Ngb-pt-0809-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། ནཱ་ག་མ་ཙ་ཤ༷་ནཱ་མ་ཏན་ཏྲ། བོད་སྐད་དུ། སྲིད་པའི་ཀླུ་མོ་དབང་བྱེད་མའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཤིང་ས་ལ་གྱད་སྟོབས་ཅན་དུ། སྤྲུལ་པའི་སངས་རྒྱས་ཤཱཀྱ་ཐུབ་ཀྱིས་དབང་བསྐུར་ཏེ། རྡོ་རྗེ་གསོར་བས་ཐམས་ཅད་བྲེད་ཅིང་བརྒྱལ་ཏེ། དེའི་དུས་སུ་དཔལ་རྡོ་རྗེ་གཏུམ་པོ་ལ། དབང་བྱེད་མ་བདུན་གྱིས་སྲོག་གི་སྙིང་པོ་ཕུལ་བ་ནི། །ཏྲག་རག་མོ་ཛ། ཨེ་ཀ་མ་ཛ། ང་བ་ཤ་མ་ཛ། ཧབ་ཤ་མ་ཛ། དུན་ཏིང་མ་ཛ། དབུ་དགུ་མ་ཛ། མ་མ་དུན་ཛ་ཛ། ཞེས་མཚོ་སྨན་རྒྱལ་མོ་དང་། ཨེ་ཀ་ཛ་ཞི་དང་། དབང་བྱེད་རྒྱལ་མོ་དང་། ཧབ་ཤ་བསྲེ་གདོང་མ་དང་། ཀླུ་མོ་དུརྙིང་མ་དང་། དཀར་མོ་དབུ་དགུ་མ་དང་། མ་མོ་དབང་བྱེད་རྒྱལ་མོ་བདུན་གྱིས་སྲོག་སྙིང་ཕུལ་ལོ། །དེ་ནས་རྡོ་རྗེ་ག་་པོས་བཀའ་སྩལ་པ། ངའི་འཁོར་རྣམ་བཞི་ལ་ཀླུ་གནོད་པ་བྱེད་པའི་གདོང་ཟླ་མ་བྱེད་པར། བསྟན་པ་ལ་གནོད་པ་སྒྲོལ་ཅིག་ཅེས་བཀའ་སྩལ་པས། དབང་བྱེད་མ་རྣམས་ཀྱིས་གསོལ་པ། བདག་ཅག་ནི་ཀླུ་རིགས་བཞི་དང་། ས་བདག་རྣམས་ཀྱི་རྒྱབ་རྟེན་ལགས་ཏེ། གསང་བའི་བདག་པོས་རིགས་སྔགས་སྒྲགས་པས། ས་བདག་ཀླུ་ལ་གནོད་པ་སྐྱལ་བ་དང་། བདག་ཅག་སྒྲོན་དུ་འོང་བས། བདག་ཅག་རྣམས་ཀྱི་ནད་ནི་སྙིང་ནད་འབར་བ་ཞེས་བྱ་བ་གཏོང་བ་ཡིན་ཏེ། འགྲོ་བ་མི་ལ་བཟླས་པ་བྱེད་འཕྲོ་ལ་ཁང་པ་འགུལ་བ་སྙམ་བྱེད་པ་འབྱུང་། །དེས་རྐྱེན་བྱས་ནས་སྙིང་ནད་འབར་བ་ཞེས་བྱ་བ། ཅི་བྱའི་རྟོལ་མེད་པ་ཁ་ཟས་འགག་པ་འཆོད་པ་དང་འགྲོས་པ་སྙམ་བྱུང་ན་འཆི་བར་བྱེད་དོ། །དེ་ལ་རིག་སྔགས་བཟླས་ཏེ་དྲག་པོ་བྱས་ན། བདག་གི་བཀའ་སྩལ་མཚོ་སྨན་རྒྱ་མཚོ་ལ་གནས་པ་རྣམས་ལ་ཕོག་ནས་གདོན་སྟོང་ཕྲག་བརྒྱ་བཅུ་ལྡང་ངོ་། །ནད་པ་ལ་འཁོར་གསུམ་ཡོངས་དག་བྱས་ན་ནད་དེ་ལ་ཕན། དེ་མ་ཡིན་ཅིས་ཀྱང་མི་ཕན་ལ། །ནད་འགྱུར་ནས་འཆི་བས། བདག་ཅག་ལ་གསང་བའི་བདག་པོས། ལུག་ཆུ་ཁའི་གཟུགས་དང་། ལུག་ནག་མོའི་གཟུགས་དང་། ལུག་སྨུ་གུའི་གཟུགས་དང་། ལུག་དམར་མོའི་གཟུགས་དང་། ལུག་སྔོ་སྐྱའི་གཟུགས་དང་། ལུག་དཀར་མོའི་གཟུགས་དང་། ལུག་ནག་མོ་སྤྱི་དཀར་གྱི་གཟུགས་དང་། ངར་བུ་བདུན་དང་། གཏོར་མ་བདུན་ལ་རྩིས་སྨན་བཙལ་ལ། ཀླུ་མོ་ལ་བདེ་བ་སྦྱིན་པའི་གཟུངས་ཉི་ཤུ་རྩ་གཅིག་བཟླས་ཏེ་གླུད་དུ་བྱིན་ལ། ཁྱོད་ཀྱིས་ཀླུའི་གདུག་པའི་ནད་སོལ་ཅིག་ཅེས་བྱས་ན་དེ་མ་ཐག་ཏུ་གྲོལ་བར་འགྱུར་རོ། །ཞེན་ཆེ་ན་མཚོ་སྨན་གྱི་མདོས་ཀྱང་བཏང་བར་བྱའོ། །ཞེས་སྨྲས་སོ། །གསང་བའི་བདག་པོ་རིགས་འཛིན་པས་གལ་ཏེ་བསྟན་པ་ལ་གནོད་པ་སྒྲོལ་བར་འདོད་ན། གྲོ་ག་ལ་དགྲའི་གཟུགས་བྲིས་ཏེ། སྙིང་ཁར་དགྲ་དུ་ཡོད་ཀྱི་མིང་རུས་བྲིས་ལ། དབྱེས་དང་ཕྲ་མས་བརྒྱན་ཏེ། ལིང་གའི་མཐའ་མར་ཏྲག་རག་མོ་ཆེ་གེ་མོ་མྱ་ར་ཡ་ཛ། ཨེ་ཀ་མོ་མྱ་ར་ཡ་ཛ། ཝ་ཤ༷་མུ་ར་ཡ་ཛ། ཧབ་ཤ་མ་མྱ་ར་ཡ་ཛ། དུརྙིང་མུ་ར་ཡ་ཛ། དབུ་ལེ་མ་མུ་ར་ཡ་ཛ། མ་མ་དུ་ ན་ཆེ་གེ་མོ་མུ་ར་ཡ་ཛ་ཛ་མྱོས་ལོང་སྨྱོ་ཡ་སྨྱོ་ཡ།རྦད་རྦད་བཱ་ར་ཡ་སོད་ཅེས་མཐའ་མ་བསྐོར་ལ། དེ་ཡང་དཀར་གསུམ་མངར་གསུམ་དང་མཚལ་ཙོག་ལས་བྲིས་ཏེ། ཀླུ་སྨན་དང་སྦྲགས་ནས། ཀླུ་གདུག་པ་ཅན་གནས་པའི་ཆུ་མིག་ཏུ་ལ་ཅའི་རིལ་བུ་ཆུང་པ་བྱས་ལ།ཤ་བའི་རས་ཕུག་ལ་དེ་རུ་སྩལ་ན་ཀླུ་དེས་དབང་བྱེད་མ་བདག་ཅག་རྣམས་སྦྲན་ནས་མྱུར་དུ་སྒྲོལ་བར་བྱེད་དོ། །དབྱེས་ནི་མི་འདི་ནི་ཀླུ་ལ་གནོད་པ་ཙམ་པར་བརྡའོ། །དབང་བྱེད་མ་ལ་དོ་བདོ་བར་བརྡའོ་ཞེས་བྲིས་ལ་གཏད་དོ། །དེ་དུས་སུ་རང་བསྲུང་བ་ནི། རྨ་བྱའི་སྒྲོ། རུས་སྦལ། གཟུངས་མོ་བྱི་དུར་རྟེན་འབྲེལ་གསེར་གྱིས་བྲིས་ལ། ཁྲོམ་འབྲུ་བཞི་པ་དངུལ་གྱིས་བྲིས་པ་བཅང་ངོ་། །དེས་བསྟན་པ་ལ་གནོད་པ་མྱུར་དུ་བརླག་པར་འགྱུར་རོ། །ཞེས་སྨྲས་པ་དང་། དཔལ་ཕྱག་ན་རྡོ་རྗེས་དབང་བྱེད་མ་རྣམས་ལ་ཤིན་ཏུ་ལེགས་སོ་གསང་ངོ་ཞེས་ལེགས་པར་བྱིན་ནས། རྒྱ་མཚོར་མི་སྣང་བར་གྱུར་ཏོ། །དབང་བྱེད་མ་བདུན་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།བ་སུ་དྷ་རས་ཡང་དབང་གཏེར་ལའོ། །རྒྱ་རྒྱ་རྒྱ།། །།