཅུང་ཟད་ཅིག་ཟླ་གཅིག་ཟ་ལ། དེ་ནས་ཟས་མེད་པར་འདུག་ཅིང་། རྟག་ཏུ་དེའི་མགོ་ལྕགས་ཀྱི་འཕྲེང་བ་མེ་རུ་འབར་བས་བཅིང་ཤིང་ཀླད་པ་བཞུ། ཐོད་པ་བསྲེག་པར་བྱེད་དོ། །སྲིན་བུས་ཀྱང་གནོད་པ་དུ་མ་བྱེད་པས་སྡུག་བསྔལ་བར་འགྱུར་པས་ཡི་མུག་ནས། འདི་སྐད་དུ་ངུའོ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་དང་། །ལྕགས་ཀྱི་ཕྲེང་བའི་སྡུག་བསྔལ་དང་། །ཐོ་བ་རལ་གྲིའི་སྡུག་བསྔལ་མྱོང་། །རང་གི་སེམས་དང་ལས་ཀྱིས་སུ། །འདིར་ནི་བསླུས་ཤིང་ཡོངས་སུ་རྨོངས། །ཡི་དྭགས་གནས་སུ་སྐྱེས་གྱུར་ཅིང་། །མཛའ་བཤེས་གཉེན་དང་བྲལ་བར་གྱུར། །སྟོབས་དང་ལྡན་པའི་ལས་དག་གིས། །ཞགས་པ་ཡིས་ནི་ཁྲིད་པ་ན། །གཉེན་བཤེས་བུ་དང་ཆུང་མ་དང་། །རྩ་ལག་གིས་ཀྱང་སྐྱོབ་མི་བྱེད། །སྡུག་བསྔལ་རྣམས་ནི་བདག་གིས་མྱོང་། །སྦྱིན་དང་ཚུལ་ཁྲིམས་ཐོས་པ་རྣམས། །བསྒྲགས་ཀྱང་གཏི་མུག་བསྒྲིབ་པ་ཡིས། །བདག་གིས་ལས་ངན་མང་པོ་བྱས། །དེ་ཡི་འབྲས་བུ་འདིར་མྱོངས་སོ། །ཤིན་ཏུ་མི་བཟད་ཡི་དྭགས་ལས། །གལ་ཏེ་བདག་ནི་ཐར་སྲིད་ན། །ཡང་དང་ཡང་དུ་སྡིག་པའི་ལས། །བདག་གིས་ནམ་ཡང་བདག་གིས་མི་བྱའོ། །ཅེས་སུ་སྨྲོས་བྱེད་ཅིང་། ལས་མ་ཟད་ཀྱི་བར་དུ་ཐར་བར་མི་འགྱུར་རོ། །སོ་བཞི་པ་ཤིང་ལ་གནས་པའི་ཡི་དྭགས་ནི། དགེ་འདུན་གྱི་འཚོ་བ་འབྱུང་བའི་ཤིང་ལྗོན་པ་གཞན་གྱིས་བསྐྱེད་པ་རྣམས། ཤིང་སྐམ་པོ་འདོད་པའི་ཕྱིར་གཅོད་ཅིང་རྐམ་པས་རྐུ་བར་བྱེད་པ་དང་། དེ་བཞིན་དུ། སྐྱེ་བོ་བཀྲེས་པ་དང་། སྐོམ་པ་དང་། ལུས་ངལ་བ་ཀུན་གྱི་དོན་དུ་རྫིང་བུ་དང་ཁྲོན་པ་བྱས་པ་དག །སེར་སྣས་ཉམས་པ་དེས་མ་རུང་བར་བྱས་ན། ཤིང་ལ་གནས་པའི་ཡི་དྭགས་སུ་སྐྱེ་སྟེ། ཚ་གྲང་དང་བཀྲེས་སྐོམ་གྱིས་གདུང་ཤིང་། ཤིང་གསེབ་ན་གནས་པའི་སྲིན་བུ་མར་ཀོ་ཏ་དང་། ཨ་ཤོ་ཏ་ར་རྣམས་ཀྱིས་ཟ་བར་འགྱུར་རོ། །ཁ་གཅིག་གིས་ཡི་དྭགས་ལ་བསམ་ནས་གཏོར་མ་བཏང་བ་དེ་ཙམ་གྱིས་སྲོག་འཚོ་བར་བྱེད་དོ། །སོ་ལྔ་པ་བཞི་མདོར་གནས་པའི་ཡི་དྭགས་ནི། རྐུན་པོ་དག་གཞན་པར་བྱ་བའི་བློ་དང་། སེར་སྣས་ཉམས་པ་དག་གིས། འགྲོན་པོ་ལ་སོགས་པའི་ཟས་ནོར་རྐུ་ཞིང་བསྣོག་པར་བྱེད་ཅིང་། གཞན་ཟས་སྐོམ་མེད་པས་སྡུག་བསྔལ་ན། རྐུན་པོ་དེ་ལས་དེའི་མཐུས་བཞི་མདོར་གནས་པའི་ཡི་དྭགས་སུ་འགྱུར་ཞིང་། བཀྲེས་སྐོམ་གྱིས་གདུང་བཞིན་དུ། ལས་ལ་གྲུབ་པའི་སོག་ལེ་གཅིག་འབྱུང་ནས་མགོ་ལུས་ཐམས་ཅད་གཏུབ་ཅིང་གཤེགས་པས་སྡུག་བསྔལ་དུ་མ་མྱོང་བར་འགྱུར་རོ། །ཡི་དྭགས་དེ་ཡང་ནད་པའི་ནད་ཞི་བའི་དོན་དུ་གཏོར་མ་བཞི་མདོ་ན་གཏོར་བ་དེ་ཟ་བས་སྲོག་འཚོ་བར་འགྱུར་རོ། །སོ་དྲུག་པ་བདུད་པའི་ཡི་དྭགས་ནི། ལས་ངན་པས་འཚོ་བ་གཡོས་པ། གཞན་ལ་གནོད་པ་བྱེད་པ། རྒྱུ་ངན་པ་དང་། ལྟ་བ་ངན་པའི་མཐའ་དེ་ཉིད་ཡིན་ནོ་བར་མ་མངོན་པར་ཞེན་པའི་མི་དག་གིས། ལམ་བཟང་པོ་སུན་བར་བྱས་ན། ཡི་དྭགས་བདུད་ཀྱི་རིགས་སུ་འགྱུར་ནས། རྟག་ཏུ་དགེ་སློང་བསམ་གཏན་གྱི་ཟས་ཀྱིས་གནས་པ་རྣམས་ལ་འཚེ་བར་བྱེད། སེམས་རྙོག་པ་ཅན་དུ་བྱེད། སྒྲ་བོ་ཆེ་འདོན་པར་བྱེད། རྨི་ལམ་དུ་གེགས་དག་བྱེད་ཅིང་། ཁ་ཟས་ནི་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་ཟ་བར་འགྱུར་རོ། །དེ་ནས་འཕོས་ནས་ངན་འགྲོ་དམྱལ་བར་འཁོད་པར་འགྱུར་རོ། །སྤྱི་དོན་དྲུག་པ་ཡི་དྭགས་ཀྱི་སྐྱེ་གནས་ནི་གཞན་ཡང་རྒྱ་མཚོའི་མཐའ་ལ་གནས་པའི་ཡི་དྭགས་དང་། རྒྱ་མཚོའི་གླིང་ལ་གནས་པ་དང་། གླིང་བཞིའི་བར་ན་གནས་པ་འབུམ་ཕྲག་དུ་མའི་ཡི་དྭགས་དཔག་ཏུ་ཡོད་དེ། དེ་རྣམས་ཐམས་ཅད་ནི་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །སྤྱིར་ཡི་དྭགས་ལ་རྫུས་ཏེ་སྐྱེས་པ་དེ་ཤས་ཆེ་ཞིང་སྤྱི་རིགས་སྐྱེ་གནས་བཞི་ཚང་བར་ཡོད་ལ། ཕལ་ཆེར་དེ་ཡི་དྭགས་མོ་རྣམས་ལ་སྐྱེ་བ་ཡིན་ཏེ། ལས་དེ་དང་རྗེས་སུ་མཐུན་པའི་ལུས་སུ་འགྱུར་རོ། །སྤྱི་དོན་བདུན་པ་སྲིད་པ་གཞན་གྱི་རྒྱུ་མཐུན་ནི་རྒྱ་ལ་དེ་ལས་ཐར་ཡང་དུད་འགྲོར་སྐྱེ། རྒྱ་ལ་གལ་ཏེ་མིའི་རིགས་སུ་སྐྱེས་ཀྱང་། བཀྲེས་སྐོམ་གྱི་ཉོན་མོངས་པ་དང་། རིགས་ཉམས་པ་དང་། དབང་པོ་མ་ཚང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །བརྒྱད་པ་སྲེད་པའི་བྱེད་ལས་དཔེ་དང་བཅས་པ་ནི་རང་སེམས་སྤྲེལ་བུ་ལྟ་བུ་འདི་ཡིས་ནི་སྒོ་ལྔའི་ཤེས་པ་ལ་བརྟེན་ནས་གཟུགས་སྒྲ། དྲི། རོ། རེག་ལ་སོགས་པ་ཡུལ་ཤིང་ཐོག་ལྟ་བུ་ལ་སྲེད་ནས། ཡུལ་ཡིད་དུ་འོང་། མི་འོང་། བར་པ་རྣམས་ལ་བརྟེན་ནས། བདེ་སྡུག་བཏང་སྙོམས་གསུམ་ཚོར་ཞིང་འདུ་ཤེས་པས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ལས་མངོན་པར་འདུ་བྱེད་པ་ལག་པ་ལྟ་བུ་གཡོ་བ་ཡིས། ཤིང་གི་ཡལ་ག་ཆག་ན་སྤྲེལ་གཅོང་རོང་དུ་ལྷུང་བ་ལྟར། ཡུལ་ལ་ཆག་སྡང་གི་སྲེད་པས་ངན་འགྲོ་ཡི་གཅོང་རོང་ལྷུང་བར་འགྱུར་རོ། །ཡུལ་ལ་སྲེད་ན་ངན་འགྲོར་ལྟུར་བ་དེ་བས་ན། ཡུལ་གྱི་སྲེད་པ་རྣམས་སྤོང་བར་བྱེད་པ་དེ་ནི། བསོད་ནམས་བསགས་པའི་སྐྱེས་བུ་དམ་པ་ཉོན་མོངས་པའི་དགྲ་ལས་རྒྱལ་བ་རྣམས་ཀྱིས་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་བརྗོད་པར་མཛད་པ་ཡིན་ནོ། །ཡི་དྭགས་ཀྱི་ལེའུ་འི་འགྲེལ་པའོ། །དུད་འགྲོ་ལ་བཞི་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་གོང་དུ་བཤད་པ་དེ་ལས་གཞན་ཡང་དུད་འགྲོའི་རྣམ་པ་འདི་ཡང་རང་གི་སེམས་ཀྱིས་བསྒྲུབ་པ་ཡིན་ལ། དུད་འགྲོ་ཕལ་ཆེར་མི་དགེ་བས་བསྐྱེད་པ་ཡིན་པ་དང་། ལ་ལ་མི་དགེ་བ་དང་འདྲེས་པའི་དགེ་བ་གང་གིས་བྱས་པ་དེ་ཡང་གཏི་མུག་ཤས་ཆེ་བར་གྱུར་པར་བསྐྱེད་པ་ཡིན་ལ། གྲངས་ཀྱིས་ཕྱེ་ན་དུད་འགྲོ་རིགས་མི་གཅིག་པ་བྱེ་བ་སུམ་ཅུ་རྩ་བཞི་ཡོད་ལ། མདོར་བསྡུས་ན་གསུམ་ཡིན་ཏེ། ཁ་འཐོར་བ་དང་། ཀླུ་དང་། ལྷ་མ་ཡིན་གྱི་གནས་ན་གནས་པའོ། །ཁ་འཐོར་བ་ནི། ལྷ་མི་དམྱལ་བ་ཡི་དྭགས་འགྲོ་བ་བཞི་ཀ་ལ་ཁྱབ་ནས་ཡོད་སྟེ། ཡོད་ཚུལ་འོག་དུ་འཆད་དོ། །རྒྱས་པར་བཤད་པ་ལ་གསུམ། ཁ་འཐོར་དང་། ཀླུ་དང་། ལྷ་མ་ཡིན་ནོ། །དང་པོ་ལ་བཞི་སྟེ། དམྱལ་བར་གནས་པ་དང་། ལྷའི་དུད་འགྲོ་དང་། མི་ཡུལ་གྱི་དུད་འགྲོ་དང་། དུད་འགྲོ་སྤྱི་ཡི་ཤས་གང་ཆེ་བའོ། །དང་པོ་ནི་དམྱལ་བར་གནས་པའི་དུད་འགྲོ་ལ་སེམས་རྒྱུད་ཡོད་པ་དང་། སེམས་རྒྱུད་མེད་པ་གཉིས་ཡོད་དེ། སེམས་རྒྱུད་ལྡན་པ་ལ། དམྱལ་བའི་བདེ་བ་ལྟར་གནས་པ་ཡོད་པ་དེ་བདེ་བར་མཐོང་ནས། སྐྱེ་བར་སྨོན་མ་ཐག་ཏུ་བྱེ་དེ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ནས་ཀྱང་། སྡུག་བསྔལ་ནི་དམྱལ་བ་གཞན་དང་མཚུངས་པར་སྤྱོད་དོ། །སེམས་རྒྱུད་མེད་པའི་དུད་འགྲོ་རྣམས་ནི་རྨི་ལམ་གྱི་སྐྱེས་བུ་བཞིན་དུ། དམྱལ་བ་པ་དེ་དག་ལ་རང་གི་ལས་ངན་སྤྲུལ་ནས་གཅན་གཟན་དང་། སྦྲུལ་གདུག་དང་། སྲིན་བུ་རྣམས་ཀྱིས་གནོད་པ་བྱེད་པར་སྣང་བའོ། །ལྷའི་དུད་འགྲོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་ས་སྲུང་བུའི་ལག་གོ །དང་པོ་ནི། ལྷའི་ཡུལ་དུ་ཡོད་པའི་དུད་འགྲོ་བྱ་སྣ་ཚོགས་དང་། བུང་བ་སྒྲ་སྙན་པ་ལ་སོགས་པ་དུད་འགྲོ་ལྷའི་ནང་དུ་སྐྱེས་པ་བདེ་བ་ལྷ་དང་མཉམ་པ་རྣམས་ནི། འབྲས་བུ་དེ་དང་དེས་ལས་དང་རྗེས་སུ་འབྲེལ་པའོ། །གཉིས་པ་ནི་ཁྱད་དུ་དུ་ཡང་གླང་པོ་ཆེ་ས་སྲུང་གི་བུ་ནི། སྔོན་སེམས་ཅན་རྣམས་ཚེ་ལོ་བདུན་ཁྲི་ཐུབ་པའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལེགས་མཐོང་ཞེས་པ་འབྱོར་པ་ཤིན་ཏུ་ཆེ་ཞིང་སེམས་ཅན་ཐམས་ཅད་བདེ་བར་སྐྱོང་བ་གཅིག་བྱུང་ངོ་། །དེའི་དུས་ན་བྲམ་ཟེ་སྐྱེ་བོ་ཀུན་སྙོམ་བྱ་བ་རྒྱལ་པོ་དེའི་འདུན་ནས་འདོན་དུ་གྱུར་པ། རིག་བྱེད་ཐམས་ཅད་ལ་མཁས་པ། དགེ་བ་བཅུ་བསྒྲུབ་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་གཅིག་བྱུང་སྟེ། རྒྱལ་པོ་དེ་ལ་གླང་པོ་ཆེ་སྤྲིན་རྩེགས་ཞེས་བྱ་བ་ལུས་ལ་དྲིལ་བུ་གཡེར་ཁ་དང་། མུ་ཏིག་གི་དྲ་བས་གཡོག་པ། མཛེས་པ། ལྟ་ན་སྡུག་པ་གཅིག་ཡོད་པ་དེ། བྲམ་ཟེ་དེས་མཐོང་ནས། གླང་པོ་ཆེ་དེའི་བདེ་བ་དེ་ལ་སྲེད་པས། ཀྱེ་མ་གླང་ཆེན་འདི་བདེ་བ་བཞིན་དུ་བདག་ཀྱང་བརྒྱ་བྱིན་གྱི་རྟག་ཏུ་ཞོན་པའི་གླང་པོ་ཆེའི་རྒྱལ་པོར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ། དགེ་བའི་ལས་ཀྱི་མཐུས་དང་སྨོན་ལམ་གྱི་མཐུས་དེར་སྐྱེས་སོ། །དེས་ན་གླང་ཆེན་ས་སྲུང་གི་བུ་དེ་དུད་འགྲོ་ཀུན་ཀྱི་མཆོག་ཡིན་ཀྱང་། བྲམ་ཟེ་སྐྱེ་བོ་ཀུན་སྙོམ་གང་གིས་དགེ་བའི་མཐུས། བརྒྱ་བྱིན་ཉིད་དུ་འགྲུབ་པའི་རྒྱུ་ཡིན་པ་ལ། བདེ་བ་དང་ལྡན་པའི་གླང་པོ་ཆེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་གཏི་མུག་གིས་འཕངས་པ་མ་ཡིན་ན་ཅི་ཡིན་ཏེ། དེ་ཡང་གཏི་མུག་གིས་བསྐྱེད་པ་ཡིན་ནོ། །མི་ཡི་དུད་འགྲོ་ལ་བཞི། སྤྱིར་བསྟན་པ་དང་། སྐྱེ་གནས་དང་། ཉོན་མོངས་དང་ལྡན་ཚུལ་དང་ཟས་བཞི་བཤད་པའོ། །དང་པོ་ནི་སྔར་བཤད་པ་དེ་བཞིན། ཡི་དྭགས་དང་མི་རྣམས་ཀྱི་གནས་ན་དུས་མཚུངས་པར་སྤྱོད་པ་རྣམས་ཀྱང་། །དུག་གསུམ་འདྲེས་མས་བསྐྱེད་པ་ཡིན་ནོ། །སྐྱེ་གནས་ནི། ནམ་མཁའི་ལྡིང་ལ་སོགས་པ་ཕལ་ཆེར་སྒོ་ང་ལས་སྐྱེས་པ་ཡིན་ཏེེ། མཁའ་ལྡིང་བཞི་པོ་ལ་སོགས་པ་རྣམས་ཡིན་ནོ། །འབུ་སྲིན་ལ་སོགས་པ་རྣམས་དྲོད་གཤེར་ལས་སྐྱེས་པ་ཡིན་ལ། རྟ་གླང་ར་ལུག་ལ་སོགས་པ་མ་ལ་སྐྱེས་པ་ཡིན་ཏེ། རྫུས་སྐྱེས་ནི་ལྷ་དང་དམྱལ་བ་ན་གནས་པ་ཡིན་ནོ། །དེ་རྣམས་སུ་སྐྱེ་བའི་རྒྱུ་ནི་ལམ་འཇིག་རྟེན་པའི་བསམ་གཏན་ཐོབ་པ་དུག་གསུམ་གྱི་རག་རིམ་ཞི་བ་ཞིག །གལ་ཏེ་རྐྱེན་ངན་གྱི་དབང་གི་ཞེ་སྡང་སྐྱེས་ནས་ཡིད་ཀྱི་ཉེས་པས་ཡུལ་འཇིག་པར་བྱེད་ན། དང་པོ་དམྱལ་བར་སྐྱེས་ནས། དེ་ནས་སྒོ་ང་ལས་སྐྱེས་པའི་བྱ་རྒོད་དང་། ཁྭ་ཏ་ལ་སོགས་པར་སྐྱེའོ། །ལྟ་བ་ལོག་པ་ནོར་རྫས་འདོད་པ་དག་གིས། ཉ་དང་རུས་སྦལ་དང་སྲམ་དག་ས་བརྐོས་པའི་ནང་དུ་འཇུག་ན། དྲོད་གཤེར་ལས་སྐྱེས་པ་སྦྲང་བུ་དང་། ཤིག་ལ་སོགས་པར་སྐྱེའོ། །འདོད་ཆགས་པ་ལ་ཞེན་པ་གང་གིས་གཤེབ་རྒོད་མ་ལ་གཏོང་བ་དང་། གླང་ཁྱུ་བ་ལ་གདེང་བ་དང་། ནགས་ཚལ་ལ་མེ་གཏོང་བ་དང་། མི་སྤྱང་པོ་འོས་པ་མ་ཡིན་པ་ལ་བྱེད་ན་དམྱལ་བར་སྐྱེས་ནས། དེ་ནས་རྟ་གླང་ར་ལུག་ལ་སོགས་པ་མངལ་དུ་སྐྱེའོ། །དར་ཟབ་བྱ་བའི་ཕྱིར་སྲིན་བུ་མང་པོ་ཆུའི་ནང་དུ་སྐོལ་བ་དང་། རྫུས་ཏེ་སྐྱེ་བའི་སྲིན་བུ་གཙུག་ཞེས་བྱ་བ་ཡོད་པ་ལ། གཞན་བྱེ་བ་མང་པོ་སྐྱེ་སྟེ། ཕྲ་མོ་དེ་དག་མཆོད་སྦྱིན་གྱི་ཕྱིར་མེར་བསྲེག་ན། དམྱལ་བར་སྐྱེས་ནས། དེ་ནས་དུད་འགྲོ་རྫུས་སྐྱེས་དར་གྱི་སྲིན་བུ་ལ་སོགས་པར་འགྱུར་རོ། །ཉོན་མོངས་དང་ལྡན་ཚུལ་ནི། མི་གཅིག་གིས་ལྟ་བ་ལོག་པའི་བསྟན་ཆོས་བརྗོད་པ་ན། ཡང་གཞན་གཅིག་ལྟ་བ་ངན་པའི་བསྟན་ཆོས་གཅིག་བྱས་ནས་བརྗོད་ཅིང་རྩོད་པར་བྱེད། ཞེན་པར་བྱེད་ན། ལྟ་བ་ལོག་ཅིང་། རྒྱུ་ངན་པས། གཉིས་ཀ་དམྱལ་བར་སྐྱེ། དེ་ཐར་ནས་དུད་འགྲོའི་རིགས། སྦྲུལ་དང་སྲེ་མོང་། རྟ་དང་མ་ཧེ། བྱ་རོག་དང་འུག་པ་ལྟ་བུར་ཡི་མི་མཐུན་པར་ཕྱོག་གཅིག་དུ་སྐྱེ་སྟེ། དེ་ཡང་ཞེ་སྡང་གིས་བསྐྱེད་པས་མི་མཐུན་པར་གྱུར་པ་ཡིན་ནོ། །གཞན་ཡང་ཆགས་པ་དང་ལྡན་པ་གཅིག་གིས་བསོད་སྙོམ་པ་གཟུགས་བཟང་པོ་གཅིག་མཐོང་ནས་ཆགས་པའི་དབང་གིས། བདག་དུད་འགྲོར་སྐྱེས་ན་ཡང་། ཁྱོད་བདག་གི་མི་བདག་ཏུ་གྱུར་ནས། བདག་ཁྱོད་ཀྱི་ཆུང་མར་གྱུར་ཅིག་བསམ་ནས་སྦྱིན་པ་གཅིག་བྱིན་ན། ཆགས་པ་དང་ལྡན་པའི་ཤང་ཤང་ཏེའུ་དང་། ཐི་བ་ཕུག་རོན་དང་། ངུར་པ་ལ་སོགས་བཞིན་དུ་འཁྲིག་པ་ལ་དགའ་བའི་བྱར་སྐྱེའོ། །མཁས་པ་དང་སྡོམ་པ་དང་ལྡན་པ་རྣམས་ཀྱི་ཁ་ཟས་ཞིམ་པོ་རྣམས་ཕྲོག་ཤིང་། ཡང་ཡང་བརྣབ་སེམས་བསྐྱེད་ན། ཝ་དང་ཁྱི་ལ་སོགས་པར་སྐྱེས་ནས་ཕན་ཚུན་རྩོད་པར་འགྱུར་རོ། །མི་གང་གིས་དུང་དང་རྔ་སྒྲ་དག་གིས་གྲོང་ཁྱེར་པ་རྣམས་སྐྲག་ཅིང་འཇིག་པ་སྐྱེས་པར་བྱས་པའི་ལས་ཀྱིས་བསྐྱེད་པས་རི་དྭགས་རྣམས་སུ་སྐྱེའོ། །ལས་དེའི་མཐུས་རྟག་ཏུ་སྐྲག་ནས་རི་ལ་གནས་པ་ཡིན་ནོ། །དགེ་མི་སྒྲུབ་བསོད་ནམས་མ་བྱས་པ་དག་འཆི་ཁའི་དུས་སྐོམ་པས་གདུང་ནས་ཆུ་ལ་སྲེད་པས་ཤི་ན་ཉ་ལ་སོགས་པར་སྐྱེ་སྟེ། དེ་རྣམས་ལ་སོགས་པ་དུད་འགྲོ་དཔག་ཏུ་མེད་པ་རྣམས་ནི་རྒྱུ་གཏི་མུག་གིས་ཡིན་ཞིང་ལས་ནི་སྣ་ཚོགས་པ་མདོ་ལས་གསུང་པ་ཡིན་ནོ། །ཟས་བཞི་བཞི་བཤད་པ་ནི་དུད་འགྲོ་དེ་རྣམས་ཀྱི་ཟས་ནི་རྣམ་པ་བཞི་ཡིན་ཏེ། ཁམས་ཀྱི་ཟས་དང་། ཡིད་ལ་སེམས་པ་དང་། རེག་པ་དང་། དགའ་བ་ཟ་བ་ཞེས་བྱ་བ་རྣམས། ཟས་བཞིའི་སྤྱི་དོན་ལ་གསུམ་སྟེ། །ཟས་ཀྱི་དབྱེ་བ་ནི། དྲི་རོ་རེག་བྱ་གསུམ་ནི་ཁམས་ཀྱི་ཟས་སོ། །རེག་པས་ཡུལ་སྤྱོད་པ་ནི་རེག་པའི་ཟས་སོ། །འདོད་པའི་དངོས་པོ་ལ་རེ་བ་དང་ལྡན་པའི་འདུ་བྱེད་སེམས་ནི་སེམས་པའི་ཟས་སོ། །ཀུན་གཞི་ནི་རྣམ་ཤེས་ཀྱི་ཟས་སོ། །འོ་ན་ཟས་ནི་གནས་པར་བྱེད་པ་ཡིན་པ་ལ། སེམས་པས་ཇི་ལྟར་གནས་ཞེ་ན། ཕས་བུ་གཉིས་ལ་ཐལ་བའི་རྐྱལ་པ་ཕྱེད་འདུ་ཤེས་སུ་བཅུག་ནས་ཐལ་བ་ཉིད་དུ་ཤེས་ནས་རེ་བ་མེད་ནས་ཤི་བ་དང་། རྒྱ་མཚོར་གྲུ་ཆག་པའི་མི་ཞིག་ལྦུ་བའི་ཕུང་པོ་ལ་ཐང་དུ་འདུ་ཤེས་ཏེ། དེར་ཕྱིན་ནས་རེ་བ་མེད་པར་ཤི་ཞེས་མཛོད་འགྲེལ་ལས་གསུང་། ཡང་རྒྱ་མཚོ་འགྲམ་ན་ཡོད་པའི་སྒོ་ང་ལས་མ་བརྗེད་ན་མི་འདྲུལ་ལ་བརྗེད་ན་འདྲུལ་ཞེས་འགྲོ་བའི་རྣམ་གྲངས་ལས་གསུངས་སོ། །གྲངས་ངེས་ནི། གནས་སམ་རྟེན་དབང་པོ་དང་བཅས་པའི་བདུན་ནི་ཁམས་ཀྱི་ཟས་ཀྱིས་གསོ་ལ། རྟེན་པ་སེམས་དང་སེམས་བྱུང་རྣམས་ནི། རེག་པའི་ཟས་ཀྱིས་རྒྱས་པར་བྱེད་ཅིང་། སྲིད་པ་བར་དོའི་ལུས་ནི་སེམས་པའི་ཟས་ཀྱིས་འཕེན་ལ། འཕངས་ཟིན་པ་ནི་རྣམ་ཤེས་ཀྱི་ཟས་ཀྱིས་གོང་ནས་གོང་དུ་འགྲུབ་པར་བྱེད་ཅེས་མཛོད་ལས་གསུངས་སོ། །ས་གར་ཡོད་བརྟག་པ་ནི་མཛོད་ལས། ཁམས་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་འཕེན་ཕྱིར། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟག་མེད་གསུམ་དག་ནང་། །ཅེས་སོ། །གསུམ་པོ་དེའི་ཟག་མེད་ཟས་མ་ཡིན་པ་ནི། སྲིད་པ་མི་གསོ་བར་འཇོམས་པའི་ཕྱིར་རོ། །དང་པོ་ནི། ཚུལ་ངན་པའི་མི་དག་གིས་ཆོམ་རྐུན་པ་དག་ལ་སྦྱིན་པ་དམན་པ་ཁམས་ཀྱི་ཟས་བྱིན་ཏེ། འདི་ཟོ་ལ་ཁྱོད་ཀྱིས་བདག་གི་དགྲ་འདི་སོད་ཅིག་བྱས་ནས། ཁ་ཟས་འདོད་པས་དེ་བསད་ན། དང་པོ་དམྱལ་བར་སྐྱེ། དེ་ལས་ཐར་ནས། བ་ལང་། མ་ཧེ། བོང་བུ། ཁྱི། ཕག། ཝ། རྔ་མོང་། རྟ། ལུག །རི་དྭགས། རྭ། སྲི་མ་ར། ཁྭ་ཏ། བྱ་རྒོད། ངང་པ། ཏི་ཏི་ཝ། སྐྱར་མོ། རྭ་མ། ཤང་ཤང་ཏེའུ་ཀུ་རང་ན། ཀ་དམ་བྷ། ནོར་བུ་མཐུ་ལ་སོགས་པ་རྣམས་སུ་སྐྱེས་ནས་ཁམས་ཀྱི་ཟས་ཟ་བར་འགྱུར་རོ། །གཉིས་པ་ནི་གང་གིས་ཕ་རོལ་སྦྱིན་པས་སྦྱིན་ནོ་བསམ་ནས་མ་སྨྲས་པར་ཡིད་ཀྱིས་བྱིན་ཏེ་འཆི་བའི་དུས་བྱས་ན། སྒོ་ང་ལས་སྐྱེ་བར་གཏོགས་པ་བྱི་དང་། ཆུ་ལ་གནས་པ་དང་། རྒྱ་མཚོ་དང་། རྒྱ་མཚོའི་འགྲམ་ན་གནས་པ་དང་། ཀླུ་དང་། སྦྲུལ་དང་། ཁྱུང་ལ་གནས་པ་ལ་སོགས་པར་སྐྱེས་ནས། རེག་པའི་ཟས་ཟ་བར་འགྱུར་རོ། །གཞན་ཡང་། ལས་རྒྱུ་འབྲས་མི་ཤེས་པ་དག་གིས། མི་དབུལ་པོ་ལ་ངས་ཁྱོད་ལ་ནོར་རྫས་སྦྱིན་ནོ་ཞེས་ཁས་བླང་སྟེ། དབུལ་པོ་དེ་དགའ་སྟེ་དྲུང་དུ་ཕྱིན་པ་དང་། ནོར་རྫས་མ་བྱིན་ཏེ་ཁ་སྟོང་པར་བཏང་ན། དམྱལ་བར་སྐྱེས་ནས་དེ་ལས་ཐར་ནས། སྒོ་ང་ལས་སྐྱེས་པ། ཉ་དང་། ཆུ་སྲིན་ཀ་མ་ཏ་དང་། ཀུམ་བྷི་ར་དང་། ཉ་ཕྱིས་དང་། དུང་ལ་སོགས་པར་སྐྱེས་ནས་ཡིད་ལ་སེམས་པའི་ཟས་ཟ་བར་འགྱུར་རོ། །ཕ་མས་བུ་དྲན་ནས་དེས་ཚིམ་ནས་ཟས་མེད་པ་ཡང་ཡོད་དོ། །ཞེ་སྡང་དང་གཏི་མུག་དང་ལྡན་པས་འཁོན་དུ་བཟུང་ནས་སྲོག་གཅོད་པར་བྱེད་ན། དམྱལ་བར་སྐྱེས་ནས། དེ་ལས་ཐར་ནས་དུད་འགྲོའི་རིགས། ནག་ཁུང་ན་སྦྲུལ་ཆེན་པོ་ཆེ་ཨ་ཙ་ག་ར་ཞེས་བྱ་བ་དང་། སྲོག་ཆག་ག་ལ་གོ་ལི་ག་དང་། རི་ཞོལ་ན་གནས་པ་ཞེས་བྱ་བ་ཡོད་དེ། དེ་ལ་སོགས་པ་རྣམས་དགའ་བའི་ཟས་དང་རླུང་ཟ་བར་འགྱུར་རོ། །བསམ་གཏན་གྱི་འོད་གསལ་གྱི་ལྷའི་དགའ་བའི་ཟས་ནི་གནོད་སེམས་མེད་པའི་འཚོ་བ་ཡིན་གྱི་གཞན་དུད་འགྲོའི་དགའ་བའི་ཟས་ནི་འཁོན་དུ་ལྟ་བ་དང་། འཁོན་དུ་འཛིན་པའི་སེམས་དང་ལྡན་པས་འདྲ་བ་མ་ཡིན་ནོ། །དུད་འགྲོ་སྤྱིའི་ཤས་གང་ཆེ་བཤད་པའོ། །མདོར་བསྡུས་ན་དུད་འགྲོ་ཐམས་ཅད་ནི། མཐུན་མི་མཐུན་གཉིས་དང་། བཤེས་དང་བཤེས་མ་ཡིན་པ་དང་། ལྷན་ཅིག་སྤྱོད་པ་དང་། ལྷན་ཅིག་སྤྱོད་པ་མ་ཡིན་པ་དང་དེ་ལ་སོགས་པ་རྣམས་ཀྱང་མི་དགེ་བ་དང་ལྡན་པ་ཡིན་དེ། ཁྲ་དང་གླག་ལ་སོགས་པ་རྣམས་སྲོག་གཅོད་པ་དང་ལྡན། ཁྭ་ཏ་ལ་སོགས་པ་རྣམས་མ་བྱིན་པར་ལེན་པ་ལ་རྐམ་པ་དང་། སྦལ་པ་ལ་སོགས་པ་རྣམས་འདོད་པར་ལོག་པར་གཡེམ་པ་དང་ལྡན་པ་དང་། དོན་མེད་པར་ངག་འཁྱལ་གྱི་སྒྲ་འབྱིན་པ་ཐིང་རིང་ལ་སོགས་པ་དང་། མི་མཐུན་བའི་ཕྲ་མ་སྨྲ་བའི་བྱ་མ་བྱི་ལྟ་བུ་དང་། ཚིག་རྩུབ་དང་རྫུན་དང་ལྡན་པ་གཅན་གཟན་རྣམས་དང་། ཝ་ལ་སོགས་པ་རྣམས་བརྣབ་སེམས་དང་ལྡན་པ་སྟེ། སྦྲུལ་གདུག་པ་ལྟ་བུ་ལ་སོགས་པ་རྣམས་གནོད་སེམས་དང་ལྡན་པ། ལོག་པར་ལྟ་བས་བསྐྱེད་པ་ནི་དམྱལ་བ་ན་གནས་པའི་བྱ་རྣམས་ཡིན་ཏེ། དེ་རྣམས་ཐམས་ཅད་ཀྱང་རང་གིས་སྔོན་ལས་བྱས་པའི་རྗེས་སུ་འབྲེང་བ་ཡིན་པས། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་ཡང་ནས་ཡང་དུ་སྡུག་བསྔལ་མྱོང་བར་བྱེད་པ་ཡིན་ནོ། །ཀླུ་ལ་ལྔ་ལས། དང་པོ་སྤྱིར་བསྟན་པ་ནི། དེ་ནས་གཞན་ཡང་དུད་འགྲོ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཆ་ཤས་གཏི་མུག་དང་ལྡན་པས་བསྐྱེད་པ་དེ་ཡང་ཡིན་ཏེ་ཕྱི་ཡི་རྒྱ་མཚོ་ལ་ལྡན་པས་གནས་པ་རྣམས་ཆགས་པས་བསྐྱེད་པ་ཡིན་ཞིང་འདོད་ཆགས་སྤྱོད་པར་བྱེད་ལ། རྒྱ་མཚོའི་ནང་མ་ལ་སྤྱོད་པ་རྣམས་ཞེ་སྡང་ལ་སྤྱོད་པ་ཡིན་ནོ། །རྒྱལ་པོ་ལ་གཉིས་ལས་དཀར་པོའི་རྒྱལ་པོ་ནི་དེ་རྣམས་ཀྱི་གཙོ་བོ་རྒྱལ་པོ་ནི་མགོ་བདུན་པ་དང་། གླང་པོའི་གདོང་དང་། ནོར་རྒྱས་ཀྱི་བུ་དང་། འཇོག་པོ་དང་། བཟང་ལྡན་དང་། བསྐྱེད་པ་དང་། མི་འཇོ་བ་དང་། སྤྲིན་འཕྲེང་ཅན་དང་། འཁྱིལ་བ་དང་། ཀུན་འགྲོ་དང་། རབ་སྤྲོ་ཏེ། ཀླུའི་རྒྱལ་པོ་འདི་རྣམས་ནི་ཆོས་དང་ལྡན་ཞིང་། འདི་རྣམས་ཀྱིས་མི་རྣམས་ཀུན་ལ་བདེ་བར་སྐྱོང་སྟེ། ལོ་ལེགས་པའི་ཕྱིར་དུས་དུས་སུ་ཆར་རན་པ་བདེ་བར་འབེབས་པ་དང་། དུས་མ་ཡིན་པའི་སེར་བ་དང་། སྤྲིན་དང་རླུང་གཏོང་བར་མི་བྱེད་དོ། །འཇིག་རྟེན་ན་ཆོས་དང་མཐུན་པར་སྤྱོད་ན། ཀླུ་རྣམས་སྟོབས་རྒྱས་སྟེ་བདེ་ལེགས་ཐམས་ཅད་བྱེད་དེ། ད་འཛམ་བུ་གླིང་ཐམས་ཅད་སྐྱོང་ངམ་ནུབ་ཀྱི་བ་གླང་སྤྱོད་ཀྱི་མི་རྣམས་ལ་ཆུ་རྙོག་པ་ཅན་བྱུང་ན་དུས་ཉེ་བར་འགྲུམ་པ་ཡིན་པས། ཀླུའི་རྒྱལ་པོ་དེས་སྤྲིན་མི་ལྡང་བར་བྱེད། ངམ་འགྲོག་དང་། གཡང་ས་དང་། རི་བོ་རྣམས་ལ་ཆུ་རྙོག་པ་ཅན་མི་འབབ་པར་བྱེད་ཅིང་བདེ་འབར་སྐྱོང་། ཤར་གྱི་ལུས་འཕགས་པོའི་མི་རྣམས་ལ་གློག་མཐོང་བ་དང་། འབྲུག་སྒྲ་ཐོས་ན་ནད་བྱུང་བས་ཀླུ འི་རྒྱལ་པོས་སྒྲ་མི་འབྱིན་གློག་མི་གཏོང་ཅིང་བདེ་བར་སྐྱོང་། བྱང་སྒྲ་མི་སྙན་གྱི་མི་རྣམས་ལ་རླུང་གྲང་མོས་མེ་ཏོག་དག་ཞུམ་ཞིང་། དྲི་མི་ཞིམ་པར་བྱེད་པས་ཡིད་མི་དགའ་བར་འགྱུར་བ་དང་། སྤྲིན་ནག་པོའི་རྐྱེན་གྱིས། བྱ་དག་སྐད་མི་སྙན་པ་འབྱིན་ལ། པི་ཝང་དང་། རྫ་རྔའི་སྒྲ་ཡང་མི་སྙན་འགྱུར་བས་གནོད་པ་ཡོད་དེ། ཆོས་དང་ལྡན་པའི་ཀླུའི་རྒྱལ་པོས་དེ་རྣམས་མི་འབྱུང་བར་བྱེད་ཅིང་བདེ་བར་སྐྱོང་ངོ་། །ནག་པོ་ཀླུའི་རྒྱལ་པོ་ནི། གཞན་ཡང་ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་པ་ནི་རབ་འཇོག་དང་། བསྒྱིངས་པ་དང་། ནག་པོ་དང་། ཧུ་ལུ་ཧུ་ལུ་ཏེ་འཇིག་རྟེན་ན་མི་དགེ་སྤྱོད་པ་ཚེ་ཁོང་རྣམས་དགའ་སྟེ། ལུས་ལས་དུག་མང་པོ་འབྱུང་བར་བྱེད། དེ་དག་སྤྲིན་ངན་པའི་ནང་ན་རྒྱུ་ཞིང་དུག་གི་ཤིང་ལྗོན་པ་འབྱུང་བར་བྱེད་པ་དེས་རླུང་མ་རུང་བྱེད། རླུང་དེས་ཆུ་མ་རུང་བར་བྱས་ནས་འབྲས་བུའི་ཚོགས་སྐྱོང་མ་རུང་པར་བྱེད། ཁ་ཟས་དེ་ཟོས་ན་ཡང་ནད་དག་འཁྲུག་པར་བྱེད། དེ་ནས་ཚེ་ཐུང་བར་བྱེད། རྒྱལ་པོ་སྡང་སེམས་ཅན་དུ་འགྱུར་ཕན་ཚུན་གསོད་པ་འཇིག་རྟེན་ན་མི་དགེ་སྣ་ཚོགས་འབྱུང་བར་བྱེད་དོ། །གནས་དང་ཟས་ནི་གནས་ནི་ལོངས་སྤྱོད་ལྡན་ཡིན་ལ། ཚད་ནི་དཔག་ཚད་སུམ་སྟོང་ཡོད་པ། རིན་པོ་ཆེའི་རྭ་བས་བསྐོར་བ། རིན་པོ་ཆེ་སྣ་བདུན་འོད་དང་བཅས་པ་འབྱུང་བ། ལྟེང་ཀ་དང་། འབབ་ཆུ་དང་། ཨུཏྤལ་ཕུན་སུམ་ཚོགས་པ་ནི་སྐྱེ། བདུད་རྩིའི་ཁ་ཟས་ནི་ཟ། རྟག་དུ་བདེ་བ་ལ་ནི་གནས། ལུས་མེ་ཏོག་དང་ཕྱེ་མ་དང་བྱུག་པས་ནི་བརྒྱན། འགའ་སྦྲུལ་གདུག་པ་ཁོ་ནས་ཟ་ལ་ཅུང་ཟད་བདེ་བར་གནས་པ་ཡིན་ནོ། །བློ་རྨོངས་པ་ཅན་གྱིས་གཙུག་ལག་ཁང་ངམ་གྲོང་ཁྱེར་དང་། གྲོང་རྡལ་མེས་བསྲེག་པའི་ལས་ནག་པོ་སྟོབས་ཀྱིས་སྐྱེས་པའི་གླུ་རྣམས་ལ། བྱེ་མའི་རྡུལ་དག་འབབ་པས། མགོ་དང་གནས་བསྲེག་པར་བྱེད་བུ་སྨད་དུག་ཐོག་ཐམས་ཅད་ཀྱང་བསྲེག་པར་བྱེད་པར་འགྱུར་རོ། །གང་གིས་བུ་དང་ཆུང་མའི་ཟས་རྣམས་བཙན་འཕྲོག་བྱེད་ཅིང་། བདག་ཉིད་གཅིག་པུ་ཟས་མང་པོ་ཟ་ལ། བུ་སྨད་ལ་ནི་ཟས་ངན་པ་སྦྱིན་པ་དེ་ནག་པོའི་ཀླུར་སྐྱེས་ནས། བྱེ་ཚན་དང་། སྦལ་པ་དང་། རླུང་ཟ་བར་བྱེད་ཅིང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ལུས་གདུངས་པ་ཡིན་ལ། མི་རྣམས་ལ་ཡང་འཚེ་བར་བྱེད་དོ། །དུས་མ་ཡིན་པའི་སེར་བ་དང་རླུང་དང་སྤྲིན་ནག་གདོང་ཞིང་ལོ་ཏོག་མ་རུང་པར་བྱེད་དོ། །སྐྱེ་གནས་ཀྱི་རིགས་བསྡུ་བ་ནི་གཞན་ཡང་མཚོའི་ཆུ་ལག་དང་བཅས་པར་ཆོས་དང་ལྡན་པའི་ཀླུ་དག་ནི་བྱེ་བ་ལྔ་བཅུ་རྩ་བདུན་གནས་ཏེ། ཆོས་དང་མི་ལྡན་པའི་ཀླུ་རིགས་ནི་བགྲང་དུ་མེད་དོ། །མ་དྲོས་པ་ལ་སོགས་པ་གླིང་བཞི་རོལ་མཚོ་ལ་གནས་པ་དེ་དག་ཀླུ་ནི་དུ་མ་རྣམས་ནི་ཀླུ་རིགས་བཞི་ཡིན་ཏེ། སྣ་ཚོགས་ཀྱི་ལས་ལས་སོ་སོར་བདེ་སྡུག་བསྐྱེད་པའོ། །ཚེའི་ཚད་ནི་ཀླུ་མཆོག་དེ་དག་གི་ཚེ་ནི་བསྐལ་པ་གཅིག་སྟེ། ཀླུ་གཞན་དག་གི་ཚེ་ནི་ངེས་པ་མེད་པ་དུ་མ་ཡིན་ནོ། །གསུམ་པ་ལྷ་མ་ཡིན་ལ་གསུམ་སྟེ། མདོར་བསྟན་པ་དང་། སོ་སོར་བཤད་པ་དང་། ལྷ་དང་ལྷ་མིན་འཐབ་པའི་ཚུལ་ལོ། །དང་པོ་ནི། ལྷ་མ་ཡིན་གྱི་རིགས་ནི་གཉིས་ཡིན་ཏེ། བདུད་རིགས་ཀྱི་ཡི་དྭགས་དང་། ཡི་དྭགས་རྫུ་འཕྲུལ་ཆེན་པོ་གཉིས་པོ་དེ་ཡི་དྭགས་ལྷ་མིན་དུ་གཏོགས་སོ། །སྔར་གོང་དུ་དུད་འགྲོའི་ནང་དུ་བགྲང་བའི་ལྷ་མ་ཡིན་གང་ཡིན་པ་དེ་ནི། རྒྱ་མཚོའི་ནང་དུ་ནུབ་པའི་རི་རབ་ལ་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་ལ་གནས་པ་ཡིན་ཏེ། དེ་རྣམས་ཀྱི་གནས་ནི། སྣང་ལྡན་ཞེས་བྱ་བ་དང་། ཟླ་འཕྲེང་ཞེས་བྱ་བ་དང་། གནས་བཟང་པོ་ཞེས་བྱ་བ་དང་། མི་གཡོ་བ་ཞེས་བྱ་བ་རྣམ་པ་བཞི་ཡོད་དེ། དེ་རྣམས་ཀུན་ཀྱང་དཔག་ཚད་ཁྲི་ཕྲག་གཉིས་དང་། སྟོང་དང་ཚེ་ཚད་གཅིག་ཡོད་པ་ནི་རིམ་པ་གཞན་གནས་པ་ཡིན་ཏེ་ཤེས་པར་བྱའོ། །གཉིས་པ་སོ་སོར་བཤད་པ་བཞི། སྒྲ་གཅན་བཤད་པ་དང་། བརྟན་པ་བཤད་པ་དང་། ཚེ་གནས་བཤད་པ་དང་། གསེར་ལྡན་བཤད་པའོ། །དང་པོ་ལྔ་ལས། གནས་ཀྱི་བཀོད་པ་ནི། གནས་བཞི་ཡོད་པ་དེ་ལས། དང་པོ་དེ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གནས་པ་ཡིན་ཏེ། གྲོང་ཁྱེར་དེའི་འཁོར་དུ་དཔག་ཚད་བརྒྱད་སྟོང་ཡོད་པ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། ཅི་འདོད་པའི་ལོངས་སྤྱོད་སྣ་ཚོགས་དང་ལྡན་པ། ཕྱོགས་བཞིར་སྐྱེད་མོས་ཚལ་དང་། བརྒྱན་པ་དང་། ངང་པ་དང་། ཁུ་བྱུག་ལ་སོགས་སྐད་སྙན་པ་འབྱིན་པའི་བྱ་རྣམས་ཡོད་དེ། སྐྱེད་མོས་ཚལ་ཐམས་ཅད་ཀྱང་ཁོར་ཡུག་ནི་དཔག་ཚད་བརྒྱ་བརྒྱ་ཡོད་པའོ། །རིན་ཆེན་སྣ་ཚོགས་ཀྱི་ལྗོན་པ་དང་། ཆུ་མིག་དང་། མཚོ་དང་། ལྟེང་ཀ་དང་། མེ་ཏོག་སྣ་ཚོགས་དང་། འབབ་ཆུ་ཡིད་དུ་འོང་བ་དུ་མས་བརྒྱན་པ་དང་། བྱ་སྣ་ཚོགས་དང་། བུང་བ་སྒྲ་སྙན་པ་དུ་མས་གང་བ་ཡོད་དོ། །དེ་ན་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཆུང་མ་ཡིད་བཞིན་མཛེས་འགྱུར་མ་དང་། སྤོས་ཀུན་ལྡན་མ་དང་། ནགས་ཚལ་མ་མཛེས་མ་དང་། བཀྲ་ཤིས་མ་དེ་རྣམས་དང་བཅས་པ་དང་། དེའི་གཡོག་མོ་ལྷ་མ་ཡིན་གྱི་བུ་མོ་ཕྲག་ཁྲིག་ཕྲག་བཅུ་གཉིས་དང་བཅས་པས་བསྐོར་ནས་ཡོད་དེ། དེའི་བདེ་བ་དང་ལོངས་སྤྱོད་ཀྱི་མིང་ཤེས་པར་དཀའོ། །གཉིས་པ་གཙོ་བོའི་རྒྱུ་འབྲས་ནི། ལྷ་མིན་རྒྱལ་པོ་འདི་ནི་སྔོན་བྲམ་ཟེར་གྱུར་ནས་སྦྱིན་པ་གཏོང་བ་ལ་བརྩོན་ཞིང་། རིག་བྱེད་ཐམས་ཅད་ལ་མཁས་པར་གྱུར་རོ། །རྒྱལ་བའི་མཆོད་རྟེན་ལ་མེ་ཤོར་བར་མཐོང་ནས། འདི་སྙམ་དུ་སེམས་དེ། བདག་ནི་འདི་ཡི་བསོད་ནམས་ཀྱང་མི་དགོས། འདི་ཐམས་ཅད་མཁྱེན་པའི་གནས་ཀྱང་མ་ཡིན་མོད་ཀྱི། འོན་ཀྱང་འདི་མཛེས་པ་གཅིག་འདུག་པས་མེས་འཚིག་ན་མི་རུང་ལ། རྒྱལ་པོས་ཀྱང་བཀྱོན་དོག་ནས། དད་པ་མེད་ཀྱང་ཤིང་རྟ་སྟོང་ཕྲག་བཞིས་ཆུ་བསྐྱལ་ནས་མཆོད་རྟེན་མ་ཚིག་པར་བྱས་ནས། དད་པ་མེད་ཀྱང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདི་ལ་བསོད་ནམས་ཡོད་ན། འདོད་པའི་ཁམས་ན་བདག་གི་ལུས་གཞན་ལས་མཆོག་ཏུ་འགྱུར་བར་ཤོག་ཅེས། ཚིག་དེ་བརྗོད་པས་དེ་ལྷ་མ་ཡིན་གྱི་དབང་པོར་གྱུར་པ་ཡིན་ནོ། །གསུམ་པ་འཁོར་གྱི་རྒྱུ་འབྲས་ནི། དེའི་འཁོར་དུ་སྐྱེས་པའི་ལྷ་མ་ཡིན་རྣམས་ནི་རང་གི་གྲགས་པ་འདོད་པའམ། རྒྱལ་པོའི་བཀའམ་རང་གི་རིགས་ཀྱི་ཆོས་ལུགས་བསྲུང་བའི་ཕྱིར། རི་དྭགས་དང་། ཉ་དང་། དེ་ལ་སོགས་སེམས་ཅན་རྣམས་རང་གིས་མི་གསོད་ཅིང་། གཞན་ལ་ཡང་སྲུང་བར་བྱེད་ཅིང་། སྦྱིན་པ་དང་བཅས་པའི་མི་དགེ་བ་གཞན་སྤྱོད་པ་དེ། ལས་དེས་ལྷ་མ་ཡིན་དེར་སྐྱེས་ནས་སྣོན་པའི་ལུས་བླང་ནས། འདྲེས་མའི་བདེ་བ་ནི་མྱོང་ཞིང་ཡིད་ང་རྒྱལ་དང་བཅས་པ་ཡིན་ནོ། །བཞི་པ་ཚེ་ཚད་ནི་མི་ཡི་ལོ་ལྔ་བརྒྱ་ལྷ་མ་ཡིན་གྱི་ཞག་གཅིག་ཡིན་ཏེ། དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད་པའི། འདྲེས་དེས་བསྒྲེས་ནའི་རང་ལོ་ལྔ་སྟོང་ཐུབ་པ་ཡིན་ཏེ། བར་མ་དོར་ནི་འཆི་བ་ཡང་ཡོད་དོ། །ལྔ་པ་ཉི་ཟླའི་འགྲིབ་ཚུལ་ནི་དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་དེ་ལྷའི་གནས་དང་ཆགས་པ་དང་ལྡན་པས་ལྷའི་བུ་མོ་རྣམས་ལ་ལྟ་བར་འདོད་པ་དང་། ཟླ་བ་ལ་རེག་པར་འདོད་པ་དང་། ལྷ་རྣམས་གཡུལ་འགྱེད་འདོད་པའི་ཚེ། རྫུ་འཕྲུལ་གྱི་ལུས་དང་ལག་པ་གཉིས་ཀྱིས་ཉི་ཟླའི་འོད་ཟེར་དེ་བསྒྲིབ་བོ། །དེ་ལ་རྟོག་གེ་པ་རྣམས་གནམ་གྲུམ་ཞེས་ཀྱང་སྨྲ། ཉི་ཟླ་གཟས་ཟིན་ཞེས་ཀྱང་སྨྲའོ། །གཉིས་པ་བརྟན་པ་བཤད་པ་ལ་བཞི་ལས། དང་པོ་གནས་ནི་ཟླ་བའི་འཕྲེང་བ་ཞེས་བྱ་བའི་གནས་གཉིས་པར་ལྷ་མ་ཡིན་གྱི་རྒྱལ་པོ་འགུལ་འཕྲེང་ཞེས་བྱ་བ་གནས་ཏེ། སྔ་མ་ལས་ལྷག་པའི་གྲོང་ཁྱེར་ཡོད་པ་ནི་གཉེས་ཤིང་བརྩེ་བ་ཞེས་བྱ་བ་དཔག་ཚད་བརྒྱད་སྟོང་ཡོད་པ། ཆུ་དང་ཤིང་དང་། བྱ་སྣ་ཚོགས་དང་བུང་བ་སྒྲ་སྙན་ལ་སོགས་པས་བརྒྱན་པ། གྲོང་ཁྱེར་དེའི་ཕྱོགས་བཞི་སྟེ། རི་ཡི་རྩེ་མོ་དགའ་བྱེད་དང་། ལྷང་ཚོར་དང་། མི་སྣང་དང་། ཡིད་འོང་གསེར་ཞེས་བྱ་བ་བཞི་ཡོད་དེ། དེ་དག་ཀུན་ཀྱང་དཔག་ཚད་ལྔ་སྟོང་ཡོད་ལ། དེ་དག་གི་ཚལ་རྣམས་ཀྱང་ནགས་སྣ་ཚོགས་དང་བཅས་པ་ཡོད་ཅིང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་པ་འབབ་ཆུ་དང་བཅས་པ་དང་། རྨ་བྱ་འབུམ་ཕྲག་དུ་མ་སྒྲ་སྙན་པ་འབྱིན་པ། ལྷ་མིན་ཆེན་པོས་བསྐྱངས་པ། གྲང་བ་དང་ཚ་བས་ཉམས་པ་མེད་པ། གླུ་དང་རོལ་མོས་རྟག་ཏུ་དགའ་བ་ཡིན་ནོ། །གྲོང་ཁྱེར་སྐར་འཕྲེང་གི་དབུས་ན་མཚོ་ཀུན་མཐོང་ཞེས་ཞིང་དུ་དཔག་ཚད་ལྔ་ཡོད་པ། རབ་ཏུ་དང་བ་ཟླ་བ་གཉིས་པ་ལྟར་གསལ་བ་ལྷ་མ་ཡིན་རྣམས་ལྷ་དང་གཡུལ་འགྱེད་པ་ལ་འགྲོ་བའི་སྔོན་དུ། མཚོ་དེའི་ནང་དུ་བལྟས་ན། རང་ཕམ་ན་འབྲོས་པ་སྣང་། འཆི་ན་རོ་སྣང་། ལས་དང་མཐུན་པར་རང་ལ་ཅི་ཡོང་གི་གཟུགས་ཐམས་ཅད་མཐོང་སྟེ། དཔེར་ན་མེ་ལོང་གཡའ་མེད་པའི་ནང་དུ་བལྟས་ན་རང་གི་གཟུགས་ཐམས་ཅད་སྣང་བ་བཞིན་དུ་མཚོ་དེར་སྣང་ངོ་། །འཛམ་བུ་གླིང་དུ་མི་དགེ་བ་བྱེད་པ་མཚོ་དེར་མཐོང་། ཁོང་རྣམ་དགའ་བར་འགྱུར་རོ། །དགེ་བ་བསྒྲུབ་པ་མཐོང་བ། ལྷ་རྣམས་རྒྱལ་བར་འགྱུར་གྱིས་དོགས་ནས། ཀླུ་ནག་པོ་ལ་དགའ་བ་རྣམས་ལ་སྦྲན་ནས། ནད་སྣ་ཚོགས་གཏོང་བ་དང་། ལོ་ཏོག་མ་རུངས་པར་བྱེད་དུ་བཅོལ་ལོ། །གཉིས་པ་གཙོ་བོའི་རྒྱུ་འབྲས་ནི་དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་བརྟན་པ་ནི་ལྷ་མ་ཡིན་གྱི་བུ་མོ་མཛེས་པ་དུ་མ་དང་། ལས་དང་མཐུན་པར་བདེ་བ་སྣ་ཚོགས་ལ་སྤྱོད་པར་བྱེད་དེ། རི་དང་། ཚལ། ཆུ་དང་བྱ་སྣ་ཚོགས་ཀྱི་བརྒྱན་པ་ལོངས་སྤྱོད་དུ་མ་དང་ལྡན་པ་ནི་དཔག་ཏུ་མེད་དོ། །གསུམ་པ་འཁོར་གྱི་རྒྱུ་འབྲས་ནི་གང་གིས་སྔོན་གྱི་ཚེ་ཕྱི་རོལ་པ་དག་གིས་སྡིག་པ་དང་སྐྱོན་དང་བཅས་པའི་མཆོད་སྦྱིན་བྱས་པ་དང་། བཟའ་བཅའ་མང་པོ་བཤམ་ནས། ཚུལ་ཁྲིམས་དང་ལྡན་པ་ལ་མ་བྱིན་ནས། ཕྱི་རོལ་བའི་ཆགས་པ་དང་བྲལ་བ་ལ་སྦྱིན་པ་ངན་པ་བཏང་བའི་འབྲས་བུས་ལྷ་མ་ཡིན་གྱི་རྒྱལ་པོར་བསྐྱེད་པ་ཡིན་ཞིང་། སྦྱིན་པ་འབྲིང་དང་། བར་པ་དང་། མཆོག་གིས། བདེ་བ་ཡང་དེ་ལྟར་བསྐྱེད་པ་ཡིན་ནོ། །མི་གང་གཞན་ལ་རྐུ་འཕྲོག་བྱེད་ཅིང་། སྡིག་པ་དང་བཅས་པའི་ཕྱི་རོལ་པའི་མཆོད་སྦྱིན་གང་བྱེད་པ། འཇིག་རྟེན་པའི་འབྲས་བུ་འདོད་པ་དེ་ལྷ་མ་ཡིན་གྱི་འཁོར་དུ་སྐྱེ་བ་ཡིན་ནོ། །བཞི་པ་ཚེ་ཚད་ནི། ལྷ་མིན་དེ་དག་གི་ཚེ་ནི་མི་ཡི་ལོ་དྲུག་བརྒྱ་ལ་ལྷ་མིན་གྱི་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་དུ་བྱས་པའི་རང་གི་ལོ་ནི་དྲུག་སྟོང་གི་བར་དུ་འཚོ་བ་ཡིན་ནོ། །བཞི་པ་རྩེར་གནས་བཤད་པ་ལ་ཡང་བཞི་ལས། དང་པོ་གནས་ནི། དེ་ནས་ས་གཞི་གསུམ་པ་གནས་བཟང་པོར་གནས་པའི་ལྷ་མ་ཡིན་བརྩེ་བར་གནས་པ་རྣམས་ཀྱི་གྲོང་ཁྱེར་ཟབ་པ་བྱ་བ་དཔག་ཚད་བརྒྱད་སྟོང་ཡོད་པ་ལས། དེའི་ཕྱོགས་རྣམས་སུ། གཡེར་ཀའི་ཕྲེང་བའམ་ཚལ་བྱ་བར། དྲིལ་བུ་གཡེར་ཁའི་ལྗོན་པ་ལ་རྟག་ཏུ་སྒྲ་དབྱངས་སྙན་པ་སྒྲོག་པ་དང་། གསེར་ཕྲེང་གི་ཚལ་དུ་གསེར་གྱི་ལྗོན་པ་སྐྱེ་བ་དང་། མེ་ཕྲེང་ཚལ་དུ་མེ་ལྟ་བུའི་ལྗོན་པ་ལ་འབྲས་བུ་དམར་པོ་ཕྱུང་བ་དང་། འདྲེས་པའི་ཚལ་བྱ་བར་མེ་ཏོག་དང་འབྲས་བུ་འདྲེས་པ་སྐྱེ་བ་ལ་སོགས་པའི་ཚལ་ཆེན་པོ་བཞིས་བརྒྱན་ཅིང་མཛེས་པར་བྱས་པ་ཡིན་ཏེ་གནས་གོང་མ་གཉིས་ལས་ཁྱད་པར་དུ་མཛེས་པའོ། །གཉིས་པ་གཙོ་བོའི་རྒྱུ་འབྲས་ནི། གྲོང་ཁྱེར་དེ་ན་ལྷ་མ་ཡིན་གྱི་རྒྱལ་པོ་མེ་ཏོག་འཕྲེང་བྱ་བ་གནས་ཏེ། ཁང་པ་བཟང་པོ་དང་། སྐྱེད་མོས་ཚལ་ཡིད་དུ་འོང་བ་དུ་མའི་ནང་ན་ལྷ་མ་ཡིན་གྱི་བུ་མོ་མཛེས་པ་རྣམས་ཀྱིས་མཆོད་ཅིང་། སྟོབས་དང་ལྡན་པའི་ལོངས་སྤྱོད་དུ་མས་དག་རྩེ་དགའ་ཞིང་འདུག་གོ །ལྷ་མིན་དེ་རྣམས་ནི་སྔོན་གྱི་ཚེ་ཚུལ་ཁྲིམས་འཆལ་པ་སྤྱོད་པ་ལ་སེམས་པ་དང་མི་ལྡན་པའི་མིས་ཟས་ཀྱིས་མཆོད་པར་བྱས་ན་བདུད་རྩི་དྲི་མ་ཅན་ཟ་བའི་ལྷ་མིན་ཐོབ་པར་གྱུར་པ་ཡིན་ཞེས། འདྲེན་པ་སངས་རྒྱས་ཀྱིས་མདོ་ལས་གསུངས་སོ། །གསུམ་པ་འཁོར་གྱི་རྒྱུ་འབྲས་ནི་འཁོར་གཞན་དག་དེར་སྐྱེ་བའི་རྒྱུ་ནི། དུས་སུ་སྦྱོར་བའི་སྟོན་མོ་དང་། གྱད་དང་། སིང་ཁྲོལ་དང་། དགའ་མགྲོན་དང་། དེ་བཞིན་དུ་ཕལ་པའི་སྦྱིན་པ་ངན་པ། ཡུལ་སེམས་པ་དང་མི་ལྡན་པ་བཟང་པོ་མ་ཡིན་པ་ལ་བྱིན་པ་དེས། ལྷ་མིན་གྱི་གནས་དེར་སྐྱེ་བ་ཡིན་ནོ། །བཞི་པ་ཚེ་ཚད་ནི། མི་ཡི་ལོ་བདུན་བརྒྱ་ལ་ལྷ་མིན་གྱི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་བྱས་པའི་དེ་ལྟར་བསྒྲེས་པའི་རང་གི་ལོ་བདུན་སྟོང་ཐུབ་པ་ཡིན་ནོ། །གཉིས་པ་གསེར་ལྡན་བཤད་པ་ལ་བཞི་ལས། དང་པོ་གནས་ནི། གོང་དུ་བཤད་པ་དེ་ལས། ལྷ་མིན་གྱི་གནས་པའི་ས་བཞི་པ་མི་གཡོ་བ་བྱ་བའི་དབུས་ན། ལྷ་མིན་གསེར་ལྡན་པ་བྱ་བའི་གྲོང་ཁྱེར། མཛེས་པ་ཞེས་བྱ་བ་གསེར་གྱི་ས་གཞིའི་སྟེང་གནས་པ། དཔག་ཚད་བརྒྱད་སྟོང་ཡོད་པ། རིན་ཆེན་སྣ་ཚོགས་ཀྱི་རང་བཞིན་ལས་གྲུབ་པ། རྣམ་པར་བཀྲ་ཞིང་མཛེས་པ་ལྟ་ན་སྡུག་པ། ཤིང་ལྗོན་པ་དང་སྐྱེད་མོས་ཚལ་དུ་མའི་ནང་དུ། བྱ་ཡིད་དུ་འོང་བ་སྣ་ཚོགས་དང་། བུང་བ་སྦྲང་ཆང་གིས་མྱོས་པ་སྒྲ་སྙན་པ་འབྱིན་པས་གང་བ། གྲོང་རྡལ་དང་། ལྟེང་ཀ་དང་། འབབ་ཆུ་དུ་མ་དང་བཅས་པས་བརྒྱན་པ། ལྷ་མ་ཡིན་གྱི་བུ་མོ་གཟུགས་མཛེས་མ་བརྒྱ་སྟོང་རྣམས། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་ཀླུབས་པ་རྣམས་ཀྱིས་རྩེ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །གཉིས་པ་གཙོ་བོའི་འཁོར་གྱི་རྒྱུ་འབྲས་ནི་དེ་དག་རྣམས་ཀྱི་བདག་པོ་ཐག་ཟང་རིས་ནི་བརྩོན་པ་ཆེ་ཞིང་སྟོབས་ཆེན་པོ་དང་ལྡན་ཞིང་། རྫུ་འཕྲུལ་ཆེན་པོ་དང་ལྡན་ཞིང་། ཕ་རོལ་གྱི་འཇིག་པ་མེད་ཅིང་བདེ་བར་གནས་པ་ཡིན་ནོ། །བདེ་བ་དང་ལྡན་པར་གནས་པ་ནི་གཞན་ཡང་། ལྷ་མ་ཡིན་གྱི་རྒྱལ་པོ་རབ་རྒོད་ཞེས་བྱ་བ། སྟོབས་སྙོམས་པ། ལྷ་མིན་གཞན་པས་ལྷག་པར་ཡང་ང་རྒྱལ་ཆེ་བ་དེ་ཡང་དེ་ན་གནས་པ་ཡིན་ནོ། །ལྷ་མ་ཡིན་གཞན་ལས་ཆེས་ལྷག་པ་ཡིན་ནོ། །དེ་རྣམས་ཀྱི་འཁོར་ཀུན་སྤྲོ་བ་དེ་རྣམས་ཀྱང་། སྟོབས་ནི་ཆེ། ལོངས་སྤྱོད་ཆེན་པོ་དང་ནི་ལྡན། བག་ཚ་བ་མེད་པར་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའོ། །ལྷ་མིན་གྱི་རྒྱལ་པོ་དེར་སྐྱེ་བའི་ལས་སྤྱད་པ་ན། གང་ལ་ལས་ལོག་པར་ལྟ་བ་ལ་ཞེན། ལས་དང་འབྲས་བུ་མི་ཤེས། དཀོན་མཆོག་གསུམ་ལ་ཕྱིར་ཕྱོགས་པ་ཡང་དག་པའི་ལྟ་བ་དང་མི་ལྡན་ཤིན་ཏུ་ཡང་། ཚུལ་ཁྲིམས་དང་ལྡན་པ་གཅིག་གྱིས་ནན་གྱིས་བསླངས་པ་ལ། ལོག་པ་ལ་རབ་ཏུ་བྱུང་བ་འདི་ལ་བདག་གིས་བསོད་སྙོམ་སྦྱིན་པས་འབྲས་བུ་མེད་པའི་ཚ་རྒོ་ཅན་ལ་བྱིན་པ་ཡིན་ནོ་སྙམ་ནས། ངོ་སྲུང་གིས་སྦྱིན་པ་ཚེར་མ་ལྟ་བུ་བྱིན་པ་དང་། འཇིག་རྟེན་པའི་དགེ་བ་སྤྱོད་པ་དང་ལྡན་པས་གྲུབ་པ་ཡིན་ནོ། །འཁོར་གཞན་དག་སྐྱེ་བའི་རྒྱུ་ནི། སྲེད་པའི་རོ་ལ་ཞེན་པས། སེམས་ཅན་ལ་སྙིང་བརྩེ་བ་དང་། བདག་ཉིད་ཀྱི་འཚོ་བ་སྦྲང་རྩི་འདོད་པའི་ཕྱིར། ཚལ་གཅིག་ཏུ་ན་སེམས་ཅན་རྣམས་ལ་གནོད་པ་དང་། འཚེ་བ་མེད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཕྱོགས་གཅིག་ཏུ་བསྡུད་ནས། འཚེ་བ་མེད་པར་བྱེད་པ་དང་། སེམས་བརྩེ་བ་དང་། སྦྱིན་པ་དམན་པ་བཏང་བས་ལྷ་མིན་གྱི་འཁོར་དུ་གྲུབ་པ་ཡིན་ལ། སྦྱིན་པ་བཏང་བ་དེའི་ཕྱིར། བདེ་བའི་འབྲས་བུ་ཐོབ་པ་ཡིན་ནོ། །གསུམ་པ་ཚེ་ཚད་ནི་དེ་རྣམས་ཀྱི་ཚེ་ནི། མིའི་ལོ་བརྒྱད་སྟོང་ལ་ལྷ་མིན་གྱི་ཞག་གཅིག་ཡིན། དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་དུ་བྱས་པའི་རང་གི་ལོ་སྟོང་ཕྲག་བརྒྱད་ཐུབ་བོ། །བཞི་པ་སྲིད་པ་གཞན་གྱི་རྒྱུ་མཐུན་ནི། དེ་ལྟར་བཤད་པའི་དུད་འགྲོ་རྣམས་ལས་ཐར་ནས་འཕོས་ཏེ། བརྒྱ་ལ་ལྷ་དང་མིར་སྐྱེས་ཀྱང་། རང་རང་གི་ལས་དཀར་ནག་གང་བྱས་ཀྱི་རྒྱུ་དང་མཐུན་པར་འབྲས་བུ་བདེ་སྡུག་འབྱུང་བ་ཡིན་པ་དེའི་ཕྱིར། དུས་རྟག་ཏུ་མི་དགེ་བའི་རིགས་ཐམས་ཅད་སྤོང་ལ། ལུས་ངག་ཡིད་གསུམ་བག་ཡོད་པར་བྱས་ནས། དགེ་བ་འཕེལ་བ་ལ་དུས་རྟག་ཏུ་བརྩོན་པར་གྱིས་ཤིག །སྤྱི་དོན་གསུམ་པ་ལྷ་དང་ལྷ་མིན་འཐབ་པའི་ཚུལ་ལ་དྲུག་སྟེ། རྒྱུ་གཉིས་བཤད་པ། རིམ་པ་བཞིན་འཐབ་ཚུལ། ཐག་ཟང་རིས་ཆས་པ། ལྷ་དབང་གླང་ཆེན་དང་བཅས་པ་ཆས་པ། ལྟས་འབྱུང་བའོ། །དང་པོ་ནི། དེ་ནས་ཡང་ལྷ་དང་། ལྷ་མ་ཡིན་འཐབ་པའི་གཡུལ་དུ་འཇུག་པ་བཤད་པར་བྱ་སྟེ། མི་རྣམས་དགེ་བ་བཅུ་སྤྱོད་པར་གྱུར་པ་ན། ལྷར་སྐྱེ་བ་ཡིན་པས། ལྷའི་རྒྱུད་འཕེལ་བ་དང་ལྷ་མ་ཡིན་འགྲིབ་པས། རྒྱུ་དེས་ལྷ་མ་ཡིན་དང་། ནག་པོ་ལ་དགའ་བའི་ཀླུ་རྣམས་ཡི་མུག་པར་འགྱུར་ལ། མི་རྣམས་དགེ་བ་བཅུ་སྤྱོད་པའི་ཚེ་ན། ལྷ་མ་ཡིན་གནོད་བྱེད་རྣམས་ཀྱིས་ཚུར་ལ་གཡུལ་འགྱེད་ཀྱང་། ལྷ་རྣམས་ལ་སྦྲན་མི་དགོས་པར་དཀར་པོ་ལ་དགའ་བའི་ལྷ་རྣམས་ཀྱི་བཟློག་པར་ནུས་སོ། །མི་རྣམས་དགེ་སྡིག་འདྲེས་མ་སྤྱོད་པའི་ཚེ་ལྷ་མིན་དཔུང་ཆེར་སོང་བས། འཕྲེང་ཐོག་ལ་སོགས་པའི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་བཟློག་པར་ནུས་སོ། །དུས་གང་གི་ཚེ་མི་རྣམས་ཆོས་མ་ཡིན་པ་མི་དགེ་བ་སྣ་ཚོགས་སྤྱོད། ཕར་མི་འཛིན་མར་མི་འཛིན་དགེ་སྦྱོང་དུ་མི་འཛིན་བྲམ་ཟེར་མི་འཛིན་བ་དེའི་ཚེ་ན། མི་ཐམས་ཅད་གང་ཡང་ལྷར་མི་སྐྱེ་བས་ལྷའི་དཔུང་ཞན། ལྷ་མ་ཡིན་རྣམས་དཔུང་སྐྱེས་ཤིང་། ནག་པོ་ལ་དགའ་བའི་ཀླུ་རྣམས་ཀྱིས་གླིང་བཞིའི་མི་རྣམས་ལ། ལྷོར་ལོ་ཉེས་ཤར་དུ་གློག་དང་། ནུབ་དུ་ཆུ་རྙོག་དང་། བྱང་དུ་སྤྲིན་ནག་གཏོང་བས་གླིང་བཞིར་འཚེ་བར་བྱེད་པ་ནི་འདི་ལྟ་སྟེ། དེ་དག་འཛམ་བུ་གླིང་དུ། སྲིན་པོའི་ནང་དུ་རྒྱུ་ཞིང་། ལུས་ལ་དུག་མང་པོ་འབྱུང་བར་བྱེད། དུག་གི་ཤིང་ལྗོན་པ་འབྱུང་བར་བྱེད་དེ། དེ་དག་གིས་རླུང་མ་རུང་བྱེད། རླུང་དེས་ཆུ་མ་རུངས་པར་བྱེད། ཆུ་མ་རུངས་པར་བྱས་པ་དང་། རླུང་དང་། སེར་བ་རྣམས་ཀྱི་འབྲས་བུའི་སྣ་ཚོགས་མ་རུངས་པར་བྱེད་ཅིང་། ཁ་ཟས་དེ་ཟོས་པ་ན་ནད་འཁྲུག་ཅིང་ཚེ་ཐུང་བར་བྱེད་དོ། །ཀླུ་དེ་དག་སྤྲིན་གྱི་ནང་ཞུགས་ནས། འཇིགས་པའི་གཟུགས་སུ་བསྒྱུར་བ། མིག་ནི་ཤིང་རྟའི་འཁོར་ལོ་ཙམ། གཟུགས་ནི་རི་ནག་པོ་འདྲ་ལ་གཟུགས་མི་སྡུག་པ་སྣ་ཚོགས་སུ་བསྒྱུར་ནས། ཤར་གྱི་ལུས་འཕགས་གི་མི་རྣམས་ལ་གློག་གཏོང་བ་དང་། སྒྲ་ཆེན་པོ་འབྱིན་པས་སྙིང་གས་པ་ཙམ་དུ་འགྱུར་ཞིང་། ཁ་ཅིག་ནད་ཀྱིས་འདེབ་པར་བྱེད་དོ། །གློག་གིས་ཕྱོགས་ཐམས་ཅད་འབར་བའི་འཕྲེང་བས་འཁྲིགས་པར་བྱེད་དོ། །ནུབ་ཀྱི་བ་གླང་སྤྱོད་ན། ངམ་འགྲོག་དང་གཡང་ས་དང་། རི་ཡི་རྩེ་མོ་མི་བཟད་པ་རྣམས་ལ་ཆར་དབྱུག་པ་ལྟ་བུ་འབེབས་པར་བྱེད་དེ། དེས་ཆུ་རྙོག་པ་ཅན་དུ་བྱེད་དོ། །མི་རྣམས་ཀྱིས་ཆུ་རྙོག་དེ་འཐུང་བས་ནད་ཐམས་ཅད་འདོན་ཞིང་བར་ཆད་བྱེད་དོ། །བྱང་སྒྲ་མི་སྙན་དུ་ནི་ཀླུ་མ་རུང་པ་དག་གིས། སྤྲིན་སྟུག་པོ་རི་ལྟ་བུ་འབྱིན་པས་ཉི་མ་བསྒྲིབ་ཅིང་། དེས་པད་མ་བསྒྲིབ་ནས་རྙིད་ཅིང་དྲི་མི་ཞིམ་པར་འགྱུར་བས་མི་རྣམས་ཡིད་དམན་པར་འགྱུར་རོ། །པི་ཝང་དང་རྫ་རྔ་རྣམས་ཀྱི་སྒྲ་ཡང་མི་སྙན་པར་འགྱུར་རོ། །དེ་ལྟར་གླིང་བཞི་ལ་འཚེ་བར་བྱེད་དོ། །རིམ་བཞིན་འཐབ་ཚུལ་ནག་པོའི་ཀླུས་གླིང་བཞི་ལ་གནོད་པ་བྱེད་པ་དེའི་ཚེ། དཀར་པོའི་ཀླུ་ནོར་རྒྱས་ཀྱི་བུ་ལ་སོགས་པ་རྣམས་ཀྱིས། ནག་པོའི་ཕྱོགས་ཀྱི་ཀླུ་རྣམས་བཟློག་པའི་ཕྱིར་གཡུལ་འགྱེད་དོ། །དེའི་ཚེ་ནག་པོའི་ཀླུའི་ཕྱོགས་བྱེད་པའི་ཕྱིར། གཉིས་བརྩེའི་ལྷ་མ་ཡིན་རྣམས་ཀྱིས་གོ་བགོས་ཤིང་ནག་པོ་ཀླུའི་ཕྱོགས་བྱེད་པར་འགྱུར། དེ་རྣམས་ཀྱི་མ་ཐུབ་ནས་ཕམ་ན། ལྷ་མིན་སྒྲ་གཅན་ལ་སྦྲན་པས། ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་ཁྲོས་ནས་གཡུལ་འགྱེད་པ་ལ་འོང་བར་བྱེད་དོ། །དེ་ནས་འཕྲེང་ཐོག་དང་། ཡོལ་ཐོག་དང་། རྟག་མྱོས་དང་། པི་ཝང་གསུམ་པའི་ལྷ་རྣམས་ལ་སོགས་པ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས། ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཁོར་དང་བཅས་པ་ཕམ་བར་བྱས་པ་དེའི་ཚེ། ལྷ་མ་ཡིན་གྱི་གནས་གཉིས་པར་བརྟན་པ་འགུལ་འཕྲེང་དང་བཅས་པ་ཡོད་པ་ལ་སྦྲན་ཏེ། དེ་རྣམས་ཁྲོས་ནས་འོང་ནས་ལྷ་དེ་དག་དང་མི་བཟད་པའི་གཡུལ་འགྱེད་པའི་ཚེ། ཡང་ལྷ་མིན་རྣམས་ཕམ་པར་གྱུར་པའི་ཚེ། ལྷ་མ་ཡིན་གྱི་གནས་གསུམ་པ་ན་ཡོད་པའི་ལྷ་མིན་མེ་ཏོག་འཕྲེང་བཅས་པ་ལ་སྦྲན་པས། དེ་རྣམས་ཁྲོས་ནས་འོང་ནས་ལྷ་རྣམས་གཡུལ་ཆེན་པོ་འགྱེད་པར་འགྱུར་རོ། །དེའི་ཚེ་ལྷ་མིན་དེ་རྣམས་ལུས་ངན་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་བཞིས་ཕམ་པར་བྱས་སོ། །གསུམ་པ་ཐག་ཟང་རིས་ཆས་པ་ནི་དེ་ནས་ལྷ་མིན་རྒྱ ལ་པོ་གསུམ་འཁོར་དང་བཅས་པ་འོག་དུ་བྲོས་ནས། རབ་རྒོད་ལ་སྨྲས་ཁྱོད་ལ་བདག་ཅག་དཔུང་ཚོལ། ཁྱོད་ལ་རྟེན་ཚོལ་ཅེས་སྨྲས་པ་དང་། ཐག་ཟང་རིས་དང་རབ་རྒོད་ཀྱིས་འདི་སྐད་ཟེར་ཏེ། ལྷ་དེ་རྣམས་ལ་བརྒྱ་བྱིན་འོང་སམ་མ་འོང་། གསོལ་པ། མ་མཆིས་སོ། །དེ་སྐད་ཐོས་ནས། རབ་རྒོད་དང་ཐང་ཟང་རིས་གཉིས་ཁྲོས་ཏེ། མིག་དམར་པོ་རང་གི་དཔུང་ལ་ལྟ་ཞིང་འདི་སྐས་སྨྲས་སོ། །ཀྱེ་མ་རབ་རྒོད་དང་ཐག་ཟང་རིས་ལ་སོགས་པ་ལྷ་མིན་རྒྱལ་པོ་རྣམས་ལ་མཐུ་སྟོབས་མེད་དམ། གང་ལྷ་ཆོས་འཕྲུལ་དང་དཔུང་དང་ལྡན་པ་རྣམས་ལྷ་འོང་ནས། ལྷ་མིན་ཀྱི་བུ་མོ་མཛེས་མ་རྣམས་ལ། ལྷ་ཁོང་རྣམས་ལྟ་བ་དང་། མྱུག་པར་པར་འདོད་དམ། ཅིང་པ་མི་ཤེས་སམ། དེས་ན། ནོར་རྒྱས་ཀྱི་བུ་ཀླུ་དང་། གླང་པོ་དང་བཅས་པ་དང་། ལྷའི་རིས་ཐམས་ཅད་ཕམ་པར་བྱ་བའི་ཕྱིར་ཚར་གཅད་པར་བྱ་བའི་ཕྱིར་ང་འདོང་ངོ་། །ལྷ་རྣམས་བསད་པ་དང་གཞོམ་པའི་ཕྱིར། ང་ཆ་ཡིས། རྔ་བོ་ཆེ་རྡུངས་ཤིག །རྡུངས་ཤིག །ད་ནི་བདག་བར་མ་དོར་ཕམ་པར་མི་འདོད་པས། བརྒྱ་བྱིན་འཁོར་དང་བཅས་པ་ང་གཅིག་པུས་ཕམ་པར་བྱའི། ལྷ་མ་ཡིན་རྣམས་རྒྱུགས་ཤིག་རྒྱུགས་ཤིག་ཞེས་སྨྲ་སྟེ། ལྷ་མ་ཡིན་རྣམས་ལ་དེ་སྐད་བསྒོ་བ་དང་། ལྷ་མིན་དེ་ཤིང་རྟའི་འཁོར་ལོ་རྩིབ་འབུམ་ཡོད་པ་དང་། འོད་ཉི་མ་ལྟ་བུ་དང་བཅས་པའི་ལྷ་མ་ཡིན་བྱེ་བ་ཕྲག་དུ་མ་རྣམ་པ་སྣ་ཚོགས་པའི་གོ་བགོས་ཤིང་། མཚོན་ཆ་དུ་མ་དང་བཅས་པ་དང་། རྔ་བོ་ཆེའི་སྒྲ་དང་། ལྷ་མ་ཡིན་གྱི་སྒྲ་རྣམས་ཀྱིས། རི་དང་ནགས་ཚལ་ཐམས་ཅད་གཡོ་ཞིང་འགུལ་བར་བྱེད་དོ། །རྒྱ་མཚོ་ཡང་བརླབ་འཁྲུག་པར་བྱེད། ཉི་མའི་འོད་ཟེར་དམར་པོ་ཡང་རི་ལ་འཆར་བར་བྱེད་དོ། །བཞི་པ་ལྷ་དབང་གླང་པོ་བཅས་པ་ཆས་པ་ནི། རྒྱུ་དེས་བརྒྱ་བྱིན་ལྷའི་འདུན་ས་ཆོས་བཟང་ན་འདུག་པའི་སྟན་རྣམས་ཀྱང་གཡོ་བར་གྱུར་པ་དང་འདི་སྙམ་དུ་སེམས་ཏེ། ལྟས་འདིས་རབ་རྒོད་དང་ཐག་ཟང་རིས་འོང་བར་སྙམ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷ་རྣམས་ལ་སྨྲས་པ། སུམ་ཅུ་པའི་ལྷ་རྣམས། ཆོས་ཤིག་ཆོས་ཤིག །རབ་རྒོད་དང་ཐག་ཟང་རིས་གཉིས་ལྷ་རྣམས་ཕམ་པར་བྱ་བའི་ཆ་ཞིང་འདུག་གོ་ཅེས་བཀའ་སྩལ་པ་དང་། དེ་ནས་ལྷ་ཐམས་ཅད་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དུ་ནི་གོ་ཆ་དང་། མཚོན་ཆ་རྣམས་ཡོད་པ་དེ་ལེན་པའི་དོན་དུ རྒྱུག་པར་བྱེད་པ་དེའི་སྒྲ་ནི་རྒྱ་མཚོ་འབྲུག་པའི་སྒྲ་ལྟ་བུ་འབྱུང་སྟེ། རྡུལ་འཚུབ་པས་ཀྱང་ནམ་མཁའ་གཡོག་པ་བཞིན་དུ་གྱུར་རོ། །དེ་ནས་ལྷ་རྣམས་ཀྱིས་གོ་ཆ་རྣམས་ནི་གོན། མཚོན་ཆ་སྣ་ཚོགས་ཐོག་ནས། ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་ཀྱི་ནང་དུ་བཞུགས་ནས་བརྒྱ་བྱིན་ལ་ལྟ་ཞིང་འདུག་གོ །དེ་ནས་ལྷའི་དབང་པོས་གླང་པོ་ཆེའི་ཁ་ལོ་བསྒྱུར་བ། མ་ཏ་ལི་བཏང་ནས། རང་གིས་འདོད་པའི་སྤྲུལ་པའི་ཚལ་ན། ཅང་ཤེས་པའི་གླང་པོ་ཆེ་ས་སྲུང་གི་བུ་ཡོད་པ་བླང་ནས་ལྷའི་མདུན་ས་ན་ཕྱིན་པ་དང་དེ་ན་བརྒྱ་བྱིན་གྱི་རྫུ་འཕྲུལ་གྱིས། གླང་པོ་ཆེ་ས་སྲུང་གི་བུ་དེ་ཡང་། ལུས་ནི་དཔག་ཚད་སྟོང་ཡོད་པ་དེ་ནི་གཡུལ་འགྱེད་པའི་ཕྱིར་སྤྲུལ་པར་བྱེད། ལུས་དེ་ལ་མགོ་བརྒྱ་སྤྲུལ་པར་བྱེད། མགོ་རེ་རེ་ལ་མཆེ་བ་བཅུ་བཅུ། མཆེ་བ་རེ་རེ་ལ་རྫིང་བུ་བཅུ་བཅུ། རྫིང་རེ་རེ་ལ་པད་མ་སྟོང་སྟོང་། པད་མ་རེ་རེ་ལ་རི་བོ་བཅུ་བཅུ། རི་བོ་རེ་རེ་ལ་རི་བྲན་བརྒྱ་བརྒྱ་བསྐོར་བ། རི་ཆུང་རེ་རེ ས་ལྷ་མོ་བརྒྱ་བརྒྱ་ལྷ་མོ་དེ་རྣམས་ཀྱང་། སིལ་སྙན་ཡན་ལག་ལྔ་དང་ལྡན་བས། གླུ་ལེན་བྲོ་བརྡུང་རོལ་མོའི་སྒྲ་འབྱིན། གཞན་དང་མི་འདྲ་བའི་གླུ་དབྱངས་ཡང་དག་པ་དང་ལྡན་པ་ལེན་ཏེ། དེ་ལྟར་སྤྲུལ་པར་བྱེད་དོ། །དེ་ནས་ལྷ་རྣམས ཀྱི་རྒྱལ་པོ་བརྒྱ་བྱིན། ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་གླང་པོ་ཆེ་དེ་ལ་ཞོན་པ་དང་། ལྷ་གཞན་རྣམས་ཀྱང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ཤིང་རྟ་བརྒྱན་པ་རྣམས་ལ་ནི་ཞོན། མཚོན་ཆ་འབར་བ་དུ་མ་བཅས་ཏེ། དཔག་ཚད་ཉི་ཁྲི་ཁེངས་པར། ཧ་ཧའི་སྒྲ་ཆེན་པོ་སྒྲོག་ཤིང་ལྷ་མ་ཡིན་གྱི་གཡུལ་དུ་འདོང་བར་བྱེད་དོ། །ལྔ་པ་ལྟས་འབྱུང་བ་དེ་ལྟར་གཡུལ་ཆེན་པོ་རབ་ཏུ་བཤམ་པ་དེའི་ཚེ། ལྷ་རྣམས་དང་། ལྷ་མ་ཡིན་དཔའ་བོ་སྟོབས་དང་ལྡན་པ་རྣམས་མ་གཏོགས་པ། ཐམས་ཅད་ཀུན། སྐྲགས་པས་སྤུ་ཟིང་ཀྱིས་བྱེད་ཅིང་། གཞན་ཡང་རི་བོ་དྲུག་ཁྲི་ཡང་གཡོ་ཞིང་འགུལ། རྔའི་སྒྲའི་བྲག་ཆས་ནམ་མཁའ་ཐམས་ཅད་ནི་རྒོད་པ་འདྲ་ཞིང་། རྒྱ་མཚོ་ཐམས་ཅད་ནི་འགུལ་ཞིང་འཁྲུག །ཀླུ་རྣམས་ཀུན་རྒྱུག་པས་ས་རྣམས་ཀུན་ཀྱང་ཆུ་དང་བཅས་པ་གཡོ་བར་བྱེད། གནོད་སྦྱིན་རྣམས་ལྷ་གནས་ཀུན་ཏུ་རྒྱུག་པའི་ཁ་རླངས་ཀྱིས་ནམ་མཁའ་ལ་དུ་བ་མཇུག་རིང་འཆང་ཞིང་། མི་ཡི་ཡུལ་དུ་འགྲོ་བས་སྐར་མདའ་ལྟུང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་གྱིས་འཇིག་རྟེན་སྐྱོང་བ་རྣམས་ལ་བསྒོ་བ་ཁྱེད་འཛམ་བུའི་གླིང་དུ། དགེ་བར་སྤྱོད་པ་གང་འདུག་ལྟོས་ཞིག་ཅེས་བསྒོ་མ་ཐག་དུ། མདའ་འཕང་པ་བཞིན་འཇིག་རྟེན་སྐྱོང་བ་རྣམས་སོང་ནས། གླིང་བཞི་ཀུན་ལ་དགེ་བ་སྤྱོད་པ་གང་འདུག་ཞིག་ཀྱིས་རྟོག་པར་བྱེད་ཅིང་། ལྷའི་དབང་པོ་ལ་སྨྲ་བར་བྱེད་དོ། །དྲུག་པ་གཡུལ་འགྱེད་པའི་ཚུལ་ལ་བདུན་ཡོད་པ་ལ། དང་པོ་གཡུལ་ཅི་ལྟར་འགྱེད་པའི་ཚུལ་ནི། དེ་ནས་ལྷའི་དབང་པོས་ནོར་རྒྱས་ཀྱི་བུ་ལ་སོགས་པའི་ཀླུའི་རྒྱལ་པོ་རྣམས་ལ་སྨྲས་སོ། །ཀླུ་ཆོས་དང་མི་ལྡན་བ་དང་། ལྷ་མ་ཡིན་རྣམས་གཞོམ་བའི་ཕྱིར་རྒྱུག་རྒྱུགས་ཤིག་ཅེས་སྨྲས་པ་དང་། དེ་ནས་ཐོག་མར་དཀར་པོའི་ཀླུའི་རྒྱལ་པོ་རྣམས་འཁོར་དང་བཅས་པ་ཀུན། ནག་པོ་ཀླུའི ཕྱོགས་སུ་ཁྲོས་པའི་ཤུགས་ཀྱིས་མེ་ཆར་ལྟར་འབེབས་ཤིང་རྒྱུགས་སོ། །དེ་ནས་རབ་རྒོད་དང་ཐག་ཟང་རིས་ཀྱིས་དེ་མཐོང་ནས་ནག་པོའི་ཀླུ་རྣམས་རྦད་ནས་བཏང་བས་དེ་དག་གློག་ཆར་ལྟར་འབེབས་ཤིང་རྒྱུག་གོ །དེ་ནས་གཡུལ་འགྱེད་དེ་གཅིག་གིས་གཅིག་ལ་མེ་དང་དུག་གི་ཆར་པ་འབེབས་པར་གློག་གི་འཕྲེང་བས་ཀྱང་འགྱེད་པར་བྱེད་དོ། །དེ་ཚེ་ནག་པོ་ཀླུའི་ཕྱོགས་བྱེད་པ་ལ་དང་པོ་ལྷ་མ་ཡིན་རྣམས་ཧ་ཧ་ཡི་སྒྲ་འབྱིན་ཅིང་བརྒྱུག་པ་ན། ཀུན་ཏུ་རྒྱུ་བའི་ལྷ་རྣམས་དང་འཕྲེང་ཐོག་གི་ལྷ་དང་བཅས་པ། དཀར་པོ་ཀླུའི་ཕྱོགས་བྱེད་པ་ལ་རྒྱུག་ནས་གཡུལ་འགྱུར་རོ། །དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་ཁྲོས་ནས། དཔག་ཚད་བཅུ་ཡོད་པའི་རི་འཕེན་པར་བྱེད་ཀྱང་། ལྷ་རྣམས་ཀྱིས་མདའ་དང་གློག་གིས་གཏོར་བར་བྱེད་ཅིང་རབ་ཏུ་མི་བཟད་པའི་གཡུལ་བཀྱེ་བས། ལྷ་མ་ཡིན་བརྟན་པ་འཁོར་དང་བཅས་པས་མཐོང་ནས་ཁྲོས་ནས་མཚོན་ཆར་བཅས་པ་བརྒྱུག་པར་བྱེད་དོ། །དེ་ནས་ཡང་ཡོལ་ཐོགས་ཀྱི་ལྷ་རྣམས་ཀྱིས་གོ་ཆ་བགོས་ཤིང་མཚོན་ཆའི་ཆར་པ་འབེབས་ཤིང་། རྒྱ་མཚོ་རྣམས་འཁྲུག་པར་བྱེད་པར་འགྱུར་རོ། །དེ་ནས་ལྷ་མ་ཡིན་བརྟན་པ་ཁྲོས་ནས་འོང་པ་ཡིས། དཔག་ཚད་ཙམ་གྱི་དབྱུག་པ་ལག་ན་ཐོགས་པ་ཡིས་ལྷ་རྣམས་ལ་རྒོལ་བར་བྱེད་པ་ན། ལྷ་རྣམས་ཀྱིས་གནམ་ལྕག་དང་འདྲ་བའི་མདའི་ཆར་གྱིས་དབྱུག་པ་རྣམས་གཅོད་པར་བྱེད་ཅིང་། དེའི་ལུས་ལ་ཡང་བར་འཚམས་མེད་པར་མདའི་ཆར་འབེབས་པར་བྱེད་དོ། །དེ་ལྟར་བྱེད་པ་དེ་མཐོང་ནས་ལྷ་མ་ཡིན་མེ་ཏོག་འཕྲེང་ཤིན་ཏུ་མི་བཟད་པའི་དཔུང་དང་བཅས་པ་རྒྱུག་པ་ན། རྟག་མྱོས་ཀྱི་ལྷ་རྒྱལ་ཆེན་བཞིའི་ལྷ་དང་བཅས་པ་གཡུལ་འགྱེད་པ་ལ་རྒྱུག་ཅིང་མཚོན་ཆ་སྣ་ཚོགས་འབེབས་པར་བྱེད་དོ། །དེ་ལྟར་བྱེད་པ་དེ་ལྷ་མ་ཡིན་གྱི་དབང་པོས་མཐོང་ནས་ལྷ་མིན་དབང་པོ་དེས་མཚོན་ཆ་ཀུན་འཇོམ་པར་བྱེད་པ་རི་དཔག་ཚད་ཙམ་ཐོག་སྟེ་ལྷ་རྣམས་ལ་བརྡེག་པ་ན། ལུས་ངན་པོ་ལ་འཇིག་རྟེན་སྐྱོང་བར་བྱེད་པ་དེ་བཞི་ཡིས། ཁོ་ཡི་ལག་ནས། རང་གི་ལག་པའི་མཐུས་ཕྲོག་ནས། སྔར་ཁོ་རང་ལ་ཕར་ལ་བརྡེགས་པས། སེམས་ཉམས་སྟེ་དེ་ནས་འབྲོས་པར་འགྱུར་རོ། །དེ་ཡང་ལ་ལ་ཤི་བ་མཐོང་ནས་ཆེར་སྐྲག་ནས་སའི་འོག་དུ་བཞུགས་སོ། །དེ་ལྷ་མ་ཡིན་ཤི་བའི་བུད་མེད་ན་རེ། ཀྱེ་ལྷ་མ་རྣམས་ནད་དག་གི་ཁྱིམ་ཐབ་ག་རེ་ཟེར་བ་དང་། ལྷ་མ་ཡིན་རྣམས་ཀྱིས་ས། གཡུལ་ལས་རྒྱལ་པ་ཐེབ་འདིར་བདའོ་ཟེར་བ་ལ་བུད་མེད་དེ་ཡིད་མ་ཆེས་ནས། མཚོ་ཀུན་མཐོང་གི་དྲུང་དུ་སོང་ནས་བལྟས་པ་དང་། ལྷ་མ་ཡིན་རྣམས་གཡུལ་ལ་ཡང་ཡང་ཕམ་ནས། མོ་རང་གི་ཁྱིམ་ཐབས་བསད་པའི་རོ་མཐོང་ནས། བྲང་རྡུང་སྐྲ་འབལ་ངུ་བར་བྱེད་དོ། །དེ་ལྟར་ལྷ་མ་ཡིན་ཐམས་ཅད་ཕམ་བར། རབ་རྒོད་དང་ཐག་ཟང་རིས་གཉིས་ཀྱི་ཐོས་པས་ཁྲོས་ཤིང་དཔུང་དང་བཅས་པ་བརྒྱུག་ནས། ལྷ་རྣམས་ཕམ་པར་བྱས་ཤིང་འཇོམས་སོ། །དེ་ནས་བརྒྱ་བྱིན་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ནས་ལྷ་རྣམས་ལ་སྨྲས་པ། འོད་ཀྱི་མུན་པ་བསལ་བར་ལྟར། དུད་འགྲོ་འདི་རྣམས་བདག་གིས་ཕམ་པར་བྱས་ལ། གྲོས་ཆོས་ཀྱིས་རྒྱལ་བར་བྱའོ་ཞེས་ཟེར་ནས། ལྕགས་ཀྱི་མདའ་འཕང་པ་བཞིན། རབ་རྒོད་ཀྱི་མདུན་དུ་བརྒྱུགས་སོ། །དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀུན་ཀྱང་བརྒྱུག་ནས། ལྷ་མ་ཡིན་དང་གཡུལ་ཆེན་པོ་འགྱེད་པར་བྱེད་དོ། །གཡུལ་ཆེན་པོ་དེ་ལྟ་བུ་འགྱེད་པའི་ཚེ་ན། མཚོན་ཆ་སྣ་ཚོགས་འབེབས་དཔེར་ན་སེར་བ་དྲག་པོ་འབབ་པ་བཞིན་དུ་འབབ་བོ། །རི་དང་། ལྗོན་པ་དང་། གློག་དང་། ཆུ་དག་ཕན་ཚུན་གཅིག་གིས་གཅིག་ལ་འབེབས་པ་འཇིག་པའི་སྒྲ་ཆེན་པོ་རྣམས་ཀྱིས། རྒྱ་མཚོར་གནས་པའི་ཆུ་སྲིན་དང་། སྲིན་པོ་ལ་སོགས་པ་རྣམས་སྐྲག་ནས་སྙིང་འགས་པ་ཙམ་བྱེད་ཅིང་། དཔག་ཚད་དུ་མར་མུན་པ་བཞིན་དུ་འགྱུར་རོ། །གླང་པོ་ཆེ་དང་རྟ་མཆོག་དང་། ཤིང་རྟ་འཐབ་ཅིང་འཁྲོལ་བའི་སྒྲ་དྲག་པ་རྣམས་ནི་ཕྱོགས་བཅུ་ཀུན་ཁྱབ་པར་སྐྲགས་པས་སྡར་མ་རྣམས་སྐྲག་པར་བྱེད་ཅིང་། རྔ་བོ་ཆེའི་སྒྲ་སྐད་བར་འཚམས་མེད་པར་གྲགས་པས་ནམ་མཁའ་ཐམས་ཅད་འདྲེས་པ་བཞིན་ཡིན་ནོ། །ཕན་ཚུན་གཅིག་གིས་གཅིག་ལ་དམྱལ་སློར་འགྱུར་བར་བྱེད་ཅིང་། དེ་ལྟ་བུའི་མི་བཟད་པའི་གཡུལ་ཆེན་པོ་འདྲེས་པར་འགྱུར་རོ། །འཐབ་རྩོད་ཀྱི་སྡུག་བསྔལ་དེ་ནི་ཐོས་པ་ཙམ་གྱིས་ཀྱང་སྤུ་ལོང་རྒྱས་པར་བྱེད་པར་འགྱུར་ན། མཐོང་ན་ལྟ་ཅི་ཞིག་སྨོས་སོ། །གཙོ་བོ་གཉིས་འཐབ་པའི་ཚུལ་ནི་གལ་ཏེ་ལྷ་རྣམས་སྟོབས་ཆུང་ནས་ལྷ་མ་ཡིན་རྣམས་མ་ཐུབ་ན། དེའི་ཚེ་བརྒྱ་བྱིན་ཉིད་དང་། རབ་རྒོད་དེར་གཡུལ་འགྱེད་པར་བྱེད་དེ། དེ་ནས་བརྒྱ་བྱིན་གྱིས་རབ་རྒོད་ལ་སྨྲས་པ། ཆོས་མ་ཡིན་པའི་ལམ་ལ་གནས་པའི་དུད་འགྲོ་ཁྱོད་ད་གར་འགྲོ། ངས་ཁྱོད་ཕམ་པར་བྱ་བའི་ཕྱིར་འོང་པ་ཡིན་དེ། ངས་ཁྱོད་བརྒྱལ་བ་དང་ཕྲལ་ནས། དེས་ནས་ཡང་སའི་འོག་ཏུ་གཏང་བར་བྱའོ། །ཅེས་སྨྲས་པ་དང་། དེ་ནས་ཐག་ཟང་རིས་དང་། རབ་རྒོད་གཉིས་ཀྱིས་བརྒྱ་བྱིན་ལ་སྨྲས་པ། འདི་ལྟར་ང་ཡང་བརྒྱ་བྱིན་ཁྱོད་དང་། ལྷ་ཐམས་ཅད་ཚར་བཅད་པའི་ཕྱིར་འདི་འོང་པ་ཡིན་ཟེར་ནས། དེ་ནས་ཐག་ཟང་རིས་དང་རབ་རྒོད་གཉིས་ཀྱིས་བརྒྱ་བྱིན་ལ་གསེར་གྱི་རི་དཔག་ཚད་ལྔ་པ་གཅིག་འཕེན་ནོ། །དེ་མཐོང་ནས་གླང་པོ་ཆེ་ས་སྲུང་གི་ཁ་ནས་ལྦུག་ཕྱུང་ནས་རི་དེ་ཕྱེ་མར་བྱེད་ཅིང་རྒྱ་མཚོར་ལྷུང་ངོ་། །རི་གཏོར་དེ་མཐོང་ནས་ལྷ་མ་ཡིན་དག་གིས་རི་བོ་རྡོ་རྗེ་ལྟེ་བ་ཅན་དཔག་ཚད་ལྔ་པ་གཅིག་བླངས་ནས་བརྒྱ་བྱིན་ལ་འཕང་པ་དང་ས་སྲུང་གི་བུའི་སྣའི་ཐོར་ཏོར་བཟུང་ནས། ལྷ་མ་ཡིན་དེ་ཉིད་དུ་བྲང་དུ་བརྒྱབ་པས་ལྷ་མ་ཡིན་དེ་ཡིད་རྨོངས་ནས། ཀྱེ་མ་ཞེས་བརྗོད་ནས་སྟན་དེ་ལས་ལྷུང་སྟེ་ས་ལ་འགྱེལ་བར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྲུལ་པའི་སུམ་ཅུ་རྩ་གསུམ་པའི་ལྷ་དབང་གིས་ནམ་མཁའ་བར་འཚམས་མེད་པར་གང་ནས་རྡོ་རྗེའི་ཆར་ཆེན་པོ་འབབས་པར་བྱེད་དོ། །ལ་ལ་ནི་རི་བོས་འགྱེད། ལ་ལ་ནི་འཁོར་ལོ་དང་། རལ་གྲི་དང་། ཐོ་བ་དང་། མཚོན་ཆ་མཆོག་དུ་བདམས་པ། མེ་དང་ཆུ་དང་། མཚོན་ནག་པོ་དང་། དེ་བཞིན་དུ་མཚོན་སྣ་ཚོགས་ཀྱིས་འགྱེད་པས། དེ་ལྷ་མིན་རྣམས་སྐྲག་ནས་ས་འོག་གི་སྒོ་དེར་འབྲོས་པར་བྱེད་པར་འགྱུར་རོ། །གཡུལ་གྱི་རྣམ་གྲངས་ནི། དེ་ནས་ལྷ་མ་རྣམས་འབྲོས་པའི་རྗེས་ལ། ལྷའི་དབང་པོས་སྤྲུལ་པ་སྣ་ཚོགས་ཀྱིས་འགྱེད་པར་བྱེད་པ་དང་། དེ་བཞིན་དུ། མེ་དང་། གནམ་ལྕགས་འབར་བ་དང་། དུག་དང་། རལ་གྲི་དང་། རྡོ་རྗེ་དང་། རྩེ་གསུམ་དང་། ཤག་ཏི་དང་། དྲི་མེད་མཚོན་དང་། འཁོར་ལོ་དང་། མདའ་དང་། ཐོང་བཤོལ་དང་། རྡོ་དང་། རི་བོ་དང་། ལྗོན་པ་ལ་སོགས་པ་མཚོན་ཆ་ཐམས་ཅད་ཆར་བཞིན་འབེབས་པར་བྱེད་ཅིང་། སྤྲིན་ཆེན་པོ་རླུང་གིས་གཏོར་བ་བཞིན་དུ་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་འདེད་ཅིང་གཏོར་བར་བྱེད་པའི་ཚེ། ལྷ་དང་ལྷ་མ་ཡིན་དཔའ་བོ་རྣམས་ཧ་ཧའི་སྒྲ་འབྱིན་ཅིང་། སོ་སོ་ནས་རང་རང་གི་དམག་སྡེ་རྣམས་ལ། ཐོབ་ཅིག་སོད་ཅིག །རྒྱོབ་ཤིག་ཅེས་བར་འཚམས་མེད་པར་སྒྲོགས་པར་བྱེད་དོ། །དེ་ནས་ལྷ་མ་ཡིན་རྣམས་བྲོས་པའི་ཚེ། ལྷ་མ་ཡིན་གྱི་རྒྱལ་པོ་ཐ་བཟང་རིས་ཀྱིས་སྨྲས་པ། ཀྱེ་ལྷ་མ་ཡིན་རྣམས་མ་འབྲོས་ཅིག །ང་གཅིག་པུས་བརྒྱ་བྱིན་ཕམ་པར་བྱའོ་ཟེར་ནས། ལྷ་མ་ཡིན་གྱི་རྒྱལ་པོ་བཞི་པོ་མཚོན་ཆ་སྣ་ཚོགས་ཐོག་ནས། བརྒྱ་བྱིན་གྱི་སྟེང་དུ་ཁྲོས་ན་ཕྱིར་བརྒྱུགས་སོ། །འོང་པ་དེ་བརྒྱ་བྱིན་གྱིས་མཐོང་ནས། ཁྲོས་སྟེ་དཔུང་དང་བཅས་པ་བརྒྱུག་ནས་སྨྲས་པ། དུད་འགྲོ་ཁྱེད་རྣམས་ཅི་སྟེ་ཤིན་ཏུ་རྨོངས། ཁྱེད་ཀྱི་དཔུང་འདི་ཙམ་ནི། ལྷ་མ་ཡིན་རེ་རེ་ལ་འདི་ཙམ་རེ་རེར་ཡོད་ཀྱང་ང་གཅིག་པུས་ཕམ་པར་ནུས་སོ། །དེ་ཅིའི་ཕྱིར་ན། ངའི་དཔུང་ནི་ཆོས་ཡིན་ལ། ཁྱོད་ཀྱི་དཔུང་ནི་ཆོས་མ་ཡིན་པ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པ་ནི་ཁྱད་པར་ཤིན་ཏུ་འདི་ལྟར་ཆེའོ། །ཉི་མ་དང་མུན་པ་ལྟར་ཆེའོ། །བདེན་པ་དང་རྫུན་པ་བཞིན་དུ་དང་། རི་རབ་དང་ཡུང་འབྲུ། ཐར་པ་དང་བཅིངས་བ། བདུད་རྩི་དང་དུག །མཚན་མོ་དང་ཉིན་མོ། ནོར་བུ་དང་འཆིང་བུ། ཉི་མ་དང་སྲིན་འབུ་མེ་ཁྱེར། ཡང་དག་པའི་ལམ་དང་། ཕྱིན་ཅི་ལོག་གི་ལམ་ལྟར་ཁྱད་པར་ཆེའོ། །ང་ནི་ཁྱོད་དང་ཁྱད་པར་དེ་ལྟར་ཆེའོ། །ང་ནི་ཤེས་རབ་ཆེ་ཞིང་ཆོས་གཙོ་བོར་བྱེད་པའི་ལྷ་ཡིན་ལ། ཁྱོད་ནི་ཆོས་དང་ཤེས་རབ་མེད་པའི་དུད་འགྲོ་ཡིན་པ་མི་ཤེས་སམ་ང་ཡི་དྲུང་དུ་འོང་བ་མི་རིགས་སོ། །ཅེས་ཟེར་ནས་གླང་པོ་ཆེའི་ཁ་ལོ་བསྒྱུར་ནས། བསད་པའི་བསམ་པ་མེད་པར་བསྲིག་པའི་ཕྱིར། རྡོ་རྗེ་རྩེ་མོ་སྟོང་ཡོད་པ་ཐོགས་ནས་རླུང་གི་ཤུགས་ལྟར་མགྱོགས་པར་ལྷ་མ་ཡིན་གྱི་དྲུང་དུ་རྒྱུག་སྡོད། དམག་དང་བཅས་པ་བརྒྱུག་ནས། ལྷ་དང་ལྷ་མ་ཡིན་གཅིག་གིས་གཅིག་འཇོམ་པའི་ཚེ། ལྷ་མ་ཡིན་ཁ་ཅིག་ནི་སྲོག་དང་བྲལ་བར་གྱུར། ཁ་ཅིག་ནི་ཡི་ཆད་ནས་ཕྱིར་ལོག །ཁ་གཅིག་ནི་རང་གནས་སུ་འགྲོ་བ་སེམས། ཁ་གཅིག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་སེམས་བསྒྲིབས་ཤིང་གནས་པར་གྱུར་རོ། །དེ་ནས་ལྷའི་དབང་པོས་གླང་པོ་ཆེ་མགོ་སྟོང་དུ་སྤྲུལ་ཏེ། མགོ་རེ་ལ་པད་མའི་རྫིང་སྟོང་རེ་རེ། རྫིང་རེ་རེ་ལ་པད་མ་སྟོང་སྟོང་། པད་མ་རེ་རེ་ལ་འདབ་མ་སྟོང་སྟོང་། འདབ་རེ་རེ་ལ་སྙིང་པོ་བརྒྱ་བརྒྱ། པད་མའི་སྙིང་པོ་རེ་རེ་ལ་བརྒྱ་བྱིན་ལག་ན་རྡོ་རྗེ་ཐོག་པ་མཚོན་དང་གོ་ཆ་བགོས་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དུ་མ་འདུག་པ། ལྷ་མ་ཡིན་གྱི་རྒྱལ་པོས་མཐོང་ནས། ལྷ་མ་ཡིན་འཁོར་དང་བཅས་པ་སྐྲག་ནས་སྙིང་གས་པ་ཙམ་ལ་ཐུག་ནས་ཐམས་ཅད་བྲོས་སོ། །དེ་ནས་རབ་རྒོད་ཀྱིས་ལྷ་མ་ཡིན་རྣམས་ལ་སྨྲས་པ། ངས་ལྷའི་དབང་པོ་གླང་པོ་ཆེ་དང་བཅས་པ་ཕམ་པར་བྱའི། ཁྱེད་རྣམས་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་སྨྲས་ནས། ས་སྲུང་བུའི་དྲུང་དུ་བརྒྱུགས་སོ། །དེ་ས་སྲུང་བུས་སྣའི་ཐོར་ཐོས་བཟུང་ནས་ནམ་མཁའ་ལ་གསོབ་བསྐོར་བ་བཞིན་བྱས་ནས། མ་ཤི་ཙམ་ཞིག་བྱས་ནས་བཏང་ངོ་། །དེ་ནས་དྲན་པ་རྙེད་ནས། ལྷ་མ་ཡིན་རང་གི་འཁོར་ལ་སྨྲས་པ། ཁྱེད་རྣམས་ལྷའི་དབང་པོ་ལ་རྒོལ་བའི་མཐུ་མེད་དམ། ཁྱེད་རྣམས་རྒྱུགས་ཤིག་ཅེས་ཟེར་བ་དང་། དེ་རྣམས་ས་སྲུང་བུའི་དྲུང་དུ་བརྒྱུག་པ་དང་། དབང་པོས། བསད་པའི་ཕྱིར་མ་ཡིན་པར། ཕམ་པའི་ཕྱིར། སྒྱུ་མའི་སེར་བ་རྡོ་རྗེ་ལྟ་བུ་བར་འཚམས་མེད་པར་ཕབ་པས་ལྷ་མ་ཡིན་གྱི་རྒྱལ་པོ་རབ་རྒོད་དང་། ཐག་ཟང་རིས་དང་། ལྷ་མིན་འཁོར་དང་བཅས་པ་ཕམ་ནས་རང་གི་གནས་ལ་མགོན་སྐྱབས་ཚོལ་བར་འདོད་པས་སའི་འོག་གི་སྒོ་ཡོད་སར་སྐད་ངན་འདོན་ཅིང་འབྲོས་པར་བྱེད་དོ། །ས་སྲུང་བུའི་སྟོབས་ནི། བརྒྱ་བྱིན་གྱིས་ས་སྲུང་བུ་ལ་སྨྲས་པ། གླང་པོ་ཆེན་པོ། རབ་རྒོད་དང་། ཐག་ཟང་རིས་ཀྱིས་བརྩོན་འགྲུས་ནི་ཤོར། སྟོབས་ནི་ཉམས་ནས་ཡོད་པས། ཁྱོད་སོང་ལ། ལྷ་མིན་ཁོང་རང་རྣམས་མ་བསད་པར་ཁོ་རང་གི་གནས་སུ་ཐོང་ལ། གཞོན་པ་ཤིང་རྟ་རྣམས་རིང་པར་ཆོམ་ཤིག་ཅེས་སྨྲས་མ་ཐག་ཏུ། ལྷ་དབང་གླང་པོ་དང་བཅས་པ་རླུང་ཤུག་དྲག་པོ་ལྟར་སའི་འོག་སྒོར་བརྒྱུགས་སོ། །དེ་རབ་རྒོད་དང་ཐག་བཟང་རིས་ཀྱིས་མཐོང་ནས་སྐྲགས་པའི་རིངས་པ་རིས་པར་ས་འོག་གི་སྒོར་བརྒྱུགས་སོ། །དེ་ནས་ས་སྲུང་གི་བུས་ཤིང་རྟ་དེ་ལས། རབ་རྒོད་དེ་ཐང་ལ་ཕབ་ནས། ཤིང་རྟ་དེ་སྣའི་ཐོར་རྡོས་དེའི་མིག་སྔར་རྩ་བཞིན་དུ་ཕྱེ་མར་བྱས་སོ། །དེ་ནས་ལྷ་མིན་འཁོར་དང་བཅས་པ་སྐྲག་ནས་སའི་འོག་སྒོར་ཞུགས་སོ། །ལྷ་དང་ལྷ་མིན་གྱི་ཚུལ་ནི་དེ་ལྟར་གཡུལ་ཆེན་པོ་དེ་ལྟ་བུ་འགྱེད་པའི་ཚེ། ལྷ་རྣམས་ཡན་ལག་བཅད་པ་དང་རྨ་བྱུང་བ་དག་དེ་མ་ཐག་ཏུ་འཚོ་ལ། མགོ་དང་། རྐེད་པ་བཅད་པ་ནི་འཚོ་བར་མི་འགྱུར་རོ། །ལྷ་མ་ཡིན་གྱི་ཤི་རྨས་ཅི་བྱུང་ནི་མི་ཡི་དང་མཚུངས་སོ། །རྒྱུ་དེས་ན་ལྷ་རྣམས་ནི་ཟད་པར་མི་འགྱུར་བ་ཡིན་ཏེ། སྐྱེ་བ་སྔོན་གྱི་དུས་ལ་ནི་སྲོག་གཅོད་པ་སྤངས་པའི་རྣམ་པར་སྦྱིན་པ་མཆོག་རྨད་དུ་བྱུང་བ་ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱེད་པ་རྒྱུ་མཐུན་གྱི་གཡུལ་ཆེན་པོ་འདི་ལྟར་འགྱེད་པར་གྱུར་ཀྱང་། ལྷའི་དབང་པོ་བརྒྱ་བྱིན་ནི། ལྷ་མ་ཡིན་གྱི་སྲོག་ལ་མི་གནོད་དོ། །འོ་ན་ཅི་ཕྱིར་གཡུལ་འགྱེད་སྙམ་ན། རང་གི་ཕྱོགས་རྣམས་ལྷ་མ་ཡིན་གྱི་འཇིགས་པ་ལས་བསྐྱབ་པ་དང་། ལྷ་མ་ཡིན་ལས་ལྷ་རྣམས་རྒྱལ་བའི་ཕྱིར་ཡིན་ནོ། །སོ་སོར་འགྲོ་བའི་ཚུལ་ནི། དེ་ནས་ལྷ་མ་ཡིན་རྣམས་རང་གི་གནས་སུ། སྡུག་བསྔལ་གྱིས་སེམས་ཞུམ་ཞིང་ངོ་ཚ་ནས་མགོ་སྨད་དེ་སོང་ནས་ཀྱང་། ལྷ་མ་ཡིན་གྱི་བུ་མོ་རྣམས། ངུ་ཞིང་ངོ་འཛུམ་ནག་པས་མྱ་ངན་བྱེད་ཅིང་བསྐོར་ནས་རང་གི་གནས་སུ་འདོང་ངོ་། །ལྷའི་དབང་པོ་བརྒྱ་བྱིན་ཀྱང་སུམ་ཅུ་རྩ་གསུམ་གྱི་གནས་དེར་འགྲོ་ཞིང་། ལྷ་གཞན་རྣམས་ཀྱང་རང་རང་གི་གནས་སུ་དགའ་ཞིང་འགྲོས་ནས། རང་རང་གི་བདེ་བའི་ལས་ལ་སྤྱོད། ལྷ་དང་ལྷ་མ་ཡིན་རྣམས་འཐབ་རྩོད་ཀྱི་སྡུག་བསྔལ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ་ལྟར་སྲེད་པའི་དུག་གིས་ཉམས་པའི་སེམས་ཅན་རང་དབང་མེད་པར་ལས་ཀྱི་རླུང་ཤུག་དྲག་པོས་བདས་ནས་འཁོར་བ་ན་ཟོ་ཆུའི་རྒྱུན་བཞིན་འཁོར་བའི་སེམས་ཅན་འཁོར་བ་ལ་མངོན་བར་ཞེན་ནས་ལས་ངན་སྤྱད་པ་རྣམས་བསམ་མནོ་ཐོང་དང་ཀྱེ་མ་འཁོར་བ་སྡུག་བསྔལ་རང་བཞིན་ཡིན་ཏེ། སྙིང་པོ་མེད་པས་དེའི་ཕྱིར། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། སྡུག་བསྔལ་གྱི་རྒྱུ་འཐབ་རྩོད་སྤང་པ་ལ་འབད་པར་བྱ་བར་རིགས་སོ། །དུད་འགྲོའི་ལེའུ་ཡི་རྣམ་པར་བཤད་པའོ། །མི་ཡི་ལེའུ་ལ་དོན་བཅུ་གཉིས་ཡོད་པ་ལས། དང་པོ་འཚམས་སྦྱར་བ་ནི་ངན་སོང་གསུམ་བཤད་ཟིན་པ་དེ་ནས། གཞན་ཡང་དགེ་བའི་རྒྱུ་ལས་གྲུབ་པའི་འབྲས་བུ་མི་རྣམས་ཀྱི་ནི་བདེ་སྐྱིད་དང་། བྱུང་ཚུལ་དང་། བཟང་ངན་བཤད་པར་བྱའོ། །གཉིས་པ་མཆོག་དམན་ནི། མི་རྣམས་ཀྱི་རབ་མཆོག་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་། བསྐལ་པ་དང་པོའི་མི་རྣམས་དང་། བྱང་སྒྲ་མི་སྙན་པའི་མི་རྣམས་ཡིན་ལ། ཤར་ལུས་འཕགས་ཀྱི་མི་དང་ནུབ་བ་ལང་སྤྱོད་དང་གླིང་གཉིས་ཀྱི་མི་རྣམས་ནི། བར་མ་མི་འབྲིང་ཡིན་ཏེ། མི་ཐ་མ་ནི་ཚེ་ལོ་བཅུ་པའོ། །གསུམ་པ་གནས་ནི། མི་རབ་འབྲིང་ཐ་མ་གསུམ་པོ་དེ་རྣམས་ཀྱི་གནས་ནི་གླིང་བཞི་གླིང་ཕྲན་བརྒྱད་དང་བཅུ་གཉིས་ལ་གནས་པ་ཡིན་ཏེ་དེ་ཡང་གླིང་ཕྲན་བརྒྱད་ཀྱང་ལུས་དང་། ལུས་འཕགས་དང་། རྔ་ཡབ་དང་། རྔ་ཡབ་གཞན་དང་། གཡོ་ལྡན་དང་། ཉེ་བའི་གཡོ་ལྡན་དང་། སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་དང་། དེ་བརྒྱད་ཡིན་ལ། བདུན་པ་ནི་མི་རྣམས་གནས་ལ། གཅིག་ལ་ནི་མི་མ་ཡིན་པ་རྣམས་གནས། ཤར་ནུབ་བྱང་གི་གླིང་གསུམ་ནི་ལོངས་སྤྱོད་དང་ལྡན་པ་ཡིན་ཏེ། འཛམ་བུའི་གླིང་པ་ནི་ལས་དཀར་ནག་གི་ས་པ་ཡིན་པར་མདོ་ལས་གྲགས་སོ། །དེ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ངེས་པར་སེམས་ཞིང་རྣམ་པར་དཔྱོད་པའི་ས་ཡང་དེ་ཡིན། ཚངས་པར་སྤྱད་པ་དང་། འཆི་བ་དང་སྐྱེ་བ་སེམས་པའི་གནས་དང་ས་ཡང་འདི་ཡིན། སངས་རྒྱས་བྱོན་པའི་ས་ཡང་འདི་ཡིན་ཞིང་། གར་སྐྱེའི་ལས་ཐམས་ཅད་གཙོ་ཆེར་འདིར་བསྒྲུབ་དགོས་པས་འཛམ་བུ་གླིང་འདི་ལས་ཀྱི་ས་ཡིན་ནོ། །བཞི་པ་ལུས་ཚད་ནི། ཤར་ལུས་འཕགས་ཀྱི་མི་རྣམས་ཀྱི་ལུས་ལ་ཁྲུ་བརྒྱད། ནུབ་བ་ལང་སྤྱོད་ཀྱི་མི་རྣམས་ལུས་ཁྲུ་བཅུ་དྲུག །བྱང་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ལུས་ཀྱི་ཚད་ལ་ནི་ཁྲུ་སུམ་ཅུ་རྩ་གཉིས་ཡོད་དོ། །ལྔ་པ་ཚེ་ཚད་ནི་ཚེ་ནི་ལོ་བརྒྱ་ཕྲག་ཕྱེད་དང་གསུམ་ནི་ཤར་ལུས་འཕགས་ཀྱི་མི་ཡི་ཚེ་ཚད་ཡིན། ནུབ་དང་བྱང་གཉིས་ནི་སྔ་མ་ལས་ཕྱེད་ཀྱིས་ཚེ་འཕགས་སོ། །དེ་ཡང་བརྩིས་ན། ནུབ་བ་ལང་སྤྱོད་ཀྱི་མི་ཡིས་ལོ་ལྔ་བརྒྱ། བྱང་གི་སྒྲ་མི་སྙན་གྱི་མི་ལོ་སྟོང་ཐུབ་ལ། འཛམ་བུ་གླིང་འདིར་ནི་ཚེ་ལོ་དཔག་ཏུ་མེད་པ་ནས་ཚེ་ལོ་བཅུ་པའི་བར་དུ་ཐུབ་སྟེ་ངེས་པ་མེད་དོ། །ལུས་ཀྱང་ཚེ་དང་མཚུངས་པར་འགྱུར་ཏེ། ཁྲུ་ཕྱེད་དང་བཞི་དང་། ཁྲུ་བཞི་ཡོད་ཅེས་འཇིག་རྟེན་བསྟན་པ་ལས་གྲགས་སོ། །དྲུག་པ་ལོངས་སྤྱོད་ནི། ལོངས་སྤྱོད་ཀྱང་ཐོག་མར་གཟུགས་ཁམས་བཞིའི་ཟས་འབྱུང་བ་ཡིན་ནོ། །དེ་ཡང་མི་འདི་དང་པོ་འོད་གསལ་གྱི་ལྷའི་རིས་ནས་འདིར་ཤི་འཕོས་ནས་འཇིག་རྟེན་འདིར་སྐྱེ་བ་ཡིན་ཏེ་དེ་ཡང་གཟུགས་བཟང་བ། ཡིད་ལས་སྐྱེས་པ་དང་། ཡན་ལག་ཐམས་ཅད་ཚང་བ། དབང་པོ་ཐམས་ཅད་ཚང་བ། དགའ་བའི་བཟའ་བ་དང་། ཟས་དང་། རང་ལ་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་རིང་ཞིང་ཡུན་རིང་པོར་གནས་པ་ཡིན་ནོ། །དེའི་ཚེ་ཉི་ཟླ་གཟའ་སྐར་ཉིན་མཚན། ཕོ་མོ་མེད་པར། སེམས་ཅན་ཞེས་བྱ་བའི་མིང་འབའ་ཞིག་བྱུང་ངོ་། །དེའི་ཚེ་ན་རླུང་གིས་ཆུ་བསྲུབས་པ་ལས་བྱུང་བའི་ས་སྟེང་ཀུན་ཏུ་འབར་བའི་སའི་བཅུད་བྱ་བའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ། ཁ་དོག་ནི་མར་གསར་པ་ལྟ་བུ། རོ་ནི་སྦྲང་རྩི་མ་བསྐོལ་བ་ལྟ་བུ་ཡོད་པ། སེམས་ཅན་གཅིག་གིས་འཛུབ་མོའི་རྩེ་དེས་བླངས་ནས་རོ་མྱངས་སོ། །དེ་ནས་དེ་སྲེད་ཅིང་ཟ་བར་བྱེད། དེ་ནས་སེམས་ཅན་གཞན་གྱིས་ཀྱང་མཐོང་ནས་རོ་མྱང་བས་སྲེད་པ་གྱུར་རོ། །ཐམས་ཅད་ཀྱིས་ཟས་དེ་ཟོས་པས་ལུས་མཁྲང་བ་ལྕི་བ་དང་། འོད་དང་ཁ་དོག་བཟང་པོ་མེད་པས་འཇིག་རྟེན་མུན་པ་བཞིན་དུ་འགྱུར་རོ། །དེའི་ཚེ་ན་ཉི་ཟླ་གཟའ་སྐར་རྣམས་ཉིན་མཚན་ཤར་ནུབ་རྣམས་འཇིག་རྟེན་དུ་བྱུང་བར་འགྱུར་རོ་ཟས་དེ་མང་དུ་བཟོས་པས་ནི་མདོག་ངན་པར་འགྱུར་རོ། །ཉུང་ངུ་ཟ་བ་ནི་མདོག་བཟང་བར་འགྱུར་རོ། །དེའི་ཚེ་གཅིག་གིས་གཅིག་ལ་ང་ནི་མདོག་བཟང་ཁྱོད་ནི་མདོག་ངན། མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་ལས་བླངས་པས་སའི་བཅུད་ནུབ་པར་འགྱུར་རོ། །དེ་ནས་ཁ་ཟས་མེད་པར་སེམས་ཅན་རྣམས་མྱ་ངན་བྱེད་པར་འགྱུར་རོ། །དེ་ནས་ས་མོ་ཞག་བྱ་བའི་འབྲུ་ཕུན་སུམ་ཚོགས་པ་ལ་ཟས་བཟང་པོ་ཁ་དོག་ནི་དོང་ཀའི་མེ་ཏོག་ལྟ་བུ། རོ་ནི་སྦྲང་རྩི་མ་སྐོལ་ལྟ་བུ་གཅིག་བྱུང་། དེ་ཡང་མི་དགེ་བ་བྱས་པའི་སྟོབས་ཀྱི་ནུབ་པར་གྱུར་ཏོ། །དེ་ནས་ཡང་མྱུ་གུའི་ཚལ་བྱ་བའི་ཁ་ཟས་བཟང་པོ་ཁ་དོག་ནི་ཀ་ཏམ་བུ་ཀའི་མེ་ཏོག་ལྟ་བུ། རོ་ནི་སྦྲང་རྩི་མ་བསྐོལ་ལྟ་བུ་གཅིག་བྱུང་ངོ་། །དེས་ཡུན་རིང་བར་འཚོ་ཞིང་། དེ་ནས་མི་དགེ་བ་བྱས་པའི་མཐུས་ནུབ་པར་གྱུར་རོ། །དེ་ནས་མ་རྨོས་པར་རང་འཁྲུངས་བའི་འབྲས་ས་ལུ་བྱ་བ་བཅུད་ཕུན་སུམ་ཚོགས་པ་བཟོས་མ་དང་ཕུབ་མ་མེད་པའི་ངོས་སོར་བཞི་ཙམ་གྱིས་གཡོག་པ། ནུབ་བླངས་ན་ནང་པར་སྐྱེ་བ་གཅིག་བྱུང་བ་ལ་སེམས་ཅན་རྣམས་ཟ་བར་བྱེད་པས་ཡུན་རིང་དུ་འཚོ་བར་གྱུར་རོ། །དེའི་ཚེ་ཕོ་མོའི་དབང་པོ་བྱུང་བའི་གཅིག་ལ་གཅིག་ཆགས་ནས་ལོག་པར་ཞུགས་པར་གྱུར་རོ། །དེ་ཚེ་ཁ་ཟས་ཟ་འདོད་པའི་དུས་སུ་རེས་གཅིག་ཟ་རྒྱུ་ལེན་གྱི་རེས་གཉིས་ཕྱིན་གྱི་ཟ་རྒྱུ་ལེན་པའི་ལུགས་མེད་པ་ལ། མི་ལེ་ལོ་ཅན་གཅིག་གིས་ནང་པར་གྱི་ཟ་རྒྱུ་ས་ལུ་ཡང་ཕྱེ་འབྲེད་ནས་བླངས་པ་དང་། ཡང་གཅིག་གིས་དེ་མཐོང་ནས་ཞག་གཅིག་གི་ས་ལུ་བླངས་སོ། །དེ་ནས་ཀུན་གྱིས། ཞག་བདུན་གྱི་བར་གྱི་ས་ལུ་བླངས་པ་དང་། འབྲས་ས་ལུ་དེ་ལ་གཟེགས་མ་དང་ཕུབ་མ་ཡང་བྱུང་བརྔས་སོ་ཆོག་ཡང་མི་སྐྱེ་ལ། བླང་རྗེས་ཀྱང་བྱུང་བར་གྱུར་རོ། །དེ་ནས་ཀུན་གྱིས་སོ་སོ་ན་ས་ལུ་ཕུང་པོ་ཕུང་པོ་བྱས་ནས་བཞག་གོ །དེ་ནས་ཐམས་ཅད་འདུས་ནས་འདི་སྐད་ཅིག་གིས་གཅིག་ལ་ཟེར་རོ། །རང་རེ་ཀུན་གྱིས་མི་དགེ་སྤྱད་པའི་མཐུས་སའི་བཅུད་དང་། ས་མོ་ཞག་དང་མྱུ་གུའི་ཚལ་ཡང་ནུབ། འབྲས་ས་ལུ་བླང་ཆོག་སྐྱེ་བ་ཡིན་ན་ཡང་ད་མི་སྐྱེ་བར་འདུག་པས། ཞིང་རྣམས་འཇལ་ལ་འདི་ང་ཡི་ཡིན། འདི་ཁྱོད་ཀྱི་ཡིན་ཟེར་བའི་བགོས་བྱ་ལ་མུ་རིས་བྲིའོ་ཟེར་ནས་དེ་ལྟར་དུ་བྱས་པ་ལ། དེ་ནས་གཅིག་གིས་རང་ལ་ས་ལུ་ཡོད་བཞིན་གཞན་གྱི་ས་ལུ་བརྐུས་སོ། །དེ་མཐོང་ནས་གཞན་གྱིས་ཀྱང་གཅིག་གིས་གཅིག་ལ་བརྐུས་སོ། །དེ་ནས་སེམས་ཅན་རྣམས་ས་ལུ་ལ་སོགས་པ་རྣམས་ཀྱི་རོ་ལ་ཆགས་ཤིང་སྲེད་པས་ཉོན་མོངས་པའི་ཆགས་སྡང་རབ་ཏུ་སྐྱེས་ནས་རྩོད་པ་བྱེད་པར་གྱུར་ཏོ། །བདུན་པ་རིགས་ཀྱི་དབྱེ་བ་ནི། དེ་ལྟར་ཕན་ཚུན་ཆོད་པ་དང་ས་ལུའི་རོ་ལ་ཆགས་པར་གྱུར་ཅིང་གཅིག་གི་གཅིག་ལ་བརྐུས་ཞིང་མི་དགེ་བ་སྤྱད་པ་དང་། ཀུན་གྲོས་བྱས་ཏེ། ཀུན་གྱི་ནང་ན་མཆོག་དུ་གྱུར་པ་མཛེས་པ་ལྟ་ན་སྡུག་པ་ཡིད་དུ་འོང་གཅིག་ཡོད་པ་ཀུན་གྱི་དཔོན་དུ་བསྐོས་ནས་འདི་སྐད་ཅེས་སྒོ་བོ། ཀྱེ་སེམས་ཅན་དག་ངེད་ཅག་རྣམས་ཀྱི་ཞིང་གི་བདག་པོ་ཁྱོད་གྱིས་ལ། ཉེས་པར་བྱས་པ་ལ་ཆད་པས་ཆོད། ལེགས་པར་བྱས་པ་ལ་ཕན་ཐོགས་ཤིག་དང་། ངེད་ཅག་རྣམས་ཀྱིས་དུས་དུས་སུ་ཐོག་ཤས་སྦྱིན་ནོ་ཞེས་ཟེར་ནས་མི་དེ་མང་པོས་བཀུར་བར་གྱུར་ཏོ། ཞིང་རྣམས་ཀྱི་བདག་པོ་ཡིན་པ་དང་། འཕོངས་པ་ལ་སྐྱོབ་པའི་ཕྱིར་དེ་ལ་རྒྱལ་རིགས་ཞེས་མི་ཆགས་སོ། །ཆོས་དང་ཚུལ་ཁྲིམས་དང་ཤེས་རབ་ཀྱི་ཚུལ་སྤྱོད་པས་འཁོར་རྣམས་མགུ་བར་བྱས་པས་རྒྱལ་པོ་བྱ་བར་མིང་ཆགས་སོ། །འདོད་པ་ཉུང་ཞིང་ནགས་ཁྲོད་ན་གནས་པ་དེ་ལ་བྲམ་ཟེ་ཞེས་བྱ་བར་གྲགས་པར་གྱུར་ཏོ། །དེ་གཉིས་མ་ཡིན་པའི་བར་མ་དེ་ལ་རྗེའུ་རིགས་ཞེས་མིང་ཆགས་སོ། །ངན་པ་ཐ་མ་དེ་ལ་དམངས་རིགས་ཞེས་མིང་ཆགས་སོ། །དེའི་དུས་མི་རྣམས་ཀྱི་མིང་སེམས་ཅན་ཟེར། རྒྱལ་པོ་འོད་མཛེས་ཀྱི་རིང་ལ། ཆུ་སྟོད། དེའི་བུ་རྒྱལ་པོ་བའི་རིང་ལ། ཏིལ་ལས་སྐྱེས། དེའི་བུ་རྒྱལ་པོ་དགེ་མཆོག་གི་རིང་ལ། སྤྱན་འདྲེན་མགྲོན ། དེའི་བུ་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་རིང་ལ། ཏ་ལའི་ཏེ་ངར། དེའི་བུ་ང་ལས་ནུའི་རིང་ནས་ད་ལྟར་གྱི་བར་དུ་མིའི་མིང་། དཔྱོད་པ་ཅན་དང་། སེམས་པ་ཅན་དང་། ཉེ་བར་རྟོག་པ་ཅན་དང་། ཤེད་ལས་ཞེས་བྱ་བ་གྱུར་ཏོ། །བརྒྱད་པ་འཛམ་བུའི་གླིང་དུ་སྐྱེས་པའི་མཐའ་ནི། ཚེ་ལོ་གྲངས་མེད་པའི་དུས་དེ་ནས་མི་དགེ་བཅུ་རིམ་པ་བཞིན་དུ་སྤྱད་པས། ཚེ་ཡང་རིམ་པ་བཞིན་ལོ་བརྒྱ་རེ་ཐལ་བ་དང་ལོ་རེ་རེ་འགྲིབ་ནས། ཇེ་ཐུང་ཇེ་ཐུང་ལ་སོང་ནས་མཐའ་མར་མི་དགེ་བཅུ་ཀ་རྫོགས་པར་སྤྱད་པས་ཚེ་ལོ་བཅུ་པའི་དུས་ན་ཕྱིན་ནོ། །དེ་དུས་ལོ་བཅུ་ཐུབ་པ་ནི་དེང་སང་ལོ་བརྒྱ་ལས་ལྷག་པ་ཐུབ་པ་ཙམ་ཡིན་ཞིང་། མ་བུ་ལ་སྨོན་ལམ་འདེབས་ན་ཡང་། ངའི་བུ་འདི་ལོ་བཅུ་འཚོ་བར་གྱུར་ཅིག་ཟེར་བའོ། །དུས་མ་ཡིན་འཆི་བ་ནི་མང་ངོ་། །དེའི་དུས་སུ་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་ནས་ཁྱིམ་ཐབས་ལ་གཏོང་བར་འགྱུར་རོ། །གོས་ཀྱི་མཆོག་ནི་སྐྲའི་ལྭ་བ་ཡིན་ནོ། །ཟས་ཀྱི་མཆོག་ནི་ཁྲེ་སྒོད་དོ། །རོ་ལྔ་ཡང་ནུབ་སྟེ། འོ་མ་དང་ཞོ་ཡོད་ལ་མར་མི་འབྱུང་ངོ་། །ཏིལ་ཡོད་ལ་ཏིལ་མར་མི་འབྱུང་ངོ་། །སྦྲང་བུ་ཡང་ཡོད། སྤྲ་ཚིལ་ཡོད་ལ་བུ་རམ་ཤིང་དང་ཁུ་བ་ཡོད་ཀྱང་བུ་རམ་མེད་དོ། །ལན་ཚྭ་ནི་གཏན་མེད་དོ། །ལུས་ལ་མཚོན་གྱི་རྒྱན་བྱེད། མི་དགེ་བ་བྱེད་པ་བཀུར་ཞིང་བསྟོད་པར་འགྱུར། གཅིག་གིས་གཅིག་མཐོང་ན་གསོད་པའི་སེམས་དང་ལྡན་ནོ། །དེ་ནས་ཤིང་དང་གསེག་མ་དང་གྱོ་མོ་ལ་སོགས་ཀུན་མཚོན་ཆར་རེད་ནས། གཅིག་གིས་གཅིག་ལ་མཚོན་བཏབ་ནས། སྲོག་དང་བྲེལ་བྱེད་དེ་ལྟར་ཞག་བདུན་མཚོན་དར་ནས། མི་དང་། ལོངས་སྤྱོད། ནོར་རྫས་ཐམས་ཅད་ཟད་ནས་རེ་རེ་བམ། རི་དང་། ནགས་དང་། ཆུའི་རྫོང་ལ་བྲོས་ནས། ཕྱིས་གྲོང་དུ་བབ་ནས་གཅིག་གིས་གཅིག་མཐོང་ན། ཀྱེ་མ་སེམས་ཅན་གསོན་པོ་མཐོང་རེ་རྒ་ཟེར་ནས་མ་བུ་གཞན་དུ་གཅིག་ལ་གཅིག་གཅེས་པར་གྱུར་ཏོ། དེ་ནས་སྔར་ནི་མི་དགེ་བ་བྱས་པས་ཐམས་ཅད་སྡུག་བསྔལ་བར་གྱུར། ད་ནི་བདག་ཅག་རྣམས་དགེ་བ་ལ་འཇུག་པར་བྱའོ་ཟེར་ནས་སྲོག་གཅོད་པ་སྤངས་པས་ཚེ་ལོ་བཅུ་པའི་བུ་བུ་མོ་བཙས་པ་རྣམས་ལོ་ཉི་ཤུ་ཐུབ་པར་གྱུར་རོ། །དེ་རིམ་པ་བཞིན། མ་བྱིན་ལེན་སྤང་པ་དང་། འདོད་ལོག །རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་སྤང་པས། རིམ་པ་བཞིན། ལོ་བརྒྱ་རེ་ཐེལ་ནས་ལོ་རེ་འཕེལ་ནས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། །ལོངས་སྤྱོད་ཀྱང་འཕེལ་ནས་ཇེ་ཆེར་འགྲོའོ། །ཚེ་ལོ་བརྒྱད་ཁྲི་བའི་དུས་ན། དགེ་བ་བཅུ་སྤྱོད་པར་འགྱུར། གྲོང་རྣམས་དང་རྒྱལ་པོའི་ཕོ་བྲང་རྣམས་ཀྱང་རྒྱ་ཆེ་བས་བྱ་གག་འཕུར་བས། སླེབ་པར་འགྱུར་རོ། །བུ་མོ་རྣམས་ལོ་ལྔ་བརྒྱ་ལོན་ནས་ཁྱིམ་ཐབས་ལ་གཏོང་ངོ་། །འབྲས་ཀྱི་སྙི་མ་གཅིག་ལ་ཡང་བྲེ་བཞི་འབྱུང་ངོ་། །ནད་ཀྱང་གསུམ་ལས་མེད་དེ། འདོད་པ་དང་། ཟས་མི་ཟ་བ་དང་། རྒས་པའོ། །ཡང་མི་དགེ་བ་བཅུ་རིམ་པ་བཞིན་སྤྱད་པས། ཚེ་ཡང་འགྲིབ་ནས། མཐར་ཚེ་ལོ་བཅུ་པར་འགྱུར་རོ། །དེ་མི་དགེ་བ་སྣ་ཚོགས་སྤྱད་པས་མི་མ་ཡིན་པ་རྣམས་འཁྲུགས་ནས། གནོད་པ་དང་ནད་སྣ་ཚོགས་གཏོང་ནས་ཟླ་བ་བདུན། ཉིན་ཞག་བདུན་ནད་དར་ནས་མི་མང་པོ་འཆི་བར་འགྱུར་རོ། །འཆི་བ་དེ་དག་ཀྱང་དམྱལ་བར་སྐྱེའོ། །མ་ཤི་ནས་རེ་རེ་ལུས་པ་རྣམས། དེ་སྔ་ཡང་མི་དགེ་སྤྱད་པས་ཐམས་ཅད་སྡུག་བསྔལ་བར་གྱུར་པ་ཡིན་གྱི་ད་ནི་བདག་ཅག་རྣམས་དགེ་བསྒྲུབ་པར་བྱའོ་ཟེར་ནས་ཡང་དགེ་བཅུ་རིམ་པ་བཞིན་བསྒྲུབ་པས་ཚེ་ལོ་འཕེལ་ནས་བརྒྱད་ཁྲིའི་བར་དུ་ཐུབ་པར་འགྱུར་རོ། །དེ་ནས་ཡང་མི་དགེ་བཅུ་རིམ་བཞིན་ཇེ་ཆེར་སྤྱད་པས་ཚེ་ཡང་འགྲིབ་ནས་ཚེ་ལོ་བཅུ་པ་ལ་ཡང་ཐུག་པར་འགྱུར་རོ། །དེ་དུས་ན་མི་རྣམས་མི་དགེ་བ་སྣ་ཚོགས་སྤྱོད་པས། ལྷ་དག་དུས་སུ་ཆར་མི་འབེབ་པས་ལོ་བདུན་ཟླ་བ་བདུན་ཞག་བདུན་མུ་གེ་ཆེན་པོ་འབྱུང་ངོ་། །དེ་ནས་ལུས་རྫུད་ནས་ས་ལ་འགྱེལ་ནས་འཆི་བར་འགྱུར། ཁ་ཅིག་གིས་འབྲུ་རྣམས་གབ་ཙེའི་ནང་དུ་བཅུག་ནས། འདི་སྐྱེ་བོ་ཕྱི་མ་རྣམས་ཀྱི་འབྲུ་ས་བོན་གྱིས་ཟེར་སྦས་ནས་འཆི་བར་འགྱུར། ལོ་ཏོག་སྐྱེས་པ་ཡང་ཆུང་། ས་བོན་འབྲུ་གཅིག་ལ་འབྲས་བུ་འབྲུ་གཅིག་སྐྱེ་བ་ཡང་གཟའ་མི་རྣམས་ཀྱིས་ཐུར་མའི་ཁ་ལ་གོག་ནས་སྣོམ་པར་བྱེད་དོ། །ལ་ལས་ནི། འབྲས་བུ་བླུག་རྗེས་ཀྱི་བང་བའི་སེར་ག་ཐུར་མས་བྲུས་ནས་ཆུ་མང་པོའི་ནང་དུ་བླུག་ནས་བསྐོལ་ནས་ཐུང་ཞིང་དྲི་མ་སྣོམ་པར་བྱེད་དོ། །ལ་ལ་ནི་སྔར་མུ་གེས་ཤི་བའི་རུས་པ་དཀར་པོ་བཅུད་མེད་པ་རྣམས་བརྡུང་ནས་སྐོལ་ནས་ཞི་ཞིང་དེར་ཐམས་ཅད་ལྟོག་ནས་འཆི་བར་འགྱུར་རོ། །དེར་ཤི་བ་རྣམས་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་དེ་རྣམས་ངན་འགྲོ་དང་མཚུངས་པ་ཡིན་ནོ། །ལ་ལ་ཞིག་ནི་རི་དང་། མཚོ་རྣམས་སུ་སོང་ནས་ཁྲེ་རྒོད་དང་། ཨུད་པ་ལ་ཡི་རྩ་བས་སྲོག་འཚོ་ནས། ཕྱིས་མ་ཤི་བ་རེ་རེ་འཚོག་ནས་སྔར་བཞིན་དུ་དགེ་བ་བཅུ་བསྒྲུབ་པ་ཚེ་ལོ་བརྒྱད་ཁྲི་བར་སྔར་བཞིན་འགྱུར་རོ། །དགུ་པ་མཆོག་འཁོར་ལོས་བསྒྱུར་པ་ནི་དེ་རྣམས་ཐམས་ཅད་ཀྱི་མཆོག་ནི་གླིང་བཞི་ལ་དབང་བའི་གསེར་གྱི་འཁོར་ལོས་བསྒྱུར་བ་ཡིན། གླིང་གསུམ་ལ་དབང་བ་དངུལ་གྱི་འཁོར་ལོས་སྒྱུར་བ་ཡིན། གླིང་གཉིས་ལ་དབང་བ་ཟངས་ཀྱི་འཁོར་ལོ་སྒྱུར་བ་ཡིན། གླིང་གཅིག་ལ་དབང་བ་ལྕགས་ཀྱི་འཁོར་ལོས་བསྒྱུར་བ་ཡིན། དེ་རྣམས་ཀུན་རྒྱལ་སྲིད་རིན་པོ་ཆེ་བདུན་དང་ཉེ་བའི་རིན་ཆེན་བདུན་དང་ལྡན་པ་ཡིན་ནོ། །དེ་རྣམས་ལ་ཡང་ཡོན་ཏན་ཅི་ལྟ་བུ་ཡོད་སྙམ་ན། དེ་ཡང་དང་པོ་བུད་མེད་རིན་པོ་ཆེའི་ཡོན་ཏན་ནི་འདི་ལྟ་བུ་ཡིན་ཏེ། བུད་མེད་རིན་པོ་ཆེ་དེ་ཡི་བུད་མེད་ཀྱི་ལུས་ལས་ཙན་དན་གྱི་དྲི་དང་། སྤོས་འབྱུང་ཞིང་། ཁ་ནས་ཨུད་པ་ལའི་དྲི་འབྱུང་། བྱ་ཀ་ལིང་ཀ་ལྟར་རེག་ན་བདེ་བར་འགྱུར་ཏེ། བྱ་ཀ་ལིང་ཀ་ཞེས་བྱ་བ་ནི། རྒྱ་མཚོའི་གླིང་ན་གནས་པའི་བྱ་ཡིན་ནོ། །དེ་ལྟར་འདི་ཡི་མཐུས་གང་ལ་རེག་པ་ཉིད་ཀྱི་ལུས་ཀྱི་ཉོན་མོངས་མེད་པར་འགྱུར་ཞིང་། གླིང་དེ་ན་གནས་པའི་སྐྱེ་བོ་བཀྲེས་པ་དང་། སྐོམ་པ་དང་མྱ་ངན་དང་བྲལ་བར་འགྱུར། བུད་མེད་དེ་ལྟ་བུ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས། དྲང་བའི་དུས་ན་ནི་དྲོ་བར་བྱེད་ཅིང་། དྲོ་བའི་དུས་ན་ནི་བསིལ་བར་བྱེད་དེ། དེ་ལ་མི་གཞན་གང་གིས་ཀྱང་རེག་པར་བྱ་བར་མི་ནུས་སོ། །དེ་གནོད་སེམས་སྤངས་པའི་མཐུས་དགེ་བའི་ལས་ཀྱི་རྗེས་སུ་བཞུགས་པ། དགེ་བ་ཐམས་ཅད་ཡང་དག་པར་རྟོགས་པའི་མི་དེ་དག་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟ་བུར་མཐོང་ངོ་། །དེ་ཡང་རྒྱལ་པོ་དེ་ཡི་ཡིད་དུ་འོང་ཞིང་དེ་ལ་གུས་པ་བྱེད་ལ་དེའི་སྙིང་དུ་སྡུག་པ་དང་། རྟག་ཏུ་དེ་ཡི་རྗེས་སུ་འཇུག་པར་འགྱུར་རོ། །བུད་མེད་ཀྱི་སྐྱོན་རྣམ་པ་ལྔ་སྤངས་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེས་པ་གཞན་ལ་སེམས་པ་དང་། སེར་སྣ་དང་། མི་རིགས་པར་ཆགས་པ་དང་། མི་རིགས་པའི་གནས་ལ་རྗེས་སུ་དགའ་བ་དང་། ཁྱིམ་ཐབ་ཀྱི་སྲོག་གཅད་པར་འཛིན་པའོ། །བུད་མེད་རིན་པོ་ཆེའི་ཡོན་ཏན་ལྔ་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། བསམ་པ་དང་མཐུན་པར་འགྱུར་བ་དང་། བུ་མང་པོ་བཙའ་བར་འགྱུར་བ་དང་། རིགས་མཐུན་བར་འགྱུར་བ་དང་། སྲིད་མཐོ་བར་འགྱུར་བ་དང་། ཁྱིམ་ཐབས་བུད་མེད་གཞན་ལ་སེམས་ན་ཕྲག་དོག་མི་བྱེད་པའོ། །གཞན་ཡང་བུད་མེད་ཆེན་མོའི་ཡོན་ཏན་གསུམ་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། ཚིག་ཅལ་ཅོལ་མེད་པར་འགྱུར་བ་དང་། ལོག་པར་ལྟ་བ་མེད་པར་འགྱུར་བ་དང་། ཁྱིམ་ཐབས་མེད་ཀྱང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་གིས་དབང་དུ་མི་འགྱུར་བའོ། །དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུད་མེད་རིན་པོ་ཆེ་ལ་ཉེ་བར་སྤྱོད་པར་འགྱུར་རོ། །གཞན་ཡང་ནོར་བུ་རིན་པོ་ཆེ་ནི། ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། མཚན་མོ་རབ་ཏུ་གསལ་བ་ཡིན་ཏེ། ཇི་ལྟར་སྟོན་ཀ་ཡི་ཟླ་བ་ཉ་བ་ནི། སྟོན་ཀ་འོད་གསལ་བར་འགྱུར་བ་དེ་ལྟར་ནོར་བུ་ཡང་མཚན་མོ་ཡི་མུན་ནག་ལ་དཔག་ཚད་བརྒྱར་འོད་འབྱུང་ཞིང་། ཉིན་པར་ཚ་བས་གདུང་པ་རྣམས་ལ་ནི་འོད་གསལ་བ་འབྱུང་སྟེ། ཚ་བ་སེལ་བར་བྱེད་པ་དང་། གང་གི་ཚེ་ལམ་དུ་ཞུགས་ལ། ཆུ་དང་བྲལ་བ་དེའི་ཚེ་སྐོམ་བས་གདུང་པ་རྣམས་ལ་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་རབ་དུ་འབྱུང་པར་འགྱུར་ལ། དེས་སྐོམ་པ་དེ་དག་ཐམས་ཅད་སེལ་བར་འགྱུར་བ་དང་། གང་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཅི་བསམ་པ་ནོར་བུ་དེ་ལས་འབྱུང་བ་དང་། ནོར་བུ་དེ་ཡན་ལག་བརྒྱད་དང་ལྡན་པར་འགྱུར་ཏེ། དེ་ཡི་ཆ་རེ་རེས་འོད་ཀྱི་ཁ་དོག་སྣ་ཚོགས་གཏོང་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་དང་། བཙོད་ཀའི་ཁ་དོག་ལྟ་བུ་དང་། ནོར་བུ་དེ་གང་ན་འདུག་པ་དཔག་ཚད་བརྒྱར་ཉེ་བ་དག་གི་ནད་མེད་པར་འགྱུར་ཞིང་། རྟག་ཏུ་ཡིད་མཉམ་པར་བཞག་པ་དང་། དེའི་འདོད་པ་ཐམས་ཅད་ལས་ཅི་ལྟ་བ་བཞིན་འབྲས་བུ་མེད་པར་མི་འགྱུར་བ་དང་། ཀླུ་ངན་པས་ཆར་མི་བཟད་པ་མངོན་པར་དབབ་པར་མི་ནུས་པ་དང་། མྱ་ངམ་དང་། གཡང་ས་དང་། དགོན་པ་དང་། ཤིང་ལྗོན་པ་དང་། ཡུལ་དང་བྲལ་བ་རྣམས་ཤིང་ལྗོན་པ་དང་། མཚེའུ་དང་། ཚལ་དང་། པད་མ་དང་། ནགས་ཚལ་དང་། ནེའུ་གསིང་ཕུན་སུམ་ཚོགས་པར་འགྱུར་བ་དང་། མི་གང་ཡང་དུས་མ་ཡིན་བར་འཆི་བར་མི་འགྱུར་ཞིང་། དུད་འགྲོ་ཡི་འགྲོ་བར་མི་འགྱུར་ཏེ། དུད་འགྲོའི་འགྲོ་བ་གང་གིས་ཀྱང་གནོད་པར་མི་འགྱུར་རོ། །མི་མཐུན་བས་ཀྱང་མི་མཐུན་པའམ་གནོད་པར་མི་འགྱུར་ཏེ། འདི་ལྟ་སྟེ། སྦྲུལ་དང་། ནེའུ་ལེ་དང་། སྦྲུལ་ལྟ་བུ་སྟེ། ཡོན་ཏན་ཆེན་པོ་བརྒྱད་པོ་དེ་དག་དང་ལྡན་ནོ། །འཁོར་ལོས་སྒྱུར་བ་དེ་ཡི་གནོད་སེམས་སྤངས་པ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་བ་ནི། དེའི་བུ་ཡང་སྟོང་ཐམ་པར་འབྱུང་སྟེ། དཔའ་ཞིང་རཏལ་ཕོད་ལ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་མངོན་པར་འཇོམས་པ། བསམ་པའི་རྗེས་སུ་འཇུག་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། རིག་མཐུན་པ་འཁོར་གྱི་སྐྱེ་བོ་ཐམས་ཅད་དགའ་ཞིང་། རང་བཞིན་གྱིས་རྗེས་སུ་ཆགས་པ་དག་ཡིན་ནོ། །གཞན་ཡང་འཁོར་ལོ་རིན་པོ་ཆེ་ནི་ཡོན་ཏན་ལྔ་དང་ལྡན་པ་འབྱུང་སྟེ། འདི་ལྟ་སྟེ། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། ཚད་དཔག་ཚད་ལྔ་བརྒྱ་ཡོད་པ། རྩིབ་སྟོང་ཡོད་ཅིང་འཇིག་རྟེན་ན་ཉི་མ་གཉིས་པ་ལྟ་བུར་རྣམ་པར་མཛེས་པ་དང་། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་ཐོག་པ་མེད་པར་འགྲོ་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནུབ་ཀྱི་བ་ལང་སྤྱོད་དེ། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། རྒྱལ་ཆེན་བཞི་ཡི་ལྷ་ཡི་གནས་གང་དུ་འགྲོ་བར་འདོད་པ་དེ་དང་དེར་ནམ་མཁའ་ལ་འཁོར་ལོ་རྩིབ་སྟོང་ཡོད་པས་འགྲོ་ཞིང་། དེའི་མཐུས་དེའི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་པ་དང་ལྷན་ཅིག་དུ་ནམ་མཁའ་ལ་འགྲོ་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་མི་ཐོས་པ་དེ། དེ་འཁོར་ལོ་རིན་པོ་ཆེ་དེས་གྲོགས་བྱས་ཏེ་ཐོས་པར་བྱེད་པ་དང་། ལྟ་པོ་གང་ཡང་མེད་དེ། ཆོས་དང་ལྡན་པའི་ཆོས་ཀྱི་རྗེས་སུ་འཇུག་པའི་རྒྱལ་པོ་ལ། རྒྱལ་པོའམ། བློན་པོ་ཆོས་ཀྱི་གྲོགས་པོས་མཐོང་མ་ཐག་ཏུ་དེ་དག་ཐམས་ཅད་འབུལ་ལོ། །གླང་པོ་རིན་པོ་ཆེ་ནི། ཅང་ཤེས་པ། མཆོག་ཏུ་བཀའ་ཉན་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བར་བྱེད་པ། ཡན་ལག་བདུན་ལེགས་པར་གནས་པ་ཡིན་ཏེ། འདི་ལྟ་སྟེ། རྐ་ལག་བཞི་དང་། མཇུག་མ་མ་ཟེགས་པ་དང་། རླིག་པ་འདོམས་ཀྱི་གནས་ན་འདུག་པ་དང་། སྣ་ལེགས་པར་གནས་པ་སྟེ། དེ་དག་ལ་སོགས་པ་དེའི་ཡན་ལག་བདུན་དག་པའི་སྟེང་ན་ལེགས་པར་རབ་ཏུ་གནས་པ་ཡིན་ཏེ། རང་བཞིན་གྱིས་གླང་པོ་ཆེ་སྟོང་གི་སྟོབས་ཡང་དག་པར་འཛིན་པར་བྱེད། དཀན་འཇམ་པ་ཡིན་ཞིང་། མདོག་དཀར་བ། ཁ་བ་དང་། དངུལ་གྱི་མདོག་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། བརྒྱ་བྱིན་གྱི་གླང་པོ་ཆེ་ལྟ་བུ་ཡིན་ལ། གླང་པོ་གཞན་དག་དེ་ཡི་དྲི་ཚོར་ནས་མདུན་དུ་འདུག་པར་མི་བྱེད་དོ། །གནས་གསུམ་དུ་གཡུལ་འགྱེད་པར་འགྱུར་ཏེ། འདི་ལྟ་སྟེ། ཆུ་དང་། སྐམ་ས་དང་། བར་སྣང་ལའོ། །ཤུག་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། ཉིན་གཅིག་གིས་འཛམ་བུའི་གླིང་ལན་གསུམ་བསྐོར་བ་བྱེད་དོ། །སྐུད་པས་ཀྱང་དཀྲིར་རུང་བར་འགྱུར་ལ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་ཅང་ཤེས་པ་ལ་ཞོན་པ་དེ་ཡི་ཚེ། སེམས་མཐུན་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་སེམས་འཇུག་པར་འགྱུར་བ་དེར། གླང་པོ་ཆེ་ཅང་ཤེས་པ་དེ་མ་བསྐུལ་ཀྱང་འཇུག་གོ །དལ་གྱིས་འགྲོ་ཞིང་འགྱིང་བས་སྤྱི་བོ་བསྐྱོད་པ། གནོད་པ་མེད་ཅིང་འཁྲུག་པ་མེད་ལ་སྡུག་པ་དང་། མཛེས་པར་འགྲོ་བ་ཡིན། བྱིས་པའི་ནང་དུ་སོང་ན་ཡང་བྱིས་པ་རྣམས་ལ་འཇིག་པར་མི་བྱེད། ལམ་སྲང་དང་། བཞི་མདོ་དང་། བ་གམ་གྱི་ནང་དུ་སོང་སྟེ་ཕན་ཚུན་འགྲོ་བ་དང་། བུད་མེད་ཀྱིས་ཀྱང་རེག་པར་བཟོད་པ་ཡིན། གཡུལ་འགྱེད་པའི་དུས་སུ་དྲག་ལ། གནས་པའི་དུས་སུ་ནི་སྐུད་པས་དཀྲིར་རུང་བ་ཡིན་ཏེ། གླང་པོ་ཆེ་ཡི་ཡོན་ཏན་ནི་དེ་དག་ཡིན་ནོ། །རྟ་རིན་པོ་ཆེ་ནི། ངང་པ་མེ་ཏོག་ཀུ་མུ་ཏ་ལྟར་དཀར་བ་ཡིན། ཀུན་ནས་ལྷ་ཡི་ནོར་བུའི་གཙུག་ལ་སོགས་པ་མཚན་བཟང་པོས་བརྒྱན་པ་ཡིན། བོང་བསྐྱེད་དང་། མདོག་དང་། དབྱིབས་ཕུན་སུམ་ཚོགས་པ་ཡིན། བསྒོ་ན་ཉིན་གཅིག་གིས་འཛམ་བུའི་གླིང་ལན་གསུམ་དུ་སྐོར་བར་བྱེད་ལ། དེའི་ལུས་དག་ལ་ཤིན་ཏུ་ནད་མེད་པ་ཡིན་ནོ། །བློན་པོ་རིན་པོ་ཆེ་ནི། གང་རྒྱལ་པོའི་བྱ་བའི་རྣམ་པ་ཡིད་ལ་སེམས་པ་དེ་ཉིད་མ་སྒོམ་ཀྱང་། དེའི་ཡིད་ཀྱིས་ཤེས་ནས་རྒྱལ་པོ་ལ་ཡོངས་སུ་འབུལ་བར་བྱེད་དེ། ཤིན་ཏུ་རྫོགས་པ་དང་། དེ་བསགས་པ་དང་། མ་ཆགས་པ་དང་། ཆོས་མ་ཡིན་པ་རྣམ་པར་སྤང་པ་དང་། ཤིན་ཏུ་རིགས་པ་བརྩམ་པ་དང་། ཡུལ་དང་དུས་ལྡན་པ་དང་། ཉོན་མོངས་པ་མེད་པ་དང་། གཞན་ལ་གནོད་པ་མེད་པ་དང་། སྐྱེ་བོ་ལ་རྣམ་པར་མི་འཚེ་བ་དང་། ཡང་དག་པའི་ཐ་སྙད་དང་ལྡན་པའི་རང་བཞིན་ལ་སྐྱོ་བ་མེད་པར་བྱེད་དོ། །རྒྱལ་པོའི་བྱ་བའི་རྣམ་པའམ། །ཆོས་ཀྱི་དོན་གྱི་བྱ་བ་འདོད་པ་དང་ལྡན་ཞིང་མ་འོངས་པའི་བྱ་བ་དང་ལྡན་པ་ཐམས་ཅད་དངོས་སུ་འབུལ་བར་བྱེད་དོ། །ཁྱིམ་བདག་རིན་པོ་ཆེ་ནི། འདི་ལྟ་སྟེ། རྡོ་རྗེ་དང་རིན་པོ་ཆེ་མཐོན་ཀ་དང་། མར་རྒད་དང་སྤུག་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱིས། ངམ་གྲོག་དང་། གཡང་ས་དང་། རི་ཁྲོད་དང་མི་མཐུན་པ་གཞན་དག་དུ་མ་བསྐོས་ཀྱང་ཤིན་ཏུ་འགེངས་ལ། རིན་པོ་ཆེ་རྣམས་ཀྱང་ཟད་པ་མེད་པར་འགྱུར་ན། གསེར་དང་དངུལ་ལྟ་ཞིག་སྨོས་ཀྱང་ཅི་དགོས། ཁྱིམ་བདག་རིན་པོ་ཆེ་འདི་ཡི་འབྱོར་བ་ནི་ཤིན་ཏུ་གནས་པ་ཡིན་ཏེ། གཡོ་མེད་པ་དང་། སྒྱུ་མེད་པ་དང་། གཞན་ལ་མི་གནོད་པ་དང་། སྐྱེ་བ་ཐམས་ཅད་དགའ་བ་ནི་ཁྱིམ་བདག་རིན་པོ་ཆེ་ཡིན་ནོ། །དེ་ལྟར་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ནི་མིའི་གནས་བཞི་རྣམས་ལ་སྒོ་བར་བྱེད་ཅིང་། ཀླུ་དང་ལྷའི་རིས་གཉིས་དང་། རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དབང་པོའི་སྟན་ཕྱེད་འཕྲོག་པ་ཡིན་ཏེ། དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །དེའི་ཉེ་བའི་རིན་པོ་ཆེ་སྣ་བདུན་ནི་རིན་པོ་ཆེ་དེ་དག་ལས་ཅུང་ཟད་དམན་པ་ཡིན་པ་ཡིན་ཏེ། འདི་ལྟ་སྟེ། རལ་གྱི་ཉེ་བའི་རིན་པོ་ཆེ་དང་། པགས་པ་ཉེ་བའི་རིན་པོ་ཆེ་དང་། མལ་ཆ་ཉེ་བའི་རིན་པོ་ཆེ་དང་། ཚལ་ཉེ་བའི་རིན་པོ་ཆེ་དང་། ཁྱིམ་ཉེ་བའི་རིན་པོ་ཆེ་དང་། གོས་ཉེ་བའི་རིན་པོ་ཆེ་དང་། སྟན་ཉེ་བའི་རིན་པོ་ཆེའོ། །དེ་ལ་རལ་གྲི་ཉེ་བའི་རིན་པོ་ཆེ་ནི། ཡུལ་འཁོར་གང་དག་རྒྱལ་པོའི་ཡིད་དང་ཚིག་ལས་འགལ་བར་བྱེད་འདོད་པ་དེར་རལ་གྲི་ཉེ་བའི་རིན་པོ་ཆེ་འགྲོ་སྟེ། དེས་བཏབ་པ་མེད་ཅིང་། རལ་གྲི་རིན་པོ་ཆེས་སུ་ལ་ཡང་བཏབ་པ་མེད་ཀྱིས་ཀྱང་། ཡུལ་འཁོར་ཀུན་གྱིས་མཐོང་ནས་འདུད་པར་བྱེད་དོ། །ཉེ་བའི་རིན་པོ་ཆེ་དེ་ཡི་ཡོན་ཏན་ནི་འདི་ཡིན་ཏེ། བཟའ་བ་མི་བཟད་པ། ཆད་པ་མེད་ཅིང་མཚོན་གྱིས་འདའ་བ་མེད་ཀྱང་ཡུལ་འཁོར་དེ་དག་ཐམས་ཅད་འདུད་པར་བྱེད་དེ། འདི་ནི་རལ་གྲི་ཉེ་བའི་རིན་པོ་ཆེ་ཡིན་ནོ། །པགས་པ་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ཅི་ལྟ་བུ་ཡིན་ཅེ་ན། པགས་པ་ཉེ་བའི་རིན་པོ་ཆེ་ནི་རྒྱ་མཚོ་ནས་འབྱུང་སྟེ། དེ་བྱུང་བར་གྱུར་པ་དང་། ཚོང་པ་དག་གིས་རྒྱལ་པོ་ལ་འབུལ་བར་བྱེད་དེ། དེ་ཡི་ཡོན་ཏན་ནི་འདི་དག་ཡིན་ནོ། །དེ་རྒྱ་མཚོའི་ཀླུའི་པགས་པ་ཡིན་ཏེ། ཞིང་དུ་དཔག་ཚད་ལྔ་ལ། ཆུར་དཔག་ཚད་བཅུ་སྟེ། དེ་ཆར་གྱིས་མི་བརླན། རླུང་གིས་མི་བསྐྱོད། མེས་མི་འཚིག །གྲང་ན་དྲོ་བར་བྱེད་ཅིང་། དྲོ་ན་བདེ་བ་བསིལ་བར་བྱེད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་གང་དུ་འགྲོ་བ་དེར་བློན་པོ་རིན་པོ་ཆེས་དེ་ཁྱེར་བར་བྱེད་དེ། ཅི་ལྟར་སོ་སོ་ནས་བྱེད་པ་ལྟར། དེ་རྒྱལ་པོའི་འཁོར་གྱི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་དོ། །བུད་མེད་མི་སྡུག་པ་དག་མི་མཐོང་ཞིང་དཀར་བ་དེ་དང་ལྡན་པར་འགྱུར་ལ། ཟླ་བ་དང་ཉི་མའི་འོད་སྣང་བ་དེ་དང་ལྡན་པར་འགྱུར་རོ། །མལ་ཆ་རིན་པོ་ཆེ་ནི་ཡང་ཞིང་འཇམ་ལ་མཐོ་དམན་ཅན་ཡིན་སྟེ་གལ་ཏེ་བསམ་གཏན་སེམས་ན། དེ་ཡི་བསམ་གཏན་རྣམ་པར་གྲོལ་ཞིང་བློ་གྲོས་གསལ་བར་བྱེད། གལ་ཏེ་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་ཡིན་ན། དེ་མལ་ཆ་ཡི་སྟེང་དུ་འདུག་ན། དེའི་ཚེ་འདོད་ཆགས་དང་བྲལ་ཞིང་ཆགས་པ་མེད་པར་བྱེད་དོ། །ཞེ་སྡང་དང་གཏི་མུག་དག་ལ་ཡང་དེ་བཞིན་ཏེ། མལ་ཆ་ཉེ་བའི་རིན་པོ་ཆེ་ནི་བསམ་གཏན་གྱི་གནས་དང་འདྲའོ། །རྒྱལ་པོ་མལ་ཆ་རིན་པོ་ཆེ་ནི་ནང་ན་འདུག་པ་བུད་མེད་ཀྱིས་མཐོང་ལ། དེའི་ཚེ་མཆོག་ཏུ་དགའ་བ་སྐྱེས་ཀྱང་། ཡིད་ལ་ཤིན་ཏུ་འདོད་ཆགས་པར་མི་འགྱུར་ཏེ། ཚལ་ཉེ་བའི་རིན་པོ་ཆེ་ནི་འདི་ལྟ་སྟེ། གལ་ཏེ་རྒྱལ་པོ་ཚལ་དུ་བསམ་གཏན་ལ་དགའ་བར་འགྱུར་ཏེ། དེ་དེར་ཉེ་བར་འགྲོ་ན་ཚལ་དེ་ཡི་མཐུ་དང་། རྒྱལ་པོའི་དགེ་བའི་ལས་ཀྱིས་གང་ལྷའི་འཇིག་རྟེན་གྱི་ཚལ་དགའ་བའི་རྣམ་པ་མེ་ཏོག་དང་འབྲས་བུ་དང་། བྱ་དང་། པད་མ་དང་། ལྟེང་ཀ་དང་། འབབ་པའི་ཆུ་ངོགས་བདེ་བ་དང་། ལྷའི་བུ་མོ་དག་རོལ་མོ་བྱེད་ཅིང་དགོད་ལ། མཛེས་པ་རྩེ་བ་དེ་དག་ཐམས་ཅད་ལྷའི་རིས་དེ་ནས། ཚལ་དེར་ཉེ་བར་འོང་སྟེ། རྒྱལ་པོ་དེ་ཡང་ལྷ་བཞིན་དུ་ལྷའི་འདོད་པའི་ཡོན་ཏན་ལྔ་དག་དང་ལྡན་པར་འགྱུར་ཚལ་ཉེ་བའི་རིན་པོ་ཆེའི་དེར་བུད་མེད་དང་ལྷན་ཅིག་ཤིན་ཏུ་དགའ་མགུར་སྤྱོད་པ་བྱེད་དོ། །ཁྱིམ་ཉེ་བའི་རིན་པོ་ཆེ་ནི། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོའི་ནང་དུ་ཉལ་བར་གྱུར་ན། མཚན་མོ་ཉལ་བ་དེའི་ཚེ་ཟླ་བར་ལྟ་བར་འདོད་ན་འོང་ཞིང་། གཟའ་དང་སྒྱུ་སྐར་དང་། སྐར་མདའ་དག་ཀྱང་དེའི་ཁྱིམ་དེར་ཉེར་བར་འོང་བར་འགྱུར། དེའི་ནོར་བུ་ཡང་མཐོང་ན་དགའ་བར་འགྱུར། ལྷ་མོ་དག་ཀྱང་ལྷའི་རོལ་མོ་བྱེད་པར་འགྱུར། གང་མང་མང་པོ་དང་བྲལ་བའི་མི་དེ་བདེ་བར་གཉིད་ལོག་པར་འགྱུར། གཉིད་ལོག་པ་ན་རྨི་ལམ་དགེ་བ་མཆོག་ཏུ་དགའ་བ་དག་མཐོང་བར་འགྱུར། གྲང་བའི་དུས་སུ་ནི་རླུང་དྲོ་བ་ལྡང་ཞིང་། དྲོ་བའི་དུས་ན་ཡང་བསིལ་བ་རེག་ན་བདེ་ཞིང་འཇམ་པ་ལྡང་ངོ་། །མཚན་མོ་ཐུན་གསུམ་ལས་ཐུན་གཉིས་པ་ལ་ཉལ་ཞིང་། ཐུན་གསུམ་པ་ལས་གཉིད་དང་བྲལ་ནས་ལངས་ཏེ། བདེ་བའི་ཆོས་ལ་གནས་པར་འགྱུར་ཏེ། འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེ་ཡིན་ནོ། །གོས་ཉེ་བའི་རིན་པོ་ཆེ་ནི། འདི་ལྟ་སྟེ། ཐགས་བཟང་ཞིང་མཆོག་ཏུ་འཇམ་ལ་དྲི་མས་མ་གོས་པ་ཡིན་ཏེ། གྱོན་ནས་ཀྱང་གྲང་བ་དང་། དྲོ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཉམ་ཆུང་བ་དང་། ངལ་བ་དང་། དུབ་པའི་གནོད་པ་མེད། མེ་དང་། མཚོན་གང་གིས་བསྲེག་པ་དང་གཅད་པར་མི་ནུས་སོ། །ལྷམ་ཉེ་བའི་རིན་པོ་ཆེ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྐང་པ་ལ་གོན་ན། ཅི་ལྟར་སྐམ་ས་ལ་རྐང་པ་མི་འབྱིང་བ་དེ་བཞིན་དུ། ཆུ་ལ་ཡང་མི་འབྱིང་བར་འགྱུར་རོ། །གལ་ཏེ་སྔོན་དུ་འགྲོ་བར་འདོད་ན་དཔག་ཚད་བརྒྱར་ཡང་འགྲོ་བར་འགྱུར་ཞིང་། ལུས་ལ་ངལ་བ་མེད་དོ། །དེ་རྣམས་ལ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྤྱོད་ཅིང་། མིའི་གནས་བཞི་དང་། ལྷའི་རིས་གཉིས་ལ་ཉེ་བར་སྤྱོད་པ་ཡིན་ནོ། །དེའི་བུ་དཔའ་ཞིང་རཏལ་ཕོད་ལ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོད་དེ། དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕྱག་བྱེད་དོ། །གནོད་སེམས་མི་དགེ་བའི་ལས་སྤངས་པ་ནི། དགེ་བ་བཅུའི་ལས་ཀྱི་ལམ་གྱི་རྒྱུ་མཐུན་པ་བདེ་བ་དེ་དག་མྱོང་བར་འགྱུར་རོ། །སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་དེ་དག་ནི་དགེ་བཅུ་དང་། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་མཐུ་ལས་གྲུབ་པ་ཡིན་ནོ། །བཅུ་པ་འབྲས་བུའི་རྣམ་དབྱེ་ནི། དེས་ན་སེམས་ཅན་གྱི་བདེ་སྡུག་ནི། དགེ་མི་དགེའི་རྣམ་སྨིན་གྱིས་བསྐྱེད་པའོ། །དབང་གི་འབྲས་བུ་ནི་ཡུལ་དུ་སྣང་བ་རྣམས་ཀུན་ལ་ཐུན་མོང་དུ་ཡོད་པ་དང་། ཐུན་མོང་དུ་ཡོད་པ་མིན་པ་རྣམས་དགེ་སྡིག་གང་གི་སྟོབས་ཀྱིས་བྱས་ནས་རྣམས་སྐྱེས་བུས་བྱས་པའི་ལས་ཀྱི་འབྲས་བུ་དེ་བཞིན་སོ་སོར་ཉམས་སུ་མྱོང་བ་ཡིན་ནོ། །བཅུ་གཅིག་པ་གནོད་བྱེད་ནི། དེས་མི་རྣམས་ཀྱང་སྐྱེ་བ་རྒ་བ་དང་། ན་བ་དང་། འཆི་བ་ཡིས་དུས་རྟག་ཏུ་སྡུག་བསྔལ་ཞིང་གནོད་པ་བྱེད་དོ། །བཅུ་གཉིས་པ་གླིང་གཞན་ཡང་བཤད་པ་ནི། དྲག་པོ་དང་། འོད་དཀར་དང་། ཁྲུང་ཁྲུང་དང་། ཟླ་བ་དང་། ལྷ་མིན་དང་། མིའམ་ཅི་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གླིང་དུ་མ་རྣམས་ནི་སྣ་ཚོགས་པའི་ལས་ཀྱིས་བསྐྱེད་པའོ། །སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དང་བདེ་སྡུག་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་རྟོག་པས་བཟོས་པ་ཡིན་ཏེ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཡུལ་དེ་རྣམས་ལ་བདེན་པར་ཞེན་ནས་ལས་སྤྱད་པས་འཁོར་བར་ལས་ཀྱི་རླུང་ཤུགས་དྲག་པོས་བདས་ནས་དབང་མེད་དུ་རབ་ཏུ་འཁོར་བར་གྱུར་རོ། །མི་ཡི་ལེའུ་བཤད་པའོ། །འདོད་པའི་ཁམས་ཀྱི་ལྷའི་ལེའུ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་དེ་ནས་དགེ་བའི་ལས་སྤྱད་པ་ལས་གྲུབ་པའི་ལྷ་ནི་རྣམ་པ་གསུམ་ཡིན། །འདོད་ཁམས་ཀྱི་ལྷ་དང་། གཟུགས་ཁམས་ཀྱི་ལྷ་དང་གཟུགས་མེད་ཁམས་ཀྱི་ལྷའོ། །འདོད་ཁམས་ཀྱི་ལྷ་ལའང་ལྷ་གནས་དྲུག་ཡོད་དེ། དེ་རྣམས་ནི་ལུས་ཀྱི་ལས་གསུམ་དང་། ངག་གི་ལས་བཞི་དང་། ཚུལ་ཁྲིམས་རྣམ་པ་བདུན་བསྲུང་བའི་འབྲས་བུ། དམན་པ་དང་། འབྲིང་དང་། མཆོག་གྱ་ནོམ་པ་རྣམས་ལས། བདེ་བ་ཆུང་ངུ་དང་འབྲིང་དང་། ཆེན་པོ་རྣམས་གྲུབ་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། རྒྱལ་ཆེན་རིགས་བཞིའི་ལྷ་དང་སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ། །དང་པོ་ལ་བཞི་སྟེ། རི་རབ་རི་བདུན་མཚོ་དང་བཅས་པ་བཤད་པ་དང་། །མདོར་བསྟན་པ་དང་། སྐྱེ་བའི་རྒྱུ་མདོར་བསྟན་པ་དང་རྒྱས་པ་བཤད་པ་དང་། ཚེ་ཚད་དང་རྒྱུ་མཐུན་བསྟན་པའོ། །དང་པོ་ནི་དེ་ལ་ལྷ་གནས་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་དང་། ལྷ་གནས་གཉིས་ནི་རི་རབ་ལ་བསྟན་པ་ཡིན་ལ། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དང་བཞི་ནི་རི་རབ་ལ་མ་རྟེན་བར་སྤྲིན་གྱི་ཕུང་པོ་ལྟར་ནམ་མཁའ་ལ་གནས་སོ། །རིའི་རྒྱལ་པོ་རི་རབ་ནི་གསེར་གྱི་ས་གཞི་ནས་རྩེ་མོའི་བར་དུ་དཔག་ཚད་འབུམ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཡོད་དེ། ཕྱེད་ནི་རྒྱ་མཚོ་ལ་ནུབ་པའི་ནང་དུ་ལྷ་མ་ཡིན་རྣམས་སྔར་བཤད་པ་བཞིན་གནས་པར་བསྟན་པ་ཡིན་ལ། འདི་ནས་རི་རབ་རི་བདུན་གླིང་བཞི་འཁོར་ཡུག་རི་དང་བཅས་པ་རྣམས་ཆུ་ལ་ནུབ་པ་ལ་དཔག་ཚད་བརྒྱད་ཁྲི་དང་བཞི་སྟོང་ཡོད་པར་བཤད། མོའུ་གལ་གྱི་བུའི་གདགས་པའི་བསྟན་ཆོས་ལས་ནི། བརྒྱད་ཁྲི་ཁོ་ན་ཆུ་ལ་ནུབ་པར་འདོད། རི་རབ་དེ་ཡང་། ཐུར་དུ་རྒྱལ་མཚོ་ལ་ནུབ་པ་དང་། གྱེན་དུ་འཕགས་པ་དང་། ཆུར་དང་། ཞེང་དུ་དཔག་ཚད་བརྒྱད་ཁྲི་རེ་རེ། མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི་ཡོད་དེ། རྒྱ་མཚོའི་སྟེང་དུ་འཕག་པ་དེ་ལ་བང་རིམ་བཞི་ཡོད་པ་ཡིན་ཏེ། དཔག་ཚད་ཁྲི་ཕྲག་རེ་རེས་གཅིག་ཅེས་གཅིག་གྱེན་མཐོ་བ་ཡིན་ལ། བང་རིམ་དང་པོ་ནི་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་གིས་ཕྱིར་འཕགས་པ་ཡིན་ཅིང་། གཉིས་པ། གསུམ་པ། བཞི་པ། རྣམས་ཀྱང་རིམ་པ་བཞིན། དཔག་ཚད་བརྒྱད་སྟོང་དང་། བཞི་སྟོང་དང་། ཉིས་སྟོང་གིས་ཕྱིར་འཕགས་སོ། །རྒྱ་མཚོ་ལ་ཐུག་པའི་བང་རིམ་དང་པོ་ལ་ནི་གཞོང་ཐོག་གི་ལྷ་རྣམས་གནས་སོ། །དེའི་གོང་མ་ལ་ནི་འཕྲེང་ཐོག་གི་ལྷ། དེའི་གོང་མ་ལ་ནི་རྟག་དུ་མྱོས་པའི་ལྷ། དེའི་གོང་མ་ལ་ནི་པི་བང་གསུམ་པའི་ལྷ་དང་རྒྱལ་ཆེན་བཞི་གནས་སོ། །རི་རབ་དེ་ཡང་། ཤར་ཤེལ། ལྷོ་བཻ་ཌུརྻ། ནུབ་དངུལ། བྱང་གསེར་ཏེ། ཕྱོགས་བཞི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན། ལྷ་རྣམས་གནས་པའི་རིའི་རྒྱལ་པོ་རི་རབ་དེ་ཡང་། རི་བོ་ཁྲི་ཕྲག་དྲུག་ཅུས་བསྐོར་ཞིང་མཛེས་པར་བྱས་པ་བང་རིམ་གྱི་ལྷ་གནས་རྣམས་སུ་བཀོད་པ་བཞིན་དུ་ཡོད་དེ། ངོས་བཞི་རིན་པོ་ཆེ་ལ་བྱས་པ། སྟེང་དུ་འབབ་ཆུ་དང་། ལྟེང་ཀ་དང་། པད་མའི་རྫིང་དང་། རིན་པོ་ཆེའི་འཕྲེང་བའི་འོད་ཀྱིས་གསལ་བར་བྱས་པ་ཡིད་དུ་འོང་བ་ཡོད་དོ། །རི་རབ་ཀྱི་སྟིང་གི་ཕྱོགས་བཞི་ན་རྩེ་མོ་བཞི་ཡོད་དེ། ཤར་གྱི་རྩེ་མོ་ཤེལ། ལྷོ་ཡི་རྩེ་མོ་བཻཌུརྻ། །ནུབ་ཀྱི་རྩེ་མོ་དངུལ། བྱང་གི་རྩེ་མོ་གསེར་ལས་གྲུབ་པ། ཆུར་དང་། ཞེང་དུ་དཔག་ཚད་ཉི་ཤུ་རྩ་ལྔ་རེ་རེ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་རེ་རེ་ཡོད་ཅིང་། །རི་རབ་ལས་དཔག་ཚད་ཕྱེད་དང་ལྔ་ལྔས་གྱེན་དུ་འཕགས་པ་ལ། གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ། །རི་རབ་ཀྱི་ཁ་ལ་ནི་སུམ་ཅུ་རྩ་གསུམ་པ་རྣམས་གནས་སོ། །རི་རབ་ཀྱི་དཔག་ཚད་བརྒྱད་ཁྲིའི་ཕྱི་རོལ་ན་གཉའ་ཤིང་འཛིན་གྱི་རི་ནི་ཆུ་ལས་དཔག་ཚད་བཞི་ཁྲི་སྟེང་བྱུང་བས། རི་རྒྱལ་ལྷུན་པོའི་ཕྱེད་སླེབས་པ་ཙམ་དུ་འཕགས་སོ། །ཞེང་ཡང་དཔག་ཚད་བཞི་ཁྲི་ཡོད་སྟེ་གྱེན་དུ་འཕགས་པ་དང་མཉམ་མོ། །དེ་ནས་དཔག་ཚད་བཞི་ཁྲི་ཕྱི་རོལ་ན་བཤོལ་མདའ་འཛིན་ཞེས་བྱའི་རི་ནི་རྒྱ་མཚོ་ལས་དཔག་ཚད་ཉི་ཁྲི་གྱེན་དུ་འཕག་གོ །ཞེང་དུ་ཡང་དེ་དང་འདྲའོ། །དེ་ནས་དཔག་ཚད་ཉི་ཁྲིའི་ཕྱི་རོལ་ན་རིའི་རྒྱལ་པོ་སིང་ལྡིང་ཅན་ཞེས་བྱ་བ་ནི་རྒྱ་མཚོ་ལས་དཔག་ཚད་ཁྲི་གྱེན་དུ་འཕགས་ཤིང་། ཞིང་ཡང་དེ་དང་འདྲའོ། །དེ་ནས་དཔག་ཚད་ཁྲི་ཡི་ཕྱི་རོལ་ན། རི་ཡི་རྒྱལ་པོ་ལྟ་ན་སྡུག་ཞེས་བྱ་བ་ནི། དཔག་ཚད་ལྔ་སྟོང་རྒྱ་མཚོའི་སྟེང་དུ་འཕག་ཅིང་ཞིང་ཡང་དེ་དང་འདྲའོ། །དེ་ནས་དཔག་ཚད་ལྔ་སྟོང་གི་ཕྱི་རོལ་ན། རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་བ་ནི། དཔག་ཚད་ཉི་སྟོང་ལྔ་བརྒྱ་ནི་རྒྱ་མཚོའི་སྟེང་དུ་འཕགས་ཤིང་། ཞེང་ཡང་དེ་དང་འདྲའོ། །དེ་ནས་དཔག་ཚད་ཉིས་སྟོང་ལྔ་བརྒྱའི་ཕྱི་རོལ་ན། རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ནི། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་རྒྱ་མཚོ་ཡི་སྟེང་འཕགས་ཤིང་། ཞེང་ཡང་དེ་དང་འདྲའོ། །དེས་ནས་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའི་ཕྱི་རོལ་ན། རི་ཡི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་བ་ནི། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་རྒྱ་མཚོའི་སྟེང་དུ་འཕགས་ཤིང་ཞེང་ཡང་དེ་དང་འདྲའོ། །རི་བདུན་པོ་ཀུན་ཀྱང་གསེར་ལས་གྲུབ་ཅིང་། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ལ་བརྟེན་ཅིང་། ཆུ་ལས་སྟེང་དུ་འཕགས་པ་ཀུན་ཀྱང་། ཕྱེད་ཕྱེད་ཀྱིས་ཕྱི་མ་རྣམས་དམའ་ཞིང་རིའི་བར་རྣམས་ཕྱེད་ཕྱེད་ཀྱིས་ཕྱི་མ་རྣམས་དོག་པ་ཡིན་ལ། རི་དེ་བདུན་ཡང་། མཛེས་པ་ལྟ་ན་སྡུག་པ། ཡིད་དུ་འོང་བ། སྟེང་དུ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ལྗོངས་རྣམས་གནས་སོ། །རི་རབ་ཀྱི་རི་ཤར་ཕྱོགས གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་འཁོར་ཡུག་སྲུང་ཞེས་བྱ་བ་ཡོད་དོ། །རི་རབ་ཀྱི་ལྷོ་ཕྱོགས་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་འཕགས་སྐྱེས་ཀྱི་ཕོ་བྲང་འཕགས་པར་སྐྱེས་པ་ཞེས་བྱ་བ་ཡོད་དོ། །རི་རབ་ནུབ་ཕྱོགས་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་སྤྱན་མི་བཟང་གི་ཕོ་བྲང་འཁོར་སྣ་ཚོགས་གཟུགས་བྱ་བ་ཡོད་དོ། །རི་རབ་ཀྱི་བྱང་ཕྱོགས་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་བྱ་བ་དེ། ཐམས་ཅད་ཀྱང་ཞེང་དང་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་རེ་རེ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ་དབྱིབས་ལེགས་ལྟ་ན་སྡུག་པ། འབབ་ཆུ་དང་། ཤིང་དང་། མེ་ཏོག་དང་། ཤིང་དང་ཆུ་ལ་གནས་པའི་བྱ་ཡིད་འོང་བ་རྣམས་ཀྱིས་སྐད་སྙན་པ་འབྱིན་པ་ལ་སོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་སྟེ་འདིར་བྲི་བར་མི་ནུས་སོ། །རོལ་མཚོ་ནང་མོའི་ཞེང་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་གཉའ་ཤིང་འཛིན་གྱི་ཕྱི་རོལ་ནས་རིམ་པ་བཞིན་གཉའ་ཤིང་འཛིན་གྱི་རོལ་མཚོ་ནི་ཞེང་དུ་དཔག་ཚད་བཞི་ཁྲི་བཤོལ་མདའ་འཛིན་གྱི་རོལ་མཚོ་ནི་ཞེང་དུ་དཔག་ཚད་ཉི་ཁྲི། སེང་ལྡེང་ཅན་གྱི་རོལ་མཚོའི་ཞེང་ནི་དཔག་ཚད་ཁྲི། ལྟ་ན་སྡུག་གི་རོལ་མཚོའི་ཞེང་དཔག་ཚད་ལྔ་སྟོང་། རྟ་རྣའི་རོལ་མཚོའི་ཞེང་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རྣམ་པར་འདུད་ཀྱི་རོལ་མཚོའི་ཞེང་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དེ། རོལ་མཚོ་བདུན་པོ་ཀུན་ཀྱང་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་དེ་གསེར་གྱི་ས་གཞི་ལ་བརྟེན་ཏེ་དབྱིབས་ལེགས་པ་བལྟ་ན་སྡུག་པ་ཡིན་ལ་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་སྟེ་ཀླུའི་རྒྱལ་པོ་དགོངས་པ་རྒྱས་པར་འདུག་གོ །མདོར་ན་རོལ་མཚོ་ཀུན་ཀྱང་ཆུ་ཞེང་ཕྱི་མ་རྣམས་ཕྱེད་ཕྱེད་ཀྱིས་ཕྲི་བ་ཡིན་ནོ། །མུ་ཁྱུད་འཛིན་གྱི་ཕྱི་རོལ་ན་བ་ཚའི་རྒྱ་མཚོ་ནི་ཁོར་ཡུག་གི་ལྕགས་རིའི་བར་དུ་ཞེང་ལ་དཔག་ཚད་གསུམ་འབུམ་དང་ཉི་ཁྲི་དང་ཉིས་སྟོང་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་གསེར་གྱི་ས་གཞི་ལ་བརྟེན་ནོ། །ཁོར་ཡུག་གི་རི་ནི་ཕྱི་རོལ་གྱི་རྒྱ་མཚོ་བར་ཏེ་དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ལ་བརྟེན་ནོ། །མཛེས་པ་ལྕགས་ལས་གྲུབ་པ་ཡིན་ཏེ། དེའི་སྟེང་ན་གནོད་སྦྱིན་གོས་སྔོན་པོ་ཅན་གནས་སོ། །གཉིས་པ་མདོར་བསྟན་པ་ནི། འདོད་ལྷ་རིས་དྲུག་ཡོད་པ་དེ་ལ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ལྷ་གནས་བཞི་ལ་རེ་རེ་ལ་བཅུ་བཅུ་ཡོད་དེ། དེ་ཡང་འཕྲེང་ཐོགས། ཡོལ་ཐོག་རྟག་མྱོས་དང་། པི་ཝང་གསུམ་པའི་ལྷ་རྣམས་རི་རབ་ཀྱི་བང་རིམ་ལ་རིམ་པ་བཞིན་གནས་ནས་ལོངས་སྤྱོད་དང་ལྡན་པ་ཡིན་ནོ། །གསུམ་པ་སྐྱེ་བའི་རྒྱུ་མདོར་བསྟན་པ་ནི། ལྷ་དེ་རྣམས་ཀྱང་སྲོག་གཅོད་པ་སྤང་ཤིང་སྦྱིན་པ་དང་ལྡན་པའི་ལས་ཀྱིས་བསྐྱེད་པ་ཡིན་པས། འཕྲེང་ཐོག་ཀྱི་ལྷ་ནས་རིམ་པ་བཞིན་ལས་རྒྱུ་འབྲས་བརྗོད་པར་བྱའོ། །བཞི་པ་རྒྱས་པར་བཤད་པ་ལ་བཞི། འཕྲེང་ཐོག་ཀྱི་ལྷ་བཤད་པ་དང་། ཡོལ་ཐོགས་ཀྱི་ལྷ་བཤད་པ་དང་། རྟག་མྱོས་ཀྱི་ལྷ་བཤད་པ་དང་། པི་ཝང་གསུམ་པའི་ལྷ་བཤད་པའོ། །དང་པོ་ལ་གཉིས་སྟེ། མིང་རྒྱུ་དང་བཅས་པ་དང་། སྤྱི་ཡི་ལོངས་སྤྱོད་སྐྱེ་བའི་ཚུལ་ལོ། །དང་པོ་ལ་བཅུ་ལས། ཟུར་ན་གནས་ཞེས་བྱ་བ་ནི། ལྷ་གནས་བཅུ་ཡོད་པའི་དང་པོ་པའི་ཆར་འདིར་གནས་པའི་ཕྱོགས་ལྷོ་འཛམ་བུ་གླིང་བྱ་བ་ཡིན་དེ། དེ་ཕྱོགས་ན་གནས་པ་ཟུར་ན་གནས་ཞེས་བྱའོ། །དེ་དང་ཉེ་བ་ན། མཐའ་ལ་གནས་ཞེས་བྱ་བ་གནས་སོ། །ལྷ་གནས་གཞན་རྣམས་ཀྱང་གཡས་སྐོར་དུ་རིམ་པ་བཞི་གནས་པ་ཡིན་ཏེ། ནུབ་ཏུ་འབྲས་བུ་ཉེ་འཚོ། དཀར་པོ་སྤྱོད། ཤར་དུ་ཐམས་ཅད་དགར་གནས། འགྲོ་མགྱོགས་གཉིས་སོ། །བྱང་དུ་ཡུལ་ལ་ཆགས། འདོད་ལ་ཆགས། ཡིད་གཡོ། ཉེ་བའི་ཚལ་བྱ་བ་རྣམས་གནས་སོ། །དེ་ཡང་གང་ལ་ལ་ཞིག་གིས་འཆི་ཁ་མའི་ཚེ་དད་པ་དང་ལྡན་པས་ཡིད་མ་ཡེང་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཟུར་ལ་གནས་བྱ་བ་དེར་ནི་ངེས་པར་སྐྱེའོ། །གཉིས་པ། མཐའ་ལ་གནས་ཞེས་བྱ་བ་དེར་སྐྱེ་བའི་རྒྱུ་ནི། ཚུལ་ཁྲིམས་དང་ལྡན་པ་ལ་ཆུ་བོ་ལ་བརྒལ་བའི་ཕྱིར་གྲུ་དང་ཟམ་པ་བྱིན་པ་དང་། སྐྱེ་བོ་མི་བདེ་བ་ཆུ་ལ་སྒྲོལ་ཞིང་སྡིག་པ་ལ་མི་འཇུག་ན་དེས་འགྲུབ་པར་འགྱུར་རོ། །གསུམ་པ་འབྲས་བུ་ཉེ་བར་འཚོ་བའི་གནས་སུ་ནི་ཚུལ་ཁྲིམས་དང་ལྡན་པ་གང་ལ་ལ་ཞིག་གི་བཀྲེས་སྐོམ་དང་ལྡན་པ་ལ། སྙིང་བརྩེ་བས་བཟའ་ཤིང་གི་འབྲས་བུ་བྱིན་ནས་དེར་སྐྱེ་བར་འགྱུར་རོ། །བཞི་པ་ཡོན་ཏན་དཀར་པོ་སྤྱོད་པ་བྱ་བ་དེ་རུ་སྐྱེ་བའི་རྒྱུ་ནི། ཡིད་རབ་ཏུ་དང་བས་སངས་རྒྱས་སམ་མཆོད་རྟེན་ལ་མེ་ཏོག་སྙིམ་པ་གང་ཕུལ་བས་སྐྱེ་བར་འགྱུར་རོ། །ལྔ་པ། ཐམས་ཅད་དགའ་དེར་སྐྱེ་བའི་རྒྱུ་ནི། ཚུལ་ཁྲིམས་དང་ལྡན་པ་གང་ལ་ལ་ཞིག་གིས། རང་གིས་བསྐྱེད་པའམ། ཉོས་པའི་མེ་ཏོག་རྒྱལ་བ་སངས་རྒྱས་ལ་མེ་ཏོག་གིས་མཆོད་པར་སྐྱེ་བར་འགྱུར་རོ། །དྲུག་པ་འགྲོ་མགྱོགས་ནི། ནག་ཚལ་ལ་མེ་མཆེད་པས་སྲོག་ཆགས་དག་ཚིག་པས་ཉེན་པ་ན་ལ་ལ་ཞིག་གི་མེ་ལ་ཆུ་གཏོར་ནས་ཚིག་པ་ལས་ཐར་བར་བྱེད་ན་དང་། དེ་ཉིད་དུ་ཤི་བ་ལ་ཐུག་པ་རྣམས་ཀྱི་སྲོག་འཇིགས་པ་ལ་བསྐྱབ་ན། འགྲོ་མགྱོགས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །བདུན་པ་ཡུལ་ཆགས་ནི་ཚུལ་ཁྲིམས་དང་ལྡན་པ་ལ་ལ་ཞིག་གིས་མཛའ་བཤེས་ལ་སོགས་པ། སོ་སོར་བྱེ་ཞིང་འཁྲུག་པ་དང་། གཅིག་ལ་གཅིག་གནོད་པ་བྱེད་པ་གཞན་དག་གི་བར་བྱེད་ཅིང་བསྡུམ་པར་བྱེད་ན། ཡུལ་ལ་ཆགས་པའི་ལྷ་གནས་སུ་སྐྱེ་བར་འགྱུར་རོ། །བརྒྱད་པ། འདོད་ལ་ཆགས་པའི་ལྷ་གནས་སུ་སྐྱེ་བའི་རྒྱུ་ནི་དད་པས་ཆོས་ཉན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དགུ་པ་ཡིད་གཡོའི་གནས་དེར་སྐྱེ་བའི་རྒྱུ་ནི། དཀོན་མཆོག་གསུམ་དང་མཆོད་རྟེན་གྱི་གནས་ཡིད་གུས་པ་དང་བཅས་པས་ཕྱག་དར་ལེགས་པར་བྱས་པས་སྐྱེའོ། །བཅུ་པ་ཉེ་བའི་ཚལ་ནི་ཚུལ་ཁྲིམས་དང་ལྡན་ཞིང་དགེ་འདུན་ལ་ཞིང་བཟང་པོར་ཤེས་པ་དག་གིས། ཆོས་གོས་བྱ་བའི་ཕྱིར་གསེར་ལ་སོགས་པ་ཅུང་ཟད་ཕུལ་ན་ཉེ་བའི་ཚལ་དུ་འགྲོ་བར་འགྱུར་རོ། །གཉིས་པ་སྤྱི་ཡི་ལོངས་སྤྱོད་ནི། ལྷ་དེ་རྣམས་ནི་རྒྱུ་ལས་བཟང་པོ་སྤྱད་པའི་སྟོབས་ཀྱིས། འབྲས་བུ་བདེ་བ་མྱོང་བ་ནི་བསམ་གྱིས་མི་ཁྱབ་སྟེ། འཁོར་ལོས་བསྒྱུར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས། འཕྲེང་ཐོག་གི་ལྷ་གཅིག་གི་ལོངས་སྤྱོད་ཀྱི་བཅུ་དྲུག་གི་ཆ་གཅིག་གི་ཡང་དཔེར་བྱ་བར་ནུས་པ་མ་ཡིན་ནོ། །ལྷ་གནས་དེ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་ཚལ་དང་། མེ་ཏོག་གི་རིགས་དུ་མས་བརྒྱན་ཅིང་མཛེས་པར་བྱས་པ། འབབ་ཆུ་གཙང་མ་སྣ་ཚོགས་དང་། སྦྲང་ཆང་དང་རྒུན་འབྲུམ་གྱི་འབབ་ཆུ་སྣ་ཚོགས་རབ་ཏུ་འབབ་པ། ངག་དུ་སྒྲ་སྙན་པ་འབྱིན་པའི་བྱ་སྣ་ཚོགས་དང་། བུང་བས་ས་ཕྱོགས་ཐམས་ཅད་ཁེངས་པ་དང་། རྒྱན་དང་གོས་དང་བཟའ་བཏུང་རྣམས་ཀྱང་བསམ་པ་ཙམ་གྱིས་ལྷུན་འགྲུབ་ཏུ་འབྱུང་བར་འགྱུར་ཞིང་། མཛེས་པ་ལྟ་ན་སྡུག་པའི་ལྷའི་བུ་མོ་བརྒྱ་ཕྲག་དུ་མ་དག་གིས་གླུ་གར་དང་རྣམ་པ་སྣ་ཚོགས་པའི་མཆོད་པ་དང་སིལ་སྙན་སྣ་ཚོགས་སྒྲོགས་པར་བྱེད་དོ། །ལྷ་གནས་དེ་ན་མེ་ལོང་གི་ཚལ་བྱ་བ་ཡོད་པ་ནས་ལྟས་པས་ན་མེ་ལོང་གི་ནང་དུ་གཟུགས་སྣང་བ་བཞིན་སྔོན་བྱས་པའི་ལས་དང་ལས་དེའི་འབྲས་བུ་མཐོ་རིས་ངན་སོང་གང་དུ་སྐྱེ་བ་ཡང་སྣང་བར་འགྱུར་རོ། །ལོངས་སྤྱོད་དཔག་ཏུ་མེད་པ་དང་ལྡན་ཞིང་རླུང་རྒྱུ་བ་ལྟར་གར་འགྲོ་བར་འདོད་པའི་གནས་སུ་ཐོག་པ་མེད་པར་རྒྱུའོ། །ལྷ་གནས་འདིར་སྐྱེ་བའི་ཚུལ་ཡང་། ལུས་ཀྱི་རྩིབ་ལོག་ནས་ཞག་བདུན་ན་སྐྱེ་ཞིང་། །དེ་ནས་བདེ་བ་དང་ལྡན་པར་འགྱུར་རོ། །གཉིས་པ་ཡོལ་ཐོགས་ཀྱི་ལྷ་བཤད་པ་ལ་གསུམ་སྟེ། གནས་བཅུ་སོ་སོའི་མིང་། སོ་སོའི་རྒྱུ། སྤྱི་ཡི་ལོངས་སྤྱོད་དོ། །དང་པོ་མིང་དང་། གཉིས་པ་རྒྱུ་གཉིས་དུས་གཅིག་འཆད་པས། གཉིས་པ་ལག་ན་ཡོ ལ་ཐོག་གི་ལྷ་གནས་རྣམས་སུ་སྐྱེ་བ་ནི་སྤྱིར་སྲོག་གཅོད་པ་སྤངས་པ་དང་སྡོམ་པ་དང་ལྡན་པའི་ཐོག་ཏུ། བྱེ་བྲག་ཏུ་ངོས་བཟུང་བ་ནི། དཀོན་མཆོག་གསུམ་ལ་ཡིད་དང་བ་དང་ལྡན་པས་ཕྱག་འཚལ་བར་བྱེད་ན་གནས་དང་པོ་པད་མའི་ནང་དུ་རྒྱུ་བ་བྱ་བར་སྐྱེའོ། །སེམས་ཅན་ལ་ཕན་པར་བརྩོན་པ་སྙིང་རྗེའི་སེམས་དང་ལྡན་པ་དག་གིས་མཆོད་རྟེན་ལ་སྒྲ་སྙན་པོ་དང་དྲི་ཞིམ་པོས་མཆོད་ན། གནས་གཉིས་པ་ནུབ་བ་སྒྲ་སྙན་པ་བྱ་བར་སྐྱེ་བར་འགྱུར་རོ། །དད་པ་དང་རྒྱལ་བ་སངས་རྒྱས་ལ་གདུག་ཕུལ་ན་གསུམ་པ་སྒྲ་ལ་ཆགས་བྱ་བར་སྐྱེ་བར་འགྱུར་རོ། །མཆོད་རྟེན་ལ་ནི་དྲི་ཆབ་ཕུལ་ན་ལྷ་གནས་བཞི་པ་དྲིས་དྲེགས་དགའ་བ་བྱ་བར་སྐྱེ་བར་འགྱུར་རོ། །ཚད་པ་ཆེན་པོས་དགེ་སློང་རྣམས་གདུངས་པའི་དུས་སུ་དགེ་སློང་རྣམས་རླུང་གཡབ་ཀྱིས་གཡབ་ཅིང་རླུང་བསིལ་མོ་བྱིན་ཅིང་ལུས་བསིལ་བར་བྱས་ན་གནས་ལྔ་པ་རླུང་ལ་སྤྱོད་པ་བྱ་བར་སྐྱེ་བར་འགྱུར་རོ། །ཚད་པས་གདུངས་ནས་ནི་སྐོམ་པའི་དགེ་སློང་དང་། ལམ་དང་འབྲོག་དགོན་པར་ཞུགས་ཤིང་ལུས་པ་རྣམས་ལ་ཆུ་རིལ་བ་གང་ཕུལ་ན་གནས་དྲུག་པ་མེ་ཏོག་འཕྲེང་དགའ་བྱ་བར་སྐྱེའོ། །ཚུལ་ཁྲིམས་འཆལ་པའི་ནད་པའི་རིམ་འགྲོས་བྱས་པས་གནས་བདུན་པ་ཀུན་ཏུ་ལྟ་བ་བྱ་བར་སྐྱེའོ། །བསད་པར་འོས་པ་བཙོན་རར་བཅུག་ནས་གསོད་རྒྱུར་གནས་པ་དག་ནོར་ཟས་ཀྱིས་བླུས་ནས་ཐར་བར་བྱས་ན། ལྷ་གནས་བརྒྱད་པ་རྟག་ཏུ་དགའ་བ་བྱ་བར་སྐྱེའོ། །དཀོན་མཆོག་གསུམ་ཞིང་ཆེན་པོར་ཤེས་ནས་གོས་མཆོག་དྲི་ཞིམ་པོ་རྣམས་ཕུལ་ཞིང་ཚོགས་བསགས་ན་གནས་དགུ་པ་དྲི་ལ་ཆགས་པ་བྱ་བར་སྐྱེའོ། །རྒྱལ་པོ་ལ་གནོད་པ་བྱེད་པའི་མི་དག་བཟུང་ནས་སྤྱི་གཙུག་ནས་བཅིངས་ནས་དཔྱངས་པ་སྡུག་བསྔལ་གྱིས་ནོན་པ་ཐར་བར་བྱས་ན། ལྷ་གནས་བཅུ་པ་སྤྱི་གཙུག་ཐར་བྱ་བར་སྐྱེ་བར་འགྱུར་རོ། །གསུམ་པ་སྤྱི་ཡི་ལོངས་སྤྱོད་ནི། ལྷ་འདི་རྣམས་ཀྱི་བདེ་སྐྱིད་ནི། སྔ་མ་ཕྲེང་ཐོག་གི་ལྷའི་བདེ་བ་ལས། ཤིན་ཏུ་འཕགས་པ་ཡིན་སྟེ། སྐྱེ་གནས་ཀྱང་རྫུས་སྐྱེས་དང་ལྡན་པ་ཡིན་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང་། ལྗོན་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་འོད་ཟེར་སྟོང་ཕྲག་དུ་མ་འཕྲོ་བ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་། ཁ་ནས་སྒྲ་སྙན་པ་དུ་མ་སྒྲོག་པའི་བྱ་རྣམས་ཀུན་ཀྱི་སྐད་ཐོས་པས་ཡིད་འཕྲོག་པར་བྱེད་ཅིང་། ཡང་ཡང་ཐོས་ཀྱང་ངོམས་པ་མེད་དོ། །བཏུང་བ་རྣམ་པ་སྣ་ཚོགས་དང་། འབབ་ཆུ་རྣམ་པ་སྣ་ཚོགས་དང་། དེ་བཞིན་དུ་བཟའ་བ་དང་བཏུང་བ་ནི་དཔག་ཏུ་མེད་དོ། །ཁ་དོག་སྣ་ཚོགས་ཡོད་པའི་གོས་རྣམས་ཀུན་ཀྱང་། ཡང་ཞིང་རེག་ན་ལུས་ལ་བདེ་བ་ཡིན་ནོ། །ལས་སྣ་ཚོགས་པའི་སྤོས་རྣམས་ཀྱི་ངད་ལྡང་ཞིང་། རང་གང་འདོད་པའི་རླུང་རྣམས་ནི་རང་འདོད་པའི་དུས་ཀུན་ཏུ་ལྡང་ངོ་། །གཟུགས་མཆོག་དང་ལྡན་ཞིང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་བར་བྱེད་དོ། །གཞན་ཡང་གཟུགས་སྡུག་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངར་བ་དང་། རེ་བྱ་འཇམ་པ་ལ་སོགས་པ་ཡུལ་ལྔའི་བདེ་བ་ནི་བསམ་པས་དཔག་ཏུ་མེད་པ་རྣམས་ལ་ལོངས་སྤྱོད་པས་ཀྱང་། ངོམས་པ་མེད་པས་ཕྱིར་ཞིང་སྲེད་པས་རྒྱུད་འབྲེལ་བར་བྱེད་པས་ཡིད་མ་ཚིམ་ནས་འདོད་ཡོན་ལ་བག་མེད་པར་སྤྱོད་དོ། །དེའི་ཚེ་ཚལ་ན་གནས་པའི་བྱ་ལྷའི་སྐད་དུ་རྩེ་བ་ཞེས་བྱ་ཡོད་པ་དེས་ལྷ་རྣམས་བག་མེད་པ་ལ་བསྐུལ་བའི་ཕྱིར། ལྷ་རྣམས་ལ་ཚིགས་སུ་བཅད་དེ་སྨྲས་པ། བདེ་བ་ཐོབ་པའི་ལྷ་དེ་དག །བག་མེད་པ་ལ་མ་བསྟེན་ན། །དེ་ནི་བདེ་ལས་བདེ་ཐོབ་ཅིང་། །མྱ་ངན་འདས་པའི་རྗེས་སུ་འགྲོ། །བདེ་བའི་མཐའ་དེ་ཟད་འགྱུར་ཅིང་། །འདི་ལ་རྟག་ཏུ་ཐེར་ཟུག་མེད། །དེ་ཐོབ་གཞལ་མེད་ཁང་རྣམས་ལ། །སྐྱེས་བུ་མཆོག་རྣམས་ཆགས་མ་བྱེད། །བསགས་པ་ཐམས་ཅད་ཐ་མར་ཟད། །མཐོ་བའི་མཐའ་ནི་ཐ་མར་རྙིལ། །འདུ་བའི་མཐའ་ནི་ཐ་མར་འབྲལ། །སྐྱེ་བ་རྟག་ཏུ་འཆི་འགྱུར་བས། །ཆོས་རྣམས་ཀུན་ཀྱི་ངོ་བོ་ཉིད། །སྐྱེ་དང་འཇིག་པ་འདི་ཤེས་ནས། །བག་མེད་ཡིད་ལ་མ་བྱེད་ཅིག །བག་མེད་མྱོས་པའི་སེམས་ཅན་རྣམས། །སྡུག་ལས་སྡུག་བསྔལ་དེ་འགྲོའོ། །རྟག་ཏུ་བདག་ཉིད་བདེ་འདོད་ན། །འཆི་བའི་བར་དུ་དགེ་བ་བྱོས། །ཆོས་སྤྱོད་བདེ་བ་ཡིན་ནོ་ཞེས། །མཁས་པ་རྣམས་ཀྱིས་གདམས་པ་ཡིན། །རྒྱུ་ཡི་དེ་ཉིད་རྣམ་སྟོན་པ། །སངས་རྒྱས་རྣམས་ཀྱིས་འཁོར་བ་ཀུན། །རྟག་ཏུ་མི་རྟག་མི་བརྟན་ལ། །འགྱུར་ཞིང་ཚ་བར་རྟག་ཏུ་གསུངས། །ཞེས་བྱ་རྣམས་ཀྱི་སྨྲས་པ་ཐོས་ནས་ཡུད་ཙམ་ཞིག་བག་མེད་པ་ལ་མ་བཞུགས་སོ། །དེ་ནས་ཡང་ཡིད་མི་བརྟན་པ་དེ་བག་མེད་པ་ལ་བཞུགས་ནས། ལས་མ་ཟད་བར་དུ་བདེ་བ་ལ་སྤྱོད་ནས། དེ་ནས་སྲིད་པ་གཞན་དུ་འཕོ་བར་འགྱུར་རོ། །གསུམ་པ་རྟག་མྱོས་ཀྱི་ལྷ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། བཅུའི་མིང་རྒྱུ་དང་བཅས་པ་དང་སྤྱི་ཡི་ལོངས་སྤྱོད་པ་བཤད་པའོ། །དེ་ལ་དང་པོ་མདོར་བསྟན་པ་ནི། ཡོལ་ཐོགས་ཀྱི་ལྷ་བཤད་ཟིན་པ་དེས་ནས་གནས་གསུམ་པ་རྟག་མྱོས་ཀྱི་ལྷ་གནས་ནི་ནང་ཚན་ལ་བཅུ་ཡོད་པ་དེ་བཤད་པར་བྱ་སྟེ། གཉིས་པ་མིང་རྒྱུ་དང་བཅས་པ་ལ་ལྷ་གནས་བཅུ་ལས། དང་པོ་ནི། ལྷ་གནས་དང་པོ་ནི་ལྷག་པར་དགའ་བ་ཞེས་བྱ་བ་ཡིན་ཏེ། དེར་སྐྱེ་བའི་རྒྱུ་ནི་ལྷ་དང་། གནོད་སྦྱིན་དང་། ཡི་དྭགས་དང་། སྲིན་པོ་གནས་པའི་ཤིང་ལྗོན་པ་རང་གིས་ཀྱང་མི་གཅོད་གཞན་གྱིས་བཅད་ན་ཡང་གཅོད་དུ་མི་བཅོལ་ནས། དེ་རྣམས་གནས་དང་མ་བྲལ་བར་བྱེད་ཅིང་། ཚུལ་ཁྲིམས་དང་ལྡན་པ་ནི་དེར་སྐྱེ་བའོ། །གཉིས་པ་ཨུཏྤལ་མདོག་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་གང་གིས་འདིས་དཀོན་མཆོག་གསུམ་གྱི་ལོངས་སྤྱོད་བྱའོ་སྙམ་དུ་བསམ་ནས་ཨུཏྤལ་བསྐྱེད་པར་བྱས་ནས། དད་པ་དང་ལྡན་པས་དཀོན་མཆོག་གསུམ་ལ་ཕུལ་ནས་སེམས་དགའ་བར་འཛིན་པ་གང་ཡིན་པ་དེ། ཨུཏྤལ་མདོག་བྱ་བར་སྐྱེ་བར་འགྱུར་རོ། །གསུམ་པ་པད་མ་དཀར་པོ་སྤྱོད་པ་ནི། ཚུལ་ཁྲིམས་དང་ལྡན་པས་པད་མའི་ཚལ་དཀོན་མཆོག་གསུམ་ལ་དད་པས་ཕུལ་བ་གང་ཡིན་པ་དེ་ནི་པད་མ་དཀར་པོ་སྤྱོད་པ་ཞེས་བྱ་བའི་ལྷ་གནས་སུ་སྐྱེ་བར་འགྱུར་རོ། །བཞི་པ་པད་དཀར་སྤྱོད་པ་ནི། ཡང་དག་པར་རབ་ཏུ་བྱུང་བའི་དགེ་སློང་ལ་རུང་བའི་ཚོན་གྱིས་ཁ་དོག་བསྒྱུར་བའི་ཆོས་གོས་དམར་པོ་དད་པས་ཕུལ་ན། དམར་པོ་སྤྱོད་པ་ཞེས་བྱ་བའི་ལྷ་གནས་སུ་སྐྱེ་བར་འགྱུར་རོ། །ལྔ་པ་སྣ་ཚོགས་གནས་ནི་ཚུལ་ཁྲིམས་དང་ལྡན་པ་ལ་བཟའ་བཏུང་སྣ་ཚོགས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི། སྣ་ཚོགས་གནས་ཞེས་བྱ་བར་སྐྱེས་ཏེ། བདེ་བའི་མཆོག་རྣམ་པ་སྣ་ཚོགས་དང་ལྡན་བར་འགྱུར་རོ། །དྲུག་པ་མཐོ་བར་སྤྱོད་ནི། ལེགས་པར་སྤྱད་པའི་ལས་མངོན་པར་ཤེས་པ་དག་གིས། སེམས་ཅན་ལ་ཚ་བ་དང་གྲང་བ་ལས་སྐྱོབ་པའི་གནས་ཁང་བྱས་ནས་བྱིན་ན་མཐོ་བར་གནས་ཞེས་བྱ་བར་སྐྱེ་བ་འགྱུར་རོ། །བདུན་པ་ཆང་རྟག་མྱོས་ནི་ཚུལ་ཁྲིམས་དང་ལྡན་པ་ལེགས་པའི་ལས་ཤེས་པ་དག་གིས། དགེ་སྦྱོང་དང་བྲམ་ཟེ་མཆོག་མེད་པ་དག་ལ། ལུས་ཚིམ་པར་བྱེད་པའི་བཟའ་བཏུང་གྱ་ནོམ་པ་སྟེར་བར་བྱེད་པ་ནི། རྒུན་ཆང་གིས་རྟག་ཏུ་མྱོས་པ་ཞེས་བར་སྐྱེས་སོ། །བརྒྱད་པ་ཡུལ་ལ་འདོད་བྱ་བ་ནི་ནད་ཀྱིས་ཐེབས་པ་དག་ལ་ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་། ནད་གཡོག་དག་བྱིན་ཏེ་ནད་སོས་པས་ནད་པ་དགའ་བར་བྱེད་པ་དེ། ལྷ་གནས་ཡུལ་ལ་འདོད་བྱ་བར་སྐྱེ་བར་འགྱུར་རོ། །དགུ་པ་ཆུ་གསོལ་གནས་ནི། སྙིང་རྗེ་དང་ལྡན་པ་དག་གིས་སེམས་ཅན་འཆི་ཀ་སྐོམ་གྱིས་གདུངས་པ་དག་ལ། བུ་རམ་ཆུའམ་ཆུ་གྲང་མོ་བླུད་པས། ཆུ་བསིལ་གནས་བྱ་བར་སྐྱེ་བར་འགྱུར་རོ། །བཅུ་པ་བརྟན་དགའ་ཞེས་བྱ་བར་སྐྱེ་བའི་རྒྱུ་ནི། དགེ་སློང་ལ་སོགས་པ་རྣམས་འཁོར་ལ་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར། མི་རོའམ། མི་རོ་ལྟ་བུ་བྲིས་པ་གཅིག་མདུན་ན་བཞག་ནས། དགེ་སློང་ལ་སོགས་དེ་རྣམས་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་རྐྱེན་བྱས་པས་དེར་སྐྱེ་བར་འགྱུར་རོ། །གསུམ་པ་སྤྱི་ལོངས་སྤྱོད་བཤད་པ་ནི། རྟག་མྱོས་ཀྱི་ལྷ་གནས་འདི་རྣམས་ནི་ལོངས་སྤྱོད་ཐམས་ཅད་ཕྱོགས་གཅིག་དུ་དཔེར་བྱས་ན། གོང་དུ་བཤད་པའི་ལྷ་གནས་འོག་མ་འཕྲེང་ཐོག་ཡོལ་ཐོག་གཉིས་ལས་བཅུ་འགྱུར་གྱིས་བདེ་བ་དང་ལྡན་པ་དང་། ལོངས་སྤྱོད་དང་ལྡན་པ་ཡིན་ཏེ། ཡིད་དུ་འོང་བའམ་ལྷ་མོ་མཛེས་པའི་ལྷ་མོ་འདོད་ཡོན་གྱིས་མྱོས་མ་རྣམས་དང་། བྱ་སྣ་ཚོགས་དང་། བུང་བ་སྦྲ་ཆང་གིས་མྱོས་པ་རྣམས་དང་སྙན་པའི་གླུ་ལེན། གར་བྱེད་པ་ཡང་། དུས་རྟག་ཏུ་ཡོད་པས། དུས་རྒྱུན་དུ་འབྲེལ་བ་བཞིན་དུ་གནས་སོ། །མ་དྷ་ར་དང་། རིན་པོ་ཆེའི་རྒྱན་མཛེས་པ་བསམ་གྱིས་མི་ཁྱབ་པ་འཁྲོལ་བའི་སྒྲ་ཡང་སིལ་སིལ་དུ་དུས་རྒྱུན་དུ་སྒྲོགས་སོ། །གཟུགས་སྡུག་པ་སྒྲ་སྙན་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ། ཡིད་ཚིམ་པར་བྱེད་པའི་ཆོས་ལ་སོགས་པ། འདོད་པའི་ཡོན་ཏན་དྲུག་པོའི་ཁྱད་པར་ཡིད་དུ་འོང་བ་རྣམས་ཀྱིས་དགའ་བ་དུས་རྟག་ཏུ་འཕེལ་ལོ། །གཞན་ཡང་ཁང་བཟང་སྣ་ཚོགས་དང་། སྐྱེད་མོས་ཚལ་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱང་ཉི་མ་བཞིན་དུ་འོད་རབ་ཏུ་འབར་ཞིང་། ཡུལ་གྱི་ཁྱད་པར་མཛེས་པ་རྣམས་ནི་བསམ་གྱིས་མི་ཁྱབ་པ་ཡོད་པས། དེ་རྣམས་མྱོང་པ་ཡིན་ནོ། །བཞི་པ་པི་ཝང་བཞི་གསུམ་པའི་ལྷ་བཤད་པ་ལ་བཞི། མདོར་བསྟན་པ་དང་། མིང་དང་རྒྱུ་འབྲས་རྒྱས་པར་བཤད་པ་དང་། རྒྱལ་ཆེན་བཞིའི་གནས་དང་། ཀུན་ཏུ་རྒྱུ་བའི་ལྷ་བཤད་པའོ། །དང་པོ་ནི་དེ་ནས་ལྷ་གནས་བཞི་པ་རྒྱལ་པོ་ཆེན་པོ་བཞི་གནས་པའི་པི་ཝང་གསུམ་པའི་ལྷ་གནས་དཔག་ཏུ་མེད་པའི་ལོངས་སྤྱོད་དང་ལྡན་པ་གཉིས་སྲེད་པ་དང་ལྡན་པ་དེར་སྐྱེ་བའི་རྒྱུ་འབྲས་ལྷན་ཅིག་བཤད་པར་བྱའོ། །གཉིས་པ་ལ་ལྷ་གནས་བཅུ་ཡོད་པ་དེ་ལ། དང་པོ་དྲི་དགའ་ཞེས་བྱ་བར་སྐྱེ་བའི་རྒྱུ་ནི་ཀུན་དགའི་ར་བ་དང་། བུ་རམ་གྱི་དང་། འབྲ་གོ་ཡི་དང་། ཤིང་ཨ་འབྲའི་སྐྱེད་མོས་ཚལ་ཕུལ་ཚད་སྐྱེའོ། །ལས་དེའི་འབྲས་བུ་སྐྱེད་མོས་ཚལ་མཚུངས་པ་མེད་པ་དང་ལྡན་ཞིང་ལོངས་སྤྱོད་དོ། །གཉིས་པ་སྒྲ་སྙན་ནི་ཡང་དག་པའི་ལྟ་བ་དང་ལྡན་པ་གང་གིས་ལོག་པར་ལྟ་བ་ལ་ཞུགས་པ་དག་ལྟ་བ་ངན་པ་དེ་བཟློག་པའི་ཕྱིར་ཆོས་བསྟན་པས་དེ་དག་ཀྱང་སངས་རྒྱས་ལ་དད་པ་ཡུད་ཙམ་ཞིག་བསྐྱེད་པར་བྱས་ན་ཡང་། སྒྲ་སྙན་ཞེས་བྱ་བའི་གནས་སུ་སྐྱེས་ནས་ལོངས་སྤྱོད་ཁྱད་པར་དུ་ཡོད་པ་ནི། གནས་དེ་ན་ལྷ་མོ་གཟུགས་མཛེས་པ་འཛུམ་ཞིང་འཇོ་སྒེག་ལ་མངོན་པར་དགའ་བ་གླུ་དབྱངས་ཀྱི་སྒྲ་སྙན་པ་སྒྲོགས་པ་རྣམས་ཀྱིས་བསྐོར་ཞིང་། བྱ་མྱོས་པ་དང་། བུང་བ་མོས་རྣར་སྙན་པའི་སྒྲ་འབྱིན་པ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །གསུམ་པ་དེ་ལ་ཆགས་ནི་སྐོམ་པ་ལ་ཆུ་བྱིན་པ་དང་། མགྲོན་པོ་དག་ཆུ་ཐུང་བ་ལ། ལུ་ར་དང་། ཀྲི་དང་། སྦྲང་བུ་མཆུ་རིང་དག་གིས་ཆུ་ཐུང་ན་དུག་ཆུ་ནང་དུ་སོང་ནས། དེ་ལ་ཆུ་འཐུང་ན་མགྲོན་པོ་རྣམས་འཆི་བར་དོགས་ནས་ཆུ་ཐུང་བའི་ཁྲོན་པ་དག་གཡོག་སྟེ། མགྲོན་པོ་དག་ལ་དུག་གི་འཇིག་པ་མེད་པར་བདེ་བར་བྱེད་པ། གང་ཡིན་དེ་དེ་ལ་ཆགས་བྱ་བར་སྐྱེས་ཏེ། གནས་དེ་ནི་གཞན་གྱིས་མཚུངས་པ་མེད་པའི་ལྗོན་པ་དང་། བྱ་རྣམས་དང་། རི་བོ་རྣམས་ཀྱིས་བརྒྱན་པ་ཡིན་ནོ། །བཞི་པ་སྐྱོར་ཆུ་སྐྱེས་ནི་སྙིང་རྗེ་དང་ལྡན་པ་གང་གིས། ནད་པ་ལ་སྨན་བྱིན་པ་དང་། ནད་པ་སྐོམ་པས་གདུངས་པ་སྒྲ་ངར་ངར་པོར་འགག་ཅིང་སྲོག་ཅུང་ཟད་ཡོད་པ་ཆུ་སྟེར་ན། སྐྱོར་ཆུར་སྐྱེས་བྱ་བའི་གནས་སུ་སྐྱེ་སྟེ། ཚལ་ཉམས་དགའ་བ་རྣམས་སུ་གཅིག་ནས་གཅིག་དུ་འགྲོ་ཞིང་ལོངས་སྤྱོད་དཔག་དུ་མེད་པ་སྤྱོད་ཅིང་ཁྱད་པར་དུ་ཡང་ཚལ་མེ་ཏོག་ལྔ་པ་བྱ་བ་ན། དུས་སུ་དྲན་པར་བྱེད་པའི་བྱ་རྣམས་ཡོད་པས། ལྷ་འདོད་ཡོན་ལ་བག་མེད་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དག་བདེ་བས་མྱོས་པ་གང་། །དེ་དག་ལ་ནི་བདེ་རྟག་མེད། ལས་ཀྱི་བརྒྱར་ནི་བཅུག་གྱུར་ཅིང་། །གཏི་མུག་གིས་ནི་བསླུས་པ་རྣམས། །འཁོར་བ་ཐོག་མ་མེད་པ་ནས། །འཁྲུལ་འཁོར་བཞིན་དུ་འཁྱམ་པར་བྱེད། །ལྷ་དང་ལྷ་ཡི་འཇིག་རྟེན་ནས། །འཆི་བར་འགྱུར་བའི་སྡུག་བསྔལ་གང་། །དེ་ནི་དམྱལ་ལས་དམྱལ་བ་རུ། །དེ་ནི་དཔེར་བྱར་ཡོད་མེད་དོ། །བདེ་མཐའ་རྟག་ཏུ་ལྷུང་བར་གོ །འདི་དག་ཅི་ཞིག་མི་ཤེས་སམ། ལྷ་རྣམས་འཆི་མེད་ཡུལ་ལྟ་བུར། །བདེ་བས་རྨོངས་རྣམས་ལྟ་བར་བྱེད། །སྐྱེ་དང་འཆི་བའི་འཇིག་རྟེན་ནི། །གྲངས་སུ་བགྲང་དུ་ཡོད་མེད་ཀྱང་། །སྲེད་པས་ཡོངས་སུ་བསླུས་པ་ཡིན། །མི་རྣམས་ཡིད་ནི་འབྱུང་མི་བྱེད། །ཅེས་པའི་བྱའི་སྒྲ་དེ་ཐོས་པས་ཡུད་ཙམ་ཞིག་ཡིད་ལ་བྱས་པ་དང་། ཡང་བག་མེད་པ་དེ་ཉིད་ཀྱི་དབང་དུ་འགྱུར་རོ། །ལྔ་པ་ལུས་དཀར་ནི། ལྷ་གང་དང་མཆོད་རྟེན་རྙིང་པ་ཞིག་པ་རྣམས་ལ་ཞ་ལ་དང་བསྐང་ནུལ་ལེགས་པར་བྱེད་ན། ལུས་དཀར་ཞེས་བྱ་བར་སྐྱེ་སྟེ། གནས་དེའི་ཚལ་རྣམས་ཁ་མདོག་དཀར་དམར་རྣམས་མ་འདྲེས་པར་སོ་སོར་གནས་སྟེ། ལྷ་དེ་རྣམས་ཁ་དོག་ནི་དཀར་པོ་ཡིན་སྟེ། ཚལ་གྱི་ནང་དུ་བཞུགས པའི་ཚེ། ལུས་དེ་ཡང་ཚལ་གྱི་ཁ་དོག་བཞིན་དུ་འགྱུར་རོ། །དྲུག་པ་ཕན་ཚུན་དགའ་ལྡན་བྱ་བ་དེར་སྐྱེ་བའི་རྒྱུ་ནི་བདག་ཉིད་ཚུལ་ཁྲིམས་ལ་སྤྱོད་ཅིང་སྦྱིན་པ་བཏང་བ་ལ་བྱུང་སྟེ། གནས་དེར་སྐྱེས་པས་སྣ་ཚོགས་འདྲེས་པའི་ཚལ་དང་ལྡན་པས་བདེ་བ་དཔག་ཏུ་མེད་ཅིང་། ལྷག་པར་ཡང་འདོད་པས་མྱོས་པས་ལྷ་མོ་རྣམས་དང་ལྷན་ཅིག་རྩེ་བས་དུས་འདའ་བ་ཡིན་ནོ། །བདུན་པ་ཡང་དག་ཆགས་སྤྱོད་ཞེས་བྱ་བ་དེར་སྐྱེ་བའི་རྒྱུ་ནི་དགེ་འདུན་གྱི་ཞལ་ཏ་བ་ལས་བྱེད་པ་ཚུལ་ཁྲིམས་དང་ལྡན་པ་དག་གིས། ཁྱིམ་པ་དག་གཟེངས་བསྟོད་དགའ་བར་བྱས། དད་པར་བྱས་ནས། སྦྱིན་པ་སྦྱིན་དུ་བཅུག །ཚུལ་ཁྲིམས་སྲུང་དུ་བཅུག་ནས་དགེ་བ་ལ་སྦྱར་ན་གནས་དེར་སྐྱེ་ཞིང་སྐྱེ་བའི་ལས་ཐམས་ཅད་ཀྱང་དྲན་ནོ། །ལྷ་མོ་མཛེས་མ་དུ་མས་བདག་ལ་བཏུད་ནས་ཁ་རླང་དྲི་ཞིམ་པོས་ནམ་མཁའ་འགེང་ཞིང་། ལྷ་དང་ལྷ་མོ་རྣམས་འདོད་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་དོ། །ལྷ་གནས་འདིར་སོ་སོར་སྣང་བ་ཞེས་བྱ་བའི་རི་ཡི་རྩེ་མོ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་བྱ་བ་གནས་པ་ཡིན་ཏེ། མི་ཡི་འཇིག་རྟེན་ན་ཆོས་དང་ཆོས་མ་ཡིན་པ་བྱེད་པ་ཉི་མ་གསལ་མི་གསལ་གྱི་ལྟས་ལ་རྟོག་པར་བྱེད་དོ། །བརྒྱད་པ་འཁོར་དང་རྣམ་སྤྱོད་ནི། བདག་ཉིད་ཆོས་དང་ལྡན་ཞིང་གཞན་ཡང་ཆོས་དང་ལྡན་ཞིང་སྦྱིན་པ་ལ་འགོད་པར་བྱེད་ན། འཁོར་དང་རྣམ་སྤྱོད་བྱ་བར་སྐྱེ་སྟེ། དེར་ནི་ལོངས་སྤྱོད་རྣམ་པ་དུ་མ་ཡིས་ཡུལ་དྲུག་མྱོས་པར་བྱེད་པ་ཡོད་དོ། །དགུ་པ་དཀྱིལ་ཀྲུང་བཅས་སྐྱེ་བྱ་བ་དེར་སྐྱེ་བའི་རྒྱུ་ནི་མུ་གེ་བྱུང་བའི་དུས་སུ་བཀྲེས་པ་ལ་ཟས་སྦྱིན་པ་དང་། ཆུར་ཁྱེར་བ་འབྱིན་པས་སྐྱེ་སྟེ། འཛམ་བུའི་ཚལ་བྱ་བ་ལ་སོགས་ཉམས་དགའ་བར་འབོད་པ་ཞེས་བྱ་བའི་བྱ་རྣམས་ཡོད་པས་ལྷའི་བུ་རྣམས་ལ། །བཟང་པོ་ཁྱོད་ནི་ལེགས་པར་བྱོན། །ཁྱོད་ཀྱིས་ལེགས་བྱས་བྱས་དང་ལྡན། །ཚུལ་ཁྲིམས་རྣམ་པ་བདུན་བསྲུངས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །ཅེས་བྱ་བ་ལ་སོགས་པ་ཚིག་བཟུང་བར་འོས་པ་མང་པོ་སྨྲ་བར་བྱེད་དོ། །བཅུ་པ་ལོངས་སྤྱོད་ལྡན་བྱ་བའི་གནས་སུ་སྐྱེ་བའི་རྒྱུ་ནི་འཐབ་ཕྲོལ་དང་། ཤི་བ་ལ་ཐུག་པ་དག་ཐར་བར་བྱེད་པས་སྐྱེ་བའོ། །དེ་ན་ལོངས་སྤྱོད་དཔག་དུ་མེད་པ་ཡོད་ཅིང་གཟུགས་ཀྱིས་ལྷག་པར་མྱོས་ཤིང་མེ་ལོང་ལྟར་གསལ་བའི་ཚལ་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་གནས་ནས་འཇིག་རྟེན་གྱི་བྱ་བ་ལ་རྟོག་པར་བྱེད་དོ། །གསུམ་པ་རྒྱལ་པོ་བཞིའི་གནས་ནི། ཡུལ་འཁོར་སྲུང་ནི་ཤར་ཕྱོགས་ན་གནས་ཏེ། ལུས་ངན་ནི་བྱང་ཕྱོགས་ལྕང་ལོ་ཅན་དུ་གནས་སོ། །གཞན་ཡང་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་ས་སྲུང་བྱ་བ་དང་། འཕགས་སྐྱེས་ཀྱི་གནས་འཕགས་པར་སྐྱེས་བྱ་བ་དང་། མི་མི་བཟང་གི་གནས། སྣ་ཚོགས་གཟུགས་བྱ་བ་དང་། ལུས་ངན་གྱི་གནས། ལྕང་ལོ་ཅན་བྱ་བ་རྣམས་ནི། ངོས་དང་ཞེང་དང་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཐ་སྐོར་དུ་དཔག་ཚད་སྟོང་ཡོད་པ། གཉའ་ཤིང་འཛིན་གྱི་སྟེང་། ཕྱོགས་བཞིར་གནས་པ་ཡིན་ཏེ། དཔག་ཏུ་མེད་པའི་བཀོད་པ་དང་། ལོངས་སྤྱོད་དང་ལྡན་པ་ཡིན་ནོ། །བཞི་པ་ཀུན་རྒྱུ་བའི་ལྷ་བཤད་པ་ལ་བཞི་ལས། དང་པོ་སྐར་མའི་གྲངས་ནི། རྒྱལ་ཆེན་བཞི་པོ་དེའི་འཁོར་ཀུན་ཏུ་རྒྱུ་བའི་ལྷ་བྱེ་བ་ཕྲག་ནི་སུམ་ཅུ་རྩ་དྲུག་ཡོད་དེ། ལྷ་དེ་རྣམས་གནས་པའི་གཞལ་ཡས་ཁང་ནི་གཟའ་དང་སྐར་མ་ཞེས་འཇིག་རྟེན་ན་གྲགས་སོ། །དེ་ལ་སྐར་མའི་གྲངས་ནི་བྱེ་བ་སུམ་ཅུ་རྩ་དྲུག་ཡོད། ཆེ་བ་ནི་རྒྱང་གྲག་བཅོ་བརྒྱད་ཆུང་བ་ནི་རྒྱང་གྲག་གསུམ་མོ། །ཕལ་ཆེར་ནི་བཅུ་དང་བཅུ་གཉིས་པ་ཡིན་ནོ། །དེའི་ནང་དུ་ལྷའི་བུ་རྣམས་རྩེ་ཞིང་དགའ་དགུར་ལོངས་སྤྱོད་དོ། །གཉིས་པ་ཉི་ཟླའི་བཀོད་པ་ནི། ཉི་མ་དང་ཟླ་བ་གཉིས་ནི་ལྷའི་གནས་ཁང་ཡིན་ཏེ། ཉི་མའི་དཀྱིལ་འཁོར་ནི་ཆུར་དང་། ཞེང་དུ་དཔག་ཚད་ལྔ་བཅུ་རྩ་གཅིག་རེ་རེ། མཐའ་སྐོར་དུ་དཔག་ཚད་ལྔ་བཅུ་རྩ་གསུམ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དེ། དབྱིབས་ལེགས་ལྟ་ན་སྡུག་པ་མེ་ཤེལ་ལས་གྲུབ་པ་ཡིན་ནོ། །དེའི་ནང་དུ་ལྷའི་བུ་ཉི་མ་འཁོར་དང་བཅས་པ་གནས་སོ། །ཟླ་བའི་དཀྱིལ་འཁོར་ནི་ཆུར་དང་། ཞིང་དང་། ཐ་སྐོར་དུ་དཔག་ཚད་ལྔ་བཅུ་རེ་རེ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དེ། དབྱིབས་ལེགས་ལྟ་ན་སྡུག་པ་ཆུ་ཤེལ་ལས་གྲུབ་པའི་ནང་དུ་ལྷའི་བུ་ཟླ་བ་འཁོར་དང་བཅས་པ་གནས་སོ། །སྐར་མ་དང་། ཉི་མ་དང་ཟླ་བ་དེ་རྣམས་ཀྱི་ནང་དུ་ནི་སྐྱེད་མོས་ཚལ་དང་། གྲོང་ཁྱེར་དང་ལྟེང་ཁས་བརྒྱན་ཅིང་ལོངས་སྤྱོད་དང་ལྡན་ཞིང་། ནང་གི་ས་གཞི་ཡང་ཁ་དོག་སྣ་ཚོགས་པ་ཡིད་དུ་འོང་བ། འཇམ་པ་ནི་ཤིང་བལ་གྱིས་འདམ་མ་བཞིན་རྐང་པ་བཞག་ན་ནི་ནེམ་གྱིས་བྱེད་བཀྱག་ན་པར་གྱིས་བྱེད་པ་མེ་ཏོག་མནྡ་ར་བས་པུས་མོ་ནུབ་པ་ཙམ་དུ་ལོངས་ཏེ། ལམ་སྲང་དང་། རྫིང་བུ་རིན་པོ་ཆེ་སྣ་ཚོགས་ལ་བྱས་པ་དང་། བདུད་རྩི་བཞི་དང་། སྦྲང་རྩི་དང་། སྦྲང་གིས་གང་བ། མེ་ཏོག་སྣ་ཚོགས་དང་། བྱ་གཟུགས་སྣ་ཚོགས་ཡོད་པ་ཁ་ནས་སྙན་པའི་སྒྲ་འབྱིན་པ་དང་། པི་ཝང་དང་གླིང་བུ་ལ་སོགས་པ་རོལ་མོ་སྣ་ཚོགས་དང་། ལྷའམ་ལྷའི་བུ་མོ་རྣམས་ཀྱིས་ཅི་འདོད་པ་བསམ་པ་ཙམ་གྱིས་ལག་དུའོ། །ལྷའི་བུ་མོ་ཡིད་དུ་འོང་བ་བརྒྱ་སྟོང་དང་བརྩེ་བར་བྱེད་དོ། །དེ་རྣམས་ཀྱང་རླུང་གི་འཁོར་ལོས་ནམ་མཁའ་ལ་འདྲེས་པས་རི་རབ་ལ་འཁོར་བར་བྱེད་པ་ཡིན་ནོ། །ཞར་ལ་ཟླ་བ་འཕེལ་འགྲིབ་ཀྱི་ཚུལ་ནི་ནུབ་བ་ལང་སྤྱོད་ན་ནམ་ཕྱེད་པ་དང་། བྱང་སྒྲ་མི་སྙན་ན་ཉི་མ་ནུབ་པ་དང་། ཤར་ལུས་འཕགས་ན་ཉི་མ་ཕྱེད་པ་དང་། ལྷོ་འཛམ་བུ་གླིང་ཉི་མ་ཤར་བ་རྣམས་དུས་གཅིག་པ་ཡིན་པ་དང་། གཞན་ལ་ཡང་དུས་དེས་འགྲེའོ། །ཉི་མའི་འོད་ཟླ་བ་ལ་ཕོག་པས་ཟླ་བའི་རང་གི་གྲིབ་མས་འགེབས་པས་གནམ་སྟོང་ན་ཉི་མ་ཟླ་བ་ཐམས་ཅད་ཀྱིས་ཕྲད་ཅིང་འགྲོག་པས་ཟླ་བ་མི་མཐོང་ལ། ཚེས་གཅིག་ནས་ཉི་ཟླ་ཇེ་སྟེང་ལ་འགྲོ་བས་ཟླ་བ་འཕེལ་བར་བྱེད་ལ། ཚེས་བཅོ་ལྔ་ལ་སོ་སོར་འགྲོ་བས། ཟླ་བའི་དཀྱིལ་འཁོར་རྫོགས་ཤིང་། ཚེས་བཅུ་དྲུག་ནས་ཡང་ཇེ་ཉེར་འགྲོ་བས་ཟླ་བ་འགྲིབ་པར་བྱེད་དོ། །བཞི་པ་བྱེ་བྲག་གི་རྒྱུ་ནི། ཉི་ཟླ་སྐར་མའི་ནང་གི་ལྷར་སྐྱེ་བའི་རྒྱུ་ནི་ཚུལ་ཁྲིམས་དང་ལྡན་པ་སྙིང་བརྩེ་ཅན་གྱིས་ཁྱད་པར་དུ་དཀོན་མཆོག་ལ་སྒྲོན་མེ་བྱིན་པའི་མཐུས་སྐྱེའོ། །གཞན་ཡང་འཇིག་རྟེན་སྐྱོང་བ་བཞི་པོ་ནི་ཚུལ་ཁྲིམས་དང་བསོད་ནམས་གཞན་ཅེས་ལྷག་པར་ཁྱད་པར་དུ་འཕགས་པ་སྤྱད་པས་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། སེམས་ཀྱི་ཀུན་ཏུ་རྟོག་པས་དགེ་བ་བྱས་པའི་གྲངས་བཞིན་དུ་ཡུལ་གྱི་ལོངས་སྤྱོད་ཀྱང་དེ་འདྲར་སྣང་ཞིང་། འདི་ལྟར་ལྷ་གནས་བཞི་བཅུར་སྐྱེས་ནས་བདེ་བ་མང་པོ་སྤྱད་ཀྱང་། ལས་དེ་ཟད་ནས་ངན་འགྲོར་ལྷུང་བར་བྱེད་དོ། །ལྔ་པ་ཚེ་ཚད་རྒྱུ་མཐུན་བཅས་པ་ནི། རྒྱལ་ཆེན་རིགས་བཞིའི་ལྷ་འདི་རྣམས་ཀྱི་ཚེ་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག །ཞག་དེ་ལྟ་བུ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལོ་གཅིག་བྱས་པའི། རང་གི་ལོ་ལྔ་བརྒྱ་ཐུབ་སྟེ་མི་ཡི་ལོར་བརྩིས་ན་ནི། ས་ཡ་གཅིག་དང་། འབུམ་ཕྲག་བརྒྱད་ཐུབ་བོ། །དེ་ནས་ཤི་ནས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ནི་རྒྱུ་མཐུན་གྱི་ལས་ཀྱིས། ཕྱུགས་ཅིང་སྐལ་བཟང་གི་འཁོར་མང་པོ་དང་ལྡན་པ་དང་། དུས་རྟག་ཏུ་ཆོས་ལ་དགའ་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་ལ་ལྔ་སྟེ། འཚམས་སྦྱོར་བ་དང་བརྒྱ་བྱིན་གྱི་རྒྱུ་འབྲས་དང་། གནས་ཀྱི་ཁྱད་པར་དང་། སོ་སོ་ཡི་རྒྱས་བཤད་དང་། སྤྱི་ཡི་ལོངས་སྤྱོད་བཤད་པའོ། །དང་པོ་ནི། རྒྱལ་ཆེན་རིགས་བཞིའི་ལྷ་བཤད་པའི་རྗེས་ཉིད་ནས། སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་བའི་རྒྱུ་དང་འབྲས་བུ་ཡང་རྣམ་པར་དབྱེ་བར་བྱའོ། །གང་གིས་ཚུལ་ཁྲིམས་རྣམ་པ་བདུན་མ་ཉམས་པ་མ་རལ་བ་སྐྱོན་མེད་པར་བསྲུང་བ་དང་། དགྲ་བཅོམ་པ་དང་། ཕ་མ་དང་། ནད་པ་དང་། བསམ་གཏན་པ་དང་། འགོག་པ་ལས་ལངས་པ་ལ་སྦྱིན་པ་དུས་ལ་བབས་པ་སྦྱིན་པས་མཆོད་པར་བྱས་པ་དང་། ཚད་མེད་བཞི་བསྒོམ་པ་དང་། མཆོད་སྦྱིན་སྟོང་ཕྲག་དུ་མ་དག་བྱས་པ་དག་གིས་མིག་སྟོང་དང་ལྡན་པའི་བརྒྱ་བྱིན་དུ་སྐྱེ་བར་འགྱུར་རོ། །དེ་ནི་ལྷ་རྣམས་ཀྱི་རྒྱལ་པོའི་དབང་ཕྱུག་ཡིན་ཏེ། བྱེ་བ་དགུ་བཅུ་རྩ་དགུ་ཡོད་པའི་ལྷ་མོ་མཛེས་མ་རྣམས་ཀྱིས་བསྐོར་ནས་མཆོད་པར་བྱེད་དེ། དེ་རྣམས་ནི་མཆོག་གི་བདེ་བ་ལ་སོགས་པ་ཡིན་ཏེ། དེ་ལ་སོགས་པ་ལྷའི་རིན་པོ་ཆེ་རྣམས་དང་བདེ་བ་བླ་ན་མེད་པ་ལ་དབང་བྱེད་པ་ཡིན་ནོ། །རི་རྒྱལ་ལྷུན་པོའི་རྩེ་ལ་ཞེང་དང་ཆུར་དཔག་ཚད་བརྒྱད་ཁྲི་ཡོད་པའི་སྟེང་དུ་མཛེས་པ་ལྟ་ན་སྡུག་པའི་དབུས་སུ། ལྷ་ཡི་མདུན་ས་ཆོས་བཟང་བྱ་བའི་བརྒྱ་བྱིན་གྱི་ལྷའི་གནས་དེ་ཡང་དཔག་ཚད་ལྔ་བརྒྱ་ཡོད་དེ། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལས་གྲུབ་པ་ཡིན་ཏེ། ཁ་ཁྱེར་ནི་བཻ་ཌུརྻ། ཀ་བ་ནི་བྱི་རུ་ལན་ཀན་ནི་ཤེལ་ལས་བྱས་ཤིང་སྤུག་གིས་བརྒྱན། རྩིག་པ་ནི་གསེར་བཙོ་མ་ལ་བྱས་ཤིང་རྡོ་རྗེས་བརྒྱན་ཏེ་ནོར་བུས་དག་པར་བྱེད་པ་དང་། ཁྲི་ནི་པད་མ་ར་ག་ལ་བྱས་ཤིང་ཨ་རྡ་རྙིལ་གྱིས་མཛེས་པར་སྤྲས་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མོའི་ཚོགས་དང་བཅས་པ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་རྩེ་བར་བྱེད་པའི་སྐྱེད་མོས་ཚལ་བཞི་ཡོད་དེ། བུད་མེད་དགའ་བའི་ཚལ་དང་། ཀུན་དགའ་ཚལ་དང་། དཔེ་མེད་ཀྱི་ཚལ་དང་། ཐམས་ཅད་འབྱོར་བའི་ཚལ་དང་། ཚལ་བཞི་ཡོད་དེ་དེ་ལ་སོགས་པ་ཚལ་དང་ཉེ་བའི་ཚལ་དང་བཅས་པ་དཔག་ཏུ་མེད་པ་ཡོད་དེ། ཐམས་ཅད་ཀྱང་དཔག་ཏུ་མེད་པ་སྣ་ཚོགས་པའི་ལྗོན་པ་དང་ནི། དཔག་ཏུ་མེད་པའི་རྫིང་བུ་དུ་མས་བརྒྱན་པ། ཟླ་བཟང་དང་། པད་མ་ཆེན་པོ་དང་། མན་དྷ་ར་ལ་སོགས་པ་རྣམས་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་དུ་མ་དང་ལྡན་པ་ནི་སྡོང་པོ་འདམ་རྫབ་མེད་པའི་ཐང་ལས་སྐྱེས་པས་བརྒྱན་པ་དང་། སྒྲ་སྙན་ཅིང་འཇམ་པ་ལེགས་པར་སྦྱར་བའི་ཆོས་ཀྱི་ཚིགས་སྨྲ་བའི་བུང་བ་མྱོས་པ་བཻ་ཌུརྻའི་མདོག་ལྟ་བུ་དང་། བྱ་རྐང་པ་ནི་བཻ་ཌུརྻ། སྒྲོ་ནི་མཐོན་ཀ། མཆུ་ནི་སྤུག །མིག་ནི་བྱི་རུའི་ཁ་དོག་ལྟ་བུ་དང་། བྱ་ཁ་དོག་སྣ་ཚོགས་པའི་བྱ་རྣམ་པ་དུ་མས་གང་བ་དང་། དུས་དང་དུས་སུ་མེད་པར་ཚལ་རྣམས་ན། ལྷའི་གོས་དང་རྣམ་པ་སྣ་ཚོགས་དང་། རྒྱན་དང་། ཟས་ཁ་དོག་བཞི་དང་ལྡན་པ་ཡིད་ལ་ཅི་འདོད་པ་བཞིན་འབྱུང་བ་དང་། ཁང་པ་བརྩེགས་པ་མཛེས་པ་ཡིད་དུ་འོང་བ་དཔག་ཏུ་མེད་པ་དང་། བར་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་བདལ་བ་དང་། དེ་རྣམས་ནི། མཉེན་བ་བཀྲ་བ་ཆེད་དུ་གཉེར་ནས་བཤམས་པ་བཞིན་དུ་ཡོད་དོ། །གཞན་ཡང་ཉི་མ་དང་ཟླ་བ་ལས་ཀྱང་ལྷག་པའི་འོད་དང་ལྡན་པའི་སྣ་ཚོགས་པའི་བཞོན་པ་དུ་མ་དང་། དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་ལ་སོགས་པའི་སྣ་ཚོགས་པ་དྲི་དཔེ་བྱར་མེད་པ་རྣམས་དང་ལྡན་ཏེ། ལྷ་རྣམས་ཀྱི་མངའ་བདག་ཀོའུ་ཤི་ཀ་ཡིས་ལྷ་རྣམས་ལ་ལེགས་པར་སྟོན་པ་དང་འདྲ་སྟེ། སྣ་ཚོགས་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །བརྒྱ་བྱིན་དེའི་སྲས་ཆོས་བཟང་ན་ཡོད་པའི་ལྷ་ཀུན་ཀྱང་། ལྷ་རྣམས་ཀྱི་བདེ་བ་དཔེ་མེད་པ་དང་ལྡན་པ་ཡིན་ཏེ། དེར་སྐྱེ་བའི་རྒྱུ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་སྤངས་པ་དང་། སྦྱིན་པ་གཏོང་བ་དང་། དཀོན་མཆོག་ལ་གུས་པས་ལྷ་དེར་བསྐྱེད་པ་ཡིན་ནོ། །མཐོར་གནས་སུ་སྐྱེ་བའི་རྒྱུ་ནི། གཞན་དག་སྲོག་གཅོད་པ་དང་། མ་བྱིན་ལེན་པ་བྱེད་པ་སྤོང་བ་ལ་སྦྱོར་བའི་ལས་ཀྱིས་སྐྱེས་ཏེ། ལྷ་གནས་དེར་ནི་བཟའ་བཏུང་སྣ་ཚོགས་དང་། ཆུ་བོ་མཛེས་པ་དུ་མ་དང་། ཤིང་ལྗོན་པ་དང་། ཚལ་སྣ་ཚོགས་ཀྱིས་བསྟེན་པ་བདེ་བ་དུ་མ་དང་ལྡན་པ་གཅིག་ཡིན་ནོ། །རི་རྩེར་གནས་བྱ་བར་སྐྱེ་བའི་རྒྱུ་ནི་བདག་ཉིད་གསོད་པ་དང་བུ་རམ་གྱི་ཤིང་རྐུ་བ་སྤང་ཤིང་། གཞན་ཡང་གསོད་པ་དང་བུར་ཤིང་རྐུ་བ་སྤོང་བ་ལ་སྦྱོར་བས་དེར་སྐྱེ་བའོ། །ལྷ་གནས་དེ་ན་སྐྱེད་མོས་ཚལ་དྲུག་ཡོད་དེ། ཡུལ་ལྔ་ཡང་ཡིད་དུ་འོང་བ་དུ་མ་དང་། ལྷ་མོ་མཛེས་མ་ཡིད་འཕྲོག་པ་དུ་མ་དང་རབ་ཏུ་མོས་པར་བྱེད་པའི་བདེ་བ་དཔག་ཏུ་མེད་དོ། །ལྟ་ན་སྡུག་ཞེས་བྱ་བར་གནས་པའི་ལྷ་རྣམས་སུ་སྐྱེ་བའི་རྒྱུ་ནི་མཚོན་དང་ཆུ་ལས་ནི་གཞན་གྱི་སྲོག་འདོན་པ་དང་། ཉམས་ང་བའི་མ་བྱིན་པ་ལེན་པ་སྤངས་པས་ལྷ་དེར་སྐྱེ་སྟེ། གྲོང་ཁྱེར་དཔག་ཚད་ཁྲི་ཡོད་པ་དེ་ཡང་གསེར་གྱི་རང་བཞིན་ལས་གྲུབ་པ། དགུ་བརྒྱ་དགུ་བཅུ་གོ་དགུའི་སྒོ་ཡོད་པ་ཡང་གནོད་སྦྱིན་གྱིས་སྲུང་ཞིང་ཡིན་པ། གྲོང་ཁྱེར་གྱི་སྲང་མཉམ་ཞིང་། རྫིང་བུ་དང་། སྐྱེད་མོས་ཚལ་དང་། བཞི་མདོ་རྣམས་སུ་ལྷ་མོ་ཡིད་དུ་འོང་བ་རྣམས་ཀྱིས་མཛེས་པར་བྱས་ཤིང་སིལ་སྙན་བརྡུང་བ། བར་བར་རྣམས་སུ་དྲིལ་བུ་གཡེར་ཀ་དང་། མུ་ཏིག་འཕྲེང་བས་མཛེས་པར་བྱས་པ། རིན་པོ་ཆེའི་ཤིང་རྟ་རྣམས་ཞོན་ཅིང་འགྲོ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་བདེ་བ་དང་ལྡན་པ་ཡིན་ནོ། །ཕྱོགས་གཅིག་ན་གནས་པའི་ལྷར་སྐྱེ་བའི་རྒྱུ་ནི། རང་ཉིད་དབུལ་ཡང་ནོར་རྫས་ཚུལ་བཞིན་བཀྲེན་པ་རྣམས་ལ་སྦྱིན་པར་བྱེད་པ་དང་། ལོག་པར་གཡེམ་པ་དག་གཞན་གྱིས་བཟུང་ནས་སྲོག་གཅོད་པ་ལ་ཐུག་པ་དག་ཐར་བར་བྱེད་པའོ། །དེར་སྐྱེས་པའི་ལྷ་དེ་རྣམས་ནི་འོད་དང་རྒྱན་རྣམས་ཀུན་ཀྱང་ལྷ་གཞན་རྣམས་ལས་ལྷག་པར་གྱུར་པ་ཡིན་ནོ། །ལྷའི་བུ་མོ་མཛེས་མ་རྣམས་ཀྱིས་མཆོད་པར་བྱེད་པ་ལ་སོགས་པ་བདེ་བ་རྨད་དུ་བྱུང་བ་ཡིན་ནོ། །ཤིང་གསེབ་ཀྱི་ལྷ་དེར་སྐྱེ་བའི་རྒྱུ་ནི། ཕ་མ་དང་། རྒྱལ་བ་སངས་རྒྱས་ལ་དད་པ་བྱེད་ཅིང་མཆོད་པ་འབུལ་བ་དང་རྐུན་པོ་བཟུང་ནས་གསོད་པ་ལ་ཐུག་པ་དག་ཐར་པར་བྱེད་པ་དང་། སྡིག་གྲོགས་དང་མི་འགྲོག་སྟེ། གཞན་ལ་ཕན་པར་སེམས་པ་རྣམས་དང་ལྷན་ཅིག་སྤྱོད་པའི་ལས་ཀྱིས་ལྷ་གནས་དེར་དྲང་པ་ཡིན་ཏེ། དེར་ནི་ལྗོན་པའི་ཚོགས་རྣམས་དང་། ཁང་བཟང་རྣམས་དང་། རྫིང་བུ་རྣམས་ཀྱང་རང་གར་འདོད་པའི་གནས་སུ་བྱ་བཞིན་དུ་རང་གི་རྗེས་སུ་འབྲང་ནས་འོང་ཞིང་། ལྷ་མོ་རྣམས་དང་། ལྷ་དང་བཅས་པ་རྣམས་ལ། བདེ་བ་དུ་མ་ཡོད་པ་ནི་དཔེ་མེད་ཅིང་དཔེ་ལས་འདས་པ་ཡིན་ནོ། །ཤིང་རྟ་སྣ་ཚོགས་སུ་སྐྱེ་བའི་རྒྱུ་ནི་ལས་རྒྱུ་འབྲས་མི་ཤེས་པ་དག་གིས་སྐུ་གཟུགས་དང་མཆོད་རྟེན་ལ་ཕུལ་བའི་ལོངས་སྤྱོད་རྣམས་འཕྲོག་པར་བྱེད་པ་དག་ལ། སངས་རྒྱས་ལ་དད་པའི་མི་དག་གིས། ཚིག་སྙན་ཞིང་འཇམ་པ་དག་གིས་མི་དེ་སྡིག་པ་དེ་ལས་བཟློག་པར་བྱས་པས་སྐྱེ་སྟེ། གནས་དེར་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཤིང་རྟ་རྣམས་ཀྱི་ནང་དུ་རྫིང་བུ་བཅས་ཤིང་དེའི་ནང་རྣམ་པར་བཀྲ་བའི་མེ་ཏོག་དུ་མ་དང་ནི་ལྡན། རིན་པོ་ཆེ་ས་ལ་མའི་ལྗོན་པ་དང་ལྡན་ཞིང་། གང་ཚེ་ལྷ་མ་ཡིན་དང་གཡུལ་འགྱེད་པ་ཅིར་བྱེད་པ་ནི། ཚལ་དེར་ལོངས་སྤྱོད་སྣ་ཚོགས་ལོན་པ་ཡིན་ནོ། །འདི་མན་ཆད་མཆན་གསོལ་ལོ། །བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་ཟླ་བ་ཞེས་བྱ་བར་གྱུར་པའི་ཚེ། སུ་ད་ས་ཡི་བུ་རྐང་བཀྲ་སྤྱི་ཟན་བཏུལ་བའི་འཕྲིན་ལས་འཇུག་པར་རིག་ནས་སྨྲས་པ། འོ་ན་ཆོས་འདོད་པས་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་མཁས་པར་བྱ་སྟེ། ཆོས་ཉན་པའི་རིགས་སུ་ལྟོས་ཤིག །རབ་ཏུ་དམའ་བའི་སྟན་ལ་འདུག །འདུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་འདུད། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་འགྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་སོ། །རྩོད་དུས་རྒྱལ་བའི་བསྟན་ལ་མོས་པ་གང་། །བླང་དོར་ཆོས་ལ་བློ་གྲོས་འཇུག་པའི་ཐབས། །དམ་ཆོས་དྲན་བ་ཉེར་བཞག་བསྟན་བཅོས་འདི། །རྒྱལ་སྲས་རང་བྱུང་རྡོ་རྗེས་གསུངས་པ་ལ། །རྣམ་བཤད་ཚིག་གི་འོད་ཟེར་ཅུང་ཟད་འདི། །བདག་དང་དེ་ཡི་རྗེས་འཇུག་སྐྱེ་བོ་ཀུན། །དགེ་སྡིག་བླང་དོར་རྒྱུ་འབྲས་ཤེས་བྱའི་ཕྱིར། །རང་དགར་མ་བསམ་འགྲེལ་དོན་བཞིན་བཤད། །སྔར་སྦྱང་བག་ཆགས་ནམ་མཁའ་ཡངས་པ་ལས། །ཐོས་བསམ་རྟ་བདུན་རླུང་གི་ཤུགས་དྲངས་ནས། །རྣམ་བཤད་ཉི་མའི་དཀྱིལ་འཁོར་ཤར་གྱུར་ཏེ། །ཤེས་བྱའི་གནས་ལུགས་གསལ་བའི་འོད་ཟེར་འདིས། །མི་ཤེས་རྨོངས་པ་སྐར་ཚོགས་ཟིལ་གནོན་ཅིང་། །བདག་གཞན་བློ་མུན་མྱུར་དུ་བསལ་ནས་ནི། སྡུག་བསྔལ་འདམ་རྫབ་མྱུར་དུ་སྐམ་བྱས་ནས། ཐར་པའི་མྱུ་གུ་མྱུར་དུ་སྨིན་བྱེད་ཡིན། །བདག་བློ་ཐོས་བསམ་སྒྲོན་མེས་ཅུང་གསལ་ཡང་། །མཁས་གྲུབ་ཁྱད་འཕགས་འཛོམས་སར་རབ་ཏུ་བླུན། །དེ་ཕྱིར་བཤད་ལ་ནོར་འཁྲུལ་གྱུར་ནའང་། །བླ་མ་མཆོག་དང་མཁས་ལ་བཟོད་པར་གསོལ། །དེ་ལྟར་བཤད་པའི་དགེ་བའི་འོད་ཟེར་གྱིས། །འགྲོ་བའི་མི་ཤེས་མུན་པ་རབ་བསལ་ནས། །ཤེས་བྱའི་གནས་ལུགས་ཐམས་ཅད་རབ་གཟིགས་པའི། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །དྲན་པ་ཉེ་བར་གཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་མཛད་པའི་རྣམ་པར་བཤད་པ་འདི་ནི། བླ་མ་དམ་པ་ཐུགས་མཁྱེན་པའི་ཤེས་རབ་ལ་ལུང་རིག་གི་དོན་གསལ་ཞིང་། གསུང་ལེགས་བཤད་འོད་ཟེར་གྱིས་གདུལ་བྱའི་བློའི་པད་མོའི་ཁ་འབྱེད་པ། ལུང་དང་རིགས་པའི་སྒོ་ནས། ལོག་རྟོག་རྒོལ་བའི་ཝ་ཚོགས་ཐམས་ཅད་སྐྲགས་པར་བྱེད་པའི་དཔལ་མི་ཡི་སེང་གེ་ཆེན་པོ་བསྟན་པའི་རྒྱལ་མཚན་འཛིན་པའི་གསུང་གི་བདུད་རྩིས་ཅུང་ཟད་ཚིམ་པ། ཆོས་སྨྲ་བའི་བན་སྤྲང་། ཤེས་རབ་རིན་ཆེན་ཞེས་བྱ་བས། གདན་ས་ཆེན་པོ་ཀར་མའི་གཙུག་ཁང་དུ་སྦྱར་པ་འདི། རེས་ཤིག་ཡོངས་སུ་རྫོགས་སོ། །དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག །སརྦ་མངྒ་ལམ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net