བཀའ་བཞི་བརྒྱུད་པའི་གསོལ་འདེབས་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
No edit summary
Line 1: Line 1:
<div class=TibUni16>
<div class=TibUni16>
༄༅། །བཀའ་བཞི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །
༄༅། །བཀའ་བཞི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །<ref>{{Karma Lekshey Ling}}</ref>

༄༅། །གང་གི་འཁོར་བའི་ཉེས་པ་རྣམས། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་དཔག་ཡས་ཀུན། །དབྱེར་མེད་གཅིག་དུ་གྱུར་པ་ཡི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ས་བཅུའི་དབང་ཕྱུག་ཆོས་ཀྱི་མཛོད། །གདུལ་དཀའ་མ་ལུས་འདུལ་མཛད་ཅིང་། །དཔག་ཡས་གསང་བའི་མཛོད་འཛིན་པའི། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །དྲི་མེད་ས་ལ་རབས་བཞུགས་ཤིང་། །རྒྱལ་བས་ལུང་བསྟན་ཐེག་པའི་མཆོག །རབ་དུ་སྟོན་པའི་ཐུགས་རྗེ་ཅན། །ན་ག་འཛུ་ན་ལ་ཕྱག་འཚལ་ལོ། །སིང་གྷ་ལ་རུ་སྐུ་འཁྲུངས་ཤིང་། །རྒྱལ་བས་ལུང་བསྟན་སྨོན་ལམ་ཅན། །མུ་སྟེགས་རྒོལ་བ་བཟློག་མཛད་པའི། །འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །སྦྱངས་སྟོབས་དཔག་ཏུ་མེད་པ་ཡི། །གནས་ལྔ་རིག་པའི་པཎྜྻི་ཏ། །དེ་ཉིད་ཅི་བཞིན་རིག་པའི་མཆོག །ཟླ་བ་གྲགས་པ་ལ་ཕྱག་འཚལ། །བླ་མས་བྱིན་རླབས་དངོས་གྲུབ་བརྙེས། །བརཏལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །ཡོན་ཏན་ཀུན་གྱི་གཏེར་གྱུར་པའི། །མ་ཏང་ཀི་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་འཁྲུངས་རྣལ་འབྱོར་པ། །མཁའ་འགྲོས་བྱིན་བརླབས་དངོས་གྲུབ་བརྙེས། །བརཏལ་ཞུགས་སྤྱོད་པའི་འགྲོ་བ་འདུལ། །ཌོཾ་བྷི་བ་ལ་ཕྱག་འཚལ་ལོ། །བླ་མས་བྱིན་བརླབས་དངོས་གྲུབ་ཐོབ། །ཟག་མེད་བཏུབ་པས་ཚིམ་གྱུར་ཅིང་། །ལྷན་ཅིག་སྐྱེས་པའི་དོན་སྟོན་པ། །བྷི་ན་ས་ལ་ཕྱག་འཚལ་ལོ། །འོད་གསལ་ཐུགས་སུ་ཆུད་གྱུར་ཅིང་། །ཨུ་རྒྱན་གནས་སུ་སྤྱོད་པ་མཛད། །མཁའ་འགྲོས་བྱིན་བརླབས་རྣལ་འབྱོར་པ། །ལ་བ་པ་ལ་ཕྱག་འཚལ་ལོ། །ཐབས་ལ་མཁས་པའི་སྤྱོད་པ་ཅན། །རྡོ་རྗེ་འཆང་གིས་བྱིན་བརླབས་པ། །རྒྱལ་སྲིད་དང་བཅས་དངོས་གྲུབ་བརྙེས། །ཨིན་ཏྲ་བྷོ་ཏི་ལ་ཕྱག་འཚལ། །བླ་མས་བྱིན་བརླབས་རི་ཁྲོད་པ། །མཁའ་འགྲོས་ལུང་བསྟན་དངོས་གྲུབ་ཐོབ། །དཀའ་ཐུབ་མཐར་ཕྱིན་རྣལ་འབྱོར་མཆོག །ལུ་ཧི་པ་ལྎ རིགས་བྱེད་འདོན་པའི་རྣལ་འབྱོར་པ། །འབྲས་བསྡུད་པ་ཡི་བསམ་གཏན་ཅན། །སློབ་མའི་ཚོགས་དང་མཁའ་ལ་གཤེགས། །ལྡིང་གི་པ་ལྎ རྒྱལ་སྲིད་སྤངས་ནས་སྤྱོད་པ་མཛད། །དངོས་གྲུབ་མཆོག་བརྙེས་རྣལ་འབྱོར་བ། །བསྐྱེད་རྫོགས་མཐར་ཕྱིན་སྤྱོད་པ་ཅན། །དྷ་རི་ཀ་ལྎ བྱིན་རླབས་མཆོག་ཐོབ་རྣལ་འབྱོར་མ། །ཐབས་ཀྱིས་སྤྱོད་པས་འགྲོ་བ་འདུལ། །ལྷན་ཅིག་སྐྱེས་པའི་དོན་སྟོན་མ། །སུ་ཀ་དྷ་རི་ལ་ཕྱག་འཚལ། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །སྣ་ཚོགས་ཐབས་ཀྱི་འགྲོ་བ་འདྲེན། །བདེ་བ་ཆེན་པོ་སྟེར་མཛད་པའི། །སྐལ་བ་བཟང་མོ་ལྎ མ་ཧ་སིད་དྷིས་བྱིན་བརླབས་པ། །དུར་ཁྲོད་གནས་སུ་སྤྱོད་པ་མཛད། །ཐབས་མཁས་སྙིང་རྗེའི་བདག་ཉིད་ཅན། །ཐང་ལོ་པ་ལྎ ལྷན་ཅིག་སྐྱེས་པའི་དོན་རྟོགས་ཅིང་། །ལྗོན་པའི་ཁྲོད་ན་བསམ་གཏན་མཛད། །ཤིང་ལོ་པ་ལྎ དགེ་སློང་ཚུལ་འཛིན་རྣལ་འབྱོར་པ། །ཐབས་ཀྱིས་སྤྱོད་པ་མཐར་ཕྱིན་ཞིང་། །ཀརྞ་རི་ལ་བསམ་གཏན་མཛད། །དྲིལ་བུ་པ་ལྎ བཀའ་བཞི་རྒྱུད་པའི་བྱིན་བརླབས་ཤིང་། །དག་སྣང་རྡོ་རྗེ་འཆང་དང་འཇལ། །ས་བཅུ་དབང་ཕྱུག་རྣལ་འབྱོར་པ། །ཏཻ་ལོ་པ་ལྎ གནས་ལྔ་རིག་པའི་པཎྜྻི་ཏ། །དཀའ་བ་སྤྱོད་པའི་རྣལ་འབྱོར་པ། །མཁས་པ་ཀུན་གྱི་གཙུག་གི་རྒྱན། །ན་རོ་པ་ལྎ །ས་ར་ཧ་ཡིས་བྱིན་བརླབས་ཤིང་། །མཐའ་བྲལ་དོན་རྟོགས་རྣལ་འབྱོར་པ། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཻ་ཏྲི་པ་ལྎ སྦྱངས་སྟོབས་དཔག་ཏུ་མེད་པ་ཡི། །རྒྱུད་དོན་ཇི་བཞིན་གཟིགས་པ་པོ། །ཡོན་ཏན་དུ་མས་རབ་རྒྱན་པའི། །ལྷོ་བྲག་པ་ལྎ མཁའ་འགྲོ་མཆོག་གིས་བྱིན་བརླབས་ཤིང་། །ན་རོ་མཻ་ཏྲིའི་ཐུགས་ཀྱི་སྲས། །རྣལ་འབྱོར་དབང་ཕྱུག་ཏེ་ཕུ་པ། །དྲི་མེད་བཤེས་གཉེན་ལ་ཕྱག་འཚལ། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱི་མ་གོས་པ། །རླུང་གི་ཡོན་ཏན་མཐར་ཕྱིན་པའི། །མི་ལ་མཆོག་ལྎ དེ་བཞིན་གཤེགས་པའི་ལུང་བསྟན་ཅིང་། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །ཟླ་འོད་གཞོན་ནུ་ལྎ བཤེས་གཉེན་མཆོག་གིས་བྱིན་བརླབས་ཤིང་། །ཐབས་ཀྱི་ཡོན་ཏན་གནད་དུ་བསྣུན། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རས་ཆུང་ཞབས་ལྎ རྫོགས་པའི་སངས་རྒྱས་འཇིག་རྟེན་དུ། །ཐུགས་རྗེ་ཆེན་པོ་རབ་འབྱོན་ཅིང་། །ཡོན་ཏན་མ་ལུས་རབ་རྫོགས་པའི། །དུས་གསུམ་མཁྱེན་ལ། །ཟག་མེད་ཡོན་ཏན་རབ་རྒྱས་ཤིང་། །ཤེས་བྱའི་གནས་ལུགས་མཁྱེན་པ་པོ། །རྒྱལ་བའི་བསྟན་བསྲུང་མཛད་པ་ཡི། །འགྲོ་བའི་མགོན་ལྎ བླ་མའི་བཀའ་བཞིན་སྙིགས་དུས་སུ། །བསྒྲུབ་པ་སྙིང་པོར་ལེན་མཛད་ཅིང་། །ཡོན་ཏན་ཀུན་གྱི་གཏེར་གྱུར་པའི། །སྤུངས་བྲག་པ་ལྎ བསམ་ཤིང་སྲིད་པར་སྐུ་འཁྲུངས་ཤིང་། །ཐམས་ཅད་མཁྱེན་པའི་ཐུགས་མངའ་བ། །ཐུགས་རྗེའི་མངའ་བདག་འཛམ་གླིང་རྒྱན། ཀརྨ་པ་ལྎ །བརཏལ་ཞུགས་སྤྱོད་པས་རབ་བརྒྱན་ཅིང་། །སྙིང་པོ་དོན་གྱི་བརྒྱུད་པ་འཛིན། །ཤེས་བྱ་ཀུན་ལ་ཐོགས་མེད་པའི། །ཨུ་རྒྱན་པ་ལྎ མངལ་གྱི་དྲི་མས་མ་གོས་པར། །དེང་སང་བོད་ཡུལ་ཞིང་ཁམས་སུ། །ཐུབ་པ་མཆོག་གི་བསྟན་པ་འཛིན། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཅན། །སྙིགས་མའི་དུས་སུ་སྐུར་བྱོན་ནས། །འགྲོ་བ་བཉེན་ཞིང་གྲོལ་མཛད་པའི། །རང་བྱུང་རྡོ་རྗེ་ལ་ཕྱག་འཚལ། །རྩ་བ་རྒྱུད་པར་བཅས་པ་ལྎ དད་ཅིང་གུས་པས་གསོལ་བཏབ་ན། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་པར་ཤོག །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་ཏུ་བཤེས་གཉེན་བརྟེན་པ་དང་། །ཐེག་པ་མཆོག་གིས་རྗེས་འཛིན་ཅིང་། རྟག་ཏུ་ཚེ་རབས་དྲན་པར་ཤོག །ཉོན་མོངས་བདུན་པོ་རབ་སྤངས་ནས། །ཡོན་ཏན་བདུན་དང་ལྡན་པ་དང་། །བྱང་ཆུབ་ཡན་ལག་བདུན་པོ་ཡི། །རིན་ཆེན་བདུན་དང་ལྡན་པར་ཤོག །ཞེས་པ་འདི་བཀའ་རྒྱུད་རིན་པོ་ཆེ་ལ་དད་པ་དང་ལྡན་པའི་ཤཱཀྱའི་དགེ་སྦྱོང་རང་བྱུང་རྡོ་རྗེས་སྙན་ངག་གི་ཚིག་སྤངས་ནས། །ལྷས་སྟེངས་སུ་གསོལ་བ་བཏབ་པའོ།། །། ༈ སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ན་མོ། མ་དཔེ་ལས་མི་གསལ། སྟོང་རང་བཞིན་སྐུ། ཇི་སྙེད་ཀུན་ཁྱབ་དུས་འཁོར་ལོ། །ཐུབ་དབང་ཉི་མའི་སྤྱན་མངའ་བ། །རྩོད་དུས་རྒྱལ་བའི་དབང་པོ་ལ། །བདག་ནི་གུས་པས་གསོལ་བ་འདེབས། །ཁྱེད་དང་མཉམ་པར་བྱིན་གྱིས་བརློབས། །ཨ་ལི་ཀ་ལི་དབྱེར་མེད་པ། འགོག་ལམ་དོན་སྟོན་སྒྱུ་འདྲར་སྣང་། །བྲག་ཆ་ལྟ་བུར་འགྲོ་ལ་སྟོན། །དམ་པ་དང་པོའི་དམ་ཆོས་ལ། །བདག་ནི། འགྲེ། ཁྱེད་དང་། དཔལ་ལྡན་དྷ་ན་ཀ་ཌ་རུ། །རྒྱལ་བས་དབང་བསྐུར་ལུང་བསྟན་པ། །རྒྱལ་སྲས་ལྷ་མོ་སྣ་ཚོགས་གཟུང་། །ཚོགས་མཆོག་དགེ་འདུན་མཚུངས་མེད་ལ། །བདག་ནི། ཁྱེད་དང་། །གསང་བདག་ཟླ་བ་བཟང་པོ་དང་། ལྷ་དབང་ལ་སོགས་སེམས་དཔའ་དྲུག །སྡུད་མཛད་མི་དབང་གྲགས་པ་དང་། །འཇིགས་རྟེན་དབང་ཕྱུག་པད་དཀར་ལ། །བདག་ནི། ཁྱེད་དང་། །གཤིན་རྗེའི་གཤེད་སོགས་ཁྲོ་བཅུ་དང་། །བྱང་ཆུབ་སེམས་དཔའ་བཅུའི་དངོས། གྲགས་པ་དག་དང་འཁོར་ལོ་ཆ། །སེང་གེའི་གདན་དང་རིགས་ལྡན་ལ། །བདག་ནི། ཁྱེད་དང་། །བྲམ་ཟེ་ཉི་མའི་ཤིང་རྟ་དང་། །རིགས་ལྡན་བྱིན་རླབས་རྩེ་ལུ་པ། །དུས་འཁོར་དོན་རྟོགས་པུ་ཏོ་བ། །རྒྱུད་དོན་རྟོགས་པའི་དུས་ཞབས་ཆེ། བདག་ནི། ཁྱེད་དང་། །མཁས་པའི་གཙུག་རྒྱན་དུས་འཁོར་ཞབས། མཁས་མཆོག་བྷོ་དྷེ་བྷ་ཏྲ་དང་། །མཁས་པ་སངས་རྒྱས་གྲགས་པ་དང་། །སྐད་གཉིས་སྨྲ་བའི་སེང་ལོ་ལ། །བདག་ནི་ཁྱེད་དང་རྒྱུ་འཛིན་གཉོན་བསྒོམ་འོད་མ་དང་། །སྦྱངས་ལྡན་བཀྲ་ཤིས་རིན་ཆེན་ཞབས། །མཁས་པ་བྱང་པ་དུས་འཁོར་བ། །མཁས་གྲུབ་བླ་མ་བརྒྱུད་པ་ལྎ བདག་ནི་ཁྱེད་དང་། །བཅོམ་ལྡན་འདས་མས་བྱིན་བརླབས་ཤིང་། ཨོ་རྒྱན་དབང་ཕྱུག་རིན་ཆེན་དཔལ། །བཤད་བསྒྲུབ་ཀུན་གྱི་ནུས་པ་ཅན། མཁས་པ་ཀུན་དགའ་དོན་གྲུབ་ལ། བདག་ནི་ཁྱེད་དང་། །རྒྱུད་ཀྱི་དགོངས་པ་མ་ལུས་ཤེས། །ཁྱད་པར་སྙིང་པོ་རྣལ་འབྱོར་གསུམ། ལེགས་པར་རྟོགས་པའི་ཉམས་ཤར་བས། རང་བྱུང་རྡོ་རྗེས་གསོལ་བ་བཏབ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱང་། ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཅེས་པ་འདི་རང་བྱུང་རྡོ་རྗེས་བདེ་ཆེན་དུ་སྦྱར་བའོ།། །། ༈ བཅོམ་ལྡན་ཐུབ་པ་ཆེན་པོ་ཐུགས་རྗེ་ཅན། །སྙིགས་མའི་དུས་འདིར་ཁྱེད་ཀྱི་བསྟན་པ་ལ། །ཞུགས་པའི་བདག་ཅག་དམུ་ལོང་ལྟ་བུ་རྣམས། །ཐམས་ཅད་མཁྱེན་པའི་ལམ་ལ་དྲང་དུ་གསོལ། ཀྱེ་མ་མ་ཕམ་རྒྱལ་བའི་སྲས་པོ་ཁྱེད། གྲངས་མེད་སྨོན་ལམ་དང་གྱུར་ཏེ། །ཕྱི་དུས་གདུལ་བྱ་ཁྱོད་ཀྱི་ཞིང་ཡིན་ན། །ད་ལྟར་འགྲོ་རྣམས་ཐུར་དུ་གཞོལ་གྱུར་ཅིང་། །སྡུག་བསྔལ་རབ་འཇིགས་ཁྲོད་དུ་འཁྱམས་གྱུར་ལ། བྱམས་པ་ཁྱོད་ཀྱིས་བཟློག་པར་ཅིས་མི་མཛད། །ཀྱེ་མ་བློ་གྲོས་དབང་ཕྱུག་འཇམ་དཔལ་དབྱངས། །ཐུགས་རྗེའི་དབང་ཕྱུག་མགོན་པོ་སྤྱན་རས་གཟིགས། མཐུ་སྟོབས་དཔག་མེད་རྗེ་བཙུན་གསང་བའི་བདག །དེང་སང་འགྲོ་བ་རྣམས་ལ་གཟིགས་སུ་གསོལ། ཁྱེད་རྣམས་ཐུགས་རྗེ་དཔག་ཏུ་མེད་གྱུར་བ། །འགྲོ་རྣམས་ངན་སོང་འགྲོ་ལས་ཅིས་མི་བཟློག །དཔའ་བོ་ཁྱོད་ཀྱི་རྫུ་འཕྲུལ་དཔག་མེད་ཀྱིས། །སྲེག་པའི་སྐལ་པ་རབ་ཏུ་ཞི་མཛད་ན། དམྱལ་བའི་མེ་ལ་སྨོས་ཀྱང་མ་འཚལ་ན། །ཅིའི་ཕྱིར་ན་འགྲོ་བ་ཚ་བར་འཇོག །ཁྱེད་མཐུས་རྒྱ་མཚོ་མེར་ཡང་ནུས་གྱུར་ན། །འགྲོ་གཞན་རབ་གྲང་སོགས་ལས་འབྱིན་མི་མཛད། ཁྱེད་ཀྱི་སྦྱིན་པའི་མཐུན་ནི་དཔག་མེད་ན། ཡི་དྭགས་འགྲོ་གཞན་ཤིན་ཏུ་དབུལ་གྱུར་རྣམས། །ཅིའི་ཕྱིར་ན་རབ་ཏུ་ཚིམ་མི་མཛད། ཁྱེད་ཀྱི་ཐབས་མཁས་སྤྱོད་པ་དཔག་མེད་ན། ཅི་ཕྱིར་ངན་པར་དཔྱོད་པའི་འགྲོ་བ་རྣམས། །བཟང་པོའི་སྤྱོད་ལ་རབ་ཏུ་འཇུག་མི་བགྱིད། ཁྱེད་ཀྱི་འཕྲུལ་གྱིས་སྟོང་གསུམ་ཐམས་ཅད་ཀུན། །བ་སྤུ་གཅིག་གིས་དྲངས་ཏེ་འཇིག་རྟེན་ཁམས། དཔག་མེད་འཕངས་ཀྱང་ཉམས་དཔའ་མི་མངའ་ཡང་། །འགྲོ་གཞན་ཞིང་དག་རྣམས་སུ་སྐྱེལ་མི་མཛད། ཁྱེད་རྣམས་ཀྱི་ཤེས་རབ་མཐུ་ནི་སེམས་ཅན་རྣམས། །ཀུན་གྱི་སེམས་ཡིད་གནས་རྣམས་རབ་མཁྱེན་ན། འགྲོ་བ་རབ་ཏུ་བླུན་ལ་ཅི་མི་དགོངས། །ཤེས་རབ་སྣང་བ་སྒྲོན་པར་མི་མཛད་དམ། །གལ་ཏེ་སོ་སོའི་ལས་མཐུན་ཡིན་ན་ནི། །མགོན་པོ་ཁྱེད་མཐུས་ཅི་ཞིག་མཛད་ལགས་གྲངས། ཁྱེད་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མཐོང་ན་དགའ་བར་མི་མཛད་གནས་མེད་ལ། །དེ་ལ་མོས་པས་འཁོར་ལོ་བསྒྱུར་བ་ཡང་། །གྲོ་བས་བདེ་བླག་ཐོབ་ན་ཅིའི་ཕྱིར། ཁྱེད་ཞལ་འགྲོ་བ་རྣམས་ལ་སྟོན་མི་མཛད། །གལ་ཏེ་བསྟན་ཀྱང་མཐོང་བར་མི་འགྱུར་ན། མགོན་པོའི་སྤྲུལ་པའི་སྐུ་ཡིས་ཅི་ཞིག་མཛད། །ཀྱེ་མ་རྒྱལ་བ་སྲས་དང་བཅས་པ་རྣམས། །འགྲོ་བ་འཁོར་བའི་མུན་ཁྲོད་གནས་པ་ལ། །ཐུགས་རྗེའི་འོད་ཟེར་སྣང་བ་སྐྱེད་དུ་གསོལ། །སྡུག་བསྔལ་མཚོའི་གཏིང་མཐར་བྱིང་བ་ལ། ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ། ཞེས་བྱ་བ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ལ་བསྐུལ་བའི་ཕྱིར། རང་བྱུང་རྡོ་རྗེས་སྦྱར་བའོ།། །། ༈ མ་དཔེ་ལས་མི་གསལ། པའི་ལྷ་ལ་ཕྱག་འཚལ་ལོ། །རང་བྱུང་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །རང་གཞན་སྒྲིབ་པའི་བྲག་རི་འཇོམས་བྱེད་ཅིང་། །རང་བཞིན་རྟོག་བྲལ་ཕག་མོར་བརྟག་ཁྱོད་ལ། །རང་གཞན་ཀུན་མཁྱེན་ཐོབ་ཕྱིར་བསྟོད་པར་བགྱི། །མ་རིག་མཚན་མ་རྣམ་དག་ཡེ་ཤེས་སྐུ། །མ་ལུས་རྒྱལ་བའི་ཡུམ་གྱུར་ཕ་རོལ་ཕྱིན། མ་ལྟར་རྩེ་བས་འགྲོ་ལ་ཉེ་བའི་ལམ། མ་ནོར་ཇི་བཞིན་སྟོན་མཛད་ཁྱོད་ལ་འདུད། །རྣམ་དག་ཉེས་པའི་སྐྱོན་བྲལ་ཆུས་སྐྱེས་དབུས། རྣམ་གཡེང་སྒྲིབ་སེལ་ཉི་མའི་གདན། རྣམ་རྟོག་དབྱིངས་དང་རོ་གཅིག་བམ་ཆེན་སྟེང་། རྣམ་ཤེས་ཡེ་ཤེས་གནས་གྱུར་ཁྱོད་ལ་བདུད། སྤྲིན་བྲལ་ཟླ་འདྲ་ཞལ་གཅིག་ཕྱག་གཉིས་མ། སྤྲོས་པའི་མཚན་མ་གཅོད་བྱེད་གྲི་གུག་གཡས། སྤྲས་པའི་རྒྱན་མཆོག་ཐོད་ཁྲག་གཡོན། སྤྲུལ་པའི་རྣམ་འཕྲུལ་དཔག་ཡས་ལ་ཕྱག་འཚལ། འཇིག་བྱེད་ཁྲོ་མོའི་ཚུལ་འཆང་གཞོན་ནུ་མ། །འཇམ་མཉེན་སྐུའི་དབྱིབས་སྡུག་ནུ་འབུར་མཛེས། འཇིགས་རུང་ཐོད་འཕྲེང་རུས་པའི་རྒྱན་གྱིས་སྤུད། འཇོ་སྒེག་སྒྱུ་མའི་རོལ་གར་མཛད་ལ་འདུད། ཅི་སྙེད་ཅི་བཞིན་གཟིགས་པ་བརྩེ་བའི་ཐུགས། གང་ལ་གང་གིས་འདུལ་བའི་སྣ་ཚོགས་སྐུར། དེ་ཡིས་དེ་ཉིད་སྒྲོལ་བའི་གསུང་མཆོག་གི །སྐྱེ་བ་སྐྱེ་མེད་ཐོབ་མཛད་ཁྱེད་ལ་འདུད། འགྲོ་ཀུན་འགྲོ་མགོན་ཁྱོད་ཀྱི་མ་སླུ་བར། གང་གིས་གང་འདོད་སྟེར་ནའང་བདག་བློ་ཡི། ཤེས་རབ་ཤེས་བྱ་འབྱེད་པར་གསོལ་བཏབ་ཀྱང་། ཅི་ལྟར་ཅི་བཞིན་ཐོབ་པར་མ་གྱུར་ན། དེ་གང་འཕྲིན་ལས་དུས་ལས་མ་གཡེལ་ལམ། །དེ་ལྟར་མིན་ཡང་མ་དཔེ་ཡིག་འབྲུ་མི་ཚང་། ཤེས་རབ་འོད་སྟོང་འབར་བའི་དྲ་བ་ཡིས། བླུན་བྱེད་མུན་པའི་ཚང་ཚིང་ཀུན་བསལ་ནས། བློ་གསལ་པད་མའི་ཚལ་རབ་རྒྱས་བྱེད་ཅིང་། བླང་དོར་གཉིས་མེད་ཡེ་ཤེས་རོ་གཅིག་པ། བླ་མེད་བསྒྲུབ་མཆོག་སྲིད་དང་ཞི་བའི་དཔལ། བླ་མའི་བླ་མ་ཁྱོད་ཀྱི་མྱུར་དུ་བརྩོལ། སྐྱེ་བ་སྐྱེ་བ་ཀུན་ཏུའང་སྐྱེ་བ་ན། འཁོར་བ་འཁོར་བའི་འཁོར་ལོས་མི་སྐྱོད་ཅིང་། འཇིག་རྟེན་འཇིག་རྟེན་འདས་པའི་འཇིག་མེད་པར། རྒྱལ་བར་རྒྱལ་བའི་ཡུམ་གྱིས་རྒྱལ་བར་མཛོད། ཕག་མོ་ཤེས་རབ་གསལ་བྱེད་ལ་བསྟོད་ཅིང་གསོལ་བ་བློ་ཡིས་མུན་སེལ་ཞེས་བྱ་བ་རང་བྱུང་རྡོ་རྗེས་སྦྱར་བའོ། །མྃགྷ་ལྃབྷ་ཝནྟུ། །ཤུབྷྃ།། །། ༈ །བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ཀྱི་འཕྲིན་ལས་ཕྱོགས་ཅིག་ལ་བསྟོད་པ་བཞུགས་སོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཕྲིན་ལས་ཕྱོགས་གཅིག་ལ་བསྟོད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །དཔལ་དང་ཡོན་ཏན་ཀུན་གྱིས་བརྒྱན། དཔག་མེད་ཤེས་བྱའི་གནས་ལུགས་མཁྱེན། དཔའ་བོ་བདུད་ལས་རྣམ་པར་རྒྱལ། དཔལ་ལྡན་འཇམ་དཔལ་དབྱངས་ལ་བསྟོད། ཁྱོད་སྐུ་ནམ་མཁའི་མཐའ་འདྲ་ཡང་། གཞོན་ནུའི་ཆ་ལུགས་འཆང་བ་པོ། མཚན་གྱི་མེ་ཏོག་རབ་རྒྱས་པ། དཔེ་བྱད་ཀྱི་འབར་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་འཛིན་ཀྱང་། སེམས་ཅན་སྒྲ་དང་མཐུན་པར་འཇུག །ཡན་ལག་དྲུག་ཅུ་སྙན་པའི་སྒྲ། མཐའ་ཡས་སྟོན་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། ཡེ་ཤེས་གསུང་ཉིད་འཛིན་པར་མཛད། ཡེ་ཤེས་མིག་གཅིག་དྲི་མ་མེད། ཡེ་ཤེས་ཐུགས་ལ་ཕྱག་འཚལ་འདུད། རྒྱལ་བའི་སྲས་པོ་མཐུ་ཆེན་འཇམ་དཔལ་དབྱངས། ཡེ་ཤེས་སྐུ་འཆང་གཞོན་ནུའི་སྐུ་འཛིན་པ། བག་ཆགས་སྒྲིབ་པ་རྒད་པོ་རྣམ་བསལ་ཅིང་། །སྲིད་དང་ཞི་བ་རྣམ་སྤངས་རྣམ་གྲོལ་སྐུ། །ཁྱོད་གྱི་སྔོན་གྱི་དམ་བཅས་ལས། །མྱང་ངན་འདས་འགྱུར་བྱང་ཆུབ་མི་འདོད་དེ། །སེམས་ཅན་ཀུན་དོན་སྤྱད་པར་བྱའོ་ཞེས། །གསུང་ནས་ནམ་མཁའ་སྐྲག་ནས་མཐའ་མེད་བྱེད། ཁྱེད་ཐུགས་ནམ་ཡང་སྐྲག་དང་ཞུམ་མེད་པས། ནམ་མཁའ་ཞུམ་ནས་དངོས་མེད་གྱུར་པ་སྙམ། །དེ་བས་ཁྱོད་ཀྱི་ཐུགས་རྗེ་ཅི་དལ་དེ། །དངོས་མེད་མ་ལགས་འཕྲིན་ལས་འོད་སྟོང་འཕྲོ། །དེ་བས་བདག་གིས་ཁྱོད་ཀྱི་མཛད་པ་རྨད་བྱུང་ལ། དད་པར་གྱུར་ནས་རྗེས་སུ་བསྙགས་པར་མ་ནུས་པས། རྣམ་པ་ཀུན་ཏུ་ཡིད་ནི་རྩེ་ཅིག་གྱུར་པ་ཡིས། མ་མཐོང་གྱུར་ཀྱང་ཁྱོད་ཀྱི་རྗེས་སུ་བསྙགས། རེས་འགའ་གསེར་སྦྱང་གུར་གུམ་མདོག་དང་མཚུངས་གྱུར་ཅིང་། ཅོད་པན་ཟུར་ཕུད་ལྔ་ལྡན་ཆུས་སྐྱེས་དུམ་འཁྲུགས་པའི། ཕྲེང་མཛེས་རིན་ཆེན་རྒྱན་འཕྲེང་ལྷག་གེར་འདུག་པ་ནི། པྲ་ཏི་སེ་ན་ལྟ་བུར་སྣང་དེ་ཁྱོད་ཡིན་ཞེས། ཐོས་ཀྱང་ཁྱེད་སྐུ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན། དཔལ་ལྡན་པད་མ་ཟླ་བ་ཀུན་དྷ་ལྟར་དཀར་དང་། པད་མ་ར་ག་བན་དུ་ཛི་བ་བྱི་རུ་བཞིན། མར་གད་དུར་བ་ཨིན་ཏྲ་ནི་ལ་མཐོན་ཀ་ཆེ། སྣ་ཚོགས་ཀུན་ལྡན་མཁའ་འདྲ་རྣམ་པ་ཀུན་ལྡན་པ། ལྷ་དང་ལྷ་མིན་མི་དང་ལྟོས་འགྲོ་ཆེ། ལུས་ངན་བརྒྱ་བྱིན་ཚངས་དང་སྲེད་མེད་བདག་པོ་དང་། ཉི་མ་ཟླ་བ་འོག་མིན་ལྷ་དབང་ལྟ་བུར་མཐོང་། དེ་བས་སེམས་ཅན་ཁམས་འདི་མཐའ་མེད་ལུས་འཛིན་པ། ཁྱོད་ཀྱི་སྐུའི་རྣམ་འཕྲུལ་འདི་ལ་འགྲན་པ་སྙམ། དེ་ལྟར་མིན་ན་སེམས་ཅན་ཐམས་ཅད་མྱ་ངན་འདས། བསྣོན་པ་མེད་བཞིན་འཁོར་བ་སྟོང་པར་ཅིས་མི་འགྱུར། ཨེ་མ་ཧོ། རྒྱལ་སྲས་མཐུ་ཆེན་རྒྱལ་བ་ཀུན་གྱི་ཡོན་ཏན་ལྡན། །ངོ་མཚར་དཔལ་ལྡན་མཐུ་ཆེན་དཔལ་མཆོག་ཀུན་ལ་བརྩོལ་བར་མཛད། །ཡ་མཚན་རྨད་བྱུང་མཐུ་ཆེན་རྨད་བྱུང་ཀུན་ཏུ་སྟོན་པའི་དཔལ། །ཨེ་མ་ཐུགས་རྗེའི་མཐུ་ཆེན་ཐུགས་ལྡན་ཀུན་བརྩེ་འཇམ་དཔལ་དབྱངས། །མཁྱེན་པའི་དཀྱིལ་འཁོར་མཐུན་ཆེན་དཀྱིལ་དུ་ཀུན་ནས་མ་སོན་མེད། །དེ་སླད་ཡེ་ཤེས་མཐུ་ཆེན་ཡེ་ནས་མངའ་བ་ཀུན་ཀྱང་ཁྱོད་མཚུངས་མེད། ཁྱོད་ནི་སེམས་ཅན་བསམ་པ་ཅི་བཞིན་སྣ་ཚོགས་ཐབས་ཀྱི་སྐུར་སྟོན་མཛད། །ཞི་བས་འདུལ་ལ་རང་རྒྱལ་དགྲ་བཅོམ་གཅིག་དུ་ཞི་བས་རྣམ་གྲོལ་སྟོན། །ཆགས་ལྡན་འདུལ་ཕྱིར་མཛེས་པའི་སྐུ་ལྡན་མཛེས་པའི་ཆ་ལུགས་རྒྱན་མང་སྤུད། རིན་ཆེན་ཁང་བཟང་ལོངས་སྤྱོད་དཔག་མེད་གླུ་གར་མཛེས་པ་ཅན། །རོ་མཆོག་བཟའ་བཏུང་སྣ་ཚོགས་གོས་དང་པད་ཆར་ལང་ལོང་འདུ་བར་སྟོན། །དྲག་པོ་འདུལ་ཕྱིར་གཤིན་རྗེ་མཐར་བྱེད་འཇིགས་དུས་ཆར་སྤྲིན་ནག་པོའི་མདོག དུས་མཐའམ་འབར་འཕྲེང་རབ་ཏུ་འཁྲུག་ཅིང་མཚོན་ཆ་འབར་བ་དུ་མ་ཅན། སྒྲ་ཆེན་སྔགས་ཀྱི་སྒྲ་དབྱངས་ནམ་མཁའ་འགྲལ་བ་ལྟ་བུའི་ཧཱུཾ་ཕཊ་བསྒྲོགས། །དྲག་པོའི་ཚོགས་རྣམས་སྤུ་ལོང་གྱུར་ཏེ་མགོན་པོ་ཁྱོད་ཀྱིས་རྗེས་སུ་འཇུག །དེ་ལ་སོགས་པ་ཁྱོད་ཀྱི་ཐུགས་རྗེའི་སྒྱུ་མ་སུ་ཞིག་གིས་བརྗོད་པར་ནུས། །ཁྱོད་ཀྱིས་ལ་ལར་རྒྱལ་བའི་མཛད་པ་སུམ་ཅུ་རྩ་གཉིས་མཚན་དང་དཔེ་བྱད་ལྡན། །དག་པའི་ཞིང་ཁམས་ནམ་རིན་ཆེན་བཞི་དང་སྣ་ཚོགས་ལྗོན་པ་མེ་ཏོག་ཆར་ལྟར་འབེབས། །ཡན་ལག་བརྒྱད་ལྡན་ཆུ་བོ་ཆོས་ཀྱི་སྒྲ་འབྱིན་ཞིང་དུ་དག་པའི་གདུལ་བྱ་ལ། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་ཅིང་མྱ་ངན་འདས་པའང་སྟོན། །ཡང་དག་དཔའ་བོ་ཐབས་ལ་མཁས་པ་སྔོན་གྱི་སྐལ་པ་རང་རྒྱལ་ཚུལ་དུ་དཔག་མེད་བསྟན། །སྔོན་འདས་རྒྱལ་བ་ཀླུ་དབང་གྱུར་ཅིང་ད་ལྟར་བྱང་ཕྱོགས་རྟག་པར་འདུད་ཅིང་མོས་པ་ན། །སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་རིན་ཆེན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས། ཁྱེད་ལ་གྲགས་ཏེ་ཞིང་ཁམས་འདི་ནས་གང་གི་ཀླུང་ནི་བཞི་བཅུ་རྩ་གཉིས་བྱེ་མའི་གྲངས། །འདས་པ་ཡིན་ཞེས་ཐུབ་པའི་དབང་པོས་སོར་མོའི་འཕྲེང་བའི་མདོ་ལས་གསུངས་པ་མངོན་སུམ་ཐོས། །དེའི་སླད་དུ་བདག་ནི་ཁྱོད་ལ་རྒྱལ་ལ་མིན་ཞེས་ཐེ་ཚོམ་མ་མཆིས་སྐྱབས་སུ་མཆིས། །བྱང་ཆུབ་ལམ་ལ་རིང་པོར་མི་མངའ་བས་ན་སྐད་ཅིག་ཡུད་ལ་ཁྱོད་ནི་བྱང་ཆུབ་མཐར་གཤེགས་གྱུར། །གྱུར་ཀྱང་ཕྱི་མའི་མུ་མཐར་ཐུག་པའི་སེམས་ཅན་དོན་དུ་རྒྱལ་སྲས་ཚུལ་འཛིན་འཁོར་བ་སྟོངས་མི་མཛད། །སྐལ་པ་གྲངས་མེད་བཞུགས་པར་གྱུར་ཀྱང་སྐད་ཅིག་ཉིད་ཙམ་དངོས་པོར་མི་མཛད་རྣམ་པར་མི་རྟོགས་ལ། །ནམ་མཁའི་མཐར་ཐུག་རྫུ་འཕྲུལ་སྟོན་གཡོ་བ་མི་མངའ་སྐུ་ནི་གཅིག་པུ་འཛིན་པར་མཛད། །སྟོབས་དང་མི་འཇིགས་མ་འདྲེས་རྫུ་འཕྲུལ་རྐང་པའི་མཐར་སོན་ཁྱོད་ནི་དང་པོའི་ཚུལ་ལས་གཡོས་མ་ལགས། །སྐལ་པ་གཅིག་ལ་རྒྱལ་བ་སྟོང་གི་མཛད་མི་མྱོང་པའི་སེམས་ཅན་ཁམས་ལ་ཁྱོད་ཀྱིས་སྒྲོལ་མཛད་ཀྱང་། །ཆོག་ཤེས་མི་མངའ་རྒྱ་མཚོར་ཆུ་འདྲ་དཔག་མེད་བ་ཡི་ཆོས་འཛིན་མཛད་པ་དེ་བས་ངོམས་ཤེས། ཁྱོད་ཀྱི་མཐུ་འདི་ས་ཡིས་ཐེག་ཅིང་མཁའ་འདི་རལ་བར་མ་གྱུར་པ་ལ་བདག་ནི་ངོ་མཚར་སྐྱེས། །ཨེ་མའོ་དཔལ་ལྡན་འཇམ་པའི་དབྱངས། རྒྱལ་བ་ཀུན་ཀྱིས་རབ་སྔགས་པ། །ཡོན་ཏན་རྒྱ་མཚོ་མངའ་བ་ལགས། །དེ་ཕྱིར་སྔགས་འོས་ཁྱེད་ལགས་སོ། །མ་འོངས་ཞིང་ཁམས་རྣམ་དག་ནོར་བུ་བརྩེགས་པ་ཞེས། རྒྱལ་བ་ཀུན་གྱི་འཇིག་རྟེན་ཁམས་མང་བསྡུས་གྱུར་བདེ་བ་ཅན་གྱིས་ནི། །སྐྲ་རྩེའི་ཆུ་ཙམ་ལྷག་མ་རྒྱལ་མཚོ་ཆེ་ལྟ་ཡི། །ཞིང་དེར་ཁྱེད་ནི་མངོན་པར་བྱང་ཆུབ་སྟོན་འགྱུར་ཏེ། སྟོང་གསུམ་བཅུ་ཕྲག་གཅིག་གི་ཚད་ལྡན་བྱང་ཆུབ་ཤིང་དབང་དྲུང་གཤེགས་ཏེ། རྒྱལ་བ་ཀུན་ཏུ་གཟིགས་པ་ཞེས་བྱར་ནམ་མཁའི་མཐར་གཏུགས་གྲགས། གཡོ་བ་མ་མཛད་ཕྱོགས་བཅུར་གཤེགས་ཤིང་སྤྲུལ་པ་དུ་མ་སྟོན་པར་མཛད། ཐེག་མཆོག་ཚུལ་གཅིག་སྟོན་པར་མཛད་ཅིང་རྒྱལ་བའི་དབང་པོར་ལུང་ཡང་སྟོན། དེ་སླད་རྒྱལ་བའི་སྲས་ཁྱོད་ནི། རྣམ་མི་རྟོག་ལ་ཐམས་ཅད་མཛད། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། གཟུགས་མེད་གཟུགས་བཟང་སྒྲོག་པར་མཛད། ཁ་དོག་དང་བྲལ་ཁ་དོག་ཁྱད་པར་མཛེས་པར་ལྟར། འཇིག་རྟེན་སྒྲ་མིན་འཇིག་རྟེན་འདས་པའི་སྒྲ་དབྱངས་བསྒྲོགས། རྣམ་པར་མི་རྟོག་རྣམ་པ་ཀུན་མཁྱེན་རྨད་བྱུང་ཆེ། ལྟར་མི་སྣང་ལ་ལྟ་བ་མི་ངོམས་ཁྱོད་ཕྱག་འཚལ། །ཕྱོགས་དུས་ཀུན་ནས་ཡོན་ཏན་བསྔགས་པའི་སྒྲ་དབྱངས་དར་དིར་བསྒྲོགས་པ་ཡིས། རྒྱལ་དང་རྒྱལ་སྲས་དྲེགས་དང་ཞུམ་པ་མི་མངའ་གྱུར་ཀྱང་ཞུམ་པ་བཞིན། བདུད་ཀྱི་དགྲ་བོ་ཁྲོ་བ་མི་མངའ་བདུད་ལས་རྣམ་རྒྱལ་རྒྱལ་བའི་སྲས། །སྒྲ་ཚིག་ཀུན་གྱིས་ཁྱོད་ཀྱིས་ཡོན་ཏན་བསྟོད་མི་ནུས་ཀྱང་ཁྱོད་ལ་བསྟོད། ཁྱོད་ཀྱི་ཐུགས་རྗེའི་མཐུ་འདི་ཡིན། །བེམས་པོས་ཆོས་ཀུན་སྒྲ་འབྱིན་ཞེས། ཐོས་ན་རྣམ་པར་ལྡན་རྣམས་ཀྱང་། ཁྱོད་གསུངས་ཐོས་འདི་མཚར་བྱས། རྣམ་གྲོལ་ཤེས་རབ་མཁའ་འདྲ་ཡང་། བླུན་པོའི་སྙིང་ལ་སོན་མ་གྱུར། རང་གིས་རང་ཉིད་འཆིང་བྱེད་པའི། ཉམས་ཐག་འགྲོ་ལ་མི་དགོངས་སམ། སྙིགས་དུས་ཉམས་ངའི་འགྲོ་བ་འདི་དག་ཐམས་ཅད་ལ། རྒྱལ་སྲས་ཁྱེད་ལྷའི་ཐུགས་རྗེ་འཇུག་པར་མི་འགྱུར་ན། ལྷག་པའི་རྫུ་འཕྲུལ་མངའ་བར་གྱུར་ཀྱང་ཅི་ཞིག་བགྱི། འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་འབྱོར་བརྩལ་དུ་གསོལ། ལས་ཀྱི་མུན་པ་ཡེ་ཤེས་མཐུ་ཡིས་མི་བསལ་ན། ཕྲིན་ལས་རྡོ་རྗེ་གང་དུ་འཚལ་བར་འགྱུར་བ་ལགས། དེ་བས་འགྲོ་བ་ཉོན་མོངས་བྲག་རི་གཞོམ་པ་དང་། སེམས་ཀྱི་རིན་ཆེན་འོད་ལྡན་མངོན་གསུམ་སྣང་བར་མཛོད། ཀྱེ་མ་འགྲོ་འདི་ཕུང་པོ་ཡི། རི་གླིང་བརྟན་ཅེས་མི་གསུང་པར། ཡེ་ཤེས་ཕུང་པོའི་སྐུ་ཡིས་ནི། ལོག་རྟོག་བག་ཆགས་བཟློག་དུ་གསོལ། །ལས་དང་ཉོན་མོངས་ཆུ་བོ་འདི། །གཏིང་དཔག་བཀའ་ཞེས་མི་གསུང་པར། །ཡེ་ཤེས་མེ་ཆེན་རབ་འབར་བས། །གཏན་ནས་སྐམ་པར་མཛད་དུ་གསོལ། །ཚུལ་བཞིན་མ་ཡིན་རླུང་འདི་ནི། ཞི་བར་བཀའ་ཞེས་མི་གསུང་པར། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། འདུ་བྱེད་གཡོ་བ་གཞོམ་དུ་གསོལ། །གལ་ཏེ་ཁྱོད་འདྲའི་མཐུ་ཆེན་ལྡན་རྣམས་ལོག་པའི་སེམས་ཅན་བརྟེན་མིན་ཞེས། །དམན་པ་འདོར་ན་རང་རྒྱལ་རྣམས་ལ་ཅིའི་ཕྱིར་ན་སྨད་པ་གསུང་། ཐབས་མཁས་ཐུགས་རྗེས་སླང་པར་མི་སྤྱོད་སེམས་ཅན་ཁམས་ལ་མཆིས་མ་ལགས། དེ་ནས་མགོན་པོ་ཐུགས་རྗེའི་མངའ་བདག་བདག་ཅག་འགྲོ་ཀུན་སྐྱབ་དུ་གསོལ། རྣམ་པར་གྲོལ་བའི་ཡེ་ཤེས་སྟོབས། གཅིག་གི་མཐའ་ཡང་ནམ་མཁའ་ལ། གཟུགས་ཅན་གྱུར་ན་ཤོང་མིན་ན། ཅི་སླད་སྲིད་ཞི་གྲོལ་མི་མཛད། གཟུང་འཛིན་ཀུན་རྟོག་ཕྲ་མོ་འདི། ཁྱོད་ཀྱི་ཤེས་རབ་མཐའ་ཡས་པའི། རལ་གྲིས་གཅོད་པར་མ་མཛད་ན། མགོན་ཁྱོད་ཐུགས་ལས་ཆུང་གྱུར་ཏམ། །བདག་གིས་ལུས་དང་ལོངས་སྤྱོད་ཀུན། གང་ཡང་མ་བཟུང་མཆོད་པའི་ཚོགས། ལྟོས་མེད་ཁྱོད་ལ་འབུལ་ལགས་ཀྱིས། བཞེས་ཤིང་བདག་ལ་དགོངས་པར་མཛོད། སྔོན་གྱི་ལས་དང་བག་ཆགས་ཀུན། ལྟོས་མེད་རྒྱལ་སྲས་ཀུན་ལ་བཤགས། གང་ཡང་ཕྱོགས་བཅུ་ནམ་མཁའ་ཡིས། རྒྱལ་བ་དེ་དག་ཐམས་ཅད་ལ། །ཐེག་མཆོག་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་མི་འདས་གསོལ་བ་འདེབས། །གང་ཡང་བདག་གིས་དགེ་བ་ཅུང་ཟད་བསགས་པ་རྣམས། །རྒྱ་མཚོ་ཆེ་ལྟར་ཁྱོད་ཀྱི་ཡེ་ཤེས་ངང་ཉིད་དུ། །རོ་ཅིག་གྱུར་ཏེ་ནམ་མཁའ་ཟད་པར་མ་གྱུར་བར། །འགྲོ་ཀུན་ཕན་བྱེད་འབྲས་བུ་དཔག་མེད་འབྱིན་པར་ཤོག །ཀྱེ་མ་འགྲོ་བ་མ་རིག་པ། །རང་རིག་གསལ་བའི་སྣང་བ་འདི། གཉིས་འཛིན་བདུད་ཀྱི་མཛེས་བྱེད་ལ། །ད་དུང་བུང་བ་ལྟར་འཁོར་བྱེད། །མི་བསལ་སྲེད་པའི་ཆུ་རྒྱུན་ལས། ཁམས་སུ་འདས་པའི་ཆགས་བྲལ་ཀྱང་། ཁ་མེད་ལྗོན་ཤིང་ཆུ་ཕྲད་ལྟར། །ཇི་སྲིད་རྐང་ཐུང་ཁ་མེད་བཞིན། །ཕྱི་རོལ་ཉན་ཐོས་དེ་དག་ཀྱང་། གང་ཟག་བདག་མེད་ང་རྒྱལ་གྱིས། །རིན་ཆེན་རང་གི་གཡས་གཡོགས་ལྟར། །རྒྱལ་བའི་སྙིང་པོ་སྒྲིབ་པར་བྱེད། །དེ་ཕྱིར་རྒྱལ་སྲས་འཇམ་པའི་དབྱངས། ཁྱེད་ལ་བདག་ནི་གསོལ་བ་འདེབས། །དེ་བཞིན་གཤེགས་པའི་སྙིང་པོ་འདི། དྲི་མེད་སྔོན་དུ་སྣང་བ་མཛོད། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཡོན་ཏན་ཕྱོགས་ཙམ་ལ་བསྟོད་ཅིང་གསོལ་བ་བཏབ་པ་ཞེས་བྱ་བ་རྒྱ་མཚོའི་ཕྲེང་བ་ལྟ་བུའི་ཚིགས་སུ་བཅད་པ། དུས་རིང་མོ་ནས་དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་། ད་དུང་རྗེས་སུ་འཇུག་པ་རང་བྱུང་རྡོ་རྗེ་ཞེས་བྱ་བ་བདེ་ཆེན་སྟེངས་ཀྱི་རི་ཁྲོད་དུ་བྲིས་པའོ།། །། ༈ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་གྱི་ཆ་ཤས་ལ་བསྟོད་པ་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡ། ཧྲཱིཿ དཔལ་ལྡན་ཡོན་ཏན་ཀུན་གྱིས་རབ་རྒྱན་དྲི་མེད་ཟླ་བ་ལྟར་དཀར་བ། ནག་པོའི་རྩ་ལག་ཀུན་ནས་འདུལ་མཛད་ཉིན་མོར་བྱེད་པའི་འོད་ཟེར་ཅན། །གཅིག་ཉིད་ནའང་རྣམ་པ་ཀུན་ལྡན་སྣ་ཚོགས་ནོར་བུའི་སྐུ་འཆང་པ། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་ཁྱེད་ལ་བདག་ནི་གསོལ་བ་འདེབས། །ཅི་སླད་ཅེ་ན་ཁྱེད་ནི་བྱམས་དང་སྙིང་རྗེའི་ནམ་མཁའི་མཐའ་འདྲ་ཞིང་། །སྨོན་ལམ་མཐའ་ཡས་རྒྱ་མཚོའི་རྒྱུན་གྱི་འཕྲོ་བ་བཞིན་དུ་ཟད་མི་མངའ། །མངའ་བ་དེ་ལྟར་མཐུན་པའི་སྤྱོད་པས་རྫུ་འཕྲུལ་བརླབས་ཀྱིས་ནམ་མཁའ་ཁྱབ། །ཤེས་རབ་མཐུ་ཡིས་ཆགས་པ་མི་མངའ་འཁོར་བ་ཇི་སྐད་བཞུགས་ཅེས་གྲགས། །དམྱལ་བའི་མེ་ལྕེ་ལས་ཀྱིས་རབ་འབར་ཁྲོད་ན་ཚིར་ཚིར་སྲེག་པ་དག །ཁྱོད་ཀྱི་ཡེ་ཤེས་ཐུགས་རྗེའི་ཆུའི་བརླབས་ཀྱིས་ཆིལ་ཆིལ་བསིལ་བར་མཛད། །མཚོན་ཆའི་ཆར་དྲག་རབ་ཏུ་འབབ་པས་ལུས་ཀུན་ཐོར་ཐོར་གཅོད་པ་རྣམས། །ཐུགས་རྗེའི་མངའ་བདག་བྱམས་པའི་ཟེར་གྱི་པད་ཆར་ལོང་ལོང་བསྒྱུར་མཛད་ཅིང་། །རོ་ཉེའི་རྒྱུ་ལྡེང་ཁའི་ནང་དུ་ལུས་ཀུན་མྱལ་མྱལ་ཞུ་བ་དག །ཁྱེད་ཀྱི་མཐུ་ཡིས་བདེ་ལྡན་ཆུར་གྱུར་བདེ་བ་ཕྲིལ་ཕྲིལ་སྟེར་བར་མཛད། །གཤིན་རྗེའི་སྐྱེས་བུ་མི་སྡུག་ཁྲོས་པའི་བཞིན་ལྡན་རྣམས་ཀྱིས་ཁྱོད་མཐོང་ནས། །བརྩེ་བའི་ཡིད་གྱུར་ཞི་བའི་བཞིན་གྱིས་ཁྱོད་ལ་བསྙེན་པར་བསྟོད་པར་བྱེད། །ཉམས་ཐག་འགྲོ་རྣམས་ཐུགས་རྗེའི་མངའ་བདག་ཁྱོད་མཐོང་དབུགས་ཀྱང་ཕྱིན་གྱུར་ནས། །ཐུགས་རྗེའི་འོད་ཀྱིས་གདོང་གི་ཆུ་སྐྱེས་འཛུམ་པར་གྱུར་ཅིང་ཐལ་མོ་ཡིས། །མྱུ་གུ་སྦྱར་བའི་ཁ་འབུས་གྱུར་ཏེ་བདེ་བ་ཅན་དུ་འགྲོ་བར་མཛད། །དེའི་སླད་དུ་མགོན་པོ་ཁྱོད་ཀྱིས་དུས་ཀུན་མཉམ་པར་གཤེགས་ཞེས་གྲགས། །རྒྱལ་བའི་སྲས་པོ་རང་རྒྱལ་ཚོགས་རྣམས་འཁོར་བའི་བདེ་ལ་སྐྲག་ཅེས་ཐོས། ཁྱོད་ནི་རྩེ་བས་ངན་འགྲོ་ཡི་སྡུག་བསྔལ་ཀུན་ཀྱང་དང་དུ་ལེན་པར་གྱིས། །ཉམས་ངའི་ཡི་དྭགས་ཡན་ལག་འཁྲུལ་ཅིང་མེ་འབར་བཀྲེས་པས་གདུངས་གྱུར་པས། །རྒྱ་མཚོ་ལས་ཀྱིས་སྐེམས་པར་བྱེད་ཅིང་རང་སྣང་འཁྲུལ་པས་གཙེས་པ་དག །ཁྱོད་ཀྱི་བྱམས་དང་སྦྱིན་པའི་རྒྱུ་ཡིས་བ་སྤུའི་སྒོ་ནས་ཆུ་བོའི་ཚོགས། །ཡན་ལག་བརྒྱད་ལྡན་རྒྱུན་རྣམས་སྤྲོས་ནས་བཀྲེས་བསྐོམ་སྡུག་བསྔལ་ཞི་མཛད་ཅིང་། །ལྷའི་ལུས་ལྟར་མཛེས་པར་གྱུར་ནས་ཁྱོད་སྐུ་དྲི་མེད་ལ་དད་པས། བདེ་བ་ཅན་དུ་སྐད་ཅིག་ཡུད་ཀྱིས་འགྲོ་ཞིང་མྱ་ངན་རྒྱུན་གཅོད་མཛད། སྣ་ཚོགས་ལྷན་གྱི་དུད་འགྲོའི་ཚོགས་རྣམས་གཏི་མུག་མུན་ནག་ལྡན་པ་ཀུན། །ཀུན་ནས་འགྲོ་བའི་སྡུག་བསྔལ་གྱིས་གདུངས་ཆགས་དང་ཕྲག་དོག་གི་གཙེས་རྣམས། །རྣམ་པ་ཀུན་དུ་ཁྱོད་མཐོང་གྱུར་ནས་ཤེས་རབ་རབ་ཏུ་རྣམ་པར་གསལ། །གསལ་བའི་མཐུ་ཡིས་བྱམས་ཤིང་དགའ་བས་ཁྱབ་པར་གྱུར་ནས་མགོན་ཁྱོད་ལྟ། དེ་སླད་འཕགས་མཆོག་ཕ་དང་མ་དང་བྱམས་པའི་གཉེན་གྱུར་པ། །ཁྱོད་ལ་བདག་ནི་རྟག་ཏུ་གསོལ་འདེབས་ངན་འགྲོ་ཐམས་ཅད་སྟོངས་པར་མཛད་དུ་གསོལ། །གང་དུ་སྐལ་པ་དམན་པར་གྱུར་པའི་མིའི་འཇིག་རྟེན་ཀུན་ཏུ་ཡང་། ཁྱོད་ཀྱི་མཚན་དང་རིགས་སྔགས་སྒྲ་ཐོས་བདེ་བ་ཅན་དུ་འགྲོ་ཞེས་གྲག །གང་དུ་སྐལ་ལྡན་ཁྱོད་རྗེས་འཇུགས་ལ་སྣ་ཚོགས་ཐབས་ཀྱི་སྐུ་སྟོན་ཅིང་། །ཞལ་གཅིག་ཕྱག་ནི་གཉིས་པ་ལྡན་ཅིང་སྐར་མའི་འོད་ཟེར་ལྡན་པ་ནས། །བཅུ་གཅིག་ཞལ་ལྡན་བསིལ་ཟེར་བྱེད་པ་བརྒྱ་སྟོང་འོད་ལས་ལྷག་པ་དང་། །འབུམ་ཕྲག་ཞལ་ལྡན་བྱེ་བའི་ཡན་ལག་ཉིན་མོར་བྱེད་པ་གྲངས་མེད་ཚོགས། །ལྷ་ཀླུ་དྲི་ཟ་འོག་མིན་བདག་པོའི་འོད་ཀུན་ཟིལ་གནོན་སྟོན་པར་མཛད། །གླིང་བར་མུན་ནག་སྐལ་པར་བསགས་པ་ཁྱོད་ཀྱི་འོད་ཟེར་གཅིག་གིས་གསལ། །མི་རྣམས་འཇིགས་པ་སེང་གེ་སྦྲུལ་ཆེན་མེ་དང་ཆུ་བོ་འཁྲུགས་པ་དང་། །མཁའ་འགྲོ་ཤ་ཟ་ས་བདག་ཁྲོས་དང་ཆོམ་རྐུན་དགྲ་བོ་ཅི་སྙེད་པ། ཁྱོད་ཞབས་དྲན་པས་སྐད་ཅིག་གིས་སེལ་སྐྱེ་རྒ་ན་དང་འཆི་བ་ཡི། །སྡུག་བསྔལ་གྱུར་ལ་ཁྱོད་ཀྱིས་དབུགས་འབྱིན་བར་དོར་རལ་པའི་ཅོད་པན་ཅན། །མཛེས་པའི་གཟུགས་ཀྱིས་མི་འཇིགས་སྒྲ་འབྱིན་བདེ་བ་ཅན་དུ་ཁྲིད་པར་མཛོད། །ཨེ་མའོ་མཚུངས་མེད་སྐྱབས་མཆོག་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །གང་དུ་ལྷ་རྣམས་བདེ་བའི་རོས་མྱོས་བག་མེད་གྱུར་པ་གཟིགས་ནས་ནི། ཁྱོད་ཀྱིས་སྣ་ཚོགས་འཇིགས་དང་ལྷུང་བའི་སྡུག་བསྔལ་བསྒྲགས་ནས་བཟློག་མཛད་ཅིང་། འདོད་པའི་དབང་ཕྱུག་མཐུ་བོ་ཆེ་ནི་ཁྱོད་ཀྱི་ཚེམས་ལས་སྤྲུལ་ཞེས་ཐོས། །ཉི་མ་ཟླ་བ་གཉིས་ནི་སྤྱན་ལ་སྨོན་ལམ་དབང་གིས་བྱུང་པར་གྲགས། གཟུགས་ཁམས་ཀུན་བདག་མིན་གནས་སུ་དབང་ཕྱུག་ཁྱོད་ཀྱི་ཐུགས་ལས་སྤྲུལ། །སྙན་ངག་ལྷ་མོ་དབྱངས་ཅན་ཁྱོད་ཀྱི་ཞལ་གྱིས་མཆིལ་མ་ལས་བྱུང་ཞིང་། །ནོར་གྱི་དབང་ཕྱུག་མཛེས་བྱེད་གཞོན་ནུ་མདུང་ཐུང་ཅན་དང་འཁོར་ལོ་ཅན། ཀླ་ཀློ་མཐར་བྱེད་འདི་རྣམས་ཁྱོད་ཀྱི་འཕྲིན་ལས་ཆ་ལས་བྱུང་བར་ཐོས། འདི་དག་འཇིག་རྟེན་ཁམས་འདིར་སེམས་ཅན་དོན་དུ་ཁྱོད་ཀྱིས་བསྟན། །དེ་བས་དཔག་མེད་ཡོན་ཏན་ནམ་མཁའི་མཐའ་འདྲ་སུ་ཞིག་གིས་བརྗོད་ནུས། ཕྱོགས་བཅུའི་ཞིང་ཁམས་ནམ་མཁའ་མཐའ་ཁྱབ་རྒྱལ་བ་ཀུན་གྱི་སྤྱན་མངའ་ན། །ཕྱག་ན་པདྨོ་རྒྱལ་བ་གཉིས་པ་སངས་རྒྱས་ཀུན་གྱི་ཐུགས་རྗེ་ནི། བསྡུས་པའི་སྟོབས་ལས་གྲུབ་པ་གྱུར་ཞེས་རྒྱལ་བ་ཀུན་གྱི་བསྔགས་པར་མཛད། རྒྱལ་སྲས་མཐུ་ཆེན་ཀུན་གྱིས་ཡོན་ཏན་རྒྱ་མཚོ་དཔག་མེད་ཞེས། །རྒྱལ་སྲས་བསྒྲིབ་པ་ཐམས་ཅད་སེལ་བས་ཁྱོད་ཀྱི་བ་སྤུའི་ཁུང་ཅིག་ཏུ། སྐལ་པ་གྲངས་མེད་རྫུ་འཕྲུལ་ཤུགས་ཀྱིས་སོང་པར་གྱུར་ཀྱང་གཏིང་མ་མཐོང་། བདུད་རྩི་ལྡན་ཅེས་བྱ་བའི་བ་སྤུའི་ཁུང་བུ་གཅིག་ན་དག་པ་ཡི། །ལྷུན་མོ་བྱེ་བ་ཁྲག་ཁྲིག་གནས་ལ་རེ་རེའང་ལྷ་དང་དྲི་ཟ་དག །དག་པའི་ས་ལམ་རབ་དགའ་ནས་བཟུང་བཅུ་པའི་བར་ཐོབ་གྲངས་མེད་གནས། ཞེས་སོགས་སྔགས་པ་ཐུབ་པའི་དབང་པོས་མངོན་སུམ་མདོར་གསུངས་བདག་གིས་ཐོས། །འོན་ཀྱང་ཁྱོད་ནི་བདེ་བ་ཅན་ན་རྒྱལ་བ་འོད་དཔག་མེད་པའི་དྲུང་། །ལྷུན་པོ་ལྟ་བུའི་སྐུ་ལྡན་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་བཞུགས་སོ་ཞེས། །ཐོས་པར་གྱུར་ནས་སྐལ་པ་བཅུ་ལོན་ད་དུང་སྐལ་པ་གྲངས་མེད་པ། །གྲངས་མེད་དང་ནི་དེ་འོག་ཏུ་ཡང་གྲངས་མེད་རྒྱལ་བའི་ཆོས་འཛིན་ཅིང་། ཞིང་དེ་ནས་ནི་གཡོ་བ་མི་མཛད་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ། །རྒྱལ་བ་ཀུན་མཆོད་ཆོས་རྣམས་འཛིན་ཅིང་སྣ་ཚོགས་རྫུ་འཕྲུལ་དུ་མ་ཡིས། ཞིང་ཀུན་རིན་ཆེན་གཞིར་མཛད་ནོར་བུའི་བླ་རེས་རྒྱུན་འཆང་མཛེས་པ་དག །སྣ་ཚོགས་མེ་ཏོག་ཆར་དུ་འབེབས་ཤིང་དྲི་ཞིམ་གདུག་སྤོས་ངད་ལྡན་ཞིང་། ཀུན་བཟང་མཆོད་སྤྲིན་སྤྲིན་ཕུང་ཚོགས་ཀྱིས་རྒྱལ་བ་སྲས་བཅས་མཉེས་བྱེད་ལ། སྣ་ཚོགས་འགྲོ་བ་ཉམས་ཐག་རྣམས་ལ་སྤྲུལ་པ་དུ་མས་དབུགས་འབྱིན་མཛད། འོད་དཔག་མེད་དྲུང་ལྷགས་པའི་རྒྱ་མཚོ་ཅི་སྙེད་འདུས་པ་རྣམས། །ལུང་སྟོན་མཛད་དེ་ཁྱེད་ཀྱི་ཞུ་བས་རྒྱལ་སྲས་དེ་རྣམས་ཚིམ་པར་མཛད། ཨེ་མ་ངོ་མཚར་ཁྱེད་ཀྱི་མཛད་འདི་རྒྱལ་སྲས་ཀུན་པས་ལྷག་པ་སྙམ། སྣ་ཚོགས་རིན་ཆེན་བཻ་ཌཱུརྻ་དང་པད་མ་ར་ག་ཨན་དྷ་སྙིལ། པདྨ་པདྨ་པད་ཆེན་ཟླ་བཟང་ཨ་ཏི་མུག་ཏ་སྐྱར་སྣར་དང་། །དཀར་དང་དམར་པོ་ལྗང་ཁུ་སྔོན་པོ་གསེར་མདོག་ཁ་དོག་ཁྱད་པར་རྣམས། གང་ཡང་འདྲར་སྣང་གང་ཡང་མ་ཡིན་དངོས་དང་དངོས་མེད་མ་ཡིན་སྐུ། སྒྲ་དང་སྒྲ་མིན་ཡན་ལག་དྲུག་བཅུ་གྲངས་མེད་སྒྲ་དབྱངས་སྒྲ་མིན་གསུངས། །ཐུགས་རྗེ་དཔག་མེད་ཐུགས་ནི་སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་ཆོས། །རྒྱལ་བའི་ཡོན་ཏན་ཐམས་ཅད་ཁྱོད་ལ་མི་མངའ་གང་ཡང་མཆིས་མ་ལགས། །འོན་ཀྱང་དུས་རིངས་རྒྱལ་སྲས་ཚུལ་སྟོན་སྒྱུ་མའི་རྣམ་འཕྲུལ་རྨད་དུ་བྱུང་། འདས་པའི་དུས་ན་རྒྱལ་བ་མེ་ཏོག་ལས་བྱུང་རྗེས་སུ་ནོར་བུ་བརྩེགས་པའི་རྒྱལ་པོར་འགྱུར། མ་འོངས་དུས་ན་ཞིང་ཁམས་རྣམ་དག་རིན་ཆེན་དུ་མ་བརྩེགས་པ་དེར། །འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་ཞེས་ཀྱང་གྲགས་པར་འགྱུར། །རྒྱལ་བ་ཀུན་པས་རྒན་པར་གྱུར་ཀྱང་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ཅིང་། །སེམས་ཡིད་རྣམ་ཤེས་སྤངས་པར་གྱུར་ཀྱང་སེམས་ཅན་ཀུན་གྱི་སེམས་ལ་འཇུག །སྤྲོས་པ་མཁའ་ལྟར་དག་པར་གྱུར་ཀྱང་སྤྲོས་པ་ཐམས་ཅད་མངོན་གསུམ་མཁྱེན། །དེ་ཕྱིར་བདག་གིས་བརྗོད་བྱ་མིན་ཀྱང་ཁྱོད་ལ་གུས་པས་མཆོད་ཅིང་བསྟོད། །སྔོན་བྱས་མི་དགེ་ཐམས་ཅད་བཤགས་ཤིང་དགེ་བ་ཀུན་ལ་རྗེས་ཡིད་རང་། རྟག་ཏུ་བླ་མེད་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཁྱེད་ཀྱི་རྗེས་སློབ་སེམས་ཅན་ཐམས་ཅད་དེ་འདྲར་འགྱུར། །དེ་སྲིད་བདག་ཀྱང་ཐུགས་རྗེའི་མངའ་བདག་མཐུ་ལྡན་ཁྱོད་དང་མཚུངས་པར་ཤོག །རྒྱ་མཚོ་ལས་ནི་སྐྲ་རྩེའི་ཆུ་ཙམ་བརྗོད་ཅིང་བསོད་ནམས་མཐུས། །སེམས་ཅན་ཐམས་ཅད་རྒྱལ་བའི་དབང་པོ་འོད་དཔག་མེད་པས་ལུང་སྟོན་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་གྱི་ཆ་ཤས་ལ་བསྟོད་པ་ཞེས་བྱ་བ། །དུས་ཡུན་རིང་མོ་ནས་དེ་ཉིད་ཀྱིས་རྗེས་སུ་བཟུང་བ་རང་བྱུང་རྡོ་རྗེ་ཞེས་བྱ་བས་བསྙན་ངགས་ཀྱི་ཚིག་མེད་པར་སྦྱར་བ་རྫོགས་སོ།། །། ༈ དཔལ་ཀུན་ཏུ་བཟང་པོ་ལ་བསྟོད་ཅིང་སྨོན་ལམ་བཏབ་པ་ཞེས་བྱ་བ་བཞུགས་པ་ལགས་སོ་ཨང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མངའ་བདག་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་ཀུན་བདག་དཔལ། །མཁྱེན་པའི་སྐད་ཅིག་ཤེས་བྱ་མཁྱེན། མཐའ་མེད་ཡེ་ཤེས་ཐུགས་ཆུད་མཐའ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཞི་བའི་རང་བཞིན་སྣ་ཚོགས་རབ་ཏུ་སྣང་། །དཔག་ཡས་མཁྱེན་ལྡན་ཅིར་ཡང་གཟིགས་མི་མཛད། །རྒྱལ་སྲས་གཞོན་ནུ་རྒྱལ་བ་ཀུན་པས་རྒན། །ཀུན་དང་མི་མཐུན་ཀུན་བཟང་ཁྱོད་ཕྱག་འཚལ། །འདས་པའི་མཐའ་བཞིན་རྣམ་རྟོག་མྱ་ངན་འདས། །མ་འོངས་མཐའ་བཞིན་རྒྱལ་སྲས་ཀུན་གྱི་མ། །གནས་པའི་མཐའ་བཞིན་མཁའ་དབྱིངས་ཀུན་ན་གནས། །རྨད་བྱུང་ཁྱོད་ཀྱི་རྣམ་ཐར་རྒྱ་མཚོའི་རྨད། །ནམ་མཁའི་མཐའ་ནི་དཔག་མེད་གཅིག་པུ་ཀུན་སྟོང་པ། །ཆོས་དབྱིངས་མཐའ་ནི་དཔག་མེད་གཅིག་པུ་རབ་དག་པ། སེམས་ཅན་ཁམས་ནི་དཔག་མེད་གཅིག་དུ་སྒྱུ་འདྲ་བ། ཁྱོད་ཀྱི་མཛད་པ་དཔག་མེད་གཅིག་དུ་མ་འཚལ་ཏོ། །བཞིན་ཀྱང་ཐུབ་དབང་རྨད་བྱུང་བྱང་ཆུབ་ཤིང་དྲུང་དུ། བདུད་ཀྱི་མཐུ་བཅོམ་རྨད་བྱུང་མངོན་པར་སངས་རྒྱས་བསྟན། །དཔག་མེད་རྒྱལ་སྲས་རྨད་བྱུང་འདུས་པར་གྱུར་པའི་ཚེ། ཁྱོད་ཀྱི་རྣམ་ཐར་རྨད་བྱུང་དཔག་མེད་གསལ་བར་གྲགས། དེ་སླད་བདག་གི་ཁྱོད་ལ་ཐེ་ཚོམ་སྐྱེས་གྱུར་པས། །རབ་དང་སེམས་ཀྱི་རྣམ་ཐར་ཆ་ལ་བསྟོད་པར་བགྱི། །རང་བྱུང་དཔའ་བོ་བདུད་ཀྱི་སྒྲ་གཅིག་རྒྱལ་བའི་སྲས་པོ་ཀུན་གྱི་དཔལ། །སྔོན་གྱི་སྐལ་པ་གྲངས་མེད་རྒྱ་མཚོར་སངས་རྒྱས་རྒྱ་མཚོར་བསྟན་གྱུར་ཀྱང་། །ཕྱི་མའི་མཐར་ཐུག་རྒྱ་མཚོར་འབྱུང་བའི་རྒྱལ་བ་རྒྱ་མཚོ་ཀུན་མཆོད་ཅིང་། །ཐུབ་པའི་གསང་འཛིན་རྒྱ་མཚོ་ལྟར་ཟབ་ཕྱོགས་བཅུ་རྒྱ་མཚོའི་མཐར་ཐུག་པ། །རྒྱལ་བ་ཀུན་གྱི་དྲུང་ན་ཁྱོད་སྣང་ཁྱོད་ནི་གར་ཡང་འགྲོ་འོང་བྲལ། །དུས་གསུམ་གཤེགས་པའི་རྒྱལ་བ་ཀུན་དང་ཐུགས་ཀྱི་དགོངས་པ་རབ་མཉམ་ཞིང་། །རྒྱལ་བ་ཀུན་གྱི་གསུང་དབྱངས་ཅི་སྙེད་ཁྱོད་ཀྱི་གསུང་དང་དབྱེར་མེད་འདྲེས། །དེ་རྣམས་སྐུའི་སྤྲུལ་པ་ཅི་སྙེད་ཁྱོད་ཀྱི་སྤྲུལ་པའང་དེ་སྙེད་དེ། །འོན་ཀྱང་བདག་ནི་ལམ་ལ་སློབ་ཅེས་རྒྱལ་སྲས་འདུས་པ་ཀུན་ལ་སྟོན། ཁྱོད་ཀྱི་སྒྱུ་མ་རབ་ཏུ་འཇིགས་མེད་ནམ་མཁའི་དབྱིངས་པས་སྲ་བ་འདི། །རྡོ་རྗེ་རིན་ཆེན་དཔལ་ལྡན་དབང་པོའི་སྤྱོད་ཡུལ་ཀུན་ལས་འདས། །སྐད་ཅིག་དབང་བསྐུར་འོད་ཟེར་ཆེན་པོས་དུས་གསུམ་རྒྱལ་བ་ཀུན་ཀྱིས་མཛད། །སེམས་ཅན་ཁམས་ཀུན་མཐུན་པར་འཇུག་ཅིང་རྒྱལ་བ་རྣམས་དང་གཅིག་པའི་འཕྲུལ། འདི་ཡི་ཚུལ་མཐོང་སེམས་འདི་སྒྲག་ནས་ཞིག་པར་མ་གྱུར་ཁྱོད་ཀྱི་མཐུ། ཁྱོད་ཀྱི་མཛད་པ་འདི་ཤོང་གྱུར་པའི་ནམ་མཁའ་འདི་མ་རལ་བ་འཇིགས། །ཉན་རང་རྒྱལ་སྲས་དཔའ་བོ་སྟོབས་ལྡན་ཀུན་ཀྱང་འདི་ཡིས་སྐྲག་མིན་ནམ། །ཨོཾ་ངོ་མཚར་བ་སྤུའི་ཁུ་བུ་གཅིག་ནས་སེམས་ཀྱི་སྐད་ཅིག་གཅིག་ལ་ནམ་མཁའི་ཁྱོན། །མེ་ཏོག་བདུག་པ་སྒྲོན་མེའི་ཚོགས་དང་དྲི་ཆབ་ཞལ་ཟས་རོ་མཆོག་སིལ་སྙན་དཔག་མེད་སྤྲིན། །གདུགས་དང་བླ་རེས་ན་བཟའ་ལྡ་ལྡི་རབ་བཀྲ་དྲི་མེད་རིན་ཆེན་ཁྲོ་མཆོག་དཔག་མེད་སྤྲིན། །རིན་ཆེན་རྒྱན་མཆོག་དབུ་རྒྱན་དཔུང་རྒྱན་སྣང་བྱེད་དོ་ཤལ་ཡན་ལག་སྤྲས་པའི་སྤྲིན། །ལྷ་དང་ལྷ་མོ་མཛེས་པའི་གར་བྱེད་དབྱངས་ཀྱི་ཡན་ལག་རྒྱ་མཚོ་བསྟོད་པའི་སྒྲ་དབྱངས་སྤྲིན། །རབ་ཏུ་སྤྲོ་བྱེད་རྒྱལ་བ་གཅིག་ལ་མཆོད་པར་བྱེད་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་མཆོད། །སེམས་ཅན་ཁམས་དང་མཉམ་པའི་སྤྲུལ་པ་སྣ་ཚོགས་དཔག་ཏུ་མེད་པའི་ཕྲན། ལྷ་དབང་ཚངས་པ་འཕྲོག་བྱེད་ཞི་བ་ལུས་ངན་འཇིག་རྟེན་སྐྱོང་འདྲ་དང་། །ཉི་མ་ཟླ་བ་དབང་ཕྱུག་ཆེན་པོ་ལྷ་མིན་དབང་པོ་ནམ་མཁའ་ལྡིང་། །འཁོར་ལོས་སྒྱུར་དང་མཛེས་པའི་མི་མོ་སྣ་ཚོགས་ཚུལ་ལྡན་ཡིད་གཡོ་དང་། ལ་ལར་གཤིན་རྗེ་མཐར་བྱེད་ཁྲོ་ཚོགས་རབ་འབར་བཟོད་པར་བཀའ་བའི་སྤྲིན། །ལ་ལར་ཉན་ཐོས་རྣམ་ཐར་ཞི་བ་རང་རྒྱལ་ལྟ་བུ་དང་། །ལ་ལར་ས་བཅུའི་དབང་ཕྱུག་སྣ་ཚོགས་ཕྱིན་བཅུ་སྤྱོད་མཛད་ཅིང་། །ལ་ལར་མཆོག་གི་སྤྲུལ་པ་ཆེན་པོ་མཛད་པ་བཅུ་གཉིས་མཛད་པའི་སྤྲིན། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་ཆོས་དབྱིངས་ནམ་མཁའི་མཐར་ཁྱབ་སྟོན། །དུས་གསུམ་གཤེགས་པའི་སངས་རྒྱས་ཐམས་ཅད་ཞིང་དང་འཁོར་དུ་བཅས་པ་ཡང་། །རང་གི་བ་སྤུའི་ཁུང་བུ་གཅིག་དུ་སྟོན་པའི་རྫུ་འཕྲུལ་སྟོབས་མངའ་བ། གསུང་གཅིག་ལ་ཡང་དེ་སྙེད་ཆོས་ཀུན་ཚིག་གཅིག་མ་ལུས་སྒྲ་དབྱངས་སྟོན། ཏིང་འཛིན་གཅིག་གིས་ཤེས་བྱའི་གནས་རྣམས་ཀུན་དང་མཉམ་པའི་ཏིང་འཛིན་འཇུག །རྟོག་པ་མི་མངའ་སེམས་ཅན་ཁམས་ཀྱི་རྣམ་རྟོག་ཀུན་དང་དུས་གཅིག་མཁྱེན། །སྨོན་ལམ་རྣ་ཐར་ཚུལ་འདི་མཐོང་པའི་རྒྱལ་སྲས་དཔའ་བོ་མ་ལུས་པ། ཀུན་བཟང་སྤྱོད་ལ་གནས་པར་ཤོག་ཤེས་དུས་གསུམ་ཀུན་དུ་དར་དིར་བསྒྲོགས། ཁྱེད་ཀྱི་མཚན་ཐོས་སྐད་ཅིག་ཞག་དང་ཟླ་བ་ལོ་དང་སྐལ་པ་དང་། བསྐལ་པ་བརྒྱ་སྟོང་གྲངས་མེད་དཔག་མེད་ཡོངས་སུ་སྨིན་པའི་སེམས་ཅན་ཁམས། །སྐད་ཅིག་རེ་རེ་སྟོང་གསུམ་རྡུལ་ཕྲན་གྲངས་པས་མང་པ་རྣམ་པར་གྲོལ། །མཆོག་གི་སྤྲུལ་པ་རྒྱལ་བ་ཀུན་གྱི་མཛད་མི་སྤྱོད་པ་སྐད་ཅིག་མཛད། །འོན་ཀྱང་མོས་དང་ཆོག་ཤེས་མི་མངའ་འདོད་ཆགས་འདི་འདྲ་ཀྱེ་མ་མཚར། །བདུད་དང་ལོག་འདྲེན་མཐུ་ཆེན་འཇོམས་པའི་ཞེ་སྡང་འདི་འདྲ་ཀྱེ་མ་འཇིགས། །རྟོག་པའི་མཚན་མ་རྡུལ་ཙམ་མི་གཡོ་གཏི་མུག་ཆེན་པོར་ཞུགས་པ་དམ། །དུས་གསུམ་རྒྱལ་དང་འཕྲིན་ལས་མཉམ་ཞེས་ང་རྒྱལ་འདི་འདྲ་གསུང་པ་ཐོས། །རྣམ་ཐར་འདི་འདྲ་བདག་གི་སྟོན་ཅེས་ཕྲག་དོག་ཆེན་པོ་སྲིད། །འདི་འདྲའི་ཡེ་ཤེས་ཉོན་མོངས་མིང་ཅན་མཉམ་པར་འཛིན་པ་གསང་བདག་ཅེས། །རྡོ་རྗེ་ཐེག་པ་བསྡུས་པར་བྱེད་པ་རྡོ་རྗེ་ཟླ་བ་དྲི་མེད་ཅན། །རྒྱལ་བ་ཀུན་གྱི་སྙན་དུ་གྱུར་པ་གསུང་གི་དབང་ཕྱུག་རྡོ་རྗེ་ཆོས། དྲུག་པ་ཡིད་རྣམས་ཀུན་དང་འདྲེས་གྱུར་ཀུན་ཏུ་བཟང་པོ་རྒྱལ་བའི་ཐུགས། །དེ་ལ་སོགས་པའི་མཚན་གྱི་རྣམ་གྲངས་སེམས་ཅན་ཀུན་གྱི་མིང་པས་མང་། །རྣམ་ཐར་ཚུལ་འདི་ཐུབ་པའི་དབང་པོས་ཤིན་ཏུ་རྒྱས་པའི་མདོ་ལས་གསུངས། །དེའི་སླད་དུ་མོས་པའི་རྡུལ་ཕྲན་འཐོར་བའི་ཚིག་འདི་ཆ་ཤས་ཙམ། །ཨེ་མའོ་རྒྱལ་སྲས་ཀུན་ཏུ་བཟང་། །སྔོན་གྱི་སྐལ་པ་རྒྱ་མཚོ་ནས། དུས་རིང་རྗེས་སུ་སྐྱངས་གྱུར་ཀྱང་། །ད་དུང་ཁྱོད་རྗེས་མི་འཇུག་པའི། །འགྲོ་བའི་ཀུན་རྟོག་མཐུ་དང་ལྡན། །སངས་རྒྱས་ཀུན་གྱི་ཁྱོད་བསྔགས་ཀྱང་། །བསྟོད་པའི་ཚིག་གཅིག་མ་བརྗོད་པའི། །བདག་ཅག་སེམས་ཅན་ཤིན་ཏུ་རྨོངས། །འཇམ་དབྱངས་སྤྱན་རས་གཟིགས་སོགས་ཀྱང་། །ཁྱོད་ཀྱི་རྣམ་ཐར་རྗེས་སློབ་ན། །ཆ་ཤས་ཙམ་ཡང་མི་འཇུག་པའི། ཁམས་གསུམ་འགྲོ་བ་འདི་ཅི་ཞིག །རྒྱལ་བ་ཀུན་གྱི་སྲས་ཀྱི་མཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པ་ཡོད་མིན་ཞེས། །ཐུབ་དབང་གིས་གསུངས་རྗེས་སུ་ཡིད་རང་སད། །དེ་ཕྱིར་ཞིང་ཀུན་མཚོའི་མཆོད་སྤྲིན་དང་། །ལུས་དང་ལོངས་སྤྱོད་ཀུན་གྱིས་ཁྱོད་རབ་མཆོད། སྔོན་གྱི་སྡིག་པ་མི་དགེ་ཅི་ཡོད་དང་། །ལྟུང་བའི་ཉེས་པ་ལས་ཀྱི་སྒྲིབ་པ་ཀུན། །ཤིན་ཏུ་འགྱོད་པས་ཁྱོད་དྲུང་བཤགས་པར་བགྱི། །སླད་ཆད་ནམ་ཡང་བགྱི་པར་མ་གྱུར་ཅིག །ཕྱོགས་དུས་རྒྱ་མཚོར་བཞུགས་པའི་རྒྱལ་བ་ལ། །འགྲོ་བའི་བློ་མུན་སེལ་བར་བྱ་བའི་ཕྱིར། །ཆོས་ཚུལ་རྒྱ་མཚོའི་འཁོར་ལོ་བསྐོར་བར་བསྐུལ། །སྐལ་པ་རྒྱ་མཚོའི་འཁོར་ལོ་བསྐོར་བར་བསྐུལ། །སྐལ་པ་རྒྱ་མཚོའི་དཔག་ཏུ་མེད་པ་རུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་མཁས་རྨད་བྱུང་དང་། །སྨོན་ལམ་སྟོབས་དང་ཡེ་ཤེས་རྒྱ་མཚོ་ཡིས། །སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཅིག །བྱང་ཆུབ་སེམས་ནི་ནམ་ཡང་རྗེད་མ་གྱུར། །སངས་རྒྱས་རྒྱ་མཚོ་རྟག་ཏུ་མཐོང་བར་ཤོག །ཆོས་ཚུལ་རྒྱ་མཚོ་རྟག་ཏུ་ཉན་པ་དང་། ཚུལ་ཁྲིམས་རྒྱལ་མཚོའི་དྲི་བསྲུང་སྣོམ་པ་དང་། ཐེག་ཆེན་རྒྱ་མཚོའི་རོ་རྣམས་མྱོང་བ་དང་། ཏིང་འཛིན་རྒྱ་མཚོའི་རེག་བྱ་ཀུན་མྱོང་ནས། ཡེ་ཤེས་རྒྱལ་མཚོའི་རྟོགས་པ་ཐོབ་གྱུར་ཅིག །ཞིང་ཁམས་རྒྱ་མཚོ་རྟག་ཏུ་སྦྱོང་བ་དང་། རྒྱལ་བ་རྒྱལ་མཚོ་ཐམས་ཅད་མཉེས་བགྱིད་ཅིང་། །སེམས་ཅན་རྒྱ་མཚོའི་སྡུག་བསྔལ་སེལ་བ་དང་། བདེ་མཆོག་རྒྱ་མཚོ་རྟག་ཏུ་སྦྱིན་གྱུར་ཅིག །རྒྱལ་སྲས་རྒྱ་མཚོ་ཀུན་དང་འགྲོགས་པ་དང་། ཐེག་མཆོག་རྒྱ་མཚོའི་ཐབས་རྣམས་ཀུན་བཟུང་ནས། །ཉོན་མོངས་རྒྱ་མཚོ་ཤིན་དུ་དག་བྱེད་ཅིང་། །རྣམ་ཐར་རྒྱ་མཚོ་སྒྱུ་མ་ལྟར་སྦྱོང་ཤོག །ཚེ་རབས་རྒྱ་མཚོ་སྐྱེ་བ་ཐམས་ཅད་དུ། །མི་ཁོམ་རྒྱ་མཚོ་ཐམས་ཅད་རབ་སྤངས་ནས། །དལ་འབྱོར་རྒྱ་མཚོའི་ཡོན་ཏན་མ་ལུས་པ། །སེམས་ཅན་རྒྱ་མཚོས་རྟག་ཏུ་ཐོབ་པར་ཤོག །བདག་ནི་རྟག་ཏུ་མ་སྲས་པོ་དང་། །སྤྱན་རས་གཟིགས་དབང་མགོན་པོ་འཇམ་དཔལ་དབྱངས། ཀུན་ཏུ་བཟང་པོ་ཁྱོད་དང་མི་འབྲལ་ཞིང་། རྣམ་ཐར་ཚུལ་ལ་མཉམ་པར་འཇུག་པར་ཤོག །བདག་གིས་ཅུང་ཟད་དང་བས་གསོལ་བ་ཡིས། །སྨོན་ལམ་འདི་ལ་དགེ་བ་ཅི་ཡོད་པས། རྒྱལ་བ་ཀུན་གྱིས་སྤངས་པའི་སེམས་ཅན་རྣམས། །བདག་གིས་ལམ་ལ་འགོད་པའི་རྒྱུར་གྱུར་ཅིག སེམས་ཅན་གང་དག་བདག་ལ་སྡང་པ་དང་། ཆགས་པའི་རྣམ་རྟོག་ཚུལ་མིན་སྐྱེས་པ་དང་། །མཐོང་དང་ཐོས་དང་རེག་དང་དྲན་རྣམས་ཀྱང་། །མྱུར་དུ་ཕྱིར་མི་ལྡོག་པ་ཐོབ་གྱུར་ཅིག །བདག་གི་སྨོན་ལམ་ཤིན་ཏུ་འགྲུབ་པར་ཤོག བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་བསྟོད་ཅིང་སྨོན་ལམ་བཏབ་པ་ཞེས་བྱ་བ། །ཀུན་ཏུ་བཟང་པོ་རྣམ་པར་ཐར་པ་ལ་མོས་པ་ལམ་དུ་བྱེད་པའི་རང་བྱུང་རྡོ་རྗེའི། སྙན་ངག་གི་སྡེབས་སྦྱོར་མེད་པར་གོ་བདེ་བའི་ངག་ཏུ། ནགས་ཕུ་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ། །རྗེས་འཇུག་ཀུན་གྱིས་འདོན་པ་ལ་བརྩོན་པར་མཛད་པར་ཞུ།། །། ༈ མཚུར་ཕུའི་བསྟོད་པ་བཞུགས་སོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤཱཀྱ་ཐུབ་པ་ཕྱག་འཚལ་ལོ། །བདེ་ལེགས་དང་ལྡན་སུམ་ཅུའི་མཚན་དཔེས་བརྒྱན་པའི་སྐུ། །ཡན་ལག་དྲུག་བཅུའི་ཆོས་སྒྲ་མ་ལུས་སྟོན་པའི་གསུང་། །ཇི་ལྟ་བ་དང་ཇི་སྙེད་མ་ལུས་མཁྱེན་པའི་ཐུགས། མགོན་པོ་བཅོམ་ལྡན་ཐུགས་རྗེ་ཅན་ལ་གུས་པས་འདུད། །དུས་གསུམ་རྒྱལ་སྲས་རྒྱལ་བ་རྒྱ་མཚོ་ཡི། །བྱིན་རླབས་མཆོག་ཐོབ་བཀའ་བརྒྱུད་བླ་མ་དང་། གྲུབ་ཐོབ་བྱོན་གནས་དཔལ་གྱི་མཚུར་ཕུ་ཡི། །མཚན་ཉིད་ཇི་ལྟར་བརྗོད་པར་མི་ནུས་ཀྱང་། །རེ་ཤིག་རྟེན་པས་མངོན་དུ་གྱུར་པ་དང་། །ཞིང་འདིའི་ཡོན་ཏན་བརྗོད་ལ་སྤྲོ་གྱུར་པས། །མཚན་ཉིད་ཆ་སྨོས་བདག་གིས་བརྗོད་པར་བྱ། །སྟོང་གསུམ་འཇིག་རྟེན་ཡ་མཚན་ཕུལ་བྱུང་པའི། །དྲི་མེད་གནས་མཆོག་འཛམ་གླིང་འདི་ཉིད་དང་། །ཡ་མཚན་མཚར་སྡུག་ལྡན་པའི་སྙིང་པོ་འདི། །རི་རྒྱལ་ཆེན་པོ་གངས་རིའི་ཤར་ཕྱོགས་ལས། །བསིལ་བའི་ཆུ་རྒྱུན་ལོ་ཧི་ཏ་འབབ་ཅིང་། །དེ་རྒྱུད་དབུས་གཙང་རིག་པའི་འབྱུང་གནས་ཀྱི། །མཆོད་གནས་དམ་པ་ཤཱཀྱའི་རྒྱལ་པོའི་སྐུ། །དེ་དང་ཉེ་བའི་ས་ཕྱོགས་མཚུར་གྱི་ཕུ། །གནས་འདིའི་བྱིན་བརླབས་མདོ་ཙམ་བརྗོད་པ་ན། །ཤཱཀྱའི་རྒྱལ་པོ་མངོན་པར་སངས་རྒྱས་ནས། །སྟོང་གསུམ་ཀུན་ཏུ་ཞབས་ཀྱིས་བཅགས་པ་ན། །གནས་འདིར་བཅོམ་ལྡན་རྒྱལ་སྲས་རྒྱ་མཚོའི་ཚོགས། །བྱོན་ཅིང་བྱིན་བརླབས་ཞབས་ཀྱིས་བཅག་པར་ཁུམས། །གཞན་ཡང་བཅོམ་ལྡན་ཐུབ་ཆེན་སེང་གེ་ཡིས། །ལུང་བསྟན་རྒྱལ་སྲས་ཟླ་འོད་གཞོན་ནུ་ཡིས། །མཛད་པའི་འཕྲིན་ལས་བོད་འདིར་མཛད་པའི་དུས། །རྒྱལ་སྲས་བྱིན་བརླབས་སེང་གེ་སྒྲ་དེ་ལ། །ལུང་བསྟན་མཛད་ཅིང་སྣང་བ་འདི་ལྟར་མཛད། །རི་བོ་རིན་ཆེན་མཆོག་འདྲའི་ངོས་ལ་ནི། །རྒྱལ་བས་བཞུགས་པའི་རྒྱབ་ཡོལ་པད་འདབ་ལྟར། ཤིན་ཏུ་མཛེས་གནས་བྱམས་པའི་སྐུ་ཡོད་ས། །དེར་སོང་དངོས་གྲུབ་དམ་པ་མཆོག་ཐོབ་ཅེས། །ལུང་བསྟན་མཛད་ཅིང་རྗེས་སུ་གནང་བ་ཐོབ། །དེ་ནས་ཅུང་ཞིག་ལོན་ནས་དམ་པ་ཡིས། གནས་འདི་བྱིན་བརླབས་དག་པའི་སྣང་བ་གཟིགས། །དེ་ནས་གཞན་ཡང་དཔལ་ལྡན་རིན་ཆེན་གྱིས། །བྱོན་ཅིང་བྱིན་བརླབས་ཡོན་ཏན་དམ་པ་ཐོབ། །དེ་ནི་སྔོན་དུ་བྱུང་བའི་གཏམ་རྒྱུད་ཡིན། །ད་ནི་རི་རྒྱལ་མཆོག་གི་བསྟན་ཚིགས་བཤད། །ཡ་མཚན་མཚར་སྡུག་ལྡན་པའི་རི་བོ་འདི། །ལྷ་དབང་བརྒྱ་བྱིན་གདན་བཞུགས་ལྟ་བུར་གནས། །རི་ཕྲན་རྣམས་ནི་ལྷའི་དབང་པོ་ལ། །ཉེ་དབང་སྲིད་ཞུ་འདུད་པའི་ཚུལ་དུ་གནས། །རི་དེ་ཉིད་ནི་རིན་ཆེན་སྤུངས་པ་ལྟར། །ཡ་མཚན་མཚར་སྡུག་ལྡན་པའི་འོད་ཟེར་ཅན། །འདི་འདྲ་གང་ཞིག་མཐོང་བ་དཔལ་ཡོན་ཅན། །འདིར་གནས་བྲག་རི་ཁྱུང་ཆེན་ལྡིང་བ་འདྲ། རང་བྱོན་ལྷ་ཚོགས་ཡིག་འབྲུ་སྣ་ཚོགས་གནས། །རིན་ཆེན་དང་མཚུངས་བྲག་རི་འོད་འབར་བ། །ཀུན་ནས་བལྟས་པས་སྐྱེ་དགུའི་ཡིད་འཕྲོག་བྱེད། །སྐབས་སྐབས་དག་ན་ཤིན་ཏུ་བདེ་ཡངས་པའི། །སྤང་གནས་དེ་ནས་མེ་ཏོག་ཚོགས་བསྐྱེད་པ། །སེར་བུས་སྐྱེད་པས་དྲི་བསུང་ངད་ལྡན་ཞིང་། བདེ་གནས་བུང་བའི་ཚོགས་རྣམས་མ་ལུས་ཀུན། །སྙན་པའི་མདངས་ཆགས་དང་ཡིད་འཕྲོག་བྱེད་ཡིན། །འདིར་ནས་མེ་ཏོག་རིགས་ནི་བརྒྱ་ཕྲག་གཅིག །སྡུག་བསྔལ་ནད་ཀྱི་ཟུག་རྔུ་སེལ་བྱེད་པ། །སྨན་གྱི་མཆོག་གྱུར་རྣམས་ཀྱང་བརྒྱ་ཕྲག་སྟེ། །སྨན་དང་མེ་ཏོག་བསྐྱེད་བྱེད་བརླན་པ། བྱེད་འགྱུར་ཆུ་མིག་རྒྱ་དང་རྩ་བརྒྱད་ཡོད། །གྲུབ་ཐོབ་རྣམས་ཀྱི་བཞུགས་གནས་ཕུག་པ་བརྒྱ། །སྔོ་ལྡུམ་ཟས་ཀྱི་བྱེ་བྲག་བརྒྱ་རྣམས་དང་། །ཤིང་མཆོག་རིགས་ནི་བྱེ་བྲག་བརྒྱ་རྣམས་ཡོད། །དེར་གནས་སེམས་ཅན་རི་དྭགས་ཚོགས་རྣམས་ཀྱང་། །ཕན་ཚུན་འཇིགས་དང་བག་ཚའི་སེམས་བྲལ་ཞིང་། མིག་ཟུམ་མགྲིན་པ་སྐྱོགས་ཏེ་དེར་གནས་པ། རྩེ་དགར་རོལ་མོའི་དཔལ་མཆོག་དཔལ་གྱིས་མཛེས། །རི་འདི་སྤྱན་རས་གཟིགས་ཀྱི་བྱིན་བརླབ་པས། །འདིར་དུས་དད་ལྡན་ལྷ་མིར་བཅས་པ་ཀུན། སྙིང་རྗེའི་བསམ་པས་འགྲོ་ལ་བུ་བཞིན་རྩེ། །གཞན་ཡང་རི་འདིའི་རྩེ་ནས་བལྟས་པའི་ཚེ། །ཤར་གྱི་ཕྱོགས་རོལ་དཔག་ཚད་གསུམ་ཙམ་མཐོང་། །བཅོམ་ལྡན་རྒྱལ་བ་ཉིད་ཀྱི་བྱིན་བརླབས་པའི། །ཤཱཀྱའི་རྒྱལ་པོ་བཅུ་གཉིས་པ་དང་ནི། །བརྒྱད་པའི་མཚན་དང་ངོ་མཚར་མཆོག་གྱུར་པ། །ལྷ་མིའི་རིན་ཆེན་སྣ་བདུན་ལས་གྲུབ་པའི། །བཟོ་རྒྱལ་ལྷ་མཆོག་ཉིད་ཀྱིས་བཞེངས་པ་ཡི། །ཡ་མཚན་ཕུལ་བྱུང་ཤཱཀྱའི་རྒྱལ་པོའི་སྐུ། །བཞུགས་པའི་ལྷ་ཁང་ངོ་མཚར་ཅན་དེ་མཐོང་། །གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །ཉིད་ཀྱི་སྤྲུལ་པའི་རྒྱལ་པོ་ཆེན་པོ་ཡིས། །ཐུགས་དམ་རང་བྱོན་སྤྱན་རས་གཟིགས་ཀྱི་སྐུ། །བྱིན་རླབས་ལྡན་པའི་ལྷ་མཆོག་དེ་ཡང་མཐོང་། སྤྱན་རས་གཟིགས་དབང་སྤྲུལ་པའི་རྒྱལ་པོ་ཡིས། །བྱོན་པའི་ཕོ་བྲང་ཉིད་ཀྱང་གསལ་བར་མཐོང་། །གཞན་ཡང་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་གྱི། །རྒྱལ་པོ་ཆེན་པོ་བཞུགས་པའི་རི་ཡང་མཐོང་། །གཞན་ཡང་མཐུ་སྟོབས་གསང་བའི་བདག་པོ་ཡི། །སྤྲུལ་པའི་རྒྱལ་པོ་རལ་པ་ཅན་བྱོན་པའི། ཕོ་བྲང་རི་བོ་དེ་ཡང་མཐོང་བ་ཡིན། །འདས་དང་མ་འོངས་ད་ལྟར་གསུམ་མཁྱེན་པའི། །རྒྱ་གར་མཁས་པ་བརྒྱ་དང་སུམ་བཅུ་གཉིས། །བྱོན་དང་བཞུགས་པའི་རི་ཡང་མཐོང་བ་ཡིན། །དེ་སོགས་ཡ་མཚན་ཕུལ་བྱུང་པ། །བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་སྟེ། །མཐོང་ཚུལ་མདོ་ཙམ་འདིར་ནི་བཀོད་པ་ཡིན། །ས་སྟེང་ཡ་མཚན་རི་བོ་ཕུལ་བྱུང་པ། །བསིལ་བའི་མདངས་ཆགས་གངས་རིའི་མཐའ་བསྐོར་ཅན། །ཡ་མཚན་རྨད་བྱུང་དཔག་ཏུ་མེད་པ་གནས། །དེ་ནས་མདུན་གནས་རི་བོའི་མཚན་ཉིད་ནི། །གཞན་དག་ཚུལ་མཐུན་གོང་དང་འདྲ་གནས་ཤིང་། ཁྱད་པར་དུ་ཡང་ལྗོན་པའི་ཚོགས་གནས་པ། །དཔྱིད་དུས་བཟང་ལ་ལོ་འདབ་ལྷག་འགྱུར་ཏེ། མེ་ཏོག་ཚོགས་ཀྱིས་ཡོངས་སུ་བཀྲ་བར་གནས། །རླུང་གིས་བསྐྱོད་པའི་གར་ཐབས་གཡོ་བ་ལས། །མེ་ཏོག་རྣམས་མང་སྤུང་སྤུང་འཐོར་བར་བྱེད། གཞན་ཡང་དེ་ལྟར་དེ་གནས་ཕུ་དེ་ན། །ཀུ་མུད་དཔུངས་པའི་རི་བོ་དངས་བསིལ་བ། །རྒྱལ་བའི་མིང་ཅན་གནས་ཤིང་དེ་ནས་ནི། །ཟིལ་དངར་ལྡན་པའི་རྒྱུན་འབབ་བྱེད་ཅིང་། །འགྲོ་ཚོགས་སྐོམ་པའི་སྡུག་བསྔལ་སེལ་བྱེད་ཡིན། །གཞན་ཡང་ལྷ་ཚོགས་མཚན་མའི་ཁྱད་པར་ནི། །རྒྱབ་ཀྱི་རི་ལ་རྟ་མཆོག་ཧེ་རུ་ཀ །དེ་ལྟར་དེ་འདྲར་ཤཱཀྱའི་རྒྱལ་པོའི་སྐུ། །དེ་མདུན་རི་ལ་སྒྲོལ་མའི་སྐུ་ཉིད་དང་། །གཞན་ཡང་བསམ་གྱི་མི་ཁྱབ་གནས་བོད་ཀྱི། །རྒྱས་པར་བརྗོད་ཀྱིས་མི་ལང་གྲངས་ལས་འདས། །སྤྱིའི་བསྟན་ཚིགས་མདོ་ཙམ་བརྗོད་པ་ཡིན། །ནམ་ཟླ་དུས་བཞི་སོ་སོའི་ཁྱད་པར་ནི། །དཔྱིད་དུས་གསུམ་གྱི་རྣམ་པ་འདི་ལྟ་སྟེ། །དུས་མཐུན་བསིལ་ཡབ་རྗེས་མཐུན་རླུང་བཅས་ཞིང་། །ལྗོན་སོགས་ལོ་འདབ་གསེར་བུ་རབ་ཏུ་འཁྲུངས། སིལ་སྙན་ཚོགས་རྣམས་སྒྲ་སྙན་རྒྱུན་དུ་འཁྲོལ། །སྤྲིན་དཀར་ཞི་བ་མེ་ཏོག་ཆར་དཀར་འབབ། །མཐོ་ཁྱད་ལྷུན་མཛེས་ལྡན་པའི་རི་བོ་དང་། །བདེ་གནས་སྤང་ཚོགས་སྔོ་ལྡུམ་རྒྱས་པར་བྱེད། །དབྱར་གསུམ་དུས་ཀྱི་རྣམ་པ་འདི་ལྟ་སྟེ། །ཤིང་མཆོག་མེ་ཏོག་སྣ་ཚོགས་བཀྲ་བ་དང་། །ལྗོན་ཚོགས་སྟེང་ན་བྱ་སྐད་སྙན་སྒྲོགས་པ། །ལྷའམ་དྲི་ཟའི་གླུ་དབྱངས་ཟིལ་གྱིས་ནོན། །སྤྲིན་དཀར་ཞི་བའི་འཇའ་འོད་ཚོགས་བཅས་རྣམས། །འབྲུག་སྒྲ་ཆེམ་ཆེམ་མཁའ་ལ་སྒྲོགས་པ་དང་། །བསིལ་བའི་ཆར་རྒྱུན་མཁའ་ལ་འབབ་པ་དང་། །བསིལ་བྱེད་སེར་བུ་ཅུང་ཟད་བསྐྱོད་པ་ཡིས། །མེ་ཏོག་དག་ལ་དྲི་ཞིམ་སྣ་ཚོགས་ལྡན། །བཻ་ཌཱུར་སྔོ་བའི་མདངས་གསལ་ནས། །སྟོན་གསུམ་དུས་ཀྱི་རྣམ་པ་འདི་ལྟ་སྟེ། །རྩི་ཤིང་སྔོ་ལྡུམ་འབྲས་བུའི་ཚོགས་རྣམས་སྨིན། །ས་དང་རི་ངོས་གསེར་གཙོ་ལྟར་དུ་སེར། །དངས་བསིལ་ཀུ་མུད་ཆར་ལྟར་འབབ་པའི་དུས། །རི་བོ་དཀར་བསིལ་ཤིན་ཏུ་དངས་པར་བྱེད། །གཞན་ཡང་དགུན་གསུམ་རྣམ་པ་འདི་ལྟ་སྟེ། །བསིལ་ཆགས་ཟིལ་མངར་སྟོང་གི་ངར་བ་ལྟར། །འོད་ཆགས་སྤྲིན་དཀར་ཞི་བའི་གདུགས་མཛེས་ཤིང་། །ཉི་མ་ཟླ་བའི་ཅོད་པན་གྱིས་མཛེས་པ། །དུས་མཐུན་མཚར་ཆགས་ལྡན་པ་བསིལ་བ་ཡིན། །མཆོག་གནས་གནས་འདི་ཤིན་ཏུ་ངོ་མཚར་གནས། །གང་གིས་མཐོང་དང་ཐོས་དང་དྲན་ཙམ་གྱིས། ཡོན་ཏན་བསམ་འདས་བརྗོད་ཀྱིས་མི་ལང་བ། །ཡོད་པའི་གནས་མཆོག་དམ་པ་འདི་རེ་མཚར། །དེ་ལྟར་དེ་དབུས་དགོན་པ་འདི་ཉིད་ནི། །ཤཱཀྱའི་རྒྱལ་པོ་སྟོན་པ་འདི་ཉིད་ཀྱི། །སྐུ་གཟུགས་རིན་ཆེན་མཆོག་ལས་བྱས་པ་ཡིས། །འདོམ་པ་བདུན་དང་ལྡན་པའི་རྟེན་ཡང་ཡོད། །དགྲ་བཅོམ་ཉི་མ་གུང་གི་ཚེམས་ཀྱང་བཞུགས། །རྣལ་འབྱོར་དབང་ཕྱུག་མིད་ལའི་གསོལ་ཞལ་དང་། གཞན་ཡང་རྟེན་ཚོགས་བསམ་གྱིས་མི་ཁྱབ་པ། །བཞུགས་ཤིང་འཇིག་རྟེན་མཆོད་པའི་གནས་གྱུར་ཡོད། །འདོམ་བདུན་ལྷུན་པོའི་དཔལ་དང་ནི། །བྱང་སེམས་རིགས་ལྔའི་སྐུ་དག་དང་། །བྱམས་མགོན་སྤྱན་རས་གཟིགས་དབང་དང་། །ཐུགས་རྗེ་ལྡན་པའི་སྐུ་ཡང་བཞུགས་པ་ཡིན། ཁ་སར་པཱ་ནིའི་ལྷ་ཁང་དང་མཚུངས་པའི། །མགོན་པོ་ཐུགས་རྗེ་ལྡན་པའི་ལྷ་ཁང་ཡོད། །གཞན་ཡང་དཔལ་ལྡན་བླ་མའི་སྐུ་དང་ནི། །རྒྱ་གར་ཤར་ཕྱོགས་དབུས་འགྱུར་གནས་པ་ཡིན། །དཔལ་ལྡན་འབྲས་ཕུང་ཉིད་དང་མཚུངས་པ་ཡི། །མཚར་སྡུག་ཡ་མཚན་ལྡན་པའི་མཆོད་བརྟེན་དང་། །རྟེན་གྱུར་མཆོད་པའི་བྱེ་བྲག་དཔག་མེད་ཡོད། རྒྱས་པར་བདག་གིས་བརྗོད་ཀྱིས་མི་ལང་བས། །མཚན་ཉིད་ཅུང་ཟད་ཙམ་ཅིག་སྨོས་པ་ཡིན། །གཞན་ཡང་ཡ་མཚན་དག་ནི་བསམ་འདས་སྟེ། །ཉ་དང་སྟོང་དང་ཚེས་བརྒྱད་ལ་སོགས་སྟེ། ཚེས་གསུམ་ལ་སོགས་དུས་བཟང་ཐམས་ཅད་ལ། །ནམ་མཁའ་འཇའ་འོད་འཁྱིལ་པས་གང་བ་དང་། གཉིས་དང་གསུམ་ལ་སོགས་པས་བསྐོར་བ་དང་། །ལུང་པའི་རྣམ་པ་མ་ལུས་ཁེངས་པ་དང་། །ཤར་དང་ནུབ་དང་སྟེང་འོག་འཕྱང་བ་དང་། །མེ་ཏོག་ཆར་དང་འཇའ་འོད་སྣ་ཚོགས་ལྡན། །གསེར་གྱི་མེ་ཏོག་གསེར་གྱི་འོད་འབྱིན་དང་། །དུང་ལྟར་དཀར་བའི་དུང་གི་འོད་འབྱིན་དང་། །བཻ་ཌཱུར་ལྟར་སྔོ་བཻ་ཌཱུར་འོད་འབྱིན་དང་། །ཨི་ཏྲ་ལྟར་ལྗང་ལྗང་ཁུ་འོད་འབྱིན་དང་། ཁྲ་བོར་སྣང་དང་གཉིས་པ་སྣང་བ་དང་། །གསུམ་དུ་སྣང་དང་དེ་བཞིན་བཞིར་སྣང་དང་། །བསམ་གྱི་མི་ཁྱབ་སྣང་བའི་མེ་ཏོག་ཚོགས། །དྲི་ཞིམ་ཡིད་འོང་སྣ་ཚོགས་མདངས་གསལ་ནས། །གཞན་ཡང་ཚུལ་ལུགས་བརྗོད་ན་བསམ་མི་ཁྱབ། །ཅུང་ཟད་བདག་ཡིད་མོས་པས་བརྗོད་པ་འདི། །སྙན་ངག་སྡེབས་སྦྱོར་ཚིག་གིས་མ་འབྲེལ་དང་། །དེ་སོགས་སྐྱོན་ལ་མཁས་རྣམས་བཟོད་པར་མཛོད། །འདི་བརྩམས་དགེ་བས་ནམ་མཁའི་མཐས་ཁྱབ་པའི། །འགྲོ་བ་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག །བསྟོད་པ་དམ་པ་གནས་ཀྱི་ཚུལ་གསལ་བར་བྱེད་པ་སྙན་ངག་རྒྱན་གྱི་མེ་ཏོག་གསལ་བའི་སྒྲོན་མེ་རྫོགས་སོ། །ཤུབྷཾ།། ༈ དབེན་གནས་ཆེན་པོ་བདེ་ཆེན་གྱི་བསྟོད་པ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དབེན་གནས་དབེན་པའི་རྐྱེན་གྱུར་ཉོན་མོངས་རབ་དབེན་རྒྱུ། །མ་རིག་མ་ལུས་རྐྱེན་གྱུར་ཆོས་ཚུལ་དག་མ་ལགས། །རབ་ཡངས་རབ་དུ་རྐྱེན་བྲལ་ཞི་བ་དེ་རབ་མཆོག །བདེ་ཆེན་བདེ་ལྡན་རྐྱེན་གྱུར་བསམ་གཏན་བསྐྱེད་བདེ་བ། །ཕྱོགས་དང་ཕྱོགས་འཚམས་རྐྱེན་མེད་སྙན་སྒྲོགས་དཀར་ཕྱོགས་ཀྱི། །ཚུལ་ལྡན་ཚུལ་མིན་རྐྱེན་བྲལ་ཕྱོགས་སུ་གྲགས་ཚུལ་བརྗོད། ལྷུན་པོའི་རྒྱལ་པོ་གླང་པོ་ཆེ། །ས་སྲུངས་གཙུག་གི་ཅོད་པན་ལ། །ལྷ་དབང་འགྱིང་པས་བརྟན་ལྡན་ཞིང་། །ཉེ་དབང་བཀྲམ་པས་བཀོད་པ་སྙམ། །རྡོ་རྗེའི་སྙིང་པོའི་བརྒྱན་ཕྲེང་གིས། ཕྱོགས་རྣམས་ཀུན་ནས་རབ་ཏུ་བརྒྱན། སྤང་རི་འཚམས་ཀྱི་སྟོད་གཡོགས་ལ། །མེ་ཏོག་སྣ་ཚོགས་ཚོམ་བུས་རྒྱན། ན་བུན་དཀར་པོའི་ཅོད་པན་ལ། །སྤྲིན་དཀར་ཞི་བའི་གདུགས་ཀྱི་མཛེས། །དངས་པའི་ཆུ་མིག་རབ་དངས་པ། །མིག་སྟོང་ཕྱོགས་རྣམས་ལྟས་པ་བཞིན། །རི་ཕྲན་ཉེ་དབང་ལྷ་ཚོགས་ལ། །འབབ་ཆུའི་ན་ཆུང་རྐང་ཐུང་གིས། བརྒྱན་ཅིང་ཡལ་ག་གཡོ་བས་མཛེས། །མཛེས་པའི་བྱ་ཚོགས་དུ་མ་དང་། །བུང་བའི་གཞོན་ནུ་དུ་མ་ཀྱང་། འཁོར་ཞིང་ལྡིང་བར་བྱེད་པ་ནི། །དགའ་ཚལ་ཚུལ་མཚུངས་འགྲན་སྙམ་བགྱི། འདི་འདྲ་བསམ་གཏན་འཕེལ་བ་སྙམ། །རབ་དཀར་ཆོས་བཟང་བདེ་ཆེན་བདུན་ས་ན། །བསམ་གཏན་མཆོག་ལྡན་དབང་པོ་ཉེ་དབང་བཅས། །ལྷ་མིན་བདུད་ཀྱི་དཔུངས་ཚོགས་གཞོམ་པའི་ཕྱིར། །རྩེ་ཅིག་ཆོས་དོན་བགྲོ་བར་བྱེད་པ་ན། །ཤེས་རབ་རྔ་བོ་ཆེའི་སྒྲ་སྐད་ཀྱི། །ཐབས་མཁས་བསྐུལ་བར་བྱེད་ལ་ཡ་མཚན་མེད། །རྣམ་རྟོག་ནག་ཕྱོགས་ཀླུའི་སྔ་སྒྲ་དག །དཔའ་གོང་བྱེད་པ་སྙིགས་དུས་ཡ་མཚན་ཆེ། །འོག་གི་ཕྱོགས་ཀྱི་ལྷུན་པོ་རབ་བརྟན་པ། །བྲག་རིའི་མཆེ་བ་གྱེན་དུ་འཕགས་པ་དང་། །སྒང་སྒུད་སྣ་ལྗགས་ཕྱོགས་སུ་རྐྱང་བྱས་ནས། །ནགས་ཚལ་རྒྱན་ཕྲེང་བཀོད་པའི་རྒྱན་གྱིས་སྤྲས། སྣ་ཚོགས་ལོ་ཐོག་བསྐྱེད་ཚལ་རྣམས་ཀྱིས་བསྐོར། །ཡན་ལག་བརྒྱད་ལྡན་ཆུ་བོ་དུ་མ་རྣམས། །དངས་ཞིང་བསིལ་བྱེད་སྒྲ་སྙན་ལྷུང་ལྷུང་སྒྲགས། །པད་མའི་མཚོ་ན་གནས་པ་ཡིན་ནམ་སྙམ། །འདི་ཅི་དགའ་བའི་ཚལ་ཁྲོད་ན། །པད་མ་ལང་ལོང་ཨུཏྤལ་གྱིས། །འོག་ཕྱོགས་མཉམ་ལ་རྨི་ཉམས་བཞིན། བདེ་ཆེན་བཞི་པའི་དེ་མཚུངས་ལྟ། །ཆུ་བྲན་རླུང་གི་སྒྲ་དབྱངས་རྣམས། །སྣ་ཚོགས་རོལ་མོ་བརྡུངས་བ་བཞིན། །ཉི་མ་ཟླ་བ་སྐར་མ་རྣམས། །རིན་ཆེན་ཕྲེང་ལྡན་ལྷའི་བུ། །མཐུ་ཆེན་མཁའ་ལ་བསྐོར་བྱེད་ཅིང་། དུས་སུ་ལྷ་དབང་ཞབས་དྲུང་དུ། །བསྐོར་ཞིང་ཡང་ཡང་འདུ་བྱེད་ལ། །ཕན་ཚུན་གསལ་བར་མཛེས་པར་བྱེད། །ཀྱེ་མ་སྤྲིན་གྱི་རྔ་སྒྲ་རབ་གྲགས་པ། །ནམ་མཁའ་རྒོད་ཤིང་དབུགས་འབྱིན་བྱེད་པ་བཞིན། གསེར་འོད་རབ་འབར་གློག་ཕྲན་འགྱུར་བ་བཞིན། །ཡན་ལག་གར་མཛེས་བྱེད་པའི་གཟུགས་ལྡན་ཞིང་། །ཆར་ཕྲན་རིན་ཆེན་ཕྲེང་བ་འཐོར་བ་ཡིས། །སྐབས་སུ་བབ་ཚེ་སྐྱེ་འགྲོ་ལྷ་ཚོགས་རྣམས། །མགུ་བར་བྱེད་ཅིང་སེར་བུའི་ངད་ལྡན་པས། །དྲི་ཞིམ་ཕྱོགས་ཀུན་ལྡང་བའི་རོལ་མོ་མཁན། །རྣམ་གཡེང་གཉིས་བྲལ་བསམ་གཏན་རྗེས་སུ་མཐུན། །འདི་འདྲའི་དུས་ཚིགས་ལྷའི་རོལ་མོ་མཁན། །དེའི་དུས་ན་འདོད་ལྷའི་བུ་མོ་རྣམས། །ལ་ལོང་འདུ་བར་བྱེད་པ་འདི་རེ་མཚར། །བདེ་ལྡན་བདེ་བྱེད་བདེ་ལྡན་བདེ། །རབ་མཆོག་རབ་བྱུང་རབ་མཆོག་རབ། །བླ་མེད་བླ་མ་བླ་མེད་བླ། །བསྟོད་བྱེད་བསྟོད་པ་བསྟོད་བྱེད་བསྟོད། །ལྷ་ཡང་ཡིད་རབ་དད་བྱེད་ཅིང་། །ལྷ་མ་ཡིན་རས་གཡོ་བ་དང་། །མི་ལས་གཞན་རབ་ཕུལ་བྱུང་དུ། །ལྷ་མོ་མཆོག་རབ་མཛེས་པ་བཞིན། །གནས་དང་བསྟོད་པའི་ཟློས་གར་དག །ཕན་ཚུན་བསྟོད་པའི་ཟློས་གར་གནས། །གར་གནས་བསྟོད་ཀྱང་བཟློས་ཕན་ཚུན། །གར་གནས་བསྟོད་པ་བཟློས་པ་ཡིན། །བྲིས་པ་དགའ་བྱེད་བླུན་པོ་མོས་པར་བྱེད། །མཁས་པ་མགུ་བྱེད་ཚིག་ལ་ཡི་རང་བྱེད། །བསམ་གཏན་བསྐྱེད་བྱེད་རབ་གསལ་བར་བྱེད། །འདི་ལྟར་སྨྲ་བྱེད་ཁྱབ་འཇུག་ལས་གཞན་བྱད། །ཀྱེ་མ་ཁྱབ་འཇུག་འཕྲོག་བྱེད་ལྷ་དབང་གཞོན་ནུ་དང་། །དབྱངས་ལྡན་ལྷ་མ་སྙན་ངག་མཁན་ནི་ཁོ་བོ་ལ། །ནམ་མཁའ་འདི་ནི་སྐྲག་ཅིང་ཕྱོགས་ཀུན་འགྲན་འདོད་ནས། མཐའ་མེད་བྱས་ནས་སྣ་ཚོགས་འཇིག་རྟེན་བཀོད་པ་སྙམ། །དཔའ་བོ་ཞེས་བྱས་སྙན་ངག་བྱས་པ་བདེན། །རྒྱལ་བའི་ཡོན་ཏན་ཚད་མེད་གྱུར་པ་བདེན། །དེང་སང་བླུན་པོ་ཅ་ཅོ་སྒྲོགས་པ་བདེན། །དབེན་གནས་ཞི་བར་ཆོས་དང་མཐུན་པ་བདེན། །འཇིག་རྟེན་སྒྱུ་མས་བྲིད་ནས་འཁོར་བ་རྫུན། །མཚན་ཉིད་མི་ལྡན་བསྟོད་པ་བརྗོད་པ་རྫུན། །མི་རྟག་པ་ལ་རྟག་པ་འདོད་པ་རྫུན། །སྒྲ་ལ་དོན་དུ་བྱས་པར་བྱས་ཀྱང་རྫུན། །ཚུལ་མིན་བཟློས་ནས་མཁས་གྲུབ་ལྡན་པ་རྣམས། །གནས་འདིར་ཡོན་ཏན་སྙན་ངག་མེ་ཏོག་གི །ཕྲེང་བ་དུ་མ་འཐོར་བར་མཛད་མཐོང་ནས། །རང་བྱུང་གིས་ཀྱང་གནས་འདི་ལྷ་དབང་དང་། །ས་བསྲུངས་དེ་དང་གཟུགས་ཅན་རབ་རྟོག་དང་། ཟུང་ལྡན་ཟུང་ལྡན་ཆེན་པོ་ཁྱེད་འཁོར་ལྡན། །རང་བཞིན་བརྗོད་པའི་སྲད་བུས་སྤེལ་བ་ལ། མཁས་མཆོག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། བདེ་ཆེན་སྟེངས་ཀྱི་ཕྱོགས་གཅིག་བརྗོད་པའི་ངག་རྫོགས་སོ།། །། ༈ དུས་བཞིའི་གནས་ལ་བསྔགས་པ་བཞུགས་སོ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མངའ་བདག་རྒྱལ་བ་སྲས་དང་བཅས་པ་དང་། དཔལ་ལྡན་འགྲོ་མགོན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པ་རིན་ཆེན་མཆོག་ཏུ་ཟབ་ཡངས་ཆུ་གཏེར་གྱི། །ཡོན་ཏན་གནས་ལ་མངོན་པར་ཕྱོགས་ཏེ་འདུག་པ་རྣམས། །དལ་འབྱོར་གྲུབ་ཆེན་བླ་མ་རྣམས་ཀྱིས་མཉམ་པ་ཡིས། །ལེགས་པར་ཟིན་གྱུར་ཚེ་ན་མྱུར་དུ་བརྩོན་པར་མཛོད། །གང་དག་ཚུལ་གནས་ཐོས་དང་ལྡན་པ་དེ་དག་ཀུན། །བསམ་གཏན་གནས་མཆོག་རྣམས་སུ་འབད་དེ་བསྒྲུབ་པར་བྱ། །རྒྱལ་བས་བསྔགས་ཤིང་ཡོན་ཏན་ཀུན་གྱི་གནས་སུ་གྱུར། །དེ་བས་རེ་ཤིག་དབེན་པའི་ཡོན་ཏན་མཁྱེན་པར་མཛོད། །གང་དག་དབེན་དང་དབེན་པའི་གནས་ཀྱི་རང་དབང་མྱོང་། །དེ་དག་མི་ཁོམ་ཉམས་པའི་ཁྲོད་དུ་གནས་སུ་མཉམ། །དེ་ཕྱིར་འདིར་ནི་ངག་དང་ཚིག་རྣམས་དྲི་མེད་པས། །མདོ་ཙམ་བརྗོད་པས་འདི་ལ་རྗེས་སུ་ཡི་རང་གྱིས། །རྒྱལ་བས་རྒྱུད་དང་མདོ་རྣམས་ལས་གསུངས་སྤྱི་དང་བྱེ་བྲག་ཁྱད་པར་གྱི། །གནས་དེ་རྣམ་པ་བསམ་གྱིས་མི་ཁྱབ་འདིར་ནི་རགས་པ་སྤྱིར་བཤད་པ། དགུན་གྱི་དུས་སུ་རྡོ་རྗེའི་བྲག་རི་ནགས་ཚལ་ཚོགས་ཀྱིས་སྤེལ་བྱས་པ། །རིན་ཆེན་འོད་འབར་འབར་བའི་ཕུང་པོ་འཕྲོ་བ་ལྟ་བུའི་འོད་གསལ་ཞིང་། །ཨུད་པ་ལ་དང་དངས་པའི་རིན་ཆེན་རྡོ་རྗེ་རལ་གྲི་བསྣམས་པ་ལས། །ལྟ་བུར་མཛེས་ཤིང་ཤིང་རྣམས་ཡལ་ག་ཡན་ལག་གར་མཛེས་བྱེད་པ་བཞིན། །ལོ་མའི་ལྡིང་ཁང་ཁང་མཛེས་བཞི་ལྟར་ཀུན་ནས་གསལ་བའི་ཕྱོགས་དག་ན། །ཚང་ཚིང་ནགས་ཚལ་སྤྲིན་ཕུངས་ལ་ལར་ཕྲེང་བ་བཀོད་པ་འདྲ། དགའ་དགའ་ལྟར་སྣང་སྤོས་ཀྱི་ངད་ལྡང་ལ་ལར་ཆུ་གཙང་སྔོན་པོ་འབབ། །སྐབས་སྐབས་དག་ན་དངས་པའི་ཆུ་མིག་ལ་ལར་ཤེལ་གྱི་ཆུན་པོ་བཞིན། །ལྷང་ལྷང་འཚེར་བའི་ཟར་བུས་བརྒྱན་ཅིང་ལ་ལར་རླུང་གིས་འཕོག་པའི་སྒྲ། འུར་འུར་དལ་བུས་སྒྲོག་པར་བྱེད་ཅིང་ལ་ལར་རོལ་མོ་བརྡུངས་པ་འདྲ། །རྩ་བའི་ཚོགས་རྣམས་སྣ་ཚོགས་རོ་ལྡན་དྲི་རབ་དང་ལྡན་བཟར་རུང་པ། །ས་ཕྱོགས་དེ་འདྲ་རྩ་རླུང་གནད་རྣམས་སྒོམས་ན་ཚེ་འདིར་དངོས་གྲུབ་ཐོབ། སོས་ཀའི་དུས་ལ་བབ་པའི་ཚེ་ན་མཚོ་འགྲམ་རབ་ཏུ་ཡིད་འོང་པ། ཨན་དྷ་སྙིལ་གྱི་དུམ་བུ་འདྲ་བ་རླབས་ཀྱི་ཕྲེང་བ་འཕྲོ་བ་དག །པདྨ་དཀར་པོ་ལྟ་བུ་ཆིལ་ཆིལ་སྒྲ་སྒྲོགས་ཤིང་། །བྲག་ལ་ཕོག་པའི་བརླབས་ཕྲེང་རྣམས་ནི་མུ་ཏིག་ཕྲེང་བ་མཐོར་བ་བཞིན། །མྱུ་གུ་ལྡུམ་བུ་གསར་པ་རྣམས་ནི་ཀུན་ནས་ཁ་འབུས་འཛུམ་པ་འདྲ། །ལྗོན་པའི་ལྕུག་ཕྲན་སྣ་ཚོགས་རིན་ཆེན་དུམ་བུའི་ཕྲེང་བ་འཁྲུགས་པ་བཞིན། །ས་རླངས་གཡོས་པ་ལྷུན་པོའི་རྩེ་མོར་རབ་དཀར་ཅོད་པན་གཡོ་བ་འདྲ། །གཞན་དག་ནམ་མཁའ་ཕང་ཕུང་འདུ་ཞིང་ཕྱོགས་ཀྱི་ཐ་གྲས་འཇལ་བ་བཞིན། །ཀུན་ཏུ་ཁྱབ་བྱེད་ས་གཞི་བསྣུམ་པར་བྱེད་པ་བཞིན་དུ་དགའ་བའི་གནས། དེ་འདྲ་རྣམས་སུ་བསམ་གཏན་བདེ་བ་རྦ་རླབས་མེད་པ་ཐོབ་པ་ཡིན། །དབྱར་གྱི་དུས་ལ་བབ་པའི་ཚེ་ན་ཕྱོགས་རྣམས་རབ་ཏུ་མཛེས་པ་ཡི། །གངས་རི་དཔལ་ལྡན་ཀུ་མུ་ཏའི་འོད་དང་ཟླ་འོད་ཕྲད་པ་བཞིན། །ཀུན་ནས་བསྐོར་ཞིང་སྤང་ལྗོངས་རྣམས་ནི་ཀུན་ཏུ་ལག་མཐིལ་ལྟར་མཉམ་པ། །རྨ་བྱ་དང་ནི་ནེ་ཚོའི་མགྲིན་ལྟར་འཚེར་ལ་འཇམ་ཞིང་སྔོ་བ་ཡི། །ནེ་སིང་ཀུན་ནས་མེ་ཏོག་སྣ་ཚོགས་བཀྲ་ཞིང་འབར་བར་བྱེད་པ་བཞིན། །དུས་ཀྱི་རླུང་གི་བསྐྱོད་པའི་སྤྲིན་རྣམས་སྦྲུལ་མགོའི་གདེང་ཀ་འཕྱོ་བ་ཡི། །ཀླུ་རྒྱལ་ཚོགས་རྣམས་གུས་པས་འདུད་འདྲ་བླ་རེས་བྲེས་པ་བཞིན། །གློག་ཕྲན་འགྱུ་བའི་གར་མཛེས་བྱེད་ཅིང་སྤྲིན་གྱི་སྔ་སྒྲ་རྒོད་པ་འདྲ། མཛེས་པའི་ཆར་ཕྲན་མུ་ཏིག་གཏོར་བ་བཞིན་དུ་འབབ་པས་ངད་ལྡང་ཞིང་། །གཤོང་བུ་རྣམས་སུ་རང་གི་སྦུ་བས་བརྒྱན་པའི་ཆུ་རྣམས་འགྲན་པ་བཞིན། །ལྷུང་ལྷུང་སྒྲ་སྒྲོགས་ཡན་ལག་བརྒྱད་ཀྱི་སྒྲ་སྙན་འབྱིན་པ་ལྟ་བུས་བརྒྱན། །བྱ་ཚོགས་དུ་མས་བསྟོད་པར་བྱེད་ཅིང་བུང་བའི་ན་ཆུང་གླུ་ལེན་པ། །རི་དྭགས་རྣམས་ཀྱིས་མཛེས་པར་སྤྲས་པའི་དབེན་གནས་རྣམས་སུ་རྣལ་འབྱོར་ཅན། །རྒྱལ་བའི་གསུང་ལྟར་ཉམས་སུ་བླངས་ན་ལྷག་མཐོང་ཡེ་ཤེས་སྐྱེ་བར་འགྱུར། །སྟོན་གྱི་དུས་ན་སྤང་རི་མཛེས་པ་རིན་ཆེན་དུ་མའི་ཕུང་ཕུང་པོ། །ཅུང་ཟད་སྔོ་བ་དུས་ཚིགས་རྐྱེན་གྱིས་གཙོ་མའི་གསེར་སྦྱངས་ཕྱིས་པ་དང་། །མར་གད་རིན་ཆེན་སྤེལ་བ་བཞི་མཛེས་འབྲས་བུའི་ཚོགས་རྣམས་དུ་མ་རྣམས། །གཡོ་ཞིང་འདུད་པ་རླུང་གིས་གཡོས་པས་སྣ་ཚོགས་སྤོས་ཀྱི་ངད་ལྡང་ཞིང་། །ཡན་ལག་བརྒྱད་ལྡན་ཆུ་ཕྲན་རྣམས་ནི་རོལ་མོ་བསིལ་བཀྲོལ་བྱེད་པ་བཞིན། །ལྟེང་ཀ་འབབ་ཆུས་ཉི་མའི་འོད་ཀྱིས་གནམ་སྔོན་ཞུ་བ་ལྟར་སྔོ་བ། །རང་གི་རླབས་ཀྱི་ཡན་ལག་བསྐྱེད་པས་ཟླ་བའི་འོད་ཟེར་འཕྲོ་བ་བཞིན། །ལ་ལ་དག་ན་རླུང་གིས་ཕོག་པ་ཤེལ་གྱི་དུམ་བུ་ལྟ་བུ་ཡི། ཆུ་རྣམས་ཉི་མའི་འོད་ཟེར་གྱིས་ཕོག་པས་དགའ་བས་ས་སྟེངས་རྒྱུ་བ་འདྲ། །ཟླ་བ་སྐར་མའི་ཚོགས་རྣམས་འབར་ཞིང་ནམ་མཁའ་རྒོད་པར་བྱེད་པ་བཞིན། །ཀུན་ནས་བཀྲ་ཞིང་སེར་བུ་བསིལ་བ་རླུང་ཡབ་དལ་གྱི་གཡོས་པ་འདྲ། །དེ་འདྲའི་གནས་སུ་བྱང་ཆུབ་སེམས་ལྡན་བསམ་གཏན་སྔས་ནི་གཞན་དོན་བྱུང་། །དེ་ལྟ་མོད་ཀྱིས་འཁོར་བ་འདིར། །དཔག་མེད་དུས་རིང་འཁོར་བྱས་ཏེ། །ད་རུང་སྐྱེ་བར་མ་གྱུར་པ། །ཀྱེ་མ་སྲེད་པའི་སྟོབས་འདི་ལ་མཚར། །རྒྱལ་བས་སྐྱོབ་པ་དེ་རྣམས་ཀྱི། ཐུགས་རྗེའི་སྟོབས་ཀྱང་ཆུང་བ་བཞིན། །རྒྱལ་བས་ས་སྟེངས་སྣང་མཛད་ཆེ། །ཚངས་དང་འཕྲོག་བྱེད་ལ་སོགས་ལྷ། །ཐམས་ཅད་ཡན་ལག་ཐལ་མོ་ཡིས། །ཀུ་མུ་ཏ་རྣམས་ཟུམ་གྱུར་ཅིང་། །གདོང་གི་ཆུ་སྐྱེས་པད་མོ་ལས། བསྟོད་པའི་སྦྲང་རྩི་མ ཐོན་གྱུར་ཅིང་། །མ་རིག་མུན་པ་ཀུན་གསལ་ནས། །དེ་བཞིན་གཤེགས་པ་གཤེགས་བཞིན་ནོ། །མཛད་རྣམས་དོན་ལྡན་དོན་རྣམས་མཛད། །སླད་བྱུང་གང་དེ་གང་འབྲས་སླད། །འདིས་ནི་དོན་མཛད་དོན་ནི་འདི། །གཞན་ཕྱིར་ཡིན་པས་ཡིན་ཕྱིར་གཞན། །མི་མཛད་དེ་ནི་མི་ལྡན་ཞེས། །བསྒྲགས་པ་མིན་ཀྱང་སྙན་པར་བསྒྲགས། །དེ་ལྟར་ཐམས་ཅད་མཁྱེན་པས་རྗེས་བཟུང་ཚེ། །ནོར་འདོད་པ་དག་གཏེར་ནི་མཐོང་བ་བཞིན། །འཕགས་པའི་རིན་ཆེན་ཐོབ་པར་མི་བྱེད་གང་། དེ་ནི་ཁྱུ་མཆོག་འཁོར་གྱི་ཚོགས་ཡིན་ནོ། །བླུན་པོ་དེ་དག་ཚེ་འདིའི་དཔལ་ལ་ཡང་། །རྩེ་བ་མེད་པར་མྱོས་ནས་རིག་རིག་ལྟར། །བདེ་བ་ཟིལ་མནན་སྡུག་བསྔལ་ཁུར་ཆེན་གྱི། །འོག་ནས་འོག་ཏུ་གཞོལ་བ་ཀྱེ་ཧུད་ཉམས། དེ་བས་དེ་ཕྱིར་དེ་ལ་དེ་མཐར་ཕྱིན། །དཔལ་ལྡན་དཔལ་མཆོག་དཔལ་སྣང་དཔལ་གྱི་ལམ། །ཐོབ་བྱ་ཐོབ་རྒྱུ་ཐོབ་དེ་ཐོབ་ནས་ཀྱང་། །ཚུལ་མིན་ཚུལ་སྤངས་ཚུལ་ཁྲིམས་ཚུལ་བསྟན་མཛོད། །དེ་དང་ཉེར་ལྡན་བསམ་གཏན་གཏན་བྱས་ཤིང་། །དྲི་མེད་ལྷག་མཐོང་ཤེས་རབ་རབ་སྤེལ་ན། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ཤེས་བྱ་ལ། །མངོན་སུམ་ལྟ་བུར་ཆོས་ཉིད་རྟོགས་པར་འགྱུར། །རྒྱལ་བའི་ཞལ་གྱི་དཀྱིལ་འཁོར་ལས་བྱུང་རྣམ་དག་ཆོས་ཀྱི་འོད་ཟེར་གྱིས། །ཕོག་པའི་བློ་མཆོག་པད་མོ་ཀུན་རྒྱས་ཡོན་ཏན་མཆོག་གི་ཟེ་འབྲུ་བཀྲ། །དེ་ལྟ་མོད་ཀྱི་བདུད་ཀྱི་ན་ཆུང་བཞིན་མཛེས་པད་མའི་ནགས་ཚལ་དག བདག་པོར་ལྟ་བས་དུང་དུང་ཡང་ཟེར་གྱིས་ཕོག་པ་བཞིན་དུ་འཛུམ། །དེ་ལྟར་མཐོང་ནས་དགའ་བྱེད་ལ་སོགས་ཡུལ་འདི་སྨད་པ་མི་ནུས་ཀྱང་། །མཆོག་གི་བླ་མ་མཆོག་ཏུ་ཉེར་བསྟན་རོ་མཆོག་མྱོང་ནས་འདིར་བྲིས་སོ། །རྣམ་དག་མིང་ཅན་དམ་པ་རྣམས་ཀྱིས་མཐོང་ན་མིག་ནི་མི་གཡོ་པར། །ཅུང་ཟད་དགོངས་ཅིག་བཀོད་པའི་ཚུལ་འདི་རྒྱལ་བས་གསུངས་དང་མཐུན་པ་མཉམ། །འདི་ལྟར་དོན་མེད་བྲིས་པ་འདི། །རང་བྱུང་མིང་ཀྱང་རང་བྱུང་མིང་། །རྡོ་རྗེ་ཞེས་བྱ་རྡོ་རྗེ་ཡི། །གནས་ལུགས་སྟོང་པ་ཉིད་དོན་ལ། །ཀུན་རྫོབ་ཚུལ་དང་འདྲེས་མཐོང་པ། །དེ་ཡིས་རེ་ཤིག་བྲིས་པ་ཡིན། །བདག་ནི་སྙན་ངག་མཁན་མིན་ཅིང་། མངོན་བརློམ་གྱིས་དྲེགས་མ་ཡིན་ཏེ། །འོན་ཀྱང་ངག་ཚིག་རྒྱ་མཚོ་ལས། །སྡེབས་སྦྱོར་སྦྲང་རྩི་ལེགས་པར་རྙེད། །ཡིག་གེ་མ་ནིང་ཕོ་མོ་དང་། །འབྱུང་བའི་གནས་དང་ཡོན་ཏན་ཀུན། །ལམ་དང་མཐུན་པར་བསྡུད་བྱེད་པར། བློའི་སྟོབས་ཀྱིས་མཐོང་བ་ཡིན། །སླད་ཀྱིས་རྩོམ་པ་བཞེད་རྣམས་ཀྱང་། །དེ་རྣམས་ཚུལ་བཞིན་རྟོགས་པར་མཛོད། །དུས་བཞིའི་གནས་ལ་བསྔགས་པ་སྡེབས་སྦྱོར་སྣང་བ་ཞེས་བྱ་བའོ།། །། ༈ རོང་བཙན་ཁ་བ་དཀར་པོའི་བསྟོད་པ་བཞུགས་སོ། །གནས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ལྷུན་པོའི་བརྒྱན་ཞེས་བྱ་བའི་བསྟོད་པ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པ་དྲི་མ་མེད་དང་རབ་བསྟན་ནས། །མ་རིག་དྲི་བསལ་དྲི་མ་མེད་ལམ་སྟོན། །ས་ལམ་དྲི་མ་ཀུན་བཅོམ་དྲི་མེད་བརྙེས། །ཤེས་བྱའི་དྲི་མ་བྲལ་ལ་ཕྱག་འཚལ་ལོ། །སྙིགས་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས། །བསྒྲུབ་པའི་སྙིང་པོ་ཉམས་སུ་ལེན་བྱེད་པ། དེ་ཉིད་རྐྱེན་གྱུར་དབེན་པ་བརྟེན་བྱ་ཞིང་། །མདོ་ལས་བྱུང་བ་དེ་དང་མཐུན་གྱུར་པ། །རི་བྲག་བས་མཐའ་ཆེན་པོར་གནས་པ་རྣམས། །ཕྱོགས་སུ་བསྔགས་ཤིང་ཉི་ཤུ་རྩ་བཞིའི་གནས། །རྒྱུད་སྡེའི་མཆོག་ལས་སྙིང་པོར་གསུངས་པའི་ཕྱིར། །གནས་འདིའི་ཡོན་ཏན་ཅུང་ཞིག་བརྗོད་པར་བྱ། །བསིལ་ཟེར་འཕྲོ་བའི་ཆུ་གཏེར་པད་མོ་ལ། །རི་རབ་གླིང་བཞིར་བཅས་པའི་ཟེ་འབྲུ་བཀྲ། །ཁྱད་པར་དམ་ཆོས་རྩི་བཅུད་ལེགས་ལྡན་པའི། །འཛམ་གླིང་ཡོན་ཏན་ཚོགས་ཀྱིས་བཀྲ་བའི་དབུས། །རྡོ་རྗེ་གདན་ལས་བྱང་ཕྱོགས་གངས་རིའི་ཞོལ། །གྲུབ་པའི་གནས་མཆོག་མཁས་གྲུབ་གྱིས་བསྟེན་པ། །གངས་ཅན་པོ་ཏ་ཝ་རིའི་ཤར་གྱི་ཕྱོགས། །ཁྱད་པར་འཕགས་པའི་གནས་སུ་གྱུར་པ་ཡིན། །བྱང་ཕྱོགས་ལི་ཡི་ཡུལ་ཞེས་གྲགས་པ་ན། །རྒྱལ་བའི་བྱིན་བརླབས་གླང་རུའི་རི་དང་བཅས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱོན་པའི་གནས། །གྷྲི་ཧ་དེ་བའི་ཡུལ་ལས་ལྷོ་ཕྱོགས་ཡིན། ཤར་ཕྱོགས་གྷ་དྷ་ར་ཞེས་གྲགས་པའི་ཡུལ། །ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བསྲུངས། །རྒྱལ་བའི་བསྟན་ལ་དད་པ་རྒྱས་གྱུར་པའི། །ལོངས་སྤྱོད་ལྡན་པའི་ཡུལ་གྱི་ནུབ་ཕྱོགས་ཡིན། །དབུས་འགྱུར་འཆང་ལས་ཤར་གྱི་ཕྱོགས་གྱུར་པ། །གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་ཞིང་། འདོད་པའི་གཟུགས་ཅན་ལྷ་མོ་བྱུང་བའི་གནས། །ཀ་མ་རུ་པའི་གནས་ཀྱི་བྱང་ཕྱོགས་ཡིན། །དེ་དག་རྣམས་ཀྱི་དབུས་ཀྱི་ཆར་གནས་པ། །པྲེ་ཏ་པུ་རིའི་གནས་ཀྱི་མཚན་ཉིད་ལྡན། །སྙིགས་མའི་དུས་ཀྱི་བསྒྲུབ་པའི་གནས་གྱུར་པ། །ཀུན་གྱི་བགྲོད་དཀའ་མ་མོ་མཁའ་འགྲོའི་གནས། །དཔལ་ལྡན་བླ་མ་རྣམས་ཀྱིས་ལུང་བསྟན་པའི། །རི་འདིའི་མཚན་ཉིད་མདོ་ཙམ་བརྗོད་པ་ནི། །རི་བོ་དངས་བསལ་ཤིན་དུ་དཀར་བའི་འོད། ཀུ་མུ་ཏ་དང་ཟླ་བ་སྤུངས་པ་བཞིན། །རབ་དཀར་ལྷུན་མཐོ་མཐོ་ཁྱད་ལྷག་པར་འཕགས། །སྤྲིན་དཀར་ཞི་བའི་ཅོད་པན་རྣམ་པར་མཛེས། འདིའི་ཤར་ཕྱོགས་ལྷའི་ཁང་པ་སྟེང་། །རྡོ་རྗེ་དྲག་འདུལ་འཁོར་དང་བཅས་པ་གནས། །ཕལ་གྱིས་བགྲོད་དཀའ་འཇིགས་པའི་སྒྲ་འབྱིན་པ། །ཆུ་རྣམས་རང་གི་སྦུ་བས་གཡོ་བར་འབབ། །རི་བྲག་རྣམས་ཀྱང་མཚོན་ཆའི་རྣམ་པ་ལྟར། །རབ་འཇིགས་ནགས་ཚལ་ཚོགས་ཀྱིས་ལེགས་པར་བརྒྱན། །དེའི་དབུས་ན་ནེའུ་སིང་རབ་མཛེས་པ། །ཆོས་ཀྱི་འབྱུང་གནས་ལྟ་བུའི་དབྱིབས་ལྡན་པའི། །ཤིན་ཏུ་མཛེས་པའི་ལྟེང་ཀས་བརྒྱན་པ་ཡོད། སྔོན་ཚེ་སློབ་དཔོན་པད་མ་འབྱུང་གནས་དང་། །བླ་མ་བྷེ་རོའང་འདི་རུ་བྱོན་ཞེས་གྲགས། །འདི་ནི་མཁའ་འགྲོ་རྣམས་ཀྱི་གནས་མཆོག་སྟེ། །བཟང་པོའི་དུས་ལ་འདུས་ཤིང་ཚོགས་མཛད་དེ། །སྐལ་ལྡན་རྣམས་ལ་བྱིན་གྱིས་བརློབ་ཅེས་གྲགས། །དེའི་ལྷོ་ཕྱོགས་ངོས་ཀྱི་རྒྱུད་ལ་ནི། །རབ་འཇིགས་དུར་ཁྲོད་བདག་པོའི་ཆས་ལྡན་པ། །ལྷ་དམག་འབུམ་གྱིས་བསྐོར་བ་ཡོད་ཅེས་གྲགས། །འདི་ནའང་དྲག་པོའི་མངོན་སྤྱོད་གྲུབ་པའི་གནས། །དཔག་མེད་ཡོད་ཅིང་ཁྱད་པར་ལྷའི་གནས། །དེ་ཉིད་མཆོག་ཏུ་གྱུར་པར་བསྔགས་པ་ཡིན། །འདིའི་ནུབ་ཀྱི་ཕྱོགས་དང་ཉེ་བ་ན། དམར་མོ་ཁྲག་མདོག་བསེའི་ལན་ཕྲན་ཅན། །མ་མོ་བྱེ་བའི་ཚོགས་ཀྱིས་ཡོངས་བསྐོར་བར། །ཐུན་མོང་ལས་རྣམས་ཐོགས་པ་མེད་འགྲུབ་པ། །གནས་ཤིང་དེའི་སྐུ་དང་བཅས་པའང་ཡོད། །འདི་ནི་རབ་ཏུ་ཆོ་འཕྲུལ་ཆེ་བའི་གནས། །བགྲོད་པར་དཀའ་ཞེས་དཔལ་ལྡན་བླ་མས་གསུངས། །འདིའི་བྱང་གི་ཕྱོགས་སུ་གནས་པ་ནི། །གནོད་སྦྱིན་དྲེལ་ལ་དགའ་བ་ཞེས་བྱ་པ། །གནོད་སྦྱིན་དུ་མའི་འཁོར་དང་བཅས་པ་གནས། འདི་དང་ཉེ་བའི་གནས་ཀྱི་ཕུག་པ་ན། །བསྒྲུབ་པའི་གནས་མཆོག་ཆོས་འབྱུང་གིས་བརྒྱན་པ། །ཆོ་འཕྲུལ་དུ་མ་སྟོན་པ་ཡོད་ཅེས་གྲགས། །དེ་ལྟར་གྲུབ་པའི་གནས་མཆོག་གིས་བསྟེན་པ། །འདི་ནི་རོང་བཙན་ཁ་བ་དཀར་པོ་ཞེས། །ཀུན་ཏུ་ཁྱབ་པའི་མིང་གིས་མཚན་པ་ཡིན། །འདིའི་ཕྱོགས་རྣམས་ཀུན་ནས་རབ་བསལ་བའི། །ཆུ་བོ་སྒྲ་སྙན་འབྱིན་པའི་ཚོགས་རྣམས་དང་། །ལྟ་བས་མི་ངོམས་ཤིན་ཏུ་རབ་མཛེས་པ། །མཚོ་དང་ལྟེང་ཀའི་ཚོགས་ཀྱིས་བཀྲ་བར་གནས། འདིའི་འཁོར་དུ་གངས་རིའི་ཕྲེང་བ་ནི། །ཤར་ཕྱོགས་གྷན་དྷ་རིའི་ས་མཚམས་ནས། །རྡོ་རྗེ་འབར་བའི་གནས་ཀྱི་བར་དུ་ཡིན། །གནས་འདིའི་ཉེ་འཁོར་ཁོ་ར་ཁོར་ཡུག་ན། །དུས་མིན་འཆི་དང་མུ་གེའི་འཇིགས་པ་བྲལ། །ཨ་ཀ་རུ་དང་ཙན་དྷན་རྒུན་འབྲུམ་ཤིང་རྩ་སོགས། ཤིང་མཆོག་རིགས་ནི་དཔག་ཏུ་མེད་པ་ཀུན། །དེ་དག་རྣམས་ཀྱང་སྨན་གྱི་ནུས་པར་ལྡན། ཉི་མ་བྱང་བགྲོད་ཤིན་ཏུ་དྲོ་བའི་དུས། །འདི་ནི་རབ་བསིལ་གངས་རིའི་ཕྲེང་བར་ལྡན། །ཉི་མའི་ལྷོར་བགྲོད་ཤིན་ཏུ་བསིལ་བའི་ཚེ། །འདི་ནི་མྱུ་གུ་ལ་ལ་འབྲས་བུའི་ཚོགས། སྨིན་ཅིང་ཨིན་ཏྲའི་མདངས་ཅན་ཉིད་དུ་གནས། །རབ་བསལ་ཚོན་རྣམས་ཀུན་གྱིས་བསྒྱུར་འདྲ་བའི། །དྲི་ཞིམ་མེ་ཏོག་བརྒྱ་ཕྲག་དུ་མ་དང་། ལོ་མ་འབྲས་བུའི་ཚོགས་རྣམས་བསམ་མི་ཁྱབ། །ཕྱོགས་རྣམས་ཀུན་ནས་སྤོས་ཀྱི་ངད་ལྡན་པ། །ལྷའི་རོལ་མོ་སྒྲ་སྙན་བསྒྲོགས་པ་དང་། །ངོ་མཚར་ཆེ་བའི་རྣམ་པ་དུ་མ་རྣམས། །དག་པའི་ཡིད་ཅན་རྣམས་ཀྱིས་སྣང་བ་ཡིན། །འདིའི་རྣམ་པ་དཔག་མེད་ཡོད་མོད་ཀྱི། །འདིར་ནི་རེ་ཤིག་མདོ་ཙམ་བརྗོད་པ་ཡིན། །རྒྱས་པར་བླ་མ་རྣམས་ཀྱིས་མཛད་པ་ཡི། །གསུང་དང་གནས་འདི་ཉིད་ལ་རྟོགས་པར་བྱ། །འདི་ནི་རེ་ཤིག་གནས་ལ་དད་པ་ཡི། །སྐྱེས་བུ་རྣམས་ཀྱིས་ཅུང་ཟད་བསྐུལ་བའི་ངོར། །སྙན་ངག་སྡེབས་སྦྱོར་ཚིགས་རྣམས་སྤངས་ནས་ནི། །ཉུང་བསྡུས་གསལ་བར་སྦྱར་བའི་དགེ་བ་དེ། འགྲོ་རྣམས་ཉོན་མོངས་གཡེང་བ་རབ་སྤངས་ནས། །བསམ་གཏན་ནད་མེད་བདེ་བ་མཆོག་ཐོབ་ཤོག མཐར་ཐུག་སྲིད་ཞི་གཉིས་ལས་འདས་པ་ཡི། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག སྤྲེལ་ལོ་ཟླ་བ་གསུམ་པ་ཡི། ཚེས་བཅུའི་ཉིན་པར་རང་བྱུང་རྡོ་རྗེས་གནས་སྒོར་སྦྱར་བའོ།། །། ༈ མཚུར་ཕུའི་བསྟོད་པ་ཐུང་བ་བཞུགས་སོ། །ཨོཾ་སརྦ་སྭ་སྟི་སིདྷཾ་ཧཱུཾ། རང་བཞིན་དོན་ལ་མཉམ་མེད་ཆོས་ཀྱི་རྗེ། །འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པའི་སྐུ། །དུས་གསུམ་མཁྱེན་དང་ཆོས་རྗེ་རིན་ཆེན་གྱི། །དགོངས་པ་མ་ལུས་ཡོངས་སུ་རྫོགས་པ་ཡིས། །དབེན་གནས་ཆེན་པོ་མཚུར་ཕུ་དེ་ཉིད་ཀྱི། །བསྟོད་པ་ཅུང་ཞིག་བདག་གིས་བཀོད་པར་བྱ། །དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་མཚུར་ཀྱི་ཕུ། །ཟླ་འོད་གཞོན་ནུ་ཉིད་ཀྱིས་ལུང་བསྟན་ཅིང་། །བསྒྲུབ་པའི་གནས་མཆོག་ཁྱད་འཕགས་ཆེན་པོ་ཡི། །རྒྱབ་རི་དག་ནི་མཆོད་རྟེན་རྣམ་པ་ལ། བྱ་དང་གཅན་གཟན་རི་དྭགས་ཚོགས་རྣམས་ནི། །སྐད་སྙན་བསྒྲོགས་ཤིང་གར་ཐབས་རྩེ་བའི་ས། །སྐབས་སྐབས་དག་ན་ལྷ་གནས་འདྲ་བ་ཡི། །སྤང་ལྗོངས་དག་ལ་མེ་ཏོག་སྣ་ཚོགས་ནི། །ཨུཏྤལ་སྤང་བརྒྱན་ཤང་ཤང་ལ་སོགས་པའི། །མེ་ཏོག་རིགས་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་ཀུན་ཡང་དྲི་ཞིམ་ངད་དང་ལྡན། །དེ་ལྟར་མེ་ཏོག་རིགས་བཞིན་སྨན་རྣམས་ཀྱང་། །བསམ་གྱི་མི་ཁྱབ་མཐའ་ཡས་སྣ་ཚོགས་པ། །སོ་སོ་རང་རང་དྲི་ཞིམ་ངད་དང་ལྡན། །དེ་བཞིན་མེ་ཏོག་སྨན་རྣམས་བསྐྱེད་བྱེད་པའི། །ཆུའི་མཆོག་གྱུར་བསམ་གྱིས་མི་ཁྱབ་པ། །གནས་ཤིང་འགྲོ་བ་སྐོམ་གྱིས་གདུངས་བ་རྣམས། །སྐོམ་སེལ་དབུགས་ཀྱང་ཕྱིན་ཅིང་མཆོག་དགའ་ཐོབ། །དེ་ལྟར་རིའི་མཆོག་གྱུར་དེ་ལ་ནི། །རང་བྱོན་ལྷ་དང་ཡིག་འབྲུ་བསམ་མི་ཁྱབ། །དེ་བཞིན་སེམས་ཅན་དབུགས་སྲོག་བསྐྱེད་བྱེད་པ། །སྔོ་སྡུམ་ཟས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དེ་ལྟར་མདུན་གྱི་རི་བོ་དེ་ཉིད་ལ། །སེམས་ཅན་གོས་ཀྱིས་གདུངས་བར་གྱུར་པ་ལ། ཤིང་གི་རིགས་ནི་ཁྲི་ཕྲག་དུ་མ་ཡི། །མེ་ཡིས་དྲོད་ནི་ཆེན་པོ་བསྐྱེད་ནས་ཀྱང་། །འཁྱགས་པའི་སྡུག་བསྔལ་མ་ལུས་སེལ་བར་བྱེད། །དེ་བཞིན་སྨན་དང་མེ་ཏོག་ཆུ་ལ་སོགས། གོང་དང་འདྲ་ཞིང་རི་དྭགས་ཀུན་ཀྱང་གནས། བྱ་དང་གཅན་གཟན་ལ་སོགས་ཐམས་ཅད་ཀྱང་། །བདེ་བར་འཚོ་ཞིང་འཇིགས་པ་ཀུན་དང་བྲལ། །དེ་ལྟར་ལུང་པ་དེའི་ཕུ་ཉིད་ན། །སྤང་གཤོང་དག་ནི་གསེར་གྱི་མཎྜྻལ་འདྲ། །དབེན་ཞིང་ཉམས་དགའ་ལྷའི་གནས་ལྟ་བུ། །དེའི་རྩ་ན་གངས་ཀྱི་རྒྱལ་པོ་ནི། །རྒྱལ་བའི་མིང་ཅན་གནས་ཤིང་དེ་ནས་ནི། །ཆུ་རྒྱུན་བསིལ་བའི་ངད་ནི་འབབ་བྱེད་ཅིང་། །སེམས་ཅན་མིའི་འགྲོ་བ་ཐམས་ཅད་ལ། ཕན་བདེ་སྣ་ཚོགས་འབྱུང་ཞིང་སྐོམ་པ་སེལ། །དེ་ལྟ་བུའི་གནས་མཆོག་དེ་ཉིད་ན། །ཉ་དང་སྟོང་དང་ཚེས་བརྒྱད་ལ་སོགས་དང་། ཚེས་གསུམ་ལ་སོགས་དུས་བཟང་ཐམས་ཅད་ལ། །ནམ་མཁའ་ལ་ནི་འཇའི་གུར་ཕུབ་ཅིང་། །མེ་ཏོག་ཆར་པ་ལ་སོགས་འབྱུང་བའི་གནས། །དེའི་དབུས་ན་མཚུར་ཕུའི་དགོན་པ་ནི། ཇི་ལྟར་སྤང་ལ་མེ་ཏོག་བཀྲམ་པ་བཞིན། །ཇི་ལྟ་ཇི་བཞིན་ལྷ་ངེ་ལྷམ་མེ་བ། །ཀུན་གྱི་མཆོག་གྱུར་དཔལ་ལྡན་མཚུར་གྱི་ཕུ། །ཡ་མཚན་ཅན་གྱི་གནས་མཆོག་དེ་ལ་འདུད། །མཚུར་ཕུའི་བསྟོད་པ་རང་བྱུང་རྡོ་རྗེས་བྲིས་པའོ།། །། ༈ རི་ཆོས་དངོས་གྲུབ་ཕྲེང་བ་བཞུགས་སོ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དད་ལྡན་སྐྱེས་བུ་སྦྱངས་སྟོབས་ཅན། །བསྒོམ་ཆེན་རྣམས་ཀྱི་དོན་དུ་ནི། །གདམས་པ་ཅུང་ཞིག་བྲི་བར་བྱ། །ཆོས་སྐུ་མཁའ་ལྟར་དག་པ་ཡི། །དོན་མཆོག་ཡེ་ཤེས་ཕྱག་རྒྱ་ཆེ། །སྙིང་པོ་དོན་གྱི་ལྟ་བ་མཆོག །བསྒོམ་ཆེན་ཕྱག་རྒྱ་ཆེན་པོ་ཡི། དོན་རྟག་བདེ་ཆེན་ཏེ་ལོ་བ། །སྤྲུལ་སྐུ་དེའི་ཡོན་ཏན་ཡང་། །རི་ཁྲོད་འགྲིམས་པ་བདག་ལས་བྱུང་། །དེ་རྗེས་འཇུག་པའི་སྐལ་ལྡན་ནི། །དབྱེར་མེད་མཁའ་ལྟར་དོན་རྟོགས་ཤིང་། བདེ་ཆེན་མཆོག་གི་རྣལ་འབྱོར་པ། །རྗེ་བཙུན་ན་རོ་ཆེན་པོ་ཡང་། །རི་ཁྲོད་འགྲིམས་པས་རྫོགས་སངས་རྒྱས། །དམ་པ་དེའི་ཞབས་དྲུང་དུ། །བློ་གྲོས་རིན་ཆེན་རྣམ་པར་འཕྲུལ། །ཟབ་མོ་སྔགས་ཀྱི་སྒོ་འབྱེད་ཅིང་། གདམས་ངག་ཀུན་ལ་མཁས་པའི་མཆོག །ལྷོ་བྲག་པ་ཞེས་བྱ་བ་ཡང་། རི་ཁྲོད་འགྲིམས་པའི་བྱིན་བརླབས་ཀྱིས། །ལྟར་མེད་རྣམ་དག་ཕྱག་ཆེན་རྟོགས། །རྗེ་བཙུན་དེའི་ཞབས་དྲུང་དུ། །འཇམ་དཔལ་གཤིན་རྗེའི་རྣམ་པར་འཕྲུལ། །བསྒོམ་ཆེན་རྣམས་ཀྱིས་ཆེ་བ་སྟོན། །རྗེ་བཙུན་མིད་ལ་ཉིད་ཀྱང་ནི། །རི་ཁྲོད་འགྲིམས་པའི་ཡོན་ཏན་གྱིས། །མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས། །རས་པ་དེའི་ཞབས་དྲུང་དུ། །ལས་དང་ཐུགས་རྗེས་བྱོན་པ་ཡི། །ཟླ་འོད་གཞོན་ནུའི་རྣལ་པར་འཕྲུལ། །བླ་མ་དྭགས་པོ་རིན་ཆེན་ཡང་། རི་ཁྲོད་འགྲིམས་པའི་ཡོན་ཏན་གྱིས། །བརྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས། །འཕྲིན་ལས་བསམ་གྱིས་མི་ཁྱབ་པ། །རི་ཁྲོད་འགྲིམས་པའི་ཤུགས་ལས་བྱུང་། །རྒྱལ་སྲས་དེའི་ཞབས་དྲུང་དུ། །དགོངས་པ་མཆོག་ལྡན་སེང་གེ་སྒྲ། །ཐོས་བསམ་ལུང་རིགས་མཐར་ཕྱིན་ཅིང་། །ལྷོ་བྲག་གྲུབ་པའི་གནས་བདུན་དུ། མཉམ་མེད་གྲུབ་པ་ཐོབ་ཚུལ་བསྟན། །རྟོགས་ལྡན་དེའི་ཞབས་དྲུང་དུ། །འགྲོ་མགོན་བླ་མ་རིན་ཆེན་ཡང་། །རི་ཁྲོད་འགྲིམས་པས་དོན་མཆོག་བརྙེད། །གང་ཟག་དེའི་ཞབས་དྲུང་དུ། །རིན་ཆེན་པུནྱ་བཛྭ་ཡང་། །རི་ཁྲོད་འགྲིམས་པའི་ཡོན་ཏན་གྱིས། །མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས། དེ་རྗེས་ཞུགས་པའི་སྐལ་ལྡན་ནི། །སྦྱངས་པ་མཐར་ཕྱིན་རིན་པོ་ཆེ། །དཀའ་ཐུབ་བསམ་གྱིས་མི་ཁྱབ་པས། །ཤར་ཕྱོགས་སྤུང་རིའི་གནས་མཆོག་ཏུ། །བཅུ་གཉིས་བར་དུ་དཀའ་སྤྱད་ཅིང་། །གྲུབ་པ་ཐོབ་པའི་ཚུལ་བསྟན་ནས། །སེམས་ཅན་ཀུན་གྱི་སྨིན་གྲོལ་མཛད། །གྲུབ་ཐོབ་དེའི་ཞབས་དྲུང་དུ། །རང་ཅག་བླ་མ་རིན་ཆེན་ཡང་། །ཏིང་འཛིན་མཆོག་གིས་བྱིན་བརླབས་ཤིང་། །ཨུ་རྒྱན་ལ་སོགས་གནས་རྣམས་སུ། །བསྒོམ་ཚུན་བསྟན་ཅིང་ཕྱག་ཆེན་རྟོགས། །སྐྱེས་ཆེན་དེའི་ཞབས་དྲུང་དུ། །དུས་མཐའ་རྣལ་འབྱོར་རང་ཅག་ཀྱང་། རི་ཁྲོད་འགྲིམས་པས་ཡོམ་ཏན་རྫོགས། །དེ་རྗེས་འཇུག་པའི་སྐལ་ལྡན་རྣམས། །ཀུན་ཀྱང་རི་ཁྲོད་འགྲིམ་བྱ་ཞིང་། འཇིག་རྟེན་བྱ་བ་སྤངས་ནས་སུ། ཕྱོགས་མེད་པ་ཡི་རི་ཁྲོད་དུ། །ལྟེམ་བརྐྱང་མེད་པར་བསྒྲུབ་པ་བགྱིས། །ཆགས་སྡང་ཐམས་ཅད་སྤང་བྱ་ཞིང་། །ནགས་འདབ་རི་ཁྲོད་དགོན་པ་རུ། །གཅིག་པུ་ཉིད་དུ་བསྡད་བྱ་ཞིང་། །ལྟོས་གོས་འཁྲི་བ་གཅད་བྱས་ནས། །ཞེན་མེད་གཅིག་ཏུ་རི་ཁྲོད་འགྲིམས། །འཁོར་དང་མྱ་ངན་འདས་པ་ཡི། །དམ་ཆོས་མ་ལུས་ཐམས་ཅད་ཀྱང་། །ཀུན་ཀྱང་ཕྱག་རྒྱ་ཆེན་པོ་ཡི། །དོན་མཆོག་ཉིད་ཀྱང་བསྒོམ་པར་བྱ། །རི་ཁྲོད་བསྒོམས་པའི་ལྷ་འདྲེ་དང་། །བར་དུ་གཅོད་པའི་མི་མ་ཡིན། །དེ་དག་མ་ལུས་ཐམས་ཅད་ཀྱང་། །སྙིང་རྗེ་ཆེན་པོའི་སེམས་ཀྱིས་ནི། །ཐམས་ཅད་བླ་མར་བསྒོམ་བྱ་ཞིང་། །བྱིན་གྱིས་བརློབ་པའི་ཚུལ་དུ་བསམ། །རང་ཉིད་གཅིག་པུར་འདུག་པའི་ཚེ། །འཁོར་ལོ་ལྔ་ལ་སོགས་པ་ཡི། །རྩ་འདབ་རྣམ་པ་ཐམས་ཅད་དུ། །རླུང་སེམས་འདུས་པའི་རྟགས་སུ་ནི། །རྒྱལ་བ་རིགས་ལྔའི་ཞིང་ཁམས་དང་། །གསང་སྔགས་ལྷ་ཚོགས་ལ་སོགས་དང་། །བར་ཆོད་བྱེད་སྙམ་འབྱུང་བ་དང་། །དེ་བཞིན་འདར་དང་ན་བ་དང་། །རྫུ་འཕྲུལ་སྟོན་ནུས་སྙམ་པ་ཡི། །གེགས་དང་ཡོན་ཏན་ཆ་མང་འབྱུང་། །དེ་ལྟ་བུ་ཉིད་བྱུང་བའི་ཚེ། །ཏིང་འཛིན་བསམ་གྱི་མི་ཁྱབ་པས། །ཀུན་ཀྱང་བླ་མར་བསྒོམ་བྱ་ཞིང་། །ཞུམ་པ་མེད་པའི་སེམས་བསྐྱེད་ན། །རྣལ་འབྱོར་ཆེ་བ་དགྲ་འདྲེས་འདོན། །དེ་ལ་སོགས་པའི་ཡོན་ཏན་དང་། །དེ་བཞིན་གེགས་དང་སྐྱོན་ལ་སོགས། །གདམས་ངག་ཟབ་ཆོས་ནང་ན་གསལ། །རི་ཁྲོད་འགྲིམས་པའི་སྐྱེས་བུ་རྣམས། །རི་ཁྲོད་མཆོག་ལ་རབ་ཞུགས་ན། །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །དཔེར་ན་གངས་རིའི་རྒྱལ་པོ་ལ། །སེང་གེའི་ཚོགས་རྣམས་བཙུན་པ་ལྟར། །རི་ཁྲོད་འགྲིམས་པའི་སྐྱེས་བུ་རྣམས། རི་ལ་བཞུགས་ན་ཡ་མཚན་ཆེ། །མཐོ་གཉན་གངས་རིའི་གཞི་བདག་རྣམས། །གཞན་ཡང་འབྱུང་པོ་མི་ལ་སོགས། །དབང་དུ་འདུ་ཞིང་ཞབས་རྟོག་བྱེད། །བསྒོམ་ཞིང་བསྒྲུབ་པའི་ས་ལ་ནི། །ས་མཚམས་བྱེད་པ་གལ་ཆེ་སྟེ། ཁྱད་པར་ཙ་རི་ཏྲ་མཆོག་ཡིན། །ཉི་ཤུ་རྩ་བཞིའི་གནས་མཆོག་དང་། །མཁའ་འགྲོ་འདུ་བའི་གནས་མཆོག་དང་། །བརྒྱ་དང་བཅུ་གསུམ་ལ་སོགས་ཀྱི། །ནང་ནས་ཁྱད་པར་ཙ་རི་སྟེ། །བོད་ན་ཡོད་པའི་གནས་མཆོག་ནི། །ཉི་ཤུ་རྩ་བཞི་གསུང་གི་མཆོག །ཀ་མ་རུ་པ་ཉིད་དང་ནི། ཀམ་པོ་གནས་ནང་མཆོག་ཏུ་བཤད། །དེ་རྗེས་གནས་མཆོག་སྤུང་རི་དང་། རོང་བཙང་ལ་སོགས་རྣམས་ཀྱང་སྔགས། །ཁྱད་པར་གནས་མཆོག་མཚུར་ཕུ་ཉིད། །དེ་ལ་སོགས་པའི་རི་ཁྲོད་དུ། །བདག་ཉིད་གཅིག་པུར་བསྒོམ་བྱ་ཞིང་། མོས་གུས་རྩེ་ཅིག་གསོལ་བཏབ་ན། །ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང་། །རི་ཁྲོད་དགོན་པ་ཉམས་དགའ་བར། གཅིག་པུར་བསྒོམ་པའི་དུས་ཚོད་དུ། །བཟང་དང་ངན་པའི་རྣམ་རྟོག་སོགས། །དེ་དག་མ་ལུས་ཐམས་ཅད་ཀྱང་། །སྟོང་པ་ཉིད་ཀྱི་ངོ་བོ་མཆོག །འོད་གསལ་ཟུང་འཇུག་བསྒོམ་བྱ་ཞིང་། །འགྲོ་བ་འདི་དག་ཐམས་ཅད་ལ། སྙིང་རྗེ་ཆེན་པོའི་འདུ་ཤེས་བསྐྱེད། །སྐྱེས་ཆེན་སྐྱེས་བུ་དམ་པ་རྣམས། །རི་ཁྲོད་འགྲིམས་པས་ཡོན་ཏན་རྫོགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །རི་ཁྲོད་མཆོག་ལ་རབ་ཏུ་ཞུགས། །ཡི་དམ་ལྷ་ཚོགས་མ་ལུས་ཀྱང་། །རི་ཁྲོད་ཉིད་ལ་བཞུགས་པ་ཉིད། །མཁའ་འགྲོ་ཆོས་སྐྱོང་རི་ལ་བཞུགས། རི་ཁྲོད་འགྲིམས་པའི་ཡོན་ཏན་ནི། །མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས། །བཟང་དང་ངན་པའི་མཚན་མ་དང་། དུག་ལྔ་དུག་གསུམ་ལ་སོགས་རྣམས། །ཐམས་ཅད་རང་བཞིན་གྲོལ་ནས་འཆི། །བདག་ཉིད་གཅིག་པུར་འདུག་པའི་ཚེ། །ཉམས་དང་ཞི་གནས་ལྷག་མཐོང་སོགས། །འཕྲའུ་ཡི་རྣམ་རྟོག་མ་ལུས་དང་། །མཐར་ཐུག་ཕྱག་རྒྱ་ཆེན་པོ་གཉིས། །ནོར་དོགས་ཡོད་པས་གཟོབས་ལས་མཛོད། །འདི་ཉིད་གཅིག་པུར་འདུག་པའི་ཚེ། །རྩ་གནས་འཁོར་ལོ་རྣམས་ལྔ་རུ། །བཟང་ངན་རྟོག་པར་འཁྲུལ་པ་ནི། །སྤྱི་བོར་བདེ་ཆེན་འཁོར་ལོ་རུ། །རླུང་སེམས་འདུས་པའི་རྟགས་སུ་ནི། སངས་རྒྱས་དང་ནི་ཡི་དམ་ཚོགས། །ཀུན་ཀྱང་དཀར་པོ་ཉིད་དུ་མཐོང་། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །རླུང་སེམས་འདུས་པའི་རྟགས་སུ་ནི། །ལོངས་སྤྱོད་རྫོགས་སྐུ་མཁའ་འགྲོའི་ཚོགས། །ཀུན་ཀྱང་དམར་པོ་མཐོང་མཉམ་བྱེད། །སྙིང་ཁ་ཆོས་ཀྱིས་འཁོར་ལོ་རུ། །རླུང་སེམས་འདུས་པའི་རྟགས་སུ་ནི། །བྱང་ཆུབ་སེམས་པའི་ཚོགས་བཅས་རྣམས། །དེ་དག་བཟང་པོའི་འཁྲུལ་སྣང་བྱུང་བ་དག །སྔོན་པོའི་སྣང་བ་བྱུང་བ་དག དངོས་སམ་རྨི་ལམ་ཉིད་དུ་མཐོང་། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །རླུང་སེམས་འདུས་པའི་རྟགས་སུ་ནི། གསང་སྔགས་ལྷ་ཚོགས་མ་ལུས་ཀུན། ལྗང་ཁུ་ཉིད་དུ་མཐོང་མཉམ་བྱེད། །དེ་དག་བཟང་པོའི་འཁྲུལ་པ་སྟེ། ངན་འཁྲུལ་རྣམ་པ་འདི་ལྟར་བྱུང་། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །ཉོན་མོངས་རླུང་རྣམས་འདུས་པ་དང་། གཞན་ཡང་འཁོར་ལོ་རྣམས་ལྔ་ཡི། །ནང་དུ་ལོག་པའི་རླུང་རྣམས་ནི། །ཞུགས་ཚེ་རྣམ་རྟོག་འདི་ལྟར་བྱུང་། གཏི་མུག་རི་ལྟར་སྤུང་པ་དང་། །འདོད་ཆགས་ཆུ་ལྟར་གཡོ་བ་དང་། །ཞེ་སྡང་མེ་ལྟར་འབར་བ་དང་། །ཕྲག་དོག་རླུང་ལྟར་འཚུབ་པ་དང་། །དེ་ལ་སོགས་པའི་ང་རྒྱལ་དག །ཐམས་ཅད་ཕྱག་རྒྱ་ཆེན་པོའི། ངང་དུ་མ་ཡེངས་མཉམ་པར་ཞོག །དེ་རྣམས་གེགས་ལས་གྲོལ་བའི་ཚེ། །ས་བཅུ་ལམ་ལྔ་བགྲོད་ཚུལ་དང་། །སྤྱན་ལྔ་མངོན་ཤེས་དྲུག་ལ་སོགས། །དེ་དག་སོ་སོའི་རྟགས་རྣམས་བྱུང་། །དེ་ལྟར་དེ་དག་རྫོགས་པ་དང་། །འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེ། །སྙིང་པོའི་དོན་གྱི་མཐར་ཐུག་མཆོག །མ་རྟོགས་མ་སྐྱེས་རྒྱུས་མ་མཛད། །གང་ནས་མ་འོངས་གར་མི་འགྲོ། །ཐམས་ཅད་ངོ་བོ་ཆེན་པོ་ཉིད། །འོད་གསལ་ཟུང་འཇུག་མངོན་དུ་གྱུར། །དེ་ལྟ་བུ་ལ་གོམས་ལགས་ན། །མཁའ་འགྲོ་དཔའ་བོ་ཆོས་སྐྱོང་ཚོགས། །ཡང་ཡང་ཐམས་ཅད་ཀུན་ཀྱང་མཐོང་། ཡོན་ཏན་འཕྲིན་ལས་འགྲོ་དོན་རྣམས། །རྒྱལ་བ་རྣམས་དང་མཉམ་པར་འགྱུར། དེ་ལྟ་བུའི་གདམས་ངག་འདི། །ཁོ་བོ་རང་བྱུང་རྡོ་རྗེ་ཡིས། །བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ། །ཉམས་ལ་ཤར་ནས་བཀོད་པ་ཡིན། །སྐལ་ལྡན་ཀུན་གྱི་གདམས་ངག་མཛོད། །རི་ཆོས་དངོས་གྲུབ་ཕྲེང་བ་ཞེས་བགྱི་བ། རི་ཁྲོད་འགྲིམས་པ་རྣམས་ཀྱི་དོན་དུ་བཀོད་པའོ། །གདམས་པ་འདི་རང་བྱུང་རྡོ་རྗེས་སྤྲེའུ་ལོ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ། མཚུར་ཕུའི་དབེན་གནས་ཁྱུང་རྫོང་དུ་གསུངས་པའོ།། །། ༈ ཨང་ཡིག་བཞུགས་སོ། །ཀྱེ་ཧོ་དཔལ་ལྡན་འགྲོ་མགོན་རིན་པོ་ཆེ། སྐལ་ལྡན་བདག་ལ་བྱིན་གྱིས་བརླབ་དུ་གསོལ། བདག་འདྲ་བློ་དམན་རྣལ་འབྱོར་རི་ཁྲོད་པ། །རང་ལ་གྲོས་འདེབས་གསལ་བའི་མེ་ལོང་བྲི། དཔལ་ལྡན་བླ་མ་དམ་པ་རྗེ། །སྐལ་ལྡན་ལམ་སྣ་དྲང་དུ་གསོལ། །རྗེ་ལ་གསོལ་བ་བཏབ་ལགས་པས། །སྙིང་ལ་གདམ་ངག་གདུད་རྩི་ཞུགས། །དམ་ཆོས་ཐུགས་ཀྱི་ཉིང་ཁུ་བྱུང་། །སྙིང་ལ་གདམ་ངག་བྱོན་ལགས་ཀྱང་། བདག་གིས་བསྒྲུབ་པ་མ་བྱུང་བས། །རང་གིས་རང་ལ་ཁྲེལ་ལོ་ཨང་། །ད་ལྟར་འཇིག་རྟེན་སྣང་བ་ལ། །ཚུལ་ཆོས་གང་ཆེ་ཆོས་པ་བཟང་། །ཤིན་ཏུ་དགའ་བར་འདོད་ལགས་ཀྱང་། ཡིག་འབྲུ་མི་གསལ། བདག་བསྟོད་གཞན་ལ་སྨོད་བྱེད་པ། མ་དྲིས་ཚེ་ན་བདེན་བདེན་འདྲ། འདྲིས་ནས་ཁྲེལ་དགོས་ཡོད་དེ་ཨང་། འདིའི་བདེ་བ་ཡུད་ཙམ་ལ། །བལྟས་ན་ཁེ་དང་བསོག་འཇོག་བྱེད། །རྟག་མེད་སྒྱུ་མ་ལྟ་བུ་ལ། །གཞན་ཕམ་རང་རྒྱལ་མ་བྱེད་ཨང་། ད་ལྟར་འཇིག་རྟེན་འདི་ཉིད་དུ། །མི་རྟག་ཚ་ཚ་མི་བཟོད་ན། །རིགས་དྲུག་བར་དོའི་སྡུག་བསྔལ་ལ། །བཟོད་རེ་བྱེད་པ་འཁྲུལ་ལོ་ཨང་། །ད་ལྟར་བདག་གི་ཡིད་འདི་ལ། །ཚིག་ངན་ཙམ་ཡང་མི་བཟོད་ན། །གཞན་ལ་ངན་དུ་སྨྲ་བ་ནི། །འཁྲུལ་པ་བས་ཀྱང་འཁྲུལ་ལོ་ཨང་། །འཁོར་བ་པ་ལ་བདེ་བ་མེད། །སྲིད་པའི་མུ་མཐར་ཐུག་པ་ཡི། སྡུག་བསྔལ་རྣམ་པ་གྲངས་མཐའ་ཡས། །འདི་ལ་ཞེན་པར་མ་བྱེད་ཨང་། །ཕྱིའི་ཡུལ་དྲུག་དཔེར་བཞག་ནས། །ནང་གི་སྐྱོན་དྲུག་རྟོགས་མཛོད་ལ། །སྤོངས་ལ་ཡོན་ཏན་དྲུག་པོ་ལོང་། འབྲས་བུ་དྲུག་པོ་འབྱུང་ངོ་ཨང་། །བདེ་གཤེགས་བཀའ་དང་བླ་མའི་གསུང་། །ཐོས་ནས་མཐའ་རུ་འདོན་བྱ་ཞིང་། །ནང་ནུབ་རྒྱུན་དུ་སྐྱོན་བརྟགས་ཏེ། །སྐྱོན་དེ་སྤངས་ཤིང་ཡོན་ཏན་འགྲུབ། །དེ་ལ་རྒྱུན་དུ་འབད་གཅིག་ཨང་། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །བླ་མ་སངས་རྒྱས་ཀུན་དག་ལ། །ངེས་ཤེས་ཆེན་པོ་རྒྱུན་དུ་སྒོམ། །གསང་བསྒྲུབས་བྱང་ཆུབ་ཐོབ་པོ་ཨང་། །ཨ་ཙ་མ་ན་སེམས་ཅན་ཀུན། །ཡི་རེ་མུག་ན་སེམས་ཅན་ཚོ། །ཡ་རེ་ཆ་ན་འཁྲུལ་སྣང་ཅན། །རང་ལ་ཞེས་ཁྲེལ་བསྒོམས་ཅིག་ཨང་། །རྟག་པ་མེད་དོ་འཁོར་བ་ཡི། །མཚན་ཉིད་སྒྲིབ་གཡོགས་འཐུག་པོ་ཡིས། །སྒྲིབ་པས་ད་རུང་འཁོར་བར་འཁྱམ། །རང་ལ་ཡི་མུག་བསྒོམས་ཅིག་ཨང་། །འཁོར་བ་དོན་མེད་སྡུག་བསྔལ་རུ། །སྙིང་པོ་མེད་པ་ཡིན་པ་ལ། །ད་རུང་རྟག་པའི་མཐའ་ཅན་ཟུང་། །སྣང་སེམས་གཉིས་ཀ་རུལ་ལོ་ཨང་། །ད་ལྟར་འཇིག་རྟེན་སྣང་བ་ལ། །བདག་གཞན་གཉིས་སུ་རྟོགས་པའི་ཕྱིར། །གཅིག་པས་གཉིས་ཀ་འཛིན་པ་ཆེ། །རང་ལ་སྙིང་ནས་ཁྲེལ་ལོ་ཨང་། །ཀུན་རྫོབ་རྒྱུན་དུ་སྣང་བ་ཡི། །ཞེན་པ་དང་བཅས་རང་གི་སེམས། །བཟང་ངན་འཁྲུལ་པ་བསམ་མི་ཁྱབ། །འདི་ལ་བདེན་འཛིན་མ་ཆེ་ཨང་། །འཇིག་རྟེན་སྒྱུ་མ་ལྟ་བུ་ལ། །དངོས་འཛིན་བྱུང་ན་བདུད་ཀྱི་ལས། །ཡིན་པར་ཤེས་པར་གྱིས་མཛོད་ལ། །བདེན་འཛིན་མ་བྱེད་ཐོང་ཅིག་ཨང་། །གཞན་དོན་ཇི་ལྟར་སྣང་བ་དེ། བདག་ལའང་དེ་ཙམ་སུ་ཡོད་ཀྱི། །གཞན་ལའང་ཁྲེལ་དུ་མ་ལྟ་བར། །རང་ལ་བསམ་གཞིག་ཐོང་ཅིག་ཨང་། །བླ་མ་དམ་པའི་སྐུ་དྲིན་གྱིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །སྤྲོས་བྲལ་ཆོས་སྐུའི་ངོ་བོ་དེ། །བརྗོད་ཡུལ་བློ་ལས་འདས་སོ་ཨང་། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ལྟོ་གོས་བསྟན་ནས་མེད་ལགས་ཀྱང་། །གཏུམ་མོའི་དྲོད་དང་བཅུད་ལེན་གྱིས། །ཆོག་པའི་མདུན་བསམ་ཡོད་དོ་ཨང་། །ད་ལྟར་བསྡུག་བསྔལ་ཅི་བྱུང་ཡང་། །སྔོན་གྱི་དུས་ན་བསགས་པས་ལན། །དེ་ཕྱིར་རྐྱེན་ངན་འཕྲ་མོས་ཀྱང་། །སྔར་གྱི་ལས་ངན་སེལ་ལོ་ཨང་། །ཇི་ལྟར་བྱས་ཀྱང་ཆོས་ལས་མེད། །ཆོས་བྱས་རང་རྒྱུད་དུལ་ལས་མེད། །ཉོན་མོངས་དུལ་བར་གྱིས་ཅིག་ཨང་། །འཇིག་རྟེན་མི་རྟག་འཁོར་བ་འདི། །ཡང་དག་དོན་ལ་མ་འདས་ཀྱི། །ཆགས་འཛིན་བདེན་བསམ་མ་བྱེད་པར། །སྤྲོས་མེད་དོན་མཆོག་བསྒོམས་ཅིག་ཨང་། །འཇིག་རྟེན་འདི་ན་གནས་པ་ཡི། །ཕན་གནོད་ལྷ་འདྲེར་མིང་བརྟགས་རྣམས། །དོན་ལ་བདེན་པར་མི་བདོག་གིས། དེར་འཛིན་ཞེན་པ་ཐོང་ཅིག་ཨང་། །ཕ་རོལ་ཕྱིན་པའི་དོན་མཆོག་ཉིད། །བདེན་མེད་བརྒྱད་ཀྱི་རྣམ་གྲངས་ཅན། །སྨྲ་བརྗོད་བློ་འདས་དེ་རང་ཉིད། །བསྟེན་མེད་གཟགས་གཏད་བྲལ་ལོ་ཨང་། དེ་ལྟར་ཡིན་ཡང་རྣལ་འབྱོར་བདག །རྒྱུན་དུ་བླ་མ་བསྟེན་ནོ་ཨང་། །རི་ཁྲོད་དགོན་པ་འགྲིམ་མོ་ཨང་། །ལས་ནག་ཕྱོགས་ལ་འཛེམ་མོ་ཨང་། །དཀར་པོ་རིམས་ཀྱིས་བསྒྲུབ་པ་ཨང་། །བློ་བསྐྱེད་རིམས་ཀྱིས་འདོན་ནོ་ཨང་། །ཐམས་ཅད་ཆོས་དབྱིངས་བསྔོའོ་ཨང་། །བཀྲ་ཤིས་དམ་པ་འབྱུང་ངོ་ཨང་། །རང་བྱུང་རྡོ་རྗེ་རང་ལ་གྲོས་འདེབས་པའི་ཕྱིར་སྦྱར་བའོ།། །། ༈ ཀ་ཁའི་ཚིགས་བཅད་གཉིས་བཞུགས་སོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐུགས་རྗེའི་མངའ་བདག་ལ་ཕྱག་འཚལ་ལོ། །བླ་མེད་བླ་མ་སྲིད་ཞི་ཀུན་ལས་རྣམ་གྲོལ་ཐུགས་རྗེའི་སྟོབས་མངའ་བ། །གཟུང་འཛིན་གཉིས་མེད་ཆོས་ཉིད་སྟོབས་ཀྱི་ཡེ་ཤེས་ཉིད་དུ་སྟོན་མཛད་པ། །གང་ལ་རྟེན་ནས་འགྲོ་བློའི་མ་རིག་སེལ་མཛད་བླ་མ་ཆོས་ཀྱི་རྗེ། ཐུབ་པའི་དབང་པོ་སྲས་དང་བཅས་རྣམས་ཀུན་ལ་བདག་ཡིད་དང་བས་འདུད། །གསུང་རབ་དྲི་མེད་ཀུན་ཀྱི་གཞིར་གྱུར་གྱུར་པ་གང་དེས་འགྲོ་བ་ཡི། །དགེ་ལེགས་ཡོན་ཏན་ཐམས་ཅད་རབ་སྟེར་སྟེར་བར་མཛད་པ་གང་ཞིག་ནི། །དེང་འདིར་རྩ་བའི་ཡིག་གེ་ལས་སྤེལ་སྤེལ་བར་བྱེད་པ་གང་ཡིན་པ། །ཅུང་ཟད་ཙམ་ཞིག་རང་བྱུང་རྡོ་རྗེས་རྡོ་རྗེའི་ཚིག་ཏུ་རབ་སྤེལ་བྱ། ཀ་ཤི་ཀ་ཞེས་གྲགས་པའི་ཡུལ་དུ་ཀ་ལ་པིང་ཀའི་སྒྲ་དབྱངས་ཀྱིས། ཁ་ན་མ་ཐོ་མེད་པའི་ཆོས་གསུངས་ཁ་བ་ཅན་དུ་ལེགས་དར་བས། །ག་ལ་བ་དེར་མ་རིག་ནད་རྣམས་ག་པུར་ལྟ་བུར་རབ་སེལ་བ། ང་རུ་འཛིན་པ་འཇོམས་མཛད་དེ་ལ་ངར་འཛིན་མེད་པས་ཕྱག་འཚལ་ལོ། །ཅ་ཅོའི་རང་བཞིན་སེམས་ཅན་རྣམས་ནི་ཅི་བཞིན་ཡེ་ཤེས་མ་རྟོགས་པས། །ཆ་ཤས་ཙམ་གྱི་འཆིང་བ་འདི་ལས་ཆའི་ཆ་ཡིས་རབ་བཅིངས་པ། །ཇའི་རོ་སོགས་འདོད་ཡོན་གྱིས་བཅིངས་ཇ་བཞིན་འཁོར་བའི་རྒྱ་མཚོར་འཁོར། ཉ་སོགས་ངན་སོང་གསུམ་དུ་འཁོར་ཞིང་ཉན་རང་ཙམ་ཡང་ཐོབ་མི་བྱེད། །ཏཀྵ་ཀའི་རྒྱན་ལྟར་རང་བྱུང་ཏ་ལེ་རང་ལ་གནས་པའི་དོན། །ཐ་གྲུ་དཔག་མེད་དཔག་པར་རབ་དཀར་ཐ་དད་བྲལ་བའི་ངོ་བོ་ཉིད། །ད་ལྟ་མ་རིག་དྲི་མ་དང་བཅས་ད་ནི་དད་པ་བླ་མེད་པས། །ན་སོགས་སྲིད་པའི་འཆིང་བ་བཅད་ནས་ནད་མེད་བྱང་ཆུབ་བརྩལ་བར་བྱ། །པ་བ་སངས་ལྟར་རབ་དཀར་ཆོས་ནི་པ་ལའི་དྲི་ལྟར་རབ་དངས་པ། །ཕ་རོལ་ཕྱིན་ལྔ་མཆོག་གྱུར་ཤེས་རབ་ཕ་རོལ་ཕྱིན་ལ་ལེགས་བསྟེན་ན། །བ་མཆོག་ལྟ་བུར་ཡོན་ཏན་ཀུན་འབྱུང་བ་སྤུ་གཡོ་བའི་སྙིང་རྗེ་ཡིས། །མ་སོགས་འགྲོ་ལ་ཐེག་ཆེན་ཆོས་ཀྱིས་མ་རིག་སྒྲིབ་པ་ལས་གྲོལ་བྱ། །ཙ་རིའི་རི་སོགས་བསམ་གཏན་གནས་མཆོག་ཙན་དན་དྲི་ལྟར་དངས་པའི་གནས། །ཚང་ཚིང་ནགས་ཚལ་རབ་དབེན་ཉོན་མོངས་ཚ་གདུང་ཞི་བྱེད་ལྷ་རྣམས་ཀྱི། །ཛ་ཌའི་ཅོད་པན་གྱིས་གཏུགས་བཏུད་ནས་ཛ་ཧཱུཾ་སྔགས་ཀྱིས་བདུད་བཏུལ་ནས། །ཝ་ལྟར་ཞུམ་ཞིང་མྱུར་དུ་ཝ་སྒེགས་མཚན་མའི་སྒྲིབ་པ་སྦྱོང་། །ཞ་ཉེའི་ཁམས་པས་མཉེན་པའི་སེམས་འདི་ཞ་ལ་དགའ་བར་མ་བྱེད་པར། ཟང་ཟིང་ལས་གྲོལ་རྒྱལ་བའི་སྲས་ལྟར་བཟའ་བཏུང་ལ་སོགས་སྦྱིན་པར་བྱ། །འ་ཞིའི་སྦྲུལ་སོགས་གནས་པའི་མ་འོངས་པ་ན་འ་སྒྲའི་སྡུག་བསྔལ་སེལ་བྱེད་པ། །ཡང་དང་ཡང་དུ་བརྩོན་འགྲུས་བསྐྱེད་ནས་ཡ་རབ་དམ་པའི་ཚུལ་གནས་བྱ། །ར་བས་དམ་བཅིངས་འགྲོ་ལ་ཡེ་ཤེས་རང་བྱུང་དྲི་མེད་བསྟན་བྱའི་ཕྱིར། ལ་ལར་ཉན་རང་ཐེག་པ་བསྟན་ཅིང་ལ་ལར་བྱང་ཆུབ་མཆོག་གི་ལམ། ཤཱཀྱའི་གསུང་ལ་མངོན་ཤེས་རྫུ་འཕྲུལ་ཤཱཀྱའི་སྤྱན་ལ་སོགས་པ་རྣམས། །ས་དང་ལམ་མཆོག་ཐོབ་པར་བྱ་ཕྱིར་ས་སྟེངས་མ་ནོར་སྦྱང་པར་བྱ། །ཧ་ཅང་མྱུར་བར་ཚོགས་གཉིས་བསགས་ན་ཧ་ཅང་མྱུར་བར་བྱང་ཆུབ་ཐོབ། ཨ་ལ་ལ་སྟེ་འགྲོ་བའི་དེད་དཔོན་ཨེ་མ་འདི་ནི་ཤིན་ཏུ་མཚར། །དེ་ལྟར་རྒྱལ་བའི་གསུང་རབས་གཞིར་གྱུར་སུམ་ཅུར་གྱུར་པའི་བདག་ཉིད་དེ། །འདིར་ནི་ཟབ་མོ་གནད་ཀྱི་གདམས་པ་རབ་ཏུ་ཟབ་པའི་སྡེབ་སྦྱོར་འདི། །དཔལ་ལྡན་ལྷ་སྟེངས་ཞེས་བྱ་བའི་གནས་སུ་བྲིས་པའི་དགེ་བས་འགྲོ་ལ་དཔལ་གྱུར་པའི། །ཡོན་ཏན་གང་ཡིན་དེ་ཉིད་སེམས་ཅན་ཀུན་ལ་འབྱུང་བར་འགྱུར། །སྦྲུལ་ལོ་ཟླ་བ་བདུན་པའི་ཚེས་བརྒྱད་ལ་བྲིས། བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །། ༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀ་རྒྱུད་བླ་མ་དཔལ་ལྡན་ཡིད་བཞིན་ནོར་བུའི་གསུང་། །མཁའ་འགྲོའི་སྙན་རྒྱུད་ཟབ་གདམས་གནད་ལས་ལེགས་འོངས་པས། །གང་དེའི་འོད་ཟེར་གདུལ་བྱའི་སྙིང་པོ་ལེགས་སྤྲོས་ནས། །ང་སོགས་མ་རིག་དྲི་མ་སྦྱོང་མཛད་ཨེ་མ་མཚར། །ཅ་ཅོའི་སྒྲ་སོགས་ཅི་བཞིན་རྣམ་རྟོག་འཁྲུལ་པ་འདི། །ཆ་ཤས་ཙམ་གྱིས་འཁོར་བའི་བཙོན་རར་འཆིང་བྱེད་པ། །ཇའི་རོ་སོགས་ཡུལ་ལ་མངོན་པར་ཆགས་པས་བྱུང་། །ཉ་ལྟར་འདོད་ཡོན་རོ་ལ་ཆགས་པར་མ་བྱེད་ཅིག །ཏ་རེ་ལ་སོགས་བསྐྱེད་རིམས་ལྷའི་རྣལ་འབྱོར་རྣམས། །ཐ་དད་བྲལ་བའི་ཚུལ་དུ་མ་ནོར་ལེགས་བསྒོམས་ནས། །ད་ནི་གཟུང་འཛིན་ལུས་ཀྱི་འཆིང་བ་རབ་ཆད་ནས། །ན་རྒས་འཆི་བ་མྱུར་དུ་ཡོང་བར་འགྱུར་བ་ཡིན། །པ་ལའི་དྲི་ལྟར་ཡིད་འོང་གནད་ཀྱི་གདམས་པ་ཡིས། །ཕ་རོལ་ཡུལ་སྣང་སྒྱུ་མ་ལྟ་བུར་དབང་བསྒྱུར་ཚེ། །བ་བཞོན་ལྟ་བུར་ཐུན་མོངས་དགོས་འདོད་ཤུགས་ལས་འབྱུང་། །མ་རིག་འཁོར་བ་འདི་ལས་མྱུར་དུ་ཐར་བར་བྱེད། །ཙ་རི་ཏྲ་སོགས་སུམ་ཅུ་རྩ་གཉིས་གནས་མཆོག་ཏུ། །ཚ་རེག་རང་བཞིན་ཙན་ཌ་ལི་སོགས་རབ་བསྒོམ་ཞིང་། །ཛ་ཧཱུཾ་སྔགས་ཀྱི་རང་བཞིན་རྡོ་རྗེའི་བཟླས་པ་ཡིས། །ཝ་བགེགས་མཚན་མའི་རྣམ་རྟོག་འཇོམས་པར་བྱེད་པ་ཡིན། །ཞ་ལྟར་དཔལ་ལྡན་བླ་མ་སྤྱི་བོའི་གཙུག་ཏུ་ཁུར། །ཟག་མེད་ཏིང་འཛིན་རྩེ་ཅིག་རྒྱུན་དུ་མཉམ་བཞག་བྱ། །འ་ཞའི་ཡུལ་སོགས་གནས་པ་འགྲོ་ལ་སྙིང་རྗེ་བསྒོམ། །ཡང་དང་ཡང་དུ་གོམས་པར་བྱས་ན་བྱང་ཆུབ་ཐོབ། །རང་བཞིན་སྤྲོས་པའི་མཐའ་བརྒྱད་བྲལ་བ་ཟབ་མོའི་དོན། ལ་ལ་གདུལ་བྱའི་དུ་མར་བསྟན་པ་ཡང་། །ཤཱཀྱའི་རྒྱལ་པོས་གསུངས་པས་ཤེས་རབ་ཕ་རོལ་ཕྱིན། །ས་ལམ་མྱུར་བགྲོད་མཐར་ཕྱིན་སྐུ་བཞིའི་མངའ་བདག་འགྱུར། །ཧ་ཧ་འདི་ལྟར་གཞི་ལམ་འབྲས་བུ་ཨེ་མ་མཚར། །ཨ་ལ་ལ་སྟེ་གསུང་རབ་རྒྱ་མཚོའི་སྙིང་པོ་ཡིན། འདི་ལྟར་ཀུན་གཞིར་གྱུར་པའི་ཡི་གེ་སུམ་བཅུ་ཡིས། །སྤེལ་ཚིག་འདི་ནི་རང་བྱུང་རྡོ་རྗེས་ལེགས་པར་སྦྱར། །འདི་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་དེས། །ནམ་མཁའི་མཐས་ཁྱབ་སྙིང་པོའི་དོན་ལ་འཁོད་པར་ཤོག །སྦྲུལ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ལྷ་སྟེངས་ཞེས་བྱ་བའི་རི་ཁྲོད་དུ་བྲིས་པའོ།། །། ༈ གསང་ཕུ་པ་ལ་སྤྲིང་ཡིག་བཞུགས་སོ། །བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་འཇིག་རྟེན་ཀུན་ལ་བརྩེ་བ་ཅན། །ཉེས་པའི་སྐྱོན་བཅོམ་འཇིག་རྟེན་ཀུན་ལས་འདས་པ་པོ། །ལམ་བཟང་དྲི་མེད་འཇིག་རྟེན་ཀུན་གྱིས་མ་སྨད་པ། །ཕན་བདེ་མཆོག་གྱུར་འཇིག་རྟེན་ཀུན་ལ་སྣང་མཛད་རྒྱལ། ཐུབ་བསྟན་ཟབ་ཡངས་ཆུ་གཏེར་གཏིང་དཔག་དཀའ་བ་གང་། རུ་སྦལ་ཕྲ་མོ་ཉ་སོགས་བློ་ཡིས་ཇི་ལྟར་འཇལ། དེད་དཔོན་ཆེན་པོས་རྒྱ་མཚོར་ཀུན་ནས་སྤྱོད་པ་གང་། །འཇིག་རྟེན་ཀུན་ལ་འདི་པས་གྲགས་པ་ཐོབ། །དལ་འབྱོར་རིན་ཆེན་ཡོན་ཏན་ཀུན་གྱིས་བསྟེན་པ་གང་། ཚུལ་ཁྲིམས་རྒྱན་བཟང་བཟོད་པའི་ལྷབ་ལྷུབ་ཀྱིས་བཀྲ་ཤིས་ཤིང་། །ཤེས་རབ་འོད་སྟོང་འབར་བས་ས་སྟེངས་གསལ་གྱུར་ཚེ། །རྡོ་རྗེ་ཐེག་པ་སྣ་ཚོགས་ཐབས་ཀྱིས་རྒྱན་ལ་ཞོན། །བསམ་གཏན་འཚོ་བས་ལུས་སེམས་ཀུན་ཏུ་ཚིམ་བྱེད་ཅིང་། །བཤེས་གཉེན་གྲོགས་ཀྱི་ཕྱི་བཞིན་འགྲོ་བར་བྱེད་པ་གང་། །ཤིན་ཏུ་རྙེད་དཀའ་སྐལ་པ་དུ་མར་བསྒྲུབ་པ་དཀའ། །བསྒྲུབས་ན་བདེ་ཞིང་རྒྱལ་བ་ཀུན་གྱི་བསྔགས་པར་མཛད། །གང་གིས་དཀའ་སྤྱད་དཔེ་མེད་ལྷ་དང་མི་རྣམས་ཀྱིས། །སྤྱད་པར་མི་ནུས་རབ་སྤྱད་རྡོ་རྗེའི་གདན་ལ་བཞུགས། །ཕྱི་ནང་སྣང་བའི་གྲོགས་བཅས་བདུད་རྣམས་མངོན་དུ་བཅོམ། །དེས་མཛད་མཛད་པའི་འཇིག་རྟེན་ཀུན་གྱིས་བགྲོད་པའི་འོས། །ཀྱེ་མ་ཐོག་མེད་བག་ཆགས་ཆགས་པའི་མཐུ་བཅོམ་ཞིང་། །ལོག་པའི་ཀུན་རྟོག་རབ་འབར་འབར་བའི་མེ་སྐྱོད་རླུངས། །འུར་འུར་འབར་བས་ལྷག་མ་བསལ་བ་རྨོངས་བྱས་ནས། །མ་རབས་སྤྱོད་པ་འཇིག་རྟེན་བརྟེན་པ་ཀྱི་ཧུད་ཉམས། །ཐོས་དང་བསམ་པ་ཏིང་འཛིན་བསྒོམ་པ་མཐར་ཕྱུང་སྟེ། །མངོན་ཤེས་རྫུ་འཕྲུལ་ལྡན་པས་གཞན་དག་དཀྲི་བྱ་ཞེས། །འཇིག་རྟེན་གསུམ་གྱི་བླ་མས་བསྟན་པ་མི་སྤྱོད་པར། །དེང་སང་དུས་ན་ཤཱཀྱའི་བསྟན་ལ་བརྩོན་ཏེ་ཞེས། །ཡུལ་གྱི་སྲེད་པའི་ཞགས་པ་ཐོགས་པའི་སྡིག་ཅན་གྱིས། །དབང་མེད་བཅིང་ནས་སློབ་དཔོན་སློབ་མའི་ཚུལ་བཟུང་ནས། ཁེ་དང་གྲགས་པས་འཇིག་རྟེན་སྨ་བབས་སྤྱོད་པ་གང་། །མཁས་པ་རྣམས་ཀྱིས་སྨད་འཚོང་བུད་མེད་བཞིན་དུ་སྨོད། དགེ་བཅུའི་ལམ་སྟེན་འཇིག་རྟེན་ཕན་པར་སེམས་དཔའ་གང་། །བྲན་མོ་ཞིག་ཀྱང་ཕྱི་མར་མཐོ་རིས་བདེ་ལེགས་སྤྱོད། །མི་དགེ་བཅུ་སྟེན་འཕགས་པའི་རྒྱལ་མཚན་ཐོགས་པ་སྤངས། །སྲིད་པ་གཞན་དུ་ཀྱེ་མ་ཀྱི་ཧུད་འབོད། སྨན་པ་རྣམས་ཀྱང་མཁས་ཤིང་སྙིང་རྗེའི་ཚུལ་ལྡན་པས། །ནད་རྣམས་སེལ་བར་བརྩོན་པར་བྱེད་ཀྱང་ནད་པ་དེ། །སྨན་རྣམས་མི་བསྟེན་རང་སྲོག་གཅོད་པར་བྱེད་པ་གང་། །སུ་ཞིག་གིས་བསྟེན་བསྟེན་ཀྱང་ཉམས་པར་འགྱུར། །ཆོས་ཀྱི་བླ་མ་འཇིག་རྟེན་མཐུན་འཇུག་བསྟན་པ་གང་། །སྲིད་ཡུལ་འཐིབས་པོར་ཞུགས་པའི་རིགས་ལྡན་སྐྱེས་བུ་ལ། །དེ་དང་དེ་ལྟར་བློ་ལ་སྟོན་མཛད་རིགས་མེད་རྣམས། །ས་བོན་རུལ་པ་ལྟ་བུར་རང་གི་ཉེས་པས་འདོར། །དེ་ཕྱིར་མཁས་རྣམས་བླང་དང་དོར་བའི་ཚུལ་ཤེས་ནས། བདེ་བར་གཤེགས་པས་བསྔགས་པའི་ལམ་ལ་གཞོལ་བར་མཛོད། །ཀྱེ་མ་སེམས་ཀྱི་གླང་ཆེན་སྨྱོན་པ་འདི། །དྲན་པའི་ལྕགས་ཀྱུས་དབང་དུ་མ་བྱས་ན། །སྲེད་པའི་ལན་ཚས་བྲིད་དེ་ངན་འགྲོ་ཡི། །ཅོང་རོང་རྩུབ་མོར་ལྷུང་ནས་ཉམས་ཐག་འགྱུར། །ཡུལ་གྱི་ཀུན་རྟོག་ཞེན་པ་མ་བཅད་ན། །ལྕགས་ཀྱུའི་ཟས་ལ་ཞེན་པའི་ཉ་བཞིན་དུ། །དབང་མེད་བཅིངས་ཏེ་བདུད་ཀྱི་ཕོ་ཉ་ཡིས། དྲངས་ནས་ཐར་པའི་རིན་ཆེན་སྲོག་དང་བྲལ། །ཆོས་རྣམས་རང་གི་སེམས་སུ་མ་ཤེས་ན། །ཚིག་ལ་རྟོག་པ་བྲག་ཆའི་སྒྲ་བཞིན་དུ། །རྐྱེན་མ་ཟད་པས་ཟད་པར་འགྱུར་བ་མེད། །དེས་ན་མིང་དང་ཚིག་གི་སྤྲོས་པ་ཆོད། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྟེན་པའི་ལམ། །ལམ་དང་ལམ་མིན་བླང་དང་དོར་བ་ཤེས། །ཤེས་དང་ཤེས་བྱ་མི་རྟོག་རབ་ཏུ་ཞི། །ཞི་བ་ཞི་གྱུར་ནགས་སུ་གནས་པ་བདེ། །མི་བསྲུན་མི་བྱེད་སྣ་ཚོགས་ཤིང་དང་ཆུང་ཡང་སྤྱད། །ཚུལ་མིན་མི་བྱེད་སྣ་ཚོགས་རི་དྭགས་སྡུག་གུ་རྣམས། །མི་བསྙན་མི་བྱེད་སྣ་ཚོགས་རྒྱུན་སྒྲའི་འབབ་ཆུ་བཞིན། །རྩུབ་མོར་མི་བྱེད་སྣ་ཚོགས་ནིའུ་སིང་སྔོན་པོ་ཡིན། །ཀྱེ་མ་མཁས་རྣམས་བདེ་བའི་ནགས་ཁྲོད་རྣམས་སྤངས་ནས། །བསྐྱེད་ཚལ་ལྗོན་པ་ངན་ངོན་ཁྲོད་ལ་རབ་ཞེན་པ། མཚོན་སྔོན་འབར་བཅས་ཀྱེ་ཧུད་ཆོ་ངེའི་སྒྲ་འབྱིན་པའི། །འགལ་དུམ་རང་རོད་ཅན་ལ་མངོན་པར་སྨོན་གྱུར་ཏམ། ཤིན་དུ་འཇམ་འཚེར་སྤང་ལྗོང་ཞི་བ་རྣམས་སྤངས་ནས། །ཁྲད་ཁྲོད་ཞིང་རོལ་ལྗ་ལྗིན་ཁྲོད་ལ་མངོན་ཞེན་པ། །རོ་ཉེ་མི་གཙང་མར་ཀོ་ཏི་ཡིས་གང་གྱུར་པར། །མེ་འབར་མཚོན་ཆས་གཏམས་པའི་ལམ་ལ་དགར་འགྱུར་གཏམ། ཞི་བའི་ལྷ་དང་ཞི་བའི་གྲོགས་ལ་མི་བསྟེན་པར། །མཛེམ་མིན་ཚུལ་མིན་སྤྱོད་པའི་གྲོགས་ལ་བསྟེན་བྱེད་པ། །གཤིན་རྗེའི་སྐྱེས་བུ་བེ་ཅོན་ལག་ཐོགས་རབ་གཡེངས་པའི། །ཁྲོད་དུ་མཉམ་དང་ཤུགས་ནར་འཁོད་པར་སྤྲོ་གྱུར་ཏམ། །ཨེ་མ་མཚོ་གནས་མེ་ཏོག་ལྗོན་པ་རབ་བཀྲ་བར། །ཞི་བའི་བདེ་བས་འཇིག་རྟེན་ཅ་ཅོ་རྣམས་སྤངས་ཏེ། །ཆོས་ཀྱི་རོ་མྱོང་དགའ་བས་བསྐྱེད་པ་གང་། །དེ་ཅི་འདྲེས་པའི་ཚལ་ན་བདེ་བ་འདི་ཡོད་དམ། །སྣ་ཚོགས་བྱ་དང་བུང་བ་མྱོས་པས་སྒྲ་འབྱིན་ཅིང་། །ཆབ་སྒྲ་ལྷུང་ལྷུང་དམ་བུས་རླུང་སྒྲས་སྐྱོད་པ་གང་། རྣམ་གཡེང་སྤངས་པའི་རྣ་བའི་དབང་པོ་ཚིམ་བྱེད་པའི། །འདི་ཅི་དྲི་ཟའི་གླུ་དབྱངས་ལ་ཡང་འདི་ཡོད་དམ། །དུས་ཀྱི་རླུང་གིས་རླན་དང་བཅས་པའི་ས་ཕྱོགས་ན། །སྨན་དང་མེ་ཏོག་དྲི་ཞིམ་ངད་ལྡན་ལ་ཕྲོགས་ཏེ། དལ་བུས་དབེན་གནས་ཀུན་ཏུ་ཁྱད་པར་བྱེད་པ་གང་། །འདི་ཅི་སྤོས་ངད་ལྡན་པའི་ཚལ་ན་འདི་ཡོད་དམ། བསམ་གཏན་ལྡན་པས་ཡུལ་རྣམས་སྒྱུ་མ་ལྟར་མཐོང་ཞིང་། མ་བརྟགས་གཟུགས་རྣམས་དབང་པོའི་གཟུགས་ལྟར་སྣང་གྱུར་ཏེ། །རྣམ་པར་མི་གཡེང་དུ་མར་གསལ་གྱུར་པ། །འདི་ཅི་ཚངས་པའི་གཞལ་མེད་ཁང་ན་འདི་ཡོད་དམ། །བྲག་ཆའི་ཚུལ་དུ་ལྷ་དང་ལྷ་མིན་མི་རྣམས་ཀྱིས། སྒྲ་སྐད་ཐོས་ཤིང་ཉིན་མཚན་ཆོས་ཀྱི་སྒྲ་སྙན་དག །ཟུག་རྔུ་མེད་པར་ཐོས་པ་དང་ཞིང་ཞི་བ་གང་། །དེ་ཅི་ལྷའི་རྔ་བོ་ཆེ་ལ་འདི་ཡོད་དམ། །འདོད་དང་རྟོག་དཔྱོད་གཡོ་བའི་སེམས་རབ་བྲལ་བ་ཡི། །བསམ་གཏན་བདེ་བ་ཟུག་རྔུ་མེད་པས་ཁྱབ་པ་གང་། དེ་ཚེ་ལྷ་དབང་ཐིག་ལེ་མཆོག་ལ་གྱེས་གྱུར་པ། །ཕུལ་དུ་གྱུར་པ་གང་དེ་ལ་ཡང་འདི་ཡོད་དམ། །ཆོས་རྣམས་ཚུལ་མཐོང་འགྲོ་ལ་བརྩེ་བས་འཁྱུད་གྱུར་ཅིང་། །ཕྱོགས་བཅུའི་རྒྱལ་བས་ཡོན་ཏན་བསྔགས་པའི་མེ་ཏོག་འཐོར། འདོད་པའི་བདུད་ཀྱིས་མ་འཕྲོགས་ཤུགས་ཀྱང་ནར་ཞེས་འབྱིན། །འདི་ཉན་རང་དགྲ་བཅོམ་ལ་ཡང་འདི་ཡོད་དམ། །ཀྱེ་མ་ཆོས་རྣམས་གཅིག་ཏུ་མ་རྟོགས་བླུན་པོ་ཡིན། །ཡུལ་སྣང་རྐྱེན་རྣམས་སྒྱུ་མར་མ་མཐོང་ལོང་བ་ཡིན། །སྣ་ཚོགས་སྒྲ་རྣམས་བྲག་ཆར་མ་ཤེས་འོན་པ་ཡིན། །ཚུལ་ཁྲིམས་དྲི་བསུང་མ་ཚོར་སྣ་དེ་ཞོམ་པ་ཡིན། །བསམ་གཏན་རོ་མཆོག་མ་མྱོང་ལྕ་དེ་ཆད་པ་ཡིན། །ཤེས་རབ་བདེ་བ་མ་མྱོང་ལུས་དེ་རུལ་བ་ཡིན། །ངེས་འབྱུང་དྲན་པ་གཏོར་བའི་སེམས་དེ་སྨྱོན་པ་ཡིན། ཁེ་ཕྱིར་དམ་ཆོས་སྤྱོད་པར་བྱེད་པ་ལོག་འཚོ་ཡིན། །ཀྱེ་མ་ཕྱེ་མ་ལེབ་ཁྱེད་མར་མེས་ཅི་ཞིག་བྱེད། རི་དྭགས་ཁྱོད་ལ་བཤུགས་པའི་སྒྲ་ཡིས་ཅི་ཞིག་ཕན། །བུང་བ་ཁྱོད་ལ་མེ་ཏོག་དྲི་ཡིས་ཅི་ཞིག་བདེ། གསེར་མིག་ཅན་ལ་ལྕ གས་ཀྱུའི་ཟས་ཀྱིས་ཅི་ཞིག་ལྟས། །རྨ་གཡའ་ཕྲུགས་པ་བདེ་བར་སེམས་པ་ཅི་ཞིག་ཡིན། འདི་ལྟར་འཇིག་རྟེན་སྤྱོད་པ་མཁས་རྣམས་བཟློག་ན་ལེགས། །མུན་པའི་གདོང་ལ་ཟླ་བའི་ཟེར་ལྡན་ལྷ་མོ་དེ། །ཉི་མའི་ཁྲོད་དུ་དྲང་པའི་རེག་པས་ཀར་བཅོལ་ཏེ། །ལྷ་གཅིག་ངུ་ལ་གཞན་དག་འཕྲུལ་བྱེད་ལྷ་རྣམས་རྒོད། །ཅིའི་ཕྱིར་ན་དཔལ་ལྡན་ཤུགས་ཀྱང་ནར་གྱིས་འབྱིན། །དེ་ལྟར་བརྗོད་ལ་ཅུང་ཟད་དགོས་པའི་མཐུ་ཡོད་ན། །བདུད་ཀྱི་སྟོབས་བཅོམ་གཡེང་བའི་དྲ་བ་བྲལ་བྱས་སྟེ། །མཁའ་མཉམ་དོན་དུ་ཞི་བ དེ་མཆོག་ཏུ་སོན་པ་དང་། །རྒྱལ་བའི་བསྟན་པ་སྐྱོན་མེད་ཡུན་རིང་རྒྱས་པར་ཤོག །ཚིགས་སུ་བཅད་པ་སུམ་བཅུ་རྩ་གཉིས་པ། རང་བྱུང་རྡོ་རྗེས་སྙིགས་དུས་ཀྱི་སྤྱོད་པ་མཐོང་ནས་རེ་ཤིག་སྦྱར་བ་རྫོགས་སོ།། །། ༈ རྒྱལ་བ་ཡེ་ཤེས་ལ་སྤྲིང་ཡིག་བཞུགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔག་མེད་དུས་ལ་དཔག་ཏུ་མེད་གཟིགས་ཤིང་། །གཞན་ལ་ཕན་བྱེད་གཞན་དོན་ཁོ་ན་དགོངས། །ཉིད་ཀྱི་ཐུགས་ནི་ཉི་མའི་དཀྱིལ་འཁོར་བཞིན། ཀུན་ཏུ་གསལ་མཛད་ཀུན་ལ་ཕྱག་འཚལ་ལོ། །རང་བྱུང་མིན་ཀྱང་རང་བྱུང་ལ་དད་པས། །རྡོ་རྗེ་བཞིན་དུ་རྡོ་རྗེའི་ཐེག་པ་བསྟེན། །མིང་ལ་དམིགས་ཀྱང་མིང་དུ་གྲགས་པ་ཡིན། །མཐུན་འཇུག་མིན་ཀྱང་མཐུན་པར་གསོལ་བའི་ཚིག །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་གིས། །རྗེས་འཇུག་རྒྱལ་བའི་ཡེ་ཤེས་ལ་དད་ཅིང་། བསགས་སྦྱངས་སྔོན་དུ་སོང་བའི་ངང་ཆ་ཅན། །དམ་པ་ཁྱེད་ཀྱི་སྙན་དུ་འདི་སྤྲིང་ངོ་། །བརྩེ་བའི་ཐུགས་ལྡན་ཞལ་གྱི་པད་མོ་ནས། །ཚིག་གི་ཟེ་འབྲུའི་ཕྲེང་བ་སྤེལ་ལེགས་ཤིང་། །སྡེབས་སྦྱོར་དོན་གྱི་སྦྲང་རྩི་ལྡན་པ་དག །རྣམ་ཤེས་སྐྱེ་བོའི་ཡན་ལག་གཡོ་བ་ཡིས། གཏོར་བར་གྱུར་པ་འདི་ནི་སྔོན་དུ་བབས། །བདག་གིས་ཤར་ཕྱོགས་ཡུལ་དུ་ཆོས་ཀྱི་ལམ། ཕྱོགས་ཙམ་བྱིས་པ་བྲིད་པ་བཞིན་དུ་བསྟན། །གནས་དེར་སྐུ་ཡངས་ཉི་མའི་སྙིང་པོ་དེ། །ནུབ་པར་གྱུར་ཀྱང་མཚན་མོའི་ཟླ་འོད་བཞིན། །དག་པའི་ལམ་ལ་འཇུག་འདོད་སྐྱེས་བུ་ལ། །ཐམས་ཅད་མཁྱེན་པའི་ལམ་ལ་དཀྲི་བྱའི་ཕྱིར། །བསམ་གཏན་ལམ་གསལ་མཛད་པ་བདག་ཡིད་རང་། །ཨེ་མའོ་ཐུབ་པའི་བསྟན་པ་འདི། །ངོ་མཚར་རྨད་དུ་བྱུང་པའི་ཕྱིར། །རྒྱུར་གྱུར་ཤིང་རྟ་འཁོར་ལོ་ཅན། རྒྱུར་གྱུར་རྡོ་རྗེའི་ཐེག་པ་ཡི། །ཤིང་རྟ་ཕྱི་ནང་འཁོར་ལོ་ཅན། །ཞོན་པའི་དུས་ལ་བཤད་མོད་ཀྱང་། ཁ་ཅིག་མེས་པོའི་དབང་དུ་གྱུར། །གཞན་དག་ཇི་བཞིན་དགྲ་ལ་ཞེན། །ལ་ལ་གཞིའི་སྟེང་དུ་ལུས། །དེ་བཞིན་ཐབས་ཀྱི་བསྒྲོག་གིས་བཅིང་། །ཡུལ་དང་ཡུལ་ཅན་ཐ་དད་ཀྱི། །རྟོག་པའི་འཆིང་བས་ལེགས་དཀྲིས་པ། །ཕལ་ཆེར་བཅིངས་པའི་དག་ཉིད་གྱུར། །ཀྱེ་མ་འཁོར་བའི་རྒྱ་མཚོར་དལ་འབྱོར་གྲུ་ཆེན་བླ་མ་མཆོག་གིས་མཉན་པ་ཡིས། །ལེགས་པར་བསྐྱེད་ཚེ་ལེ་ལོ་མེད་པར་མཆོག་གི་གདམས་པ་དོན་དུ་གཉེར་བར་བྱ། །དབང་པོ་དང་ནི་ཡུལ་དང་ཤེས་པ་ལ་སོ་སོར་སྣང་བ་ལེགས་པར་བསྡུས་ཏེ་དེ་ཡི། །རང་བཞིན་སྒྱུ་མ་ལྟ་བུར་རྟགས་དང་རྟགས་ཅན་སྡུད་བྱེད་རྩ་དང་གཟའ་རྣམས་བཅིང་། །རྟོགས་དཔྱོད་ནུས་དང་དགའ་དང་བདེ་བའི་མཐའ་ཅན་ཞེན་པ་རབ་གཅད་པ། །རྣམ་པར་སྦྱང་ནས་སྲོག་དང་རྩོལ་བའི་མཐུ་ཡི་ལྔ་དང་ལྔ་པོ་དགག་བྱ་ཞིང་། །དུས་སྦྱོར་དང་ནི་སྟོང་པ་དགའ་དང་དབུག་ཀྱི་སུམ་ཅུ་སོ་གཉིས་ཆ་ཤས་ཀྱི། །རང་བཞིན་བསྟན་པས་ཐུགས་ཀྱི་འཁོར་ལོའི་དང་པོའི་སྒོར་ནི་ཞུགས་ཤིང་དབང་ཐོབ་པ། །དེ་ནས་བཟུང་སྟེ་བ རྒྱ་ཕྲག་བཅོ་བརྒྱད་དྲུག་པས་ཟུང་གྱུར་འགགས་ཤིང་དག་གྱུར་པ། །དེ་ནི་རྣམ་དག་དགྲ་གཅན་དུས་མེའི་ཟླ་བའི་རང་བཞིན་བཅུ་དྲུག་བཅུ་དྲུག་གི །དགའ་དང་སྐད་ཅིག་ཆ་ཤས་རྐང་པ་རྡོ་རྗེ་འབེབ་པ་འབེབས་པ་ཆེན་པོ་ཡིས། རང་བཞིན་དག་བྱས་བྷ་གའི་དབུས་སུ་རྣམ་པར་སོང་ལས་སྤྲོ་དང་བསྡུ་བ་ཡི། །སེམས་ཀྱི་གཟུགས་བརྙན་རྗེས་ཆགས་རྗེས་ཆགས་མིན་དང་རོ་གཅིག་ཚུར་དུ་འཕྲོ་བའི་སྤྲིན། །དག་བྱས་སྐུ་དང་ཐིག་ལེ་ཡེ་ཤེས་དཀྱིལ་འཁོར་རྣམ་པར་དག་པའི་མཐར་སོན་པ། །འདི་ནི་རྒྱལ་བས་བསྟན་པའི་ལམ་བཟང་དྲི་མེད་ཡིན་ཞེས་སྤྱན་རས་གཟིགས་ཀྱིས་གསུངས། །དེས་ན་ལམ་མཆོག་དཔལ་ལྡན་འདི། །བརྩོན་འགྲུས་ཞན་ལ་བསྟན་མི་བྱ། །གང་དག་དཔེར་བརྗོད་པ་ཡི་ཆོས། །དོན་དུ་རྟོགས་པ་སྲིད་ཕྱིར་རོ། །སེམས་བྱུང་རྣམ་པར་རྟོགས་པ་འདིས། །སྲིད་འདི་འཁོར་བའི་རྩར་གྱུར་པར། །འདས་དང་མ་འོངས་ལ་རྟོགས་པ། །ཀུན་ནས་འཇིག་ཚོགས་བསྐྱེད་པའི་གཞི། །ཡིན་ཕྱིར་འདི་ཉིད་རིག་བྱ་ཞིང་། །དེ་ཉིད་སྟོང་ལས་གཞན་མིན་པ། །སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གསུང་བཞིན་རྗེས་སུ་བལྟ་བར་བྱ། །དེ་ལྟར་རྟོགས་པའི་གང་ཟག་ལ། །བསམ་གཏན་གྱི་ནི་རོ་འདི་ཡིས། །ཀུན་འགྲོའི་རྟོག་པ་བཅིང་བྱས་སྟེ། རོ་མྱང་མེད་པས་བསྒོམས་ཤིག་ཅེས། ཁྱེད་ཀྱིས་རྗེས་སུ་བསྟན་པར་མཛོད། །གང་ཞིག་ལྷ་དང་རྗེས་འབྲེལ་པའི། །སྒོམས་པ་གཡོས་པར་གྱུར་པ་ཡང་། སྤྱོད་པ་དང་ནི་བསྲེ་བྱ་ཞིང་། །མཐའ་གཉིས་མེད་པར་བསྟན་པར་བྱ། རྒྱལ་ལ་ཆགས་པ་ཕྲ་མོས་ཀྱང་། །སྒྲིབ་བྱེད་སྤྲིན་པའི་ཆ་ཤས་ཀྱིས། །འབྲས་བུར་བཅས་པའི་ལམ་ལ་ཡང་། །འདོད་དང་རོ་མྱང་མི་བྱ་ཞེས། །རང་བྱུང་རྡོ་རྗེ་སྨྲས་པ་ཡིན། །དེ་ལྟར་རང་གཞན་དོན་གཉིས་བསྒྲུབ་བྱེད་ཅིང་། །ལྷག་པའི་བསམ་དང་ལྡན་པས་བརྗོད་པ་འདི། །དེང་སང་ཕལ་ཆེར་སྐྱེ་བོ་ཕལ་པ་རྣམས། །དོན་རྗེས་མི་འཇུག་རང་གི་གཞུང་ལུགས་སྨྲ། །ཆོས་ལམ་ཁྱད་བསད་སྒྲིབ་པའི་གནས་ལ་འཇུག །དེ་ནས་ཇི་བཞིན་བརྗོད་པར་འཐད་མིན་ཀྱང་། ཁྱེད་ཀྱི་ཆོས་ཀྱི་ཚུལ་བཞིན་སྤྱོད་པ་དང་། །གཞན་ཕན་སྙིང་རྗེའི་གནས་ལ་ཞུགས་པའི་ཕྱིར། །བདག་ཉིད་ཆེ་བའི་ཡོན་ཏན་ལྡན་རིག་ནས། །དོན་འདི་སྙན་ངག་སྤངས་ཏེ་གསོལ་བ་ལགས། །ད་ཡང་སླད་ཀྱི་གནས་སྐབས་ཞུ་བའི་དོན། །གཞན་གྱི་དོན་དུ་བསྟན་པའི་ཐུགས་མཛད་ནས། །རྨད་དུ་བྱུང་བའི་ཆོས་ཀྱི་སྦྱིན་པ་དང་། །ཏིང་འཛིན་གྲགས་པ་ཕྱོགས་སུ་རྒྱས་པར་མཛོད། །དེ་ལྟར་གསོལ་ནས་ཡིག་གེ་གཟིགས་པའི་རྟེན་དུ། བདག་གིས་གོ་བ་དང་ཉམས་སུ་མྱོང་བ་ལ་བརྟེན་ནས། །བྲིས་པའི་རྟགས་པ་བརྗོད་པའི་བསྟན་བཅོས་དང་། །བསམ་གཏན་གྱི་མན་ངག་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བ་རང་གི་རྒྱུད་འདྲིས་པར་བྱ་བའི་དོན་དུ་བཀོད་པ་ཞིག་ཡོད་པས། དོན་དང་ལྡན་པར་དགོངས་ནས་སྣོད་དུ་རུང་བ་རྣམས་ལ་ཆོས་ཀྱི་དགའ་སྟོན་གྱི་ཡན་ལག་མཛད་པར་ཞུ། དྭགས་པོའི་ཕྱོགས་ནས་འོངས་པའི་ཕྲེང་བ་དངུལ་གྱི་རྡོ་རྗེའི་ལ་སོགས་འཛིན་ཅན་གཅིག་དང་། འཇང་ཡུལ་གྱི་བསེ་སྡེར་གཅིག་ཀྱང་རྟེན་འབྲེལ་གྱི་མཚོན་པ་བགྱེད་པ་ལགས། །གླང་ལོ་ཟླ་བ་གསུམ་པའི་ཉི་ཤུ་གསུམ་ལ། མཚུར་ཕུ་ནས་བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག ༈ ལྷ་སྟེང་པ་གཞོན་ནུ་འབུམ་ལ་སྤྲིང་ཡིག་བཞུགས་སོ། །སྣ་ཚོགས་ཤེས་བྱའི་གནས་ལུགས་ཉམས་དགའ་བ། །བདེན་གཉིས་རྫུན་པ་སྤངས་པ་ཆུ་ཟླ་འདྲ། །བདེན་པར་རྟོག་པའི་བྱིས་པ་གར་མཁན་བཞིན། །ཞེན་པ་བྲལ་བ་སྒྱུ་མ་མཁན་ལྟར་སྤྱོད། །སེམས་ཀྱི་རྩ་བ་མེ་ལོང་དྲི་མེད་འདྲ། །འདུ་བྱེད་རྐྱེན་གྱི་གཟུགས་བརྙན་འབྲེལ་བ་བཞིན། །བག་ཆགས་འཇོག་པ་གཟུགས་བརྙན་སྣང་དང་མཚུངས། །ཚོགས་དྲུག་ཤེས་པ་ཕྱི་རོལ་རྐྱེན་སྣང་བཞིན། །འོན་ཀྱང་ཕྱི་ནང་གཉིས་སུ་གྲུབ་པ་མེད། །རང་རིག་པ་ལ་མི་རྟོག་མར་མེ་འདྲ། །སྟོང་དང་མི་སྟོང་སྣ་ཚོགས་གཟུགས་སོགས་ཀུན། །འོད་ཀྱི་སྣང་བ་ཕྱི་རོལ་གསལ་བ་བཞིན། །འོད་དང་མར་མེ་གཅིག་དང་ཐ་དད་མེད། ཐ་དད་རྟོག་པ་དར་གྱི་སྲིན་བུ་བཞིན། །བཟང་ངན་ཞེན་པ་གསེར་སྒྲོག་ཐག་སྒྲོག་འདྲ། །ཀུན་གཞིའི་རྒྱལ་མཚོ་དངས་པར་གྱུར་པ་ལ། །འདུ་བྱེད་རླུང་གི་རྣམ་རྟོག་རྦ་བརླབས་འབྱུང་། །ལས་དང་རྣམ་སྨིན་ལྦུ་བའི་ཕྲེང་བ་བཞིན། །ལུས་ངག་ཡིད་ཀྱི་གཡོ་བ་མ་དངས་པར། །ལས་མི་མཛད་ཅིང་ཀུན་གཞི་མཐོང་མི་འགྱུར། །བདེ་གཤེགས་སྙིང་པོ་མཁའ་ལྟར་འདུས་མ་བྱས། །ལས་དང་རྣམ་རྟོག་རྐྱེན་གྱིས་མི་སྐྱོད་ཀྱང་། ཚུལ་མིན་ཡིན་བྱེད་ཀུན་རྟོག་རླུང་དང་འདྲ། །ཐ་དད་གྲུབ་ཅིང་རྟེན་པར་བྱེད་པ་ཡིན། །དེས་ཡི་བསྒྲུབ་པའི་རྣམ་རྟོག་སྤྲིན་ཚོགས་ལས། །ལས་དང་ཉོན་མོངས་ཆུ་ཡི་ཕུང་པོ་འགྲུས། །ཡུལ་དང་ཡུལ་ཅན་རྟོགས་པས་བཀྲུགས་པ་ལས། །ཕུང་ཁམས་སྐྱེ་མཆེད་པ་ཡི་འཁོར་ལོ་བཞིན། །རྒྱལ་དང་བླ་མས་བསྟན་པའི་མན་ངག་གིས། །གཟུང་འཛིན་གཉིས་སུ་རྟོག་པ་བཤིག་པའི་ཚེ། །མ་དག་ཕུང་ཁམས་སྐྱེ་མཆེད་གང་དུ་ཞུགས། །དག་པ་ཕུང་པོའི་ཁམས་དང་སྐྱེ་མཆེད་ཀྱང་། །ས་བཅུ་རྒྱུན་མཐའ་བར་དུ་འཛིན་མོད་ཀྱིས། །ཟག་མེད་ལས་དང་བསམ་མི་ཁྱབ་འཕོ་བའི། །འཆི་བ་ཡོད་ཕྱིར་གཙང་རྟག་བདེ་བ་མིན། །བླ་མའི་གདམས་པས་འདུ་བྱེད་རྟོགས་པའི་ཚེ། །ཕྱི་རུ་བལྟས་པས་ཚོགས་དྲུག་རྩ་བར་མཐོང་། །ནང་དུ་བལྟས་པས་ཀུན་གཞི་དབྱིངས་ནས་གཡོ། །བདེན་ཞེན་སྐྱེས་ན་བདག་དང་ཅི་མ་མཉམ། །གསལ་ལ་མ་འདྲེས་ཡིད་ཀྱི་མཚང་རྟོགས་ཚེ། །ལས་དང་ཉོན་མོངས་ཆུ་ཚོགས་གང་དུ་སོང་། །དེ་ལ་ཉོན་མོངས་སྐྱོན་དང་བྲལ་བའི་ཚེ། །ཟག་པ་མེད་པའི་ལས་ཞེས་རྒྱལ་བས་གསུངས། །འདི་ཡང་རྡོ་རྗེ་ལྟ་བུས་གཞོམ་བྱ་ཡིན། །དེ་ཉིད་དག་པས་བདག་གིས་ཕ་རོལ་ཕྱིན། །ཚུལ་འདི་མ་ཤེས་འཇིག་རྟེན་འདིར་གནས་པའི། །མཁས་གྲུབ་རྣམས་ཀྱང་ལོང་བའི་གར་སྟབས་ཡིན། །ཀྱེ་མ་རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །དད་པ་ཅན་རྣམས་ཁ་ལན་རྗེས་སུ་འབྲེང་། །སེམས་ལས་གཞན་པའི་སངས་རྒྱས་ཕྱི་རོལ་འདོད། ཚོགས་གཉིས་མ་བསགས་སངས་རྒྱས་ཐོབ་དུ་རེ། །རྟོག་པའི་བཞུགས་པ་མ་མཐོང་མཁས་པར་བརློམ། །བུ་ལའང་བརྩེ་བ་མེད་པར་སེམས་པ་སྨྲ། །འདིའི་དུས་ན་གཅིག་པུའི་སྐྱོན་ལ་བརྟག །ཀུན་ལ་དག་པའི་སྣང་བ་བསྐྱེད་པར་བྱེད། །མི་ཁོམ་གནས་གཞན་མཐོང་བའི་ཚེ། །མི་ལུས་ཐོབ་པའི་བསོད་ནམས་དཔག་ཏུ་མེད། །དཀར་པོའི་ལས་མིན་ཞུགས་པའི་སྐྱེ་བོ་རྣམས། །མཐོང་ཚེ་ཐོས་ལ་འདུན་པ་བླ་ན་མེད། །ཐོས་པས་ཉོན་མོངས་དགྲ་རྣམས་མ་ཆོམས་པས། །བཟོད་པའི་གོས་གྱོན་འདུན་པའི་རྟ་དང་བཅས། །རྣམ་གཡེང་དགྲ་འཇོམས་དབེན་པའི་གནས་རྟེན་ནས། །བསམ་གཏན་སྤེལ་བྱེད་དེ་བས་ཡ་མཚན་ཆེ། །བསམ་གཏན་བདེ་བས་རང་རྒྱུད་ཚིམ་བྱས་ནས། །དེ་ལ་མ་ཆགས་ཤེས་རབ་སྒྲོལ་མ་ཡིས། །བློའི་མུན་པ་བཅོམ་པ་བླ་ན་མེད། །སྙིང་རྗེས་གཞན་དོན་བྱེད་པ་བརྒྱ་ལ་འགའ། །དེ་ཕྱིར་ཆོས་ཀྱི་སྣང་བ་རྒྱ་ཆེན་འདི། བློ་གྲོས་ཞན་རྣམས་མོས་པར་མི་ནུས་ཀྱང་། བདག་གིས་ཚུལ་བཞིན་ཁྱེད་ཀྱིས་སྤེལ་བར་མཛོད། རྫོགས་སོ།། །། ༈ རབ་སྒང་བ་གྲགས་པ་རྒྱལ་མཚན་ལ་སྤྲིང་ཡིག་བཞུགས། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །སྒྲིབ་གཉིས་སྤྲིན་བྲལ་ཆོས་དབྱིངས་ནམ་མཁའ་ལ། །གཟུགས་སྐུའི་དཀྱིལ་འཁོར་འཕྲིན་ལས་འོད་སྟོང་བ། །སྒྲིབ་པའི་མུན་སེལ་ཐར་པའི་ལམ་སྟོན་ཅིང་། །དོན་གཉིས་གྲུབ་མཛད་བླ་མ་ལ་ཕྱག་འཚལ། །སྙིགས་དུས་རྒྱལ་བའི་བསྟན་ལ་ཞུགས་པ་རྣམས། །ལེ་ལོ་མ་མཛད་ཁོ་བོའི་ཚིག་ལ་གསོན། །ངན་འགྲོ་ལོག་པར་ལྟུང་བའི་འགྲོ་བ་ལ། །ལྟས་ན་མི་ལུས་ཐོབ་པ་སྲིད་པ་ཙམ། །སྙིགས་དུས་མི་རྣམས་བསོད་ནམས་དམན་པའི་དུས། བསྟན་ལ་མོས་ཤིང་ཞུགས་པ་བ རྒྱ་ལམ་འགའ། །བཤེས་གཉེན་བཟང་པོས་རྗེས་སུ་ཟིན་པ་དང་། །བསླབ་གསུམ་རྣམ་དག་རྒྱུད་ལ་ཐོབ་ནས་ཀྱང་། །ཐོས་བསམ་ལེགས་པར་སྦྱོར་བ་ཤིན་ཏུ་དཀོན། །ཚུལ་བཞིན་བསྒྲུབ་པ་ཉིན་མོའི་སྐར་མ་ཙམ། །ཐོགས་མེད་སྲེད་པའི་བག་ཆགས་ངན་པ་ཡིས། །བསྐུལ་ནས་བདུད་ཀྱི་ཕོ་ཉ་རྣམས་པ་བཞི། །ཆགས་བྱེད་གཡེང་བྱེད་འཁྲུལ་པར་བྱེད་པ་དང་། །རྨོངས་པར་བྱེད་པས་ཐར་པའི་རིན་ཆེན་འཕྲོག །ཁ་ཟས་དུག་ཅན་ལྟ་བུའི་འདོད་ཡོན་ལ། །རོ་མྱང་བྱེད་པས་ངན་འགྲོའི་གནས་སུ་ལྷུང་། །ལོག་མཚོའི་ལོངས་སྤྱོད་བ སོག་པར་བྱེད་པ་གང་། ཁྲེལ་མེད་དད་པས་སྦྱིན་པ་ཆུད་གསོན་ཞིང་། །དཀོར་ལ་མི་མཛེམ་ཤ་ཆང་བག་མེད་སྤྱོད། །ཚུལ་འཆོས་སྤྱོད་ཅིང་མི་དགེའི་དབང་སོང་པས། །ཤི་མ་ཐག་དང་ངན་འགྲོའི་གནས་སུ་ལྷུང་། །དམྱལ་བའི་གཤེད་པོ་བེ་ཅོན་ལག་ཐོགས་པ། །འཇིགས་སུ་རུང་བ་ལས་ཀྱི་ཞགས་པས་ཁྲིད། །མེ་འདག་སྤུ་གྲིའི་ཆར་གྱིས་ཤ་རུས་འབྲལ། །ཟངས་ཁུ་འཐུང་པས་ལུས་ཀྱི་ནང་ཁྲོལ་བསྲེགས། །སྐྱབས་མེད་ཀྱེ་མ་ཀྱི་ཧུད་སྒྲ་ཆེན་འབྱིན། །འདི་འདྲ་སོམས་ལ་ཚེ་འདིའི་མི་དགེ་སྤོངས། །མི་རྟག་ཟིལ་པ་འདྲ་བའི་ལོངས་སྤྱོད་ལ། །བདེན་མེད་མངོན་ཞེན་སྤོངས་ལ་སྦྱིན་པ་ཐོང་། །རྨ་གཡའ་ཕྲུགས་པས་ཕྱིར་ཞིང་བྱེད་ལྟ་ཡི། །ཚོར་བའི་བདེ་ལ་སྲེད་པར་མ་བྱེད་པར། །ལྷག་པའི་ཚུལ་ཁྲིམས་རིན་ཆེན་བརྟན་པོར་བཟུང་བྲག་ཆའི་སྒྲ་ལྟར་བདེན་པ་མེད་པ་ཡི། །སྙན་གྲགས་ཆེ་གཏོར་རྗེས་སུ་མ་འབྲེང་པ། །རང་གི་སེམས་ལ་ཏིང་འཛིན་ཤེས་རབ་བསྐྱེད། །ཤིན་ཏུ་བརྟགས་ཀྱང་ལོ་བརྒྱར་བསྡད་པ་མེད། སྐྱེས་ནས་འཆི་བ་རྗེས་སུ་འབྲང་བ་སྟེ། །དར་བར་གྱུར་པ་གང་ཡིན་རྒྱུད་པའི་མཐའ། །རྩིགས་པར་གྱུར་པའི་མཐའ་མ་འཇིག་པ་སྟེ། །ཀུན་ལ་དབང་བྱེད་ས་བདག་རྒྱལ་པོ་ཡང་། །དབང་མེད་སྲིད་གནན་འགྲོ་བ་མ་མཐོང་ངམ། །དེ་བས་རྒྱལ་སྲས་ཀུན་གྱི་རབ་བསྔགས་པའི། །འདུ་འཛི་སྤངས་པའི་དབེན་གནས་ཞི་བ་བསྟེན། གངས་རི་དཔལ་ལྡན་ཟླ་འོད་སྤུངས་འདྲ་དང་། །དངས་པའི་མཚོ་འགྲམ་བརླབས་ཀྱི་ཕྲེང་བ་ཅན། །གཅན་གཟན་མེད་པའི་ལྷུན་པོ་ནགས་ཚལ་མཛེས། །མཛེས་ཤིང་ཡིད་འོང་སྤང་ལྗོངས་རྨ་བྱའི་མདངས། །མདངས་ལེགས་འབབ་ཆུའི་སྒྲ་སྙན་སྒྲོགས་པའི་གནས། །ཞི་བའི་བྱ་དང་རི་དྭགས་གྱིས་བསྟེན་པ། །འཇིག་རྟེན་རྣམ་གཡེང་རིང་དུ་གྱུར་པར་དེར། །བསམ་གཏན་བྱེད་པ་དཔལ་དང་ལྡན། འདི་འདྲའི་བདེ་བ་ལྷའི་ནའང་མེད། །དེ་ཕྱིར་རྩེ་ཅིག་བསམ་གཏན་བསྒོམ་བྱ་ཞིང་། །རྒྱལ་བས་གསུངས་པའི་ཡང་དག་དོན་ལ་བལྟར། །སྣང་བ་ཐམས་ཅད་རང་གི་སེམས་ཡིན་ཕྱིར། །བླང་དོར་མ་བྱེད་རང་གསལ་གཅིག་ཏུ་ཞོག །བདེ་གསལ་མི་རྟོག་ཉམས་ཀྱིས་བརྒྱན་པ་ཡི། །བསམ་གཏན་རྒྱུད་ལ་བསྟེན་པར་མ་བྱས་ན། །ཤེས་པས་མི་ཕན་འཇིག་རྟེན་རོལ་མོ་མཁན། །ཉམས་སུ་མྱོང་ལ་མཚན་མར་འཛིན་བྱེད་པ། །མཛེས་འདོད་གསེར་གྱི་སྒྲོག་དུ་བཅུག་པ་འདྲ། དེ་ཕན་གང་ལའང་མངོན་ཞེན་རབ་སྤངས་ནས། ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་བྱ། ཉམས་ལེན་རང་དོན་གཅིག་པུར་མ་སོང་པར། །སྙིང་རྗེ་རྒྱ་ཆེན་བསྔོ་བས་ལེགས་ཟིན་བྱ། །ཐབས་དང་མི་ལྡན་དམན་པའི་སྤྱོད་དོར་ཞིང་། །རང་གཞན་དོན་གཉིས་འགྲུབ་པའི་སྤྱོད་པ་རྟེན། །ཐེག་དམན་འབྲས་བུ་དོན་དུ་མ་གཉེར་བར། །སྐུ་གསུམ་ལྷུན་གྲུབ་མཐར་ཕྱིན་བསྒྲུབ་པར་བྱ། །དེ་ནི་རྒྱལ་བའི་གསུང་དང་མི་འགལ་བར། །སྙན་ངག་སྡེབས་སྦྱོར་ཚིག་གིས་མ་སླད་ཅིང་། གོ་བདེའི་ངག་ཏུ་རང་བྱུང་རྡོ་རྗེས་བསྙད། འགྲོ་ཀུན་ཐར་པའི་ལམ་ལ་འཇུག་པར་ཤོག བསྐུལ་བྱེད་བསོད་ནམས་རྒྱལ་མཚན་ལ་སོགས་པ། །མ་ནོར་ཚུལ་བཞིན་ཉམས་སུ་བླང་བར་མཛོད། །ཁྱེད་ཀྱི་བསམ་པ་རྣམ་པར་དག་པའི་སྒོ་ནས། །ཡི་གེ་གསེར་ཞོ་དོ་དང་བཅས་པ་བསྐུར་འདུག་པ་འཕྲོད་ཅིང་། ཁྱེད་བཞེད་པའི་བསྟན་བཅོས་རྒྱས་པ་བརྩོམ་པའི་ལོང་མ་བྱུང་ནའང་། །བསྡུས་པ་གཅིག་བྱས་ནས་བསྐུར་བདོག་པས། སྔར་བཞིན་དུ་ཉམས་ལེན་ལ་བརྩོན་པར་མཛོད། སླད་གྱི་ཅི་མྱུར་གྱིས་འཇལ་བ་བགྱིད། །སྟག་ལོ་ཟླ་བ་དྲུག་པའི་ཚེ་ལྔ་ལ་མཚུར་ཕུའི་རི་ཁྲོད་བདེ་ཆེན་ནས། བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །། ༈ ཞྭ་ལུ་བ་དགེ་བཤེས་རྡོ་རྗེ་དཔལ་བཟང་ལ་སྤྲིང་ཡིག་བཞུགས་པ་ལགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རང་བྱུང་རྡོ་རྗེས། དགེ་བཤེས་རྡོ་རྗེ་དཔལ་བཟང་པོའི་ཕྱག་ཏུ་སྤྲིང་བ། ཉམས་ལེན་རྩེ་ཅིག་ཏིང་འཛིན་འཕེལ་བའི་ངང་། །མོས་པས་ལོངས་སྤྱོད་སྙིང་པོ་བླང་བའི་ཕྱིར། །དངོས་པོ་རྣམ་པར་དག་པའི་འབུལ་བ་དང་། །ཆབ་ཚར་བཅས་པ་འཕྲོད་པས་ཡིད་དགའ། །དེ་ཡང་བླ་མའི་གདམ་ངག་ཉམས་ལེན་ལ། །རང་སྣང་ཐ་མལ་ཤེས་པ་ཐུག་ཕྲད་འདི། །དྲན་པའི་སོ་པས་སྣང་སྟོང་རྩལ་སྦྱོང་ཞིང་། །གཟུང་འཛིན་དང་བྲལ་གཤིས་ལ་གནས་པའི་སྟོན། དེ་ཉིད་དབྱིངས་སུ་བླང་དོར་མེད་པར་སྦྱང་། །རང་གི་སེམས་ཉིད་བླ་མ་ཡིན་པ་ལ། །སངས་རྒྱས་ཀུན་དང་དབྱེར་མེད་གཅིག་ཏུ་བསྲེ། །སྣང་བ་སྣ་ཚོགས་གདམས་པའི་རང་བཞིན་ཡིན། །བྲག་ཆའི་སྒྲ་རྣམས་སེམས་ཀྱི་རང་བཞིན་ཏེ། གང་ཤར་གདམས་པ་ཡིན་པས་ངེས་ཤེས་བསྐྱེད། སངས་རྒྱས་ཞིང་ཁམས་སེམས་ལ་འཆར་བ་དང་། ཆོས་རྣམས་ཐམས་ཅད་ནང་ནས་འཆར་འགྱུར་ཞིང་། སེམས་དང་བླ་མ་འདུ་འབྲལ་མེད་པ་རུ། །འགྱུར་ཞིང་དེ་དོན་མཁྱེན་པས་ཉམས་ལེན་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ དཔལ་འབུམ་ལ་གདམས་པ་བཞུགས་སོ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་སུ། ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་ལ། མོས་གུས་བསྐྱེད་ཅིང་བླ་མའི་རྣལ་འབྱོར་བསྒོམ། །གསོལ་བ་བཏབ་པས་བྱིན་བརླབས་སེམས་ལ་འཇུག །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པ་ལ། །ཕྱོགས་མེད་སྦྱིན་པ་རྒྱ་ཆེན་བཏང་ནས་ཀྱང་། །མ་ཆགས་གཞན་དོན་བསྔོ་བའི་རྒྱ་ཡིས་གདབ། །མི་དགེ་ཀུན་སྤངས་དག་པའི་ཚུལ་ཁྲིམས་བསྲུངས། །སྨིན་པར་བྱེད་པའི་དབང་བསྐུར་ཐོབ་ནས་ཀྱང་། །རྒྱུན་དུ་ཡི་དམ་བསྐྱེད་རིམས་བསྒོམ་པ་དང་། །ངག་ཏུ་གསང་སྔགས་བཟླས་བརྗོད་ཅི་ནུས་བྱ། །ཐོག་མེད་དུས་ནས་འཁོར་བར་ཁྲིད་བྱེད་པ། །རྣམ་རྟོག་ཡིན་པར་རང་ངོ་ཤེས་པར་བྱ། །མ་ཡེངས་རྩེ་ཅིག་མཉམ་པར་བཞག་བྱ་ཞིང་། བསམ་གཏན་ཏིང་འཛིན་རྩེ་ཅིག་བསྒོམ་པ་དང་། །འཁོར་འདས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། །སྣང་སྟོང་དབྱེར་མེད་རང་གི་ངོ་བོར་ལྟོས། །ཐ་མལ་ཤེས་པ་རྒྱལ་བའི་སྙིང་པོར་སྟེ། །དེ་ཉིད་རྟོགས་ན་སངས་རྒྱས་ཐོབ་པ་ཡིན། །དེ་ཉིད་ཉམས་ལེན་ཡིན་པས་ཉམས་སུ་ལོངས། །ཡོན་བདག་མོ་དཔལ་འབུམ་ལ་གདམ་པའོ།། །། ༈ རྨི་ལམ་གྱི་ཚིག་བཅད་བཞུགས་པ་ལགས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །དྲིན་ཅན་ཉིད་ཀྱིས་བྱིན་གྱིས་བརློབས། །བདག་འདྲ་འཁོས་ཆུང་རི་ཁྲོད་པས། །སྲོད་ལ་རྗེ་ལ་གསོལ་བ་བཏབ། །ཐོ་རངས་མཚན་བརྟས་འདི་ལྟར་བྱུང་། །སྤྱིར་སྲོད་ཀྱི་རྨི་ལམ་བག་ཆགས་ཡིན། །ནམ་ཕྱེད་ཀྱི་རྨི་ལམ་གདོན་དབང་ཡིན། །ཐོ་རངས་གང་བྱུང་བདེན་ནོ་ཞེས། །བླ་མ་མར་པའི་ཞལ་ནས་གསུངས། །དེ་ཕྱིར་རྣལ་འབྱོར་བདག་འདྲ་ཡང་། །ཅུང་ཟད་རྨི་ལམ་ཡི་གེར་བཀོད། །ལར་བདག་ལ་འཛིན་ཆགས་ཡོད་མིན་ཀྱང་། །ཕ་བླ་མ་བྱང་ཆུབ་སེམས་པའི་ཚོགས། ལུང་བསྟན་མཛད་པ་ངོ་མཚར་ཆེ། །ཐོ་རངས་གཉིད་ཀྱི་རྨི་ལམ་ན། །རི་རིན་ཆེན་མཆོག་འདྲའི་ངོས་ལ་ཡང་། །ལྷ་གནས་ཕོ་བྲང་ཉམས་དགའ་བར། །རྣལ་འབྱོར་བདག་ཉིད་ཕྱིན་པ་ལས། །ཐུགས་རྗེ་ལྡན་པའི་སྤྱན་རས་གཟིགས། །མི་བདག་གི་མདུན་དུ་བཞུགས་ནས་ཀྱང་། །འཁོར་བས་འཇིགས་པའི་བརྡ་གཅིག་བསྟན། །འདི་ལྟའི་ཟང་ཟིང་གཡེང་བ་འདིས། །ཅིས་ཀྱང་སླུ་བའི་བརྡ་གཅིག་བསྟན། །རྗེས་སུ་དག་པའི་གསུངས་སྐད་ཀྱིས། །ཚིག་དོན་རྣམ་པར་ཀྲོལ་བ་ནི། །སྤྱིར་འགྲོ་དྲུག་ཐམས་ཅད་མ་ཡིན་པས། །ཁྱོད་སྙིང་རྗེ་ཆེན་པོ་བསྒོམས་གཅིག་གསུང་། འཁོར་བ་དུག་དང་ཚེར་འདྲ་ཡིན། །འདི་ལ་བདེན་འཛིན་མ་བྱེད་གསུང་། །སྐལ་ལྡན་སློབ་མ་ནོར་བུ་འདྲ། །བཟང་པོ་གང་བྱུང་སྐྱོངས་ཅིག་གསུང་། །དེ་ནས་སྤྱན་རས་གཟིགས་དབང་གི །དྲུང་ན་འདུག་པའི་རྣལ་འབྱོར་པ། །གཅིག་གི་ཞལ་ནས་འདི་སྐད་གསུངས། །ཕ་སྤྲུལ་སྐུ་ཏེ་ལོ་ཆེན་པོ་ཡང་། །བླ་མ་བསྟེན་ཅིང་དཀའ་ཐུབ་ཉིད། །དམ་པ་བྱས་པས་ཕྱག་ཆེན་རྟོགས། །དེ་བཞིན་བླ་མ་ན་རོ་པས། །བཅུ་གཉིས་བར་དུ་དཀའ་བ་སྤྱད། །བླ་མ་ཏེ་ལོ་ཆེན་པོ་བསྟེན། །དེ་ནས་ཕྱག་རྒྱ་ཆེན་པོ་རྟོགས། །དེ་ལྟར་མར་པ་ཉིད་དང་ནི། །མིད་ལ་གཞན་ཡང་བརྒྱུད་པ་རྣམས། བླ་མ་བསྟེན་ཅིང་རི་ཁྲོད་འགྲིམས། །དཀའ་བ་ཆེན་པོས་ཉམས་སུ་བླངས། །དེ་ཡིས་ཕྱག་རྒྱ་ཆེན་པོ་རྟོགས། །ཁྱོད་ཀྱང་གཡེང་བ་མ་བྱེད་པར། །ཁེ་དང་གྲགས་པ་མ་བསྒྲུབ་པར། །ཆོས་བརྒྱད་མགོ་བོ་འབུར་འཇོམས་གྱིས། །སུས་ཀྱང་མཐོང་ཚོར་མེད་པར་གྱིས། །མིད་ལ་རྣལ་འབྱོར་ལྟ་བུ་གྱིས། །དེ་ལྟར་བྱས་ན་ཤིན་དུ་ལེགས། །དེ་སྐད་གསུང་པ་རྣམ་པར་ཐོས། །སྐད་ཅིག་དེ་ལ་གཉིས་ཀྱང་སད། །མ་རྗེད་དྲན་པའི་ལྕགས་ཀྱུས་ཟིན། །སྔར་གང་བྱེད་གང་བྱེད་བསམ་པ་དེ། །བློ་ཡང་ང་མེད་པའི་ཕུ་ཐག་ཆོད། །ད་ལྟ་ལྷ་དབང་བྱུང་ནས་ཀྱང་། །མན་སྟོང་དུ་བཤོལ་ཀྱང་གཏད་ས་མེད། །རི་ཁྲོད་འགྲིམས་པ་མ་བྱུང་ན། ཅི་ལྟར་བྱས་ཀྱང་གཏད་ས་མེད། །སྙིང་ནས་ཆོས་གཅིག་མ་བྱུང་ན། །གང་ལྟར་བྱས་ཀྱང་གཏད་ས་མེད། །དཔལ་ལྡན་བླ་མས་ཡང་ཡང་དུ། །ཐུགས་བརྩེ་བས་བུ་བཞིན་སྐྱངས་པའི་ཕྱིར། །རྗེ་མི་འབྲལ་སྤྱི་གཙུག་བརྒྱན་དུ་བཞུགས། །སྐལ་ལྡན་བདག་ལ་བྱིན་གྱིས་བརློབས། །ཁམས་གསུམ་འཁོར་བ་ཐུགས་རྗེས་བཟུང་། །མ་རིག་སྒྲིབ་པ་དང་བཅས་པའི། །ཁམས་གསུམ་འཁོར་བ་འདི་རྣམས་ཀུན། །རྗེ་མཉམ་མེད་བླ་མ་དཔའ་བོ་རྗེ། །རྡོ་རྗེ་འཆང་དང་ས་ར་ཧ། །ཏེ་ལོ་ན་རོ་མེ་ཏྲི་པ། གྲུབ་ཐོབ་རྣམས་ཀྱིས་བྱིན་བརླབས་པ། །ལྷོ་བྲག་མར་པ་ལོ་ཚ་དང་། །ཞབས་ཀྱིས་རྡུལ་རེག་གྱུར་པ་ཡི། །སྐྱེས་མཆོག་བཞེད་པའི་རྡོ་རྗེ་དང་། མཁའ་འགྲོའི་དབང་ཕྱུག་ལྷའི་ལྷ། །བཀའ་བརྒྱུད་ནོར་བུ་རིན་པོ་ཆེ། །དེའི་མཛད་པའི་བསྒྲུབ་པ་ལྟར། །དུས་ད་ལྟ་བསྟན་པའི་སྙིགས་མ་ལ། །ལོག་རྟོགས་སྐྱེ་བོ་ཕྲག་དོག་ཆེ། །དགེ་བཤེས་རྣམས་ཀྱི་འགྲན་པ་དང་། ཆོས་བྱེད་ཀུན་གྱི་ཉོན་མོངས་རྣང་། །འགྲོ་དྲུག་རྒྱུད་ངན་རེངས་པ་ལ། །མི་བདག་གིས་དཀའ་བ་མ་སྤྱད་ན། །བསྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་ནུབ། །བཀའ་བརྒྱུད་ནོར་བུ་རིན་ཆེན་འཆེར། །དེ་ཕྱིར་བདག་ཉིད་བསྒྲུབ་པ་བྱེད། །ཆོས་བརྒྱད་རྟ་ལ་ཞོན་པ་ཡི། །དགེ་བཤེས་གཞན་མ་རྣམས་ཀྱི་མཆོག །ང་ཆེ་ང་བཟང་ཟེར་བ་ཡི། །གྲགས་པ་ཅན་ནི་གཞན་གྱི་མཆོག །སྐུ་བསོད་ཟང་ཟིང་ཆེ་བ་ཡི། །ངོ་མཚར་ཅན་ཀྱང་གཞན་གྱིས་འཆི། །སངས་རྒྱས་བསྟན་པའི་སྙིགས་མ་ལ། །ཁེའུ་བདག་གིས་མ་སྐྱུངས་ན། །གཞན་པ་སྐྱུངས་མཁན་མི་གདའ་ན། །བདག་འདྲ་རྣལ་འབྱོར་རི་ཁྲོད་པ། །དཀའ་ཐུབ་དམ་པ་ནུས་པར་ཤོག །བསྒྲུབ་པ་མཐའ་རུ་ཐོན་པར་ཤོག། །། ༈ རྟོགས་པ་བརྗོད་པའི་ཚིགས་གཅད། །འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་འབྱུང་པ། །ཡོད་དང་མེད་དང་ཡོད་མེད་དག །མཐའ་ལས་གྲོལ་བར་རབ་གསུངས་པའི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །གང་ཚེ་ཆོས་རྣམས་ཐམས་ཅད་ཀུན། །རབ་ཏུ་སྐྱེ་བ་རྣམ་དག་པ། །འགག་པ་དམིགས་པར་གྱུར་མ་ཡིན། །མ་སྐྱེས་པའི་དངོས་བཞིན་ནོ། །གང་ཚེ་སེམས་དང་སེམས་འབྱུང་དག །དམིགས་པ་མེད་པར་རབ་གྱུར་པ། །དེ་ཚེ་གཟུགས་སོགས་རང་བཞིན་རྣམས། །སྣང་བ་ཅི་ལྟར་འཐད་པར་འགྱུར། །སྣང་བ་མེད་ཅིང་མཐོང་མེད་པའི། །ཆོས་དེ་གང་ལ་སྐྱེ་བར་འགྱུར། །ཡེ་ནས་དག་པའི་ཆོས་ཉིད་དེ། །སྐྱེ་དང་འགག་པར་རྟོགས་བྱེད་ན། །མཁའ་ལ་མདུད་པ་བྱས་ལྟར་འགྱུར། །དེ་ལྟར་གནས་པའི་དོན་དེ་ལ། །རྨི་ལམ་དུས་ཀྱི་བདེ་སྡུག་ལྟར། །བྱིས་པ་རབ་ཏུ་འཁྲུལ་གྱུར་པས། །བདག་དང་བདག་གིར་རབ་ཏུ་ཞེན། །འཇིག་རྟེན་རང་གི་རྟོག་པས་བརྟགས། རྟོག་པ་རྟོག་པར་བདེན་མ་ཡིན། །འདས་པ་རྟོག་མིན་མ་འོངས་མིན། །དབུ་མ་གང་དུ་རྣམ་པར་རྟོག །དུས་གསུམ་ལས་གཞན་རྟོག་པ་ཡི། །སྐྱེ་བའི་གནས་དེ་གང་ཞིག་ཡིན། །རེ་ཞིག་མིང་ཡང་གཟུགས་དག་ལས། །སྐྱེ་མཆེད་དེ་ལས་རེག་པ་དང་། སྲེད་ལེན་སྲིད་པ་འབྱུང་ངོ་ཞེས། །རྒྱལ་བ་སངས་རྒྱས་ཀྱིས་གསུངས་པ། །དམ་པའི་དོན་དུ་དག་མ་ཡིན། །ཅི་ཕྱིར་ཞེ་ན་ཀུན་མཁྱེན་གྱིས། །སྐྱེ་དང་འགག་པ་མ་གཟིགས་ཕྱིར། །ཡང་དག་མ་ཡིན་ཀུན་རྟོག་པ། །འདུ་བྱེད་རབ་ཏུ་གཡོ་མེད་པ། དེ་ཚེ་རྣམ་ཤེས་ཅི་ལྟར་འགྱུར། ཀུན་འགྲོ་བ་ཡི་འདུ་བྱེད་ཉིད། །གང་ལས་རབ་ཏུ་སྐྱེ་བར་འགྱུར། །དེའི་བྱེད་པོ་གང་ཞིག་ཡིན། །འདི་ནི་རབ་དུ་ཟབ་པ་ཉིད། །གང་ཞིག་ཀུན་གཞིའི་རྣམ་པར་ཤེས། །ལེན་པའི་ཆ་དང་བཅས་པ་འདི། །ཆུ་དང་གསེར་དང་ནམ་མཁའ་ལྟར། །ཡེ་ནས་དག་ཅིང་འོད་གསལ་བ། །འདི་འོང་ཐ་དད་གཅིག་མེད་པས། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན། འདི་ཉིད་རབ་ཏུ་མ་རྟོགས་པས། །ཀུན་འབྱུང་སྡུག་བསྔལ་རབ་བསྐྱེད་དོ། །འགོག་ལམ་རྟོགས་པར་བྱ་བའི་ཕྱིར། །བདེན་པ་གཉིས་ལས་ཡང་དག་རྟེན། །དྲན་པ་ཉེར་བཞག་ནས་བཟུང་ནས། །སངས་རྒྱས་ཉིད་ཀྱི་མཐར་ཐུག་པ། །འདི་ནི་རབ་ཏུ་ཟབ་པ་ཉིད། །སེམས་ཅན་རབ་ཏུ་མི་དམིགས་ཕྱིར། །སྙིང་རྗེ་ཇི་ལྟར་དམིགས་པར་འགྱུར། །དེས་ན་འདི་ནི་ཚད་མེད་ཕྱིར། །རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་དོ། །ལུས་ལ་ལུས་ཀྱིས་རབ་དབེན་ཕྱིར། །གཟུགས་ནི་ལྦུ་བ་རྡོལ་བ་འདྲ། །ཚོར་བ་རབ་ཏུ་དབེན་པའི་ཕྱིར། །ཆུ་བུར་ལྟ་བུའི་ཚུལ་དུ་ཤེས། །སྨིག་སྒྱུ་ཆུ་ཤིང་སྒྱུ་མ་ལྟར། །འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །གདོད་ནས་རྣམ་པར་དག་པའི་ཕྱིར། །སེམས་དང་ཆོས་ནི་རབ་རྟོགས་འགྱུར། །འདི་ཡིས་ཡང་དག་སྤོང་བ་ཡི། ཆོས་རྣམས་མངོན་དུ་བྱེད་པའོ། །འདི་ལ་བརྟེན་ནས་རྫུ་འཕྲུལ་རྐང་། །རབ་ཏུ་ཟབ་པ་ཐོབ་པ་ཉིད། །དད་དང་དྲན་དང་བརྩོན་འགྲུས་དང་། ཏིང་འཛིན་ཤེས་རབ་དབང་པོ་ལྔ། །འདི་ལ་བརྟེན་ནས་སྟོབས་སུ་འགྱུར། །གཟུང་བ་རབ་ཏུ་དབེན་རྟོགས་པས། །འཛིན་པ་གང་དུ་གནས་པར་འགྱུར། །རི་བོང་ར་མཐོང་ཇི་བཞིན་ནོ། །འོན་ཀྱང་སྒྱུ་མའི་ཚུལ་ཉིད་དུ། །སེམས་ཅན་ལ་ནི་གནས་པར་བྱ། །བྱང་ཆུབ་ཡན་ལག་བདུན་པོ་དང་། །མཐོང་བས་སྤངས་པའི་ཆོས་རྣམས་ཀུན། རབ་དབེན་ལྟ་བས་རྣམ་གྲོལ་བས། །ཡང་དག་ལྟ་བས་འདི་རབ་སྦྱང་། །མཐའ་བྲལ་ལྟ་བ་འདི་རྟོགས་པས། །ཡང་དག་རྟོགས་པ་ཕུན་སུམ་ཚོགས། །གང་དང་འཚོ་བ་ལས་ཀྱི་མཐའ། །རྩོལ་བ་དྲན་དང་ཏིང་ངེ་འཛིན། །འཕགས་ལམ་མཆོག་རྣམས་ཐོབ་བྱེད་དེ། །སྟོང་ཉིད་མཚན་མེད་སྨོན་པ་བྲལ། །འདི་ནི་ཏིང་ངེ་འཛིན་གྱི་སྒོ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་འདི་དག་ལྔ། །དོན་འདི་ལ་གནས་རབ་སྤྱད་པས། །ཕ་རོལ་ཕྱིན་པའི་མང་འཐོབ་འགྱུར། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །དམིགས་མེད་ཐབས་ལ་མཁས་པ་ཉིད། །འདིར་ངོས་མི་ཟད་ནམ་མཁའ་འདྲ། །འདི་ནི་སྟོབས་ལྡན་གོ་ཆ་མཆོག །མཁའ་ལྟར་སྨོན་ལམ་ཚད་མེད་འགྱུར། །འདི་རྟེན་ཡེ་ཤེས་ཚད་མེད་ཅིང་། ཏིང་འཛིན་གཟུངས་དང་མི་འཇིགས་དང་། སོ་སོ་ཡང་དག་རིག་པ་དང་། མ་འདྲེས་བཅོ་བརྒྱད་ལ་སོགས་པ། །སངས་རྒྱས་ཆོས་ཀུན་འདི་ལས་བྱུང་། འདི་ནི་ཐེག་པ་ཆེན་པོ་སྟེ། སྲིད་ཞི་རྣམ་པར་སྤངས་པའོ། །འདི་ལ་སྐྲག་པའི་རིགས་མ་ཡིན། །གང་ཞིག་འདི་ལ་མི་འཇུག་པ། །གང་གིས་ཕ་རོལ་ཕྱིན་པར་འགྱུར། འཇམ་པའི་དབྱངས་དང་སྤྱན་རས་གཟིགས། །མི་ཕམ་རྒྱལ་བའི་སྲས་རྣམས་ལ། །དད་པས་མངོན་བྱས་ཚིག་འདི་ནི། །རང་བྱུང་རྡོ་རྗེས་ཞེས་བྱ་བས། །འདི་ནི་ལྷ་སྟེངས་གནས་སུ་བྱས། །འདི་ལ་ནོར་བར་གྱུར་སྲིད་ནི། །ཉེས་པའི་སྒྲིབ་པར་མ་གྱུར་ཅིག །ཅུང་ཟད་དགེ་བ་ཡོད་པ་ན། །འགྲོ་ཀུན་སྒྲོལ་བའི་གཞིར་གྱུར་ཅིག། །། ༈ ཐེག་པ་མཐའ་དག་གི་དོན་གསལ་བ་བཞུགས་སོ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཇི་བཞིན་མཁས་པ་ཐུགས་རྗེའི་དཀྱིལ་འཁོར་ཅན། །རྣམ་འཕྲུལ་མཛད་པའི་འོད་ཟེར་སྟོང་འགྱེད་པ། །རིན་ཆེན་གཙོ་བོ་མཆོག་ལ་གུས་པས་འདུད། །དཔལ་ལྡན་མཆོད་འོས་ཀུན་ལ་མཆོད་པའི་གཙོ། །མཆོད་བྱེད་མན་ངག་ཇི་སྙེད་ཟིལ་གནོན་པ། །སྡེ་སྣོད་རྒྱུད་སྡེའི་པད་མོ་སྤེལ་ལེགས་པའི། །སྙིང་པོ་བསྒྲུབ་པའི་ཟེ་འབྲུ་ཆེར་བཀྲས་མཆོད། །ཀྱེ་མ་འདི་ལྟར་མ་རུངས་སྙིགས་མའི་དུས། །གངས་ཅན་རི་བོའི་ཞོལ་ལས་ཤར་གྱི་ཕྱོགས། །ཞིང་འདིར་གནས་ཤིང་ཐེག་ལ་བློ་གཞོལ་བ། །སྐྱེས་བུ་འགའ་ལ་རེ་ཤིག་ཕན་འགྱུར་རམ། །འོན་ཀྱང་རྒྱལ་བའི་བསྟན་ལ་སྒོར་ཞུགས་ཤིང་། །ཐེག་པའི་འབྲས་བུ་དོན་དུ་གཉེར་བ་རྣམས། །ཚིག་འདི་ཐོས་ནས་མངོན་པར་སྤྲོ་འགྱུར་རམ། །རང་གི་རྒྱུད་ལ་གོམས་བྱེད་འདི་ལྟར་བརྗོད། །སྙིགས་དུས་སྙིགས་མ་ལྔ་བདོའི་དུས་འདི་རུ། །ཚེ་ལ་ལོང་མེད་འཆི་རྐྱེན་བསམ་མི་ཁྱབ། །ཟས་ནོར་མི་རྟག་གཞན་གྱི་འཕྲོག་ཅིང་སྤྱོད། །གོས་ནི་མི་རྟག་ནམ་མཁའི་འཇའ་འོད་འདྲ། །བདེ་སྐྱིད་མི་རྟག་རྩ་ཁའི་ཟིལ་པ་འདྲ། །སྙན་གྲགས་མི་རྟག་ནམ་མཁའི་འབྲུག་སྒྲ་འདྲ། །སྐྱེས་བུའི་ཚོགས་ཀྱིས་འདི་ལྟར་མ་དགོངས་སམ། །སྐྱེ་བོ་བསྒྲིབ་བྱེད་སྟོང་གིས་བསྒྲིབས་པ་ཡི། །ཚང་ཚིང་དང་བཅས་དར་གྱི་སྲིན་བུ་བཞིན། །བདག་དང་བདག་གིར་ཞེན་པའི་འཆིང་བ་ཅན། །སྡུག་ལ་མངོན་པར་ཞེན་པ་སྙིང་རེ་རྗེ། །འདི་ལ་ཐར་པར་འདོད་རྣམས་འདི་ལྟར་མཛོད། །ཡོན་ཏན་ལྡན་པའི་དཔལ་ལྡན་བླ་མ་རྟེན། །ཡིད་བཞིན་ནོར་བུས་རེ་བ་རྫོགས་པ་འདྲ། །གཟུགས་རྙན་ཆོས་བརྒྱད་ཅན་རྣམས་རིང་དུ་སྤོངས། །དུག་ཅན་གཟེབ་ལ་སྡུག་བསྔལ་རྒྱུར་འགྱུར་རོ། །ལྷག་པའི་ཚུལ་ཁྲིམས་རིན་ཆེན་བརྟན་པོར་བཟུང་། །ཐར་པའི་ཐེམ་སྐས་ལེགས་པ་ཚུགས་པ་ཡིན། །ཚུལ་ཉམས་ཚུལ་ཅན་གཟུགས་ལ་བསྟེན་མི་བྱ། །ཆགས་པའི་དོང་དུ་གནས་ནས་ཅི་ཞིག་བྱ། །བློ་ཡི་བང་མཛོད་སྡེ་སྣོད་ནོར་གྱིས་དགང་། །འཇིག་རྟེན་འཇིག་རྟེན་འདས་པའི་རྒུད་པ་སེལ། །སེར་སྣའི་རྐྱལ་པ་རྨུགས་པས་དགང་མི་བྱ། །ལོག་པའི་ལམ་ལ་སྤྱད་ཀྱང་སྡུག་བསྔལ་ཡིན། །རྒྱུད་སྡེའི་ཚིག་དོན་ཇི་བཞིན་བརྟག་པ་བྱ། །སྒྲ་དང་སྒྲ་མིན་ཤེས་ན་ལམ་གྱི་མཆོག །རྨོངས་པའི་ཚིག་ལ་ངེས་ཤེས་བསྐྱེད་མི་བྱ། །སྨྱོན་པའི་ཚིག་ལ་བདེན་པ་ཡོད་དམ་ཅི། །འདུ་འཛིས་སྐྱོ་ན་རི་ཁྲོད་བས་མཐའ་བརྟེན། །དབེན་པའི་གཞི་མ་ལེགས་པར་ཚུགས་པ་ཡིན། །གནས་དང་གྲོགས་ཀྱི་ཞེན་པས་ཅི་ཞིག་བྱ། །ཉ་དག་ལྕགས་ཀྱུའི་ཟས་ལ་ཞེན་པ་བཞིན། །གསང་བའི་སྙིང་པོ་བསྐྱེད་རིམས་ལེགས་པར་བསྒོམས། །ལུས་ཀྱི་བདག་འཛིན་ལེགས་པར་སྤངས་བར་འགྱུར། །རང་གཟུགས་བདེན་པའི་དངོས་པོར་ལྟ་མི་བྱ། མཁའ་རྒྱུའི་ཚོགས་རྣམས་ངན་འགྲོར་ལྟུང་བ་ཡིན། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ཀུན། །ལེགས་པར་བསྒོམས་ན་ཐུན་མོང་ཡོན་ཏན་འཕེལ། །གདམས་པ་བྲལ་ཞིང་རྩོལ་བར་བྱེད་པ་གང་། རླུང་གི་ནད་ལ་ག་པུར་འཐུང་བ་བཞིན། །བདེ་བའི་ཏིང་འཛིན་རྩེ་ཅིག་མཉམ་གནས་བྱ། གང་གི་རྣམ་རྟོག་གཡེང་བ་འཇོམས་པ་ཡིན། དེ་ཉིད་ཀུན་ཏུ་རུ་ལ་ཚོལ་བྱེད་གང་། །ས་སྤྱོད་མེའི་ཁྲོད་དུ་ཅི་ཞིག་བདེ། །གསལ་བའི་ཏིང་འཛིན་རྩེ་ཅིག་མཉམ་བསྒོམ་བྱ། །སྤྱན་དང་མངོན་པར་ཤེས་པ་ཐོབ་པར་འགྱུར། རྣམ་རྟོག་འཛིན་པ་ཕྱོགས་བཅུར་སྤྲོ་མི་བྱ། །རྣམ་གཡེང་བྱང་ཆུབ་ལམ་ལས་རིང་བ་ཡིན། །མི་རྟོག་སྟོང་པའི་ཏིང་འཛིན་ལེགས་བསྒོམ་བྱ། །སྣང་གྲགས་དངོས་པོའི་ཞེན་པ་ལྡོག་པ་ཡིན། །ཆད་པ་མུ་མེད་དུས་རིང་བསྒོམ་བྱས་ཀྱང་། །ཚེ་རིང་པོ་དག་འོག་མའི་གནས་སུ་ལྟུང་། །ཁམས་གསུམ་ཏིང་འཛིན་རྒྱས་གདབ་སྲེས་ཏེ་བསྒོམ། སྲིད་ཞི་གཉིས་ལས་འཕགས་པའི་འབྲས་བུ་ཐོབ། །རྒྱས་གདབ་དང་བྲལ་ཏིང་འཛིན་མང་བསྒོམས་ཀྱང་། འཆིང་བུའི་ཚོགས་ལ་བྱི་དོར་བྱེད་པ་འདྲ། །ཐེག་གསུམ་འབྲས་བུ་མངོན་པར་ཐོབ་འདོད་རྣམས། །ལུང་རིགས་ཐུར་མ་བློ་ཡིས་ལེགས་བསྣོམས་ལ། །མ་རིག་མིག་ཕྱེ་ཤེས་རབ་ལྡེ་མིག་གིས། །མཐའ་བརྒྱད་ཚིག་གི་སྒྲོལ་ནས་དོན་གྱི་ནོར། །མ་ནོར་གུས་པས་སྤྱི་བོས་ལེགས་བླངས་ནས། །དལ་འབྱོར་ཐོབ་པའི་འབྲས་བུ་ཡོད་པར་བྱ། འདི་ལྟར་ཐེག་པའི་སྤྱི་དོན་རྟོགས་བྱའི་ཕྱིར། །རང་གི་ཡིད་ལ་བསྒོམ་ཕྱིར་སྡེབས་པ་ཡིན། །ཚོང་འདུས་ཆེན་པོའི་ལོངས་སྤྱོད་བཀོད་པ་བཞིན། །འདིའི་སྤང་དང་བླང་བྱ་བརྟག་པར་བྱ། །རྟོགས་ན་དོན་གྱི་འབྲས་བུ་ཅི་སྙེད་པ། །མངོན་གྱུར་ཆོས་ཀྱི་སྤྱན་དང་ལྡན་པར་ཤོག །ཞེས་བྱ་བ་འདི་ནི་ཐེག་པ་མཐའ་དག་གི་དོན་གང་ཟག་གཅིག་གིས་རྒྱུད་ཐོག་ཏུ་ཉམས་སུ་བླང་བ་བྱ་བ་དང་། མ་རིག་པའི་བླུན་པོ་དག་བདག་ཏུ་ལྟ་བ་དུ་མ་དག་གིས་འཆིང་ཞིང་འདུག་པ་དག་ལ་སྙིང་བརྩེ་བའི་སླད་དུ་རང་བྱུང་རྡོ་རྗེས་འབྲུག་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དྲུག་གི་ཉིན་པར་ལྷ་སྟེངས་ཞེས་བྱ་བའི་རི་ཁྲོད་དུ་ཡོངས་སུ་སྦྱར་བ་རྫོགས་སོ།། །། ༈ ཨུ་རྒྱན་པ་རྨི་ལམ་དུ་འཇལ་ལུགས་བཞུགས་པ་ལགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྲེའུ་ལོ་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ནུབ་མོ་རྨི་ལམ་འཁྲུལ་པའི་སྣང་བ་ལ་ཡ་མཚན་ཆེ་བ་ཅུང་ཟད་ཙམ་སྣང་བ་འདི་ལྟ་སྟེ། ཐོག་མེད་དུས་ནས་བག་ཆགས་རྗེས་འབྲེངས་པ། །ཀུན་གཞི་ལ་གནས་ཡིད་ཀྱིས་རྗེས་འགྲོ་བ། །རབ་རིབ་གཉིད་ཀྱི་རྨི་ལམ་འཁྲུལ་པ་ལས། །ཐོ་རངས་དུས་སུ་ས་ཡི་ཕྱོགས་ཅིག་ན། ཨུ་རྒྱན་པ་ཞེས་གྲགས་པའི་བླ་མ་དེ། མངོན་གསུམ་ལྟ་བུར་གསལ་བར་བཞུགས་གྱུར་ཅིང་། །གདམས་པའི་ཚིག་འདི་གསལ་བར་བཀའ་སྩལ་ཏོ། །སྐྱེས་བུ་ཆེན་པོ་དུས་ཀྱི་སྙིགས་མར་གྱུར། །རྒྱལ་བའི་བསྟན་ལ་ཐོས་བསམ་བསྒོམ་པ་ཉུང་། དགེ་བཤེས་རང་བྱུང་འདུ་འཛིའི་གཡེང་བས་ཁྱེར། །རྒྱལ་བའི་སྐུ་གདུང་མཆོད་པ་བྱེད་པ་ཉུང་། རྒྱལ་པོ་རྣམས་ཀྱང་ཆོས་བཞིན་མི་བྱེད་པར། །སྐྱེ་བོའི་ཚོགས་ཀྱིས་རྣམ་པར་འཁྲུལ་པར་འགྱུར། །འདོད་ལྷའི་གཙོ་བོ་དགའ་མགུ་སྐྱེ་བར་འགྱུར། ནག་པོའི་རྩ་ལག་ཀུན་ཏུ་འཁྲུགས་གྱུར་པས། དུས་མིན་ནད་དང་མུག་གེ་སྣ་ཚོགས་འབྱུང་། །མི་རྣམས་ཚེ་ཐུང་ལོངས་སྤྱོད་ཞན་པར་གྱུར། །རྒྱལ་བའི་བསྟན་ལ་འབྲས་བུ་འདོད་རྣམས་ཀྱང་། །སྡིག་པའི་གྲོགས་དང་བདུད་ཀྱི་བྱིན་གྱིས་ནི། །ཉིན་རེ་བཞིན་དུ་ལེ་ལོའི་དབང་དུ་གྱུར། །དེ་ལྟར་གྱུར་པས་རྒྱལ་བའི་བསྟན་འདི་ཡང་། །རིང་པོར་མི་ཐོགས་གཟུགས་བརྙན་མཚུངས་པར་འགྱུར། འདིའི་དུས་སུ་བརྩོན་པ་བསྐྱེད་པར་བྱ། །འདི་དུས་བརྩོན་དང་མི་བརྩོན་ཁྱད་པར་ནི། འདི་དང་མཚུངས་ཞེས་རྨ་བྱའི་སྒྲོ་འགའ་ཞིག །བདག་ལ་བྱིན་ཅིང་དེ་ནས་མི་སྣང་གྱུར། །བརྡ་དེ་བདག་གིས་བསམ་པས་འདི་ལྟར་གོ དུག་གིས་འགྲོ་བ་ཐམས་ཅད་འཆིང་བྱེད་ཅིང་། །སྙིགས་དུས་ལོག་པར་ཕྱོགས་པ་ངན་འགྲོར་འགྲོ། །རྨ་བྱས་དུག་ཟོས་མདོངས་ཀྱི་ཁ་དོག་འཕེལ། །སྤུ་མཛེས་ཀུན་གྱི་ལྟ་བའི་འོས་སུ་འགྱུར། །སྙིགས་མའི་དུས་སུ་བརྩོན་པའི་སྟོབས་བསྐྱེད་ནས། །དབེན་པར་གནས་ཤིང་ཆོས་ལ་འབད་གྱུར་ན། །སྙིགས་མའི་དུག་ཀྱང་ཡོན་ཏན་གསལ་བྱེད་པའི། །གྲོགས་སུ་འགྱུར་ཞིང་རྒྱལ་བས་བསྔགས་པར་འགྱུར། །བརྡ་དེ་མངོན་དུ་གྱུར་པས་རྟོགས་པ་ཡིན། །རྨི་ལམ་བག་ཆགས་འཁྲུལ་པ་ཡིན་མོད་ཀྱང་། རྒྱལ་བའི་གསུངས་དང་མཐུན་པའི་ཚིག་འདི་དག །ཐོས་པར་བཀའ་བས་ཡིག་གེར་བྲིས་པ་ཡིན། །སྐྱེས་བུའི་ཚོགས་ཀྱིས་འདི་ལ་ལེགས་བརྟགས་ཏེ། །ངེས་འབྱུང་ཡོན་ཏན་བརྩོན་པ་བསྐྱེད་པར་བྱ། །ཅེས་བྱ་བ་འདི་ནི་གནས་སྒོ་དཔལ་གྱི་དགོན་པར་བཞུགས་དུས་གསུངས་པའོ།། །། ༈ ཡར་ལ་ཤམ་པོར་གསུངས་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་བརྩེ་བ་ཆེན་པོས་རབ་གང་བའི། །ཐུགས་རྗེ་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །ཐོགས་མེད་དུས་ནས་རྗེས་སུ་འབྲེལ་གྱུར་པའི། །བག་ཆགས་སྐྱོན་རྣམས་ཞི་བར་མཛད་དུ་གསོལ། །སེམས་ཀྱི་གསར་སྐྱེས་རྒྱལ་བས་མ་གཟིགས་ཤིང་། ཐོགས་མེད་དུས་ཅན་སྐད་ཅིག་ཤེས་པའི་ཡུལ། །འགག་པའི་རང་བཞིན་རྣམ་པར་དག་གྱུར་པ། །འདི་དང་ཉེ་འབྲེལ་ཀུན་ཏུ་གཡོ་བའི་ཡིད། །མ་རྟོགས་ཡུན་རིང་འགྲོ་འདིར་འཁོར་བྱས་པས། །ཡུལ་མེད་པ་ལ་ཡུལ་དུ་རབ་གཟུང་སྟེ། །གཟུགས་སྒྲ་དྲི་རོ་རེག་བྱ་ཐ་དད་པའི། །བདེ་སྡུག་ཡུལ་གྱི་རོ་ལ་མྱོས་གྱུར་པས། །སྐྱེ་རྒས་ན་འཆི་ཟོ་ཆུ་བཞིན་དུ་འཁོར། །དམྱལ་བ་ཡི་དྭགས་དུད་འགྲོའི་འཇིག་རྟེན་དང་། ལྷ་དང་ལྷ་མིན་སྲིད་པ་གཞན་དག་ཏུ། །དཀར་ནག་ལས་ཀྱིས་སོ་སོར་འཕངས་གྱུར་ཅིང་། །སོ་སོའི་ལས་དང་སྐྱིད་སྡུག་བྱེད་པ་དག །མྱོང་བ་དེ་ཡང་མ་རིག་གིས་སྒྲིབས་པས། །མི་དྲན་བཞིན་དུ་སྤྱོད་པ་འདི་རེ་མཚར། །ཐུགས་རྗེ་ལྡན་པའི་རྒྱལ་བ་དཔག་མེད་རྣམས། །བགྲང་ལས་འདས་པ་མྱ་ངན་འདས་གྱུར་ཀྱང་། །ཀུན་གྱི་ཐུགས་རྗེའི་ལྕགས་ཀྱུས་མ་ཟིན་ཅིང་། དོན་མེད་རྣམ་རྟོག་ཅི་ཞིག་ལྟར་བྱོལ་ཏེ། །ད་དུང་འཁོར་བའི་ཀློང་ན་འཁོར་བ་མཚར། །ཀྱེ་མ་ཐུགས་རྗེའི་མངའ་བདག་ཐུབ་པ་ཆེ། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །ཅུང་ཟད་ཙམ་ཞིག་ཕོག་པར་གྱུར་མོད་ཀྱང་། བདག་བློའི་ཤེས་རབ་སྟོབས་ནི་ཞན་གྱུར་ཅིང་། །མ་རིག་སྒྲིབ་པ་ཤིན་ཏུ་འཐུག་གྱུར་པས། རང་གི་བློ་ལ་ཤིན་ཏུ་རྨོངས་གྱུར་ཏེ། །ད་ནི་སངས་རྒྱས་སྟོབས་དང་མི་འཇིག་དང་། །ཡོན་ཏན་དཔག་མེད་ཁྱེད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་འཕགས་པའི་ས་ལམ་དང་། །ཡེ་ཤེས་སྣང་བ་བསྐྱེད་པར་མཛད་དུ་གསོལ། །ཀྱེ་མ་བདག་ནི་ཐོག་མེད་ནས། །སྦྱིན་པ་མཐུ་ནི་ཆུང་གྱུར་ཅིང་། །ཚུལ་ཁྲིམས་སྟོབས་ཀྱང་རབ་དམན་པས། །དུས་འདིར་འགྲོ་བ་དབུལ་བ་རྣམས། །ཕུན་ཚོགས་ལོངས་སྤྱོད་ཀྱིས་ཚིམ་ཞིང་། ཆོས་ཀྱིས་ཡོངས་སུ་བསྐྱང་པ་དང་། །ནག་ནོག་འདྲེས་མར་མ་གྱུར་པས། །འཕགས་པའི་དགེ་འདུན་སྤྲིན་ཚོགས་ལ། །རྣམ་པར་དག་པའི་ཆོས་སྟོན་ཅིང་། ཐེ་ཚོམ་གཅོད་པར་མ་གྱུར་ཏེ། །འོན་ཀྱང་སྙིགས་མའི་དུས་སུ་ནི། །རྒྱལ་སྲས་རྣམས་ཀྱི་རྗེས་འཇུག་ཏུ། །བློའི་སྟོབས་ཀྱིས་འབད་བྱས་ཤིང་། །སེམས་ཅན་དོན་ནི་ཅི་གྲུབ་ཏུ། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །ལུས་ངག་ཡིད་ཀྱིས་འབད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྨོན་ལམ་ཆེན་པོའི་དབང་གིས་ནི། །གང་གིས་སྲིད་པ་ཇི་སྲིད་བར། །སྣ་ཚོགས་ཐབས་ཀྱི་རོལ་པ་མཛད། །དེ་དག་རྗེས་སུ་བསླབ་བྱ་ཞིང་། །སེམས་ནི་མཐུ་དང་ལྡན་པར་བྱ། །གང་ཞིག་དམིགས་པ་ཅན་རྣམས་ཀྱིས། །རྒྱལ་སྲས་སྤྱོད་ལ་འཇུག་མིན་པ། །ཇི་ལྟར་སྒྱུ་མ་རྨི་ལམ་ལྟར། །དངོས་རྣམས་ཞེན་པ་མེད་པའི་བློས། །རྟག་ཏུ་རྫས་སུ་སྤྱད་པར་བྱ། །དངོས་རྣམས་ཀུན་ལ་ཆགས་མེད་པས། །བཟའ་བའང་གཞན་དོན་གྱུར་ཅིག་ཅེས། །བློ་ནི་རྟག་ཏུ་གོམས་པར་བྱ། །ཇི་ལྟར་ལུས་ངག་ཡིད་གསུམ་གྱིས། །རྣམ་པ་གཞན་གྱི་དོན་འགྱུར་པར། །ཉོན་མོངས་བཅས་ཀྱང་བློའི་མཐུ། །འགྲོ་ལ་ཕན་པར་དཔྱད་པར་བྱ། །ཇི་ལྟར་ཕྱི་རོལ་ཡུལ་སྣ་ཚོགས། །ནུས་ལྡན་ནུས་ལྡན་མི་སྣང་ཡང་། ཆོས་རྣམས་རོ་གཅིག་ཉིད་ཡིན་ཞེས། །སྟོང་པ་ཉིད་ལ་བཟོད་པར་བྱ། །བརྩོན་པའི་སྟོབས་ཆུང་ཉིད་གྱུར་ཀྱང་། །བྱང་ཆུབ་འགྱུར་རམ་མི་འགྱུར་ཞེས། །ཐེ་ཚོམ་འགྱུར་བའི་བློ་སྤངས་ནས། རྟག་ཏུ་རྒྱལ་སྲས་རྗེས་སུ་བསླབ། །རྟོག་དཔྱོད་ལ་སོགས་བསམ་གཏན་རྣམས། །མངོན་དུ་ཐོབ་པར་མ་གྱུར་ཀྱང་། །དྲན་རིག་འགྱུ་བ་སྣ་ཚོགས་འདི། །མ་ཡེངས་ཤེས་པ་རྩེ་ཅིག་བསྐྱངས། །ཤེས་རབ་ལམ་ལ་འཇུག་པའི་སྒོ། །ཐོས་བསམ་རྣམ་པར་བརྩོན་པ་ཡི། །རྒྱལ་བའི་གསུང་རབས་ལ་སྦྱང་བྱ། །ཆོས་རྣམས་གདོད་ནས་རྣམ་དག་པ། །སྐྱེ་འགག་ཉེ་བར་ཞི་བའི་དོན། །གཟུགས་སོགས་འདུ་མི་བྱེད་པ་ཡི། །དོན་ལ་རྟག་ཏུ་བལྟ་བྱ་ཞེས། །འཇམ་དཔལ་གྱིས་ནི་གང་གསུངས་པ། །དབུ་མའི་རྗེས་སུ་འཇུག་པར་བྱ། །དེ་ལྟར་རྒྱལ་སྲས་རྣམས་ཀྱིས་ལེགས་གསུངས་ཤིང་། །བླ་མ་དམ་པ་རྣམས་ཀྱི་མཛད་པ་ལྟར། །བསྒྲུབ་པར་ནུས་མིན་བརྩོན་པའི་མཐུ་ཆུང་བ། །རང་བྱུང་མིང་ཅན་གྱིས་ནི་སྦྱར་བ་ཡིན། །ཡར་ལ་ཤམ་པོར་གསུངས་པའོ།། །། ༈ སེམས་འཁྲུལ་ཚུལ་བརྗོད་པ་བཞུགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་འཁྲུལ་པའི་ཚུལ་བརྗོད་པའོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས། །རང་བཞིན་དག་ཅིང་འོད་གསལ་འགག་པ་མེད། །སྤྲོས་བྲལ་སྤྲོས་འཛིན་སྣ་ཚོགས་འཇུག་བྱེད་པ། །གཅིག་དང་གཉིས་གསུམ་དྲུག་ཏུ་རྟོག་པ་ཅན། །ཁྱོད་ནི་རང་གསལ་གཅིག་ཏུ་མི་སྡོད་པ། །ང་ཞེས་ཀུན་ནས་རང་གིས་རང་བཅིངས་ནས། གཟུགས་སྒྲ་དྲི་རོ་རེག་བྱར་རྟོག་པ་ཡི། །ཡུལ་དང་ཡུལ་ཅན་གཉིས་སུ་རབ་བརྟགས་ཏེ། །བླང་དོར་བྱས་པས་རང་ལ་རང་གིས་བསླུས། །གར་མཁན་བཞིན་དུ་མི་བརྟན་ཁྱོད་ཀྱི་ཚུལ། །ཁམས་གསུམ་གནས་སུ་བཞད་རྒད་གནས་སུ་འགྱུར། །ཁྱོད་ཀྱི་བྱེད་ལུགས་ཅུང་ཟད་བརྗོད་ཀྱི་ཉོན། །མིང་དང་གཟུགས་ཀྱིས་མཚན་མ་བསྐྱེད་པས་འཁོར་བ་ན། །འདོད་ཆགས་ཞེ་སྡང་གཏི་མུག་རབ་ཏུ་རྒྱས་པ་ཡིས། །དུམ་བུ་དྲུག་ཏུ་སྐྱེ་ཞིང་འཁོར་བར་གར་བྱེད་པ། །མཁས་པ་རྣམས་ཀྱིས་བཞད་རྒད་ལྟད་མོའི་ཡུལ་དུ་འགྱུར། །རེ་འགའ་བདེ་འདོད་འདོད་པའི་ཁམས་ཀྱི་མིར་གྱུར་ནས། །མི་གཙང་མུན་ཁུང་མངལ་གནས་ནག་པོར་ཞུགས་གྱུར་ཏེ། །ཁུ་ཁྲག་གཤང་གཅི་སྲིན་བུ་ལྕིགས་ལྕིགས་འདུག་པའི་ས། །དྲི་ངན་ཤིན་དུ་མནམ་པའི་ནང་དུ་འགྲེ་ལྡོག་ཅིང་། རླུང་འཁྱིམས་མི་གཙང་ཟ་བར་རྩོམ་ཡང་ནུས་པ་མེད། །འཁྲུལ་འཁོར་བཙིར་བཞིན་ཤ་རུས་མྱགས་ཤིང་སྐྱེ་བ་དང་། །སར་ལྷུང་ལྤགས་པ་བཤུས་འདྲ་ཉི་ཟེར་འབར་བ་དང་། རླུང་གིས་རེག་པས་ཁོ་ནས་གདུངས་པས་སྐད་འདོན་ཀྱང་། །ཤིན་ཏུ་བཅོམ་ཆུང་དྲན་པ་སྟོར་བ་བཞིན་དུ་གྱུར། །གནས་འདི་མཐོང་ནས་སྐྲག་པར་མི་འགྱུར་ཀྱེ་མ་མཚར། །བྱིས་པར་གྱུར་ཚེ་བྱ་མིན་རྣམས་ཀྱང་བྱེད་འགྱུར་ཞིང་། །སྨྲ་མི་ནུས་ལ་སྨྲ་བ་གཞན་གྱིས་བྱེད་མི་འགྱུར། །དབུལ་པོའི་ལུགས་བཞིན་ལོངས་སྤྱོད་རྣམས་ཀྱང་སྤྱོད་མི་ནུས། །བྲན་དང་ཁྱི་བཞིན་གཞན་གྱིས་བསྲུངས་བའི་ཡུལ་དུ་མཐོང་། །དམ་བཅའ་ཞུམ་ཞིང་རབ་ཏུ་མྱོས་པར་གྱུར་མཐོང་ནས། འཇིག་རྟེན་རྣམས་ལ་སུ་ཞིག་དགའ་བའི་བློ་བསྐྱེད་འགྱུར། །དར་ལ་བབ་ཚེ་ལང་མཚོ་རྒྱས་པར་གྱུར་པའི་ཚེ། །འདོད་པའི་ཞགས་པས་སེམས་ལ་བསྣུན་པར་གྱུར་པ་ན། །ལུས་སེམས་སྲེད་པས་ཀུན་ཏུ་བཅིངས་ཏེ་མ་རངས་སྤྱོད། །ཤ་ཁྲག་མི་གཙང་སྲིན་བུས་གང་བའི་ལུས་མཐོང་ནས། །རྩོག་པར་མི་མཐོང་སྐྱེས་པ་བུད་མེད་འདུ་ཤེས་ཀྱིས། །འདོད་པའི་མེ་འབར་དབང་པོའི་བུད་ཤིང་རབ་ཏུ་བསྲེག །ལོག་པར་འཁྲུལ་ཏེ་དར་གྱི་སྲིན་བཞིན་འཆི་བར་འགྱུར། །ཀྱེ་མ་ལོག་པར་རྟོགས་པས་བསྐུལ་བའི་ཚེ། །མིན་ལ་ཡིན་པར་རྟོག་འདི་མཚར་བ་སྙམ། །ནག་པོའི་སྐྲ་འདི་བུང་བ་མིན་ཡང་ནག །དཀར་པོའི་སོ་འདི་ཟླ་བ་མིན་ཡང་དཀར། །དམར་བའི་མཆུ་འདི་བྱི་རུ་མིན་ཡང་དམར། །འཇམ་པའི་ལྕེ་འདི་པད་མོ་མིན་ཡང་འཇམ། །བཟང་མོ་གཟུགས་བཟང་ཡོན་ཏན་བདེ་ལེགས་ལྡན་པ་མཆོག །མཆོག་ཏུ་མཛེས་པ་དཀར་ཟླུམ་ཟླ་བ་རྒྱས་འདྲའི་གདོང་། །གདོང་པ་འཇམ་གསལ་སྨིན་ཚུགས་ནག་ཅིང་འཁྱོག་ལ་གཡོ། །གཡོ་སྒྱུས་འབྲི་བཞིན་མིག་གི་བུང་བ་ན་སོ་འཁོར། །འཁོར་ལོ་བཞིན་དུ་རྣ་ཆེ་འཁོར་བར་མཆུ་གཡོ་མ། །མ་འདྲ་ཡིད་འཇུག་ཁྱེད་ལ་དགའ་ཞེས་འདོད་པ་རྫུན། །གང་ན་ལྤགས་པའི་ནང་ན་ཆུ་སེར་ཁྲག་རུལ་ཤིན་ཏུ་མནམ་པ་དང་། །རྒྱུ་ལྟོ་སྔོན་པོ་རྣག་དང་བད་ཀན་གཤང་གཅི་ཉལ་ཉིལ་རྣམས། །སྲིད་བུ་རྣམས་ཀྱི་ལྕིག་ལྕིག་གང་ཞིག་གཡོ་བཞིན་ཟ། །དབང་མེད་ཀུན་ནས་རུལ་མྱགས་དྲི་འབྱུང་འདི་མཐོང་ཚེ། །དྲི་བགོས་གོས་གྱོན་རིན་ཆེན་བརྒྱན་རྣམས་ཀྱིས་བརྒྱན་ཀྱང་། །ཀྱི་ཧུད་འདི་ཅི་དགའ་བ་འདི་ཀོས་ད་ཅི་བྱ། །ཀྱེ་མ་འཁོར་བ་སྙིང་པོ་མེད་དང་ལུས་ལ་མངོན་པར་ཞེན་པས་རྨོངས། ཡུལ་ལ་བདེན་པར་ཞེན་པས་བཅིངས། མི་གཙང་དོང་ལ་ཆགས་པ་མཚར། །རྨི་ལམ་འདྲ་ལ་རབ་ཞེན་པ། རྣམ་དག་སྐྱེ་བོས་སྨོད་བྱེད་ཅིང་། གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ། །ལོག་པར་རྟོགས་པས་མཚར་ཅིག་བྱས། སྔོན་གྱི་སྨོན་ལམ་མཐུ་ཡིས་ནི། །ཚེ་འདིར་ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཀྱང་། །རྒྱུ་ལ་རྨོངས་པས་མ་བྱིན་ལེན་ལ་སོགས། །སྤྱད་པས་ཕྱིར་ཞིང་སྡུག་བསྔལ་རྒྱུ་ལ་འཇུག །ཀྱེ་མ་རྩ་ཁའི་ཟིལ་པ་གཡོ་ལྟར་ལོངས་སྤྱོད་ཚོགས་ཀུན་གཡོ་བ་ཡིན། བརྒྱ་ཕྲག་གོས་ཀྱང་གཅིག་གཉིས་མ་རྟོགས་སྤྱད་པའི་མཐུ་ཡང་ཡོད་མ་ཡིན། །རྟ་དང་གླང་ཆེན་ཤིང་རྟ་རྣམས་ཀྱང་གཅིག་ལས་གཞོན་པའི་འོས་མ་ཡིན། །འོན་ཀྱང་སྲིད་པའི་ཀུན་རྟོག་གང་། ཁྱི་བཞིན་ཀུན་ཏུ་སྤྱོད་པ་ཡིན། །བདེ་བར་གནས་པའི་སྲོག་ཆགས་རྣམས། །དུམ་བུར་བྱས་ཤིང་ཞིམ་བཞིན་ཟ། །ཕ་མར་གྱུར་ཀྱང་འཛེམ་པ་མེད། །དེའི་འབྲས་བུ་ཇི་ལྟར་འགྱུར། །ཀུ་མུ་ཏ་དང་ཟླ་འོད་འདྲ། །མངར་ཞིང་ཞིམ་པའི་འོ་མ་རྣམས། །འཐུང་བར་མི་བྱེད་དུག་ལྟ་བུ། །དྲི་ང་རུལ་པ་མྱོས་བྱེད་པའི། །བཏུང་བ་འཐུང་ན་མྱོས་གྱུར་ཅིང་། །བྱ་མིན་སྤྱོད་ཅིང་སྤྱོད་པ་ཉམས། །ལུས་གཟིར་ནད་ཀྱིས་གཙེས་གྱུར་ཚེ། །དགའ་བར་སེམས་དཔའ་འདི་ཅི་ཡིན། །གང་དག་སྔོན་གྱི་ཕ་མར་གྱུར་པ་ལ། །ལོག་པར་རྟོགས་པས་དགྲ་བོའི་འདུ་ཤེས་ཀྱིས། །མི་སྙན་ཚིག་རྩུབ་རྫུན་ལ་སོགས་པ་ཡི། །དགེ་བའི་རྟོག་པ་བསྲེགས་ཤིང་རབ་འབར་བས། །བསོད་དང་འཆི་བ་སྣ་ཚོགས་མི་དགེ་སྤྱོད། །རེས་འགའ་མལ་བསྟན་འཇམ་པར་འདུག་བྱེད་ཅིང་། །ཚེར་མ་གཅིག་མཐོང་སྐྲག་ནས་མྱུར་དུ་འདོར། །ལུས་ལ་དེ་ཙམ་བརྩེ་བར་བྱེད་པ་གང་། །མཚོན་ཆ་འཁྲུག་པའི་གཡུལ་རབ་མི་ཟད་པའི། །སྣ་ཚོགས་གོ་བགོས་འོད་ཟེར་འབར་འབར་ལྟར་འདུག་ཅིང་། །རྟ་དང་གླང་པོ་སྟོབས་འགྱེད་འུར་འུར་སྒྲ་འབྱིན་པ། །མདའ་རྡོ་ལ་ལོང་ཐོག་ཐོག་ས་རྡུལ་འཁྲིགས་པའི་ནང་། །ཞེ་སྡང་རླུང་གྱིས་སྐྱོད་པས་འཇུག་པར་བྱེད་པ་གང་། །བདེ་བར་འདོད་པའི་སེམས་འདི་འཁྲུལ་པ་མ་ཡིན་ནམ། ཀྱེ་མ་ཐོག་མེད་མ་རིག་འཁྲུལ་པའི་རྒྱ་མཚོ་ཆེ། །འདོད་ཆགས་བརླབས་གཡོ་ཞེ་སྡང་ཆུ་སྲིན་དུ་མས་གང་། །སྲིད་པའི་ཀློང་དྲག་ལོག་ཚིག་ཆིལ་ཆིལ་སྒྲ་སྒྲོགས་པ། །རྟོག་པའི་རླུང་གིས་རྣམ་བསྐྱོད་ལྟ་ངན་ལྦུ་བ་ཅན། །བདེ་གཤེགས་སྙིང་པོའི་ནོར་བུའི་གཏིང་སྒྲིབས་ནི། །དོན་གཉེར་བཤེས་གཉེན་དག་དང་མ་འཕྲད་རྒྱུ་ངན་ཅིང་། །སྦྱིན་པའི་རྒྱུ་ངན་ཚུལ་ཁྲིམས་བསྡམས་པ་མ་བྱས་ཤིང་། །བཟོད་པའི་སྐྱོར་མ་བརྩོན་འགྲུས་ཟགས་ལྡན་ངན་པོ་གང་། །བསམ་གཏན་འཁྲུལ་འཁོར་ཤེས་རབ་རླུང་དར་དམན་པ་དེ། །འབད་ཀྱང་འཁོར་ཞིང་ཕྱིར་ཕྱིར་སྐྱབས་མེད་འོ་དོད་འབོད། །རྟག་དང་ཆད་ཞུགས་རྒྱ་མཚོའི་ཀློང་ལས་འབྱུང་མི་ནུས། །སྒྲ་ཚིག་ཙམ་གྱིས་དུས་འདས་དལ་འབྱོར་གྲུ་ཞིག་ནས། །ངན་འགྲོའི་ཁར་སིང་ཡི་ཆད་རིགས་ཉམས་གྱུར་པ་ཡིན། །ཀྱེ་མ་སྣ་ཚོགས་རྣམ་རྟོག་ཡིས། གོམས་པ་ཐོག་མ་མེད་དུས་ཅན། ཡུལ་ལ་བདེན་པར་རྟོག་མི་དགོས། །ང་དང་ང་ཡིར་འཛིན་པ་ཡིས། །སྔར་ཡང་ལྕགས་ཀྱུའི་ཟས་བཞིན་བྲིད། །བདེ་འདོད་མུན་པའི་ཁྲོད་དུ་ཉལ། །ཡུལ་སྣང་བྱེ་ཚན་དུ་ནང་འགྲེ། །ཐར་པའི་རིན་ཆེན་སྲོག་དང་བྲལ། །ཀྱེ་ཧུད་རྣམ་རྟོག་ཁྱོད་ཅི་རུང་། བསོད་ནམས་ཅན་ལ་འགྲན་སེམས་ཕྲག་དོག་བྱེད་པ་དང་། །གཞན་བདེ་བ་ལ་སྡུག་བསྔལ་བསྐྱེད་པར་བྱེད་པ་དང་། །ལོངས་སྤྱོད་ལྡན་ལ་འདོད་པ་བརྣབ་སེམས་བསྐྱེད་པ་དང་། །ཡོན་ཏན་ལྡན་ལ་ལོག་པར་སྨོད་པར་བྱེད་པ་གང་། །རང་ལ་ཕན་མེད་མྱུར་དུ་སྡུག་བསྔལ་བསྐྱེད་པ་ཡིན། །ཤིན་ཏུ་རྟག་ཀྱང་ལོ་བརྒྱ་མིན། །བདེ་བ་མྱོང་ཡང་མི་འགྱུར་མིན། །དབང་ཆེ་གྱུར་ཀྱང་མི་འཆི་མིན། །ལོང་སྤྱོད་ཡང་ཡང་མི་མཛད་མིན། །རྩིགས་པར་གྱུར་ཀྱང་མི་འཇིག་མིན། །སྐྱེས་པར་གྱུར་ཀྱང་མི་འཆི་མིན། །འགྲོ་བ་དྲུག་ཏུ་འཁོར་བ་གང་། །བདེ་བ་ཅུང་ཟད་ཡོད་མ་ཡིན། །བདག་བདེ་ཞི་བ་ཐོབ་གྱུར་ཀྱང་། །བདག་ཉིད་གཅིག་པུ་ཁྲེལ་མེད་གྱུར། །རྒྱལ་དང་དེ་སྲས་མཆོག་རྣམས་ལ། །རྗེས་སུ་ཞུགས་ན་བདེ་བ་ཡིན། །དེ་ལྟར་རྟོག་པ་ཁྱོད་འཁྲུལ་ཚུལ་བརྗོད་པས། །རྨོངས་པ་རྣམས་ཀྱང་རྣམ་འབྱེད་ཤེས་རབ་སྐྱེ་བ་དང་། །སྒྲ་ཚིག་ཞེན་རྣམས་གཉིས་མེད་མཐོང་བ་དང་། །ཟུང་འཇུག་བསྒོམས་རྣམས་མྱུར་དུ་རྟོགས་པར་ཤོག །སེམས་འཁྲུལ་པའི་གཏམ་ཕྱོགས་ཙམ་བརྗོད་པ་ཞེས་བྱ་བ་རེ་ཤིག་བྲིས་པའོ། །ཡོས་ལོ་ཟླ་བ་བཅུ་གཉིས་པའི་ཟད་མཚམས་སུ་བཀོད་པའོ།། །། ༈ བདུད་ངོས་འཛིན་བཅོ་ལྔ་པ་བཞུགས་སོ། །སྐྱབས་ཤཱཀྱའི་རྒྱལ་པོ་བཀའ་དྲིན་ཅན། །ཐུགས་རྗེའི་རྣམ་ཐར་དཔག་མེད་ཀྱིས། །མཛད་པ་མ་ལུས་མཐར་ཕྱུང་པ། །སྙིགས་དུས་སེམས་ཅན་སྐྱབས་སུ་གསོལ། །སྙིགས་མ་ལྔ་ལྡན་མར་འགྲིབ་དུས། །ཁྱེད་ཀྱིས་ཐུགས་རྗེས་བཟུང་ལགས་ཀྱང་། །རྣམ་རྟོག་བདུད་ཀྱི་ཆོ་འཕྲུལ་གྱིས། །ཕལ་ཆེར་ལོག་པའི་ལམ་དུ་ཁྲིད། །ཐེག་ཆེན་བླ་མ་རིན་ཆེན་ལ། །སངས་རྒྱས་དངོས་སུ་མ་ཤེས་པས། །དཔོན་གཡོག་ཟོལ་འགྲོགས་འདུ་ཤེས་བྱུང་། འདི་རྩ་བ་འཆུགས་པའི་བདུད་གཅིག་ཡིན། །བླ་མའི་རྣམ་ཐར་གཞན་དོན་ལ། །དག་པའི་སྣ་བ་མ་སྐྱེས་པས། རང་གི་འདོད་པའི་སྦར་ཚོད་བྱེད། །འདི་རྟེན་འབྲེལ་གཞི་ནས་འཆུགས་པའི་བདུད། །རྒྱལ་བའི་ཟབ་དོན་མི་ཞུ་བར། །ཟས་ནོར་ཐུགས་ལ་གང་འདོགས་སྙམ། །བྱིན་ནས་ཐོབ་བློ་བསྐྱེད་པ་འདི། །བསོད་ནམས་ཟད་བྱེད་བདུད་ཀྱིས་ཁྱེར། །ཅི་གསུང་གདམས་པར་མ་གོ་བར། །ཆེ་གཏོར་བཏང་ན་རང་མཐོང་སྐྱེ། །བཀའ་བཀྱོན་བྱས་ན་ལོག་ལྟ་བསྒོམ། །འདི་དམྱལ་བར་འཁྲིད་པའི་བདུད་དུ་གདའ། །རབ་བྱུང་སྡོམ་གསུམ་ཞུས་ནས་ཀྱང་། ཚུལ་བཞིན་མི་སྲུང་ངོ་ལྐོག་ཅན། །སྤྱོད་ངན་སྣ་ཚོགས་ཕག་དུ་བྱེད། །ཕྱི་མར་མི་ཁོམ་བཏུང་བའི་བདུད། །ཕོ་ཚུགས་ཆོས་བརྒྱད་བཟུང་ནས་ཀྱང་། །རང་སྐྱོན་བཤགས་བསྡམས་མི་བྱེད་པར། །གཞན་སྐྱོན་བརྗོད་ཅིང་འཆར་ཀ་གཏོང་། །བསྟན་པ་ཉམས་པར་བྱེད་པའི་བདུད། །དད་ལྡན་ཚོགས་བསོགས་བྱེད་པ་ལ། །ཡི་རང་མི་བྱེད་ཆུད་གསོན་བྱེད། །བྱུང་ན་སྐལ་བ་གཉིས་འདབ་ལེན། །ཡི་དྭགས་གནས་སུ་སྐྱེ་བའི་བདུད། །ཐོས་པ་ཚུལ་བཞིན་མི་བྱེད་དང་། །ཅུང་ཟད་ཙམ་གྱིས་ང་རྒྱལ་སྐྱེ། །ང་མཁས་གཞན་ལ་ཟུར་ཟ་གཏོང་། །རྟག་དུ་དུད་འགྲོར་འཁྲིད་པའི་བདུད། །འཁོར་འདས་གཞི་རྩ་མ་ཆོད་པར། །ཡིག་ནག་བསགས་ལ་མཁས་པར་རློམ། དགེ་བཤེས་བླུན་པོར་འཆི་བ་འདི། །ཆོས་གཏིང་ནས་མ་གོ་བའི་བདུད། །སློབ་དཔོན་ཚུལ་བཟུང་སྟོང་སྐད་སྨྲ། །ཁ་ལ་ཐམས་ཅད་བདེན་མེད་ཟེར། །ལག་ལེན་ཁྱི་དང་བོང་བུ་འདྲ། །དཔོན་སློབ་མནར་མེད་འགྲོ་བའི་བདུད། །གདན་སའི་སྲོག་ཤིང་བྱེད་དོ་ཞེས། །གཡོ་རྒྱུ་ཟོལ་ཁྲམ་ནོར་བསོག་བྱེད། །ཕོ་རྒོད་སྨྲ་མཁས་ཚུལ་ཆོས་ཅན། །མ་ཚོར་སྡོམ་པ་འཆོར་བའི་བདུད། །གསང་སྔགས་ཐབས་ལམ་བསྒོམ་ཟེར་ཞིང་། སྣོད་མིན་དྲུང་དུ་ཤ་ཆང་ཟ། །དགེ་བཙུན་སྡོམ་ལྡན་ཁྱིམ་པར་འབེབས། །རང་གཞན་ལོག་པར་སྦྱོར་བའི་བདུད། །རོ་སྙོམས་སྤྱོད་པ་བྱེད་དོ་ཞེས། །ངོ་ཚ་བཏང་ནས་གྲོང་ཡུལ་འཁྱམས། །སྡིག་པ་བསོག་ཅིང་དགེ་བ་སྤོང་། འདི་ཕྱི་གཉིས་ཀ་ལོག་པའི་བདུད། །ཆེན་པོའི་ཕོ་ཚུགས་བཟུང་ནས་ཀྱང་། །དད་ལྡན་ལོག་པའི་ལམ་དུ་ཁྲིད། །རང་གི་རྣམ་ཐར་འདི་བཟུང་ཞེས། །སྟོན་པ་བདུད་ཀྱི་ཕོ་ཉ་ཡིན། །འདི་འདྲ་དཔག་མེད་ས་སྟེང་གང་། །བསྟན་པའི་ཉི་མ་ནུབ་ལ་ཁད། དེ་ཕྱིར་རང་བྱུང་ཕྱིར་མེད་པ། གཞན་གྱི་ཁ་ལ་མི་ཉན་ནོ། །མི་ཚེ་མི་རྟག་ཡུད་ཙམ་ལ། །སང་ཙམ་འཆིའམ་སུས་ཤེས་ཀྱི། །དད་ལྡན་ཁ་ལ་ཉན་པ་ཀུན། །བརྩོན་འགྲུས་བསྐྱེད་ལ་རྒྱགས་ཕྱེ་བསྒྲུབ། ཞེས་བྱ་བ་འདི་གཞན་ལ་ཟུར་ཟ་བ་མ་ཡིན་པ་རང་ལ་བསྐུལ་བའི་ཕྱིར་ནགས་ཕུ་དཔལ་གྱི་རི་ཁྲོད་དུ་བྲིས་པའི་བདུད་ངོས་འཛིན་བཅོ་ལྔ་པ་ཞེས་བྱ་བ་ཤུ་ལོ་ཀ་བཅོ་བརྒྱད་བདོག་གོ། །། ༈ བསམ་གཏན་གྱི་སྐྱོན་ངོས་འཛིན་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཉམས་སུ་ལེན་པའི་གང་ཟག་གིས། །བསམ་གཏན་སྐྱོན་རྣམས་བཤད་པར་བྱ། །བྱ་ར་གཡེང་བ་ཆགས་པའི་སྐྱོན། །འདོད་པ་གཙོ་དང་གནོད་པའི་སེམས། །ཏིང་འཛིན་མ་ཐོབ་ལས་བྱེད་པ། །འདི་རྣམས་བསམ་གཏན་མི་མཐུན་ཕྱོགས། །རི་ཟུར་ལམ་གྱི་གཞི་མདོར་བསྡད། །སྣ་ཚོགས་འགྲོ་འདུག་དུད་འགྲོ་བགྲང་། །རང་གི་རྣམ་རྟོག་ངོ་མ་ཤེས། སོ་པ་འདྲ་ལ་བསྒོམ་དང་རིང་། །ཕོ་ཟོ་མཐོ་ལ་ཁ་རྒྱུ་བཟང་། །རོགས་ལ་དགའ་ཞིང་ཟས་ལ་བཟང་། །མི་གསུམ་འཛོམ་སར་ལབ་པ་ཡི། །ཚོང་དཔོན་འདྲ་ལ་བསམ་གཏན་རིང་། །ཕོ་མོ་གཟུགས་བཟང་ཡུལ་བཟང་ལ། སེམས་འཕྲོ་ལོ་རྒྱུས་ལ་སྲེད་ཅིང་། །གཞན་ལ་ཕྲག་དོག་ཟུར་ཟ་སྨྲ། །ཁྱི་རྒན་འདྲ་ལ་ཏིང་འཛིན་རིང་། །དཀོན་མཆོག་བླ་མའི་རྫས་ལ་སྲེད། །ཚོང་དང་ཁེ་སྤོགས་དོན་དུ་གཉེར། །ཟ་འདོད་སླུ་བའི་སེམས་དང་ལྡན། །བྱ་རོག་ལྟ་བུར་བསྒོམ་དང་མཁོན། །ཕྱི་ཆིས་ཚེ་ལ་རྟག་སེམས་ཅན། །མི་རྟག་མ་དྲན་རྣམ་གཡེང་དགའ། །ཁོང་ཡངས་ཞེ་བ་ངན་པ་ཡི། །གཙོ་བོ་འདྲ་དེ་བདུད་ཀྱི་ཁྱེར། །ཁ་འཇམ་ཁོ་ན་རྒྱུ་དང་བཅས། །ཅུང་ཟད་ཙམ་ལ་མཁོན་དུ་འཛིན། །ཞེ་སྡང་སྡེར་མོ་རྣོ་བ་ཡི། །མི་དེ་བསམ་གཏན་རླན་དང་བྲལ། །ཁ་དད་ཆེ་ལ་ང་ལོ་ཡངས། །ཁ་ལ་བསྒོམ་ཟེར་གར་ཡང་སླེབ། །ཅོལ་ཆུང་ཟས་ལ་གདུང་བ་ཡི། །མི་དེ་བསམ་གཏན་རླན་དང་བྲལ། །དད་བླངས་མཁན་ལ་བསྒོམ་དང་རིང་། །དེ་ལྟར་བདུན་པོ་རབ་སྤངས་ལ། །བླ་མའི་བཀའ་བསྒྲུབ་གདམ་ངག་བསྒོམས། །ཀུན་ལ་དག་སྣང་བསྐྱེད་བྱས་ན། །བསྒྲུབ་པོ་དེ་ལ་བསམ་གཏན་སྐྱེ། །མདོ་རྒྱུད་ལས་བཤད་རང་བྱུང་གི། །བརྗོད་ལ་རྗེས་སུ་ཡི་རང་གྱིས། །ཅེས་པའི་འདི་རང་བྱུང་རྡོ་རྗེས་ནགས་ཕུའི་རི་ཁྲོད་དུ་སྦྱར་བའོ།། །། ༈ བསྟན་བཅོས་འཐོར་བུ་བ་བརྒྱ་བཅུ་རྩ་གཉིས་བཞུགས། སངས་རྒྱས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ན་རོ་པའི་གདམས་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་བྱེད་པ། །གདམས་ངག་ཐམས་ཅད་ཀྱི་ཡང་རྩེ། ལྷོ་བྲག་མར་པ་ལོ་ཙྪའི་ཐུགས་ཀྱི་ཉིང་ཁུ་ཁྱད་པར་ཅན་ཅིག་སྟོན་པར་བྱེད་པ་ཡིན། །དེ་ལ་མོས་གུས་ཀྱིས་རྒྱུད་ཆུན་ན་བྱིན་བརླབས་རང་ཤུགས་ལས་འབྱུང་གི །གསོལ་བ་ཕུར་ཚུགས་སུ་ཐོབ་ཅིག །ལྟ་སྟངས་ཀྱིས་རིག་པ་སྟོད་ལ་ནོན་ན། །ཕྲ་རགས་ཀྱི་རྟོག་པ་རང་འགགས་སུ་འགྲོ་ཡིས། །རླུང་སེམས་གནད་དུ་ཆུན། །རྣམ་རྟོག་དུམ་བུར་གཏུབས་ན་ལས་ལ་བསགས་པ་མེད་ཀྱིས། །ཐུགས་ཕྲད་ཉམས་སུ་ལོང་ཅིག །ཅི་དགའ་ཆོས་ཀྱི་རྒྱལ་པོ་ཡིན་གྱིས། །གང་དགའི་ཉམས་གུ་ཡངས་སུ་སྐྱོངས་ཅིག །སངས་རྒྱས་སེམས་ལ་ཡོད་ཀྱིས། །རེ་དོགས་གཞན་དུ་མཁྱེན་པར་རིགས་པ་ལ་རྩལ་སྦྱོང་གྱིས་ཅིག །སྙིང་རྗེ་ཕྱོགས་མེད་དུ་ཤར་ན། འགྲོ་དོན་ལྷུན་གྱི་གྲུབ་ཀྱིས་བསྒྲུབ་པ་གདན་ཐོག་ཏུ་སྲིངས་ཅིག ཚོགས་གཉིས་ཀྱི་ནུས་པ་རྫོགས་ན་འཕགས་པའི་ས་ལམ་བགྲོད་ཀྱིས། ཟུང་འཇུག་གནད་དུ་ཁྱེར་ཅིག །རྗེ་བཙུན་མིད་ལའི་ཉམས་ལེན། རྣལ་འབྱོར་ངའི་ཁྱད་ཆོས། ལ་སྟོད་གླང་འཁོར་དུ་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བླ་མ་ཨུ་རྒྱན་པས་ཁྱེད་ཀྱི་ཞལ་འདི་ལ་ཉི་མ་མི་འོང་བ་ཅི་ལགས་ཞུས་པས། །ལན་གསུངས་པ། བདག་དོན་ལྷུན་གྲུབ་གྱི་ཞའུ་ལ། །གཞན་དོན་སྣ་ཚོགས་ཀྱི་དར་སྣས་བརྒྱན། །གཉིས་མེད་དོན་རྟོགས་ཀྱི་མགོ་ལ་གོན། །མ་རིག་མུན་བསིལ་གྱི་ཟླ་བ་ཚེས་པས་བརྒྱན། །སེམས་ཅན་འགྲོ་དོན་ཉི་མ་བཟོད་དེ་འཆར། ཞེས་གསུངས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དགོས་པ་འདྲེ་ཡིན། བཞག་པ་གཞི་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ནམ་མཁའ་ཡིན། ལུས་རོ་ཡིན། སྐྱུར་ལ་ཞོག །སྐྱུར་མཁན་སེམས་ཡིན། །གློད་ལ་ཞོག །ལ་སྟོད་སྦུད་ཏྲ་རུ་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུཾ། ལོ་ངོ་ལྔ་བཞེས་ནས། བླ་མ་ཨུ་རྒྱན་པའི་དྲུང་དུ་བྱོན་ཙམ་ན། །སྐྱིད་པར་བྱུང་ངམ་གསུངས་པས། ཇ་ཤ་ཐུད་གསུམ་རི་བོང་ར་དང་མཚུངས། མར་དང་བུ་རམ་ནམ་མཁའི་མེ་ཏོག་བཞིན། བྲའུ་སྐྱོ་ཚ་ཡུལ་ངན་ཉི་མ་འདྲ། འོན་ཀྱང་ལྷ་ཆོས་བྱེད་པས་ང་རེ་སྐྱིད་གསུངས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སྙེ་ནམ་ཚོང་འདུས་སུ་ཚེམས་གཅིག་བུད་ནས་བྱུང་པ་ལ། །རྒད་པོ་གཅིག་གིས་ཞུས་པས། །རིན་ཆེན་དཔལ་འབར་སེའུ་བུད་པ་ལ། ང་ལ་མི་བདེ་ཅི་ཡང་མེད། །དུང་སོ་འཁོར་མ་བཟོད་དེ་སྐྱེས་ཏེ་མཆི། ཞེས་གསུངས་སོ། །ཡང་སྙེ་ནམ་ཚོང་འདུས་སུ། རྩེ་སྐྱུ་མཛད་པས། བརྡབ་འགྱེལ་བ་ལ་གསུངས་པ། །སྤྱོད་པ་མ་ཟོ་ཀྱུ་མོ་བྱ། །གོམས་པ་མ་ཟོ་བརྡབ་ཚན་ཕོག །ལུས་འདི་ས་རྡོ་བེམ་པོ་གཅིག །སེམས་འདི་སྟོང་པ་ངོས་བཟུང་མེད། །དེ་ལ་ཟུག་གཟེར་འཛིན་པ་ངོ་མཚར་ཆེ། །ཡང་གསུངས་པ། བསྒོམ་པ་མ་ཡེངས་པ་ལ་གྱིས། །སྤྱོད་པ་མ་བཅོས་པ་ལ་གྱིས། །ལྟ་བ་མ་ལོགས་པ་ལ་གྱིས། །འབྲས་བུ་རེ་དོགས་མེད་ལ་གྱིས། །དད་པ་བསྐྱེད་ལ་སྦྱིན་པ་ཐོང་། །རང་བྱུང་རྡོ་རྗེས་བ་རི་བ་བདེ་ཆེན་སེང་གེ་ལ་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྒྱལ་པོ་མ་སྐྱེས་དགྲའི་རྩོན་རའི་མིང་། །བདེ་བ་ཅན་ཞེས་བྱ་བར་བཅུག་པའི་ཚེ། སྤྱོད་ལམ་གང་བདེ་གཅིག་གིས་འདའ་བ། དེ་ནི་སྡུག་བསྔལ་ཀུན་གྱི་རྩ་བས་ཏེ། །གང་ཞིག་རྟོགས་ན་ཐར་པའི་གླིང་དུ་འདྲེན། །བྲམ་ཟེ་ཆེན་པོ་ས་ར་ཧ་ཡིས་ཀྱང་། །བཅིངས་པ་དག་ནི་ཕྱོགས་བཅུར་གྲོལ་བར་བརྩོན། ཞེས་སྦུད་ཏྲ་རུ་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །ཇ་ཤ་ཐུད་གསུམ་རྡོ་བ་བཞིན་དུ་རྡོལ། །མར་དང་བུ་རམ་ཆུ་བོ་བཞིན་དུ་འབྲུག །བྲའུ་སྐྱོ་ཚ་རྒྱ་མཚོ་བཞིན་དུ་འཁྱིལ། །འོན་ཀྱང་ལྷ་ཆོས་བྱས་པས་ང་རེ་སྐྱིད། ཞེས་པ་འདི་ས་སྐྱར་གསུངས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ངས་ནི་སྐྱེ་བ་ཕྱོགས་མེད་བླངས། །གཙུག་ལག་ཁང་སོགས་དགོན་པ་ནི། །ཕྱོགས་མེད་བཏབ་ཅིང་དགོན་པ་ནི། །རི་ཁྲོད་རིམས་པའི་ཡོན་ཏན་གྱིས། །མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས། །ཡིད་བྱེད་ཆོས་རྣམས་ཐང་ལ་སྐྱུར། །ཐང་ཀ་དངོས་པོ་ཅན་འདི་ལ། །ཡིད་བྱེད་ཆོས་འདི་སྐྱུར་བ་མིན། །སངས་རྒྱས་པའི་ཐང་ག་ལ། །དེ་འདྲ་དགོས་པ་ཅི་ཞིག་ཡོད། ཁོ་བོས་ཕྱག་རྒྱ་ཆེན་པོ་རྟོགས། །རྟོག་པའི་རྒྱུ་མཚན་དེ་ལྟར་ཡིན། །ང་ནི་ཕུང་འདྲེ་ཆེན་པོ་ཡིན། །གཟུང་འཛིན་གཉིས་ཀ་ཕུང་བར་བྱེད། །དེས་ན་ཕུང་འདྲེ་ཆེན་པོ་ཡིན། །ཕུང་འདྲེ་ཟེར་ན་ང་ལ་གྱིས། །ང་ནི་ཇག་པ་ཆེན་པོ་ཡིན། །དུག་ལྔ་འཇོམས་པར་གཅིག་པ་ཡི། །ཇག་པ་ཆེན་པོ་ཡིན་ནོ་ཨང་། །ཇག་པ་ཟེར་ན་ང་ལ་གྱིས། །ང་ནི་དཔའ་བོ་ཆེན་པོ་ཡིན། །ཉོན་མོངས་ཐམས་ཅད་མནོན་པར་བྱེད། །དེས་ན་དཔའ་བོ་ཆེན་པོ་ཡིན། །ང་ནི་གྲུབ་ཐོབ་ཆེན་པོ་ཡིན། །རང་ཙམ་པའི་གྲུབ་ཐོབ་མིན། །ང་ཡི་གྲུབ་ཐོབ་དེ་ཉིད་ནི། །གཟུགས་ནི་མཁའ་ལྟར་དག་པ་ལ། །འགྲོ་དོན་ཕྱོགས་མེད་བྱེད་པ་དེ། །ངའི་གྲུབ་ཐོབ་དེ་ཡིན་ནོ། །ཁྱེད་ཀྱི་གྲུབ་ཐོབ་དེ་ཉིད་ནི། ས་ལ་འཛུལ་དང་མཁའ་ལ་འཕུར། ཆུ་ལ་མི་བྱིང་མི་འཆི་བ། གྲུབ་ཐོབ་ཡིན་ཟེར་གདའ་ལགས་ཏེ། །དེ་རྣམས་གྲུབ་ཐོབ་ཡིན་སྲིད་ན། །བྱི་བ་དང་ནི་བྱ་རྣམས་དང་། །ངང་པ་དང་ནི་ཉ་རྣམས་ནི། །ཆུ་ལ་མི་བྱིང་མི་འཚུབ་གདའ། །བྱི་བས་ས་ལ་འཛུལ་ཤེས་གདའ། །བྱ་ཡིས་ནམ་འཕུར་མི་ལྷུང་གདའ། །འོ་ན་དེ་རྣམས་གྲུབ་ཐོབ་ཡིན། །འོན་ཀྱང་མི་ཡིས་གནམ་ལ་འཕུར་ཤེས་དང་། །ས་ལ་འཛུལ་ན་ཤེས་པ་དང་། །ཆུ་ལ་མི་བྱིང་མི་འཚུབ་པ། །མ་དག་སྣང་ངོར་གྲུབ་ཐོབ་ཡིན། །ང་ནི་ཡེ་ཤེས་ཆེན་པོ་ཡིན། །དུག་ལྔ་འཇོམས་པར་བྱེད་པ་ཡི། །ཡེ་ཤེས་ངོ་བོ་ང་ལ་གྱིས། །ང་ནི་དུག་ལྔའི་ངོ་བོ་ཡིན། །དུག་ལྔ་ཡེ་ཤེས་ལྔའི་སྐུ། །དེས་ན་ང་ནི་དུག་ལྔ་ཡིན། རིགས་ལྔའང་དུག་ལྔའི་ངོ་བོ་ཡིན། །དེ་ནི་ཀུན་གྱིས་ཤེས་པར་མཛོད། །དུག་ལྔའི་ངོ་བོའི་རྒྱུ་མཚན་ཡིན། །ངེས་དོན་དྲང་གཉིས་ཀ་ཤན་འབྱེད་ནི། །འདིའི་ཁོག་ན་ཐམས་ཅད་འདུས་པ་ཡིན། །འདི་ནི་ཁྱེད་རྣམས་ཀུན་གྱིས་གོ་བར་མཛོད། བཀྲ་ཤིས་དཔལ་འབར་རབ་འབར་ཀུན་མཁྱེན་རྒྱལ་པོ་འགྲོ་དྲུག་སེམས་ཅན་ཐར་པའི་ལམ་ལ་འགོད་གྱུར་མི་ནུབ་རྒྱལ་མཚན་སྟག་གཟིགས་གོས་དང་མཛེས་པའི་རྒྱན་བཞིན་འཛམ་གླིང་རྒྱན་དུ་ཤོག རང་བྱུང་རྡོ་རྗེའི་ཆུ་ཕོ་འབྲུག་གི་ལོ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་གཅིག་ལ་བཀོད་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ས་ར་ཧའི་ལུང་། རང་བྱུང་རྡོ་རྗེའི་གཏམ། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །སྣང་ལ་རང་བཞིན་མེད་པ་ཡིན། །ཁམས་གསུམ་རང་གྲོལ་ཆེན་པོ་ཡིན། །དེའི་ནང་ནས་མཆོག་གྱུར་པ། །རྟོགས་རྒྱུ་མེད་པའི་དོན་གཅིག་དགོས། །དེ་ལྟར་བྱུང་བར་གྱུར་སྲིད་ན། རང་སེམས་སངས་རྒྱས་ཡིན་པ་ལ། །གཞན་དུ་མ་འཚོལ་བསྒོམ་ཆེན་ཚོ། །སེམས་ཅན་ཆོས་སྐལ་དེ་ལ་མཛོད། །བཀྲ་ཤིས་དཔལ་འབར་རབ་འབར་ཕྱག་ཆེན་རྟོགས་འབར་འཛམ་གླིང་རྒྱལ་མཆོག་རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སྔགས་འཆང་རང་བྱུང་རྡོ་རྗེའི་གདུལ་བྱར་གྱུར་པའི་བུ་སློབ་རྣམས་ལ་གདམས་པ། ཕྱག་རྒྱ་ཆེན་པོ་སྐད་པ་དེ། ནམ་མཁའི་རང་བཞིན་ལྟ་བ་འདྲ། །བསྒོམ་ཡང་ཕར་ལ་མི་བསྒོམ་ལ། །ཡེངས་ཀྱང་ཚུར་ལ་མི་ཡེངས་པར། །མ་བཅོས་གཉུག་པའི་ངང་ལ་འཇོག །ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། །སྐལ་ལྡན་རྣམས་ཀྱིས་གོ་བར་མཛོད། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྟོགས་ན་གང་གིས་འཆིང་བ་ཡིན། སེམས་ཉིད་དངོས་པོ་མ་ཡིན་པ། །གཞན་དུ་རྩལ་ནས་འཇོམས་མི་ནུས། རྟོགས་ན་ནམ་མཁའ་ལྟ་བུ་ཉིད། །གོ་བར་གྱིས་ཅིག་སྒོམ་ཆེན་རྣམས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སེམས་དཔའ་རང་བྱུང་རྡོ་རྗེའི་གཏམ། །སེམས་ཅན་འགྲོ་དོན་བྱེད་པ་ལ། སྤྲུལ་པ་ཕྱོགས་བཞི་མཚམས་བརྒྱད་དུ། །འགྱེད་ཅིང་སེམས་ཅན་འགྲོ་དོན་བྱེད། །སྤྲུལ་པས་ཕྱོགས་བཅུར་ཁྱབ་ལགས་ཀྱང་། །མ་དག་སྣང་ངོ་དེ་ཉིད་དུ། །མོས་གུས་དད་པ་མ་སྐྱེས་ན། །ཁོ་བོའི་ཞལ་ནི་ག་ལ་མཐོང་། །དེ་ཕྱིར་མོས་གུས་དད་པ་གཅེས། །དེ་ལྟར་གོ་བར་གྱུར་སྲིད་ན། དམྱལ་བར་མི་འགྲོ་ཐེ་ཚོམ་མེད། །དམྱལ་བར་རང་བཞིན་མེད་པ་ལ། །སེམས་ཅན་འཁྲུལ་པས་སླད་པ་ཡིན། །གོ་བར་གྱིས་ཤིག་སེམས་ཅན་རྣམས། བཀྲ་ཤིས་དཔལ་འབར་རབ་འབར་མི་ནུབ་བསྟན་པའི་བདག་པོར་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཤཱཀྱ་ཐུབ་པའི་ལུང་། ཐུགས་རྗེ་ཆེན་པོའི་གཏམ། །རང་བྱུང་རྡོ་རྗེས་བཟློ་བ། །སྙིགས་མའི་དུས་འདིར། །འགོང་པོ་སྣ་དགུ་དར་བའི་དུས། ཤ་ཟ་ལ་སོགས་བདུད་དང་ལྷ་འདྲེ་རྣམས་ཀྱིས། སེམས་ཅན་རྣམས་ཀྱི་སྲོག་གཅོད་ཅིང་། བར་གཅོད་བྱེད་པ་ལ། ཐམས་ཅད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་ཐོབ་ཅིག །མོས་གུས་གྱིས་ཤིག །དེ་ལྟར་དུ་བྱས་ན་བར་ཆད་ཞི་བ་ལ་ཐེ་ཚོམ་མེད་པས་ཀུན་གྱིས་གོ་བར་གྱིས། བཀྲ་ཤིས་དཔལ་འབར་རབ་འབར་འགོང་པོ་ཞི་བར་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཡེ་ཤེས་དབྱིངས་ཕྱུག་བསྟན་པའི་མངའ་བདག་འགྲོ་བ་མགོན་པོ་ཀུན་མཁྱེན་རྒྱལ་བ་འགྲོ་དྲུག་ཡོངས་ཀྱི་དཔལ་མགོན་བྱང་ཆུབ་ཐར་ལམ་ཐོབ་མཛད་ཐུབ་པོ་ས་ལམ་ཡོངས་བགྲོད་འཛམ་གླིང་སྐྱེས་མཆོག་ཐུབ་ཆེན་སངས་རྒྱས་ལ་བསྟོད། ཚེག་བར་བཞི་བཅུ་ཞེ་ལྔ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རང་བྱུང་རྡོ་རྗེས་བསྟོད་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སེམས་ཅན་འགྲོ་དོན་བྱེད་པའི་དཔལ། །རྡོ་རྗེ་འཆང་དང་ས་ར་ཧ། ཤཱཀྱ་ཐུབ་དང་ཁོ་བོ་ཉིད། །དེ་བཞི་ལ་ནི་ཟེར་བ་ཡིན། །དེའི་རྗེས་སུ་འབྲང་བ་ཡི། །བླ་མེད་བྱང་ཆུབ་ཐོབ་འདོད་པའི། །སྡིག་པ་མི་དགེ་ཐམས་ཅད་ཀྱང་། །རང་བཞིན་ཉིད་ཀྱི་དག་པར་བྱེད། །དེ་འདྲའི་རྣལ་འབྱོར་དེ་ཉིད་ནི། །ཐམས་ཅད་འགྲོ་དོན་བྱེད་པའི་དཔལ། །དེ་མིན་བསྒོམ་ཆེན་དེ་ཉིད་ནི། །ཁ་བསྒོམ་བསྒོམ་མོ་ཟེར་ནས་ཀྱང་། །ལྷན་ཅིག་འཚོགས་ནས་ཆགས་སྡང་བྱེད། །ནུབ་མོ་གཏི་མུག་གཉིད་ལ་རེ། །ཚེ་ཕྱི་མའི་རྒྱགས་ཕྱེ་མི་འཐག་པར། །ཁས་ཕྱག་ཆེན་རྟོགས་སོ་ཟེར། །དེ་འདྲའི་བསྒོམ་ཆེན་ཨ་རེ་འཁྲུལ། །ཆགས་སྡང་ལོག་ཀྱོག་བྱེད་པ་དེ། །དེ་འདྲའི་བསྒོམ་ཆེན་ཨ་རེ་འཁྲུལ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སེམས་ཅན་འགྲོ་དོན་བྱེད་ལགས་ཀྱང་། རང་སེམས་དངོས་མེད་བྱ་བ་འདི། དགེ་སྡིག་རྣམས་ལ་རྟོགས་པ་ཡིན། རྟོག་པ་མ་རྟོགས་བར་ལ་ནི། ལག་པ་ལྟོ་རྒྱབ་བར་ཙམ་ཡིན། ཕྱག་རྒྱ་ཆེན་པོ་མ་རྟོགས་ན། རྟོགས་དང་མ་རྟོགས་འཁྲུལ་པ་ཡིན། མཉམ་ཉིད་རྟོགས་པའི་བསྒོམ་ཆེན་ལ། འཁྲུལ་པ་མ་འཁྲུལ་གཉིས་སུ་མེད། གཉིས་མེད་ངང་ལ་བསྒོམ་མཁན་སྟོར། དེ་འདྲའི་བསྒོམ་ཆེ་ཨ་རེ་སྐྱིད། གོ་བར་གྱིས་ཞིག་འགྲོ་དྲུག་སེམས་ཅན་རྣམས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། ཁོ་བོ་ལ་སྟོད་ཕྱོགས་སུ་སྐྱེ་བ་བླངས། །ཆོས་ཀྱི་སྐྱབ་པར་མིང་ཡང་གྲགས། །ང་བཙུན་པ་བྱང་རྒྱུ་མ་བདོག་ཏེ། མ་བཅོས་གཉུག་མའི་ངང་ལས་ཡང་། །འཕོ་འགྱུར་མེད་པའི་སྡོམ་པ་བླངས། །མིང་ཡང་རང་བྱུང་རྡོ་རྗེ་གྲགས། །ཀུན་རྫོབ་ཙམ་དུ་དེ་སྐད་ལགས། །མ་དག་སྣང་ངོ་དེ་ཉིད་དུ། །བཙུན་པ་བྱེད་ལུགས་དེ་ཉིད་ནི། །སྡོམ་པ་ལེན་ནོ་ཟེར་ནས་ཀྱང་། །ཁ་ཐོན་སློབ་པ་ཁ་སྐད་ཟེར། ཆོས་ནི་སློབ་པོ་ཟེར་ནས་ཀྱང་། །ཡིག་ནག་བསགས་ཤིང་རྫུན་རྣམས་ཟེར། །ཆགས་སྡང་བྱེད་པ་ཨ་རེ་འཁྲུལ། བདག་འཛིན་རྣམས་ནི་མ་ཐོངས་སྤར། །སེམས་ཅན་སེར་སྣའི་རྫོང་ལ་ཞེན། །ཐོངས་པའི་ཐབས་ནི་འདི་འདྲ་བདོག །ཞེན་ཆགས་མེད་པ་ཕུལ་ནས་ནི། །ངར་འཛིན་གྲོལ་ན་དེ་ལ་ཕན། །འགྲོ་དྲུག་ཀུན་གྱི་གོ་བར་གྱིས། ཁ་ཕྱར་ཁ་འཁྱིལ་ཡོངས་ལ་བསྒྲོགས། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། མིང་ཡོངས་སུ་གྲགས་པ་ཀརྨ་པའི་གདུལ་བྱར་གྱུར་པའི་མཁྱེན་པ་གཉིས་དང་ལྡན་པའི་བུ་སློབ་རྣམས་ལ་གདམས་པ། །རྡོ་རྗེ་ནས་བརྒྱུད་པའི། །བཀའ་ལུང་བསྟན་ཆོས་ཐམས་ཅད་ཀྱང་། །མ་དག་སྣང་ངོར་སོ་སོར་གོ །དག་པའི་སྣང་ངོར་གཅིག་ཏུ་སྣང་། སྣང་ལ་རང་བཞིན་མེད་པ་ཡི། །ཁམས་གསུམ་རང་གྲོལ་ཆེན་པོར་གྱུར། །འགྲོ་དང་ཉལ་དང་ཟ་བ་དང་། །ན་དང་སྐྱེ་དང་རྒས་པས་དང་། །དེ་རྣམས་ཐམས་ཅད་རང་གི་སེམས། །སོ་སོར་འཛིན་ན་འཁྲུལ་པ་ཡིན། འཛིན་པ་མེད་པའི་སེམས་ཉིད་འདི། །དངོས་པོར་འཛིན་ན་འཁྲུལ་པ་ཡིན། །རྣམ་རྟོག་ཆོས་སྐུར་ངོ་ཤེས་ན། དུག་ལྔ་བྱ་བའི་མིང་ཡང་མེད། །མིང་མེད་བསྒོམ་ཆེན་དེ་ཉིད་ནི། །ན་བའི་དུས་སུ་འདི་སྐད་ཟེར། །ཨ་ཙ་མ་ཞེས་བརྗོད་པ་ཡིན། །ཨ་ནི་སྐྱེ་བ་མེད་པ་ཡིན། །ཙ་ནི་འགགས་པ་མེད་པ་ཡིན། །མ་ནི་སེམས་ཅན་ཀུན་གྱི་མ། །མ་དག་སྣང་ངོ་དེ་ཉིད་ལགས། །དག་པའི་སྣང་ངོ་དེ་ཉིད་ལགས། །དག་པའི་སྣང་ངོར་ན་རྒྱུ་མེད། །ཁོ་བོ་ན་བའི་དུས་ཚོད་སུ། །མ་དག་འཁྲུལ་སྣང་ན་བས་ཐེབས། །སེམས་ལ་འཆི་རྒྱུ་ཡོད་མ་ཡིན། ལུས་འདི་འཕོ་བ་ཀུན་གྱི་ལུགས། །གདུལ་བྱ་རྣམས་ཀྱིས་གོ་བར་མཛོད། །ཁ་ཕྱར་ཁ་འཁྱིལ་ཡོངས་ལ་བསྒྲོགས། །བཀྲ་ཤིས་དཔལ་འབར་འཇིག་རྟེན་རྒྱས་འབར་སྟོང་གསུམ་རབ་བརྟན་རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སེམས་དཔའ་རང་བྱུང་རྡོ་རྗེས། གདུལ་བྱར་གྱུར་པའི་མཁྱེན་པ་གཉིས་དང་ལྡན་པའི་བསྒོམ་ཆེན་རྣམས་ལ་གདམས་པ། རྡོ་རྗེ་འཆང་ཏེ་ལོ་ན་རོ་བཀའ་བཞིའི་རྒྱུད་པ་བར་མ་ཆད་པའི་གནད་བཞི་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྒོམས་ན་རླུང་སེམས་ཀྱི་རྩལ་རྫོགས་ཤིང་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་སྐད་ཅིག་ཙམ་ཡང་མི་འགོར་ཞིང་སེམས་ཅན་ཐམས་ཅད་ཀྱི་འདྲེན་པའི་དཔལ་དུ་འགྱུར་རོ། ཁོ་བོ་ཡང་གནད་གཞིའི་ཆོས་ཀྱི་འཁོར་ལོ་རྒྱུན་པར་བསྒོམས་པས་རླུང་སེམས་ལ་རྩལ་རྫོགས་ཤིང་སྐྱོ་དུབ་མེད་པས་སེམས་ཅན་གྱི་དོན་ནུས་པ་བྱུང་བ་ཡིན། དེའི་ཕྱིར་ན་ཐམས་ཅད་ཀྱིས་རླུང་སེམས་ཀྱི་རྩོལ་བ་དྲག་དུ་གྱིས། ཁ་ཕྱར་ཁ་འཁྱིལ་ཡོངས་ལ་བསྒྲོགས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལུང་ཐམས་ཅད་འཁྲུལ་པར་སྣང་། །རྒྱལ་བའི་བཀའ་ཐམས་ཅད་ནི། སེམས་ཉིད་ཡེ་ཤེས་ཕྱག་རྒྱ་ཆེ། །སྙིང་པོ་དོན་གྱི་མཐར་ཐུག་ཏུ། །སྣང་བ་ཀུན་ཁྱབ་སེམས་ཅན་འདྲེན། །སེམས་ཅན་དག་པ་སངས་རྒྱས་ཏེ། །སེམས་ཅན་མ་དག་རྒྱུད་འཛིན་པ། །ཁ་བཤད་རྒྱུད་འཛིན་མང་ལགས་ཀྱང་། མཐར་ཐུག་རྒྱུད་འཛིན་རྟོགས་པ་ཉུང་། སེམས་ཚད་གཞལ་མེད་མང་ལགས་ཀྱང་། །ཚད་ནི་གཞལ་བ་ཅུང་ཙམ་དཀའ། །ཚད་མེད་སེམས་ཅན་དེ་ཉིད་ནི། །རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ། །ཀུན་ཁྱབ་རྒྱལ་བའི་རྟོགས་པ་འཛིན། །གོའམ་ཐོས་སམ་སྐལ་ལྡན་ཀུན། །མི་ལུས་ཐོབ་པ་ཀུན་གྱི་མཆོག །བྱ་དང་བྱོལ་སོང་ཁྱི་རྣམས་ནི། །ལུས་ནི་ཐོབ་ཀྱང་དོན་མེད་ཡིན། །མི་ལུས་ས་བཞིན་བཟང་དང་མཚུངས། །བླ་མ་བཟང་པོ་ནས་འབྲུ་སྟེ། །རི་ལ་ཕྱིན་ནས་མྱུ་གུ་སྐྱེ། །རྟོགས་པ་རྙེད་ན་ཚད་དུ་རྒྱས། སེམས་ཅན་འགྲོ་དོན་བྱེད་པའི་ནི། །ནས་ནི་ཟ་བའི་དཔེ་དང་མཚུངས། །གོ་བར་གྱིས་ཅིག་སྐལ་ལྡན་རྣམས། །འདི་འདྲའི་དོན་ཅིག་མ་རྟོགས་པར། །འཁྲུལ་རྒྱུད་མང་པོས་ཅི་ཞིག་བྱ། །གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། བཀྲ་ཤིས་དཔལ་འབར་རབ་འབར་དོན་རྟོགས་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །མཚུར་ཕུར་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྟོགས་པའི་དོན་ལྡན་རྣལ་འབྱོར་པ། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡི། །སྙིང་པོའི་དོན་གྱི་རྒྱུད་པ་འཛིན། །གྲུབ་ཐོབ་ཀུན་ཁྱབ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་སོགས་བཀའ་བརྒྱུད་ཀྱི། །བསྟན་པ་བསྲུང་བའི་ཆོས་སྐྱོང་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །སྙིགས་མའི་དུས་འདིར་འགྲོ་དོན་མཛད། །དེ་རྗེས་རྒྱུད་པའི་སྐལ་ལྡན་རྣམས། །ཆོས་སྐྱོང་བསྲུངས་མ་ཡིད་དམ་ལ། །གསོལ་བ་ཐོབ་ཅིང་མོས་གུས་གྱིས། །དེ་ལྟར་བྱས་པར་གྱུར་སྲིད་ན། །འགྲོ་དོན་འབྱུང་ཞིང་དགྲ་ཚོགས་རྣམས། །ཉི་མས་སྐར་མ་ཟིལ་མནོན་ལྟར། །དགྲ་བགེགས་ཐམས་ཅད་འབྱུང་མི་སྲིད། གོ་བར་གྱིས་ཅིག་བསྒོམ་ཆེན་རྣམས། །བཀྲ་ཤིས་དཔལ་འབར་བདུད་ཚོགས་ཞི་འབར་རང་བྱུང་ཡེ་ཤེས་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བདུད་ཚོགས་འདྲེ་ཚོགས་མ་ལུས་པ། །འཇོམས་བྱེད་ཁྲོ་བོ་མང་ལགས་ཀྱང་། །ཀུན་གྱི་ནང་ནས་མཆོད་སྡོང་ལྟར། གྱུར་པ་དཔལ་ཆེན་ཕྱག་རྡོར་ཡིན། །སེམས་ཅན་འདྲེན་པར་བྱེད་པ་ཡིན། །ཐུགས་རྗེ་ཆེ་བ་མང་ལགས་ཀྱང་། །ཀུན་གྱི་ནང་ནས་མཆོད་སྡོང་ལྟར། །དོན་མཛད་ཐུགས་རྗེ་ཆེན་པོ་ཡིན། །དོན་བསྒྲུབ་ཆོས་སྐྱོང་མང་ལགས་ཀྱང་། །ཀུན་གྱི་ནང་ནས་མཆོད་སྡོང་ལྟར། །དཔལ་ལྡན་མ་མགོན་ལྕམ་དྲལ་ཡིན། །བར་ཆད་སེལ་ཞིང་ཐུགས་རྗེས་འདྲེན། །ཡི་དམ་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་ཐོབ་ཅིང་མོས་གུས་གྱིས། །དེ་ལྟར་བྱས་པར་གྱུར་སྲིད་ན། །སེམས་ཅན་བདེ་བར་ཐེ་ཚོམ་མེད། །གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། །བཀྲ་ཤིས་དཔལ་འབར་བདུད་ཚོགས་ཞི་འབར་ཐུགས་རྗེ་ཆེ་འབར་བར་ཆད་སེལ་བར་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །རང་བྱུང་རྡོ་རྗེས་སྦྲུལ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་བཀྲ་ཤིས་གསར་མར་སྦྱར་བའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྣམ་པ་ཐམས་ཅད་མཁྱེན་དེ་ལུས་ཀྱིས་སྲས། །མ་རིག་འཁྲུལ་འཁོར་འདི་ལས་ཀྱི་རྐྱེན། །དེ་ལ་རྒྱུད་འཁྲུལ་འཁོར་བ་མང་པོ་འབྱུང་། །འཁྲུལ་འཁོར་དེ་ཉིད་མ་རིག་པའི་རྒྱུ། །མ་རིག་དེ་ཉིད་རྟོགས་སངས་རྒྱས་ཏེ། མ་རྟོགས་པ་ཡིས་སེམས་ཅན་བྱུང་བ་ཡིན། །སེམས་ཅན་འདི་ཉིད་རྒྱུ་དང་རྐྱེན་ལས་ནི། རྒྱུ་རྐྱེན་དེ་ཉིད་ཤེས་པ་གང་ཡང་མེད། །ཤེས་པ་ཡོད་ན་སངས་རྒྱས་མངོན་སུམ་པ། །མངོན་སུམ་ཞེས་གྲགས་དེ་ཉིད་གང་ལས་བྱུང་། །བྱུང་བ་དེ་ཉིད་རྒྱུ་རྐྱེན་གང་ལས་བྱུང་། །སངས་རྒྱས་ལ་ནི་རྒྱུ་རྐྱེན་མེད་པ་ཡིན། །རྒྱུ་རྐྱེན་ཡོད་ན་སངས་རྒྱས་མེད། །སངས་རྒྱས་ཞེས་བྱ་བ་དེ་ཉིད་གང་ལས་བྱུང་། །གང་ལས་བྱུང་སྟེ་སུ་ཡིས་ཤེས་པ་ཡིན། །ཤེས་པ་ཡོད་ན་བར་སྣང་ལག་པས་བཟུང་། དེ་ཉིད་རྟོགས་ནས་སངས་རྒྱས་མངོན་སུམ་པ། །མངོན་སུམ་ཞེས་གྲགས་དེ་ཉིད་གང་ལས་བྱུང་། །སེམས་ཉིད་འདི་ལ་རྒྱུ་རྐྱེན་ཡོད་པ་སེམས་ཉིད་མིན། །དེ་ལྟར་གྱུར་པ་སེམས་དཔའ་རང་བྱུང་སྟེ། །གཅིག་ཤེས་ཀུན་ལ་མཁས་པ་དེ་ཉིད་ཡིན། །དེ་ཉིད་ཟེར་བ་དེ་རང་གང་ལས་བྱུང་། གང་ལས་བྱུང་དེ་ཕུ་ཐག་གཅོད་མི་འདོད། གནོད་དུ་འདོད་པ་དེ་ཉིད་གང་ལས་ཡོང་། གང་ལས་ཡོང་བ་དེ་ཡང་གང་ཡིན་པ། །མ་རྟོགས་ལོགས་རྟོགས་དེ་ཉིད་གང་ལས་བྱུང་། དེ་ལྟར་ཀུན་གྱི་གོ་བར་མཛོད། བཀྲ་ཤིས་དཔལ་འབར་རབ་འབར་རབ་བརྟན་རྒྱལ་བའི་རྒྱན་དུ་ཤོག །མཚུར་ཕུར་སྦྲུལ་ལོ་དཔྱིད་ཟླ་ར་བ་ལ་བྲིས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྡོ་རྗེ་འཆང་དང་ས་ར་ཧ། །བཀའ་རྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརློབས། །ཁོ་བོ་རྣམ་འབྱོར་འདུག་པ་འདི། །འདུག་པ་མཉམ་ཉིད་ངང་ལ་འདུག །ལྟད་མོ་ཆོས་ཉིད་ངང་ལ་ལྟ། །རྩེད་མོ་ཕྱག་ཆེན་ངང་ལ་བྱེད། །ཟ་བ་བདེན་པའི་ངང་དུ་ཟ། །འགྲོ་བ་དོན་དམ་ངང་ལ་འགྲོ། །འཆི་བ་ལྟ་བའི་ངང་ལ་འཆི། །ཀུན་རྫོབ་སེམས་ཅན་ཐམས་ཅད་ཀྱི། །ཨེ་མ་ཀརྨ་པ་ཞེས་ནི། །ཇེ་ངན་ཇེ་ངན་འགྲོ་ལོ་སྐད། །ཅི་ཡིན་བྱས་ནས་ངན་པ་ན། །སྤྲང་པོའི་བུ་རུ་སྐྱེས་སོ་སྐད། སེམས་ཅན་རྨོངས་པས་དེ་སྐད་ཟེར། དེ་མིན་པ་ལ་གཏུགས་ཙམ་ན། །བཟང་པོ་ཡིན་པར་གོ་བ་ཡིན། །གཏན་ཚིགས་ཅི་ཡིན་བྱས་པ་ལ། །དཔེར་ན་རྒྱལ་པོ་ལྟ་བུ་ཡིན། །བུ་རུ་སྐྱེས་པར་གྱུར་སྲིད་ན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །མིག་ཀྱང་ལྟ་བར་མི་རྙེད་དོ། །དེ་ཕྱིར་སྤྲང་པོའི་བུ་རུ་སྐྱེས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཞལ་ཉིད་བལྟ་དང་བྱིན་བརླབས་དང་། །ཐམས་ཅད་ཅི་བདེར་འགྲུབ་པར་འགྱུར། དེའི་ཕྱིར་ན་བཟང་བར་བཤད། །གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། །བཀྲ་ཤིས་དཔལ་འབར་རབ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ང་ནི་ངན་པ་ངན་པ་ཡིན། །རྡོ་རྗེ་འཆང་གི་ངན་པ་ཡིན། །བཀའ་བརྒྱུད་བླ་མའི་ངན་པ་ཡིན། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི། །ངན་པའི་གཏན་ཚིགས་ཁོ་བོ་ཡིན། །ཆོས་སྐྱོང་བསྲུངས་མ་ཐམས་ཅད་ཀྱི། །ངན་པའི་མཚན་ཉིད་ཁོ་བོ་ཡིན། ངན་པའི་བསྟན་ཚིགས་འདི་ལྟ་བུ། །བྲག་ཆ་ཙམ་དུ་ཕྱུང་པ་ཡིན། གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། །བཀྲ་ཤིས་དཔལ་འབར་རབ་འབར་འཛམ་གླིང་རྒྱན་དུ་ཤོག །ང་ནི་ཆུང་ཆུང་ཆུང་ཆུང་ཡིན། །རྡོ་རྗེ་འཆང་གི་ཆུང་ཆུང་ཡིན། །ཏེ་ལོ་པ་ཡི་ཡང་ཆུང་ཡིན། །ན་རོ་པ་ཡི་དེ་ཆུང་ཡིན། བཀའ་བརྒྱུད་བླ་མའི་ཡང་ཆུང་ཡིན། །ཆུང་ཆུང་རྒྱུད་ལ་འདི་ལྟར་བཤད། །བསྒོམ་དུ་མེད་པའི་སེམས་ཉིད་འདི། །རྣམ་རྟོག་འཛིན་ཞིང་བསྒོམ་པ་ལ། །ཞེན་ཆགས་མེད་ན་འཁྲུལ་པ་ཡིན། །འཁྲུལ་པའི་ངང་ནས་ཆུང་བ་ཡིན། ཞེན་ཆགས་མེད་པས་ཆུང་བ་ཡིན། །ཆུང་བ་བདུན་གྱི་དབྱངས་ཆུང་འདི། །དོན་དམ་གྱི་ངང་ནས་དེ་སྐད་ལོ། །བཀྲ་ཤིས་དཔལ་འབར་རྟོགས་པའི་དོན་དང་ལྡན་པར་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །ང་ནི་ཆེན་པོ་ཆེན་པོ་ཡིན། སེམས་ཉིད་ཆེ་བས་ཆེན་པོ་ཡིན། །རྟོགས་པ་ཆེ་བས་ཆེན་པོ་ཡིན། །ཀུན་ཆེ་རྒྱལ་པོ་དེ་ཉིད་ནི། །མ་ཤེས་མི་ཤེས་ཤེས་མི་འགྱུར། །ཤེས་པ་མེད་པའི་སེམས་ཉིད་འདི། །ཆེན་པོ་ཡིན་པར་གོ་བར་བྱ། ཀུན་ལ་ཆེ་བའི་དབྱངས་ཆུང་འདི། །དོན་དམ་ངང་ནས་དེ་སྐད་ལོ། །གོ་བར་གྱིས་ཅིག་སྐལ་ལྡན་ཀུན། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཁོ་བོའི་སྤྱི་བོའི་གཙུག་རུམ་ན། །བྱ་མགོ་འདོད་ཆགས་རང་བཞིན་སྐྱེས། །དཔུང་པ་གཡས་ཕྱོགས་མགོ་བོ་ན། །གཏི་མུག་ཕག་གི་མགོ་བོ་སྐྱེས། །དཔུང་པ་གཡོན་པའི་མགོ་བོ་ན། །ཞེ་སྡང་སྦྲུལ་གྱི་མགོ་བོ་སྐྱེས། །མགོ་བོ་གསུམ་པོ་རལ་གྲིས་གཅད། །སྤྱི་བོར་བྱ་མགོ་གཅོད་པ་དེ། འདོད་ཆགས་མ་དག་གཅད་པའི་བརྡ། །གཡས་སུ་ཕག་མགོ་གཅད་པ་དེ། །གཏི་མུག་རྩད་ནས་གཅད་པའི་བརྡ། །གཡོན་པ་སྦྲུལ་མགོ་གཅད་པ་དེ། །ཞེ་སྡང་རང་བཞིན་གཅད་པའི་བརྡ། །ཉོན་མོངས་དུག་གསུམ་རྩད་ནས་གཅད། །གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། །བཀྲ་ཤིས་དཔལ་འབར་དུག་གསུམ་ཞི་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་པ་འདི་རྣམས་སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་སྦྱར་བའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སྐུ་བཞི་ལྷུན་གྲུབ་རྫོགས་པ་ཡི། །མཉམ་རྗེས་མེད་པའི་ཆུ་བོའི་གཞུང་། གཟུགས་སྐུ་བཞི་རུ་བྱུང་བ་ཡིན། །རྒྱུ་མཚན་གཏན་ཚིགས་བཤད་པར་བྱ། །གཉིས་མེད་སྐུ་ཉིད་ས་ར་ཧ། སངས་རྒྱས་སེམས་ཅན་མེད་པར་ཡང་། །གཉིས་སུ་མེད་པའི་སྐུ་རུ་བཤད། །རྟག་ཆད་ལྟ་བ་མ་གྲུབ་པས། །གཉིས་སུ་མེད་པའི་སྐུ་རུ་བསྟན། གཉིས་མེད་ཡེ་ཤེས་ཆེན་པོ་ཉིད། །སྣང་བ་དང་བཅས་མ་གྲུབ་པའི། །ཆོས་ཀྱི་སྐུའི་གཏན་ཚིགས་སུ། །སྨྲ་བསམ་བརྗོད་ལས་འདས་པ་ནི། །ཆོས་ཀྱི་སྐུའི་མཚན་ཉིད་ནི། །གཉིས་མེད་ཀུན་ལ་འགག་མེད་པ། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཤད། །དོན་དམ་ཆོས་སྐུ་སྨྲ་བརྗོད་པ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །ཀུན་ལ་སྣང་བཞིན་འགྲོ་དོན་བྱེད། །སྤྲུལ་པའི་སྐུའི་མཚན་ཉིད་དོ། །འགྲོ་བ་འདྲེན་ཅིང་ཆོས་ཀྱང་སྟོན། །སྤྲུལ་སྐུ་རང་བྱུང་རྡོ་རྗེ་ནི། །སྐུ་བཞི་རྫོགས་པའི་ཡོན་ཏན་བཤད། །བཀྲ་ཤིས་དཔལ་འབར་སྐུ་བཞི་རབ་འབྱམ་འཛམ་གླིང་རྒྱན་དུ་ཤོག །སྐུ་བཞིའི་གཏན་ཚིགས་བསྟན་པ་འདི་སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་མཚུར་ཕུར་སྦྱར་བའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྣལ་འབྱོར་རང་བྱུང་རྡོ་རྗེས་ཡིས། ཀུན་མཁྱེན་སེམས་དཔའ་ཆེན་པོ་ལ། །གདམས་ངག་ངོ་སྤྲོད་འདི་ལྟར་ཕོག །སེམས་ཅན་རྒྱུད་ཉིད་སངས་རྒྱས་ཏེ། །དྲི་མ་བྱུང་བས་སེམས་ཅན་ཉིད། །དག་དང་མ་དག་སོ་འཚམས་ན། །འཁྲུལ་དང་མ་འཁྲུལ་གཉིས་གཉིས་བྱུང་། །འཁྲུལ་དང་མ་འཁྲུལ་གཉིས་པོ་ཡི། །གཏན་ཚིགས་རྒྱུ་མཚན་བཤད་པར་བྱ། །འཁྲུལ་པའི་དོན་ནི་འདི་ལྟ་བུ། །ང་རྒྱལ་རི་ལྟར་སྤུངས་པ་དང་། །ཞེ་སྡང་རླུང་ལྟར་འཚུབ་པ་དང་། །འདོད་ཆགས་མེ་ལྟར་འབར་བ་དང་། །དེ་ལ་སོགས་ཏེ་སེམས་ཅན་རྣམས། །འཁྲུལ་པའི་རྣམ་རྟོག་ཡིན་པར་བཤད། །མ་འཁྲུལ་དོན་ནི་འདི་ལྟ་བུ། །ཀུན་ལ་སྙིང་རྗེ་ཆེ་བ་དང་། །ཕན་པའི་བློ་ནི་ཁོ་ན་གཏོང་། །དེ་ཉིད་མ་འཁྲུལ་ཡིན་པར་བཤད། །གོ་བར་གྱིས་ཅིག་རིགས་ཀྱི་བུ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དོན་དམ་ཆོས་ཉིད་བདེན་པ་ལ། །སེམས་ཉིད་ནམ་མཁའ་ལྟ་བུ་སྟེ། །ལུས་འདི་བེམས་པོ་ཡིན་པ་ལ། ཕྱག་རྒྱ་ཆེན་པོ་རྟོགས་ཚུལ་བསྟན། །ཐམས་ཅད་ནམ་མཁའ་ལྟ་བུ་ཉིད། །གོ་བར་གྱིས་ཅིག་སྐལ་ལྡན་ཀུན། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །དོན་དམ་ཆོས་ཉིད་བདེན་པ་ལ། །སེམས་ཉིད་ནམ་མཁའ་ལྟ་བུ་སྟེ། །འབྱུང་བ་བཞིའི་རྩོན་རར་ཚུད་པ་དེ། །འོ་ན་གང་ཡིན་བྱས་ཙམ་ན། །རྟོག་པ་འདུས་པས་ལན་པ་ཡིན། །གོ་བར་གྱིས་ཅིག་རིགས་ཀྱི་བུ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །ཕྱག་རྒྱ་ཆེན་པོ་བསྒོམ་དུ་མེད། །བསྒོམ་དུ་ཡོད་ན་ཕྱག་ཆེན་མིན། །སེམས་ཉིད་དངོས་པོར་རྟོག་རྒྱུ་མེད། །རྟོག་རྒྱུ་བྱུང་ན་སེམས་ཉིད་མིན། །གོ་བར་གྱིས་ཅིག་རིགས་ཀྱི་བུ། །རྟ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །ཐུགས་རྗེ་ཆེན་པོའི་ལུང་། །རང་བྱུང་རྡོ་རྗེའི་གཏམ། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །སྣང་ལ་རང་བཞིན་མེད་པ་ཡི། །ནམ་མཁའ་འདྲ་དང་མི་འདྲ་བའི། །དམིགས་མེད་རང་གྲོལ་ཆེན་པོ་ཡི། །དོན་དམ་དམིགས་མེད་འགྲོ་བ་ཀུན། །དག་པའི་སྣང་བ་ཕྱག་རྒྱ་ཆེ། །མ་དག་དངོས་པོ་སྣང་བ་ཅན། །གང་ཡང་མེད་པའི་རྣལ་འབྱོར་པ། །ཐམས་ཅད་ཆོས་ཉིད་ངང་ལ་སྡོད། །གོ་བར་གྱིས་ཅིག་རིགས་ཀྱི་བུ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སི་སིདྷི་ཧཱུཾ། །ང་རྒྱལ་རྩོངས་པས་རྫ་དུག་བུ་རུ་སྐྱེས། །འདི་ནས་ཤི་འཕོས་དགའ་ལྡན་གནས་སུ་འགྲོ། །འགྲོ་ལ་སེམས་རྩེ་གདུལ་བྱ་གར་ཡོད་འབྱུང་། བདག་ལ་གཞན་དོན་མིན་པ་བྱ་བློ་མེད། །ཡེ་ཤེས་རྟོགས་པས་གཟུང་འཛིན་རྩད་ནས་དག དཔལ་ལྡན་སྐུ་གསུམ་རྒྱལ་སྲས་ཐོབ་པར་ཤོག །གནས་སྐབས་བཞི་པོས་སྐུ་བཞི་ལྷུན་གྱི་གྲུབ། །དེ་ལྟར་བདག་གི་འགྲུབ་པར་ཤོག །ལ་སྟོད་བྱང་དུ་གསུངས། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །འཛིན་མེད་རང་གྲོལ་ཆེན་པོ་ཡིན། །རྟོགས་པས་ཁྱད་འཕགས་དམ་ཆོས་ལ། །རྒྱུད་སྡེ་འབུམ་དང་སྟོང་གི་ནི། །མན་ངག་ཐམས་བཅད་བསྡུ་ལགས་ཀྱང་། །འདི་ལས་ཁྱད་པར་འཕགས་པ་ནི། །ཆོས་ཉིད་གཞན་དུ་ཡོང་མི་སྲིད། འོན་ཀྱང་ང་རྒྱལ་ཆེན་བ་མིན། །རྡོ་རྗེ་འཆང་དང་ས་ར་ཧ། །བཀའ་རྒྱུད་བླ་མ་ཐམས་ཅད་ཀྱི། །དོན་དམ་ཆོས་ཉིད་བསྡུས་པ་ཡིན། །སྙིང་པོ་འདི་ནི་གོ་བར་གྱིས། །བསྒོམ་ཆེན་གྲ་པ་བུ་སློབ་དང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །སྙིང་པོ་མཐར་ཐུག་ཐམས་ཅད་ནི། །རིམས་ཀྱིས་པའི་དམ་ཆོས་ཡིན། །གཅིག་ཆར་བའི་དམ་ཆོས་ནི། །འདི་ལྟ་བུའི་དོན་གཅིག་ཡིན། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ནི། །བློ་དང་ཚིག་དང་སྒྲ་དང་ནི། ཡུལ་དང་གཉེན་པོ་ཁ་ཟས་དང་། །དེ་རྣམས་ཐམས་ཅད་མ་ཡིན་པ། །སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ལ་ཆུ་བཞག་ལྟ་བུ་ཡང་། །དེ་ནི་རྟོགས་པའི་ཡེ་ཤེས་མིན། །རྟོགས་པའི་ཡེ་ཤེས་བྱ་བ་དེ། །དཔེ་དོན་ཚད་དུ་མེད་པ་ཡི། །སྟོང་པ་ནམ་མཁའ་ལྟ་བུ་ཉིད། །དེ་ཡང་འགྲོ་དྲུག་སེམས་ཅན་གྱིས། །ཆད་པར་ལྟ་བར་འདོད་ལགས་ཀྱང་། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ཕྱག་རྒྱ་ཆེན་པོ་བསྒོམ་དུ་མེད། །བསྒོམ་དུ་ཡོད་ན་ཕྱག་ཆེན་མིན། །གོ་ཡུལ་རྟོགས་ཡུལ་བློ་ཡུལ་མིན། །གོ་ཡུལ་བློ་ཡུལ་བྱུང་སྲིད་ན། །ཉམས་ནི་རྩེ་མོ་རྟོགས་ཙམ་ཡིན། །རྟོགས་རྒྱུ་མེད་པའི་དོན་རྟོགས་ན། །དོན་དམ་བདེན་པ་སྣང་སྲིད་ཀྱིས། །སྣོད་བཅུད་ཐམས་ཅད་གཅིག་ཏུ་སྣང་། །ཐམས་ཅད་ཐམས་ཅད་གཅིག་ཏུ་སྣང་། །གཅིག་ཀྱང་མི་སྣང་ཕྱག་རྒྱ་ཆེ། །སྣང་ལ་རང་བཞིན་མེད་པ་ཡིན། །དོན་ནི་དེ་ལྟར་ཤེས་པར་གྱིས། །གོའམ་ཐོས་སམ་སྐལ་ལྡན་ཀུན། །འདི་འདྲའི་དོན་ཆེན་འདི་ཉིད་ནི། སྐལ་མེད་རྣམས་ཀྱི་བློར་མི་ཤོང་། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །འོན་ཀྱང་སེམས་ཅན་ཐམས་ཅད་ལ། །གོར་ཆུག་ཐོས་ཆུག་བྲི་རུ་ཆུག །ཀློག་ཆུག་མོས་ཆུག་བྱེད་དུ་ཆུག། དེ་ལྟར་བྱས་པར་གྱུར་སྲིད་ན། །ཐམས་ཅད་རང་གྲོལ་ཆེན་པོར་འགྱུར། །གོ་བར་གྱིས་ཅིག་འགྲོ་དྲུག་རྣམས། །དེ་རྣམས་ཐམས་ཅད་བསྡུས་པ་ནི། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །སྣང་ལ་རང་བཞིན་མེད་པ་ཡི། །ནམ་མཁའ་རང་བཞིན་ལྟ་བ་འདྲ། །བསྒོམ་ཡང་ཕར་ལ་མི་བསྒོམ་པར། །ཡེངས་ཀྱང་ཕར་ལ་མ་ཡེངས་པར། །མ་བཅོས་གཉུག་མའི་ངང་ཉིད་དོ། །གོ་བར་གྱིས་ཅིག་སྐལ་ལྡན་ཀུན། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །བྱ་བའི་དོན་ནི་འོག་མ་རྣམས་ཀྱི་ཚིག་འདི་འདྲ་བ་གཅིག་ཡོད་ཟེར་བ་ཡིན། །འཛིན་མེད་རང་གྲོལ་ཅེས་བྱ་བའི་དོན་ནི་འཛིན་པ་མེད་པར་རང་སར་གྲོལ་བ་སྣང་སྲིད་ཐམས་ཅད་དོན་དམ་ཆོས་ཀྱི་སྐུར་འཆར་བ་གཅིག་ལ་ཟེར་བ་ཡིན། །རྟོགས་པ་ཁྱད་འཕགས་དམ་ཆོས་ལ་ཞེས་པའི་དོན་ནི། །ཁྱད་པར་དུ་འཕགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་པའོ། །རྒྱུད་སྡེ་འབུམ་དང་སྟོང་གི་ནི། །ཞེས་པ་ནས། འོན་ཀྱང་ང་རྒྱལ་ཆེ་བ་མིན་ཞེས་པའི་བར་གྱིས་བཀའ་རྒྱུད་སྡེ་ལ་སོགས་པ་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱི་དོན་ཤེས་ཀྱང་རྩ་བ་འདི་ལ་ཐུག་པ་ཡིན་བྱ་བའི་དོན་ནོ། །རྡོ་རྗེ་འཆང་དང་ས་ར་ཧ་སྙིང་པོའི་དོན་ནི་གོ་བར་གྱིས། ཞེས་པའི་བར་གྱིས། རྡོ་རྗེ་འཆང་དང་ས་ར་ཧ་དང་བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱི་དོན་དམ་ཆོས་ཉིད་ཕྱག་རྒྱ་ཆེན་པོ་བསྡུས་པའི་ངོ་བོ་ཡིན་པས་གོ་བར་གྱིས་ཅིག །བྱ་བའི་དོན་ནོ། །བསྒོམ་ཆེན་གྲྭ་པ་བུ་སློབ་དང་། ཞེས་པ་ནས་རིམ་གྱིས་པའི་དམ་ཆོས་ཡིན་ཞེས་པའི་བར་ལ། དེ་ཡང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་བཙུན་ཤ་དང་། ཕྱག་བརྡར་དང་། འདོན་པ་བྱེད་པ་དང་། མ་ཎི་བགྲང་བ་དང་། འཇིག་རྟེན་གྱི་ནག་པ་གང་དགའ་བྱེད་པ་དེ་མ་ཟེར་བ་ཡིན་ནོ། །གཅིག་ཆར་བའི་དམ་ཆོས་ནི་ཞེས་བྱ་བ་ནི། གཅིག་ཆར་བའི་གདམ་ངག་གོ་བར་བྱེད་པའི་མགོ་ཡིན་ནོ། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ནི། ཞེས་པ་ནས། དེ་རྣམས་ཐམས་ཅད་མ་ཡིན་པ་ཞེས་པའི་བར་ནི་གོང་དུ་རྒྱས་པར་བསྟན་པའོ། །སྣང་ལ་རང་བཞིན་མེད་པ་ཞེས་པ་ནི་ནམ་མཁའ་ལྟ་བུ་དེས་འཇོག་ཏེ་གཟུང་རྒྱུ་མེད་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། འདུས་མ་བྱས་པ་དེ་ལྟ་བུ་ལ་ཟེར་བ་ཡིན་ཏེ། ཆུ་ལ་ཆུ་བཞག་ལྟ་བུ་ཡང་། དེ་ནི་རྟོག་པའི་ཡེ་ཤེས་མིན། ཞེས་པའི་དོན་ནི། འོག་ནས་རྒྱས་པར་འཆད་དོ། །རྟོགས་པའི་ཡེ་ཤེས་ཤེས་བྱ་བ་དེ། དཔེ་དོན་ཚད་མེད་ཞེས་པ། ནམ་མཁའ་ལ་དཔེ་འཇོག་ཏེ་གོང་དུ་བསྟན་ནོ། །དེ་ཡང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། ཆད་པར་ལྟ་བར་འདོད་པའི་རྒྱུ་མཚན་ནི། སྟོང་པ་རང་དངས་སུ་སོང་ཟེར་ཏེ། དེ་ཡང་མ་ཡིན་པ་དེའི་དོན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། །ཕྱག་རྒྱ་ཆེན་པོ་བསྒོམ་དུ་མེད། །བསྒོམ་དུ་ཡོད་ན་ཕྱག་ཆེན་མིན། ཞེས་བསྟན་ནོ། །གོ་ཡུལ་རྟོག་ཡུལ་ཞེས་པ་ནི། །ཉམས་ནི་རྩེ་མོ་རྟོགས་ཙམ་ཡིན། ཞེས་པ་དང་། གོང་གི་རྟོགས་པའི་ཡེ་ཤེས་མིན་པའི་དོན་སྟོན། དེ་ཡང་ཉམས་ཏིང་ངེ་འཛིན་ཆུ་བཞག་པ་ལྟ་བུ། མར་ལ་མར་བཞག་པ་ལྟ་བུ། དེ་ལྟ་བུའི་ཉམས་བྱུང་ཡང་ཉམས་ཀྱི་ཆ་ཙམ་རྩེ་མོ་ཙམ་གཅིག་སྟོན་ཡིན་པས། ང་རྒྱལ་དང་ཕྲག་དོག་ལ་སོགས་པ་མ་ཉན་ཞེས་པའོ། །རྟོགས་རྒྱུ་མེད་པའི་དོན་རྟོགས་ན། ཞེས་པ་ནས། དོན་ནི་དེ་ལྟར་ཤེས་པ་ཡིན། །ཞེས་པའི་བར་གྱིས། །སྣང་སྲིད་སྣོད་བཅུད་ཐམས་ཅད། སེམས་མཉམ་པ་ཉིད་ཀྱི་ཡེ་ཤེས། དུ་མ་རོ་གཅིག་ཏུ་ངོ་ཤེས་བྱ་བའི་འཛིན་པ་དེ་རྟོགས་དགོས། འཛིན་པ་དེ་མ་རྟོགས་ན། དུག་ལྔའི་རྒྱུ་ཡིན་པས་ཅི་ཡང་མི་བཏུབ། དེའི་ཕྱིར་ན་བསྒོམ་ཅི་ཙམ་སྐྱེས་ཀྱང་གཟུང་དང་འཛིན་པ་དང་། ང་རྒྱལ་གྱི་སེམས་མི་བྱའོ། །དེས་ཕྱག་རྒྱ་ཆེན་པོའི་དོན་བསྟན་ནོ། །དེའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་ཤོག་ཤིག །དེ་ནས་དེ་རྣམས་ཐམས་ཅད་དུ་མ་རོ་གཅིག་ཏུ་ངོ་ཤེས་ཀྱང་དུ་མ་རོ་གཅིག་ཏུ་སྣང་ལ་རང་བཞིན་མེད་པར་ངོ་མ་ཤེས་ན་དུག་ལྔར་འཁྲུལ་འགྲོ་སྟེ། འཁྲུལ་པ་དེ་ཡང་ངོ་མི་ཤེས་སྟེ། འཁྲུལ་པ་དེ་ངོ་མི་ཤེས་པ་དེ་ཤེས་པའི་ཐབས་སྟོན། སྔར་མེད་པའི་བག་ཚ་བ། ཞེ་སྡང་ཆེ་བ། ཕྲག་དོག་ཆེ་བ། ཕྱག་རྒྱ་ཆེན་པོ་འདི་ཡིན་བསམ་ནས་གཉིད་ལོག་པ་ལ་དགའ་བ། དེ་ལྟ་བུ་བྱུང་ན་དུག་ལྔར་འཁྲུལ་པ་ཡིན་པས་ངོས་ཟིན་པར་བྱས་ལ་ཚིག་པ་ཟ་མཁན་གྱི་སེམས་ལྟས་ནས་ལྷོད་ཀྱི་ཀློད་ནས་རླུང་བཟུང་། དེ་ལྟར་གཏི་མུག་དང་འདོད་ཆགས་དང་ང་རྒྱལ་དང་ཕྲག་དོག་ལ་སོགས་པ་གང་བྱུང་ཡང་དེ་ལྟར་དུ་བྱའོ། །ཕྱག་རྒྱ་ཆེན་པོའི་གེགས་སེལ་བདེན་ངོ་ཤེས་པ་འདི་འོང་བ་ཙམ་མི་འོང་། བརྒྱ་ལ་གེགས་བྱུང་ཡང་བྱུང་བ་ཁ་སྐད་མི་ཟེར། དེ་ལྟ་བྱས་པས་སེལ་ལོ། །གཞན་ལ་སྟོན་དགོས་བྱུང་ན་ཡང་མོས་གུས་དང་ལྡན་པ་དམ་ཚིག་དང་ལྡན་པ། ཚེ་ཕྱི་མ་དང་དུ་ལེན་པ། སྙིང་དང་འདྲ་བ་རེ་རེ་ལ་བསྟན་པར་བྱའོ། །ཀུན་ལ་སྤེལ་བ་དང་བཅོས་པ་ལ་སོགས་པ་བྱུང་ན། དཔལ་མ་མགོན་ལྕམ་དྲལ་གྱིས་དེའི་སྙིང་ཕྱུང་ལྕེ་ཆོད། རྟ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ལ་བཀྲ་ཤིས་གསར་མར་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །པད་མ་མཆོག་ལ་གསོལ་བ་འདེབས། །དུས་གསུམ་མཁྱེན་པས་བྱིན་གྱིས་བརློབ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །འདི་ལྟར་ཤར་བའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་མྱོང་། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །འཛིན་པ་མེད་པ་ཆོས་ཀྱིས་སྐུ། །སྣང་སྟོང་དབྱེར་མེད་ཆུ་ཟླ་འདྲ། ཟུང་འཇུག་བསྒོམ་བྱ་བསྒོམ་བྱེད་མེད། །འཛིན་བྱ་མེད་ཅིང་འདུ་ཤེས་མེད། །ཐམས་ཅད་ཆོས་དབྱིངས་ཆེན་པོར་གསལ། གཉིས་མེད་ཡེ་ཤེས་ངོ་བོ་ལ། །རྟོགས་དང་མ་རྟོགས་གང་ཡང་མེད། །སེམས་ཅན་འགྲོ་དྲུག་གང་ཡང་མེད། །ཐམས་ཅད་སྟོང་པ་ཆོས་ཀྱི་སྐུ། །འཛིན་མེད་ཆེན་པོའི་ངང་ལ་བཞག །ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྔོ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། ཀུན་ཀྱང་ཕྱག་ཆེན་རྟོགས་པར་ཤོག །བཀྲ་ཤིས་དཔལ་འབར་རྟོགས་པ་རབ་འབྱམས་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྡོ་རྗེ་འཆང་དང་སོགས་བཀའ་བརྒྱུད་རྣམས། བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱག་ཆེན་སྣང་བ་འདི་ཉིད་ནི། །གང་དུ་མ་འདྲེས་ཆོས་ཀྱི་སྐུ། །ཅི་ཡང་བསམ་བྱེད་ཐོགས་པ་མེད། གང་དུ་འཛིན་མེད་ཕྱོགས་བཅུར་རྒྱུག །གཅིག་མེད་གཉིས་མིན་གང་ཡང་མིན། ཐམས་ཅད་མིན་པའི་ངོ་བོ་ལ། དོན་དུ་མི་འགྱུར་གང་ཡང་མེད། །ཐམས་ཅད་ཆོས་དབྱིངས་ཆེན་པོ་ཡི། །རབ་འབྱམས་རྒྱལ་བའི་དགོངས་པ་དང་། །རྟོགས་ལྡན་གྲུབ་ཐོབ་ཐམས་ཅད་ཀྱིས། རྟོགས་དང་མན་ངག་ཐམས་ཅད་ཀྱང་། །རྩ་བ་གཅིག་ལས་མེད་པ་ཡིན། །ཐམས་ཅད་དེའི་ངོ་བོ་ཉིད། །རབ་འབྱམས་རྟོགས་པ་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཤཱཀྱ་ཐུབ་སོགས་སངས་རྒྱས་དང་། ཉན་ཐོས་ཆེན་པོ་བརྒྱད་ལ་སོགས། །དུས་གསུམ་དབྱེ་རུ་མེད་པ་ཡི། །ཐམས་ཅད་བྱིན་གྱིས་བརླབ་དུ་གསོལ། །ཚད་མ་པ་ཞེས་གྲགས་པ་ཡང་། །རང་གི་སེམས་ཉིད་ཆེན་པོ་དེ། །སྣང་བ་དབྱེ་རུ་མེད་པ་ཡི། །དོན་ཆེན་དེ་ཉིད་མ་ཤེས་པས། །ཐ་མལ་རིག་པ་འཁྲུལ་པ་ཡིན། །དེ་བས་ཕྱག་རྒྱ་ཆེན་པོ་ནི། །བསྒོམ་དུ་མེད་པའི་ངང་གནས་པས། །རྟོགས་དང་མ་རྟོགས་འཛིན་པ་མེད། །ཆོས་དབྱིངས་རབ་འབྱམས་ཀུན་གྱི་གཞི། །རྟོགས་པ་མཐར་ཐུག་མང་ལགས་ཀྱང་། །དོན་དུ་བསྡུས་ན་གཅིག་ལས་མེད། །སྣང་སྟོང་དབྱེར་མེད་ནམ་མཁའ་འདྲ། །འཕོ་འགྱུར་མེད་པས་ཆོས་ཀྱི་སྐུ། །རང་གི་སེམས་འདི་ཡིན་པར་གསུངས། །ཐམས་ཅད་སེམས་ལ་ཐུག་པ་ཡིན། །སྟོང་པ་རང་དངས་སུ་ཤོར་ན་ཡང་། །མི་ཉན་པ་རུ་གསུངས་པ་ཡིན། །གང་ཡིན་བྱས་ན་འདི་ཉིད་ཡིན། །དངོས་པོ་ཡང་ནི་མ་ཡིན་ཞིང་། །སྟོངས་པ་ཡང་ནི་མ་སྤེལ་ཞིང་། །གཉིས་མེད་ཡེ་ཤེས་ཆེན་པོའི་ངང་། །རྟོགས་དང་མ་རྟོགས་ཐམས་ཅད་ཀྱང་། །རང་གི་སེམས་ལ་དྲིས་ཤིང་མཛོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྫོགས་པ་གཉིས་མེད་ཡེ་ཤེས་ཆེན་པོ་ཐོབ་པར་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །འགྲོ་བའི་སྟོན་པ་ཐམས་ཅད་མཁྱེན། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དབུ་མ་པ་ཞེས་གྲགས་པ་ཡང་། །རང་རིག་དོན་གྱི་སྣང་བ་ལ། །ཆོས་ལ་ཆགས་པ་ཆེན་པོ་ཡིས། །མ་རྟོགས་རྒྱུ་ཉིད་བྱེད་པ་ཡིན། །དབུ་མ་ཆེན་པོའི་དོན་རྟོགས་ནས། །འཁོར་བར་མི་ལྟུང་སངས་རྒྱས་འཐོབ། ཕྱག་རྒྱ་ཆེན་པོ་ཐོབ་པ་ལ། གང་གིས་ཀྱང་ནི་མི་ཕན་ཏེ། །རང་བཞིན་ཉིད་ལ་འཆར་བའོ། །འོན་ཀྱང་མ་དག་སྣང་ངོ་ལ། །ཁྲིད་དང་དམ་ཆོས་ཞུ་བ་དགོས། །རིམ་གྱིས་བགྲོད་པས་སངས་རྒྱས་འབྱུང་། །འོན་ཀྱང་ཕྱག་རྒྱ་ཆེན་པོ་དེས། །རིམས་ཀྱིས་ཀྱང་ནི་མི་འབྱུང་སྟེ། །ཅིག་ཆར་རྟོགས་པའི་སེམས་ལས་འབྱུང་། །སེམས་ཉིད་ཀུན་གྱིས་གོ་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྡོ་རྗེ་འཆང་དང་ས་ར་ཧ། །ཏེ་ལོ་ན་རོ་མར་པ་དང་། །མིད་ལ་ཆོས་རྗེ་སྒམ་པོ་བ། །དུས་གསུམ་མཁྱེན་དང་འགྲོ་བའི་མགོན། །པུ་ནྱ་བཛྭ་རིན་པོ་ཆེ། །བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །འཛིན་པ་ཕྱག་རྒྱ་ཆེན་པོ་དེ། སེམས་ཅན་ཀུན་གྱི་སྤྱོད་ཡུལ་མིན། །གང་ཟག་རེ་རེ་གཉིས་གཉིས་ཀྱིས། །རྩོད་མེད་ཕྱག་རྒྱ་ཆེན་པོ་རྟོགས། །འོན་ཀྱང་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་རྒྱུ་ཉིད་ཡོད་ལགས་ཀྱང་། །འཁྲུལ་པའི་སྣང་ངོས་བསྒྲིབས་པ་ཡིན། །ཐམས་ཅད་ཀུན་ལ་འཆར་མི་འགྱུར། །དེ་ཡང་ཀྱེའི་རྡོ་རྗེ་ལས། །སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །དེ་སྐད་ཅེས་ནི་གསུངས་པའི་དོན། །ཐམས་ཅད་ཀྱིས་ནི་གོ་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྩ་བ་རང་གི་སེམས་ཉིད་དུ་འདུས་པ་སྟེ། ཆོས་ཀྱི་སྐུ་ཐམས་ཅད་ཀྱང་དོན་དུ་མི་འགྱུར་བ་གང་ཡང་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་འགྲོ་བའི་འདྲེན་པར་འགྱུར་བ་ཡིན། སེམས་ཅན་ཐམས་ཅད་ཀྱང་རྒྱུ་སངས་རྒྱས་ལས་མ་གྲུབ་པ་གཅིག་ཀྱང་མེད་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་དང་སེམས་ཉིད་ལ་མ་སྤྲུལ་པ་གང་ཡང་མེད་པའི་ཕྱིར་ཐམས་ཅད་ཀུན་ཀྱང་གཅིག་གིས་གཅིག་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ལྟ་བུའི་འདུ་ཤེས་བསྐྱེད་ན་ནི་ཡོན་ཏན་དཔག་དུ་མེད་པ་དང་ལྡན་ཞིང་། སྐྱོན་ཐམས་ཅད་ཞི་བར་འགྱུར་བ་ཡིན་པས་ན། །ཐམས་ཅད་ཀྱི་དེ་ལྟར་མཁྱེན་པར་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །ཀརྨ་པ་ལ་སྐྱབས་སུ་མཆི། །རིན་པོ་ཆེ་ཡིས་བྱིན་གྱིས་བརློབ། །མ་དག་སྣང་ངོ་དེ་ཉིད་དུ། །བཙུན་པ་བྱེད་དང་བསྒོམ་པ་དང་། །ཉན་དང་འཆད་དང་བརྩོམ་པ་ལ། ཀློག་དང་ཁ་ཏོན་བྱེད་པ་སོགས། །ཐམས་ཅད་དག་དག་བདེན་བདེན་འདྲ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ལ། །ཐམས་ཅད་འཛིན་མེད་ངང་ལ་ཞོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རང་བྱུང་ཡེ་ཤེས་གསུངས་པའི་ཆོས་ཉིད་འདི། །སེམས་ཅན་ཀུན་གྱིས་གོ་བར་མཛོད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཉིད། །གསང་བ་སྙིང་པོ་དེ་ཉིད་ལས། །མ་རྟོགས་པ་དང་ལོག་པར་རྟོགས། །དགོངས་པ་འདུལ་བ་གསར་པ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་ནི་གསུངས་པའི་དོན་འདི་ཡང་། འགྲོ་བ་རིགས་དྲུག་མུ་སྟེགས་ལ། །ཉན་རང་པ་ལ་སོགས་པ་དང་། །དེ་རྣམས་ལ་ནི་དགོངས་པ་ཡིན། །ཅིག་ཆར་རྟོགས་པའི་སྣང་ངོ་ལ། །མུ་སྟེགས་སངས་རྒྱས་གཉིས་མེད་ཅིང་། །བསྒོམ་བྱ་བསྒོམ་བྱེད་གཉིས་མེད་ཅིང་། །སྣང་བ་དག་བྱ་གཉིས་ཀྱང་མེད། །སྟོང་མེད་དངོས་པོ་ཡོད་མ་ཡིན། །ཐམས་ཅད་མེད་པའི་རང་བཞིན་ལས། ཡོད་པ་དེ་ཉིད་ཡང་དག་གནས། །སངས་རྒྱས་མུ་སྟེགས་གཉིས་ཀྱང་ཡོད། །ཐེགས་པ་ཆེ་ཆུང་གཉིས་ཀྱང་ཡོད། །དོན་དམ་ཀུན་རྫོབ་གཉིས་ཀྱང་ཡོད། །དགག་བྱ་བསྒྲུབ་པ་གཉིས་ཀྱང་ཡོད། །ཐམས་ཅད་ཡོད་པའི་ངང་ཉིད་ཡིན། །ཡོད་དང་མེད་པའི་སོ་མཚམས་ན། །དེ་ལ་ཆགས་པར་གྱུར་སྲིད་ན། །ཡོད་མིན་མེད་མིན་སྐྱེ་མཆེད་དུ། །རྒྱལ་བས་གོལ་བར་གསུངས་པ་ཡིན། །གང་ཡང་མ་ཡིན་སྟོང་པའི་ངང་། །སྣང་བ་ཐམས་ཅད་དགག་བསྒྲུབ་མེད། །ཐམས་ཅད་ཆོས་ཀྱི་ངང་ཉིད་ཡིན། །ཡིན་ཞེས་བྱ་བ་ཐ་སྙད་མེད། །ཐ་སྙད་བྱས་ཀྱང་དོན་ཉིད་ཡིན། །དོན་ཉིད་བྱས་ཀྱང་ཐ་སྙད་ཡིན། །གང་ཡང་ཡིན་པའི་སྣང་བ་ལ། ཐམས་ཅད་མིན་པའི་ངོ་བོར་ཤེས། །སྣང་བ་དགག་བསྒྲུབ་ཐམས་ཅད་ཀྱང་། །གཉིས་མེད་ཆོས་ཀྱི་སྐུ་རུ་ཤེས། །ཤེས་རྒྱུ་མེད་པའི་ངང་ཉིད་ལ། །ཐམས་ཅད་ཆོས་དབྱིངས་ཆེན་པོར་བསྔོ། །སྤྲོས་བྲལ་ཡེ་ཤེས་ངོ་བོ་ཉིད། རྟོག་པ་རབ་འབྱམས་ཁྱད་འཕགས་མཆོག །བདག་གིས་འདི་བཀོད་དགེ་བ་ཡིས། །ཐམས་ཅད་ཕྱག་ཆེན་རྟོགས་པར་ཤོག །རང་བྱུང་རྡོ་རྗེའི་གདམས་ངག་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པ་རྣམས་ལ་གདམས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སློབ་དཔོན་པད་མ་འབྱུང་གནས་སོགས། །གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །རྟོགས་ལྡན་རྣམས་ཀྱིས་བྱིན་གྱིས་བརློབས། །དུས་གསུམ་འཕོ་འགྱུར་མེད་ན་ཡང་། །རབ་འབྱམས་རྒྱལ་བའི་བཀའ་ལུང་རྣམས། །འདུལ་བ་མངོན་པ་མདོ་སྡེ་དང་། །གསང་སྔགས་ཕྱི་ནང་ཐམས་ཅད་ཀྱང་། །མངོན་དུ་བསྡུས་ན་ཕྱག་ཆེན་ཡིན། །དེ་ལྟར་ཀུན་གྱི་གོ་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །འདི་ནི་རང་བྱུང་རྡོ་རྗེས་ལུག་ལོ་ཟླ་བ་དང་པོ་ལའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །མཉམ་ཉིད་རབ་འབྱམས་རྟོགས་པ་ཡི། །ཡེ་ཤེས་ངོ་བོ་ཕྱག་ཆེན་ཉིད། རྟོགས་པ་དོན་གྱི་རྣལ་འབྱོར་པ། །རང་བྱུང་རྡོ་རྗེས་དབྱངས་ཅིག་ལེན། །ས་ར་ཧ་དང་རྡོ་རྗེ་འཆང་། །གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། །བདག་ཉིད་རྣལ་འབྱོར་འདུག་པ་འདི། །མཉམ་ཉིད་ཆོས་ཀྱི་དབྱིངས་ན་འདུག །རྣམ་དག་འོད་གསལ་ངོ་བོའི་ངང་། །མཉམ་མེད་ཡེ་ཤེས་དོན་ལ་གནས། །རྟོགས་པ་རབ་འབྱམས་མཐའ་དབུས་མེད། །བསྒོམ་བྱ་བསྒོམ་བྱེད་དབྱིངས་ལས་གྲོལ། །རང་བྱུང་ཡེ་ཤེས་ངོ་བོ་གཅིག །འགྲོ་དོན་ཤུགས་ལས་འབྱུང་བ་ཡི། །གཉིས་མེད་ཡེ་ཤེས་ཆེན་པོ་ཡོད། །དེ་ལྟར་ཀུན་གྱིས་གོ་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག རྗེ་རང་བྱུང་རྡོ་རྗེས་ལུག་ལོ་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་མཚུར་ཕུར་གསུངས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཕྱག་རྒྱ་ཆེན་པོའི་རྣམ་འབྱོར་པ། །གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །འཛིན་མེད་ཕྱག་རྒྱ་ཆེན་པོ་དེ། །རྣམ་གྲོལ་རང་གསལ་དགག་པ་མེད། །ཞི་བ་ལྷུན་གྲུབ་འདུས་མ་བྱས། །རང་རིག་སྣང་སྟོང་ཆུ་ཟླ་འདྲ །འཛིན་མེད་རང་གྲོལ་ཆེན་པོ་ཡི། །ཕྱག་རྒྱ་ཆེན་པོ་གོ་བར་གྱིས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །རང་བྱུང་རྡོ་རྗེས་ལུག་ལོ་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་བྲིས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བླ་མ་བཀའ་བརྒྱུད་ཡི་དམ་བཅས། སྐྱོབས་པ་དམ་ཆོས་དགེ་འདུན་སོགས། །ཐམས་ཅད་ཀུན་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ནི། འཁོར་བའི་གནས་ན་འཁྱམ་པ་ཡང་། །མཉམ་ཉིད་ཆེན་པོའི་ཐུགས་རྗེས་ཡིས། །མྱུར་དུ་བདེ་བའི་གནས་སུ་དྲོངས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕྱག་རྒྱ་ཆེན་པོ་སྟོན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་ཐམས་ཅད་དང་། །གྲུབ་ཐོབ་བཀའ་བརྒྱུད་ཐམས་ཅད་ཀྱིས། འགྲོ་དྲུག་ཀུན་གྱི་ལམ་སྣ་དྲོངས། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཐོས་ཤིང་བསྒོམས་པ་དང་། ཉན་ཞིང་འཆད་པ་ལ་སོགས་པ་མང་ན་ཡང་གང་དང་གང་གིས་སྐལ་པ་གྲངས་མེད་རྣམས་སུ་ཚོགས་བསགས་ནས་སྨོན་ལམ་དཔག་ཏུ་མེད་པ་བཏབ་པ་རྣམས་ཀྱིས་ནི་ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོ་མངོན་པར་འཐོབ་ཅིང་། ཚེ་འདི་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། དབང་པོ་ཡང་རབ་གཅིག་ཆར་བ་རྣམས་ནི། །འདུས་བྱས་འདུས་མ་བྱས་པ་བདེ་བ་ཆེན་པོ། རྒྱུ་འབྲས། རྒྱུ་རྐྱེན་གང་ལ་ཡང་མ་རྟེན་པར་ཕྱག་རྒྱ་ཆེན་པོའི་དོན་སྐད་ཅིག་གིས་མཐོང་ཞིང་། འགྲོ་བ་མང་པོ་ལ་དོན་བྱེད་པ་དང་། སེམས་ཅན་གྱི་དོན་གྱི་ཕྱིར། ལུས་དང་སྲོག་དང་དབང་པོ་དང་། དོན་སྙིང་ལ་སོགས་པ་ཐམས་ཅད་སྦྱིན་པར་གཏོང་ཞིང་། སྐད་ཅིག་མ་གཅིག་ཀྱང་སེམས་ཅན་གྱི་དོན་མ་རྟོགས་པ་མི་བྱེད་ཅིང་། སྙིང་རྗེ་བྱམས་པ་བྱང་ཆུབ་ཀྱི་སེམས་རྒྱུན་མ་ཆད་པར་བསྒོམ་ཞིང་དབང་པོ་ལྔ་ཡང་གཅིག་ཆར་བའི་ལྟ་བའོ། །དེ་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་དགེ་བ་བསྒྲུབ་ཅིང་སྡིག་པ་སྤོང་། སེམས་ཅན་ཐམས་ཅད་ལ་བཟོད་པ་བསྒོམ། ཚུལ་ཁྲིམས་བསྲུངས་བ་ལ་སོགས་པ་ཐམས་ཅད་ནི་ཀུན་རྫོབ་ཙམ་དུ་ནི་བདེན་པ། མཐོ་རིས་མི་དང་ལྷའི་གོ་འཕངས་ཐོབ་ཅིང་། རིམས་ཀྱིས་རྒྱུད་ནས་སངས་རྒྱས་སོ། །གཅིག་ཆར་བ་དང་རིམས་ཀྱིས་པ་ལ་སོགས་པ་ཐམས་ཅད་ཀྱི་སྣང་ངོར་ཉི་མ་གྲིབ་མ་ལྟ་བུར་འབྱུང་ཞིང་། ཡོད་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྣང་ངོར་གཅིག་ཅར་རིམས་ཀྱིས་པ་གཉིས་སུ་འབྱུང་ཞིང་། རང་གིས་རང་ངོ་མ་ཤེས་པ་འདྲ་བའི་དཔེ་བཞིན་དུ་གཅིག་ཆར་བ་དང་རིམ་གྱིས་པ་ལ་སོགས་སུ་ངོས་བཟུང་བས་སེམས་ཅན་ཁམས་གསུམ་འཁོར་བ་ན་འཁྱམ་པ་ཡིན། དེ་རྣམས་གང་དང་གང་མེད་པ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཉམས་ལ་ཤར་བའི་ལྟ་བ་འདི། །ཐམས་ཅད་ཀུན་གྱིས་མཁྱེན་མཛོད། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །རིག་དང་མ་རིག་གཉིས་དང་ནི། དོན་དམ་ཀུན་རྫོབ་གཉིས་དང་ནི། ཐམས་ཅད་ཀུན་ཀྱང་མ་ཡིན་ཞིང་། སྣང་བ་ཐམས་ཅད་དགག་སྒྲུབ་བྲལ། །འཛིན་དང་མི་འཛིན་རང་སར་གྲོལ། །གྲོལ་བས་སྟོང་ཉིད་མཉམ་པའི་ངང་། །ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུ། གསལ་དང་འཛིན་ལ་རྙོག་པ་མེད། །སྣང་སྟོང་དབྱེར་མེད་དམ་ཆོས་འདིས། སེམས་ཅན་ཀུན་གྱིས་གོ་བར་མཛོད། །ཡང་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད་འཁྲུལ་དང་མ་འཁྲུལ་པའི་སྣང་བ་ཐམས་ཅད་བདེན་མེད་དུ་ཤེས་པའི་གདམ་ངག་འདི་ཤེས་པར་མཛོད། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་གྲུབ་ལ། མངོན་སུམ་དུ་མ་གྲུབ་ཅིང་། སྣང་བ་འདི་དགག་བསྒྲུབ་ཐམས་ཅད་དང་བྲལ་བ། འཛིན་པ་མེད་པ་ངོ་བོ་མཚན་ཉིད་ཐམས་ཅད་ནི་མ་གྲུབ་ཅིང་། བདེ་བ་དང་སྡུག་བསྔལ་གང་ཡང་མ་གྲུབ་པའི་གདམས་ངག་འདི་ཀུན་གྱིས་ཤེས་པར་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ལུག་ལོ་ཟླ་བ་བཞི་པའི་ཚེས་ལྔ་ལ་མཚུར་ཕུར་སྦྱར་བའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ས་ར་ཧ་ཡིས་བྱིན་གྱིས་བརླབས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །སྣང་ངོར་སྤྲུལ་པའི་སྐུ་ཉིད་དུ། །བྱུང་ཞིང་ཀུན་གྱི་ཕྱག་ཆེན་གྱི། །དོན་ཉིད་རྟོགས་པར་བྱེད་པ་ཡིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། ཀུན་ཀྱང་རྣམ་རྟོག་བཅོམ་ནས་ནི། །ཞི་བ་ཆེན་པོ་ཡེ་ཤེས་ཀྱི། །ཏིང་འཛིན་གཅིག་ཏུ་གསན་པར་ཞུ། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །འདུས་བྱས་འདུས་མ་བྱས་པ་ཡི། །དངོས་པོ་རྣམ་རྟོག་སྟོང་པ་ཉིད། ཐམས་ཅད་མ་ཡིན་མ་གྲུབ་པ། །ཅིག་ཆར་བའི་འདོད་ལུགས་ཡིན། །ཏེ་ལོ་ཆེན་པོའི་ཞལ་སྔ་ནས། །ཞལ་ནས་དོན་ཆེན་གསུངས་པ་ཡི། །ངོ་བོའི་མཚན་ཉིད་འདི་ལྟར་གསུངས། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། དཔེར་ན་ནམ་མཁའ་གང་ལ་གང་གིས་བསྟེན། །དེ་བཞིན་རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་ལ་གློད་ལ་ཞོག །ཅེས་གསུངས་པ་དང་། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མཐོང་བས་སྒྲིབས། །ཞེས་གསུངས་པ་ལ་སོགས་པ་ཡང་དོན་འདི་ལ་དགོངས་པའོ། །ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མཚན་ཉིད་འགགས་པ་མེད་པ་དང་། ངོ་བོ་ཀུན་ལ་ཁྱབ་པ་སྟེ། བདེན་དང་རྫུན་པ་གང་མེད་པ། །གཉིས་མེད་རྣམ་གྲོལ་ཆོས་ཀྱི་སྐུ། འགག་མེད་འཛིན་མེད་ངང་ལ་ཞོག །ཐམས་ཅད་རིག་པ་སྟོང་གསལ་དུ། རྟོགས་པར་གྱིས་ཅིག་སེམས་ཅན་རྣམས། །དེ་ཡང་སེམས་ཉིད་འོད་གསལ་བ་ཞེས་བྱ་བ་འདི། ཀུན་རྫོབ་དོན་དམ་མ་གྲུབ་ཅིང་། སྣང་བ་ཐམས་ཅད་མ་གྲུབ་པ། སེམས་ཉིད་གཅིག་པུའི་ངང་ལ་ཞོག །དེ་ཡང་རྗེ་བཙུན་ན་རོ་པའི། ཞལ་ནས་གདམ་ངག་འདི་སྐད་གསུངས། །སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་གི་སེམས་ལས་གུད་ན་མེད། །ཞེས་གསུངས་པ་དང་། གཞན་ཡང་ཕྱག་ན་རྡོ་རྗེའི། །གསང་རྒྱུད་ལེའུ་བཅུ་པ་ནས། འདི་སྐད་གསུངས་ཞིང་འདི་སྐད་དུ། །སེམས་ཉིད་རིག་པ་སྟོང་གསལ་དུ། རྟོགས་ན་རྡོ་རྗེ་གཏུམ་པོ་འགྲུབ། །ཞེས་ཀྱང་གསུངས་པ་ཡིན་པའོ། །དེ་ལྟར་དུའང་མ་རྟོགས་ན། སེམས་ཉིད་རང་བཞིན་སྣང་བ་འདི། བློ་ཡིས་བཅོས་སུ་མི་འདོད་དེ། རང་གི་སེམས་ཉིད་རྟོགས་ལས་བྱུང་། དེ་ཡང་བྲམ་ཟེ་ཆེན་པོ་ཡི། ཞལ་ནས་སྙན་རྒྱུད་འདི་སྐད་གསུངས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། འདོད་པའི་འབྲས་བུ་ཐམས་ཅད་སྟེར་མཛད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་། གཞན་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས། འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས་ཡིན་ཏེ། རྟོགས་ནས་བསྒོམ་དུ་མེད་པས་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་དུ་འཚོལ་བ་ཨ་རེ་འཁྲུལ། འདི་ཡིན་འདི་མིན་མེད་དེ་ཐམས་ཅད་གཉུག་མའི་ངང་། ཞེས་གསུངས་སོ། །དེའི་དོན་གྱིས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་རྩ་བ་རང་གི་སེམས་ལ་རག་ལས་པ་ཡིན་ནོ། །ཡང་དེ་ལྟར་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡང་། འཁོར་བ་སྣང་སེམས་རྒྱུ་འབྲས་དང་། ལམ་དང་འབྲས་བུ་གཞི་སོགས་རྣམས། །ཐམས་ཅད་མ་གྲུབ་གྲུབ་པ་རྣམས། །སངས་རྒྱས་དང་ནི་སེམས་ཅན་དང་། །འཁོར་བ་མྱང་ངན་འདས་པ་རྣམས། །སེམས་ཀྱི་བྱེ་བྲག་ཡིན་པར་གསུངས། །སེམས་ཉིད་སངས་རྒྱས་ཡིན་པ་སྟེ། སེམས་ཉིད་ཉིད་ཀྱང་སེམས་ལས་བྱུང་། །སངས་རྒྱས་ཉིད་ཀྱང་སེམས་ལས་བྱུང་། །དེ་ཡང་དགྱེས་པ་རྡོ་རྗེ་ལས། །སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཞེས་ནི་གསུངས་པའི་དོན་ཉིད་དོ། །གོ་བར་གྱིས་ཞིག་སེམས་ཅན་རྣམས། །ཡང་ནི་སེམས་ཅན་ཀུན་ཉིད་ལ། །འཁྲུལ་པ་དུག་ལྔ་ཡོད་པ་ཡིན། །དེ་ཕྱིར་སེམས་ཀྱང་ཡོད་པ་ཡིན། །དེ་དང་ཕྱག་རྒྱ་ཆེན་པོ་ཉིད། །དུས་མཚུངས་ཡིན་པར་རྒྱལ་བས་གསུངས། །དེ་ཕྱིར་སེམས་ཅན་ཐམས་ཅད་ཉིད། །རང་གི་སྔོན་གྱི་ལས་འཕྲོ་དང་། བླ་མ་ཉིད་ཀྱི་ལུང་བསྟན་དང་། སངས་རྒྱས་རྣམས་ཀྱི་དམ་ཆོས་ཀྱིས། །འབྲེལ་ནས་སངས་རྒྱས་ཐོབ་པར་བཤད། །རིམས་ཀྱིས་པ་ཡི་བཞེད་ལུགས་ཡིན། དེ་ལྟར་སེམས་ཅན་ཐམས་ཅད་ཀྱང་། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །གཉིས་ཉིད་དུས་མཚུངས་བསགས་ནས་ཀྱང་། །ཀུན་ཀྱང་རིམ་གྱིས་སངས་རྒྱས་ཤོག བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ལུག་ལོ་ཟླ་བ་བཞི་པའི་ཚེས་བཅུ་ལའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། མཚུར་ཕུ་དགོན་པ་འདི་ཉིད་མེ་ཏོག་བཞིན་དུ་མཛེས། །མེ་ཏོག་ནང་ན་ལྷ་ཚོགས་རྣམས་ནི་རྨ་བྱའི་མདོངས་བཞིན་མཛེས། །མཛེས་པའི་ནང་ནས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཤཱཀྱ་ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། །མ་ཎི་འབྲུག་སྒྲ་བསྒྲོགས་ཕྱིར་བཀྲ་ཤིས་བྱེད། །དགོན་པ་རྣམས་ཀྱི་མགོ་ནི་མཚུར་ཕུ་ཡིན། །ཆུ་མིག་བརྒྱ་རྩའི་མགོ་བཞིན་མཛེས་པ་ཡིན། །ཤཱཀྱ་ཐུབ་པའི་གསུང་ལ་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་འགྲོ་དོན་བྱེད་པའི་དཔལ། སངས་རྒྱས་ཀུན་གྱི་གཙོ་བོར་གྱུར་པ་ཡིན། །ཤཱཀྱ་ཐུབ་པའི་ཐུགས་ལ་ཕྱག་འཚལ་ལོ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་དུ་གསོལ། བཀྲ་ཤིས་དཔལ་འབར་རབ་འབར་མི་ནུབ་རྒྱལ་མཚན་བཞིན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། མཉམ་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས། བདག་གཞན་དགོས་འདོད་འབྱུང་བ་ཡི། །མཉམ་མེད་བླ་མེད་སྤྲོས་པ་ཡི། །མཐའ་བྲལ་གཉུག་མ་དོན་གྱི་ངང་། སྟོང་ཉིད་གསལ་བ་ནམ་མཁའི་དབྱིངས། །དགག་བྱ་དགག་བྱེད་བྲལ་བ་ཡི། །རང་བྱུང་ཡེ་ཤེས་མངོན་དུ་གྱུར། །མཐའ་བྲལ་ཆོས་སྐུའི་ངང་ཉིད་ལས། །བསྒོམ་བྱ་བསྒོམ་བྱེད་མེད་པ་ཡི། །རྟོགས་པ་རབ་འབྱམས་མཐའ་ཡས་པ། །འཁོར་བའི་བློ་ཡི་ཁྱད་པར་ལས། །མ་བྱུང་ཡེ་ནས་རྫོགས་པ་ཡི། །རབ་འབྱམས་ངོ་བོ་ཕྱག་ཆེན་ཉིད། །མ་རྟོགས་ཡང་དག་རྟོགས་པའི་ངང་། དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ནས། །མ་བྱུང་རང་བྱུང་ཡེ་ཤེས་རྫོགས། །ཀུན་གཞི་འཁོར་བར་སྒྲིབ་མི་ནུས། །མ་རིག་ལོག་པའི་ཕུང་པོ་འཇོམས། །ཡེ་ཤེས་དོན་གྱི་རྣལ་འབྱོར་གྱིས། །མ་རིག་འཁྲུལ་པ་འཇོམས་པ་ཡི། །རང་བཞིན་ཡེ་ཤེས་ནམ་མཁའི་དབྱིངས། །རྟོགས་པ་རབ་འབྱམས་མཐའ་ཡས་པ། །རང་བྱུང་ཡེ་ཤེས་ཐུགས་ལ་གསལ། །འགྲོ་བའི་དོན་ལ་སྒྲིབ་པ་མེད། །བླ་མེད་སྙིང་པོ་དམ་པའི་མཆོག འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་ཡེ་ཤེས་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། སྤྲོས་དང་བྲལ་བའི་མཐའ་ཉིད་ནི། །མ་རྟོགས་རྒྱུ་དང་རྟོགས་པའི་རྒྱུ། །སེམས་ཅན་དངོས་པོ་མ་ཡིན་པ། །གང་ཡང་མཐའ་བྲལ་ཡོད་པ་མིན། །དེ་ལྟར་ཀུན་གྱིས་གོ་བར་མཛོད། །མཐའ་བྲལ་ཆོས་སྐུའི་ངང་ཉིད་ལས། བརྩོན་འགྲུས་དཀར་པོའི་ས་བོན་རྣམས། །རིམ་གྱིས་བསགས་ནས་ཆེན་པོར་སྤེལ། དེ་བཞིན་ནག་པོའི་ས་བོན་རྣམས། །ཇི་ལྟར་བྱ་སྒྲོ་མེ་སྲེགས་བཞིན། ཇེ་ཆུང་ཇེ་ཆུང་ཉམས་པར་གྱིས། །གཉིས་མེད་མཐའ་དང་བྲལ་བ་ཡི། །ཕྱག་རྒྱ་ཆེན་པོ་རྟོགས་པར་གྱིས། །མཐའ་དབུས་མེད་པའི་ངང་ལ་ཞོག །དེ་ལྟར་ཀུན་གྱིས་གོ་བར་མཛོད། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེ་ལ། བསྒོམ་ཆེན་གྲགས་པ་རིན་ཆེན་གྱིས་ལྟ་བ་ཡང་དག་པ་དེ་ཇི་ལགས་ཅེས་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། ལྟ་བ་ཞེས་བྱ་བ་ངོ་བོ་ལ་མུ་དང་མཐའ་དང་རྟག་པ་དང་ཆད་པ་དང་། གཟུང་བ་དང་འཛིན་པའི་ཡུལ་མེད་པར་གསུངས་པ་ཡིན་ཏེ། དེ་ཡང་ཏེ་ལོ་པའི་ཞལ་ནས། མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །ཞེས་གསུངས་པས་ན། དེ་ལྟ་བུ་ལ་དཔེ་ཙམ་དུ་འཇོག་པ་ཡིན་ཏེ། དེ་ཡང་ཡང་དག་པའི་ལྟ་བ་དེ་ཉིད་ནི་ལྟ་བ་དང་ལྟ་བྱེད་ལ་སོགས་པ་གང་ཡང་ཡོད་པ་མ་ཡིན་ཏེ། རྗེ་བཙུན་མི་ལའི་ཞལ་ནས། ལྟ་བ་ལྟ་བྱའི་ཡུལ་དང་བྲལ། ལྟ་རྒྱུ་བྱུང་ན་གོལ་བ་ཡིན། ཞེས་གསུངས་པའི་ཕྱིར་ན། ལྟ་བ་ཞེས་བྱ་བ་མིང་ཙམ་མ་རྟོགས་པ་དོན་ལ་ལྟ་བ་ཞེས་བྱ་བ་ཡོད་པ་མ་གསུང་ཡང་ཞུས་པ། མཉམ་པར་བཞག་པ་དང་མ་བཞག་པ་ལ་ཁྱད་པར་ཡོད་དམ་མེད། ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། རྟོགས་པ་དེ་མཐར་ཕྱིན་པའི་དུས་སུ། དྲན་པས་ཡང་ཡང་ཟིན་དགོས་པ་ཡིན་ཏེ། དེ་ཡང་དྭགས་པོ་ལྷ་རྗེའི་ཞལ་ནས། མ་ཡེངས་རྒྱུན་གྱི་དྲན་པ་དེ། དུས་གསུམ་སངས་རྒྱས་གཞུང་ལམ་ཡིན། ཞེས་གསུངས། རྟོགས་པ་དེ་མཐར་ཕྱིན་ན་གཅིག་ཤེས་པ་ཀུན་གྲོལ་བ་ཡིན་ཏེ། དེ་ཡང་རིན་པོ་ཆེའི་ཞལ་ནས། གཅིག་ཤེས་ཀུན་གྲོལ་མཁྱེན་པ་ཡོད། ཅེས་གསུངས་སོ། །ཡང་རྟོགས་པ་དེ་ཉིད་མཐར་ཕྱིན་པའི་དུས་སུ། དྲན་པ་དེ་ཡེ་ཤེས་ཡིན་ནམ་མིན་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། སེམས་ཉིད་དེ་རྟོགས་པའི་དུས་སུ་རྣམ་རྟོག་གང་བྱུང་ཡང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་པས་བཀག་མི་དགོས་ཤིང་། བཀག་པས་ཀྱང་མི་ཁེགས་ཏེ། ཁེགས་ན་སེམས་ཉིད་རྒྱུན་ཆགས་སུ་འགྱུར་ཞིང་། རྟག་པར་ལྟ་བའི་སར་གོལ་བའི་སྐྱོན་ཡོད། དེ་ཡང་ཏེ་ལོ་པའི་ཞལ་ནས། བློའི་ཆོས་ཀྱིས་བློ་འདས་དོན་མ་མཐོང་། བྱས་པའི་ཆོས་ཀྱིས་བྱར་མེད་དོན་མ་རྟོགས། །ཞེས་བྱ་བ་དང་འགལ་བའི་སྐྱོན་ཡོད་གསུང་རྣམ་རྟོག་དེ་ཉིད་བཀག་ན་བྱས་པའི་ཆོས་ཡིན་ཞིང་། མ་བཀག་ན་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ཡིན། དེ་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས། འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས་ཡིན་ཏེ། རྟོགས་ན་བསྒོམ་དུ་མེད་པས་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་དུ་འཚོལ་བ་ཨ་རེ་འཁྲུལ། འདི་ཡིན་འདི་མིན་མེད་དོ་གཉུག་མའི་ངང་། ཞེས་གསུངས་སོ། །ཡང་ཏེ་ལོ་པའི་ཞལ་ནས། ནམ་མཁའི་དཀྱིལ་ལྟས་མཐོང་བ་འགག་པར་འགྱུར། དེ་བཞིན་རང་གི་སེམས་ལ་ལྟ་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། ཞེས་གསུངས་པས་རྟོག་པ་བཀག་པས་ཁེགས་ཞེས་བྱ་བ་དང་། བཀག་དགོས་ཞེས་བྱ་བ་མ་གསུངས་པ་ཡིན་པས་ན། བསྒོམ་ཆེན་པ་ཀུན་གྱིས་གོ་བར་མཛོད་གསུང་། ཡང་སྤྱོད་པ་ཞེས་བྱ་བའི་དོན་ཅི་ལགས་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱོད་པ་ཞེས་བྱ་བ་གཉིས་ཡིན། དོན་དམ་པའི་སྤྱོད་པ་དང་། ཀུན་རྫོབ་ཀྱི་སྤྱོད་པ་དང་། དེ་ལ་ཀུན་རྫོབ་གྱིས་སྤྱོད་པ་ནི། བྱ་བ་དང་། བྱ་བའི་ཡུལ་དང་། བྱེད་པ་པོ་དང་། རྩོལ་བ་དང་། བསྒྲུབ་པ་དང་། དེ་རྣམས་གང་ཡང་མི་བྱེད་ཅིང་། ཉམས་ལ་ཤར་བ་དེ་ཉིད་མི་འགོག་པ་དེ་ཉིད་སྤྱོད་པ་ཡིན་པར་གསུངས་ཏེ། དེ་ཡང་ཏེ་ལོ་པའི་ཞལ་ནས། བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། གསུང་། དོན་དམ་པའི་སྤྱོད་པ་ནི་སེམས་ཉིད་རྣལ་མའི་དོན་དེ་ཉིད་ཀྱི་ངང་ལ་སྤྱོད་པ་ཞེས་བྱ་བ་ཡིན་གསུངས། ཡང་འབྲས་བུ་ཡང་དག་པ་བྱ་བ་ཅི་ལ་ཟེར་བ་ལགས་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། འབྲས་བུ་ཞེས་བྱ་བ་འདི། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་གསུམ་ཀའི་མཐའ་དང་བྲལ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རེ་བ་དང་དོགས་པ་གང་ཡང་མེད་པའི་འབྲས་བུའི་མཆོག་ཡིན་ཏེ། དེ་ཡང་ཏེ་ལོ་པའི་ཞལ་ནས། རེ་དོགས་མེད་ན་འབྲས་བུ་མངོན་དུ་གྱུར། ཞེས་གསུངས་སོ། །དེ་ལྟར་འབྲས་བུ་རིམས་ཀྱིས་བསླབ་དགོས་ཏེ། དེ་ཡང་ཏེ་ལོ་པའི་ཞལ་ནས། ལས་ནི་དང་པོ་ཅོང་རོང་ཆུ་དང་འདྲ། བར་དུ་ཆུ་བོ་གང་ག་དལ་གྱི་གཡོ། ཐ་མ་ཆུ་རྣམས་མ་བུ་ཕྲད་པ་འདྲ། །ཞེས་པ་དང་མཚུངས་པ་བཞིན་དུ། དང་པོ་མ་བསློབས་ན་འབྲས་བུ་མི་འབྱུང་། རིམ་གྱིས་བསློབ་པའི་ཐབས་ཇི་ལྟར་དུ་སློབ་ན། ཐེག་པ་ཆུ་ངུ་ནས་ཆེན་པོའི་བར་དུ་རིམ་གྱིས་སློབ་དགོས་ཏེ། དེ་ཡང་ཐེག་པ་ཆེན་པོ་དེ་མངོན་དུ་གྱུར་ན་འབྲས་བུ་མངོན་དུ་གྱུར་པའོ། །ཞེས་གསུངས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དང་ཐ་དད་མེད་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྩ་བ་རང་གི་སེམས་སུ་འདུས་པར་གསུངས་ཏེ། དེ་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་མཛད་པ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡང་རྩ་བ་རང་གི་སེམས་སུ་འདུས་པ་སྟེ། འཁོར་བ་ཡང་སེམས་ལས་བྱུང་ཞིང་མྱ་ངན་ལས་འདས་པ་ཡང་སེམས་ལ་བྱུང་བའི་དོན་ནོ། །དེ་ལྟར་ཡང་སེམས་ཉིད་ཅེས་བྱ་བ་ཡང་། སྟོང་ཞིང་འོད་གསལ་བ། འདུས་མ་བྱས་པ། ལྷུན་གྱིས་གྲུབ་པ་སྟེ། སྐུ་གསུམ་སྐུ་བཞི་སྐུ་ལྔ་དེ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་ལྟ་བུའི་དོན་དེ་ཉིད་རྟོགས་ན་སངས་རྒྱས། །མ་རྟོགས་ན་འགྲོ་བ་རིགས་དྲུག་སྟེ། རྟོགས་མ་རྟོགས་གཉིས་ཀྱི་སོ་འཚམས་ན། ཉི་མ་དང་གྲི་མའི་སོ་འཚམས་ལག་པའི་ལྟོ་རྒྱབ་ཙམ་ཡང་མེད་པ་ཡིན་ཏེ། དེ་སེམས་ཅན་རྣམས་ཀྱིས་མ་རྟོགས་ཤིང་འཁོར་བར་འཁྱམས་པ་ཡིན་ནོ། །རྟོགས་པར་བྱེད་པའི་ཐབས་ལ་ནི་བླ་མ་བྱིན་བརླབ་དང་ལྡན་པ་དང་རང་གི་དད་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །དབང་པོ་ཡང་རབ་གཅིག་ཆར་བའི་ལུགས་ཀྱིས་རྒྱུ་རྐྱེན་རྒྱུ་འབྲས་གང་ལ་ཡང་མ་རྟེན་པར་སྐད་ཅིག་ཙམ་གྱི་རྟོགས་པའོ། །རང་ཉིད་ཀྱིས་དེ་ལྟར་རྟོགས་ཀྱང་སེམས་ཅན་གདུལ་བྱ་མཐའ་དག་གི་སྣང་ངོར་གང་ལ་གང་འདུལ་གྱི་ཚུལ་གྱིས་འགྲོ་བའི་དོན་བྱེད་དགོས་པ་ཡིན་ཏེ། དེ་ལྟ་བུ་འབྱུང་བ་ལ་བསྒོམ་དགོས་པ་ཡིན་པས། གདུལ་བྱ་ཐམས་ཅད་ཀྱིས་བསྒོམས་ཤིང་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་ཞོག་དང་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་ཞིང་། མཐོང་ཐོས་དྲན་རེག་ཐམས་ཅད་འཁོར་བ་ལས་སྒྲོལ་ནུས་པ་ཡིན་པའི་ཕྱིར་ན་ཀུན་གྱི་ཕྱག་རྒྱ་ཆེ ན་པོ་བསྒོམས་ཤིང་། ཐམས་ཅད་ལ་སྟོན་ཅིག་ཤོད་ཅིག མཚུར་ཕུར་ལུག་ལོ་ལ་བཀོད་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་འགྲོ་དོན་མཛད། །བླ་མེད་བྱང་ཆུབ་ཐོབ་མཛད་ཐུགས་རྗེ་ཅན་ལ་བསྟོད། འཁོར་བ་དང་མྱང་ངན་ལས་འདས་པའི་ཆོས་ངོ་བོ་གདོད་མ་ནས་མ་གྲུབ་པ། མཚན་ཉིད་འགགས་པ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། དབྱིངས་ཀུན་ལ་ཁྱབ་བོ། །རང་སེམས་ཐུགས་རྗེ་ཆེན་པོ་དང་ཐ་དད་མེད་པ་སྟེ། དེའི་ཕྱིར་ན་ཀུན་གྱིས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། མོས་གུས་གྱིས་ཅིག དེ་ལྟར་བྱས་ན་དམྱལ་བར་མི་ལྟུང་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་ཞིང་སངས་རྒྱས་ཐོབ་པར་འགྱུར་བའོ། །དེའི་ཕྱིར་ན་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་བསྒོམས་ཤིག །མ་ཎི་པདྨེ་བགྲོངས་ཤིག །དེ་ལྟར་ཀུན་གྱིས་ཉམས་སུ་ལོང་ཤིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སྤྱིར་ཆོས་ཐམས་ཅད་ནི་སོ་སོ་མ་ཡིན་ཞིང་གཅིག་ཡིན་པའི་ཕྱིར་ན། གང་ཟག་སོ་སོའི་སེམས་རྒྱུད་ལ་རྟོགས་ཚུལ་གྱིས་སྣང་བ་མང་པོ་ཐ་དད་དུ་བྱུང་བ་སྟེ། དེ་ལྟར་ཡིན་ཀྱང་ཆོས་ལ་འཇུག་པའི་ཚུལ་ནི་ཐེག་པ་ཆུང་ངུ་ནས་རིམ་གྱིས་འཇུག་དགོས་པ་ཡིན། ཉམས་སུ་ལེན་པ་ནི་རང་གི་རྩ་བའི་བླ་མས་གསུངས་པ་དང་། ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་དགོས་པ་ཡིན། ཐམས་ཅད་ཀྱི་འབྲས་བུ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་སེམས་ཉིད་འོད་གསལ་བ་དེ་ལ་འདུས་པ་ཡིན། ཆོས་བྱེད་པའི་སྐལ་བ་སེམས་ཅན་ཀུན་ལ་ཡོད་པར་གསུངས་ཏེ། དེ་ཡང་རྒྱུད་ཀྱི་ནང་ནས། སེམས་ཡོད་པས་ནི་དེ་རྟོགས་ཤིང་། །སེམས་མེད་པས་ནི་དེ་མི་རྟོགས། ཞེས་གསུངས་པའི་ཕྱིར་ན་སེམས་ཡོད་ཚད་ལུས་ཡོད་ཚད། སྣ་ཁུང་ནས་དབུགས་རྒྱུ་ཚད། ཉོན་མོངས་པ་དུག་ལྔ་ཡོད་ཚད་ཀྱིས་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ཉིད་རྟོགས་པ་ཡིན་པས་ན། དེ་ལྟར་དུ་ཤེས་པར་གྱིས་ཤིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་རྣམས་མ་ལུས་མཐར་ཕྱིན་ཅིང་། སྙིགས་མའི་དུས་སུ་འགྲོ་བའི་མགོན། ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །དགོངས་པའི་མཐར་ཐུག་ཕྱག་རྒྱ་ཆེ། །སྙིང་པོ་དོན་གྱི་སེམས་ཉིད་དེ། མ་རྟོགས་རྒྱུ་དང་རྟོགས་པའི་རྒྱུ། །ཐམས་ཅད་བྱེད་ཅིང་འཁོར་བ་ཡི། གནས་དང་དེ་བཞིན་བདེན་པའི་གནས། །ཐམས་ཅད་ཀུན་ཀྱང་སེམས་ཉིད་དེ། །སེམས་ཉིད་དེ་ཉིད་ནམ་མཁའི་དབྱིངས། །སྟོང་གསལ་འོད་གསལ་མཐའ་དབུས་མེད། །སྤྲོས་དང་བྲལ་བ་ཕྱག་རྒྱ་ཆེ། སྙིང་པོ་དོན་གྱི་ཕྱག་རྒྱ་ཆེ། །འགྲོ་བ་ཀུན་གྱི་སེམས་ཉིད་ལ། །དེ་ཉིད་ཡེ་ནས་གནས་མོད་ཀྱང་། །འཕྲལ་སྣང་རྐྱེན་གྱི་བག་ཆགས་ཀྱིས། །སྒྲིབས་ཤིང་མ་རྟོགས་རྒྱུ་ཉིད་བྱེད། །དེའང་ཀྱེའི་རྡོ་རྗེ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཏེ། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །སྟོན་པ་ཉིད་ཀྱིས་དེ་སྐད་གསུངས། །འཁོར་དང་མྱ་ངན་འདས་པ་ཡི། །དོན་རྣམས་མ་ལུས་ཐམས་ཅད་ཀྱང་། རྩ་བ་རང་གི་སེམས་ཉིད་དེ། །འཁོར་འདས་གཉིས་མེད་ཕྱག་ཆེན་ཉིད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་དེ་ཉིད་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སྤྲེའུ་ཡི་ལོ་ལ་མཚུར་ཕུར་གསུངས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད་ནི་འཁྲུལ་ཞིང་རང་གི་སེམས་ཉིད་ངོ་མ་ཤེས་ཤིང་། བདེ་བ་དང་སྡུག་བསྔལ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བྱུང་ཞིང་འཁྲུལ་པ་ཡིན་ཀྱང་དེ་ལས་གྲོལ་བར་བྱེད་པའི་ཐབས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་ཤིང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྩ་བ་སྟོང་པ་ཉིད་དུ་གཏན་ལ་ཕབ་ཏེ། ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་ཞོག་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་དང་། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཉིད་ལ་གསོལ་བ་ཐོབ་ཅིག །མོས་གུས་གྱིས་དང་། བྱིན་བརླབས་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། འོག་མིན་གྱི་གནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།མཚུར་ཕུར་གསུངས། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ལ་སྐྱབས་སུ་མཆི། ས་ར་ཧ་ཡིས་བྱིན་གྱིས་བརློབས། སྔགས་འཆང་རང་བྱུང་རྡོ་རྗེ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀྱང་། དེ་ཉིད་ཡེ་ཤེས་མཐར་ཕྱིན་ཅིང་། རྟོགས་པའི་ཡེ་ཤེས་མངོན་དུ་གྱུར། །བསྒོམ་བྱ་བསྒོམ་བྱེད་མེད་པ་ཡི། །རང་བྱུང་ཡེ་ཤེས་མཐར་ཕྱིན་ཅིང་། །བདེ་ཆེན་ནམ་མཁའི་ངོ་བོ་ཉིད། །མཐའ་བྲལ་ཆོས་སྐུའི་ནམ་མཁའི་དབྱིངས། །ཟག་པ་མེད་པ་སྤྲོས་དང་བྲལ། །བདེ་ཆེན་ཡེ་ཤེས་མཐའ་དབུས་མེད། །ནམ་མཁའ་ལྟ་བུར་སྤྲོས་དང་བྲལ། །འཁོར་དང་མྱ་ངན་འདས་མེད་ཅིང་། སངས་རྒྱས་སེམས་ཅན་གཉིས་མེད་དེ། འགྲོ་དྲུག་བར་དོ་ཀུན་ཀྱང་མེད། །འཁོར་དང་མྱ་ངན་འདས་པ་ཡི། །དམ་ཆོས་མ་ལུས་ཐམས་ཅད་ཀུན། །རྩ་བ་རང་གི་སེམས་ཉིད་དེ། །ཐམས་ཅད་ཕྱག་རྒྱ་ཆེན་པོའི་ངང་། །ཡིན་པར་ཀུན་གྱིས་མཁྱེན་པར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མཚུར་ཕུར་གསུངས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པ་གང་དུ་ཡང་མི་འཕྲོ་བ་དེ་ཞི་གནས་ཀྱང་ཡིན་ལ། ཉམས་ཀྱི་ཆ་ཡང་ཡིན། དེ་རྒྱུན་དུ་གནས་ན་ཕྱི་སྣང་བའི་ཡུལ་གྱི་རྣམ་རྟོག་མཚོན་བྱ་མཚོན་བྱེད་གང་ལ་ཡང་ཆགས་པ་དང་ཞེན་པའི་རྣམ་པར་རྟོག་པ་མེད་ཅིང་། རྒྱ་མཚོ་གཏིང་གི་ཆུ་ལྟ་བུར་མི་གཡོ་བ་དེ་ཉམས་ཡིན་པས་དེ་ལ་སྦྱངས་ཤིང་མཐར་ཕྱིན་ན་ལྷག་མཐོང་འབྱུང་བ་ཡིན། །དང་པོ་བར་སྐབས་སུ་གནས་པ་ལ་ཆགས་པ་དང་། ཞེན་པ་གང་ཡང་མི་བྱ། ཆགས་ཞེན་བྱས་ན་འགག་པའི་རྒྱུ་ཡིན། དེའི་ཕྱིར་ན་ན་ཚ་ལ་སོགས་པ་གང་བྱུང་ཡང་། ན་ཚར་འཛིན་པ་དེ་ལ་ལྟས་ནས་མཉམ་པར་བཞག་པས་རང་གྲོལ་ལ་འགྲོ་བ་ཡིན། དེ་ལྟར་དུ་ཤེས་པར་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག མཚུར་ཕུར་གསུངས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྣམ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཀུན་བྱེད་རྒྱལ་པོ་དེ་ཉིད་ནི། །འདི་ལྟར་བུ་རུ་གདམས་པའོ། །སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་བློ་བུར་དྲི་མས་སྒྲིབས། དེ་བསལ་ནས་ནི་ཀུན་གྱི་དཔལ། །ཨེ་མ་ངོ་མཚར་མི་ཆེའམ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །འདི་ལྟའི་དོན་འདི་མ་རྟོགས་པར། །མཁས་པར་འདོད་པ་ཨ་རེ་མཚར། །འདི་འདྲའི་དོན་ཞིག་རྟོགས་པར་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མཚུར་ཕུར་གསུངས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །གདུལ་བྱར་གྱུར་པའི་བུ་སློབ་རྣམས་ལ་གདམས་པ། །རྒྱ་གར་དང་འཛམ་བུའི་གླིང་ཐམས་ཅད་ན་གྲུབ་ཆེན་གནས་ཐམས་ཅད་དང་། དཔལ་འཁོར་ལོ་སྡོམ་པ་ནས་གསུངས་པའི་གནས་ཉི་ཤུ་རྩ་བཞི་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཡིན་པ་སྟེ། དེ་ཡང་གསང་བ་རིན་པོ་ཆེ་བདུད་རྩིའི་བུམ་པའི་རྒྱུད་ལས། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀྱི་གཙོ་བོ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བཞེད་པའི་ས། གནས་བརྒྱད་དུར་ཁྲོད་ཆེན་པོ་རྔམ་པའི་མགོ །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀྱང་སྟེར་ཞིང་མཁའ་འགྲོས་བྱིན་བརླབས་པའི་ས། ཞེས་གསུངས་པའི་ཕྱིར་ན་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོར་ཞག་གཅིག་ཕྱག་རྒྱ་ཆེན་པོ་བསྒོམས་པ་དང་། གཞན་དག་ཏུ་ལོ་གཅིག་བསྒོམས་པ་གཉིས་ཀྱང་ཙ་རི་ཏྲར་ཞག་གཅིག་བསྒོམས་པ་ཡོན་ཏན་ཆེ་བ་ཡིན་པའི་ཕྱིར། འགྲོ་འདོད་པ་ཐམས་ཅད་ཙ་རིར་སོང་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་ནས་སེམས་ཅན་གྱི་དོན་འབྱུང་ཞིང་མཁའ་འགྲོ་དང་ཆོས་སྐྱོང་ཐམས་ཅད་ཀྱིས་སྡོང་གྲོགས་བྱེད་པ་ཡིན་པའི་ཕྱིར་ན། ཙ་རིར་ཕྱིན་པ་ཐམས་ཅད་ཀྱིས་ཀྱང་། ཐ་མར་གྱུར་ནའང་ལོ་དྲུག་དང་བདུན་ལ་སོགས་པ་བསྒོམ་ཞིང་རླུང་སེམས་ཀྱི་འཁོར་ལོ་བསྐོར་ཞིང་མོས་གུས་བསམ་གྱིས་མི་ཁྱབ་པ་གྱིས་ཤིག་དང་། ཡོན་ཏན་དང་རྟོགས་པ་བྲམ་ཟེ་ཆེན་པོ་དང་མཉམ་པར་འགྲོ་བ་རྣམས་ཀྱི་དཔལ་མགོན་དང་བསོད་ནམས་བསགས་པའི་ཞིང་དམ་པར་འགྱུར་བ་སྟེ། དེའི་ཕྱིར་ན་ཙ་རི་ཏྲ་ཡེ་ཤེས་འཁོར་ལོར་འགྲོ་འདོད་པ་ཐམས་ཅད་དེར་སོང་ཞིང་བསྒོམས་དང་ཙ་རིའི་ཕྱོགས་སུ་བསྒོམ་པ་ལ་སེམས་ནས་གོམས་པ་བདུན་བོར་ནས་ཤི་བར་གྱུར་ནའང་ངན་སོང་དུ་མི་ལྷུང་ཞིང་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མཚུར་ཕུར་གསུངས། ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོང་པའི་རང་བཞིན་ཅན་རྣམས་ལ་བྱིན་གྱིས་བརླབས་དུ་གསོལ། བདེ་གཤེགས་སངས་རྒྱས་ཐམས་ཅད་དང་། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། སྙིགས་མའི་དུས་ཀྱི་གདུལ་བཀའ་བ། །མ་དག་པ་ཡི་སེམས་ཅན་ཀུན། མཁྱེན་པའི་སྤྱན་གྱི་གཟིགས་སུ་གསོལ། །འཁོར་དང་མྱ་ངན་འདས་པ་ཡིས། །དམ་ཆོས་བསམ་གྱིས་མི་ཁྱབ་པ། །ཐམས་ཅད་ཀུན་ཀྱང་སེམས་ཉིད་དེ། །ཟབ་མོ་སྤྲོས་དང་བྲལ་བའི་དོན། །མཐའ་བྲལ་ཕྱག་རྒྱ་ཆེན་པོ་ཉིད། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། རྒྱུད་ལ་དེ་ཉིད་གནས་མོད་ཀྱང་། །གློ་བུར་དྲི་མས་སྒྲིབ་པ་ཡི། །མ་རྟོགས་རྒྱུ་དང་རྟོགས་པའི་རྒྱུ། །གཉིས་ཀ་བྱེད་ཅིང་འཛིན་པར་ཞེན། །དེ་ལས་གྲོལ་བར་བྱེད་པའི་ཐབས། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །བག་ཆགས་དྲི་མ་སེལ་བའི་དོན། །དོན་དེ་མཐའ་རུ་འདོན་འདོད་ན། །རང་སེམས་རྩ་བ་བཅད་ནས་ཀྱང་། །རྟོགས་པའི་དྲི་མ་དངས་སུ་ཆུག །དེས་ན་དོན་མཆོག་ཐོབ་པར་ངེས། །དོན་ནི་ཕྱག་རྒྱ་ཆེན་པོའི་དོན། །ཕྱག་ཆེན་དོན་ལ་འགྱུར་མེད་སེམས་ཉིད་ཕྱག་རྒྱ་ཆེ། །ཕྱག་ཆེན་དོན་དེ་རྟོགས་པར་གྱིས། །དོན་དེ་རྟོགས་ནས་གོམས་པར་གྱིས། །གོམས་ཤིང་འདྲིས་ན་འགྲོ་དོན་འབྱུང་། །འགྲོ་དྲུག་ཀུན་གྱི་དཔལ་དུ་ཤར། སེམས་ཅན་ཆོས་བསྐལ་དེ་ལ་མཛོད། བཀྲ་ཤིས་དཔལ་འབར་ཐུགས་རྗེ་ཆེ་འབར་ན། འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུྃ། སྙིགས་མའི་དུས་སུ་ཐུགས་རྗེའི་བདག །སྤྱན་རས་གཟིགས་ཀྱི་འགྲོ་དོན་མཛད། དེ་རྗེས་འཇུག་པའི་སྐལ་ལྡན་རྣམས། ཀུན་ཀྱང་ཐུགས་རྗེ་ཆེན་པོ་བསྒོམ། །སངས་རྒྱས་འབྱུང་བར་ཐེ་ཚོམ་མེད། །འགྲོ་དང་ཉལ་དང་ཟ་བ་དང་། །ན་དང་རྒས་དང་སྡུག་བསྔལ་སོགས། །གང་རུང་དུས་རྣམས་ཀུན་དུ་ཡང་། །ཐུགས་རྗེའི་བདག་པོ་དྲན་པར་གྱིས། བྱིན་གྱིས་བརློབ་པར་ཐེ་ཚོམ་མེད། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་རྗེའི་མངག་བདག་སྤྱན་རས་གཟིགས། །ནམ་མཁའི་ཁམས་ཀྱི་མཐས་ཁྱབ་པར། སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །འཁོར་བ་མ་སྟོངས་བར་དུ་ནི། །སེམས་ཅན་འདྲེན་པར་ཞལ་བཞེས་པ། །ཐུགས་རྗེའི་བདག་པོ་ཁྱེད་ཡིན་པས། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བདེ་བའི་གནས་སུ་དྲངས་དུ་གསོལ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། སྤྱན་རས་གཟིགས་ལ་གསོལ་བ་ཐོབ། །ཐུགས་རྗེས་གཟིགས་པར་ཐེ་ཚོམ་མེད། །དེ་ལྟར་ཀུན་གྱིས་མཁྱེན་པར་མཛོད། བཀྲ་ཤིས་དཔལ་འབར་བདེ་ཆེན་ཡེ་ཤེས་འཛམ་གླིང་རྒྱན་མཆོག་རྒྱལ་བ་ཉིད་དུ་ཤོག །སྤྲེའུ་ལོའི་ཆོ་འཕྲུལ་ཆེན་པོའི་ཚེས་ལྔ་ལ་བཀྲ་ཤིས་གསར་མར་བཀོད་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །སེམས་ཅན་ཀུན་ལ་ཁྱབ་པ་སྟེ། །ནམ་མཁའི་ཁམས་ཀྱི་མཐས་ཁྱབ་པའི། རིགས་དྲུག་བར་དོར་བཅས་པ་རྣམས། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །ཀུན་ཀྱང་བྱིན་གྱིས་བརླབ་དུ་གསོལ། །ཁོ་བོ་རང་བྱུང་རྡོ་རྗེ་དང་། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། བཟང་དང་ངན་འབྲེལ་གང་ཡོད་པ། །སྣང་བ་མཐའ་ཡས་ཞིང་ཁམས་སུ། །སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །བདེ་བའི་གནས་སུ་འདྲེན་པ་ཡིན། །ཐམས་ཅད་ཀུན་ཀྱང་དགའ་བ་བསྒོམས། །དེ་ལྟར་ཀུན་གྱིས་ཤེས་པར་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་རྒྱུད་ལས། འོད་ཟེར་འགྲོ་དྲུག་བར་དོ་དང་བཅས་པའི་གྲངས་དང་མཉམ་པར་རྣམ་པར་འཕྲུལ་ཞིང་། སེམས་ཅན་རེ་རེའི་རྩ་ན་ཡང་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས། །དགོས་སུ་ཡང་སེམས་ཅན་ཐུགས་རྗེ་ཆེན་པོ་ལ་མོས་པ་རྣམས་ཀྱི་རྩ་ན་སྤྲུལ་པའམ་དངོས་ཀྱི་ཚུལ་གྱིས་བཞུགས་པ་ཡིན་ཀྱང་། སྣང་བ་མ་དག་ཅིང་འཁྲུལ་པས་ངོ་མ་ཤེས་པས་ཏེ། དེ་ལྟར་དུ་ངོ་མ་ཤེས་ཀྱང་དད་པ་ཡོད་པ་ཙམ་གྱིས་ཐམས་ཅད་འདྲེན་ནུས་པ་ཡིན་ཞིང་བྱིན་གྱིས་བརློབ་པའོ། །དེའི་ཕྱིར་ན་ཐམས་ཅད་ཀུན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་ཞིང་མ་ཎི་པདྨེེ་གྲོངས་དང་ཚེ་འདི་དང་ཨ་ཅང་ཆེ་སྟེ། ཚེ་ཕྱི་མ་ལ་ཡང་ནད་དང་གནོད་པ་དང་རྐྱེན་ངན་ཞི་བྱེད་བྱིན་གྱིས་བརློབས་པའོ། །དེའི་ཕྱིར་ན་ཐམས་ཅད་ཀྱི་སེམས་རྒྱུད་ལ་ཐུགས་རྗེ་ཆེན་པོའི་འོད་ཟེར་བཀྱེ་ཞིང་བྱིན་གྱི་བརླབས་ནས། དགྲ་དང་བགེགས་དང་གནོད་པ་གང་ཡང་མི་འབྱུང་ཞིང་། འབྱུང་པོ་མི་དང་མི་མ་ཡིན་པའི་ཚོགས་ཐམས་ཅད་ཀྱི་སེམས་རྒྱུད་ལ་ཐུགས་རྗེ་ཆེན་པོའི་འོད་ཟེར་བཀྱེ་ཞིང་ཐམས་ཅད་ཟིལ་གྱིས་གནོན་པའོ། །དེའི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་པ་ལ་གསོལ་བ་ཐོབ་ཅིག །མོས་གུས་དྲག་དུ་གྱིས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ མ་ཎི་གྲོངས་ཐུགས་རྗེ་ཆེན་པོའི་གཟུངས་ཐོན། དེ་ལྟར་བྱས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། བྱིན་གྱིས་བརློབ་པར་འགྱུར་རོ། །གཞན་ཡང་ཐུགས་རྗེ་ཆེན་པོའི་མདོ་ལས། གང་དག་ཐུགས་རྗེ་ཆེན་པོའི་གཟུངས་དང་སྙིང་པོ་འདོན་པ་དེ་ཡིས་ཆུ་ཀློང་ངམ་རྒྱ་ཚོ་ཆེན་པོར་ཞུགས་ཏེ་ཁྲུས་བྱས་པའི་ཆུ་དེ་དག་སེམས་ཅན་ཆུའི་ནང་ན་གནས་པའི་སེམས་ཅན་གྱི་རིགས་ཀྱི་ལུས་ལ་ཆུ་དེ་དག་ཕོག་པར་གྱུར་ན་སེམས་ཅན་དེ་དག་གི་སྡིག་པ་དང་སྒྲིབ་པ་མ་ལུས་པར་དག་ནས་སྐྱེ་གནས་བཞིའི་ལུས་ངན་མི་ལེན་ཅིང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གཞན་དག་ན་པདྨོ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ན་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་བསྒོམས་མ་ཎི་པདྨེ་གྲོངས། ཐུགས་རྗེ་ཆེན་པོའི་མདོ་ཟ་མ་ཏོག་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། རྐང་པ་བཞི་པའི་རིགས་བ་གླང་དང་། མ་ཧེ་དང་། རྟ་དང་། གླང་དང་། རྔ་མོང་དང་། ཁྱི་དང་། འཕར་བ་དང་། སྲམ་དང་། རི་བོང་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་སྤུའི་ཚད་བགྲང་བར་ནུས་ཀྱི། ཡིག་གེ་དྲུག་པའི་རིགས་སྔགས་འདི་འདོན་ཅིང་འཛིན་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར་ན། ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བསྒོམས་ཤིག །མ་ཎི་པདྨེ་གྲོངས་དང་ངན་སོང་གསུམ་ལས་ཐར་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཕྱིར་ཡིན་པའི་ཕྱིར་ན། ཐམས་ཅད་སེམས་རྩེ་ཅིག་པར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མ་ལུས་དང་བས་ཕྱག་འཚལ་ཞིང་། སེམས་དང་བས་མཆོད་པ་འབུལ། ངག་དང་བས་སྐྱབས་སུ་མཆི། ཞེས་བརྗོད་ནས་སྐྱབས་འགྲོ་བྱ་ཞིང་མ་ཎི་པདྨེ་འདོན་པར་བྱའོ། །དེ་ལྟར་བགྲངས་པའི་ཕན་ཡོན་ནི། བསམ་གྱི་མི་ཁྱབ་བརྗོད་ཀྱིས་མི་ལང་ཀྱང་། ཐུགས་རྗེ་ཆེན་པོའི་རྒྱུད་སྒོ་དྲུག་པ་ལས། བསོད་ནམས་ཚོགས་གཉིས་ལས་ནི་བྱུང་བའི་སྐུ། །རྒྱལ་བའི་བ་སྤུ་གཅིག་གི་བུ་ག་ཡང་། སྐལ་པ་སྟོང་དུ་ལྟས་ཀྱང་ཆོག་མི་ཤེས། དེ་ལ་མཁས་པ་སུ་ཞིག་དང་མི་འདྲེན། འདོད་ཆགས་ཞེ་སྡང་གཏི་མུག་བཅོམ་གྱུར་པའི། །རྨི་ལམ་ན་ཡང་རྫུན་གྱི་ཚིག་མི་མངའ། །དེ་ལ་སྐྱེ་བུ་སུ་ཞིག་ཡིད་མི་ཆེས། །རྣམ་པར་རྟོག་པ་ཀུན་བཅོམ་དྲི་མ་སྤངས། ཡེ་ཤེས་ཀྱིས་ནི་ཆོས་རྣམས་ཐུགས་སུ་ཆུད། །ཤེས་བྱ་རྒྱ་མཚོ་ལྟ་བུ་མངའ་བརྙེས་པ། སྐྱེ་བུ་དེའི་ཐུགས་ལ་སུ་ཞིག་སྐྱོབ། །འདི་ནི་ཅང་པའི་བསམ་པ་རབ་ལྡན་པ། འབྲི་དང་ཉན་དང་ཡོན་ཏན་འཆད་པ་དང་། །གང་དུ་སྐྱབས་སུ་འགྲོ་བ་བྱེད་པ་ནི། མི་སྐྱོ་ཐེ་ཚོམ་མེད་པར་མྱུར་དུ་འགྲུབ། ཞེས་གསུངས་པ་ཡིན་པའི་ཕྱིར་ན། ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་བསྒོམས་ཤིང་། མ་ཎི་པདྨེ་གྲོངས་དང་། ཚེ་འདི་དང་ཕྱི་མ་བར་དོ་གསུམ་དུ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་འདྲེན་ཞིང་བྱིན་གྱིས་བརློབ་པ་ཡིན་གྱིས། ཐམས་ཅད་ཀྱིས་ཤིན་ཏུ་སྙིང་གི་དཀྱིལ་ན་བསྒོམས་ཤིང་། ངག་ཏུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འདི་ལྟ་སྟེ། ཐུགས་ཆེན་པོའི་རྒྱུད་ལས་འདི་སྐད་དུ་རིགས་ཀྱི་བུ་འདི་ལྟ་སྟེ། ཕྱིའི་རྒྱ་མཚོ་ཆེན་པོ་ནི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་གྱི། ཡིག་གེ་དྲུག་པའི་གསང་སྔགས་ཆེན་པོ་ལན་གཅིག་བགྲངས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཞེས་གསུངས་པ་ཡིན་པའི་ཕྱིར། །ད་སྙིགས་མའི་དུས་སུ་ཐུགས་རྗེ་ཆེན་པོ་ཉིད་མ་གཏོགས་པ་སངས་རྒྱས་ཀུན་ཀྱི་ཐུགས་རྗེའི་སྟོབས་ཅི་ཙམ་རྒྱ་ཆེན་པོས་གཟིགས་ཀྱང་། སེམས་ཅན་རྣམས་ཀྱི་ལས་ཟད་ནས། ཐུགས་རྗེ་ཆེན་པོ་ཉིད་མ་གཏོགས་པས་སེམས་ཅན་མི་ཐུལ་ཞིང་བྱིན་གྱིས་བརློབ་མི་ནུས་པ་ཡིན་པའི་ཕྱིར་ན་ཐམས་ཅད་ཀྱིས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ལ་དངོས་སམ་ཡིད་ཀྱིས་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་ན། ཐུགས་རྗེ་ཆེན་པོ་ཉིད་ཀྱི་འདྲེན་ཞིང་བྱིན་གྱིས་བརློབ་པ་ཡིན་པའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ལ་དད་པ་མོས་གུས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་མ་ཎི་པདྨེ་གྲོངས། ཐུགས་རྗེ་ཆེན་པོ་བསྒོམས། དེ་ལྟར་དུ་ཐམས་ཅད་ཀྱིས་གོ་བར་གྱིས་ཤིག །ཐུགས་རྗེ་ཆེན་པོའི་ཡོན་ཏན་དང་འཕྲིན་ལས་བརྗོད་ན་སྐལ་པའི་བར་དུ་ཡང་བརྗོད་ཀྱིས་མི་ལང་པ་ཡིན་པས་མཁྱེན་པར་མཛོད་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་བསྒྲུབ་པའི་གང་ཟག་གིས། རི་ཁྲོད་དགོན་པར་ཕྱིན་ནས་ཀྱང་། ཐུན་དྲུག་བཅད་ལ་སྲོག་རྩོལ་བསྒོམ། གསང་སྔགས་བཟླས་བརྗོད་བསྒོམ་པ་དང་། ཏིང་འཛིན་གཏོར་མ་ལ་སོགས་དང་། སྡིག་སྦྱངས་བསོད་ནམས་ཚོགས་བསགས་པ། །འདི་དག་ཡོངས་སུ་རྫོགས་པར་བྱ། །ཅི་ཙམ་འདུག་ཀྱང་རི་ཁྲོད་འགྲིམས། །གང་ལྟར་བྱས་ཀྱང་བླ་མ་བསྟེན། །བསྡུས་ན་དེ་ལས་མེད་པའོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པས། །གདམས་པ་ཅུང་ཞིག་བཀོད་པར་བྱ། །བསྒོམ་ཆེན་རྣམས་ཚོ་སྙན་གསན་འཚལ། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །བདག་ཉིད་གཅིག་པུས་ཉམས་སུ་བླང་། །ཅི་ཉན་ཙམ་གྱི་སྤྱིལ་བུ་རུ། །བདག་དྲོས་ཙམ་གྱི་གོས་གྱོན་ཅིང་། །མི་བཀྲེས་ཙམ་གྱི་ཟས་ལ་རྟེན། །དེ་ནས་འདི་ཉིད་རྩམ་པར་བྱ། དེ་ལ་ཉམས་སུ་བླང་བ་འདི་ལ། དང་པོ་ཁོ་ནར་ཆུ་ཤིང་འཛོམ་པའི་རི་ཁྲོད་དུ། རྫས་འཚོགས་པར་བྱས་ལ། མདུན་དུ་བདག་གི་མོས་གུས་ཀྱི་རྟེན་དང་། །དཔེ་ཆ་ཉུང་ཟད་བཞུགས་སུ་བཅུག་ནས། དེ་ནས་དགེ་སྦྱོར་ཐུན་དྲུག་དུ་བཅད་ལ་སྔ་དྲོ་ཁོ་ནར་ལུས་སྦྱོང་རླུང་བཟུང་། དེ་ནས་གྲོ་ཁའི་དུས་སུ་ལུས་སྦྱོང་ཡང་མི་བྱ། བླ་མའི་རྣལ་འབྱོར་གྱི་ངང་ལ་མཉམ་པར་བཞག་ཅིང་སེམས་ཀྱི་ངོ་བོ་ཡེ་གདོད་མ་ནས་གནས་པ་དེའི་ངོ་བོ་ལྟ་ཞིང་ས་ལེ་སང་ངེ་ཧྲིག་གེ་བའི་ངང་ལ་མཉམ་པར་བཞག་ཅིང་དེ་ནས་ཉི་མ་རྒས་གྱི་བར་དུ་ལུས་སྦྱོང་བྱ། རླུང་རྩོལ་ཅི་ནུས་ཀྱི་བར་བྱའོ། །དེ་ནས་སྲོད་ལ་ཡི་དམ་ལྷའི་རྣལ་འབྱོར་དང་། སྔགས་བཟླས་པ་དང་། སྔགས་ཀྱི་གཏོར་མ་ལ་སོགས་པ་བྱའོ། །དེ་ནས་གུང་ལ་འོད་གསལ་སྦྱང་ང་ངོ་། །དེ་ནས་ཐོ་རངས་ཀྱི་དུས་སུ་སྡིག་པ་སྦྱང་བའི་ཡན་ལག་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་ཡན་ལག་དང་བླ་མའི་རྣལ་འབྱོར་བསྒོམ་ཞིང་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག་པར་བྱའོ། །དེ་མ་གཏོགས་པ་ཐུན་མཚམས་སུ་གཏོར་མ་ལ་སོགས་པ་བྱའོ། །དེ་ནི་ཐུན་མཚམས་དང་བཅས་པའོ། །ཡང་བླ་མ་རྣམས་ཀྱི་གསུང་བཞིན་དུ་བདག་གིས་གདམས་པ་ཅུང་ཟད་ཅིག་བགྱི་ན། མ་ཤིའི་བར་དུ་རི་ཁྲོད་འགྲིམ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེད། །སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། ལྷ་དང་བླ་མ་དང་མི་བྲལ་བར་བསྒོམས། གཟུང་དང་འཛིན་པ་ཐམས་ཅད་སྤོངས། དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག་གོ །དེ་ལྟ་བུར་ཆོས་ཐམས་ཅད་ཉམས་སུ་བླངས་ན་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་རང་གི་རྒྱུད་ལ་སྐྱེ་བ་ཡིན། དེ་ལྟར་ཉམས་སུ་མ་བླངས་ན། ཇི་ལྟར་བྱས་ཀྱང་བྱང་ཆུབ་མི་ཐོབ་པས། ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས་སྙམ་པ་ཅིག་བྱས་རི་ཁྲོད་དགོན་པར་བསྡད་ནས་ཉམས་སུ་ལེན་དགོས་པ་ལགས་སོ། །དེ་ལྟར་དུ་ཐམས་ཅད་ཀྱི་ཉམས་སུ་ལོང་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨེ་མ་ཧོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། གསོལ་བ་འདེབས་སོ་བྱིན་གྱིས་བརློབ། བཀའ་རྒྱུད་བླ་མ་ཐམས་ཅད་ཀྱིས། ཁ་བ་ཅན་ལྗོངས་བྱིན་གྱིས་བརླབས། །གང་ན་འདུག་ཀྱང་བདེ་བ་ཐོབ། །ང་ནི་རང་བྱུང་ཆེན་པོ་སྟེ། །ཅ་ཅོའི་འཛིན་པ་མི་གདའ་འོ། །ཆ་ཤས་འཛིན་པ་གཏན་ནས་གྲོལ། །ཇ་སོགས་བཟའ་བཏུང་ཐམས་ཅད་ཀུན། །ཉ་སོགས་སྦྱིན་པ་བགྱི་ལགས་པས། །ཏ་རེ་ལྟ་བུའི་ཡེ་ཤེས་རྟོགས། །ཐ་དད་འཛིན་པ་མེད་ལགས་པས། །ད་ནི་མཉམ་མེད་ལྟ་བ་རྟོགས། །ནཱ་རོ་པཎ་ཆེན་གྱི་རྗེས་ཞུགས་པས། །པ་མ་བལ་བུའི་ནགས་གསེབ་དུ། །ཕ་རོལ་གྱི་སེམས་རྒྱུད་བསྐུལ་ལམ་སྙམ། །བ་སྤུ་ཡན་ཆོད་ཐམས་ཅད་ཀྱང་། །མ་རིག་ཡེ་ཤེས་ཉིད་དུ་ཤར། །ཙ་རླུང་གི་གདམས་ངག་ཉམས་སུ་ལེན། །ཚ་རེག་རང་བཞིན་ཤུགས་ལ་སྐྱེ། །ཛ་ཧཱུཾ་ཡེ་ཤེས་ཆེན་པོ་ཡིས། །ཝ་བགེགས་ཀྱི་བསམ་རྟོག་ཀུན་དང་བྲལ། ཞ་བོ་ལ་སོགས་སེམས་ཅན་ཀུན། །ཟ་རྒྱུའི་རེ་བས་ཉམས་ཐག་པ། །འ་སྒྲའི་སྡུག་སྐད་དང་བཅས་ལ། །ཡ་རབས་ཀུན་སྦྱིན་བཏོང་བྱ་རེ་རན། །ར་གན་འཁར་བ་ཐམས་ཅད་ལ། །ལ་ལས་སྡིག་པ་བྱས་ནས་ཀྱང་། །ཤ་མར་ལ་འཚོང་བ་འོ་བརྒྱལ། །ས་སྟེངས་ན་དེ་འདྲ་བྱེད་པ་མང་། །ཧ་ཧ་ཤིན་ཏུ་རྒོད་རེ་བྲོ། །ཨ་སྐྱེ་བ་མེད་པའི་དོན་རྟོགས་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བླ་མ་རྣམས་ལ་སྐྱབས་སུ་མཆི། དཀའ་བ་སྤྱད་པའི་སྐྱེས་བུ་མཆོག །ཁ་བ་ཅན་དུ་སྤྲུལ་པའི་སྐུ། གང་ནས་བལྟས་ཀྱང་སྤྲུལ་པའི་སྐུ། །ང་སོགས་འགྲོ་བ་ཐམས་ཅད་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅིས་ཀྱང་མི་ཕན་ཆོས་ཅིག་མཛོད། །ཆོས་བྱས་གནད་དུ་བསྣུན་པར་མཛོད། །ཇི་ལྟར་བྱས་ཀྱང་བླ་མ་བསྟེན། ཉམས་མྱོང་བཟང་པོ་སྐྱེས་ཏེ་མཆི། །ཏེ་ལོ་བཟང་པོ་ཇི་བཞིན་དུ། །ཐོགས་བབས་ཕྱག་ཆེན་གདམ་ངག་བསྒོམས། དེ་ནས་བླ་མའི་བྱིན་བརླབས་ཀྱིས། ན་རོ་པཎ་ཆེན་ལྟ་བུ་འབྱུང་། །བས་མཐའ་ལ་སོགས་ནགས་གསེབ་དུ། །ཕ་བླ་མ་མ་ཡེངས་བསྒོམས་བྱས་ནས། །བོད་ཁམས་འདི་ནི་འགྲན་ཟླ་མེད། །མ་རིག་མུན་སེལ་ཆེན་པོར་འགྱུར། །ཙ་རླུང་ཐབས་ལམ་བསྒོམ་ལགས་ན། །ཚ་རེག་རང་བཞིན་ཤུགས་ལས་སྐྱེས། །ཛ་ཧཱུྃ་ཏིང་འཛིན་བསྒོམས་ལགས་ན། ཝ་བགེགས་ལྷ་འདྲེས་གནོད་མི་ཚུགས། །ཞེན་པ་གཏན་ནས་བཟློག་བྱས་ན། །ཟ་རྒྱུ་ཐམས་ཅད་ཤུགས་ལས་འབྱུང་། །འོ་ན་སྐལ་ལྡན་བསྒོམ་ཆེན་རྣམས། །ཡང་ན་བླ་མའི་རྣལ་འབྱོར་བསྒོམ། །རང་བཞིན་མེད་པར་ཤེས་པར་མཛོད། །ལར་ཅིས་ཀྱང་རྩ་རླུང་མ་བསྒོམས་ན། །ཤ་ཆང་ཟོས་ཀྱང་དགོས་པ་ཆུང་། སེམས་ཉིད་གཏན་ལ་ཕོབ་མཛོད་ཅིག །ཧེ་ཧེ་རང་གི་བརྩན་ས་བཟུང་། །ཨ་ཙ་མ་ནི་སེམས་ཅན་རྣམས། །ཆོས་སྐུ་ཉིད་དང་མཚུངས་པར་ཤོག །ཚུལ་འདི་རང་བྱུང་རྡོ་རྗེ་བྱི་བ་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་གྱི་ཉིན་པར་བསྒྲུབ་གནས་དཔལ་གྱི་ཁྱུང་རྫོང་དུ་གསུངས་པའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །དུས་གསུམ་སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་ཐ་དད་མེད་པའི་སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །བསྒོམ་ཞིང་བསྒྲུབ་པ་ལ་གཞོལ་བ་རྣམས་ལ་གདམས་པ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མི་དམིགས་པའི་ངང་དུ་མཉམ་པར་ཞོག །བསོད་ནམས་ཀྱི་ཚོགས་བསགས་པའི་ཡན་ལག་ཡིན་ཏེ། འདུས་བྱས་ཀྱི་དགེ་བའི་ལས་ཅི་ནུས་ལ་འབུངས། དེ་ལྟར་སློབ་པའི་ལམ་བྱམས་པ་དང་སྙིང་རྗེ་ལ་རྩལ་སྦྱོང་། བླ་མའི་རྣལ་འབྱོར་དང་། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་དུས་རྒྱུན་དུ་བསྒོམ། གཟུགས་མཐོང་བ་ཐམས་ཅད་བཅོམ་ལྡན་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམ་ཞིང་ངེས་ཤེས་བསྐྱེད་སྒྲ་ཐོས་པ་ཐམས་ཅད་གསུང་ཡིག་གེ་དྲུག་མ་ཡིན་ཨང་སྙམ་དུ་བསྒོམ་ཞིང་ངེས་ཤེས་སྐྱེ། བདག་གིས་སྤྱོད་ལམ་རྣམས་བཞི་གང་བྱེད་ཀྱང་། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་དང་མ་བྲལ་བར་བསྒོམ་ཞིང་རྩལ་སྦྱངས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་པས། དེ་ཡང་ཐུགས་རྗེ་ཆེན་པོའི་རྒྱུད་ལས། །ཐངས་ཅིག་མོས་པ་བྱས་པས་བརྗོད་པ་ན། སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐངས་གཉིས་བརྗོད་ན་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགག་པར་བྱེད། །གསུམ་བརྗོད་དུད་འགྲོའི་སྒོ་ཡང་འགག །ཞེས་གསུངས་པ་དང་། གཞན་ཡང་གཟུངས་ལས། འདིའི་ཡོན་ཏན་རྒྱས་བརྗོད་ན། སྐལ་པར་བརྗོད་ཀྱང་བརྗོད་མི་ལང་། ཞེས་གསུངས་པས་ཐུགས་རྗེ་ཆེན་པོ་བསྒོམ། མ་ཎི་པདྨེེ་གྲོངས། དོན་དམ་པར་ཐུགས་རྗེ་ཆེན་པོ་བསྒོམ་ཞེས་བརྗོད་ཀྱང་། སྙིང་རྗེ་ཆེན་པོ་བསྒོམ་པ་ཡིན་པས། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་། ཚེ་འདི་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ལྟར་ཀུན་གྱིས་ཉམས་སུ་ལོང་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བདག་གི་གདམས་པ་ནི། རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམས། ཉིན་མཚན་ཀུན་ཏུ་གསོལ་བ་ཐོབ། །རང་རྒྱུད་གྲོལ་བའི་དངོས་གྲུབ་འབྱུང་། །རྒྱུ་འབྲས་རྣམས་ལ་ངེས་ཤེས་བསྐྱེད། སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས། །རང་དབང་མེད་པའི་རྟོགས་པ་སྐྱེ། །བྱ་ཆའི་ཆོས་ལ་བརྩོན་པར་གྱིས། །དམ་པའི་ཆོས་ལ་ཡིད་ཆེས་བསྐྱེད། །གཟུང་འཛིན་སྤོངས་ལ་རི་ཁྲོད་འགྲིམས། །གདམ་པ་རྣམས་ལ་ཡིད་ཆེས་མཛོད། །བཀའ་ཐུབ་ཉིད་ལ་རྟག་ཏུ་འབད། །གཏུམ་མོའི་གདམ་ངག་བསྒོམ་པར་མཛོད། །དེ་ལྟར་ཀུན་གྱིས་ཉམས་སུ་ལོངས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རི་ཁྲོད་པ་བདག་གིས། བསྒོམ་ཆེན་པ་རྣམས་ལ་གྲོས་འདེབས་ཀྱི་གདམས་པ་གཅིག་བགྱིའོ། །དེ་ལ་ད་རེས་མི་ལུས་རིན་པོ་ཆེ་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པའི་སྒོར་རབ་ཏུ་བྱུང་ནས། སྔོན་དུ་བཤད་པ་དང་། བསྒོམ་པ་དང་ཉན་པའི་ལས་བྱེད་པ་ཐམས་ཅད་ཧྲིལ་གྱིས་དྲིལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་སྟེང་དུ་འདུས་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་། བསྒོམ་པ་ཉིད་ཡིན་པས་བསྒོམ་པ་གལ་ཆེ་སྟེ། དེ་ཡང་བསྒོམ་པའི་མཐའ་ཉོན་མོངས་པའི་དབང་དུ་མ་སོང་པ་སེམས་ཅན་ལ་སྙིང་རྗེ་ཆེ་བ་བླ་མ་ལ་དད་པ་ཆེ་བ། བརྩོན་འགྲུས་དང་ཞེ་བཅད་ཆེ་བ། མི་ཆོས་དང་འཇིག་རྟེན་དོན་དུ་མི་གཉེར། ཕྱི་མ་ལ་བསམ་པ་ཡང་དག་པའི་དོན་ལ་མོས་པ། དེ་ལྟ་བུ་གཅིག་གིས་བླ་མའི་གདམས་ངག་ལ་བརྟེན་ནས་རི་ཁྲོད་དབེན་ཞིང་ཉམས་དགའ་བར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ཉམས་སུ་བླང་ང་ངོ་། །དེ་ཡང་ཉམས་སུ་ལེན་པ་ཅི་འདྲ་བ་ཅིག་དགོས་ན། འདི་འདྲ་བ་ཅིག་དགོས་ཏེ། དམ་པ་རིན་པོ་ཆེའི་ཞལ་ནས། རྣལ་འབྱོར་པ་བཟང་པོ་བྱ་བ་འཕྲིན་པའི་ལྕེ་ཆོད། བང་ཆེན་པའི་རྐང་པ་ཁྱིགས། ཕྱག་ཚང་བའི་ལག་པ་བཅད། །ཁྱིའི་སྙིང་ཕྱུང་ན་ཟ་བར་མཆི། ཞེས་གསུངས་པ། ངག་སྨྲ་བརྗོད་ཉུང་བ། འགྲོ་བདུག་དང་ཙབ་ཙུབ་མི་མང་པ། ལག་པས་ལས་མི་བྱེད་ཅིང་། གང་ལ་ཡང་གཙང་གཙོག་མི་བྱེད་པ། དེ་ལྟ་བུ་ཅིག་འཚལ། མི་དགེ་བ་ལུས་དང་སྲོག་གི་ཕྱིར་ཡང་མི་བྱེད་པ་ཅིག་འཚལ། བྱམས་པ་སྙིང་རྗེ་ཁང་བཟང་ལ་མེ་ཤོར་བའི་ནང་དུ་ཚུད་ཀྱང་མི་འཆོར་ན་ཅིག་འཚལ། བླ་མ་ལ་དད་པ་ཇི་ལྟར་དུ་གྱུར་ཀྱང་མི་ལྡོག་པ་ཅིག་འཚལ། གོས་དང་ཟས་མེད་ཀྱང་བླ་མའི་གདམ་ངག་གིས་ཆོག་པ་གཅིག་འཚལ། ན་ཚ་དང་སྡུག་བསྔལ་ཅི་བྱུང་རྐྱེན་ངན་གྲོགས་སུ་འགྲོ་བ་ཅིག་འཚལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕ་དང་མར་འདུ་ཤེས་པ་ཅིག་འཚལ་ལོ། །དེ་ལ་ཡང་དམ་པའི་ཞལ་ནས། བོད་ཀྱི་ཆོས་པ་འདི་ཚོ་ལ་རྒོད་བྲོ་གསུང་། དེ་ཙུག་ལགས་ཞུས་པས། ཉམས་སུ་མི་ལེན་པར་འབྲས་བུ་འདོད། བསྒྲུབ་པ་མེད་པར་ཉམས་མྱོང་འདོད། བྱས་པ་མེད་པར་ངོ་སོ་འདོད། །རི་ཕུག་ཏུ་ཟླ་བ་རེ་བསྡད་ཀྱང་མིས་ཐོས་སུ་རེ། འཕྲལ་གྱི་དགེ་སྦྱོར་བག་རེ་བྱས་ཀྱང་གཞན་དགའ་ལ་རེ། གཞན་གྱིས་ཐོས་སུ་རེ། ངས་མི་ལ་ཇི་ལྟར་བྱས་ནས་བསྟན་སྙམ་ནས་བྱེད་པ་དེ་ཆོས་ག་ན་མཆི་གསུང་ང་ངོ་། །ད་དུས་ཀྱི་དབང་དུ་སོང་བས་གཤའ་མར་ཞེ་ཐག་པ་ནས་ཆོས་བྱེད་མཁན་མི་གདའ། ཨ་ཙ་མ་ན། ཡི་རེ་མུག དེང་སང་དུས་ལ་བབ་པའི་སྐབས་འདིར། ཆོས་མི་བྱེད་པའི་བྱེད་ན། ཚུལ་འཆོས་ཀྱི་ཆོས་པ། ཡོན་བདག་ཕོ་མོའི་ངོ་སྲུངས། མི་ཚེ་འདིའི་བྱས་ལོ། ད་ལྟར་གྱི་སོ་ནམ། ཕྱི་མའི་རྒྱགས་ཕྱེ་ཡིན་ནོ་ཟེར་ནས །འདུ་འཛི་དང་འཇིག་རྟེན་སྤངས་པོ་ངན་པ་ལ་མཚམས་བྱེད། བཟང་པོ་ལ་དི་རིང་འདིར་ཡོངས་སམ། སང་ཡང་བྱོན་ཅིག དེ་མིན་ཡང་སྐབས་སུ་བྱོན་ཅིག་ཞེས་ཟེར་བ་དེས་ཆོས་པ་མི་མཆི། ཆོས་གཤའ་མ་ཅིག་བྱེད་ན་བཟང་ངན་རྣམ་རྟོག་ཐམས་ཅད་སྤངས་ནས་གང་གི་ཡང་རྟོག་པ་མེད་ཅིང་ཐམས་ཅད་ལ་ཕྱོགས་ཆ་དང་ཞེ་འཛིན་མེད་པ། འཁོར་བའི་ཆོས་འདི་དག་ཐམས་ཅད་ལ་བདེ་བ་མེད་པར་ཤེས་པ་ཅིག་གིས་བླ་མ་དམ་པའི་གདམས་ངག་བསྒོམ་ཞིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཞི་བའི་ངང་ནས་ཞི་བའི་ངང་ཚུལ་ཅན། གང་གི་མཚུངས་མེད་མགོན་པོ་སྐྱབས་གཅིག་པུ། །བླ་མེད་མགོན་པོ་སྟོན་པ་བཅོམ་ལྡན་འདས། །ཐུགས་རྗེའི་མངའ་བདག་ཆེན་པོ་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་དམ་པ་ཉིད། གསེར་མདོག་ཅན་ལ་སོགས་པ་ཡི། །སངས་རྒྱས་བྱང་སེམས་ཀུན་ལ་འདུད། །ཀུན་ཏུ་བཟང་དང་རྡོ་རྗེ་འཆང་། །ས་ར་ཧ་དང་བཀའ་བརྒྱུད་རྣམས། །སྙིང་པོ་མ་ནོར་སྟོན་པ་བརྩེ། །སེམས་ཅན་རྗེས་སུ་བཟུང་རེ་རན། སྙིགས་མའི་དུས་མཆོག་འདི་ཉིད་དུ། །རྣམ་པ་ལྔ་དག་འབྱུང་དུས་འདིར། །སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། །དམ་ཆོས་རྣམས་ཀྱང་ཟད་པ་ན། །དགེ་འདུན་ཕྱོགས་ནི་ག་ལ་བཞུགས། །དེ་ཕྱིར་སྙིགས་མའི་དུས་འདི་རུ། །སྙིང་པོའི་དོན་མཆོག་མ་ནོར་བ། །སྟོན་པའི་བླ་མ་མི་བཞུགས་ན། །ཀྱེ་མ་སེམས་ཅན་སྡུག་རེ་བསྔལ། །སངས་རྒྱས་རྣམས་ཀྱང་ཐུགས་རྗེ་ཆུང་། །དམ་ཆོས་རྣམས་ཀྱིས་འདྲེན་པ་ཟད། །ཕལ་ཆེར་སྙིགས་མའི་དུས་འདི་རུ། །རྟགས་ཙམ་འཛིན་ཀྱང་ཅུང་ཟད་ཙམ། །ཐེག་པ་ཆེ་ལ་བསྐུར་པ་འདེབས། །ཝ་ཁེངས་སེང་གེའི་ཆ་བྱད་ཅན། །གང་ཡིན་དེ་དག་སྙིང་རེ་རྗེ། །ཀྱེ་མ་ཀྱི་ཧུད་སེམས་ཅན་རྣམས། སྡུག་བསྔལ་ཆུ་ལས་སྒྲོལ་འདོད་ན། །ཐོས་དང་བསམ་པ་སྔོན་སོང་ཅིང་། འཛིན་དང་ཞེན་ཆགས་བྲལ་བྱས་ནས། །བསྒོམ་པ་མེད་པར་གྱུར་པ་དང་། །ཐོས་དང་ཞེན་ཅིང་འཛིན་པ་རྣམས། །ནམ་ཡང་མི་གྲོལ་ཆོས་ཉིད་ཡིན། གསེར་མདོག་ཅན་གྱིས་ཆོས་གསུངས་པ། །གཟུགས་ནས་རྣམ་མཁྱེན་བར་དག་ཏུ། །སྟོང་པ་ཉིད་དུ་གཏན་ལ་ཕབ། །དེ་ལ་མི་བསྒོམ་གོམས་པར་བྱ། །དེ་ཕྱིར་བསྒོམ་པའི་མཚན་ཉིད་དོ། །འགྲོ་མགོན་སྟོན་པ་བཅོམ་ལྡན་འདས། །བླ་མེད་མ་ནོར་སྟོན་པ་ཉིད། །བསམ་དང་བསྒོམ་དང་ཐོས་པ་སོགས། །རང་རང་མ་ནོར་བློ་བཞིན་ཉོན། །ད་ལྟར་སྙིགས་མའི་དུས་འདི་རུ། །དེ་བཞིན་གཤེགས་པ་ལུང་བསྟན་ལྟར། །ཇི་ལྟ་བ་ཡི་ཆ་བྱད་ཅན། །རྣམ་པ་འདི་དག་སྙིང་རེ་རྗེ། །དེ་ལྟར་ཏིང་འཛིན་མདོ་ལས་ཀྱང་། །སྙིགས་མའི་སེམས་ཅན་མ་དག་པ། །སྦྱིན་པའི་སྔགས་པ་བརྗོད་བྱེད་ཅིང་། །སྦྱིན་པ་དོན་དུ་གཉེར་བ་ཉུང་། །ཚུལ་ཁྲིམས་བསྔགས་པ་བརྗོད་བྱེད་ཅིང་། ཚུལ་ཁྲིམས་དོན་དུ་གཉེར་བ་ཉུང་། །བཟོད་པའི་བསྔགས་པ་བརྗོད་བྱེད་ཅིང་། །བཟོད་པ་དོན་དུ་གཉེར་བ་ཉུང་། །བརྩོན་འགྲུས་བསྔགས་པ་བརྗོད་བྱེད་ཅིང་། །བརྩོན་འགྲུས་དོན་དུ་གཉེར་བ་ཉུང་། བསམ་གཏན་བསྔགས་པ་བརྗོད་བྱེད་ཅིང་། བསམ་གཏན་དོན་དུ་གཉེར་བ་ཉུང་། །ཤེས་རབ་བསྔགས་པ་བརྗོད་བྱེད་ཅིང་། །ཤེས་རབ་དོན་དུ་གཉེར་བ་ཉུང་། དེ་ལྟར་མ་ནོར་སྟོན་པ་པོ། །མགོན་པོ་སེམས་ཅན་འདྲེན་རེ་རན། །སྙིགས་མའི་སེམས་ཅན་འདི་དག་ཀུན། །བླ་མེད་སྟོན་པས་དྲང་དུ་གསོལ། །ད་ལྟ་སྙིགས་མའི་དུས་འདི་རུ། །བསྒོམ་ཆེན་པ་དག་བཤད་པ་རེམས། །བཤད་པ་བ་དག་བསྒོམ་ལ་རེམ། །དེ་ལྟར་དམ་ཆོས་འཆོལ་བའི་དུས། །ད་ལྟ་བྱུང་བ་ཨ་ཙ་མ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །དེ་དང་དབྱེར་མེད་རིན་པོ་ཆེ། སྙིགས་མའི་དུས་འདིར་ཐུགས་རྗེ་ཆུང་། །ཀྱེ་མ་འགྲོ་བ་དྲང་དུ་གསོལ། །འདི་ལྟའི་དུས་ཀྱི་སེམས་ཅན་རྣམས། །མ་དག་པ་ཡི་ཞིང་བཞིན་དུ། །བསྟན་ཀྱང་གོ་བར་མི་འགྱུར་ན། །དེ་བས་བདག་ཉིད་བསྒོམ་པར་རིགས། གང་དག་བསྒོམ་པར་གྱུར་པ་ལ། །གཤེ་བར་གྱུར་པའི་སེམས་ཅན་རྣམས། །མནར་མེད་པ་དང་མི་ཁོམ་བརྒྱད། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་གཞན་ལ་བསྐུལ་བ་དག །ཕ་བོང་བྱིས་པས་བྱས་ལྟར་འགྱུར། དེ་བས་བདག་ཉིད་བསྒོམ་པར་རིགས། །ཇི་ལྟར་བདག་ཉིད་བསྒོམ་པ་ལ། །གཞན་གྱི་གེགས་སུ་བྱེད་པ་དག །ལྷ་བྱིན་དེ་ལ་ཐེ་ཚོམ་མེད། །ཇི་ལྟར་སྟོན་པ་བཅོམ་ལྡན་གྱིས། །སྐུ་ལ་བྱ་བར་མ་ནུས་པས། །འགྱུར་མེད་གཅིག་ཏུ་གྱུར་པ་ན། །དེ་ནི་ཤིན་ཏུ་ཨེ་མ་ཧོ། །ཇི་ལྟར་གྱུར་ཞིང་མི་བརྟན་པ། གོང་བུའི་འཆི་བ་ལྟར་གྱུར་ན། །དེ་ནི་རྣམ་བཞི་བཟུང་བར་རིགས། །ཇི་ལྟར་བསྒོམས་པའི་ང་རྒྱལ་གྱིས། །རྒྱགས་ཤིང་དྲེགས་པར་གྱུར་པ་དེ། སྙིགས་མའི་དུས་སུ་གྱུར་པས་ལན། །ཇི་ལྟར་གྱུར་ཀྱང་སྔ་མ་དང་། །མ་ཆགས་མི་འབྲལ་གྱུར་པ་ལེགས། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིས། །སེམས་ཅན་རྣམས་ཀྱང་དྲང་དུ་གསོལ། །འདི་ལྟའི་དུས་ཉིད་བྱུང་བའི་ཚེ། །བླ་མ་རྣམས་ཀྱི་བྱིན་བརླབས་ཀྱིས། །བདག་འདྲ་ཡི་རྣལ་འབྱོར་རི་ཁྲོད་པ། །ཉན་དང་བསམ་པ་མ་བྱུང་ཡང་། གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །དེ་བཞིན་གཤེགས་པའི་ཆོས་རྣམས་ལ། །སེམས་ཉིད་འདི་རུ་གཏན་ལ་ཕེབས། །གསུམ་དང་བརྒྱད་ཁྲི་བཞི་དང་དགུ། །ཀུན་གྱིས་དེ་ཉིད་ཁོང་དུ་ཆུད། །ཉི་ཤུ་རྩ་བཞི་གཏན་ལ་ཕེབས། །དེ་ལྟར་གྱུར་པའི་རྣལ་འབྱོར་བདག །སྤྲོས་དང་བྲལ་བ་ཨེ་མ་ཧོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཇི་ལྟར་མ་ཞིག་བར་དུ་ཡང་། །བདེ་ཆེན་ངང་ལ་བཀོད་པར་གྱིས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །མྱུར་བ་ཉིད་དུ་སངས་རྒྱས་ཤོག །དེ་ལྟ་བུ་རུ་རྟོགས་ལགས་ཀྱང་། །གཞན་དང་མཐུན་ཞིང་དྲང་བའི་ཕྱིར། །རི་ཁྲོད་དགོན་པ་འགྲིམ་བྱ་ཞིང་། །གཅིག་པུར་ཞེན་པ་བཟློག་བྱས་ནས། །ཕྱོགས་རིས་མེད་པའི་རི་ཁྲོད་དུ། །ལྟེམ་ཀྱང་མེད་པའི་བསྒྲུབ་པ་བྱེད། །འཁྲི་བ་བརྩད་ནས་བཅད་བྱ་ཞིང་། །ཕྱག་ཆེན་མན་ངག་བསྒོམ་བྱས་ན། །ཕྱོགས་རིས་མེད་པའི་ལྟ་བ་རྟོགས། །ཇི་ལྟར་བྱས་ཀྱང་བླ་མ་བརྟེན། །ངན་འགྲོ་དེ་དག་ག་ལ་ཡོད། །བདེན་པ་མེད་པར་ཤེས་ལགས་ན། །འདི་ཕྱི་བྱ་བའི་མིང་ཡང་མེད། །འཁོར་དང་མྱ་ངན་འདས་པ་ཡི། །དམ་ཆོས་འདི་དག་ཐམས་ཅད་ཀུན། །བདག་གི་སེམས་ཉིད་འདི་ཉིད་དང་། །འཁྲུལ་པ་མེད་པའི་ལྟ་བ་འདི། །བདེ་བ་ཆེན་པོ་ཨེ་མ་ཧོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །བྱི་བ་ལོ་ཟླ་བ་དང་པོའི་ཚེས་ལྔ་ལ་ཁྱུང་རྫོང་དུ་བཀོད་པའོ།། །། ༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། ཆོས་ཀྱི་རྩ་བ་ཧྲིལ་གྱིས་དྲིལ་ནས་བསྒོམ་པར་བྱེད་པ་ལ། །བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུས་ཏེ། བསོད་ནམས་ཀྱི་ཚོགས་ལ་རྣམ་པ་གསུམ་ཡིན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་ཡིན། སྦྱིན་པ་ཉམས་སུ་ལེན་པར་བྱེད་པ་ནི་གསུམ་ལས། ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། དེ་ཡང་སྦྱིན་པ་ནི་ཆུང་ངུ་ནས་བསླབ་དགོས་ཏེ། དེ་སྐད་དུ་ཡང་། སྦྱིན་པ་དང་པོ་ཆུ་ལ་བསླབ། དེ་ནས་ཟན་ཁམ་ཙམ་ལ་བསླབ། དེ་ནས་བྲེ་ཕུལ་ཙམ་ལ་བསླབ། ཐ་མར་མགོ་དང་རྐང་ལག་སོགས། །གཏོང་ཡང་དཀའ་བ་མ་ཡིན་ཏེ། །དཔེར་ན་རྒྱལ་པོ་ཟླ་འོད་བཞིན། ཞེས་བཤད་པས། རིམ་གྱིས་སྦྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ། ཚུལ་ཁྲིམས་དང་། བཟོད་པ་ལ་ཡང་འབད་དེ་བསླབ་པར་བྱའོ། །དེ་དག་ཐམས་ཅད་བརྩོན་འགྲུས་ཆེན་པོས་དང་དུ་བླང་བར་བྱའོ། །དེ་ཡང་གཙོ་བོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེ་སྐྱེ་བར་བྱེད་པ་ལ་བསམ་གཏན་བསྒོམ་དགོས་ཏེ། དེ་ཡང་བླ་མ་དམ་པའི་གདམ་ངག་གིས། རྩ་རླུང་ལ་སོགས་པ་སེམས་རྩེ་གཅིག་ཏུ་ཉམས་སུ་བླངས་པས། ཅི་ཞིག་ལྟར་ལ་བདག་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། སྔ་ཕྱི་མེད་ཅིང་འདུས་མ་བྱས་ལྷུན་གྱིས་གྲུབ་པ་དེ་ལྟ་བུའི་དོན་ལ་མཉམ་པར་བཞག་པར་བྱའོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རང་བྱུང་རྡོ་རྗེ་ཡིས། །གདུལ་བྱ་རྣམས་ལ་གདམས་པ་འདི་སྟ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་བསྒོམ་དགོས་པ་ཡིན་པས། །དུས་དང་གནས་སྐབས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་བསྒོམ་པ་ལ་འབད་པ་འདོན་པར་བྱའོ། །གཞན་ཡང་གང་དང་གང་དུ་འགྲོ་བ་ལ་སོགས་པ་བྱེད་པའི་དུས་སུ་ཡང་བླ་མ་དམ་པ་བསྒོམ་ཞིང་བྱ་བ་དང་སྤྱོད་ལམ་ཅི་བྱེད་ཀྱང་ཆོས་སུ་འགྱུར་བ་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང་། དེ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལ་འབད་ཅིང་མཐར་ཡེ་ཤེས་ཀྱི་ཚོགས་དམིགས་པ་མེད་པས་རྒྱས་འདེབས་པ་དང་། གཞན་ཡང་ཆོས་ཀྱི་བྱ་བ་ལ་བཀོད་ཅིང་། རང་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་ཆོས་ཀྱི་བྱ་བ་མ་གཏོགས་པ་སྐད་ཀྱང་མི་བྱེད་པར་འབད་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །གང་གི་བརྟེན་ཅིང་འབྲེལ་འབྱུང་བ། །རྣམ་པར་དམིགས་པ་མི་མཛད་ཅིང་། །དམིགས་མེད་ཉིད་ཀྱང་དམིགས་མི་མཛད། །གདོད་ནས་མ་སྐྱེས་འདི་ཕྱག་འཚལ། །ཆོས་རྣམས་བདེན་པར་མ་གྲུབ་ཀྱང་། །ཀུན་རྫོབ་དོན་དམ་དབང་གིས་སུ། །རྣམ་པར་ཞེན་པ་སྤང་བའི་ཕྱིར། །རིམ་གྱིས་སྦྱིན་པ་ལ་གོམས་བྱ། །དེ་ལྟར་ཚུལ་ཁྲིམས་བཟོད་པ་ཡང་། །བརྩོན་པས་རྣམ་པར་གོམས་པར་བྱ། །དེ་བཞིན་བསམ་གཏན་ཉིད་ཀྱང་བསྒོམ། མཐར་ཐུག་ཤེས་རབ་ཕ་རོལ་ཕྱིན། དངོས་པོ་མ་ཡིན་སྟོང་མ་ཡིན། །གཉིས་ཀ་མ་ཡིན་གཉིས་མེད་མིན། །དེས་ན་སྤྲོས་པ་རྣམ་བཞི་བྲལ། །སྐྱེ་འགག་རྟག་ཆད་འགྲོ་འོང་དང་། །དོན་ཅིག་དོན་ནི་མང་པོ་དག དམིགས་པར་མི་འགྱུར་མཐའ་བརྒྱད་བྲལ། །དེ་ནི་མཐར་ཐུག་དོན་དམ་འདོད། ཚིག་ཡིན་དོན་དམ་སྤྲོས་དང་བྲལ། །འདི་དོན་རིག་ཅིང་སུས་རྟོགས་པ། །ས་བཅུ་ལས་འདས་ཐོབ་པར་འགྱུར། །རྣམ་པ་འདི་ནི་མ་ཤེས་པའི། དམིགས་པ་ཅན་རྣམས་རབ་ཏུ་བརླག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །འདི་དོན་ལེགས་པར་རྟོགས་པར་ཤོག །ཤུབྷཱཾ།། རང་བྱུང་རྡོ་རྗེས་ཡིས། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པ་ནི། ཆོས་རྣམས་རང་བཞིན་མཉམ་པ་ཉིད། སྤྲོས་དང་བྲལ་བ་ཡིན་པའི་ཕྱིར། །གང་ལ་བདེན་པ་ཡོད་མ་ཡིན། །བདེན་པ་མེད་ཀྱང་ཀུན་རྫོབ་ཏུ། །བྱང་ཆུབ་སེམས་དང་མ་བྲལ་བར། །བསོད་ནམས་ཚོགས་ཆེན་བསགས་པར་བྱ། །རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམས། །གདུང་བས་རྟག་ཏུ་གསོལ་བ་གདབ། །དུས་དང་གནས་སྐབས་ཐམས་ཅད་དུ། །འགྲོ་འཆག་སྤྱོད་ལམ་ཐམས་ཅད་དུ། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། རྒྱུན་དུ་བདག་མེད་དོན་ལ་ལྟ། །ཕྱོགས་རིས་མེད་པའི་རི་ཁྲོད་དུ། །ལྟེམ་བརྐྱང་མེད་པའི་བསྒྲུབ་པ་མཛོད། །སྙིང་པོའི་དོན་མཆོག་མ་རྟོགས་པར། །རི་ཁྲོད་དགོན་པ་འགྲིམ་བྱ་ཞིང་། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། རྒྱུན་ཆད་མེད་པར་ཆུ་རྒྱུན་ལྟར། །དར་དྲག་ཡུན་དུ་བསྒྲུབ་པར་བྱ། །དེ་ལྟར་མཛོད་ཅིག་བསྒོམ་ཆེན་ཀུན། ཤུབྷཱཾ།། ཨོཾ་སརྦ་སྭ་སྟི་སིད་དྷི་ཧཱུཾ། རང་བྱུང་རྡོ་རྗེ་ཡིས། དགེ་བཤེས་གཞོན་ནུ་རིན་ཆེན་ལ་གདམས་པ། ཉམས་དང་རྟོགས་པའི་ཁྱད་པར་གང་ཡིན། །རྒྱུད་ལ་གང་སྐྱེས་སྔ། མཉམ་གཞག་དང་རྗེས་ཐོབ་ཀྱི་ཁྱད་པར་གང་ལགས། །ཆོས་རྣམས་བསྡུས་ན་གང་དུ་འདུས། །ཉམས་སུ་ལེན་པའི་ཚུལ་གང་ལགས། །ཞེས་ཞུས་པའི་ལན་ལེགས་པར་བཤད་ཀྱིས་གཟུ་བའི་བློས་ལེགས་པར་སྤྱོད་ཅིག །ཀྱེ་ཧོ། མ་ལུས་དོན་དམ་སྙིང་པོའི་དོན། །རྟོགས་པ་ཉིད་ཀྱིས་རབ་དགའི་ས་ཞེས་གྲགས། །ཉམས་ཞེས་བྱ་བ་ཚོགས་སྦྱོར་རྣམས་གཉིས་ཀྱིས། བཟང་ངན་རྟོག་པ་ཡིན་གྱིས་གོ་བར་གྱིས། །རྒྱུད་ལ་སྐྱེ་ལུགས་དེའི་ཤུགས་ལ་གསལ། །མཉམ་གཞག་རྗེས་ཐོབ་འདི་ལ་འགའ་ཞིག་སྣང་། །སོ་སོའི་སྐྱེ་བོ་ཉན་ཐོས་རང་རྒྱལ་དང་། འཕགས་པ་རྣམས་དང་དེ་དག་གང་ལ་ཟེར། །ཆོས་རྣམས་མཐའ་དག་བསྡུས་ན་སྙིང་པོའི་དོན། །ཉམས་སུ་ལེན་པའི་ཚེ་ན་བྱང་ཆུབ་སེམས། །ཐེག་གསུམ་བདག་ཉིད་བཤིག་པའི་ཆ་ཡིས་མཐོང་། །རྒྱལ་དང་རྒྱལ་བའི་སྲས་རྣམས་དེ་སྐད་གསུང་། གཞན་ཡང་ཉམས་སུ་ལེན་པར་བྱེད་པ་ལ། །སྙིང་རྗེ་རྣམ་པ་གསུམ་ལ་སྦྱང་བར་བྱ། །ཐབས་ཀྱི་རྩལ་སྦྱོང་རྡོ་རྗེ་ཐེག་པར་དྲིལ། །རྒྱས་གདབ་ཕ་རོལ་ཕྱིན་པ་དྲུག་ལ་མཛོད། །ལམ་སྔ་ས་བཅུའི་བགྲོད་ལུགས་ཇི་ལྟ་བར། །བགྲོད་པར་གྱུར་ན་ཐུབ་དབང་ཉིད་ལྟར་གྱུར། །དྲི་བ་གཞན་དག་རང་གི་སེམས་ལ་གྱིས། །འདབ་ལྡན་པད་ཚོགས་རྒྱས་པའི་གེ་སར་ལ། །ཤིན་ཏུ་འཇམ་མཛེས་རྣམ་པ་ཁ་དོག་ལྡན། །རོ་མཆོག་ལེགས་པར་རྟོགས་པ་གཞན་གྱི་གཉེན། །ཤིན་ཏུ་གྱུར་པ་བདག་གིས་རྣམ་པར་སྤེལ། །འདི་དོན་བཀའ་ལུང་རྒྱུད་རྣམས་ཐམས་ཅད་དང་། །ས་ར་ཧ་དང་ཀླུ་གྲུབ་ཐོགས་མེད་སོགས། །མཁས་གྲུབ་ལེགས་པར་རྟོགས་པ་ཐམས་ཅད་ཀྱིས། །གསུང་མི་འགལ་རང་གཟོ་སྤངས་པ་ཡིན། །འདི་མཐོང་ཐོས་དྲན་པའི་གདུལ་བྱ་རྣམས། །ཚེ་འདི་ལ་སངས་རྒྱས་ཐོབ་པར་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རང་བྱུང་རྡོ་རྗེས། བསྒོམ་ཆེན་ཡོན་ཏན་འོད་ལ་གདམས་པ། ཡང་དག་པའི་དོན་རྟོགས་པར་བྱེད་པ་ལ་སྔོན་དུ་སྒྱུ་མ་ལྟ་བུ་བསྒོམ་པ་གལ་ཆེ་བས། སྒྱུ་མ་ལྟ་བུའི་དོན་ལ་མཉམ་པར་བཞག་ཅིང་། དེ་ལྟར་བདེན་པ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ལྟ་བུའི་དོན་ལ་མཉམ་པར་བཞག་ཅིང་བསྒོམ་པར་བྱའོ། །སྤྱིར་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་བླ་མ་དམ་པ་བསྒོམ་ཞིང་མོས་གུས་ཕུན་སུམ་ཚོགས་པ་བྱ་བ་དང་། བླ་མ་དང་དུས་གསུམ་སངས་རྒྱས་ཡི་དམ་ལ་སོགས་པའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཡང་ཡང་བསྲེ་བར་བྱའོ། །དེ་ལྟར་དུ་བྱས་ན་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་མཁྱེན་པར་མཛོད་ཅིག །ཨོཾ་སརྦ་སྭ་སྟི་སིད་དྷི་ཧཱུཾ། མི་ཡོངས་སུ་གྲགས་པ་ཀརྨ་པ་དང་ཐ་དད་མེད་པའི་སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། བསྒོམ་ཆེན་བཀྲ་ཤིས་ཡེ་ཤེས་ལ་གདམས་པ་ནི་འདི་ལྟ་སྟེ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། བདེན་པའི་སྙིང་པོ་གང་ཡང་མེད། །མེད་བཞིན་སྣང་བའི་དངོས་པོ་ལ། །བདེན་པར་འཛིན་པ་མ་བྱེད་དང་། །ཆོས་རྣམས་ཐམས་ཅད་རྣམས་གཉིས་ཏེ། །ཀུན་རྫོབ་དང་ནི་དོན་དམ་མོ། །ཀུན་རྫོབ་བདེན་པ་མེད་པ་ལ། །བདེན་མེད་སྒྱུ་མ་ལྟ་བུ་བསྒོམས། །དོན་དམ་ཉིད་ནི་སྤྲོས་བྲལ་ཡང་། །རྟོགས་པར་བྱེད་པའི་ཐབས་ལ་ནི། །འབད་པ་དཔག་མེད་བྱེད་པ་དང་། །སྒྱུ་མ་ལྟ་བུ་བསྒོམ་པར་བྱ། །གང་ལའང་ཞེན་པ་མེད་པ་དང་། །སྤང་བླང་མེད་པའི་ཏིང་འཛིན་བསྒོམས། །རྒྱུན་དུ་བླ་མ་དམ་པ་དང་། ཡི་དམ་ལྷ་ཚོགས་ཐམས་ཅད་དང་། །རང་གི་སེམས་ཉིད་རྒྱུན་དུ་བསྲེ། །དེ་ལྟར་བྱས་ན་ཡོན་ཏན་ཐོབ། །བསྒོམ་ཆེན་རྣམས་ལ་ཕན་གྱུར་ཅིག །ཤུབྷཱཾ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་སོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །སྐྱེ་མེད་བདེ་བ་ཆེན་པོའི་ནམ་མཁའ་ལ། འགག་མེད་ཉི་མའི་སྙིང་པོ་ཁྱད་པར་ཅན། །གཉིས་མེད་བསྡུ་དངོས་བཞིའི་འོད་ཟེར་དཔལ། །ཟག་མེད་བལྟ་བ་ཕྱོགས་བཅུར་བསྟན་མཛད་མ། །བདག་མེད་དོན་གྱི་དབྱིངས་ནས་མཆོད་པ་འབུལ། །རྐྱེན་གྱིས་བསྐྱེད་པའི་མ་རིག་རྨུ་རྒོད་འདི། །ཕ་རོལ་ཕྱིན་པའི་དོན་དུ་བསྐྱེད་མཛད་གསོལ། །ཨེ་མ་སངས་རྒྱས་བསྟན་པ་ལ། །ཉམས་ལེན་མཛད་པའི་སྐྱེས་བུ་རྣམས། །བདག་གི་ཚིག་འདི་གསན་པར་ཞུ། །ཡེ་ནས་གནས་པའི་སེམས་ཉིད་འདི། །ཤེས་རབ་ཕ་རོལ་ཕྱིན་པའི་དོན། །འོན་ཀྱང་གློ་བུར་རྐྱེན་གྱིས་ནི། །རྣམ་རྟོག་དྲི་མ་ཉོན་མོངས་ཏེ། །ཆུ་དང་གསེར་གྱི་དཔེ་ལྟར་དུ། །དག་དང་མ་དག་གནས་སྐབས་ཡིན། །མ་དག་མ་རིག་པ་ཡི་དུས། །ལུས་ཅན་འགྲོ་བ་དུ་མར་རྣམས། །དེ་ལས་མཆོག་ཏུ་གྱུར་པ་ནི། །མིའི་ལུས་འདི་ཡིན་པར་གསུངས། །སྐྱོན་བྲལ་དབང་པོར་ལྡན་པ་ཡིན། །སྐྱེས་བུ་རྣམས་ཀྱི་འདི་ལྟར་བྱ། །ཐོག་མར་བསྟན་པ་འདི་ལ་ནི། །འཇུག་པའི་ཚུལ་ནི་ཤེས་བྱ་ཞིང་། །དེ་ལས་ཉམས་སུ་བླང་པ་ཡི། །ཐབས་ནི་འདི་ལྟར་བྱ་བ་ཡིན། །སངས་རྒྱས་ཀྱིས་ནི་གསུངས་པ་བཞིན། །སྦྱིན་པ་ལ་ནི་འཇུག་པའི་ཚུལ། །དེ་ནས་བརྩམས་ཏེ་ཤེས་རབ་ཀྱི། །དོན་མཐོང་བྱ་ཕྱིར་བླ་མ་ཅེས། །དེ་ལ་ཡང་དག་ལོག་པ་ཡི། །བཤེས་གཉེན་རིམ་ན་ཤེས་པར་བྱ། །ཇི་བཞིན་སྟོང་པ་ཉིད་བལྟ་ཞིང་། ཀུན་རྫོབ་རྒྱུ་འབྲས་མི་སྤོང་ཞིང་། །ཐེག་པའི་རིམས་ལ་འཇུག་ཚུལ་མཁས། དེ་ལྟར་གཞན་ལས་དཔག་མེད་བརྗོད། །དེ་ལས་གཞན་དུ་གྱུར་པ་ནི། །ལོག་པ་བཤེས་གཉེན་ཡིན་རིག་བྱ། །དེ་ལྟར་མཚན་ཉིད་ཤེས་བྱས་ནས། །ཡང་དག་བླ་མ་དེ་བསྟེན་ཅིང་། །གདམས་པའི་ཚུལ་ནི་ལེགས་ཐོབ་སྟེ། །བརྩོན་འགྲུས་ལྡན་པས་དམན་པའི་ཐབས། དེ་ལ་ཐོག་མར་སྦྱིན་པའི་ཚུལ། །སྦྱིན་པའི་གནས་དང་དེའི་རང་བཞིན་ནི། །ཐབས་ལ་མཁས་པས་དེ་ཙམ་བྱ། །དྲུག་དང་ལྡན་པས་ཉམས་སུ་བླང་། །དེ་ལྟར་ཚུལ་ཁྲིམས་ལའང་ནི། །རིམ་པ་བཞིན་དུ་ཤེས་པར་བྱ། །བཟོད་པའི་ཚུལ་ཀྱང་འགྲོ་བ་ལ། །འགྲས་པ་མེད་པ་དེ་བསྒོམ་བྱ། །དེ་ལྟར་རྣམ་པ་གསུམ་པོ་ལོ། །བརྩོན་འགྲུས་ལྡན་པ་ཤིན་ཏུ་གཅེས། །དེ་ནས་མཆོག་ཏུ་གྱུར་པ་ལ། །བསམ་གཏན་ལ་ནི་འདི་ལྟར་བརྗོད། །དེ་ལ་ཐོག་མར་བསམ་གཏན་གྱི། །མཚན་ཉིད་རིམ་པ་ཤེས་པར་བྱ། །དམན་པའི་བསམ་གཏན་དཔག་མེད་ཀྱང་། །མཉམ་བྱེད་ཡིད་ཀྱི་འཛིན་པར་བཅས། །མཆོག་གི་བསམ་གཏན་དམིགས་པ་ཡི། །ཡུལ་དང་བྲལ་བར་ཤེས་པར་བྱ། །དེ་ལ་ཐོག་མར་བསམ་གཏན་གྱི། །གནས་ནི་རི་ཁྲོད་དགོན་པའམ། །དབེན་ཞིང་འདུ་འཛི་མེད་པའི་གནས། །དེ་རུ་ཉམས་སུ་བླང་བར་བྱ། །ཉམས་སུ་བླང་བའི་ཚུལ་ལ་ནི། །ཐོག་མར་བླ་མ་ལུང་བསྟན་གྱི། །བྱིན་བརླབས་འཇུག་པ་ཤིན་ཏུ་གཅེས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་པའི། །རྡོ་རྗེ་འཆང་དུ་བསྒོམ་པ་གཅེས། །དེའང་འཛིན་པའི་ཡུལ་དང་བྲལ། །བསྲེ་བའི་གནད་དང་ལྡན་ལགས་ན། །བླ་མའི་བྱིན་བརླབས་འཇུག་པར་ངེས། །དེ་ནས་སྣང་སྲིད་འཁོར་འདས་ཀྱི། །སྣང་བ་འདི་དག་སྒྱུ་མ་ལྟར། །བསླབ་ཅིང་བསྒོམ་པར་བྱ་བ་ཡིན། །དེ་ལྟར་བསམ་གཏན་དཔག་མེད་ཚོགས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མིག་དང་མི་ལྡན་གྱུར་པ་རྣམས། །མིག་མེད་ཕ་རོལ་ཕྱིན་ལྔ་པོས། །ཐར་པའི་ལམ་མཆོག་རྙེད་མ་ཡིན། །དེ་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །གཙོ་བོ་ཉིད་དུ་ཤེས་པར་བྱ། །དེ་ལས་ཕ་རོལ་ཕྱིན་པ་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །ནམ་མཁའི་ཁམས་ནི་ཇི་བཞིན་དུ། །མཐའ་ལས་འདས་ཤིང་གཟུང་བ་བྲལ། །འཇིག་རྟེན་རྣམ་པར་རྟོག་པའི་ཚོགས། །ཡང་དག་དོན་ལ་གྲུབ་པ་མེད། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་ཡེ་ཤེས་དེ་ཉིད་ཡིན། །ཕྱག་རྒྱ་ཆེ་ཞེས་དེ་ལ་བརྗོད། །ཡོད་པའི་མཐའ་རྣམས་མ་གྲུབ་པས། །མེད་པ་གྲུབ་པར་ག་ལ་འགྱུར། །སོ་སོར་བཀག་པའི་རང་བཞིན་གྱིས། །གཉིས་ཀ་ཡོད་པ་མ་ཡིན་ནོ། །ཡོད་མེད་དངོས་སུ་འགལ་བའི་ཕྱིར། །དེས་ན་སྤྲོས་པ་རྣམ་བཞི་བྲལ། །འདི་དོན་གང་གིས་རྟོགས་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། འདི་ལྟར་ཉམས་སུ་བླང་བའི་ཚུལ། །རྒྱལ་བའི་གསུང་དང་མི་འགལ་བར། །སྙིང་པོ་ལྟ་བུར་བསྡུས་པ་འདི། ཚོགས་གཉིས་ཡོངས་རྫོགས་བསོད་ནམས་ལྡན། །ཀུན་གྱི་མཆོག་དུ་གྱུར་པ་ཡི། །མཁན་པོས་ལེགས་པར་བསྐུལ་ནས་སུ། །ཀརྨ་པ་ཞེས་བྱ་བ་ཡིས། །རྣམ་པར་བསྡུས་ནས་སྦྱར་བའོ། །གང་ཟག་ཁྱད་པར་ཅན་རྣམས་ཀྱི་ཉམས་སུ་བླང་བའི་ཚུལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་འདི། རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། བྱི་བ་ལོ་ཟླ་བ་བདུན་པའི་དུས་གསུམ་མཁྱེན་པའི་བསྒྲུབ་གནས་ཇོ་མོ་གངས་ལ་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ མགུར་འབུམ་བཞུགས་པ་ལགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྣལ་འབྱོར་རང་བྱུང་རྡོ་རྗེ་བཀྲ་ཤིས་གསར་མར་བཞུགས་པའི་དུས་སུ། །ནུབ་གཅིག་གི་རྨི་ལམ་ལ། རང་ཅག་དང་གཞན་ཡང་རོགས་གཉིས་དང་གསུམ་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ཡིན་བྱ་བ་གཅིག་ཏུ། བླ་མ་བྲམ་ཟེ་ཆེན་པོ་འཚོལ་དུ་ཕྱིན་པས། གཞན་རོགས་གཉིས་ནི་རིའི་ལྷོ་ཕྱོགས་སུ་ཚོལ་དུ་སོང་ཞིང་། བདག་ཤར་ཕྱོགས་དེ་ཉིད་དུ་སྤང་ཐང་ཡངས་ཤིང་། བདེ་བ་གཅིག་ཏུ་སྡད་ཙ་ན། མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ། དེ་ནས་རང་ཅག་གིས་ཐོར་མང་པོ་བརྩིགས་ཤིང་། དེ་རྣམས་དཀྱིལ་དུ་མཉམ་པར་བཞག་ཅིང་འདུག་པ་ལས། ནམ་མཁའ་ནས་དབྱངས་ཀྱི་སྒྲ་ཅུང་ཟད་གཅིག་འདི་ལྟར་གྲགས་སོ། །རིགས་ཀྱི་བུ་ཁྱོད་ཡར་ཉོན་དང་། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་པ་ལ། །གཞན་དུ་འཚོལ་བ་ཨ་རེ་འཁྲུལ། །དེ་སྐད་དུ་གྲག་པ་ལས། རང་ཅག་གིས་ཀྱང་སྒྲ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་ལགས་ཀྱང་། །དུ་མ་རོ་གཅིག་དཀྱིལ་འཁོར་དུ། །ཚོལ་བྱ་ཚོལ་བྱེད་བྲལ་བ་ལ། །གྲོགས་པོ་རྣམས་གཉིས་ཚོལ་དུ་ཐལ། །རང་ཅག་གཅིག་པུར་བསྡད་པ་ལ། །བྲམ་ཟེ་ཆེན་པོས་བརྡ་ཡིས་བསྟན། །ཨེ་མ་ངོ་མཚར་ཤིན་དུ་ཆེ། །ཞེས་སྨྲས་པས། ནམ་མཁའ་ནས་བྲམ་ཟེ་ཆེན་པོའི་གསུང་གི་སྒྲ་འདི་སྐད་ཅེས་གྲག་གོ །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་ལགས་པས། །དུ་མ་རོ་གཅིག་དཀྱིལ་འཁོར་དུ། །བསྒོམ་བྱ་བསྒོམ་བྱེད་བྲལ་བ་ཡི། །སྨྲས་བསམ་བརྗོད་ལས་འདས་པ་ཡི། །དོ་ཧའི་གདམ་ངག་བསྒོམས་ཅིག་བུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཕྱག་ཆེན་ཡིན་ལགས་པས། །སྤྲོས་མེད་ངང་དུ་ཞོག་ཅིག་བུ། །འབད་བརྩོལ་མེད་པ་གཉུག་མའི་དོན། །མཐའ་གཅིག་བྲལ་བའི་ངང་ཉིད་དུ། །རང་གི་ཡེ་ཤེས་རྟོགས་ལགས་ན། །སེམས་ཉིད་འགྲོ་དོན་འབྱུང་ལགས་ཀྱིས། །མ་ཡེངས་མཉམ་པར་ཞོག་གཅིག་བུ། །ཨེ་མ་ཧོ་སྤྲོས་དང་བྲལ་བའི་སེམས་ཉིད་འདི། །གང་ནས་མ་འོངས་གར་མི་འགྲོ། །སྨྱོན་པ་ལྟ་བུའི་སེམས་ཉིད་འདི། །ཆུ་རྣམས་རྒྱ་མཚོར་ཐིམ་པ་བཞིན། །སྐྱེ་འགག་མེད་པ་ཡིན་ལགས་ན། །ཕྱག་ཆེན་ངང་དུ་ཞོག་ཅིག་བུ། །ཞེས་གསུངས་པ་དང་། རང་ཅག་གིས་བརྩིགས་པའི་ཐོ་དང་ས་རྡོ་རི་བྲག་ཐམས་ཅད་བྲམ་ཟེ་ཆེན་པོའི་རང་བཞིན་དུ་གྱུར་ནས་འདུག་ཅིང་། རང་ཅག་གི་སེམས་རྒྱུད་ལ་གཉུག་མའི་དོན་སྐྱེ་འགག་གནས་གསུམ་དང་བྲལ་བ། རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་པ། ཟང་ཐ་ལེ། ལྷང་ངེ་ལྷམ་མེར་འདུག་པའི་དུས་སུ་གཉིད་སད་པ་དང་མ་སད་པ་ལ་ཁྱད་མི་འདུག་ནས། ཉམས་དགའ་ནས་ཡིད་ལ་འདི་ལྟར་དུ་དྲན་ཞིང་འདི་སྐད་དུ་དབྱངས་སུ་བླང་ངོ་། །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ཡིན། །སེམས་ཉིད་སྐྱེ་འགག་མེད་པ་ཡིན། གདམ་ངག་དུ་མ་རོ་ཅིག་ཡིན། །སྣང་བ་ཐམས་ཅད་དཔེ་ཆ་ཡིན། །འཁོར་འདས་མེད་པ་ཨེ་མ་ཧོ། ཞེས་གསུངས་སོ། །འདི་ལྟ་བུའི་གདམ་ངག་དམ་པ་འདི། །རི་ཁྲོད་འགྲིམ་པའི་བསྒོམ་ཆེན་རྣམས། །གདམ་ངག་མཛོད་ཅིང་ཉམས་སུ་སློང་། །དབྱངས་འདི་ལ་བླ་མའི་བྱིན་བརླབ་ཆགས། །གསུང་ཡིན་ངོ་ཤེས་སོ་ཐེ་ཚོམ་མེད། །ཤིན་ཏུ་ཟབ་མོ་ཉམས་སུ་ལོང་། །སྤྲེའུ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་ལ་བཀྲ་ཤིས་གསར་མ་ན་བཞུགས་པའི་དུས་སུ་རྨི་ལམ་དུ་བླ་མ་བྲམ་ཟེ་ཆེན་པོ་དང་འཇལ་ཞིང་ཞུས་ལན་དུ་གསུངས་པའོ། །ཤུབྷཱཾ། ༈ ཨེ་མ་ཧོ། རི་ཁྲོད་དགོན་པ་ཉམས་དགའ་བར། །ཕྱི་ནང་ཞེན་པ་བཟློག་བྱ་ཞིང་། །གཅིག་པུར་རི་ཁྲོད་འགྲིམ་པར་བྱ། །ཕྱག་ཆེན་བསྒོམ་པ་མ་བྱུང་ཡང་། །དུག་ལྔའི་རྣམ་རྟོག་མི་བགྱིད་འཚལ། །བྱ་བ་ཆོས་སྤྱོད་མ་གྲུབ་ཀྱང་། །གཏི་མུག་རོ་ཉལ་མི་བགྱིད་འཚལ། །གསང་སྔགས་བཟླས་བརྗོད་མ་གྲུབ་ཀྱང་། །ཙབ་ཙུབ་བྱ་བ་མི་བགྱིད་འཚལ། །གཏུམ་མོ་བསྒོམ་པ་མ་བྱུང་ཡང་། །བེམ་དུག་གསུམ་བརྩེག་མི་གོན་འཚལ། །བཅུད་ལེན་བྱེད་པ་མ་བྱུང་ཡང་། །མི་ཚེ་སྤྲང་ལྡོམ་མི་བགྱིད་འཚལ། །གོང་མའི་བརྒྱུད་པ་མ་ཟིན་ཡང་། །སྒྱུ་ལུས་ཐ་མལ་མི་སྡོད་འཚལ། །རང་བསོད་ནམས་བསོག་པ་མ་བྱུང་ཡང་། །གཞན་གྱི་ཁ་འགོག་མི་བགྱིད་འཚལ། །རང་གཅིག་པུར་སྡོད་པ་མ་བྱུང་ཡང་། །འདུ་འཛི་གཡེང་བ་མི་བགྱིད་འཚལ། །ལར་སྙིང་པོའི་དོན་མཆོག་མ་རྟོགས་པར། །ཤི་ཁར་མི་འཚེར་ཙམ་ཅིག་འཚལ། །འཇིག་རྟེན་སྣང་བ་འདི་དག་ཀུན། །སྒྱུ་མའི་དཔེ་རུ་མ་ཤེས་ཀྱང་། །མི་རྟག་ཐུན་རེ་བསྒོམ་པ་འཚལ། །འཁོར་བ་གཡང་ས་ཆེན་པོ་ལ། །ལྟུང་དོགས་མི་དགོས་ཙམ་ཅིག་འཚལ། །འཚལ་བ་བཅུ་གཅིག་གི་མགུར་འདི་ཤིང་བུ་སྤྲེའུ་ལོ་ཟླ་བ་བདུན་པའི་ཚེས་བརྒྱད་ལ་རང་བྱུང་རྡོ་རྗེས་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ། རི་ཁྲོད་འགྲིམ་པ་རྣམས་ཀྱི་དོན་དུ་གསུངས་པའོ། །ཤུབྷཾ།། ༈ ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །རི་ཁྲོད་དགོན་པར་སྡད་ལགས་ཀྱང་། །གཡེང་བ་ཇེ་ཆེར་འགྲོ་ཡིས་གདའ། །གདམས་པ་བསྒོམས་པར་འདོད་ལགས་ཏེ། །ཙབ་ཙུབ་མང་བས་མི་ཡོང་གདའ། །དེ་ལྟ་བུ་རུ་གྱུར་ལགས་ཀྱང་། །ཅི་ནུས་ཀྱི་རི་ཁྲོད་འགྲིམ་ཡང་འཚལ། །གཞན་ཡང་དེ་ལྟར་མཁྱེན་པར་མཛོད། ༈ ན་མོ་གུ་རུ། རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བཀའ་བརྒྱུད་རྣམས་ཀྱིས་བྱིན་གྱིས་བརློབས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཉམས་ལ་ཤར་བའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོང་། །ཕྱི་སྣོད་དང་ནི་ནང་བཅུད་དང་། །འཛིན་སེམས་རིག་དང་མ་རིག་པ། །གང་ལ་འཛིན་པའི་སེམས་ཉིད་ཀྱིས། །ཕྱག་ཆེན་མཐོང་བར་མི་འགྱུར་ཞེས། །ས་ར་ཧའི་ཞལ་ནས་ཀྱང་། །མ་ཤེས་གོལ་སར་སོང་བ་ལ། །ཐར་པ་ནམ་ཡང་ཡོད་མིན་ཟེར། །དེའི་རྟོག་པ་སྤངས་ནས་སུ། །རྒྱུན་དུ་མཉམ་པར་བཞག་པར་བྱ། །དེ་ལྟར་ཀུན་གྱིས་གོ་བ་མཛོད། ཤུབྷཾ།། ༈ ན་མོ་གུ་རུ། རྡོ་རྗེ་འཆང་སོགས་བཀའ་རྒྱུད་རྣམས། །བྱིན་གྱིས་བརློབ་པར་མཛད་དུ་གསོལ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །འདི་ལྟར་ཤར་བའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། ཕྱག་རྒྱ་ཆེན་པོ་སྐད་པ་དེ། འཛིན་པ་མེད་པ་ཆོས་ཀྱི་སྐུ། སྣང་སྟོང་དབྱེར་མེད་འདུ་ཤེས་མེད། །ཐམས་ཅད་སྟོང་ཉིད་ངང་ལ་ཞོག །ཤུབྷཾ།། ༈ ན་མོ་རཏྣ་གུ་རུ། བླ་མ་རྣམས་ལ་སྐྱབས་སུ་མཆི། །གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་བརློབས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །མཚན་ལྡན་རྗེ་དང་འཇལ་ལགས་པས། །རང་སེམས་གྲོལ་ལ་མ་ཕན་ཟིན། །གདམ་ངག་མང་པོ་ཐོབ་ལགས་ཀྱང་། །ཉམས་སུ་ལེན་ལ་མ་ཕན་ཟིན། རི་ཁྲོད་དགོན་པར་འདུག་ལགས་ཀྱང་། གཅིག་པུར་བསྒོམ་ལ་མ་ཕན་ཟིན། སྤྲོས་པ་མེད་པ་བསྒོམས་ལགས་ཀྱང་། །གཅིག་ཀྱང་མེད་ལ་མ་ཕན་ཟིན། །ཕྱོགས་མེད་རྒྱལ་ཁམས་འགྲིམ་ལགས་ཀྱང་། །སྣང་བ་སྤངས་ལ་མ་ཕན་ཟིན། དཔེ་ཆའི་འཕྱིང་ཁུག་སོགས་ལགས་ཀྱང་། །སྣང་བ་བདེ་བ་མ་ཕན་ཟིན། །ད་རུང་བླ་མ་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརློབས། །ཀྱེ་མ་དེ་ལྟར་ཡིན་ལགས་ཀྱང་། །ཅི་ནུས་ཉམས་སུ་ལེན་ཡང་འཚལ། །ཕ་བླ་མའི་རྗེས་འཛིན་མ་བྱུང་ཡང་། །སྙིང་རྗེ་ཆེན་པོས་མི་གཏོང་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོའི་དོན་དམ་ཕྱག་ཆེན་ལ། །གོམས་འདྲིས་མཐའ་རུ་མ་ཕྱིན་ཡང་། །རྒྱལ་བའི་དགོངས་པ་མི་གཏོང་འཚལ། །གནས་རི་ཁྲོད་དགོན་པ་མ་འགྲིམས་ཤིང་། །དཀའ་ཐུབ་བྱེད་པ་མ་བྱུང་ཡང་། །ཨ་ཧཱུཾ་གི་དམིགས་པ་མི་བརྗེད་འཚལ། །དེ་བཞིན་གཤེགས་པའི་གསུངས་རབས་ལ། ཀློང་དུ་གྱུར་པ་མ་བྱུང་ཡང་། དམ་ཆོས་རྒྱབ་ཏུ་མི་ཀྱུར་འཚལ། འོད་གསལ་ཟུང་འཇུག་ཕྱག་ཆེན་ལ། །སྤྱིར་དེ་རྣམས་ཀུན་དང་བྲལ་བའི་ཕྱིར། །ད་རུང་དགའ་བྲོད་ཀྱི་དབྱངས་གཅིག་ལེན། །སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་རྟོགས། །ཞེན་འཛིན་གྱི་འདུད་པ་ཐམས་ཅད་གྲོལ། རྒྱལ་བའི་དགོངས་པ་སེམས་ལ་ཤར། །ད་ཅེས་ཀྱང་འགྱོད་པ་མི་གདའ་འོ། །བསྒོམ་ཆེན་རྣལ་འབྱོར་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་ལ་ཞོག །དེ་ལྟར་ཀུན་གྱིས་གོ་བར་མཛོད། །རྗེ་ཀརྨ་པའི་དབྱངས་དང་འདྲ། །ཤུབྷཾ།། ༈ ན་མོ་རཏྣ་གུ་རུ། །ཕ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །གདམ་ངག་ཟབ་མོ་དབྱངས་སུ་ལེན། །སྐལ་ལྡན་རྣམས་ཚོ་དབྱངས་གསོན་མཛོད། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ནམ་མཁའི་དབྱིངས་ལ་ཕར་བལྟས་པས། །སྟོང་པ་འོད་གསལ་ཏུར་གྱིས་དྲན། །སྐྱེ་འགག་མེད་པ་མངོན་དུ་གྱུར། །ཆུ་བོའི་གཞུང་ལ་མར་ལྟས་པས། །རྒྱུན་ཆད་མེད་པ་ཏུར་གྱིས་དྲན། །བརྗོད་དུ་བྲལ་བ་མངོན་དུ་གྱུར། །རི་བོ་འདི་ལ་ཕར་ལྟས་པས། །འགྱུར་བ་མེད་པ་ཏུར་གྱིས་དྲན། །གཡོ་འགུལ་མེད་པ་མངོན་ཏུ་གྱུར། །གླུ་ངོ་མཚར་དཔེ་གསུམ་དོན་དང་དྲུག །བསྒོམ་ཆེན་རྣམས་ལ་གདམས་པ་ལགས། །དེ་ལྟར་ཀུན་གྱིས་གོ་བར་མཛོད། །ཤུབྷཾ།། ༈ ན་མོ་གུ་རུ། བླ་མ་རྣམས་ལ་སྐྱབས་སུ་མཆི། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །འདི་ལྟར་ཤར་བར་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོང་། ལར་ཅིག་ཀྱང་དམ་ཆོས་བྱེད་པ་ལ། །ཡུལ་འཁོར་ཉེ་འབྲེལ་མ་ཆགས་པར། །གཅིག་ཆོད་ཀྱི་སེམས་ལ་ལྟོས་ཅིག་ཨང་། འཁོར་བ་སྡུག་བསྔལ་གྱི་རྒྱལ་མཚོ་ལ། འདིས་ཆོག་གོ་བསྙམ་པ་མ་བྱེད་པར། །ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་ཅིག་ཨང་། །ནམ་འཆིའི་དུས་ཚོད་ཆ་མེད་པར། །ཟང་ཟིང་ཁེ་པོགས་ཚོང་ལས་སོགས། །མ་བྱེད་སེམས་ལ་ལྟོས་ཅིག་ཨང་། །རྒྱལ་བའི་དགོངས་པ་རབ་འབྱམས་ལ། །གཟུ་ལུམ་ཕོད་ཚོད་མ་བྱེད་པར། །ཕྱོགས་མེད་ཀྱི་ཆོས་ལ་ལྟོས་ཅིག་ཨང་། །ལར་ནམ་འཆི་ཚོད་གཅིག་མེད་ལགས་པས། །མང་པོ་ལ་བསམ་བློ་མ་གཏོང་པར། །གཅིག་ཆོད་ཀྱི་གདམས་པ་ལྟོས་ཅིག་ཨང་། །རྒྱལ་བའི་དགོངས་པ་བསམ་ཡས་ལ། །ཕོ་ཚོད་ཆོག་ཚོད་མ་འཛིན་པར། །འཛིན་མེད་ཀྱི་ལྟ་བ་གྱིས་ཅིག་ཨང་། །ཐེག་པ་རང་སར་བདེན་པ་ལ། །ང་རྒྱལ་དང་ཆགས་འཛིན་མ་བྱེད་པར། །ཕྱོགས་མེད་ལ་དག་སྣང་གྱིས་ཅིག་ཨང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ། །ཚིག་གི་སྒྲོ་བཀུར་མ་འདེབས་ཨང་། ཕྱག་ཆེན་ནམ་མཁའ་ལྟ་བུ་ལྟ། །མཚན་ཉིད་གྱི་རྟོག་གཞིག་མ་གཞུག་པར། །མ་ཡེངས་རང་སར་ཞོག་ཅིག་ཨང་། །དེ་ཡན་ཆད་ལྟ་བའི་གླུ་ཆུང་ཡིན། ད་རྣལ་འབྱོར་བསྒོམ་པའི་གླུ་གཅིག་ལེན། །བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི། །ཐུགས་དགོངས་ཀྱི་མཐར་ཐུག་བསྒོམ་པ་ཡིན། །ལར་དེ་ལ་སེམས་ལ་བསྒོམ་ཅིག་ཨང་། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཆོས་རྩ་བ་བསྒོམ་པ་ཡིན། །ལར་དེ་ལ་སོམས་ལ་བསྒོམས་ཅིག་ཨང་། །གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་ལ། བསྒོམ་བཟང་ངན་དུ་སོང་བ་མ་བྱེད་པར། ལར་རྣམ་རྟོག་ཆོད་ལ་བསྒོམས་ཅིག་ཨང་། །ཚེ་འདིར་བསྒོམས་ཅིག་མ་བྱས་ན། །འཆི་ཁར་འགྱོད་པ་འབྱུང་ལགས་པས། །ཞེན་བྲལ་གྱིས་ལ་བསྒོམས་ཅིག་ཨང་། །ཟབ་དོན་སྨྲ་བརྗོད་དང་བྲལ་བ་ལ། །ཐ་སྙད་མང་པོ་མ་བྱེད་པར། །འཛིན་མེད་ཡེངས་མེད་དུ་བསྒོམས་ཅིག་ཨང་། །བདེ་གཤེགས་ཀྱི་བཀའ་ལུང་ཐམས་ཅད་ཀྱང་། །མཐར་ཐུགས་བསྒོམ་ལས་མེད་ལགས་ཀྱིས། །ཞེན་འཛིན་མེད་པར་བསྒོམས་ཅིག་ཨང་། །སངས་རྒྱས་ཀྱི་དགོངས་པ་འདི་རྣམས་ནི། །དབུ་མའི་རང་བཞིན་ཡིན་ལགས་པས། །མཐའ་གཉིས་མེད་པར་སྒོམས་ཅིག་ཨང་། །རི་ཁྲོད་ཀྱི་དགོན་པ་འདི་རྣམས་ལ། །ལུས་སེམས་བདེ་ལས་མེད་ལགས་ཀྱིས། །རི་ཁྲོད་དབེན་པར་བསྒོམས་ཅིག་ཨང་། །ལར་བསྒོམ་རྒྱུ་གཏན་ནས་མེད་པ་ལ། །ཀུན་རྫོབ་ཏུ་བརྗོད་པ་ཡིན་ལགས་ཀྱི། །བསྒོམ་མེད་ངང་ལ་བསྒོམས་ཅིག་ཨང་། །ངར་འཛིན་གྱི་རྣམ་རྟོག་འདི་རྣམས་ཀུན། །ཡེ་ནས་རྟོག་བྲལ་ཡིན་པའི་ཕྱིར། །དེ་རང་ལ་ལྟོས་ལས་བསྒོམས་ཅིག་ཨང་། །ལར་སངས་རྒྱས་ཀྱི་དམ་ཆོས་ཐམས་ཅད་ཀྱི། །རྩ་བ་ཡེ་ཤེས་ཕྱག་རྒྱ་ཆེ། །མ་རྟོགས་བར་དུ་བསྒོམས་ཅིག་ཨང་། །དེ་ཡན་ཆོད་བསྒོམ་པའི་གླུ་ཅིག་ཡིན། །ད་རྣལ་འབྱོར་སྤྱོད་པའི་གླུ་ཅིག་ལེན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མ་ཡེངས་སྤྱོད་པའི་མཐར་ཐུག་ཡིན། །མ་ཡེངས་དོན་ལ་སྤྱོད་ཅིག་ཨང་། །གྲུབ་ཐོབ་ཀྱི་བླ་མ་ཐམས་ཅད་ཀྱི། །སྤྱོད་པའི་མཐར་ཐུག་ཕྱག་རྒྱ་ཆེ། །མཐའ་བྲལ་གྱི་ངང་ལ་སྤྱོད་ཅིག་ཨང་། །ཉམས་སུ་ལེན་པའི་རྩ་བ་ལ། །དམ་ཆོས་དགོས་ངོ་ཤེས་ལགས་པས། །ཟབ་མོའི་དོན་ལ་སྤྱོད་ཅིག་ཨང་། །བདེ་གཤེགས་ཀྱི་དགོངས་པ་རབ་འབྱམས་ལ། །སྨྲ་བསམ་བརྗོད་ལས་འདས་ལགས་ཀྱི། །བརྗོད་མེད་གྱི་དོན་ལ་སྤྱོད་ཅིག་ཨང་། འདུས་བྱས་ཀྱི་དམ་ཆོས་འདི་རྣམས་ཀུན། །ཐམས་ཅད་འཇིག་པ་ཡིན་ལགས་ཀྱི། །འཇིག་མེད་ཀྱི་དོན་ལ་སྤྱོད་ཅིག་ཨང་། །འཇིག་རྟེན་གྱི་ཟས་ནོར་ཉེ་འབྲེལ་ལ། །འཆི་ཁར་འབྲལ་བ་ཡིན་ལགས་ཀྱི། །འབྲལ་མེད་ཀྱི་དོན་ལ་སྤྱོ ད་ཅིག་ཨང་། འཇིག་རྟེན་གྱི་ལྷ་འདྲེ་ཕྲ་མོ་རྣམས། །རྟེན་ན་འཆི་བའི་སྲོག་གཅོད་བྱེད། །དེ་བས་ཟབ་དོན་སྤྱོད་ཅིག་ཨང་། འོད་གསལ་ཟུང་འཇུག་བསྒོམས་ལགས་ན། །ཡི་དམ་ལྷ་ཚོགས་མཐོང་ལགས་ཀྱི། །འོད་གསལ་ཟུང་འཇུག་སྤྱོད་ཅིག་ཨང་། །ལར་སྤྱོད་རྒྱུ་གཏན་ནས་མེད་པ་ལས། སྤྱོད་ཅིག་ཟེར་བ་འཁྲུལ་པ་ཡིན། །འཁྲུལ་མེད་ཀྱི་དོན་ལ་སྤྱོད་ཅིག་ཨང་། །རྒྱལ་བའི་དགོངས་པ་རབ་འབྱམས་ལ། །འཛིན་བྱེད་དང་ཆགས་སྡང་མེད་ལགས་ཀྱི། །མཐའ་བྲལ་གྱི་སྤྱོད་པ་ལ་སྤྱོད་ཅིག་ཨང་། །དེ་ཡན་ཆད་སྤྱོད་པའི་གླུ་ཅིག་ཡིན། །ད་རྣལ་འབྱོར་འབྲས་བུའི་གླུ་ཅིག་ལེན། །བླ་མ་རྣམས་ཀྱི་བྱིན་བརླབས་ཀྱིས། །མཐར་ཐུག་བདེ་ཆེན་ཕྱག་རྒྱ་ཆེ། །འབྲས་བུ་དེ་ལས་མེད་དོ་ཨང་། །གོང་མའི་ཐུགས་རྗེ་ཆེན་པོ་ཡིས། །འོག་མ་ཀུན་ལ་ངོ་སྤྲོད་པ། །འབྲས་བུ་དེ་ལས་མེད་དེ་ཨང་། །ཟབ་མོའི་དོན་མཆོག་ཐམས་ཅད་ལ། །མཐའ་དང་བྲལ་བའི་ངོ་བོ་ཡིན། །འབྲས་བུ་དེ་ལས་མེད་དོ་ཨང་། །དམ་ཆོས་ཀྱི་མཐར་ཐུག་བསྒོམ་དུ་མེད། ཡེངས་མེད་ཀྱི་ངོ་བོ་ཡིན་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། འཁོར་བ་མྱང་འདས་རྩ་བ་རྣམས། །འཛིན་མེད་ཀྱི་ངོ་བོ་ཡིན་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །འཁོར་བའི་བྱ་བ་དེ་དག་ལ། །རེ་དོགས་མེད་པར་ཤེས་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །ཕྱི་རོལ་ཡུལ་སྣང་འདི་རྣམས་ཀུན། །ངོས་བཟུང་མེད་པར་ཤེས་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །ཕྱི་རོལ་གྱི་སྒྲ་སྣང་འདི་དག་ལ། །བྲག་ཆ་བདེན་མེད་དུ་ཤེས་ལགས་ན། འབྲས་བུ་དེ་ལས་མེད་དོ་ཨང་། །གཟུགས་རྣམས་སྣང་སྟོང་རང་བཞིན་ལ། །མཐོང་ཚད་ཆོས་སྐུར་ཤར་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །འཛིན་མེད་རང་གྲོལ་ལྟ་བ་ལ། །འཕོ་འགྱུར་མེད་པར་གོམས་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །ཟང་ཟིང་གི་བསམ་པ་འདི་དག་ཀུན། །ཀུན་ཀྱང་གྲོལ་དུ་ཤེས་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །དེ་ཡན་ཆོད་འབྲས་བུའི་གླུ་ཅིག་ཡིན། །ལར་ཅེས་ཀྱང་དམ་ཆོས་མཛོད་ཅིག་ཨང་། །མཚན་ལྡན་གྱི་བླ་མ་བསྟེན་ཅིག་ཨང་། །རི་ཁྲོད་དགོན་པ་འགྲིམས་གཅིག་ཨང་། །མཉམ་མེད་ལྟ་བ་བསྒོམས་ཅིག་ཨང་། །ལར་དྲིལ་ན་དེ་ལས་མེད་ལགས་ཀྱི། །ཉམས་སུ་ལོང་ཅིག་སྐལ་ལྡན་ཀུན། །ཅེས་པའི་མགུར་འདི་ཆོས་རྗེ་རང་བྱུང་རྡོ་རྗེས་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ།། །།ཤུབྷཱཾ།། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རི་ཁྲོད་དགོན་པའི་གནས་འདི་ན། ཆེ་མེད་ཆུང་མེད་སྤྱིལ་པོ་བརྩིགས། །རྣལ་འབྱོར་བདག་ཀྱང་སྤྱིལ་པོ་བརྩིགས། །གཞི་སྐྱེ་བ་མེད་པའི་རི་བོ་ལ། །འཕོ་འགྱུར་མེད་པའི་སྤྱིལ་པོ་བརྩིག །ལྷན་ཅིག་སྐྱེས་པའི་རྡོ་བ་དང་། །གཉིས་སུ་མེད་པའི་འདམ་པ་གཉིས། །རིག་པའི་ཡེ་ཤེས་སྐྱེས་བུས་བརྩིགས། །ཕྱག་རྒྱ་ཆེན་པོའི་ལམ་མས་ཕུབ། །དེ་རྣལ་འབྱོར་པ་ཡི་སྤྱིལ་བུ་ཡིན། །ད་སྤྱིལ་བུ་དེ་ལ་སྐྱེས་བུ་གཅིག་འཚལ། །སྤྲོས་དང་བྲལ་བའི་ཡེ་ཤེས་ལ། །མ་འོངས་མ་བྱུང་དེ་རང་དེ་བཞིན། །མཐའ་དང་བྲལ་བ་གཉུག་མའི་དོན། །དེ་ཉིད་མངོན་གྱུར་སྐྱེས་བུ་བཞུགས། །སྐྱེས་བུ་དེ་ལ་ལྷ་གཅིག་འཚལ། །སྐྱེ་མེད་ལྷན་ཅིག་སྐྱེས་པའི་ལྷ། །ད་དེ་ལ་འབུལ་བའི་མཆོད་པ་འཚལ། །ཕྱི་དང་ནང་གི་མཆོད་པ་འདི་ལྟར་རོ། །རྒྱ་མཚོ་ཆེན་པོའི་ཡོན་ཆབ་ལ། །ཉི་མ་ཟླ་བའི་མར་མེ་སྟེ། །རི་རབ་དེ་བཞིན་མེ་ཏོག་ཏེ། །མཆོད་པ་བསམ་གྱིས་མི་ཁྱབ་པ། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །ནང་གི་མཆོད་པ་འདི་ལྟར་རོ། །ལྷན་ཅིག་སྐྱེས་པའི་ལྷ་དེ་ལ། །བདེ་བ་ཆེན་པོ་མཆོད་པ་འབུམ། །རང་ལུས་ལྷའི་དཀྱིལ་འཁོར་དུ། །འཁོར་ལོ་ལྔའི་ཕོ་བྲང་ན། །ཟག་མེད་བདེ་ཆེན་ཐིག་ལེའི་རྒྱུན། །ངོ་བོ་དེའི་མཆོད་པ་འབུལ། །ད་དེ་ལ་བསྒོམ་པའི་གདམས་པ་འཚལ། །འཁོར་ལོ་ལྔའི་ཕོ་བྲང་དུ། །ཨ་ཤད་ཧཾ་གི་ཐིག་ལེ་ལ། །བྱང་ཆུབ་སེམས་དང་ཡེ་ཤེས་རླུང་། །གཉིས་མེད་ཅིག་ཏུ་ཡེ་ཤེས་བསྒོམས། །དེ་ཉིད་ངོ་བོ་ཕྱག་ཆེན་ཉིད། །འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམས། །ད་བསྒོམ་པ་དེ་ལ་འབྲས་བུ་འཚལ། །འབྲས་བུ་དམིགས་སུ་མེད་པ་ཡིན། །མེད་ཀྱང་ཀུ་རེ་བགྱིས་པ་ཡིན། །བསྒོམ་པ་མཐར་ཕྱིན་བསྒོམ་ཆེན་དང་། །མཁས་པའི་སྟོན་པ་མ་ལུས་པ། བདག་གི་ཚིག་འདི་བཟོད་པར་གསོལ། །ཞེས་པའི་མགུར་འདི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་སྦྱར་བའོ།། །།ཤུབྷཱཾ།། ༈ ན་མོ་གུ་རུ། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དམ་ཆོས་རྣམས་ཀྱིས་བྱིན་གྱིས་བརློབས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཉམ་མེད་ཕྱག་ཆེན་ལྟ་བ་རྟོགས། །དེ་ལྟར་གྱུར་པའི་རི་ཁྲོད་པ། །གང་ན་འདུག་ཀྱང་ཨེ་མ་ཧོ། འོད་གསལ་ཕྱག་ཆེན་བྱ་བ་འདི། །མཐའ་བྲལ་ཡིན་པར་གོ་ལགས་པས། །ཆོས་སྐུ་མངོན་གྱུར་ཨེ་མ་ཧོ། །རང་སེམས་སངས་རྒྱས་ཡིན་པ་ལ། །མ་རིག་འཐིབས་པོ་འདི་ཉིད་ཀྱིས། །བསྒྲིབས་པ་འདི་ཉིད་གསལ་རེ་རན། །ད་ཡང་འགྲོ་དྲུག་སྙིང་རེ་རྗེ། །བདེ་བའི་གནས་སུ་དྲང་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འཁོར་བའི་གནས་ན་འཁྱམ་པ་རྣམས། །མྱུར་དུ་དྲང་བར་མཛད་དུ་གསོལ། །ཀྱེ་མ་མ་དག་སེམས་ཅན་རྣམས། །སངས་རྒྱས་ཀུན་གྱིས་ཐུགས་རྗེ་ཡིས། །རིགས་དྲུག་བར་དོ་དང་བཅས་པ། །འདི་དག་ཐམས་ཅད་དྲང་དུ་གསོལ། །དེ་བཞིན་གཤེགས་པ་བཅོལ་ལྡན་འདས། །འགྲོ་བའི་སྟོན་པ་ཐམས་ཅད་མཁྱེན། །གསེར་མདོག་ཅན་གྱི་གསུང་བཞིན་དུ། །ཐམས་ཅད་དེ་ལྟར་བསྒྲུབས་ན་ལེགས། །རྗེས་སུ་འབྲེངས་ན་བྱང་ཆུབ་ཐོབ། །ཐམས་ཅད་བྱང་ཆུབ་ཐོབ་བྱའི་ཕྱིར། །བདག་ཉིད་རི་ཁྲོད་དགོན་པ་རུ། འདུག་ཅིང་བསྒོམ་པར་བགྱི་ལགས་ན། །བྱང་ཆུབ་མྱུར་ཏུ་འཐོབ་ལགས་ཀྱི། །དེ་ལྟར་ཀུན་ཀྱང་བསྒྲུབ་བར་མཛོད། །ལར་ཅིས་ཀྱང་དམ་པའི་ཆོས་མཛོད་ཅིག ཤུབྷཾ།། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ད་ལྟར་སྣང་བ་ཅོལ་ཆུང་པས། །འདས་མ་འོངས་གི་དྲན་པ་སྟོར་ནས་འགྲོ། །དེ་བས་མ་ཡེངས་བསྒོམ་པར་རིགས། །དུས་གསུམ་རྒྱལ་བའི་དགོངས་པ་འདི། །ཐེག་པའི་མཐར་ཐུག་ཕྱག་རྒྱ་ཆེ། །སྙིང་པོ་དོན་གྱི་ལྟ་བ་འདི། མ་ཡེངས་ཉམས་སུ་ལེན་པར་རིགས། །ལར་འཆི་བ་རྒྱུན་དུ་མ་བསམས་ན། །མི་རྟག་ཡུད་ཙམ་ལ་གཏད་པ་མེད། །ལར་འཆི་བ་ཅིས་ཀྱང་ཡོང་བ་ཡིན། །ཅིས་ཀྱང་རི་ཁྲོད་དགོན་པ་འགྲིམས། །འདི་ལྟའི་དབྱངས་ཆུང་དམ་པ་འདི། །བསྒྲུབ་གནས་དཔལ་གྱི་ཁྱུང་རྫོང་དུ། །མི་རྟག་དྲན་ནས་བཀོད་པ་ཡིན། །དེ་ལྟར་ཀུན་གྱིས་མཁྱེན་པར་མཛོད། །ཅེས་པ་འདི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཾ།། ༈ ན་མོ་རཏྣ་གུ་རུ། དཔལ་ལྡན་བླ་མ་དམ་པ་ཡི། །ཞབས་ཀྱི་རྡུལ་ལ་ཕྱག་འཚལ་ལོ། །བདག་འདྲའི་ལས་ངན་རི་ཁྲོད་པ། །ཨ་ཙ་མ་ན་ཡི་རེ་མུག །ཕ་བླ་མ་འགྲོ་མགོན་ཐུགས་རྗེ་ཅན། །སྤྲང་ཆོས་མ་ནུས་ལ་བྱིན་གྱིས་བརློབས། །རྗེ་མི་མངོན་དབྱིངས་ནས་བྱིན་གྱིས་བརློབས། །རི་ཁྲོད་དབེན་པར་སྡོད་པ་ལ། །བྱམས་དང་སྙིང་རྗེའི་བླ་མ་དེ། །མ་ཡེངས་བདག་ལ་ཡོང་ལགས་ཀྱང་། །དེ་མ་རྟོགས་པ་ཡི་རེ་མུག །ཀྱེ་མ་བླ་མ་རིན་པོ་ཆེ། །བྱིན་གྱིས་བརློབས་ཅིག་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ་བླ་མ་རྗེ། །ཐུགས་རྗེས་བཟུང་གཅིག་བླ་མ་རྗེ། །དུས་འདིར་བདག་ཅག་བྱིན་གྱིས་བརློབས། །འགྲོ་བ་མ་ལུས་དྲང་དུ་གསོལ། །ད་ལྟ་སྙིགས་མའི་དུས་འདི་རུ། །ཆོས་གཞན་ལ་བཤད་ཀྱང་ཉན་མཁན་མེད། །ཀྱེ་མ་སྙིགས་མ་ལྔའི་དུས། །འདི་འདྲ་བྱུང་ཡང་ཨ་ཙ་མ། །ཕ་བླ་མ་འགྲོ་མགོན་ཐུགས་རྗེ་ཅན། །སེམས་ཅན་རྣམས་ལ་བྱིན་གྱིས་བརློབས། །ཤུབྷཾ།། ༈ ན་མོ་རཏྣ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་འདྲ་རང་བྱུང་རྡོ་རྗེ་ཡིས། །རྗེས་འཇུག་གང་ཟག་སློབ་མ་ལ། །འདི་ལྟར་གདམས་པ་འདི་ཟེར་རོ། །བདག་འདྲ་རྣལ་འབྱོར་འདི་ཉིད་ནི། །བསླབས་བསྒོམས་ཤེས་རབ་མེད་ལགས་ཀྱང་། །གོང་མའི་གསུང་ལ་བརྟེན་བྱས་ནས། །ཅུང་ཟད་བྱས་པ་འདི་ལ་གསོན། །དང་པོར་མི་ལུས་ཐོབ་ནས་ཀྱང་། །དཔལ་ལྡན་བླ་མའི་གདམས་ངག་དང་། །རང་གི་བརྩོན་འགྲུས་ཆེན་པོ་དང་། །བསྒྲུབ་པ་མཐའ་རུ་བཏོན་པ་ན། །བདག་ཀྱང་དེ་ལ་ཤིན་ཏུ་དགའ། །དེ་ལྟར་བསྒྲུབས་ན་ཤིན་ཏུ་ལེགས། །བླ་མ་གོང་མའི་གཞུང་བཞིན་དུ། །ཕ་བླ་མའི་གསུང་ལ་བརྟེན་ནས་ནི། །རི་ཁྲོད་དགོན་པ་འགྲིམ་པ་དང་། །རི་ཁྲོད་དུ་ཡང་གདམས་ངག་བསྒོམ། །ཐབས་ལམ་གནད་དུ་བསྣུས་བྱས་ན། །མི་བདག་ཀྱང་དེ་ལ་ཤིན་ཏུ་དགའ། །ཕ་དམ་པའི་རྗེས་སུ་བསྒྲུབ་པ་དང་། །དམ་པ་དེ་ལ་གོམས་བྱས་ནས། །མར་གྱུར་འགྲོ་བ་ཐམས་ཅད་ལ། །སྙིང་རྗེའི་འདུ་ཤེས་བསྒོམ་པར་བྱ། །ཁེ་དང་གྲགས་པའི་བསྙེན་བཀུར་དག །སྤངས་ལ་དམ་པའི་གསུང་བཞིན་བསྒྲུབ། །སྙན་གྲགས་བདུད་དུ་ཤེས་བྱས་ལ། །དེ་དག་སྤངས་པར་གྱུར་པ་ན། །དེ་ལ་བདག་ཡིད་ཤིན་ཏུ་དགའ། །འདི་ལྟ་བུ་རུ་མཛད་པར་ཞུ། ༈ བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། སྙིང་པོ་ཡང་དག་ཕྱག་རྒྱ་ཆེ། །དོན་ལ་འགྲོ་འོང་མ་མཆིས་ཀྱང་། །ཀུན་རྫོབ་ད་ལྟར་སྣང་བ་ལ། །བདེན་པ་མེད་པར་མ་གཏོགས་པར། །གཟུང་དང་བདག་འཛིན་དག་གིས་སུ། །ཡང་དག་དོན་མཆོག་མ་རྟོགས་པར། །ཀུན་རྫོབ་རྒྱུ་འབྲས་སྣང་བ་ལ། །རིག་དང་མ་རིག་ཉོན་མོངས་དང་། །ཤེས་བསྒྲིབ་འཐུག་པོ་དང་བཅས་པ། །བླུན་རྨོངས་ཁྱོད་ཀྱིས་འདི་ལྟ་བུ། །སྒྲིབས་དང་ཉོན་མོངས་རྣམ་རྟོག་ཚོགས། །བཟང་ངན་རྣམ་རྟོག་འཁྲུལ་པའི་རྒྱུ། །ཞེན་འཛིན་ཆེན་པོས་བཅིངས་པ་རྣམས། །གཏིང་ནས་ཡང་དག་གཅིག་ཉིད་མིན། །དོན་དམ་བླའི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བཤད། །འཛིན་དང་ཤེས་བྱ་ངོ་བོ་ཉིད། །བཟང་ངན་རྣམ་རྟོག་བསམ་ཡས་པ། །འཁོར་བའི་བློའི་ཁྱད་པར་ལས། །མ་བྱུང་རང་བཞིན་ཡེ་ཤེས་རྫོགས། ཀུན་གཞིའི་བསྒྲིབ་གཡོགས་འཐུག་པོ་འདི། །སྒྲིབ་པ་ཆེན་པོས་དུས་ཀུན་ཏུ། །མ་རིག་སྒྲིབ་པའི་ལོག་རྟོག་མཁན། །ཡང་དག་དོན་འདི་མི་བསྒོམ་པར། འཛིན་པ་སྣ་ཚོགས་དང་བཅས་པས། །འདི་འདྲའི་མཚན་ཉིད་མ་ཤེས་སམ། །འདི་འདྲའི་གཏན་ཚིགས་མ་གོ་ཡང་། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་དབང་དམ་པ་མ་ཐོབ་པའི། །བདག་འཛིན་དང་བཅས་འཁྲུལ་པ་དང་། །ཉོན་མོངས་དང་བཅས་འཁྲུལ་པ་འདི། །ཤེས་རབ་ཆེན་པོས་བསལ་རེ་རན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་དེ་ཉིད་འབྱུང་རེ་རན། །ཨེ་མ་ངོ་མཚར་དེ་ལྟ་བུ། །ཟབ་མོ་སྙན་རྒྱུད་བརྡ་ཡིས་སྟན། །འདི་ལྟ་བུའི་གདམས་ངག་འདི། སྐལ་ལྡན་ཀུན་གྱིས་གོ་བར་མཛོད། །བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཱཾ།། ༈ ན་མོ་རཏྣ་གུ་རུ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །མཚུར་ཕུའི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་བཞུགས་པའི་དུས་སུ། ཉིན་གཅིག་གནས་སྐབས་སུ་ཕྱི་རོལ་གྱི་སྣང་བ་བདེན་པ་མེད་པར་གཟིགས་ནས་མགུར་གསུངས་པ། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །འགྲོ་བ་འདྲེན་པར་བྱིན་གྱིས་བརློབས། །ཕྱི་རོལ་སྣང་བ་ཆོས་ཀྱི་སྐུ། །བདེན་པ་མེད་པ་ཡིན་ལགས་པས། །མ་རིག་སྒྲིབ་གཡོགས་འཐུག་པོ་ཡིས། །འཛིན་པའི་མངོན་ཞེན་དམ་པོ་བྱུང་། །ས་བརླངས་མཆེད་པའི་སྤྲིན་བཞིན་དུ། ལས་དང་རྐྱེན་གྱིས་དུ་མར་བྱུང་། །གསོན་དང་སྐྱེས་བུ་སྐལ་ལྡན་ཀུན། །དབྱར་དགུན་དུས་ཀྱི་འཕོ་འགྱུར་ལྟར། །མ་རིག་རྐྱེན་གྱིས་འབྱུང་བ་ཡི། །སྣ་ཚོགས་དུ་མར་སྣང་བ་འདི། །སྐྱེ་བ་མེད་པར་མ་ཤེས་པ། །སྣང་བ་སྒྱུ་མ་ལྟ་བུར་བསྒོམས། བདེན་པའི་དངོས་པོར་མ་ལྟ་ཅིག ཞེན་མེད་བསྒོམས་ཅིག་སྐལ་ལྡན་ཀུན། །འཁྲུལ་པའི་སྣང་བ་འཐུག་པོ་འདི། །རོ་གཅིག་ཆེན་པོའི་ངང་དུ་ལྟོས། །བདེན་མེད་སྒྱུ་མ་མ་སྐྱེས་ན། །ཚིག་གི་ཚོགས་ཀྱིས་ཅི་ཞིག་བྱ། །གསོན་དང་སྐྱེས་བུ་སྐལ་ལྡན་ཀུན། །དེང་སང་སྙིགས་མའི་དུས་འདི་རུ། །ཆོས་བརྒྱད་སྐྱོང་བའི་སློབ་དཔོན་རྣམས། །ཆོས་བརྒྱད་མགོ་བོ་མི་འཇོམས་པར། །བྱང་ཆུབ་ཐོབ་ལ་མ་རེ་ཅིག །དེང་སང་དུས་ཀྱི་སྟོན་པ་རྣམས། །རྒྱལ་བའི་གསུང་དོན་མ་རྟོགས་པར། །ཐ་སྙད་ཚིག་ཕྱིར་འབྲེངས་པ་ཡི། །སྒྲ་དོན་རྟོགས་ལ་མ་རེ་ཅིག །དེང་སང་དུས་ཀྱི་བསྒོམ་ཆེན་རྣམས། །གོང་མའི་མཛད་སྤྱོད་མི་མཛད་པར། །སྐྱིད་དུ་རེ་བའི་རི་ཁྲོད་ཀྱིས། །སེམས་ཉིད་རྟོགས་ལ་མ་རེ་ཨང་། །དེང་སང་དུས་ཀྱི་བཙུན་པ་རྣམས། །གཞན་དོན་ལྷུར་ལེན་མི་མཛད་པར། །ངོ་ལྐོག་ཅན་གྱི་ཚུལ་ཁྲིམས་གྱིས། །མཐོ་རིས་ཐོབ་ལ་མ་རེ་ཨང་། །དེང་སང་དུས་ཀྱི་སྔགས་པ་རྣམས། །རྒྱལ་བའི་བསྟན་པ་མི་བསྲུངས་པར། །ཞེ་སྡང་རང་སར་བསྲེག་པ་ཡིས། །ཡི་དམ་གྲུབ་ལ་མ་རེ་ཨང་། དེང་སང་དུས་ཀྱི་རྣལ་འབྱོར་ཚོ། །རྒྱལ་བའི་དགོངས་པ་མི་ལྟ་བར། །རྒྱལ་ཁམས་ཕྱོགས་མེད་བསྐོར་བ་ཡིས། །འཁྲུལ་པ་འཇིག་ལ་མ་རེ་ཨང་། །དེང་སང་དུས་ཀྱི་ཡོན་བདག་རྣམས། །བསོད་ནམས་ཚོགས་ཆེན་མི་བསགས་པར། །རང་འཆིས་སྡུག་ཚིར་བྱེད་པ་ཚོ། །མཐོ་རིས་ཐོབ་ལ་མ་རེ་ཨང་། སྙིགས་མའི་སེམས་ཅན་གདུལ་དཀའ་ཡང་། །ཁྱད་པར་ཅན་གྱི་སྐྱེས་བུ་རྣམས། །མཛད་ན་དམ་པའི་ལྷ་ཆོས་མཛོད། །བསྒོམ་ན་ཕྱག་རྒྱ་ཆེན་པོ་བསྒོམས། །གཏོང་ན་སྦྱིན་པ་ཕྱོགས་མེད་ཐོང་། །རྒྱུན་དུ་བླ་མ་དམ་པ་བརྟེན། །དབྱངས་འདི་གང་ཡིན་ཟེར་ཙ་ན། །རྒྱུ་འབྲས་བསྟེན་པའི་ཟུར་ཙམ་ལགས། །འཐད་པར་འདུག་ན་ཉམས་སུ་ལོང་། ཤུབྷཾ།། ༈ ན་མོ་གུ་རུ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག །དུས་གསུམ་སངས་རྒྱས་ངོ་བོ་ཉིད། བླ་མ་རྣམས་ལ་སྐྱབས་སུ་མཆི། གསོལ་བ་འདེབས་སོ་བྱིན་གྱིས་བརློབས། །གསོན་དང་འདིར་བཞུགས་སྐལ་ལྡན་རྣམས། །བདག་ཚེ་འདིར་ཐོས་བསམ་མ་བགྱིས་ཀྱང་། །སྐལ་པ་མང་པོར་སྦྱངས་པ་བགྱིས། །དེ་ཕྱིར་ཚེ་འདིར་འབད་མི་འཚལ། །དེ་ཡང་སྔོན་དུ་རྒྱ་གར་ཡུལ། །སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱི། །སློབ་མ་དམ་པར་གྱུར་པ་ནི། །ཀླུའི་བྱང་ཆུབ་ཅེས་བྱར་གྱུར། །དེ་དུས་ཆོས་རྣམས་མ་ལུས་བསླབས། །དེའི་རྗེས་སུ་རྒྱ་གར་ཡུལ། །པཎྜྻི་ཏར་ནི་གྱུར་ནས་ཀྱང་། །སྡེ་སྣོད་རྣམས་དང་རྒྱུད་སྡེ་ལ། །ཤིན་ཏུ་མཁས་པ་གཅིག་ཀྱང་ཡིན། །དེའི་རྗེས་སུ་སློབ་དཔོན་མཆོག །པདྨ་འབྱུང་གནས་ཞེས་བྱ་ཡི། །སློབ་མ་རྒྱལ་མཆོག་དབྱངས་སུ་ནི། །གྱུར་ནས་རྙིང་མའི་ཆོས་རྣམས་དང་། །ཁྱད་པར་རྫོགས་ཆེན་རྣམས་ལ་མཁས། །དེའི་དོན་གྱིས་མ་བསླབ་ཤེས། །དེ་ནས་ཡང་ནི་པཎྜྻི་ཏ། །གཅིག་ཏུ་གྱུར་ནས་ཆོས་ཀུན་ལ། །ཤིན་ཏུ་མཁས་ཤིང་ཡོན་ཏན་རྫོགས། །དེ་ནས་གཞན་ཡང་པུ་ཏོ་བ། །ཅེས་བྱ་བར་ནི་གྱུར་པ་དང་། །ཁ་རག་བསྒོམས་ཆུང་འབྲེལ་བ་ཡོད། །དེས་ན་དེའི་ཆོས་ལ་མཁས། །དེའི་རྗེས་སུ་སྣེ་ཟུར་བ། །ཆེན་པོ་ཉིད་དུ་གྱུར་པ་ཡིན། །དེ་ནས་དཔལ་ལྡན་ཀརྨ་པ། །ཞེས་བྱར་གྱུར་ཏེ་འགྲོ་ཀུན་གྱི། །དོན་རྣམས་ཐམས་ཅད་རྫོགས་པར་བྱེད། །དེ་ལྟར་བདག་གིས་ཐོས་བསམ་དང་། །བསྒོམ་པ་རྣམས་ལ་སྐྱེ་བ་རུང་། །འབད་པ་དུ་མ་བྱས་པ་ཡིས། །འདི་རུ་འབད་རྩོལ་མི་འཚལ་བར། ཆོས་རྣམས་ཀུན་ཤེས་རྟོགས་པར་ལྡན། །ཁྱེད་འདིར་བཞུགས་རྣམས་ཀྱིས་མཁྱེན་པར་མཛོད། །ནོར་འཁྲུལ་གདའ་ན་བཟོད་པར་གསོལ། །མད་ཀྱང་ཀུ་རེ་བགྱིས་པ་ལགས། །དབྱངས་མཆོད་པར་བཞེས་ཤིག་འདིར་བཞུགས་ཀུན། །ས་ཕོ་ཁྱི་ལོ་སྟོན་ཟླའི་ཚེས་བརྒྱད་ལ། །མཚུར་ཕུའི་དབེན་གནས་ཁྱུང་རྫོང་དུ་ཚོགས་ཀྱི་མཆོད་པ་མཛད་པའི་དུས་སུ་གསུངས་པའོ། །ཤུབྷཾ།། ༈ རྗེ་གྲུབ་ཐོབ་རྣམས་ལ་གསོལ་དམ་འདེབས། །རྣལ་འབྱོར་བདག་ལ་བྱིན་གྱིས་བརློབས། །ད་ལྟར་གྱི་སྣང་བ་འདི་དག་ཀུན། ཡང་དག་མཚོན་པའི་གདམ་ངག་ཡིན། །གསོན་དང་འདི་བཞུགས་སྐལ་ལྡན་ཀུན། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། འདི་ལྟར་ནམ་མཁའི་དཀྱིལ་ཤེད་ནས། །ཉི་མའི་དཀྱིལ་འཁོར་ཤར་བ་དེས། །མུན་ནག་འཐིབས་པོ་སེལ་བར་བྱེད། །ལོ་ཐོག་རྣམས་ཀྱང་སྨིན་པར་བྱེད། །དོན་ལ་སྦྱར་ན་འདི་ལྟར་ཡིན། །རང་བྱུང་ཆོས་སྐུའི་ནམ་མཁའ་ལ། ཡེ་ཤེས་ཉི་མ་ཤར་བར་བྱེད། །རྟོགས་པ་མཆོག་ལྡན་བླ་མ་ཡིན། །མ་རིག་ཐིབས་པོ་སེལ་བར་བྱེད། གདུལ་བྱའི་དཔལ་དུ་འགྱུར་བར་བྱེད། །ད་ཡང་འདི་ལྟར་མཚོན་པར་བྱེད། །ཡོན་ཏན་འབྱུང་བཞིའི་རི་བོ་འདི། །ལྗོན་ཤིང་སྔོ་ལྡོམ་ཚོགས་རྣམས་རྒྱས་པར་བྱེད། སེམས་ཅན་རྣམས་ལ་དཔལ་དུ་ཆེ། །འགྲོ་བ་རྣམས་ལ་མཆོག་ཏུ་ཕན། །རྟོགས་པ་མཆོག་ལྡན་གྱི་བླ་མ་འདི། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པར་བྱེད། །བླ་མ་མཆོག་ལ་མི་ཟེར་རམ། །འདབ་སྐྱེས་པད་ཚལ་སྐྱོན་མེད་པ། །བུང་བའི་ཚོགས་རྣམས་ཉམས་དང་ལྡན། །ཁྱད་པར་འཕགས་སོ་ཨེ་མ་ཧོ། །ཁྱད་པར་མཆོག་གི་བླ་མ་དེ། །ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ཀྱིས། །ཉམས་མྱོང་རྟོགས་པ་འདྲི་རུ་ཕྱིན། །འདི་མ་ནོར་སྟོན་པ་གལ་ཡང་ཆེ། །དབྱངས་འདི་ཀུན་གང་ཡིན་ཟེར་ཙ་ན། །གནས་ལུགས་མཚོན་པ་རྡོ་རྗེའི་གླུ། །དབྱངས་མཁའ་འགྲོའི་ཚོགས་ལ་མཆོད་པར་འབུལ། ཐུགས་དགྱེས་པར་མཛོད་གཅིག་འདི་བཞུགས་ཀུན། །ཞེས་པའི་མགུར་འདི་ས་ཕོ་ཕག་གི་ལོ་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ལ་ཁྱུང་རྫོང་དཔལ་གྱི་ཡང་དགོན་དུ་དབང་བསྐུར་མཛད་པའི་ཚོགས་གྲལ་དུ་གསུངས་པའོ། །ཤུབྷཱཾ།། ༈ ན་མོ་གུ་རུ། རྗེ་དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །འགྲོ་བ་འདྲེན་མཛད་བཀའ་བརྒྱུད་རྣམས། །བདག་ལ་བྱིན་གྱིས་བརླབ་དུ་གསོལ། །དུས་ད་རེས་ཁྱོད་ཀྱི་ངོ་མ་ཆོག །བཅུ་ཕྲག་བཞི་པོ་དབྱངས་སུ་ལེན། ཕྱོགས་མེད་དགོན་པ་བསྟེན་དང་གཅིག །ན་རོའི་ཆོས་དྲུག་བསྒོམ་དང་གཉིས། །སྣོད་ལྡན་གདུལ་བྱ་དེ་དང་གསུམ། །བླ་མ་མཚན་ལྡན་དེ་དང་བཞི། །དེ་ཚོ་འཛོམ་ན་བཟང་བ་ལགས། །སྙིང་རུས་དང་ཞེ་བཅད་བསྒོམ་སྲན་གསུམ། །རི་ཁྲོད་དུ་འཛོམ་ན་བཟང་བ་ལགས། །ཕྱོགས་ཆ་བསྒྲུབས་བློ་འདི་དོན་གསུམ། །ཞེན་ལོག་སྐྱེས་ན་བཟང་བ་ལགས། །ཁེ་གྲགས་དང་ཞེ་འཛིན་གཉེན་པོ་བཞི། །འཆིང་བྱེད་ལགས་སོ་སྤང་བར་མཛོད། །དེ་རུ་བཞི་ཚན་རྣམས་ལྔ་ཐལ། །ད་ཡང་ལྔ་པོ་བསྡུས་ནས་ལེན། །སྐུ་བཞིའི་དོན་མཚོན་མ་ནོར་ལེན། །རྩ་འཁོར་ལོ་བཞིའི་མ་ནོར་དོན། །དོན་སྐུ་བཞི་ཡིན་ནོ་སྐལ་ལྡན་ཀུན། །རྒྱུད་བཞིའི་སྨིན་གྲོལ་འབྱུང་བ་དང་། །དོན་འབྲས་བུ་བཞི་པོ་ཐོབ་པར་ཤོག །དེ་བཞི་ཚན་ལྔ་བསྡུས་ལགས་སོ་ཨང་། །དབྱངས་ཚན་བཞི་བཞི་བཅུ་ཐལ། །ཤོ་ལོ་ཀ་ལ་ངེས་པ་མེད། །ཐུགས་དགྱེས་པར་མཛོད་ཅིག་འདིར་ཞུགས་ཀུན། །ཞེས་པ་འདི་ཕག་ལོ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་གསུམ་ལ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཱཾ།། ༈ རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །དབྱངས་འདི་ལ་འདིར་འཚོགས་གསན་པར་ཞུ། །དོན་འདི་ལྟར་གདའ་ཐུགས་ལ་ཞོག །རྗེ་བཙུན་མི་ལའི་གསུང་བཞིན་དུ། །འདི་ལ་དང་ཕྱི་མ་བར་དོ་གསུམ། །བྱ་ལོང་རྒྱུད་བཞིན་གྲལ་ལ་འགྲིགས། །སྐྱེ་དང་ན་དང་འཆི་བ་གསུམ། །ཁ་དང་ལག་པའི་ཚུལ་དུ་གདའ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །དཔག་ཆེན་མདའ་བཞིན་སྔོན་དུ་སྒུགས། །འགྱུར་མེད་འཕྲང་གསུམ་དེ་ན་གདའ། །ཅི་ལས་རྒྱུ་འབྲས་ཟེར་བའི་ཡ་མཚན་ཅན། །ཐམས་ཅད་མི་རྟག་རྒྱུད་ལ་བསྐྱེད། །འདི་ལྟར་ཤེས་ཤིང་གོམས་བྱས་ནས། །ལས་མི་དགེ་བཅུ་ལས་བཟློག་པ་དང་། དཀར་པོ་བཅུ་ལ་འདུན་པ་དང་། །དེ་ལྟར་མཛོད་ལ་ཀུན་རྫོབ་ཏུ། །བསོད་ནམས་ཚོགས་ལ་འབད་པ་ཐོན། དོན་མཐར་ཐུག་འདི་ལྟར་ཉམས་སུ་ལོང་། །དགུང་ནམ་མཁའི་དབྱིངས་ལ་མཐའ་དབུས་མེད། །དེ་ལྟར་སེམས་ལའང་མཐའ་དབུས་བྲལ། །ཆུ་བོ་ཆེན་པོའི་གཞུང་འདི་ལ། རྒྱུན་ཆད་མེད་པར་གྱུར་པ་བཞིན། །དགག་བསྒྲུབ་མེད་པའི་དོན་དེ་ལ། །རྒྱུན་ཆད་མེད་པར་མ་ཡེངས་པར། །རི་ཁྲོད་དགོན་པ་བསྟེན་བྱ་ཞིང་། །དོན་མཆོག་བླ་མས་བསྟན་པ་ལྟར། །གང་ལའང་ཞེན་པ་བྲལ་བ་ཡིས། །མཐར་ཐུག་དོན་དེ་རྟོགས་པར་མཛོད། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ནི། །དོན་གང་ཡང་གྲུབ་པ་མ་ཡིན་པའི། །མཐར་ཐུག་གི་ལྟ་བ་ཡ་མཚན་ཅན། །སྙིང་པོའི་དོན་མཆོག་ཕྱག་རྒྱ་ཆེ། །རྡོ་རྗེ་ཐེག་པའི་དགོངས་པ་བཞིན། །ཉམས་སུ་ལོང་ཅིག་འདིར་བཞུགས་ཀུན། །དབྱངས་འདི་ཀུན་གང་ཡིན་ཟེར་ཙ་ན། །འདི་ཀུན་དཔེ་དོན་མཚོན་པའི་དབྱངས། །དབྱངས་མཆོད་པར་འབུལ་ལོ་བླ་མ་རྗེ། །དོན་དམ་མཐར་ཐུག་རྟོགས་པར་ཤོག །ཤུབྷཾ།། ༈ ན་མོ་གུ་རུ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག །བླ་མ་མཆོག་ལ་གསོལ་བ་འདེབས། །འཁོར་འདས་སྣང་བ་ཆོས་ཀྱི་སྐུ། མཐར་ཐུག་ཕྱག་རྒྱ་ཆེན་པོ་ལ། །བརྗོད་བྱ་བདེན་པ་མ་མཆིས་ཀྱང་། །ད་རེས་མཚོན་པའི་དབྱངས་ཅིག་ལེན། ཀྱེ་མ་གསོན་དང་ཆོས་མཛད་ཀུན། །བདེན་པ་མེད་དེ་སྤྲོས་ལས་འདས། །རང་བཞིན་ཀུན་རྫོབ་སྣང་བ་འདི། །རྣམ་རྟོག་དྲི་བྲལ་བརྡ་ཡིས་མཚོན། །དེ་དབྱེར་མེད་རང་བྱུང་སྙིང་པོའི་དོན། །རྗེ་གྲུབ་ཐོབ་རྣམས་ཀྱིས་རྟོགས་པ་ནི། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །གདོད་ནས་དག་ཅིང་བློ་ལས་འདས། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །མཐའ་དབུས་མེད་པའི་དོན་རྟོགས་ན། །དེའི་འབྲས་བུ་ཆོས་ཀྱི་སྐུ། །དོན་འདི་གང་གིས་མཁྱེན་པ་དང་། །མ་ནོར་མངོན་དུ་འགྱུར་བར་ཤོག །རང་བཞིན་ཀུ་རེའི་ཚུལ་དུ་བླངས། །དབྱངས་མཁའ་འགྲོའི་ཚོགས་ལ་མཆོད་པར་འབུལ། །ཞེས་པའི་མགུར་གོང་འོག་འདི་གཉིས། །ཕག་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཡོན་བདག་ཆོས་རྒྱལ་གྱིས་གཏོར་དབང་ཞུས་པའི་ཚོགས་གྲལ་དུ་གསུངས་པའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱེ་མ་འཁོར་བའི་རྒྱ་མཚོ་ན། །གཟུང་འཛིན་གྱིས་བཅིངས་སྐྱེ་བོ་རྣམས། །གཟུང་འཛིན་དྲ་བས་རྒྱུད་བཅིངས་ཏེ། །སྡུག་བསྔལ་དཔག་མེད་གནས་སུ་འཁོར། །མ་རིག་འཁྲུལ་པའི་རྣམ་རྟོག་མང་། །འཁོར་བའི་མེ་དོང་ཚ་ཞིང་རྩུབ། །གཏི་མུག་མུན་པའི་དཔག་རུམ་འཐིམས། སྐྱེ་རྒས་ན་འཆིའི་ཆུ་བོ་ཆེ། །ང་རྒྱལ་བྲག་རི་གཟར་ལ་མཐོ། ཕྲག་དོག་རླུང་དམར་དཔག་མེད་འཁྲུག །ཚིག་ངན་ཚེར་མ་བཞིན་དུ་རྣོ། །བློ་ཡ་ངའི་སྐྱེས་བུ་མི་བརྟན་པས། །ང་བདག་འཁྲུལ་པ་ལམ་དུ་ཞུགས། །དེ་ལས་བཟློག་པར་དཀའ་བའི་ཕྱིར། །རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས། ཐུགས་རྗེའི་སྤྲིན་ཕུངས་དཔག་མེད་ཀྱང་། །དེང་སང་སྙིགས་མ་ལྔ་བདོའི་དུས། །འགྲོ་ཀུན་ཉོན་མོངས་གྱིས་བཅིངས་པས། །གཟུང་འཛིན་གྲོལ་བ་དཀའ་བ་གདའ། །ཀྱེ་མ་གསོན་དང་ཆོས་མཛད་ཀུན། །འཇིག་རྟེན་ཆོས་ཀྱིས་འཆིང་འཆིང་འདྲ། །ད་ནི་སྐྱེ་མེད་ལྟ་རེ་རན། །ཟང་ཟིང་གཡེངས་བས་འཆིང་འཆིང་འདྲ། །ད་ནི་ཡོད་ཚད་བཏང་རེ་རན། །ནོར་དང་རྫས་ཀྱིས་འཆིང་འཆིང་འདྲ། །ད་ནི་གང་ལ་ཡང་འདུ་འཛི་སྤོངས། །འཚོ་རྫས་ཟས་ཀྱི་འཆིང་འཆིང་འདྲ། །ད་ནི་དཀའ་ཐུབ་ཉམས་སུ་ལོངས། །འཁོར་དང་གཡོག་གིས་འཆིང་འཆིང་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམས། །གནས་དང་ཡུལ་གྱིས་འཆིང་འཆིང་འདྲ། །ད་ནི་རྒྱལ་ཁམས་ཕྱོགས་མེད་བསྐོར། ཀུན་རྫོབ་བདེན་པས་སླུ་སླུ་འདྲ། །ད་ནི་དོན་དམ་བདེན་མེད་ལྟོས། །གསོན་དང་སྐྱེས་བུ་ཆོས་མཛད་ཀུན། །འདི་ལྟར་མ་རུངས་སྙིགས་མའི་དུས། །བློ་གྲོས་ངན་པའི་སྐྱེས་བུ་ཀུན། །གཟུང་འཛིན་མངོན་ཞེན་དམ་པའི་ཕྱིར། །ཡུན་རིངས་འཁོར་བའི་འདམ་དུ་བཅིངས། །དེ་ཕྱིར་བདག་སོགས་འགྲོ་བ་རྣམས། །ཐུགས་རྗེ་ལྡན་པའི་རྒྱལ་སྲས་ཀྱིས། །འཆི་བ་འདི་ལས་བཀྲོལ་དུ་གསོལ། །གང་ཞིག་བདག་ནི་འཆིང་འགྲོལ་ཡང་། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཐོག་མར་སེམས་བསྐྱེད་མཛད་པའི་ཚེ། །གང་ཞིག་སེམས་ཅན་གཅིག་ཉིད་ཀྱང་། །སྡུག་བསྔལ་བཅིངས་ལས་མ་གྲོལ་ཚེ། །ས་བཅུའི་ཆ་ལུགས་འཆང་ཞེས་གསུངས། །བདག་ཀྱང་དེའི་རྗེས་འཇུག་ཕྱིར། །བདག་མེད་མངོན་དུ་གྱུར་ནས་ཀྱང་། །འགྲོ་རྣམས་འཆིང་བ་ལས་གྲོལ་ཚེ། །བདག་ཀྱང་འགྲོ་དོན་སྤྱོད་པར་ཤོག །རང་བྱུང་རྡོ་རྗེས་སྟག་ལོ་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་འགྲོ་ཕུར་གསུངས་པའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཆོས་ཉིད་སྒྱུ་མ་ལྟ་བུའི་དོན། །རྟོགས་པར་འདོད་ན་འདིར་ལྟར་མཛོད། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུའི་རང་བཞིན་ནོ། །མེད་བཞིན་སྣང་བའི་དངོས་པོ་འདི། །ནམ་མཁའི་སྤྲིན་བཞིན་ཤེས་པར་གྱིས། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན། །སྤྲོས་པའི་མཐའ་དང་བྲལ་བ་ལ། །ཅི་བཞིན་འཛིན་པ་མེད་པའི་དོན། །ནམ་མཁའ་ལྟ་བུར་བསྒོམ་པར་བྱ། །བདེན་པ་གཉིས་ཀྱི་རང་བཞིན་ལ། །ཚུལ་བཞིན་རྗེས་སུ་འཇུག་འདོད་ཅིང་། །བརྩོན་པས་ཉམས་སུ་ལེན་བྱེད་ན། །མིད་ལའི་མཛད་པ་ཇི་བཞིན་མཛོད། །འདི་ལྟར་བཤད་པའི་དོན་འདི་ནི། །བདེན་གཉིས་གཏན་ལ་འབེབས་བྱེད་པ། །བདག་གིས་ཚིགས་སུ་བརྗོད་པ་འདིས། །འགྲོ་རྣམས་བདེ་ཆེན་ཐོབ་པར་ཤོག །རང་བྱུང་རྡོ་རྗེས་འབྲུག་ལོ་ཟླ་བ་ལྔ་པའི་ཚེས་བཅུ་ལ་ལྷ་སྟེང་ཞེས་བྱའི་རི་ཁྲོད་དུ་སྦྱར་བའོ།། །། ༈ ཆོས་དབྱིངས་རྒྱ་མཚོ་ལྟ་བུ་ལ། །སྣ་ཚོགས་ཆུའི་རི་མོ་བཞིན། །བདེན་མེད་རྣམ་རྟོག་དུ་མར་འཆར། །དེ་ཕྱིར་བདག་གིས་ཉམས་སུ་ལེན། །གསང་སྔགས་ཟབ་མོ་མ་རྒྱུད་ལ། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །གང་ཟག་བསོད་ནམས་སྤེལ་ཕྱིར་གསུངས། །དེ་དོན་བདག་གིས་འདི་ལྟར་ཤེས། །ད་ལྟར་གང་ཟག་དམན་པ་ལ། །མོས་པའི་སྤྱོད་པའི་དུས་འདི་རུ། །རང་ལུས་ལྷ་རུ་གསལ་བཏབ་ཏེ། བཟའ་བཏུང་བདུད་རྩིར་རབ་སྦྱངས་ཏེ། ཕུང་པོ་རྒྱལ་བའི་དཀྱིལ་འཁོར་མཆོད། །ཚོགས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །དཔའ་བོ་དཔའ་མོ་རྣལ་འབྱོར་པ། །གྲགས་མཉམ་ཡོན་ཏན་ཐོབ་པ་རྣམས། །བདེ་སྟོང་ཡེ་ཤེས་དོན་དམ་བསྒོམས། །བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ལྡན། ཚོགས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །དཔའ་བོ་ཐམས་ཅད་མངོན་འདུས་པས། །དཔའ་བོའི་དགའ་སྟོན་ཞེས་ཀྱང་བྱ། །སློབ་དཔོན་གསང་སྔགས་ཚུལ་ཤེས་ཤིང་། དབང་བསྐུར་རྒྱུད་སྨིན་དེ་ཉིད་ཤེས། །སློབ་མ་དཔའ་བོ་དཔའ་མོའི་ཚོགས། །བསྐྱེད་རྫོགས་ཏིང་འཛིན་བརྟེན་པ་ན། །ཚོགས་ལ་དངོས་གྲུབ་དཔག་མེད་འབྱུང་། །དེ་ལྟར་མིན་ལྡན་སྐྱེས་བུ་རྣམས། །ང་རྒྱལ་ལོག་པར་སྤྱོད་གྱུར་ན། །བར་ཆད་འབྱུང་བར་རྒྱལ་བས་གསུངས། །བདག་གིས་ཚོགས་འཁོར་མ་མཐོང་ཡང་། །རྒྱུད་སྡེའི་དགོངས་པ་གླུ་རུ་བླངས། །གནད་ཀྱི་གདམ་ངག་དེ་ལ་མཛོད། ཡིད་ཆེས་ངོ་མཚར་ཆེར་བསྐྱེད་ནས། །འདིར་བཞུགས་ཚུལ་བཞིན་བསྒྲུབ་པར་མཛོད། །འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ཀྱི་ནུབ་མོ་ལྷ་སྟེང་དཔལ་གྱི་དགོན་པ་རུ། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་གྲལ་དུ་རང་བྱུང་རྡོ་རྗེས་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའོ། །ཤུབྷཾ།། ༈ ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །འདི་ལ་འདིར་འཚོགས་གསན་པར་ཞུ། །མཐའ་བྲལ་གཉུག་མ་སྙིང་པོའི་དོན། བྲམ་ཟེའི་རྒྱུད་ལས་བྱུང་བ་ལགས། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །སྐལ་བ་བཟང་མོའི་བརྒྱུད་པ་ལགས། །བསྐྱེད་རིམ་ལྷའི་འཁོར་ལོ་འདི། ལུ་ཧི་པ་ནས་བརྒྱུད་པ་ལགས། །བརཏལ་ཞུགས་སྤྱོད་པའི་སྣང་བ་འདི། །བིར་བ་པ་ནས་བརྒྱུད་པ་ལགས། །བཀའ་བཞི་བརྒྱུད་པས་བྱིན་བརླབས་ནས། །ཅི་བཞིན་རྟོགས་པའི་རྣལ་འབྱོར་པ། །ཏཻ་ལོ་ནཱ་རོའི་བརྒྱུད་པ་འཛིན། ལྷོ་བྲག་མར་པ་ལོ་ཙྪ་དང་། །རྣལ་འབྱོར་དབང་ཕྱུག་མི་ལ་མཆོག དེའི་རྗེས་འཇུག་སྒམ་པོ་པ། །རྒྱལ་བའི་གདུང་སོབ་དུས་གསུམ་མཁྱེན། །བཀའ་རྒྱུད་འཛིན་པའི་རས་ཆེན་པ། །དོན་རྒྱུད་འཛིན་པའི་སྤོམ་བྲག་པ། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །བརཏལ་ཞུགས་སྤྱོད་མཛད་ཨུ་རྒྱན་པ། དེ་དག་སྲས་གྱུར་རྣལ་འབྱོར་བདག །དོན་མཐར་ཐུག་བསྒོམ་པར་འདོད་ནས་ཀྱང་། །ལྷ་སྟེང་ཞེས་བྱ་འདི་རུ་ཕྱིན། །བརྟགས་ཤིང་བརྟགས་ནི་འདི་ལྟར་ཤེས། །སྐྱེ་འགྲོ་སེམས་ཅན་གཟུང་འཛིན་དམ། །འཁྲུལ་པའི་སྣང་བ་མགོ་བོ་རྒོད། །བདག་འཛིན་སེམས་ཅན་བསྒྲིབས་གཡོགས་འཐུགས། །རྒྱལ་བས་གསུངས་པའི་མདོ་རྒྱུད་རྣམས། །ཕྱིན་ཅི་མ་ལོག་རྟོགས་པ་དེ། །དེང་སང་ནམ་མཁའི་མེ་ཏོག་འདྲ། །ཡེ་ཤེས་ཆེན་པོའི་སྣང་བ་འདི། །རྟོགས་དཔྱོད་བློའི་སྒྲིབས་པ་འདྲ། །བསྒྲུབ་རྒྱུད་བསྟན་པའི་རྒྱ་མཚན་འདི། །ཕྲག་དོག་བ་མོའི་སད་ཀྱིས་ཁྱེར། །འདིར་བཞུགས་སྐྱེས་བུ་སྐལ་ལྡན་རྣམས། མྱུར་དུ་བྱང་ཆུབ་ཐོབ་འདོད་ན། དད་པ་ཡེ་ཤེས་རྟ་ཕོ་ལ། །སེམས་བསྐྱེད་གསལ་བའི་སྒ་ཁྲ་གཏད། །བརྩོན་འགྲུས་མྱུར་བའི་ལྕག་བྲབས་ནས། བླ་མ་ཐར་པའི་ལམ་མཁན་རྗེས། མྱུར་དུ་རིང་པར་འགྲོ་རེ་རན། །གོ་ན་གནད་ཀྱི་གདམས་པ་ལགས། །མ་གོ་ད་ལྟར་བྲེ་མོ་མཛོད། །འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བཅུའི་ནུབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རང་བྱུང་རྡོ་རྗེས་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའོ། །ཤུབྷཾ།། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། སྐལ་བར་ལྡན་པའི་སྐྱེས་བུ་རྣམས། མ་ཡེངས་དར་ཅིག་སྙན་གསན་མཛོད། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག །འཇིགས་པའི་ཆུ་བོ་ཆེན་པོ་ལས། ཐར་བར་བྱེད་པ་ཤིན་ཏུ་དཀའ། །གལ་ཏེ་ཐར་བ་འདོད་པ་ན། །དྲི་མ་མེད་པའི་མདོ་རྒྱུད་ལས། །གསུངས་པའི་དོན་རྣམས་ཇི་ལྟ་བར། །མ་ཡེངས་གུས་པས་ཉམས་སུ་བླངས། །བསླབ་གསུམ་དྲི་མེད་གཙང་མར་གསུངས། །ཕ་རོལ་ཕྱིན་པ་དྲུག་གིས་དོན། །ཚུལ་བཞིན་ཉམས་སུ་ལེན་བྱས་ན། །མྱུར་དུ་འཁོར་བའི་འདམ་ལས་ཐར། །གསང་བསྔགས་རྒྱུད་སྡེའི་དགོངས་པ་ཀུན། །བསྐྱེད་རྫོགས་གཉིས་མེད་པ་ཡི་དོན། །བདག་མེད་རྣམས་ཀྱིས་རྟོགས་བྱའི་ཕྱིར། །རྒྱུན་ཆད་མེད་པར་ཉམས་སུ་ལོང་། །མཐར་ཐུག་དབྱེར་མེད་སྙིང་པོའི་དོན། སྤྲོས་པའི་མཐའ་དང་བྲལ་བ་ཡིས། །ཆོས་རྣམས་ཀུན་ཀྱི་དེ་བཞིན་ཉིད། །དེ་ཉིད་མངོན་དུ་གྱུར་པར་ངེས། རྒྱལ་བས་གསུངས་པའི་མདོ་སྔགས་ཉིད། །ཚུལ་བཞིན་ཉམས་སུ་བླང་བྱའི་ཆོས། །ཅུང་ཟད་བདག་གིས་བརྗོད་པ་འདི། །ཚུལ་བཞིན་ཉམས་སུ་ལེན་པར་མཛོད། ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་འབྲུག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ལྷ་སྟེང་། །ཞེས་བྱའི་རི་ཁྲོད་དུ་སྦྱར་བའོ། །ཤུབྷཾ།། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། ཐུགས་རྗེའི་དཀྱིལ་འཁོར་དཔག་མེད་ཀྱིས། །སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབས། །ད་ལྟ་མ་རིག་སྙིགས་མའི་དུས། །བསྟན་པ་ཉམས་པར་གྱུར་པ་ཡིས། །ལོག་པའི་ལམ་ལ་གཞོལ་དུས་འདིར། །གཟུང་འཛིན་སྤོངས་ཅིག་སྐལ་ལྡན་ཀུན། །དབེན་གནས་རི་ཁྲོད་དགོན་པ་རུ། །རིན་ཆེན་ཞལ་གྱི་གདམས་པ་རྣམས། །ཡེངས་མེད་བརྩོན་པས་ཉམས་སུ་བླངས། །མྱུར་དུ་འཁོར་བ་ལས་ཐར་འགྱུར། །གནས་སྐབས་ཉམས་ཀྱི་ཡོན་ཏན་ལ། ཆེད་འཛིན་མེད་པར་རང་གྲོལ་དུ། །སྒྱུ་མ་ལྟ་བུར་སྦྱང་པར་བྱ། །འདི་ཉིད་བསྒོམ་པའི་མཐར་ཐུག་ཡིན། །རྒྱལ་བས་མདོ་ལས་གསུངས་པ་ཡི། །བླ་མ་རྣམས་ཀྱིས་ལེགས་བཤད་པ། །གཅིག་ཏུ་དྲིལ་བའི་གདམས་པ་འདི། །མ་ཡེངས་ཉམས་སུ་བླང་བར་མཛོད། །སྦྲུལ་ལོ་ཟླ་བ་བཅུ་པ་ལ་ལྷ་སྟེང་ཞེས་བྱ་བའི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་གསུངས་པའོ།། །། ༈ །གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་གཏན་ལ་འབེབས་པར་བྱེད་པ་ཞེས་བྱ་བའི་གླུ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཁྱབ་བདག་དངོས་ཀུན་རང་བཞིན་ཅན། །མ་རྟོགས་འཁོར་བར་འཁོར་བྱེད་ཅིང་། །རྟོགས་པས་དེ་ཉིད་ལམ་བསྟེན་པའི། །ཀུན་བདག་ཁྱབ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔའི་རང་བཞིན་ཅན། །བྱེ་བྲག་ཕུང་པོ་ལྔ་ཡི་བདག རྡོ་རྗེ་རྣམ་གསུམ་བདག་ཉིད་ཀྱི། །འདི་ཉིད་དོན་ལ་རབ་བརྟག་པ། །ཡེ་ཤེས་རྡོ་རྗེ་སྟོན་འདིའོ། །གང་དུ་རྟ་བདུན་རྒྱལ་པོ་དང་། །རི་བོང་འཛིན་པའི་བདག་ཉིད་ཅན། །ཚ་དང་བསིལ་ཟེར་རབ་འཕྲོ་བའི། ཡོན་ཏན་སྡུག་བསྔལ་ཕ་རོལ་འགྲོ། །དབྱིབས་དང་ཁ་དོག་བྲལ་བའི་རླུང་། །བརྟན་དང་གཡོ་བའི་བདག་ཉིད་ཅན། །དབུ་མར་རབ་ཏུ་ཞུགས་པའི་ཐབས། །དེ་འདིར་ཐབས་རྣམས་གྲུབ་པར་བྱེད། །དེ་འདིར་རྩ་བའི་བདག་ཉིད་ཅན། །རྣམ་གསུམ་རྣམ་པ་ལྔ་རང་བཞིན། །སུམ་བཅུ་རྩ་གཉིས་རབ་དབྱེ་བས། །ཟླ་བ་ཉི་མའི་གསལ་བྱེད་དོ། །དེ་འདིར་མ་རྟོགས་སྟེང་འགྲོ་བའི། །དབང་པོའི་ལམ་ནས་འཇུག་བྱེད་པ། །ཡུལ་ལ་རབ་ཏུ་རྒྱུག་པའི་སེམས། །སྒྲ་གཅན་ཁར་ནི་གཞུག་པར་བྱ། །ཚངས་པའི་གནས་ནི་མཐར་ཐུག་དང་། །འོག་ཏུ་ཀླུ་དབང་འཁྱིལ་པའི་བར། །ཉི་ཟླ་སྐར་མའི་བདག་ཉིད་ཅན། །ཐམས་ཅད་དབང་དུ་འགྱུར་བྱེད་དོ། །བཅུ་དྲུག་ཕྱེད་ཕྱེད་རང་བཞིན་ཅན། །མི་འཕྲོགས་བདག་ཉིད་མ་ཡི་གཟུགས། །དཔྱིད་དང་ཐིག་ལེ་རབ་བཤད་པ། །འདི་ནི་ས་གསུམ་བདག་ཉིད་དོ། །རྒྱ་མཚོའི་གཏིང་དུ་རྣམ་གྲོལ་ཞིང་། །རི་བོའི་རྩེ་ནི་སྣང་བྱེད་པ། །གློག་དང་ཀུན་དྷའི་འོད་ལྟར་གསལ། །དེའི་རིན་ཆེན་གཏེར་འགྲུབ་བོ། །འདིས་ནི་ཡེ་ཤེས་ཕ་རོལ་འགྲོ། །འདིས་ནི་རྒྱུ་དང་མི་རྒྱུའི་བདག །མཆོག་དང་ཐུན་མོང་ལ་སོགས་ཀུན། །འདི་ལས་འབྱུང་གིས་གཞན་དུ་མིན། རྡོ་རྗེ་སློབ་དཔོན་མཆོག་གྱུར་པ། །ཏེ་ལོ་ཤེས་རབ་བཟང་པོའི་བཀའ་དྲིན་གྱིས། །རྟོགས་པ་རང་བྱུང་རྡོ་རྗེས་སྦྱར། །རྡོ་རྗེ་ཐེག་པར་འཇུག་འདོད་ཅིང་། །ཤེས་ཤིང་རྟོགས་པར་འདོད་པས་ཀྱང་། །འདི་ཉིད་དོན་ལ་འཇུག་པར་བྱ། །གཞན་དག་ཕྱི་རོལ་གྱུར་པ་ཡིན། །རང་བྱུང་རྡོ་རྗེ་ཡིས་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་ལ་ལྷ་སྟེང་སུ་མཛད་པ་རྫོགས་སོ།། །། ༈ རྗེ་འགྲོ་བའི་དཔལ་མགོན་རིན་པོ་ཆེ། །བདག་གཞན་དགོས་འདོད་འབྱུང་བའི་གནས། །བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འཛམ་གླིང་སྙིང་པོ་བོད་ཀྱི་ཡུལ། །རི་བོ་བྱང་ཕྱོགས་རྒྱུད་འདི་རུ། ཚུལ་བཞིན་ཉམས་སུ་ལེན་བྱེད་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །དེའི་རྗེས་འཇུག་འདོད་པ་རྣམས། །བསྒྲུབ་བརྒྱུད་འཛིན་པའི་སྐྱེས་བུ་རྣམས། །ཐོག་མར་བླ་མ་དམ་པ་བསྟེན། བྱིན་བརླབས་ཡོན་ཏན་འབྱུང་བར་ངེས། །དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །ཡང་དག་རྒྱལ་བའི་བསྟན་པ་ལ། །འཇུག་ཅིང་ཉམས་སུ་བླངས་པ་ན། །རང་བཞིན་དོན་གཉིས་འགྲུབ་པར་ངེས། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །ཟབ་དོན་རྒྱུད་ལས་གསུངས་པ་ལྟར། །མ་ནོར་རྩལ་སྦྱོངས་གནད་དུ་བསྣུན། །མྱུར་དུ་འཁོར་བ་ལས་ཐར་ངེས། །སྟོང་ཉིད་སྙིང་རྗེའི་ངོ་བོ་ཉིད། །དབྱེར་མེད་གཅིག་ཏུ་ཉམས་བླངས་ཤིང་། །མདོ་རྒྱུད་རྒྱུན་དུ་གོམས་བྱས་ན། །ཐེག་དམན་གྱི་གོལ་ས་ཆོད་པར་ངེས། །དེ་དག་མདོ་རྒྱུད་ཀྱི་དགོངས་པ་ཡིན། །ཕྱོགས་གཅིག་བསྡུས་ནས་བརྗོད་པ་ལགས། །འདིར་བཞུགས་ཀུན་གྱིས་ཉམས་སུ་ལོང་། །ནོར་འཁྲུལ་ཀུན་གྱི་བཟོད་པར་གསོལ། །དཔལ་ལྡན་རང་བྱུང་རྡོ་རྗེ་ཡིས། །དབེན་གནས་རི་ཁྲོད་ལྷ་སྟེང་དུ། །སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི། །ཉི་ཤུ་ལྔའི་དུས་སུ་ཡང་། །སྨིན་གྲོལ་རིགས་གཏད་གནང་དུས་གསུངས།། །། ༈ ན་མོ་གུ་རུ། །ཡོན་ཏན་ཀུན་འབྱུང་གཞིར་གྱུར་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །བདག་སོགས་འགྲོ་དྲུག་སེམས་ཅན་རྣམས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་རྡོ་རྗེ་འཆང་། །ཏཻ་ལོ་ནཱ་རོ་མར་པ་དང་། །མི་ལ་དྭགས་པོ་དུས་གསུམ་མཁྱེན། །རིན་ཆེན་རྣམས་ལ་གསོལ་བ་འདེབས། །དེའི་རྗེས་སུ་འཇུག་བྱེད་པ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །ཚུལ་བཞིན་སྦྱངས་པ་མ་བྱུང་ཡང་། །རྒྱལ་བའི་བྱིན་བརླབས་ཞུགས་པ་ཡིན། །ཟབ་མོའི་མདོ་རྒྱུད་ཀུན་གྱི་དོན། །ཕྱོགས་མེད་རང་གྲོལ་མཁྱེན་པ་རྒྱས། །ཉམས་སུ་ལེན་པའི་གནད་ཤེས་པས། །བསྒྲུབ་པ་དང་དུ་ལེན་པ་ཡིན། །དེང་སང་བསྟན་པའི་སྙིགས་མ་ལ། །དགེ་བཤེས་ཀུན་ཀྱང་གཡེང་བས་ཁྱེར། །ཆོས་མཛད་ཀུན་ཀྱང་ལེ་ལོར་གྱུར། །དེ་དུས་བརྩོན་འགྲུས་བྱ་རེ་རན། །དམ་ཆོས་བྱའོ་སྙམ་ལགས་ཀྱང་། །ལེ་ལོ་འཁྲུལ་པའི་བདུད་ཀྱིས་ཁྱེར། །ལོང་ཡོད་སྙོམ་ལས་མི་ཚེ་ཟད། །བརྟགས་ཤིང་བརྟགས་ཤིང་འཇིགས་པ་སྐྱེ། །འདི་ལྟར་སྙིགས་མའི་དུས་དག་ཏུ། །རྩེ་ཅིག་ཉམས་སུ་བླངས་བྱས་ན། །མ་ནོར་གདམས་པའི་རྩལ་སྦྱངས་ནས། །བླ་མའི་རྗེས་སུ་སློབ་པར་མཛོད། །ཆོས་ཚུལ་བཞིན་ཉམས་སུ་མ་བླངས་ན། བསོད་ནམས་ཆེ་ཡང་དགོས་པ་མེད། །བསོད་ནམས་བདུད་ཀྱི་གཡབ་མོ་ཡིན། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ད་ལྟར་དལ་འབྱོར་ཐོབ་དུས་འདིར། །ཐར་པའི་ལམ་སྣ་མ་ཟིན་ན། །མི་ཚེ་སྟོང་ལོག་བྱེད་ཉན་ཡོད། །དེ་ཕྱིར་ཐམས་ཅད་བརྩོན་འགྲུས་བསྐྱེད། །བླ་མའི་གདམས་ངག་སེང་གེའི་ཞོ། འཆི་མེད་བདུད་རྩི་ཐོབ་དུས་འདིར། །གང་ཟག་སྐལ་བར་ལྡན་པ་རྣམས། །རྩེ་ཅིག་འབད་པས་ཉམས་སུ་ལོང་། །འདི་ལྟར་མགུར་དུ་བརྗོད་པ་འདི། །རྩེ་ཅིག་ཉམས་སུ་བླང་བའི་ཐབས། །ཅུང་ཟད་ངག་དུ་བརྗོད་པ་ལགས། །དེ་ལྟར་ཀུན་གྱིས་མཁྱེན་པར་མཛོད། །འདིའི་དགེ་བས་འགྲོ་བ་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །འགལ་དང་ནོར་འཁྲུལ་གྱུར་པ་རྣམས། །བླ་མ་རྣམས་ལ་བཟོད་པར་གསོལ། །རང་བྱུང་རྡོ་རྗེས་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་དྲུག་ལ་ལྷ་སྟེང་དུ་གསུངས་པ་རྫོགས་སོ།། །། ༈ ན་མོ་གུ་རུ། ཐུགས་རྗེའི་དཀྱིལ་འཁོར་དཔག་མེད་ཅིང་། །སྙན་པའི་སྒྲ་དབྱངས་ཀུན་ཁྱབ་པས། །དོན་གཉིས་གྲུབ་པའི་མངོན་རྟོགས་ཅན། །བླ་མ་མཆོག་ལ་གསོལ་བ་འདེབས། །ཨེ་མ་འཁོར་བའི་སྣང་བ་འདི། །སྒྱུ་མ་མཁན་པོས་སྤྲུལ་པ་ལྟར། །བརྟགས་ཤིང་བརྟགས་ནས་སྙིང་པོ་མེད། །དེ་ལྟར་འཁོར་བའི་ཞེན་འཛིན་སྤོངས། །སྤྲོས་བྲལ་ཟབ་མོའི་དེ་ཉིད་སྟོན། །རྣམ་པར་རྟོགས་པས་རྟོགས་མི་འགྱུར། །མཐའ་ཡས་གཏིང་དཔག་དཀའ་བ་དེ། །མ་ནོར་ངེས་པར་གཏན་ལ་ཕོབ། །དེང་སང་སྙིགས་མའི་དུས་འདི་རུ། །རྒྱལ་སྲས་རྣམས་ཀྱང་མི་བཞུགས་ཤིང་། དམ་ཆོས་དམན་པ་གྱུར་པ་ན། །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །མདོ་ལས་གསུངས་པའི་དབེན་གནས་ཀུན། །རྒྱལ་བས་ཤིན་ཏུ་བསྔགས་པའི་ཕྱིར། །ལུས་དང་སྲོག་ལ་ལྟོས་མེད་པ། །བརྩོན་འགྲུས་ཆེན་པོས་དང་དུ་བླངས། །འདི་ལྟར་ངག་ཏུ་བརྗོད་པ་འདི། །ལྷ་སྟེང་ཞེས་བྱའི་རི་ཁྲོད་དུ། །མང་པོ་འཚོགས་པའི་ཁྲོམ་བསེབ་དུ། །འབྲེལ་མེད་ཚིག་ཏུ་བརྗོད་པ་ཡིན། །ཤུབྷཱཾ།། སྦྲུལ་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དྲུག་གི་ཉིན་པར་མང་སྐོལ་གོང་ཏུ་ཆུ་གཏོར་བསྔོ་བའི་ཞོར་ལ་གསུངས་སོ།། །། ༈ ན་མོ་གུ་རུ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ཚོགས་གཉིས་བསགས་པའི་དཔལ་འབར་བ། འགྲན་གྱི་དོ་མེད་སྤྱི་གཙུག་བརྒྱན། །བླ་མ་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཚུལ་བཞིན་རྒྱལ་བའི་བསྟན་པ་ལ། །འཇུག་པར་འདོད་པའི་སྐལ་ལྡན་ཀུན། །ཁོ་བོའི་ཚིག་འདི་གོ་བར་གྱིས། །ཐེག་ཆེན་ཡོན་ཏན་ཀུན་གྱི་གཞི། །མཚན་ཉིད་ལྡན་པའི་བླ་མ་ཡིན། །གུས་པས་རྒྱུན་དུ་བསྟེན་པར་བྱ། །དངོས་གྲུབ་ཀུན་གྱི་གཞི་མ་ལགས། །ཚོགས་གཉིས་བསགས་སྦྱངས་རབ་འབད་ནས། །སྒྲིབ་གཉིས་བག་ཆགས་བྱང་བྱས་ཏེ། །སྐུ་གསུམ་ཡོན་ཏན་ཐོབ་བྱེད་པ། །ལམ་དང་འབྲས་བུའི་མཐར་ཐུག་ཡིན། །དེ་ལྟར་རྒྱུན་དུ་སྦྱོང་བྱེད་པ། །གནས་སྐབས་འབད་པ་དཔག་མེད་པས། །མ་ནོར་གདམས་པ་ཉམས་བླངས་ན། །ཞེན་འཛིན་རྩ་བ་ཆོད་པར་ངེས། །འཁྲུལ་པ་རང་སར་དག་བྱེད་པ། །ཉམས་སུ་ལེན་ཚུལ་བརྗོད་པ་ཡིན། །དེ་ལྟར་ཉམས་སུ་ལེན་པར་མཛོད། །མཐར་ཐུག་བདེ་ཆེན་ཐོབ་པར་ཤོག །རིན་པོ་ཆེ་རང་བྱུང་རྡོ་རྗེ་ཡིས། །སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་དྲུག་ལ་སྦྱར་བ་རྫོགས་སོ། །ཤུབྷཾ།། ༈ ན་མོ་མཉྫྱུ་ཤྲི་ཡེ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །མེད་བཞིན་སྣང་བའི་རང་བཞིན་ལ། མ་སྐྱེས་གཉུག་མའི་ངོ་བོ་རུ། །གོ་ཞིང་རྟོག་ན་མཁས་པ་ཡིན། དཔལ་ལྡན་བླ་མ་དམ་པ་ལ། །རྫོགས་སངས་རྒྱས་ཀྱི་རང་བཞིན་དུ། །རང་གི་སེམས་དང་དབྱེར་མེད་པར། །གོ་ཞིང་རྟོགས་ན་བྱིན་བརླབས་འབྱུང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །རྒྱུན་ཆད་མེད་པའི་རྟེན་འབྲེལ་ཏེ། །རྒྱུན་མི་འཆད་པར་བསྒོམ་གྱུར་ན། །མྱུར་དུ་བག་ཆགས་སྒྲིབ་པ་སྦྱོང་། །བདེ་གསལ་མི་རྟོག་ཉམས་ཀྱི་ཚོགས། །རང་བྱུང་ཆུའི་རི་མོ་བཞིན། །ཞེན་མེད་ལམ་དུ་གཏད་ལགས་ན། ངོ་བོའི་གནས་ལུགས་མཐོང་བར་ངེས། །ཤུབྷཱཾ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་གདམས་པ་ཐོབ་ནས་ཀྱང་། །ཚུལ་བཞིན་བསྒྲུབ་པར་བྱེད་པ་ལ། །འདོད་པ་དང་གཟུང་འཛིན་མ་སྤངས་ན། ལོངས་སྤྱོད་བདུད་ཀྱི་ཁྱེར་བ་འདྲ། །དེས་ན་སྲེད་པའི་ཞགས་པ་ཆོད། །རང་སེམས་ཀྱི་རྟ་རྒོད་བརྩོན་དུ་བཟུང་། སྒོ་ལྔའི་ཤེས་པ་རིག་ཏུར་འདི། །དྲན་པ་མ་ཡེངས་པར་ཡར་ལ་སྐྱུར། །ཆོས་ཀུན་ངོ་བོ་སྟོང་པ་ལ། །གཉིས་སུ་རྟོག་པའི་ལྟ་བ་སྤོངས། །འཁོར་བའི་རྩ་བ་མ་རིག་པ། །རྟེན་ཅིང་འབྲེལ་འབྱུང་གི་ཐོ་བས་ཆོམ། །མ་རིག་ལྟ་བའི་ཟག་པ་གཉིས། །སྟོང་ཉིད་སྙིང་རྗེའི་གཡང་ལ་བསྐྱུར། །འདོད་དང་སྲེད་པའི་ཟག་པ་དེ། །ཐབས་ཀྱིས་སྒྱུ་མ་ལྟ་བུར་སྦྱོངས། །དུག་ལྔའི་རྣམ་རྟོག་རྐུན་བུ་འདི། །མ་འགགས་ངོ་བོ་ཉིད་ལ་ལྟོས། །སྟོང་ཞིང་གསལ་བའི་རང་སེམས་ལ། །ཡིད་དཔྱོད་ཀྱི་དྲི་མ་དངས་སུ་ཆུག །རྩ་བ་ཀུན་གཞིའི་རྣམ་ཤེས་ལ། །རྟོག་པའི་ཆོས་ཀྱིས་སླད་མི་བྱ། །ཨེ་མ་ཡ་མཚན་འདི་ལྟ་བུ། །ཆུ་དང་གསེར་དང་ནམ་མཁའ་དང་། །རླུང་དང་མེ་ཏོག་མི་གཙང་པ། །རི་དང་མེ་ཏོག་མེ་དང་ནི། །སྒྱུ་མ་སྨིན་ལམ་མེ་ལོང་དང་། །བྲག་ཆག་འཇའ་ཚོན་ཡིད་བཞིན་ནོར། །བཅོ་ལྔ་པོ་འདི་མཐོང་ལགས་སམ། །འདི་རྣམས་མཐོང་བར་བྱ་བའི་ཕྱིར། །དགེ་སློང་བུ་ཆུང་རོ་དང་གསུམ། །གཅིག་པུ་རྣམ་པར་ལྟ་བར་བྱ། །རང་བྱུང་རྡོ་རྗེའི་འཁྲུལ་གཏམ་ཡིན། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་གྱིས་བྱིན་གྱིས་བརློབས། །ད་ལྟར་སྣང་བ་དཀར་དམར་འདི། །སྣང་སྟོང་སྒྱུ་མའི་རང་བཞིན་ཅན། །འདི་ཉིད་ཕྱོགས་མེད་རྟོགས་བྱེད་པ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡིན་ཕྱིར་དེ་ལ་འབད་པར་བྱ། །འཛིན་བྱེད་ཤེས་པ་རིག་ཏུར་འདི། །སྤྲོས་བྲལ་ལམ་དུ་འཆར་བྱེད་པ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ཡིན་ཕྱིར་མཐའ་ལ་གནས་མི་བྱ། །ད་ལྟར་མ་རིག་སྐྱེ་བོའི་དུས། །ཐབས་ཀྱི་ཡན་ལག་སྦྱོང་བྱེད་པ། །མ་ནོར་རྒྱུད་ཀྱི་སྙིང་པོ་ལྟར། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །རྒྱུན་ཆད་མེད་པར་བསྐོར་བ་གཅེས། །མ་ནོར་ཐར་པའི་ལམ་སྟོན་པ། །དགེ་བའི་བཤེས་དང་མི་འབྲལ་བྱ། དད་པའི་ས་བོན་རབ་དངས་པས། །རྒྱུན་ཆད་མེད་པར་གསོལ་བ་གདབ། །དེ་ལྟར་བསྒྲུབ་པའི་སྤྱོད་པ་ནི། །བས་མཐའ་དགོན་པར་རི་དྭགས་བཞིན། །འཁོར་བར་སྐྲག་བཅས་དང་པོ་ཡིན། །ཡ་ང་མེད་པ་སེང་གེ་ལྟར། འཁོར་བ་སྐྲག་བཅས་གཉིས་པ་ཡིན། །བུ་གཅིག་པ་ཡི་མ་བཞིན་དུ། །གནས་པའི་རྒྱལ་སྲས་སྤྱོད་པ་བཟང་། །འདི་འདྲའི་ཚུལ་ལ་སྦྱོང་བྱེད་ན། །གནས་ནི་བས་མཐའ་དགོན་པའང་། ནགས་འདབ་ཤིང་དྲུང་བརྟེན་པར་བྱ། གོས་ནི་ཕྱག་དར་ཁྲོད་བོར་བའི། །དབུགས་བྲལ་རྗེས་སུ་མཐུན་པར་བྱ། །ཟས་ནི་སྣ་ཚོགས་བྱ་བཞིན་དུ། །ཞེན་མེད་པ་ཡི་ཚུལ་དུ་བྱས། །འདི་ལྟར་ཉམས་སུ་བླངས་བྱས་ན། །མི་རྟག་འཁོར་བའི་རང་བཞིན་འདི། །སྡུག་བསྔལ་རྣམས་ལ་སྤོང་བ་དང་། །རྒྱལ་བའི་སྲས་སུ་འགྱུར་བ་སྙམ། །ཞེས་བྱ་བ་འདི་ཉམས་ལ་ཤར་ནས་རང་བྱུང་རྡོ་རྗེ་བདག་གིས་བྲིས། །ཤུབྷཱཾ།། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྔོན་སྦྱངས་ལས་འཕྲོ་ལྡན་པ་ཡི། །སྐྱེས་བུ་བསྒྲུབ་ལ་གཞོལ་བ་རྣམས། ཉམས་ལེན་གནད་འདི་ཡིན་པ་སྙམ། །དམིགས་བཅས་འབད་པ་དུ་མ་རྣམས། །དམིགས་མེད་འོད་གསལ་རྟོགས་པའི་ཐབས། །ལས་དང་པོའི་གང་ཟག་ལ། གནས་ཆ་ཡོད་ཀྱང་གསལ་ཆ་མེད། །དེ་ཕྱིར་སྒོ་ལྔའི་ཤེས་པ་འདི། །མ་དག་ངོ་བོ་ཉིད་ལ་ལྟོས། །ལས་དང་པོའི་གང་ཟག་ལ། །གསལ་ཆ་ཡོད་ཀྱང་བདེ་ཆ་མེད། །དེས་ན་ཡུལ་སེམས་སྣང་བ་འདི། བདེ་བའི་རོལ་པར་ཁྱེར་ཅིག་ཨང་། །ལས་དང་པོའི་གང་ཟག་ལ། །བདེ་ཆ་ཡོད་ཀྱང་སྟོང་ཆ་མེད། །དེས་ན་དགའ་བཞིའི་ངོ་བོ་དེ། །སྐྱེ་མེད་སྟོང་པར་རྒྱ་ཡིས་ཐོབ། །གསུམ་ཀ་ཡོད་པའི་རྣལ་འབྱོར་ཀྱང་། །དྲན་པའི་ཐག་པས་མ་བཟུང་ནས། །རྒྱུ་མཐུན་གྱི་བག་ཆགས་མི་མཛད་པས། །ཡེངས་བ་མེད་པར་དྲན་པས་བཟུང་། །ཐམས་ཅད་འབྲལ་མེད་ཡོངས་ལགས་ཀྱང་། །བསམ་གཏན་རྩལ་སྦྱོང་མི་བྱེད་ན། །མངོན་ཤེས་རྫུ་འཕྲུལ་མི་འཆར་བས། །ལྟ་སྟངས་ཀྱི་བྱེ་བྲག་འབད་ལ་སྦྱོངས། །མངོན་ཤེས་རྫུ་འཕྲུལ་ཐོབ་ལགས་ཀྱང་། །ཐབས་མཁས་སྙིང་རྗེ་མ་སྦྱངས་ནས། །གཞན་གྱི་འཕྲིན་ལས་མི་འབྱུང་པས། །བསྡུ་དངོས་རྣམ་བཞི་ཕུལ་དུ་བྱུང་། །དེ་ལྟར་འབད་ནས་མཐར་ཐུག་ཏུ། །རྒྱལ་སྲས་ཀུན་གྱིས་རབ་རྟོགས་པ། །འཁོར་བ་མྱ་ངན་འདས་པ་རྣམས། །བརྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །དེ་ལ་དེར་འཛིན་རབ་དག་པ། །རྟོགས་པ་འདི་ནི་སྟོང་ཞིང་བཟོད། ཀུན་ལ་རྒྱ་ཡིས་བཏབ་པ་ནི། །ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་འདྲའི་དོན་དེ་རབ་རྟོགས་ནས། །དུས་མཐར་གཞན་དོན་བསྒྲུབ་པར་བྱ། །བཟོད་པ་བསྟན་ལ་འབེབས་པའི་གླུ། །རང་བྱུང་རྡོ་རྗེས་ཡིག་གེར་བཀོད།། །། ༈ ན་མོ་གུ་རུ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་གིས་ཉམས་སུ་མ་མྱོང་ན། །གཞན་གྱིས་བརྗོད་པ་ཐ་སྙད་ཡིན། །བླ་མའི་བྱིན་བརླབས་མ་ཞུགས་ན། །ཚིག་ལ་མཁས་ཀྱང་ཟིན་མེད་ཡིན། །དད་པ་གཏིང་ནས་མ་སྐྱེས་ན། །ཁ་སྤྱང་ཆེ་ཡང་སྡུག་སྐད་ཡིན། །སྲེད་པ་རྩད་ནས་མ་ཆོད་ནས། །བྱ་བྲལ་བྱས་ཀྱང་གཟུགས་བརྙན་ཡིན། །སྙིང་རྗེ་གཏིང་ནས་མ་སྐྱེས་ན། །གཞན་དོན་བྱེད་པ་ཟོག་པོ་ཡིན། །འདུ་བྱེད་རྩ་བ་མ་ཆོད་ན། །རྐྱེན་རྟོག་ཆོམ་ཡང་ལོ་མ་ཡིན། །སྣང་བ་སྒྱུ་མར་མ་རྟོག་ན། །ཚོར་བ་བཀག་ཀྱང་གཏི་མུག་ཡིན། །སྤྲོས་བྲལ་རྒྱུད་ལ་མ་ཁེལ་ན། །ལྟ་བ་ཟེར་ཡང་ཁ་ལྟ་ཡིན། །ཅིར་སྣང་ཐད་ཀར་མ་གྲོལ་ན། །བསྒོམ་པ་བཟང་ཡང་འཁོར་བའི་ལམ། །གང་བྱས་དོན་དུ་མ་འགྱུར་ན། །སྤྱོད་པའི་འཇིག་རྟེན་ལས་མ་འདས། །ཟག་པ་བྲལ་བར་མ་གྱུར་ན། །འབྲས་བུ་ཟེར་ན་ཡིད་སྨོན་ཡིན། །སྣང་བ་དཔེ་རུ་མ་ཤེས་ན། །དཔེ་ཆ་མང་ཡང་དུམ་བུ་ཡིན། །ཆོས་དོན་རྒྱུད་ལ་མེད་པ་ན། །བཤད་ལུང་མང་ཡང་འཇོག་རྒྱུ་ཡིན། །དབང་བསྐུར་སེམས་ལ་མ་ཐོབ་ན། །བཀའ་ལུང་མ་ཡང་བུམ་སྟོང་ཡིན། །བསྐྱེད་རྫོགས་བརྟན་པ་མ་ཐོབ་ན། །སློབ་མ་བསྡུ་བ་གཟུགས་བརྙན་ཡིན། །དབང་ཐོབ་དམ་ཚིག་མི་བསྲུང་ན། །དམྱལ་བར་འཁྲིད་པའི་སྣ་ཐག་ཡིན། །ཐོས་པ་ཉམས་སུ་མ་བླངས་ན། །སངས་རྒྱས་བཀའ་དང་འགལ་བ་ན། །རྡོ་རྗེ་དམྱལ་བའི་ས་བོན་ཡིན། །ཉམས་སུ་བླངས་ནས་ཞེན་གྱུར་ན། །ལྟ་ངན་ནང་དུ་ཞེན་པ་ཡིན། །འཛིན་པ་གང་གིས་བཅིངས་གྱུར་ཀྱང་། །བདུད་ཀྱིས་ཞགས་པས་བཅིངས་པ་ཡིན། །དེས་ན་རང་བྱུང་རྡོ་རྗེ་ལ། །རང་གིས་བསྐུལ་ཕྱིར་བྲིས་པ་ཡིན། །མི་མཐུན་ཕྱོགས་རྣམས་རབ་སྤངས་ནས། །མཐུན་པའི་དོན་དེ་བསྒྲུབ་པ་ཡིན། །མཐུན་དང་མི་མཐུན་གཉིས་ཀ་ཡང་། །ཞེན་པ་མེད་པར་སྦྱོང་བ་ཡིན། །རྟའི་ལོ་ལ་ལྷ་སྟེང་དུ། །རྟོགས་པའི་དུམ་བུ་བྲིས་པ་ཡིན། །ཤུབྷཾ།། ༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཆོག་གི་སྤྲུལ་པ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་མི་གཟུགས་ཅན། །གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་བརློབས། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །རྒྱལ་བའི་བསྟན་པ་རྙེད་ཟེར་ཞིང་། ཐེག་ཆེན་ཆོས་དང་འཇལ་བར་བཀའ། །མྱུར་དུ་བརྩོན་འགྲུས་བསྐྱེད་ན་ལེགས། །མྱུར་དུ་བརྩོན་པ་བསྐྱེད་ནས་ཀྱང་། །མདོ་རྒྱུད་ཀྱི་དགོངས་པ་དཔག་མེད་ལ། །ཐེ་ཚོམ་བྲལ་བར་བརྗོད་བྱ་ཞིང་། བས་མཐའ་རི་ཁྲོད་དགོན་པ་ན། །ཚུལ་བཞིན་བསྒྲུབ་པ་དང་དུ་བླང་། །དེ་ལྟར་བླ་མ་རྣམས་ཀྱི་གསུངས། །གལ་ཏེ་བརྩོན་འགྲུས་མ་བསྐྱེད་ན། །ཚེ་མི་རྟག་རྩ་ཁའི་ཟིལ་པ་འདྲ། མྱུར་དུ་གཡོ་ཞིང་འགྲོ་བའི་ཕྱིར། །ཡེངས་མེད་བརྩོན་འགྲུས་བགྱིད་ཀྱང་འཚལ། །འདི་ལྟར་བརྩོན་པས་ཉམས་བླངས་ན། །རང་གཞན་འབྲས་བུ་ཐོབ་པའི་ཕྱིར། །ཡེངས་བ་མེད་པར་བསྒྲུབ་པར་བྱ། །རྟ་ལོ་ཟླ་བ་བཅུ་ཅིག་པའི་ཉི་ཤུ་ལ་ལྷ་སྟེངས་ཀྱི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་ཡི་གེར་བཀོད་པའོ།། །། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །ཆོས་ཀུན་མཚོན་པའི་བརྡ་རུ་གོ །ཐེག་པ་ཆེན་པོའི་ས་གཞི་ལ། ཕ་རོལ་ཕྱིན་པའི་སྡོང་པོ་སྐྱེས། །ཤར་ཕྱོགས་སྦྱིན་པའི་སྡོང་པོ་དེ། །ཆགས་པ་མེད་པའི་གཞི་ལ་སྐྱེས། །ལྷོ་ཕྱོགས་ཚུལ་ཁྲིམས་སྡོང་པོ་དེ། །ཉེས་སྐྱོན་མེད་པའི་གཞི་ལ་སྐྱེས། །ནུབ་ཕྱོགས་བཟོད་པའི་སྡོང་པོ་དེ། །ཁོང་ཁྲོ་མེད་པའི་རྩ་བ་ཅན། །བྱང་ཕྱོགས་བརྩོན་གྲུས་ཀྱི་སྡོང་པོ་དེ། །ལེ་ལོ་མེད་པའི་གཞི་ལ་སྐྱེས། །མཚམས་བཞི་བསམ་གཏན་གྱི་སྡོང་པོ་དེ། །གཡེང་བ་མེད་པའི་རྩ་བ་ཅན། །དབུས་ཤེས་རབ་རྣམ་དག་གི་སྡོང་པོ་འདི། །འཆལ་པ་མེད་པའི་གཞི་ལ་སྐྱེས། །གྲོགས་བྱང་ཆུབ་སེམས་ཀྱི་སྡོང་པོ་འདི། སྙིང་རྗེ་ཆེན་པོའི་རྩ་བ་ཅན། །དེ་ལྟར་ཐབས་ཀྱི་སྡོང་པོ་བདུན། །རྟེན་ཅིང་འབྲེལ་འབྱུང་གི་ཡན་ལག་ཅན། །ལོངས་སྤྱོད་ཆེན་པོའི་ལོ་འདབ་སྟེ། །སྦྱིན་པའི་སྡོང་པོ་ལས་སྐྱེས་པ་ལགས། །བདེ་འགྲོ་ཐོབ་པའི་ལོ་འདབ་དེ། །ཚུལ་ཁྲིམས་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། །མཚན་དང་དཔེ་བྱད་ལོ་འདབ་དེ། །བཟོད་པའི་སྡོང་པོ་ལས་སྐྱེས་པ་ལགས། །ཐོགས་མེད་གྲུབ་པའི་ལོ་འདབ་དེ། །བརྩོན་འགྲུབ་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། །གཡེང་བ་སྤངས་པའི་ལོ་འདབ་དེ། །བསམ་གཏན་གྱི་སྡོང་པོ་ལས་སྐྱེས་པ་ལགས། །ཐར་པ་ཐོབ་པའི་ལོ་འདབ་དེ། །ཤེས་རབ་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། གཞན་དོན་བསྒྲུབ་པའི་ལོ་འདབ་དེ། །སྙིང་རྗེའི་སྡོང་པོ་ལས་སྐྱེས་པ་ལགས། །དེ་ལྟར་ཕུན་སུམ་ཚོགས་པ་ལས། །ས་ལམ་རྫོགས་པའི་མེ་ཏོག་ཅན། །རྩལ་སྦྱངས་འབད་པའི་རྐྱེན་གྱིས་ནི། དོན་གཉིས་གྲུབ་པའི་འབྲས་བུ་སྨིན། །དེ་ལྟར་མདོ་ལ་གསུངས་པ་ཅན། །ལྗོན་པའི་དཔེ་དང་སྦྱར་བ་འདི། །སྤྲང་པོ་རྣལ་འབྱོར་རྡོ་རྗེ་ཡིས། །སྤངས་ཀྲའི་གནས་སུ་བླངས་པ་ལགས། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་བརླབ་པར་མཛད་དུ་གསོལ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །རི་བོ་གངས་ཅན་ཤར་གྱི་ཕྱོགས། །ས་ཁོལ་དུ་བྱུང་བའི་སྐང་ཆུང་དུ། །ཁྱད་པར་ཀོལ་ཏིའི་གཙུག་ལག་འདིར། །རྣལ་འབྱོར་རང་བྱུང་རྡོ་རྗེའི་ཡིས། །གཞན་ཡི་རྒྱུད་ཚོད་མི་ཤེས་ཀྱང་། །དུས་ངན་བསྟན་པའི་མར་འགྲིབ་ཀྱི། །བྱེད་པ་ཅུང་ཟད་འདི་ལྟར་མཐོང་། །ཆེན་པོར་འདོད་པའི་དགེ་བཤེས་རྣམས། །བག་མེད་ལེ་ལོའི་དབང་དུ་གྱུར། །ཁེ་དང་གྲགས་པའི་འདབ་དུ་བྱིང་། །ཤ་དང་ཆང་གི་རོ་ལ་ཆགས། །བསྟན་ལ་གནོད་པར་མི་འགྱུར་རམ། །རྒྱལ་བའི་བསྟན་ལ་ཞུགས་པ་ཡི། །རབ་ཏུ་བྱུང་བར་འདོད་པ་རྣམས། །ཚུལ་ཆོས་ངོས་ལྐོག་བྱེད་པ་མཐོང་། །ངན་སོང་གི་ས་བོན་མ་བྱས་སམ། །བསྒོམ་པར་འདོད་པའི་བསྒོམ་ཆེན་རྣམས། །ཉིན་པར་ཟང་ཟིང་གི་གཡེང་བས་ཁྱེར། །མཚན་མོ་གཏི་མུག་གི་གཉིད་དུ་སོང་། །ནང་ནུབ་འདོད་ཡོན་ཟས་ཕྱིར་འབྲེངས། །དེ་ལྟར་གཡེངས་བར་གྱུར་པ་ཡིས། རང་རྒྱུད་གྲོལ་བར་ཅང་འགྱུར་རམ། །ནུས་པར་བརློབ་པའི་སྔགས་པ་རྣམས། །ཐོ་ཅོ་སྙིང་ཁམས་ལ་བརྟེན་ཅིང་། གཞན་ལ་གནོད་པར་བྱེད་པ་རྣམས། །རང་རྒྱུད་བསྲེག་པར་མི་འགྱུར་རམ། །ཁེ་གྲགས་འདོད་པའི་ཡོན་བདག་རྣམས། །དད་པའི་དད་པ་མི་བསྐྱེད་པར། །མི་དགེའི་སྤྱོད་པ་བསྒྲུབ་པ་རྣམས། །ངན་སོང་གསུམ་དུ་མི་ལྟུང་ངམ། །དེ་ལྟར་ངག་ཏུ་བརྗོད་པ་འདི། །སྐྱེ་བའི་ཡིད་ཀྱིས་རབ་བསྐུལ་ནས། །གཞན་དག་ཉན་པར་མི་འགྱུར་ཡང་། ནམ་མཁའ་སྟོང་པ་ཁྱོད་ལ་སྨྲས། །ད་ནི་རྣམ་པ་ཐམས་ཅད་དུ། །ཟང་ཟིང་གཡེང་བ་མི་བསྐྱེད་ཅིང་། བླ་མ་དམ་པའི་གདམས་པ་ལྟར། །རྩེ་ཅིག་ཉམས་སུ་བླང་བར་བྱང་། །མགུར་འདི་རང་བྱུང་རྡོ་རྗེས་ངོ་ཁྲོའི་ནང་འཁྲུག་བསྡུམས་པའི་དུས་སུ། །ཀོལ་ཏིའི་གཙུག་ལག་ཁང་དུ་ལུག་ལོ་ཟླ་བ་བཅུ་གཉིས་པའི་ཉི་ཤུ་བརྒྱད་ལ་ཡི་གེར་བཀོད་པའོ། །ཤུབྷཾ།། ༈ །རྗེ་དུས་གསུམ་སངས་རྒྱས་བླ་མ་རྗེ། །འགྲོ་བའི་དཔལ་མགོན་རིན་པོ་ཆེ། །འགྲན་གྱི་དོ་མེད་གཙུག་གི་རྒྱན། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །འདི་ལ་འདིར་བཞུགས་གསན་པར་ཞུ། །སྔོན་ཚེ་རྒྱལ་བས་གསུངས་པ་ཡི། །མདོ་རྒྱུད་ལུང་དང་བསྟན་ཆོས་ཀྱི། །དགོངས་པ་བསམ་གྱིས་མི་ཁྱབ་པ། །གདུལ་བྱ་རྣམས་ཀྱི་དོན་དུ་གསུངས། །དེའི་རྗེས་འཇུག་སྐྱེས་བུ་ལ། །གསལ་བར་སྟོན་མཛད་བཀའ་བརྒྱུད་རྣམས། །རིན་ཆེན་འོད་ཀྱི་དྲ་བ་ཅན། །ཕྲེང་བ་རྒྱུས་པ་ལྟ་བུར་སྣང་། །དེའི་རྗེས་འཇུག་རྣལ་འབྱོར་པ། །དཔལ་བརཏལ་ཞུགས་སྤྱོད་པའི་དགོངས་པ་ལྟར། །ཚུལ་བཞིན་རྟོགས་པའི་རྣལ་འབྱོར་པ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིན། །ཕྱོགས་མེད་མཁྱེན་པའི་བློ་གྲོས་འདིས། །ཀུན་ཤེས་ཀུན་རིག་མངོན་དུ་གྱུར། །ཕྱི་ནང་གོལ་གྲིབ་སེམས་ལ་ཆོད། །མཁས་པ་མིན་ཀྱང་བཟོད་པ་ཙམ། །ཕྱོགས་མེད་རྒྱལ་ཁམས་མ་འགྲིམས་ཀྱང་། ཐམས་ཅད་བསམ་གཏན་ཅིག་ཏུ་ཤར། །གཡེང་བ་མི་སྤོང་གྲོགས་སུ་ཆོད། །བསྒོམ་ཆེན་མིན་ཡང་བཟོད་པ་ཙམ། །ཕྱི་ནང་གཞན་གསུམ་དེ་བཞིན་ཉིད། །མཁའ་ལ་འཛའ་ཚོན་སྣང་བ་བཞིན། །གསལ་སྟོང་སྣང་བ་ལམ་མེ་ཙམ། །སྔགས་པ་མིན་ཀྱང་བཟོད་པ་ཙམ། གཅིག་ཤེས་ཀུན་གྲོལ་ཤེས་པ་འདི། །རྣམ་པ་ཀུན་མཁྱེན་རྟོགས་པ་ལྟར། །གསལ་འགྲིབ་མེད་པར་རྒྱུན་དུ་གནས། །མངོན་ཤེས་མེད་ཀྱང་བཟོད་པ་ཙམ། །ཕྱོགས་མེད་རི་ཁྲོད་མ་འགྲིམས་ཏེ། །རང་ལུས་དགོན་པ་དབེན་པར་རྟོགས། །གང་སྣང་ཚོགས་དྲུག་རྟོགས་པར་ཤར། །གཅིག་ཏུ་སྡད་ཀྱང་བཟོད་པ་ཙམ། །རང་སེམས་སྐྱེ་མེད་མཉམ་པ་ཉིད། །གཡོ་མེད་ནམ་མཁའི་དཀྱིལ་དུ་ཚུད། །རྣམ་རྟོག་རོལ་པ་སྒྱུ་མར་རྟོགས། །ཕྱོགས་མེད་ཕྱིན་ཡང་བཟོད་པ་ཙམ། །ཐ་མལ་ཤེས་པ་གཉུག་མ་འདི། །རྣམ་རྟོག་སྐྱོན་གྱིས་གོས་པ་མེད། །འཛིན་མེད་ཆོས་སྐུའི་ངོ་བོར་སྣང་། །ཀུན་རྫོབ་ཞེན་ཡང་མི་འཆིང་ཙམ། །སེམས་བྱུང་རྣམ་རྟོག་སྣ་ཚོགས་འདི། །སངས་རྒྱས་རྣམས་ཀྱི་ཞིང་དུ་ཤར། །དག་སྣང་གཞན་དུ་མི་འཚོལ་བས། །ཐམས་ཅད་མངོན་དགར་འགྱུར་རམ་སྙམ། །བྱུང་ཚོར་རྟོགས་པ་ཐམས་ཅད་ཀྱང་། །མཁའ་ལ་བྱའི་རྗེས་བཞིན་དུ། །དམིགས་སུ་མེད་པས་བདེ་བ་ཆེ། །བདེ་བ་ཅན་དང་ཐ་དད་མེད། །འདི་ལྟར་ངག་ཏུ་བརྗོད་པ་འདི། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །རྣམ་རྟོག་ཕྲེང་བ་ངག་ཏུ་བརྗོད། །ཅུང་ཟད་ཐལ་ན་བཟོད་པར་གསོལ། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་མཚུར་ཕུའི་རི་ཁྲོད་ཕུག་མོ་ཆེར་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་གསུམ་གྱི་མཆོད་པའི་དུས་སུ་བཀོད་པའོ། །ཤུབྷཾ།། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། གནས་པའི་འགྲོ་རྣམས་ཐུགས་རྗེས་བཟུང་། །དུས་ངན་བསྟན་པའི་སྙིགས་དུས་སུ། །རྒྱལ་བ་བསྟན་པ་མར་འགྲིབ་ཚེ། །ཆོས་ཚུལ་བཞིན་བྱེད་པ་བརྒྱ་ལ་འགའ། །ཕལ་ཆེར་བདུད་ཀྱི་དབང་དུ་གྱུར། །རྒྱལ་བའི་མདོ་ལས་གསུངས་པ་ལྟར། །བསྟན་པའི་རྗེས་སུ་ཞུགས་རྣམས་ཀྱང་། །ཕལ་ཆེར་ཟང་ཟིང་རྗེས་སུ་འབྲངས། །རི་ཁྲོད་དགོན་པར་སྡོད་པ་ཉུང་། །བླ་མ་རྣམས་ཀྱིས་མཛད་པ་ལྟར། །ཚུལ་བཞིན་བསྒྲུབ་པའི་གང་ཟག་མེད། གཞན་དོན་དགོངས་པ་མཛད་རྣམས་ཀྱང་། །མི་བཞུགས་ཡོངས་སུ་མྱ་ངན་འདས། །དེ་ལྟར་གྱུར་པའི་དུས་འདི་རུ། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །མྱུར་དུ་ཐར་བར་འདོད་པ་རྣམས། །བླ་མ་རྣམས་ཀྱི་བཀའ་བཞིན་བསྒྲུབས། །རྒྱལ་བའི་གསུངས་ལ་ནན་ཏན་བསྐྱེད། །དབེན་གནས་རི་ཁྲོད་དགོན་པ་བརྟེན། །འཇིག་རྟེན་ཟང་ཟིང་འཁྲི་བ་ཆོད། །མ་ནོར་གདམས་པ་ཉམས་སུ་ལོང་། །ཆོས་ཀུན་སྒྱུ་མ་ལྟ་བུར་བསྒོམས། །བདག་མེད་སྤྲོས་བྲལ་རྒྱ་ཡིས་ཐོབ། །དེ་ལྟར་ཉམས་སུ་བླངས་བྱས་ནས། །བླ་མེད་བྱང་ཆུབ་རིང་པོར་མིན། །དེ་ལྟར་ངག་ཏུ་བརྗོད་པ་འདི། །དབེན་གནས་ཇོ་མོའི་གངས་འགུལ་དུ། །ཉམས་ལ་ཤར་ནས་བླངས་པ་ཡིན། །ཕག་ལོ་ཟླ་བ་དགུ་པའི་ཚེས་གསུམ་ལ་ཡི་གེར་བཀོད།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་རླབས་པར་མཛད་དུ་གསོལ། །ཕྱིའི་ཡུལ་ལ་ཕར་བལྟས་པས། །རྨི་ལམ་ཤེས་པ་ཏུར་གྱིས་དྲན། །ནང་འཛིན་པ་སེམས་ལ་ཚུར་ལྟས་པས། །རང་གིས་རང་གསལ་ཏུར་གྱིས་དྲན། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །དེ་དོན་རྟོགས་པར་བྱ་བའི་ཕྱིར། །བླ་མ་རྣམས་ཀྱི་མཛད་པ་ལྟར། །རྩེ་ཅིག་ཉམས་སུ་བླང་བར་བྱ། །དེ་ལྟར་ཉམས་སུ་ལེན་པ་ལ། །སེམས་བྱུང་རྣམ་པར་རྟོག་པ་འདི། །འདུ་འཛིའི་རྗེས་སུ་འབྲེངས་པ་འཕངས། །དབེན་གནས་རི་ཁྲོད་དགོན་པ་དེར། །དང་པོ་ཉམས་སུ་བླང་བླངས་ནས། །བར་བར་སྟོང་པར་བཞག་པས་ཕངས། །དེས་ནས་ཚུལ་བཞིན་ཉམས་སུ་ལོང་། ཕག་ལོ་ཟླ་བ་བརྒྱད་པ་ལ། །གངས་དཀར་ཀྱི་མགུལ་མར་མེ་ཕུག་པར་རང་བྱུང་རྡོ་རྗེས་སྦྱར།། །། ༈ རྗེ་བླ་མ་དམ་པ་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྒྱུ་མའི་རོལ་པ་འདི། །མངོན་དུ་རྟོགས་པར་བྱིན་གྱིས་བརློབས། །ཨེ་མ་ངོ་མཚར་སྙིང་པོའི་དོན། །གཉིས་མེད་རྟོགས་པའི་རྡོ་རྗེ་ཡིས། །ཕྱོགས་བཅུར་བཞུགས་པའི་ཆོས་མཛད་ལ། །རྣམ་རྟོག་ཕྲེང་བའི་འཕྲིན་གཅིག་ཞུ། །མ་ཡེངས་ལེགས་པར་དགོངས་མཛོད་ལ། །ཉན་ཤེས་ལྡན་པའི་སྙན་དུ་སྐྱོལ། །བདག་ཐོག་མ་མེད་པའི་བག་ཆགས་ལ། །མངོན་ཞེན་འཁྲི་བ་བཏང་ལགས་པས། །ད་ལྟ་དངོས་འཛིན་འཆིང་བ་ཞིག །གཞི་ཤེས་ཀྱི་ང་རྒྱལ་བདག་ལ་མེད། འདི་གོ་བ་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། བདག་མ་རིག་ཁང་པ་རབ་སྤངས་ཤིང་། །འདོད་སྲེད་ནོར་རྫས་རྒྱང་དུ་འཕངས། །སྲེད་པའི་ཁྱིམ་ནས་ཐོན་ལགས་པས། །ད་ལྟ་བདེ་ཆེན་གནས་སུ་སློབ། འདི་ཞེན་འཛིན་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་སྦྱིན་པ་ཕྱོགས་མེད་བཏང་ཡང་། བདེ་སྡུག་ཡུལ་ལ་མངོན་ཞེན་སྤངས། །ཆོས་ཀྱི་ལོངས་སྤྱོད་རྩོལ་མེད་འདུས། །བྱང་ཆུབ་སེམས་ཀྱི་འཕྲིན་ལས་འདི། །མི་ནོར་འདོད་རྣམས་ཀྱི་སྙན་དུ་སྐྱོལ། རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །རྒྱལ་བའི་བཀའ་བཞིན་བསྒྲུབ་ལགས་པས། །རང་འདོད་བསྒྲུབ་པའི་བསམ་པ་སྟོར། །བསམ་པ་ཉེས་པའི་དྲི་མ་དག །ཚུལ་ཁྲིམས་མཐར་ཐུག་ཡིན་པར་ངེས། །འདི་བཙུན་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །གཞན་གྱི་བརྙས་པ་མ་བྱུང་ཡང་། །ཞི་བདེའི་འདོད་པ་རིང་དུ་བྱས། །གཞན་དོན་སྒྱུ་མའི་རོལ་པར་སྤྱོད། །འདི་བཟོད་པ་མཆོག་ཏུ་གྱུར་བར་གོ །འདི་གཟུགས་བརྙན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་ཙབ་ཙུབ་སྡུག་གཟེར་མ་བྱས་ཀྱང་། །སྤྱོད་ལམ་རྣམ་བཞིའི་རོལ་པ་རྣམས། །ཐར་པའི་གྲོགས་སུ་ཆོད་པར་ངེས། །ལེ་ལོའི་དྲི་མ་དག་པར་གོ །འདི་བརྩོན་འགྲུས་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་བགྲོད་དཀའི་རི་སུལ་མ་འགྲིམས་ཀྱང་། །བདེ་གསལ་མི་རྟོག་སྟོང་པའི་གཟུགས། །མངོན་སུམ་རྟོག་བྲལ་ངང་དུ་འདྲེས། འདི་སྲིད་རྩེ་གཅོད་པའི་བསམ་གཏན་ཡིན། །འདི་བསྒོམ་ཆེན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་གནས་ལྔ་རིག་པར་མ་གྱུར་ཀྱང་། །ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། ཆོས་ཀུན་རྟེན་འབྲེལ་གཅིག་ཏུ་གྱུར། །འཁྲུལ་རྟོག་དག་པའི་ཤེས་རབ་ཡིན། །འདི་མཁས་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་བརཏལ་ཞུགས་ཀྱི་སྤྱོད་པ་མ་སྤྱད་ཀྱང་། །ཕུང་པོའི་ཞེན་པ་ལྷ་རུ་སྣང་། །སྦྱང་གཞིའི་རྟོག་པ་དབྱིངས་སུ་ཐིམ། །འཛག་མེད་ཡེ་ཤེས་མངོན་གྱུར་པ། །འདི་སྔགས་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་རྣམ་མཁྱེན་ཀྱི་ས་ལ་མ་ཕྱིན་ཀྱང་། །ཞི་བདེའི་འབྲས་བུ་འདོད་པ་མེད། འཁོར་བའི་རང་བཞིན་ཤེས་ལགས་པས། །གཉིས་འཛིན་གྱི་རེ་དོགས་བདག་ལ་མེད། །འདི་རྒྱལ་སྲས་རྣམས་ཀྱི་སྙན་དུ་སྐྱོལ། རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །དེ་ལྟར་རྒྱལ་བས་གསུངས་བཞིན་དུ། །ཕྱོགས་མེད་ཀྱི་སྤྲང་པོ་ཀུན་ཏུ་རྒྱུས། །སྙིགས་མའི་དུས་ཀྱི་སྐྱེ་བོ་ལ། །ཕན་པར་བསམས་ནས་ཚིག་ཏུ་སྡེབས། །འདི་སྐལ་ལྡན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །སྐལ་མེད་རྨོངས་པའི་སེམས་ཅན་རྣམས། །འདི་ལྟར་བསྟན་ཡང་མི་གོ་ཞིང་། །མངོན་སུམ་གྱུར་ཀྱང་ཐེ་ཚོམ་པས། །ལོག་ལྟ་ཅན་གྱི་སྐྱེས་བུ་རྣམས། །ཐར་པའི་རིགས་ཆད་གང་ཟག་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། ཁེ་གྲགས་བྱེད་པའི་ཡོན་བདག་དང་། །སྡོམ་པ་མེད་པའི་འདུལ་འཛིན་དང་། །ལོ་འདོད་ཅན་གྱི་སྟོན་པ་དང་། །བླུན་བསྒོམ་བྱེད་པའི་བསྒོམ་ཆེན་དེ། །འབད་ཀྱང་དོན་གོ་མེད་དོ་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །ཐེ་ཚོམ་བྱེད་པའི་ཞིག་པོ་དང་། །དམ་ཚིག་མེད་པའི་བསྔགས་པ་དང་། །ཆད་པར་ལྟ་བའི་རྟོགས་ལྡན་དང་། །མཚམས་མེད་སྤྱོད་པའི་གང་ཟག་རྣམས། །ཐུག་མེད་གཏིང་དུ་ལྷུང་ངོ་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །ཨེ་མ་ཡང་དག་ལམ་ཆེན་དང་། །ལམ་མིན་ཁྱད་པར་བསྟན་པ་འདི། །རྒྱལ་བའི་བཀའ་དང་མི་འགལ་བར། །ཙ་རིའི་ཞོལ་དུ་བླངས་པ་འདི། །ཕྱོགས་མེད་རྣམས་ཀྱིས་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །རྒྱལ་ཁམས་ཡོངས་ལ་འཕྲིན་སྐྱེལ་བའི་མགུར་འདི། །གྲུབ་ཐོབ་ཆེན་པོ་རྩངས་པ་རྒྱའི་འཕྲིན་སྐྱེལ་ལ་རྟེན་ནས། །བྱི་བ་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དགུ་ལ། །རང་བྱུང་རྡོ་རྗེས་གླང་གོང་དུ་སྦྱར་བའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །བླ་མ་མཆོག་གིས་བྱིན་གྱིས་བརློབས། །རྒྱལ་བའི་གསུངས་རབས་དྲི་མེད་ལ། །སྦྱངས་པའི་རྣལ་འབྱོར་འདི་སྐད་ལོ། ལུས་འདི་རྡོ་རྗེའི་གནས་ལུགས་ལ། །རྩ་དང་རླུང་དང་ཐིག་ལེ་གསུམ། །སེམས་ཉིད་གནད་དང་རྣམ་པ་བཞི། །དོན་རྣམས་གཅིག་ཏུ་མ་སྦྱངས་ན། །གནས་ལུགས་ཡོན་ཏན་ཤེས་པ་དཀའ། །དེ་ལ་གདམས་པ་འདི་སྐད་ལོ། ཐོག་མར་ལུས་འདི་གྲུབ་པའི་ཚེ། དཀར་དམར་ཉི་ཟླའི་བདག་ཉིད་དང་། །རླུང་དང་བར་དོའི་རྣམ་པར་ཤེས། །མ་རིག་རྐྱེན་གྱིས་མཚམས་སྦྱར་ནས། །མངོན་བྱང་ལྔའི་ལུས་སུ་གྲུབ། །རྡོ་རྗེའི་གནས་ལུགས་དང་པོ་ལགས། འབུམ་ཕྲག་བཞི་པོ་འདས་ནས་ནི། །ཞག་རེ་ཉིས་བརྒྱ་རྩ་ཆགས་པས། །ཟླ་བ་བཅུ་གཉིས་བར་དག་ལ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བྱུང་། །བརྒྱ་ལས་ཉི་ཤུ་ལྷག་པ་དང་། །སུམ་ཅུ་རྩ་གཉིས་བདག་ཉིད་འདི། །རྩའི་གནས་ལུགས་གཉིས་པ་ལགས། ཐོག་མར་ནམ་མཁའི་རླུང་ལས་ནི། །ལྔ་ལྔའི་བདག་ཉིད་ཉི་ཤུ་ལྔ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ། །དྲུག་བརྒྱ་བདུན་ཅུ་རྩ་ལྔའི། །རྣམ་པར་དག་པའི་ཡེ་ཤེས་ལྔ། །རླུང་གི་གནས་ལུགས་གསུམ་པ་ལགས། །ཁུ་ཁྲག་དཀར་དམར་ཡེ་ཤེས་ཀྱི། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །སྟེང་དང་འོག་དང་འབྱུང་འཇུག་ཅིང་། །དབུ་མར་རབ་ཏུ་གནས་པ་དག །འགྲོ་བའི་རྣམ་ཤེས་རྟེན་པ་འདི། །ཐིག་ལེའི་གནས་ལུགས་བཞི་པ་ལགས། །རྩ་བ་ཀུན་གཞིའི་རྣམ་པར་ཤེས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རྩ་བ་ས་བོན་ཐམས་ཅད་པ། །རྣམ་རྟོག་བརྒྱ་བཅུའི་ཤེས་པ་ཉིད། །ལྷན་ཅིག་སྐྱེས་པ་རབ་སྦྱོར་བ། །སེམས་ཀྱི་གནས་ལུགས་ལྔ་པ་ལགས། གནས་ལུགས་ལྔའི་བསྡུས་པ་འདི། མ་ཁྱབ་པ་ནི་རྡུལ་ཙམ་མེད། དེས་ན་རྡོ་རྗེའི་ཐེག་པ་ལ། །ཞུགས་ཤིང་བསྒྲུབ་པར་འདོད་པས་ཀྱང་། །འདི་དག་ལམ་དུ་བླང་བར་བྱ། །དེ་ལྟར་རྟོགས་པར་བྱ་བའི་ཕྱིར། །ཐོག་མར་བླ་མའི་དྲིན་ཐོབ་ནས། །སྨིན་བྱེད་དབང་བཞི་ཐོབ་ནས་ཀྱང་། །བསྐྱེད་རྫོགས་ལམ་ལ་ལེགས་སྦྱངས་ཞིང་། །ཉམས་སུ་བླངས་པས་འབྲས་བུ་འབྱུང་། །དེ་ལས་ཁྱད་པར་རྫོགས་རིམ་ཀྱིས། འཆི་མེད་གནད་ཀྱི་མན་ངག་འདི། །སྟེང་དུ་གནས་པའི་གཟའ་ལྔ་པོ། །བརྟན་པར་བཅིངས་པས་རྩ་དག་ཅིང་། །འོག་ཏུ་འགྲོ་བའི་སྒོ་གཉིས་པོ། །རྣམ་པར་སྦྱངས་པས་ལས་སུ་རུང་། །རྩ་སྦྱང་གནས་ལུགས་བསྡུས་པ་ལགས། །རྩ་བའི་རླུང་ལྔ་བཅིངས་པ་ཡིས། །ཡན་ལག་རླུང་ལྔ་བརྟན་པར་འགྱུར། །སྟེང་གི་སྦྱོར་བས་འོག་བཅིངས་ལ། །འོག་གི་སྦྱོར་བ་སྟེང་དུ་བཅིངས། །དབུ་མར་རབ་ཏུ་སྦྱོར་བ་ལས། །དུས་མེ་ལས་སུ་རུང་བར་བྱེད། །སྒྲ་གཅན་ཡེ་ཤེས་མི་འགྱུར་བདེ། །རླུང་གི་སྦྱོར་བ་བསྡུས་པ་ལགས། །ཐུར་དུ་འགྲོ་བའི་ཟླ་བ་དག །སྟེང་གི་སྦྱོར་བས་གསལ་བར་འཛིན། །སྟེང་དུ་གནས་པའི་ཟླ་བ་ཡང་། །ས་འོག་མེ་ཡིས་བསྲེག་པར་བྱེད། །དངུལ་ཆུའི་སྒྲ་ནི་མེ་ཡིན་ཞིང་། །ཁམས་ཀྱི་སྒྲ་ནི་བྷ་ག་ཞེས། །སྤྱན་རས་གཟིགས་ཀྱི་ཞལ་ནས་གསུངས། །ཐུར་སེལ་གནས་སུ་བརྟན་གྱུར་པས། །དབུ་མར་ཚེས་ཀྱི་རིམ་པར་འཕོ། །རྡོ་རྗེ་འབེབས་པ་རྨད་བྱུང་པས། སྟེང་གི་བྲམ་ཟེ་སྒོ་རུ་འཐོན། །སྒྲ་གཅན་ཟླ་བ་གཡོ་མེད་པ། །དུས་མེ་ཉི་མས་རབ་སྦྱངས་པས། །རྗེས་སུ་དྲན་པ་བཅུ་དྲུག་གོ །དག་ཅིང་ལྡན་པར་གྱུར་པའི་ཚེ། །ཐིག་ལེའི་སྦྱངས་པ་རྫོགས་པ་ཡིན། །ད་ལྟར་མ་རིག་འཁྲུལ་རྟོག་ཚོགས། །བཟང་པོའི་ཡུལ་ལ་འདོད་ཆགས་ཤིང་། །ངན་པའི་ཡུལ་ལ་ཞེ་སྡང་དང་། །བར་མ་བཏང་སྙོམས་གཏི་མུག་རྣམས། །དག་ཅིང་རྟོགས་པར་གྱུར་པ་ཡིས། །རྣམ་རྟོག་ཡེ་ཤེས་རོལ་པ་རྒྱུ། །ཚོགས་དྲུག་རང་སར་སྦྱངས་པ་ལས། །གཟུགས་སྐུའི་འཕྲིན་ལས་མངོན་གྱུར་ཞིང་། །སེམས་ཀྱི་རྡོ་རྗེ་རབ་དག་པས། །ཆོས་སྐུའི་འཕྲིན་ལས་ཕུན་སུམ་ཚོགས། །ཡེ་ཤེས་རྣམ་པར་དག་པ་ཡིན། །གསང་སྔགས་རྡོ་རྗེ་ཐེག་པ་ཡིས། །རྒྱལ་སྲས་རྣམས་ཀྱི་རྟོག་པ་དང་། །བླ་མ་རྣམས་ཀྱི་གདམས་ངག་དང་། །རྣལ་འབྱོར་བདག་གི་ཉམས་མྱོང་རྣམས། །གཅིག་ཏུ་རྟོགས་ནས་བཤད་པ་ཡིན། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་ཡང་། །དེ་ལས་ལྷག་པ་གཞན་ན་མེད། །གསང་སྔགས་རྡོ་རྗེ་ཐེག་པའི་གླུ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས། །ཟབ་དོན་ངག་ཏུ་བརྗོད་པ་འདི། །མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །འདི་བརྗོད་པའི་བསོད་ནམས་ཀྱིས། །རྡོ་རྗེའི་གནས་ལུགས་མངོན་གྱུར་ཤོག མགུར་འདི་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་གནས་སྒོ་དཔལ་གྱི་གླང་གོང་དུ་སྦྱར་བའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བ་འདྲེན་པར་བྱིན་གྱིས་བརློབས། །འདིར་འཚོགས་སྐྱེས་བུ་སྐལ་ལྡན་རྣམས། །མ་ཡེངས་དར་གཅིག་སྙན་གསན་མཛོད། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་གནས་མཆོག་ཆེན་པོ་འདི། །ཀུན་གྱིས་བགྲོད་པ་རབ་དཀའ་བས། །རྡོ་རྗེ་བྲག་རིའི་ཚོགས་ཀྱིས་བསྐོར། །ཆུ་ཀློང་སྣ་ཚོགས་ཕྱོགས་མེད་འབབ། །ལྗོན་ཤིང་མེ་ཏོག་ཚོགས་ཀྱིས་གང་། །ལྷ་དང་ལྷ་མིན་མིའམ་ཅི། །འབྱུང་པོ་ཀུན་གྱིས་མཆོད་པའི་གནས། །ཕྱི་ནི་དཀྱིལ་འཁོར་རྣམ་པ་ཅན། །ནང་ནི་རང་བྱུང་ལྷའི་ཚོགས། །ངོ་མཚར་ཅན་གྱི་གྲུབ་གནས་ན། །འདི་དོན་རྣལ་འབྱོར་རྣམས་ཀྱིས་ཀྱང་། །ནང་དོན་རྟོགས་ན་དངོས་གྲུབ་འབྱུང་། །དེ་ཕྱིར་མདོ་ཙམ་བཤད་པར་བྱ། །སྤྱིར་རང་གི་ཕུང་པོའི་ལུས་འདི་ཡང་། །རང་སེམས་ལྷན་ཅིག་སྐྱེས་པའི་དོན། །མ་རྟོགས་དབང་གིས་དངོས་པོར་སྣང་། །རྟོགས་ན་རྩ་རླུང་བྱང་ཆུབ་སེམས། །དབྱེར་མེད་ཨ་བ་དྷཱུ་ཏི་ལ། །ཁྱད་པར་འཁོར་ལོ་བཞིའི་དབུས། །རང་གི་ལྷན་ཅིག་སྐྱེས་པའི་རྟེན། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །ཡན་ལག་ཉིང་ལག་ཐམས་ཅད་ཀུན། །རྩ་གནས་ལྗོན་པའི་ཚོགས་ཀྱི་བརྒྱན། །དབང་པོའི་མེ་ཏོག་འབྲས་བུར་བཅས། །ཕྱི་མ་རིག་འཁྲུལ་པའི་རྩ་བ་འདིས། །ཤིན་ཏུ་དམ་པར་བསྐོར་བའོ། །ནང་ན་ལྷན་ཅིག་སྐྱེས་པའི་དོན། །རང་སེམས་འཁོར་ལོ་སྡོམ་པའི་གནས། །དེ་དོན་མངོན་དུ་ཞལ་གཟིགས་ནས། །རང་བྱུང་ཙ་རི་མཐོང་བར་ངེས། །ཁྱད་པར་གཞི་མཉམ་གནས་མཆོག་ན། །ལྷན་ཅིག་སྐྱེས་པའི་བླ་མ་ཡང་། །ཨེ་བཾ་བཞིའི་རང་བཞིན་དུ། །མཆོད་རྟེན་མངོན་དུ་རྟོགས་པ་ཡང་། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །རང་སེམས་རྡོ་རྗེ་མཐོང་བ་ཡིན། །ནང་དང་ཕྱི་རོལ་དབྱེར་མེད་པ། །རང་སེམས་གནས་ལུགས་མཚོན་པ་འདི། །འདིར་བཞུགས་རྣམས་ཀྱི་སྙན་དུ་ཕུལ། །རྒྱས་པར་སླད་ཀྱི་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་བྱི་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་གནས་མཆོག་ཆེན་པོ་དཔལ་གྱི་ཙ་རི་ཏྲའི་དབེན་གནས་ཆེན་པོ་བཀྲ་ཤིས་ལྗོངས་སུ་ཚོགས་ཀྱི་མཆོད་པའི་དུས་སུ་རང་བྱུང་རྡོ་རྗེས་སྦྱར་བའོ། །ཤུབྷྃ།། །། ༈ འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །ཁོ་བོའི་སྤྱི་གཙུག་བརྒྱན་དུ་བཞུགས། །གཞན་སྣང་དག་པར་བྱིན་གྱིས་བརློབས། །དབེན་གནས་བགྲོད་པའི་བསྒོམ་ཆེན་རྣམས། །རང་ལུས་དབེན་པར་མ་ཤེས་ན། །ཕྱིའི་དབེན་པས་དགོས་པ་ཆུང་། །རང་སེམས་བླ་མར་མ་ཤེས་ན། །ཐ་སྙད་ཀྱི་བླ་མས་དགོས་པ་ཆུང་། །སྣང་བ་དཔེ་ཆར་མ་ཤེས་ན། །ཡིག་ནག་པོ་ཏིས་དགོས་པ་ཆུང་། །ཉོན་མོངས་ཀྱི་དགྲ་ལས་མ་རྒྱལ་ན། །ཁེ་གྲགས་ཀྱི་དགྲ་རྒྱལ་དགོས་པ་ཆུང་། འཇིག་རྟེན་གྱི་བྱ་བ་མ་སྤངས་ན། །ཚུལ་འཆོས་ཆོས་ཀྱིས་དགོས་པ་ཆུང་། །ཐམས་ཅད་སེམས་སུ་མ་ཤེས་ན། །ཕྱི་སྣང་བའི་ཡུལ་གྱིས་དགོས་པ་ཆུང་། །ཟས་ཞིམ་མངར་གྱི་ཞེན་པ་མ་བྲལ་ན། །དོན་མེད་ཀྱི་ཚོགས་འཁོར་དགོས་པ་ཆུང་། །བློ་དང་ཆོས་སུ་མ་འདྲེས་ན། །དོན་མེད་སྡོམ་པས་དགོས་པ་ཆུང་། །དོན་ཆོས་དང་མཐུན་པར་མ་བྱུང་ན། །མགུར་མའི་དབྱངས་ཀྱིས་དགོས་པ་ཆུང་། །ཐམས་ཅད་དོན་ལ་མ་གཡོས་ན། །དེ་ཁོ་ན་ཉིད་དུ་རྟོགས་པ་ན། །རྒྱལ་བའི་ཐུགས་དང་ཉེ་བ་ལགས། །དོན་བསྟན་བཅུའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་གྱི་གོ་བར་མཛོད། །མགུར་མ་འདི་ནི་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ། །ཙ་རི་ཏྲའི་ལྗོངས་ཞེས་བྱ་བར་མཛད་པའོ།། །། ༈ །བླ་མ་དམ་པ་རིན་པོ་ཆེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་རིག་རྨུགས་པ་དངས་པ་ན། །ཕྱིའི་ན་བུན་འཐིབས་ཀྱང་བཟོད། །ཡེ་ཤེས་ཉི་མ་ཤར་བ་ན། །ཕྱིའི་ཉི་མ་ནུབ་ཀྱང་བཟོད། །རྣམ་རྟོག་ཆར་པ་ཟད་པ་ན། །ཕྱིའི་ཆར་པ་བབ་ཀྱང་བཟོད། །འཁོར་བའི་གཡང་ས་རྟོགས་པ་ན། །ཕྱིའི་ཅོང་རོང་གཟར་ཡང་བཟོད། །ཞེ་སྡང་གི་ཚེར་མ་མེད་པ་ན། །ཕྱིའི་ཚེར་མ་རྩུབ་ཀྱང་བཟོད། །སྲེད་པའི་ཆུ་བོ་སྐམ་པ་ན། །ཕྱིའི་ཆུ་བོ་འབྲུབ་ཀྱང་བཟོད། །ང་རྒྱལ་རི་བོ་ནོན་པ་ན། ཕྱིའི་རི་བོ་མཐོ་ཡང་བཟོད། །ཏིང་འཛིན་ཟས་ཀྱི་རོ་མྱོང་ན། །ཟས་ཀྱི་རྣམ་པ་མེད་ཀྱང་བཟོད། །ཉོན་མོངས་ཤིང་རོང་མེད་གྱུར་ན། །ཕྱིའི་ཤིང་རོང་འཐིབས་ཀྱང་བཟོད། །བཟོད་པ་བརྒྱད་ཀྱི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་པད་ཕུག་ཏུ་འགྲོ་བའི་ལམ་དུ་སྦྱར་བའོ།། །། ༈ དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །འགྲོ་བ་འདྲེན་མཛད་ཆོས་ཀྱི་རྗེ། །སྙིགས་མའི་དུས་ཀྱི་འཛམ་གླིང་བརྒྱན། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །འདིར་བཞུགས་སྐལ་ལྡན་སྐྱེས་བུ་རྣམས། མ་ཡེངས་དར་ཅིག་གསན་པར་ཞུ། །ཕྱོགས་མེད་རི་ཁྲོད་འགྲིམ་པ་རྣམས། །རང་ལུས་དབེན་པར་མ་རྟོགས་ཤིང་། །ཁྱད་པར་གནས་མཆོག་ཙ་རི་ཏྲ། །བསམ་གཏན་གྱི་གྲོགས་སུ་མ་ཤེས་ཤིང་། །སྡུག་བསྔལ་སྒྲིབ་སྦྱོང་དུ་མ་ཤེས་ན། །ཟ་འདོད་གློ་ལམ་བགྲོད་པ་འདྲ། །ཡི་མུག་ཐང་ཆད་དཔག་མེད་འབྱུང་། །ས་རྡོ་རི་བྲག་རྩི་ཤིང་རྣམས། །བསམ་གཏན་སེམས་ཀྱིས་མ་སྦྱངས་ན། །དོན་མེད་ཅོང་རོང་ཚེར་མར་མཐོང་། །དེ་ཕྱིར་རང་སྣང་དག་པར་སྦྱོང་། །གཟུང་འཛིན་རྣམ་རྟོག་རྐུན་མ་འདི། །དབེན་གནས་ཆེན་པོར་འབྲོས་ཀྱང་འོང་། །ཞེན་མེད་སེམས་དང་མ་ཕྲད་ན། །གང་དུ་སྡད་ཀྱང་ཁྱད་པར་མེད། །རང་སེམས་རྣམ་དག་ལྷན་ཅིག་སྐྱེས། །བསམ་གཏན་དག་པའི་ལྷ་ཚོགས་རྣམས། །གཟུང་འཛིན་རྐྱེན་གྱིས་མ་སྒྲིབས་ན། །མངོན་ཏུ་རྟོགས་པར་གྱུར་པ་ན། །ཕྱིའི་རི་ཁྲོད་བས་མཐའ་རྣམས། །བླ་མ་ཡི་དམ་མཁའ་འགྲོར་གྱུར། །ས་ཆུ་མེ་རླུང་འབྱུང་བ་རྣམས། །ཐམས་ཅད་ཆོས་ཀྱི་ཕུང་པོར་འཆར། །དེ་ཕྱིར་རང་སྣང་དག་ཀྱང་འཚལ། གཟུང་འཛིན་འཁྲི་བ་ཆོད་པ་ན། །དེ་ལྟར་རྟོགས་པར་འགྱུར་བ་ཡིན། །དབེན་གནས་བགྲོད་པའི་བསྒོམ་ཆེན་རྣམས། །སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན། །བར་ཆོད་དངོས་གྲུབ་འགྱུར་བ་དང་། །སྣང་བ་ལྷའི་རྣམ་པར་འགྱུར། །རང་སེམས་དྲི་མ་དག་པ་ན། །འབྲས་བུའི་མཆོག་ཏུ་འགྱུར་བ་ཡིན། །དེ་གོ་བར་གདའམ་འདིར་བཞུགས་རྣམས། །རྣམ་རྟོག་ཕྲེང་བའི་དུམ་བུ་འདི། །མི་དང་མི་མིན་འབྱུང་པོའི་ཚོགས། །ཐམས་ཅད་དེ་ལ་དགྱེས་པར་མཛོད། །མཐར་ཐུག་མངོན་དུ་འགྱུར་བར་ཤོག །ཅེས་པའི་མགུར་འདི། །རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་བདུན་ལ་གནས་མཆོག་ཆེན་པོ་དཔལ་གྱི་ཙ་རི་གཡུ་མཚོ་འགྲམ་དུ་གསུངས་པའོ།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གནས་མཆོག་དཔལ་གྱི་ཙ་རི་ཏྲར། །བདེ་ཆེན་ཉམས་མྱོང་དབྱངས་སུ་ལེན། །འདིར་བཞུགས་མ་ཡེངས་སྙན་གསན་ཞུ། །བདེ་ཆེན་སེམས་ལ་མ་རྟོགས་ན། །ཚིག་ཁ་ལ་བརྗོད་ཀྱང་དགོས་པ་མེད། །གདར་ཤ་སེམས་ལ་མ་ཆོད་ན། །ཚིག་ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣལ་འབྱོར་མངོན་སུམ་མ་མཐོང་ན། །རྗེས་དཔག་བསྒོམ་ལ་དགོས་པ་མེད། །རང་ལུས་དབེན་པར་མ་ཤེས་ན། །དབེན་གནས་བགྲོད་པས་དགོས་པ་མེད། །རྣམ་རྟོག་དབེན་པར་མ་ཤེས་ན། །དབེན་པ་བསྟེན་ཡང་དགོས་པ་མེད། །གཅིག་ཤེས་ཀུན་གྲོལ་མ་ཤེས་ན། །ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣམ་རྟོག་ཆོས་སྐུར་མ་ཤེས་ན། །བཟང་པོར་འདོད་ཀྱང་དགོས་པ་མེད། །རྩ་བ་སེམས་སུ་མ་ཤེས་ན། །འཁྲུལ་པའི་རྟོག་པས་དགོས་པ་མེད། །དབྱངས་འདི་གང་ཡིན་ཟེར་ཙ་ན། །དགོས་མེད་བརྒྱད་ཀྱི་ཆོས་དབྱངས་ལགས། །འཁྲུལ་པ་གདའ་ན་བཟོད་པར་གསོལ། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་ཉི་ཤུ་གཉིས་ལ་ཙ་རི་བཀྲ་ཤིས་ལྗོངས་སུ་སྦྱར་བའོ།། །། ༈ འོག་མིན་གནས་མཆོག་དམ་པ་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བདེ་ཆེན་ལྷན་ཅིག་སྐྱེས་པའི་སྐུ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གསོལ་འདེབས་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །ཤྲི་ན་ག་ར་ཛའི་དགོན་པ་ན། །རྡོ་རྗེ་འཆང་དང་དབྱེར་མེད་པ། །ཏཻ་ལོ་པ་ལ་གསོལ་བ་འདེབས། །ལ་སོགས་པ་གོང་མ་རྣམས་ལའང་འགྲེའོ། །པུ་ལ་ཧ་རིའི་གནས་མཆོག་ན། །བཀའ་བ་སྤྱོད་པའི་རྣལ་འབྱོར་པ། །ནཱ་རོ་པ་ལ། ལྷོ་ཤིང་ལོ་འཚལ་གྱི་དགོན་པ་ན། །གསང་སྔགས་དོན་རྟོག་རྣལ་འབྱོར་པ། །རྗེ་ལྷོ་བྲག་པ་ལ་གསོལ་བ་འདེབས། །གངས་ཁ་བ་ཅན་གྱི་གནས་མཆོག་ན། །རླུང་སེམས་གཉིས་ཀྱི་དེ་ཉིད་རིག །རྗེ་མི་ལ་མཆོག་ལ། །ཤར་དྭགས་ལྷ་དཔལ་གྱི་གནས་མཆོག་ན། །རྒྱལ་བས་ལུང་བསྟན་སྤྲུལ་པའི་སྐུ། །རྗེ་དྭགས་པོ་ལྷ་རྗེ་ལ། །ཀམ་པོ་གངས་རིའི་གནས་མཆོག་ན། ཚད་མེད་ཐུགས་རྗེའི་རང་བཞིན་ཅན། །རྗེ་དུས་གསུམ་མཁྱེན་པ་ལ། །འོག་མིན་ཀར་མའི་གནས་མཆོག་ན། །སྨིན་གྲོལ་དབང་ཕྱུག་འགྲོ་བའི་མགོན། །རྗེ་རས་ཆེན་པ་ལ། །ཤར་ཕྱོགས་སྤུངས་རིའི་གནས་མཆོག་ན། བཀའ་རྒྱུད་བསྟན་པའི་རྒྱལ་མཚན་འཛིན། །རྗེ་པུ་ནྱ་བཛྭ་ལ །སྟོད་ལུང་མཚུར་ཕུའི་གནས་མཆོག་ན། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །རྗེ་ཀརྨ་པ་ལ། །བདེ་ཆེན་རྒྱལ་བའི་གནས་མཆོག་ན། །བརཏལ་ཞུགས་མཆོག་གི་རྩལ་རྫོགས་པ། །རྗེ་ཨུ་རྒྱན་པ་ལ། །གསོལ་འདེབས་བྱིན་གྱིས་བརླབ་དུ་གསོལ། །བྱིན་རླབས་སེམས་ལ་ཞུགས་པ་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །ཅེས་པའི་གསོལ་འདེབས་བྲོ་བརྡུང་མ་འདི་ནི། །རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་གཉིས་ལ་ཙ་རི་བཀྲ་ཤིས་ལྗོངས་སུ་མཛད་པའོ།། །། ༈ ན་མོ་གུ་རུ། དཀར་པོའི་ཡོན་ཏན་རབ་རྫོགས་ཤིང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །འགྲོ་བློའི་མ་རིག་སེལ་མཛད་པ། །སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །བདག་འདྲ་གླུ་ལེན་མི་རིགས་ཀྱང་། །གསང་བསྔགས་ཀུན་སྤྱོད་གནས་སྐབས་སུ། །རྒྱལ་བའི་སྣང་བ་ཐོབ་པའི་ཕྱིར། །རེ་ཤིག་མ་ཡེངས་གསན་པར་ཞུ། །ཀྱེ་མ་བསྟན་པ་སྙིགས་དུས་སུ། ཆོས་ཚུལ་བཞིན་ཤེས་པ་ཤིན་ཏུ་དཀོན། །བསྒྲུབ་པ་བྱེད་པ་བརྒྱ་ལ་འགའ། །མངོན་རྟོགས་ཐོན་པ་ཉིན་སྐར་ཙམ། །གཞན་དོན་བསྒྲུབ་པའི་སྐྱེས་མཆོག་རྣམས། སངས་རྒྱས་ཞིང་ཁམས་གཞན་དུ་བཞུད། །ཀྱེ་མ་བརྩོན་འགྲུས་བསྐྱེད་རེ་རེན། །ཐེག་ཆེན་བླ་མ་དང་འཇལ་ནས། །དེའི་རྗེས་སུ་མི་སློབ་པ། །བདུད་ཀྱི་ཞགས་པས་ཟིན་པ་ལགས། །དེས་ན་བླ་མའི་བཀའ་བཞིན་དུ། །ཆོས་ཚུལ་བཞིན་ཉམས་སུ་བླང་བྱ་ཞིང་། །རི་ཁྲོད་བས་མཐའ་བསྟེན་པར་བྱ། །འཇིག་རྟེན་གཟུང་འཛིན་ཁྲི་བ་ཆོད། །གདམས་ངག་ཀུན་གྱི་རྩ་བ་ཡིན། །རྒྱལ་བས་གསུངས་པའི་ཆོས་ཀུན་གྱི། །གནས་ལུགས་སྣང་སྟོང་ཟུང་དུ་འཇུག །གསལ་དག་སྒྱུ་མ་ལྟ་བུའི་ཚུལ། །བདེན་མིན་རྫུན་མིན་གཉིས་ཀ་མིན། །བློ་འདས་ཆོས་ཉིད་རོལ་པའི་ངང་། །ལྟ་བའི་གནས་ལུགས་ཡིན་པར་ངེས། །ལྟ་བ་བཞེད་རྣམས་འགྱེས་པར་མཛོད། །ཟུང་འཇུག་བརྗོད་པའི་སྤྲོས་བྲལ་ཡང་། །ཐོགས་མེད་བག་ཆགས་སྦྱང་བའི་ཕྱིར། །བདེ་གསལ་མི་རྟོག་སྟོང་པའི་ཉམས། །གཅིག་ཏུ་འདྲེས་པའི་དབྱིངས་ཉིད་ནས། །བསམ་དག་རྗེན་པ་རིག་པའི་ངར། །མ་ཡེངས་དྲན་པས་ཟིན་པ་དེ། བསྒོམ་པའི་གནས་ལུགས་བསྡུས་པ་ལགས། །བསྒོམ་པ་བཞེད་རྣམས་ཐུགས་དགྱེས་མཛོད། །བཅོས་མ་ཐོ་ཅོས་མ་སླད་ཅིང་། །རྒྱལ་བའི་གསུངས་དང་མི་འགལ་བར། །གཞན་གྱི་སྣང་བར་མཛེས་པ་དེ། །རྒྱལ་སྲས་གཞོན་ནུའི་སྤྱོད་འགྲོས་ལྟར། ཤུགས་འབྱུང་རང་དགར་སྐྱོང་ཤེས་པ། །གོམས་པས་རང་གཞན་དོན་གཉིས་འགྲུབ། །སྤྱོད་པའི་མཐར་ཐུག་ཡིན་པའི་ཕྱིར། །སྤྱོད་པ་བཞེད་རྣམས་ཐུགས་དགྱེས་མཛོད། །ལྷན་ཅིག་སྐྱེས་པའི་རིག་པ་འདི། །སྒྲིབ་པ་ཀུན་དང་བྲལ་བའི་ཚེ། །གསལ་དག་ཡིད་བཞིན་ནོར་བུ་ཡིན། །སངས་རྒྱས་ཡོན་ཏན་རྫོགས་པ་དེ། །བྱས་པ་མ་ཡིན་རང་བྱུང་ཡིན། །སྐུ་གསུམ་ཡེ་ཤེས་རྫོགས་པའི་ཕྱིར། །འབྲས་བུའི་མཐར་ཐུག་ཡིན་པར་གོ །འབྲས་བུ་བཞེད་རྣམས་ཐུགས་དགྱེས་མཛོད། །ལྟ་བསྒོམ་སྤྱོད་པ་འབྲས་བུའི་གླུ། །རྒྱལ་བའི་བཀའ་དང་མི་འགལ་བར། །རང་སེམས་སྟེང་དུ་དྲིལ་བ་འདི། །རྣལ་འབྱོར་མིན་ཡང་རྣལ་འབྱོར་ཚུལ། །བདག་གིས་ངག་ཏུ་བརྗོད་པ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་སྐལ་ལྡན་ཀུན། །བཀྲ་ཤིས་པའི་ཆོས་དབྱངས་དེ་ལ་མཛོད། །ཅེས་པའི་མགུར་འདི། རྣལ་འབྱོར་རང་བྱུང་རྡོ་རྗེས། བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་གསུམ་གྱི་ནུབ་མོ། བཀྲ་ཤིས་ལྗོངས་སུ་ཚོགས་གྲལ་དུ་གསུངས་པའོ།། །།ཤུབྷཱཾ།། ཱ།། །། ༈ གནས་བདེ་བ་ཅན་གྱི་ཞིང་ཁམས་ན། །བཅོམ་ལྡན་མགོན་པོ་འོད་དཔག་མེད། །སྤྱན་རས་གཟིགས་དབང་ཉིད་དུ་བཞུགས། །གསོལ་འདེབས་བྱིན་གྱིས་བརླབ་དུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་དེས། །བདེ་བ་ཅན་དུ་འགྲོ་བ་ལགས། །གནས་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ན། །གང་ལ་གང་འདུལ་སྤྲུལ་པའི་སྐུ། །ཨུ་རྒྱན་པད་མ་འབྱུང་གནས་བཞུགས། གསོལ་འདེབས་སོགས་གོང་གིས་འགྲེ། །ཡོན་ཏན་རྒྱས་པའི་གཞལ་ཡས་ན། །ཐུགས་རྗེའི་མངའ་བདག་འགྲོ་བའི་མགོན། །མ་གཅིག་གྲུབ་པའི་རྒྱལ་མོ་བཞུགས། །གསོལ། །རྒྱ་གར་གིང་བབས་ཀྱི་དགོན་པ་ན། །ན་རོ་མཻ་ཏྲི་ཐུགས་ཀྱི་སྲས། །ཏེ་པུ་ཆེན་པོ་ལ་གསོལ་བ་འདེབས། །ཤར་ཕྱོགས་གངས་རིའི་གནས་མཆོག་ན། །མི་ལ་རས་པའི་ཐུགས་ཀྱི་སྲས། །རས་ཆུང་པ་ལ་གསོལ་བ་འདེབས། གསོལ། ཟང་རི་དཔལ་གྱི་གནས་མཆོག་ན། །གསང་སྔགས་དོན་གྱི་དེ་ཉིད་གཟིགས། །ཟང་རི་རས་པ་ལ། །གསོལ། ཤར་ཕྱོགས་ཀར་མའི་གདན་ས་ན། །ཕྱོགས་མེད་འགྲོ་བའི་དོན་མཛད་པ། །འགྲོ་མགོན་རས་ཆེན་པ་ལ་གསོལ་བ་འདེབས། །དག་སྣང་ཆོས་སྐུའི་གཞལ་ཡས་ནས། །བཀའ་རྒྱུད་རྣམས་ཀྱི་ཆེ་བ་སྟོན། །སྤོམ་བྲག་པ་ལ་གསོལ་བ་འདེབས། །རྒྱལ་ཁམས་ཡངས་པའི་དབེན་གནས་ན། །སྤྱན་རས་གཟིགས་དབང་ཉིད་དུ་བྱིན། །ཀརྨ་པ་ལ་གསོལ་བ་འདེབས། །སྤྱི་གཙུག་ཉི་ཟླའི་གདན་སྟེངས་ན། །དྲིན་ཆེན་རྩ་བའི་བླ་མ་དེ། །མཁའ་འགྲོའི་དབང་ཕྱུག་ཆོས་ཀྱི་མཛོད། །བདེ་ཆེན་འགྲོ་དོན་དཔག་མེད་མཛད། །གསོལ་འདེབས་བྱིན་གྱི་རླབས་དུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་དེས། །བདེ་བ་ཅན་དུ་འགྲོ་བ་ལགས། །རྩ་བ་རྒྱུད་པར་བཅས་པ་ལ། །མོས་པའི་དབང་གིས་གསོལ་བཏབ་ན། །སངས་རྒྱས་ཞིང་དུ་སླེབ་པ་ལགས། །སངས་རྒྱས་ཞིང་ཁམས་རྣམ་དག་གི །གནས་དེར་ངན་སོང་མིང་ཡང་མེད། །རིན་ཆེན་སྣ་ཚོགས་འོད་འབར་ཞིང་། །མེ་ཏོག་སྣ་ཚོགས་ལྷག་པར་བརྒྱན། །བདུད་རྩིའི་ཆུ་རྒྱུན་དཔག་མེད་འབབ། །བདེ་བ་ཅན་དུ་འགྲོ་བ་ལགས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །གནས་དེ་སངས་རྒྱས་ཞིང་ཁམས་ལགས། །དེ་ན་ཐུགས་རྗེའི་མངའ་བདག་བཞུགས། །སྤྱན་རས་གཟིགས་དབང་དྲན་པས་ནི། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཆེན་མོ་འདི་ནི། བླ་མ་རང་བྱུང་རྡོ་རྗེའི་བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་བདུན་ལ་གནས་ཙ་རིའི་བཀྲ་ཤིས་ལྗོངས་སུ་གསུངས་པའོ། །ཤུབྷཾ།། ༈ རྩོད་ལྡན་དུས་ཀྱི་སྤྲུལ་པའི་སྐུ། །འགྲན་གྱི་དོ་མེད་འཛམ་གླིང་བརྒྱན། །བླ་མ་མཆོག་ལ་གསོལ་བ་འདེབས། །རང་རྒྱུད་གྲོལ་བར་བྱིན་གྱིས་བརློབས། །གསོན་དང་འདིར་བཞུགས་སྐྱེས་བུ་རྣམས། དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །དང་པོ་ཆུང་ངུའི་དུས་ནས་ཀྱང་། །རྒྱལ་བའི་བསྟན་ལ་ཤིན་དུ་དད། །འགྲོ་བ་ཡོངས་ལ་སྙིང་རྗེ་བསྐྱེད། །བླ་མ་རྗེ་ཡིས་ཐུགས་ལ་བཏགས། །གཞན་དོན་ཕྱོགས་མེད་མི་གྲུབ་ཀྱང་། འགྲོ་ལ་སྙིང་རྗེ་ཅི་ནུས་བསྒོམ། །ཐོས་བསམ་གྱི་ཤེས་རབ་མི་ཆེ་ཡང་། །མདོ་རྒྱུད་གཉིས་ལ་བློ་སྦྱང་བྱས། །རི་ཁྲོད་འགྲིམ་པ་མ་བྱུང་ཡང་། །ཅི་ནུས་རང་སེམས་དབེན་པ་བསྟེན། །འདུལ་བཞིན་བཙུན་པོར་མ་བསྒྲུབས་ཀྱང་། །ཆད་དུ་བཅས་པའི་ཁྱད་མི་བསད། །གསང་སྔགས་ཀྱི་སྤྱོད་པ་མ་བསྒྲུབས་ཀྱང་། །ལུས་ངག་སེམས་ལ་བྱིང་བ་མེད། །གཞན་དོན་ཕྱོགས་མེད་མ་བསྒྲུབས་ཀྱང་། །རང་དོན་འགྲུབ་པའི་སེམས་དཔའ་མེད། །དེ་ཕྱིར་རྣལ་འབྱོར་རྡོ་རྗེ་འདི། ཤི་ཡང་རུང་ལ་གསོན་ཡང་རུང་། །དེ་གཅིག་ཙ་རི་ཏྲ་རུ་ཕྱིན། །ངོ་མཚར་ཆོ་འཕྲུལ་མང་པོ་མཐོང་། །སྐྱེ་འགྲོ་ཀུན་ལ་བརྩེ་བའི་སེམས། །སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས། །སྤྲུལ་སྐུ་སངས་རྒྱས་གཉིས་པ་བཞིན། །དམ་པ་རྣམས་ལ་ངེས་ཤེས་ཐོབ། །དེ་ནས་ཡར་ལ་འོངས་བའི་ཚེ། །ཐོགས་མེད་བག་ཆགས་རྒྱུ་ལུས་ཀྱིས། །དཀྲུགས་པའི་ལུས་འདི་མི་བདེར་འགྱུར། །ནུབ་གཅིག་ཉམས་ཀྱི་སྣང་བ་ལ། །གནས་ཆེན་གྱིས་ཕྱོགས་ཐམས་ཅད་ཀྱང་། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྒྲིབ་པ་མེད་པར་གསལ་བར་ཤེས། །སྣ་ཚོགས་སེམས་ཅན་ཁམས་རྒྱུད་རྣམས། །ཇི་བཞིན་གསལ་བར་མངོན་དུ་བྱུང་། །དེ་ལྟར་གསལ་ཞིང་སྣང་བའི་ཚེ། དེང་སང་སྙིགས་མར་བབ་པའི་ཕྱིར། །གསང་སྔགས་དར་ལ་མ་སྨིན་པས། །མ་གོ་བའི་བདུད་རིགས་མང་བའི་ཕྱིར། །རྒྱལ་བའི་བསྟན་པ་རིན་ཆེན་འདི། །བོད་ཀྱི་གངས་ཆེན་རྒྱུད་འདི་ན། །རིང་པོར་མི་ཐོགས་འཇིག་འགྱུར་སྙམས། །རང་གི་ལུས་ཀྱི་གནས་ལུགས་ཀྱི། །རྩ་དང་རླུང་དང་ཐིག་ལེ་གསུམ། །དེ་ཁོ་ནའི་གནས་ལུགས་ཅིག་ཏུ་རྟོགས། །རྣལ་འབྱོར་འཆི་ཡང་བཟང་ངོ་སྙམས། །རྣམ་རྟོག་ཁ་ལ་ཉན་པ་མེད། །གཞན་སྣང་སྣ་ཚོགས་བཟོད་དོ་སྙམས། འདིར་བཞུགས་རྣམས་ལ་ཞུས་པ་ལགས། །དུས་མཐའི་རྣལ་འབྱོར་རང་བྱུང་སྟེ། །རྒྱལ་བའི་གསུང་བཞིན་བསྒྲུབ་པ་ཐང་། །ཉོན་མོངས་ཡེ་ཤེས་གཉིས་མེད་པ། །རྩེ་གཅིག་སྟེང་དུ་འདྲེས་ལགས་པས། །སྣ་ཚོགས་སྒྱུ་མའི་རོལ་པ་བཞིན། །སྤྱོད་པ་རྣམ་པ་སྣ་ཚོགས་སྟོན། །ངག་ཀྱང་རྣམ་པ་སྣ་ཚོགས་སྨྲ། །སེམས་སྒྱུ་མའི་རོལ་པ་ཅིག་ཏུ་འདྲེས། །དེ་ལྟར་སྣང་སྟེ་དུས་ངན་གྱི། །སྐྱེ་བོ་རྣམས་ཀྱིས་དེ་མི་ཤེས། །གཞན་ཕན་འབྲས་བུ་མེད་གྱུར་ན། །རྣམ་དག་ཞིང་དུ་འགྲོ་ཡང་སྙམས། །དེ་ལྟར་རྣལ་འབྱོར་གཟུགས་ཅན་རང་བྱུང་གིས། །ལུས་སེམས་མི་བདེ་དབང་གིས་སུ། །དུས་འདིར་དེ་སྐད་ཞུས་པ་ལགས། །དག་པའི་གདུལ་བྱ་སྣ་ཚོགས་པས། །འདུལ་ཞིང་ཕན་པར་གྱུར་པ་ན། །འཁོར་བ་ཅི་སྲིད་གནས་ཀྱང་རན། །དེས་ཀྱང་ངག་ཏུ་བརྗོད་པ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །བདེ་ཆེན་ས་ལ་འགོད་པར་ཤོག །ཁྱད་པར་བདག་དང་འབྲེལ་བ་རྣམས། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་གཡོར་པོ་གུང་གསལ་ལྷུན་གྲུབ་སྒང་གི་དགོན་པར་ཚོགས་ཀྱི་མཆོད་པའི་གྲལ་དུའོ། །ཤུབྷཾ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་བརླབ་པར་མཛད་དུ་གསོལ། །རང་སེམས་རྨུ་རྒོད་གྱོང་པོ་འདི། །ཐུལ་བར་བྱིན་གྱིས་བརླབ་དུ་གསོལ། །རྒྱལ་བའི་བསྟན་པ་སྙིགས་དུས་ལ། །ཆོས་ཚུལ་བཞིན་བྱེད་པ་ཤིན་ཏུ་དཀོན། །འོན་ཀྱང་འདི་ལྟར་སྙིགས་མའི་དུས། །རྣལ་འབྱོར་བདག་གིས་འདི་སྐད་ལོ། །ཐེག་ཆེན་བླ་མ་དང་འཇལ་ནས། །དད་གུས་རྒྱུན་འཆད་མི་བགྱིད་འཚལ། །དམ་ཆོས་རིན་ཆེན་ཐོས་ནས་ཀྱང་། །ལེ་ལོ་ཚོད་ཡོད་མི་བགྱིད་འཚལ། །ད་ལྟར་སྙིགས་མའི་དུས་ལ་བབ། །སྡོད་ཀྱང་ལོང་ཡོད་མི་བགྱིད་འཚལ། །བླ་མས་གདམ་ངག་སྟེར་དུས་སུ། །ད་བཟོད་ཞུ་སྙམ་མི་བགྱིད་འཚལ། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །འདུ་འཛིའི་གསེབ་དུ་མི་སྡོད་འཚལ། །བླ་མས་ཐུགས་ལ་འདོགས་དུས་སུ། །ཟབ་མོའི་མན་ངག་བླང་ཡང་འཚལ། །བཅུད་ལེན་ཟས་ལ་བསྟེན་དུས་སུ། །ཞིམ་མངར་གྱི་སྲེད་པ་སྐྱུར་ཡང་འཚལ། །གཏུམ་མོ་རྩེ་ཅིག་བསྒོམ་དུས་སུ། །གོས་དྲོ་ལེགས་སྲེད་པ་བཅད་ཡང་འཚལ། མི་རྟག་རྒྱུད་ལ་བརྟེན་དུས་སུ། །རྟག་འཛིན་གྱི་ཞེན་པ་བཏང་ཡང་འཚལ། །སང་འཆི་གནང་འཆི་མི་ཤེས་པས། །ཡུན་རིང་སྡོད་ཚིས་མི་བགྱིད་འཚལ། །ལུས་འདི་བསོབ་ཀྱང་འདོར་དགོས་པས། །ལུས་ཀྱི་མངོན་ཞེན་སྤང་ཡང་འཚལ། །ཡུན་རིང་སྡོད་པའི་ངེས་མེད་པས། །བསྟན་གྱི་འཁར་ལན་མི་བགྱིད་འཚལ། །ཐམས་ཅད་བཞག་ནས་འགྲོ་དགོས་པས། །དེ་བས་སྲེད་པ་སྐྱུར་ཡང་འཚལ། བྱམས་པའི་ཉེ་འབྲེལ་ཐམས་ཅད་ཀྱང་། །མགྲོན་པོའི་ཚོགས་དང་མཚུངས་པ་ཡིན། །ཉེ་འབྲེལ་གཉེན་ལ་སྲེད་པ་སྤོངས། རྒྱུན་གྱི་གཏན་གྲོགས་ཡིན་པའི་ཕྱིར། །ཚོགས་གཉིས་བསོགས་ལ་གཅེས་སྤྲས་གྱིས། དད་དཔོན་གྱི་མཆོག་ཏུ་འགྱུར་བའི་ཕྱིར། །སངས་རྒྱས་སུ་མོས་པ་བསྐྱེད་ཀྱང་འཚལ། །ཐར་པའི་ལམ་ལ་འཁོད་དུས་སུ། བླ་མའི་བཀའ་བཞིན་བསྒྲུབ་ཀྱང་འཚལ། །རྒྱུན་དུ་ཉེ་བས་ཕན་འདོགས་ཕྱིར། །ཐེག་ཆེན་གྲོགས་དང་འགྲོགས་ཀྱང་འཚལ། ཀུན་གྱི་གྲོགས་སུ་འགྱུར་བའི་ཕྱིར། རྒྱུན་དུ་བརྩོན་འགྲུས་བསྐྱེད་ཀྱང་འཚལ། །ཡོན་ཏན་ཀུན་གྱི་གཞི་ཡིན་ཕྱིར། རྟག་ཏུ་རང་སེམས་གུས་ཀྱང་འཚལ། །བླ་མེད་བྱང་ཆུབ་རྗེས་མཚོན་ཕྱིར། །དམ་ཆོས་གཅིག་ཏུ་འདུན་ཡང་འཚལ། །འཁོར་བར་འཆིང་བའི་གཞི་ཡིན་ཕྱིར། །སེམས་ཀྱི་ཀུན་རྟོགས་སྤང་ཡང་འཚལ། །ཀུན་གྱི་རྩ་བ་གལ་ཆེའི་ཕྱིར། །རང་སེམས་རིག་པ་ལྟ་ཡང་འཚལ། དེ་ལྟར་བསྟན་པའི་གནད་དེ་ནི། །ལྷུན་གྲུབ་སྒང་གི་དགོན་པ་རུ། །རང་བྱུང་རྡོ་རྗེས་བརྗོད་པ་ལགས། །གོ་བ་རྣམ་ཀྱིས་གདམ་ངག་མཛོད། །མ་གོ་བ་རྣམ་ཉམས་དགའ་མཛོད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། བདེ་ཆེན་ལམ་ལ་འཁོད་པར་ཤོག །ཤུབྷཱཾ།། ཅེས་པའི་མགུར་མ་འདི་ནི། རིན་པོ་ཆེ་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བཅུ་གཉིས་ཚེས་བརྒྱད་ལ་ལྷུན་གྲུབ་སྒང་གི་དགོན་པར་ཚོགས་གྲལ་དུ་གསུངས་པ་ལགས་སོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་དཔལ་གྱི་གངས་དཀར་རུ། །དུས་ཀྱི་ཐ་མར་བྱུང་བ་ཡི། །རང་བྱུང་རྡོ་རྗེས་འདི་སྐད་ལོ། །གསོན་དང་ཕྱོགས་བཅུའི་ཆོས་མཛད་རྣམས། རང་གི་སེམས་ཉིད་མ་རྟོགས་ཤིང་། གྲོལ་ཆ་ནང་ནས་མ་ཤར་ན། །སྒྲ་དང་ཚད་མ་ཕྱི་པས་ཤེས། །རླུང་གི་རྩོལ་བ་འཕྱི་བས་ཤེས། །བྲག་ཕུག་ཡུན་རིང་གླ་བས་བཟུངས། །དཀའ་ཐུབ་ཡུན་རིང་བྲམ་ཟེས་བྱེད། །རྟོགས་པའི་འགྲོ་ལྡོག་མ་ཤེས་ན། །གང་ལྟར་བྱས་ཀྱང་ཐར་པ་མེད། །དེས་ན་བདག་རྗེས་འཇུག་པ་རྣམས། །རྒྱལ་བའི་དགོངས་པ་འཚོལ་འདོད་ན། །ཡུལ་གྱི་སྣང་བ་སྒྱུ་མ་འདྲ། །བདེན་པར་མ་ཞེན་དངོས་འཛིན་ཐོང་། །ཚོར་བའི་རྣམ་རྟོག་མེ་ལྕེ་འདྲ། །འདོད་པའི་ཡུལ་གྱིས་ངོམས་པ་མེད། །འཁྲུལ་པའི་ཤེས་པ་ན་བུན་འདྲ། །སྙིང་པོ་མེད་དེ་དོན་ལ་ལྟོས། །རྣམ་པར་རྟོག་པ་དུག་དང་འདྲ། །བདེན་པར་ཞེན་ན་འཆིང་བར་བྱེད། །དེ་ཕྱིར་ཡུལ་དང་ཡུལ་ཅན་གྱི། །གཉིས་འཛིན་ཤིག་ལ་མཉམ་པར་ཞོག །ཚེ་འདི་ལ་གཏད་པ་མི་བདོག་གི །ཕྱི་མའི་དགོས་པ་གཙོ་བོར་བསྒྲུབས། །ལར་ཐམས་ཅད་བདེན་པར་མི་འདུག་གི །བདེན་མེད་གཉུག་མ་ཉིད་ལ་ལྟོས། །ཚིག་ལ་ཟད་པ་མི་འདུག་གིས། །མཐའ་དྲུག་དོན་གྱི་སྟེང་དུ་ཞོག །དེ་ཕྱིར་ཙབ་ཙུབ་མ་མང་པར། །བླ་མའི་གདམས་པ་ཉམས་སུ་ལོང་། ཤུབྷཱཾ།། ཅེས་པ་འདི་གླང་ལོ་ཟླ་བ་བདུན་པའི་ཚེས་བརྒྱད་ལ། ཆོས་རྗེས་རང་བྱུང་རྡོ་རྗེས་ཇོ་མོ་གངས་སུ་གསུངས་པ་ལགས་སོ།། །། ༈ རྗེ་འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །བདེ་ཆེན་རྒྱལ་བ་ཀུན་གྱི་དངོས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་རྒྱུད་གྲོལ་བར་བྱིན་གྱིས་བརློབ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་དབུས་གཙང་གཉིས་ཀྱི་མཚམས། །གངས་མཐོ་འཐིང་ལྷ་སྨན་རྒྱལ་མོ་འདི། །རྩ་བ་རྡོ་རྗེའི་བྲག་རི་ལ། །རྩེ་མོ་དངུལ་དཀར་མཆོད་བརྟེན་འདྲ། འོད་འབར་རིན་ཆེན་ཕུང་པོ་བཞིན། །རབ་མཛེས་གསལ་བའི་བྱང་ཤར་མཚམས། །རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱིས་བཞུགས་གནས་ཡིན། །ཆོས་འབྱུང་དཔལ་གྱི་དབེན་གནས་སུ། །སྙིགས་མའི་དུས་ཀྱི་རི་ཁྲོད་པ། །རྡོ་རྗེའི་མིང་ཅན་འདི་སྐད་ལོ། །རྒྱལ་བའི་བསྟན་པ་སྙིགས་མ་ལ། །ཆོས་ཚུལ་བཞིན་བྱེད་པ་ཤིན་ཏུ་ཉུང་། །བསམ་གཏན་བསྒོམ་པ་བརྒྱ་ལ་འགའ། །གྲུབ་རྟགས་ཐོན་པ་ཉིན་སྐར་ཙམ། །དེ་ཕྱིར་སྐལ་ལྡན་སྐྱེས་བུ་རྣམས། །མྱུར་དུ་བརྩོན་འགྲུས་བསྐྱེད་རེ་རན། །ཐེག་ཆེན་བླ་མ་བརྙེད་པར་དཀའ། །དེ་ཕྱིར་ཚུལ་བཞིན་གུས་པས་བརྟེན། །བླ་མེད་དམ་ཆོས་རྟོགས་པ་དཀའ། །དེ་ཕྱིར་ཆོས་ལ་ཕྱོགས་རིས་སྤོངས། །ཞེན་པས་འཁོར་བར་འཆིང་བར་བྱེད། །དེ་ཕྱིར་རི་ཁྲོད་དགོན་པ་འགྲིམས། །ཡུལ་སྣང་གང་ཡང་བདེན་པ་མེད། །དེ་ཕྱིར་སྒྱུ་མ་ལྟ་བུར་སྦྱོངས། །ཕྱི་རོལ་དགྲ་ལ་ཟད་པ་མེད། །དེ་ཕྱིར་རྣམ་རྟོག་དགྲ་བོ་ཐུལ། །གཏི་མུག་གཉིད་ལ་རྒྱུ་མཚན་མེད། །དེ་ཕྱིར་སྣང་བའི་རྩལ་སྦྱོང་གྱིས། །ཕྱི་རོལ་ཡུལ་སྣང་འཁྲུལ་པ་ཡིན། །དེ་ཕྱིར་སྒྱུ་མ་ལྟ་བུར་སྦྱོངས། །འཛིན་པའི་སེམས་ནི་བདེན་པ་མེད། །དེ་ཕྱིར་རང་གསལ་ངོ་བོ་ལྟོས། །གཟུང་འཛིན་དོན་ལ་མེད་པའི་ཕྱིར། །དེ་ཕྱིར་གཉིས་འཛིན་ཤེས་པ་ཤིག །གནས་ལུགས་སྤྲོས་དང་བྲལ་བས་ན། །དེ་ཕྱིར་ཐམས་ཅད་ཕྱག་རྒྱ་ཆེ། །གནས་ལུགས་དོན་ལ་ཐུག་མེད་ཀྱང་། །གཞན་ལ་བསྐུལ་ཕྱིར་བརྗོད་པ་ཡིན། །ཆོས་འབྱུང་དཔལ་གྱི་དབེན་གནས་སུ། །བཞེད་པའི་དོན་དུ་བླངས་པ་ལགས། །མི་དང་མི་མིན་འབྱུང་པོའི་ཚོགས། །འགལ་བ་གདའ་ན་བཟོད་པར་གསོལ། །ཤུབྷཱཾ།། གཞན་ལ་བསྐུལ་འདེབས་ཀྱི་མགུར་འདི། རང་བྱུང་རྡོ་རྗེས། གླང་ལོ་བདུན་པའི་ཚེས་ཉི་ཤུ་ལ། ཆོས་འབྱུང་དཔལ་གྱི་དབེན་གནས་སུ་གསུངས་པའོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་དུས་མཐའི་རྣལ་འབྱོར་རི་ཁྲོད་པ། གངས་ཅན་རྒྱུད་དུ་བྱུང་བ་འདི། །བཀའ་རྒྱུད་རྣམས་ཀྱི་གཤེགས་ཤུལ་དུ། །བརྩོན་པ་ཆུང་ཡང་འདི་སྐད་ལོ། །ཡོང་དེང་སང་དུས་ཀྱི་ཆོས་མཛད་རྣམས། །ཆོས་ཚུལ་བཞིན་ཉམས་སུ་མི་ལེན་པར། །ལོ་འདོད་གཡེང་བའི་རྗེས་སུ་འབྲངས། །འདི་ཅུང་ཟད་བྱ་བ་ནོར་བ་ལགས། །འདོད་སྲེད་ཕ་ཡུལ་སྤངས་ནས་ཀྱང་། །བསྟན་པའི་སྤྱི་དོན་བསྒྲུབ་པོ་ཞེས། །གཞན་གྱི་ཡུལ་དུ་ཆགས་སྡང་སོགས། །འདི་ཡང་འཁྲུལ་པའི་སྤྱོད་པ་ལགས། །ཕ་ཞིང་གི་སོ་ནམ་གཤོལ་ནས་ཀྱང་། །མཐུན་རྐྱེན་གྱི་ལྡུམ་བུ་བྱེད་དོ་ཞེས། །ཅུང་ཟད་ཙམ་ལ་མ་བྱིན་ལེན། །འདི་ཡང་ལོག་པའི་སྤྱོད་པ་ལགས། །གཉེན་གྱི་གསེབ་ནས་བྲོས་ནས་ཀྱང་། །མཆེད་གྲོགས་ཀྱི་ཞེན་པ་བྱེད་དོ་ཞེས། །དོན་མེད་ཀྱི་ཆགས་སྡང་དང་དུ་ལེན། །འདི་ཡང་འཁྲུལ་པའི་སྤྱོད་པ་ལགས། །རྒྱལ་བའི་བསྟན་ལ་འཇུག་གོ་ཞེས། །ཚུལ་ཁྲིམས་ཀྱི་བསླབ་པ་བླངས་ནས་ཀྱང་། །འདི་ནི་གོང་མའི་བཀའ་ཡིན་ཞེས། །ལོག་པར་སྤྱོད་པ་ཤིན་ཏུ་རྨོངས། །དབེན་པར་བསམ་གཏན་བསྒྲུབ་པོ་ཞེས། །དགེ་འདུན་གྱི་གནས་མལ་དོར་ནས་ཀྱང་། །ལུང་སྟོང་དུ་ཙབ་ཙུབ་མང་བ་དེ། །རྣམ་རྟོག་དགྲ་ཡིས་གཡེངས་བ་ལགས། །རང་སེམས་ཀྱི་རྩ་བདར་མི་གཅོད་པར། །མཁས་པའི་བག་ཆགས་འཇོག་གོ་ཞེས། །ཡིག་ནག་གི་རྗེས་སུ་འབྲེངས་པ་དེ། །ལོག་པའི་ལམ་དུ་ཁྲིད་པ་ལགས། །མཉམ་ཉིད་ཀྱི་སྙིང་རྗེ་མ་སྐྱེས་པར། །སེམས་བསྐྱེད་ཀྱི་བསླབ་བྱ་ཡིན་ནོ་ཞེས། ཞེན་པས་སྙིང་རྗེ་བསྒོམ་པ་དེ། །འདོད་སྲེད་ཀྱི་འདམ་དུ་བྱིང་བ་ལགས། །རྒྱལ་བའི་བཀའ་ལ་མི་སྦྱོར་བར། །ང་མཁས་ང་ཆེ་འདོད་པའི་ཕྱིར། །ལོག་ལྟ་དང་ཟུར་ཟ་སྨྲ་བ་དེ། །ངན་འགྲོར་འཁྲིད་པའི་སྣ་ཐག་ལགས། །མཉམ་ཉིད་སྙིང་རྗེ་མ་ཐོབ་པར། །བླ་མེད་བྱང་ཆུབ་བསྒྲུབ་པོ་ཞེས། །བརྩོན་འགྲུས་འབད་པ་བརྒྱ་བྱས་ནས། །རྒྱལ་བའི་སྲས་ལས་བྱུང་བ་ལགས། །རང་སེམས་ཀྱི་རྩ་བདར་མ་ཆོད་པར། །ཡིད་དཔྱོད་ཀྱི་སྟོང་ཉིད་བསྒོམས་ལགས་ཀྱང་། །གནས་ལུགས་ཀྱི་དོན་ལ་རེག་པར་དཀའ། །དེ་ཕྱིར་ཐར་པ་ཐོབ་པ་ཉུང་། །སྙིགས་དུས་ཀྱི་རྣལ་འབྱོར་རི་ཁྲོད་པ། །རྡོ་རྗེའི་མིང་ཅན་དེ་སྐད་ལོ། །གཞན་ལ་ངན་བརྗོད་མ་ཡིན་ཏེ། །རྒྱལ་བའི་བསྟན་པ་ནུབ་ཁ་འདིར། །ཚུལ་བཞིན་བསྒྲུབ་པ་རྒྱལ་ལོ་སྙམ། །དེ་ཕྱིར་ཚིག་ཏུ་འདི་སྐད་བརྗོད། །དོན་སེམས་ལ་ཞོག་ཅིག་སྐལ་ལྡན་ཀུན། འགལ་བ་དང་གདའ་ན་བཟོད་པར་གསོལ། འདི་ནི་སངས་རྒྱས་ཀྱི་སྐྱེ་རབ་བརྒྱ་རྩ་གཅིག་བརྩམས་པ་ཚར་བའི་དུས། སྟག་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་བཀྲ་ཤིས་གསར་མར་གསུངས་པའོ།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་ཁམས་གསུམ་འཁོར་བ་འདིར། །རང་སེམས་མ་རྟོགས་སེམས་ཅན་ཀུན། །སྲེད་པས་འཁོར་བར་འཁྲིད་བྱེད་ཅིང་། །ལེན་པས་སྐྱེ་བའི་གནས་སུ་ཁྲིད། །ཚོར་བའི་ནད་ཀྱིས་རབ་ཏུ་གཟིར། །ཐར་པ་མེད་པ་ཡི་རེ་མུག །སེམས་གྱི་རྩ་བ་རྟོགས་ལགས་ན། རང་སེམས་སངས་རྒྱས་ངོ་བོ་ཡིན། །དག་པའི་ནམ་མཁའ་ངོ་བོ་འདྲ། །རྐྱེན་གྱི་ཤེས་པ་མེ་ལོང་མཚུངས། །ཚོགས་དྲུག་རང་ངོ་ཡེ་ཤེས་ཡིན། །དེ་ངོ་ཤེས་པ་ཨ་རེ་མཚར། །དེ་ལྟར་མ་རྟོགས་བྱིས་པ་རྣམས། །ང་མེད་ཅིག་ལ་ང་རུ་ཞེན། །གཞན་མེད་གཅིག་ལ་ཡུལ་དུ་རྨོངས། །གཉིས་མེད་ཅིག་ལ་གཉིས་སུ་བཟུང་། །བག་ཆགས་རྟོགས་པའི་ཤེས་སྒྲིབ་དང་། །བླང་དོར་རྟོག་པའི་ཉོན་མོངས་ལགས། །མ་རྟོག་ཤར་བའི་བསྒོམ་ཆེན་ཀྱང་། ད་རུང་འདུ་བྱེད་ཕུགས་མ་ཆོད། །རང་ངོ་ཤེས་པར་འདོད་རྣམས་ཀྱང་། །ད་རུང་རྟོག་པའི་གནད་མ་གོ །སྟོང་ཉིད་རྟོགས་པའི་བསྒོམ་ཆེན་ཡང་། ད་རུང་མི་འཛིན་སྒྲོག་དུ་ཚུད། །རྟགས་བཅུ་རྫོགས་པའི་བསམ་གཏན་པ། །ད་རུང་སྨིག་སྒྱུ་དེད་པ་འདྲ། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་ཀུན། །ད་རུང་རྒྱུ་འབྲས་དོན་མ་གོ །ལྟོ་གོས་འཁྲི་བ་མ་ཆོད་པར། །བདེན་མེད་ཁ་ལྟའི་བདུད་ལ་ཞེན། །བརཏལ་ཞུགས་སྤྱོད་པའི་བསྒོམ་ཆེན་རྣམས། །ད་རུང་འདྲེ་ལ་བདེན་པར་འཛིན། །རང་ངོ་ནང་ནས་མི་ཤེས་པར། །ཡིག་ནག་དཔེ་ལ་ཤེས་སུ་རེ། །ལར་ཐམས་ཅད་རྣམ་པར་རྟོག་པ་སྟེ། །འཁོར་བའི་གཉིས་འཛིན་སྤང་བྱ་ཡིན། །ཕྱི་ནང་གཉིས་འཛིན་ཆོད་ལགས་ན། འཁོར་བར་སྣང་ཡང་ཨའུ་རྩི། །གང་ཡང་སྤང་བླང་མི་བྱེད་ན། །རྟོགས་པ་མེད་ཀྱང་དེ་གས་ཆོག །རྣམ་རྟོག་གོམས་པའི་བག་ཆགས་ལ། །ལས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད། །ཤེས་རབ་བྲལ་བའི་རྟོགས་དཔྱོད་དེ། འཇིག་རྟེན་པ་རྣམས་རབ་ཏུ་མང་། །ཐབས་ཀྱིས་མ་ཟིན་དགེ་བ་ཡིས། །འདོད་ཁམས་ལྷའི་བདེ་བ་བསྒྲུབ། །བདེ་གསལ་ལྡན་པའི་བསམ་གཏན་ཡང་། །གཟུགས་ཁམས་ལྷ་ལས་འགྲོ་ས་མེད། །འདུ་ཤེས་བཀག་པའི་མི་རྟོག་པས། །ཚེ་རིང་པོའི་ལྷ་རུ་གོལ། །ཆོས་ཀུན་མཁའ་ལྟར་རྟོགས་ལགས་ཀྱང་། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན། །སེམས་ཉིད་མཁའ་ལྟར་རྟོགས་ལགས་ཀྱང་། །རྣམ་ཤེས་མཐའ་ཡས་གནས་སུ་གོལ། །ང་མེད་ཅི་ཡང་མེད་པ་དེ། ཡོད་མིན་མེད་མིན་སྲིད་པའི་རྩེ། ཀྱེ་མ་ཁམས་གསུམ་ཡོ་ལང་ལ། །མཁས་རྣམས་བདེན་པ་མ་རེ་མཛོད། །རྒྱལ་བའི་དགོངས་པ་ཅི་བཞིན་དུ། །ཉམས་སུ་ལེན་པར་འདོད་པ་ན། ཐབས་ཀྱི་རྩལ་སྦྱོངས་གནད་དུ་བསྣུན། །ཉམས་ཀྱི་ཚོགས་ལ་བདེན་མ་འཛིན། །དྲན་ལྡན་བསམ་གཏན་སྦྱངས་ནས་ཀྱང་། དབྱེར་མེད་དོན་དང་མ་བྲལ་བར། །ཞི་ལྷག་འབྲེལ་པར་ཉམས་སུ་ལོང་། །མངོན་ཤེས་རྫུ་འཕྲུལ་འདོད་ལགས་ན། །རྣམ་གནས་ཡིད་ལ་བྱེད་པས་སྦྱོངས། །འཁོར་བའི་འདམ་ལ་རྒལ་འདོད་ན། །བདག་མེད་རྟོགས་པའི་ཤེས་རབ་བསྐྱེད། །ཐབས་ཀྱི་གཞན་དོན་བྱེད་པ་ན། །སྒྱུ་མ་ལྟ་བུར་སྙིང་རྗེ་སྦྱོངས། །ལར་ཐམས་ཅད་རྣམ་རྟོག་འདི་ཡིན་ཏེ། །རྟོགས་ན་ཡེ་ཤེས་རོལ་པ་ཆེ། །མ་རྟོགས་འཁོར་བ་འདི་ཡིས་འཇུག །འདི་ལ་སྦྱོངས་གཅིག་སྐལ་ལྡན་ཀུན། །ཞེས་པ་འདི་སྙིགས་མའི་བསམ་གཏན་པ་དང་། ཉན་བཤད་པ་རྣམས་ཀྱིས་རྟོག་པའི་གནད་མི་གོ་བར་འདུག་པས་བྲིས་པའོ། །ཤུབྷཾ།། ༈ འཁོར་འདས་རང་གྲོལ་མཉམ་པ་ཉིད། །མངོན་དུ་རྟོགས་ལ་ཕྱག་འཚལ་བསྟོད། །ཕྱིའི་ཡུལ་ལ་ཕར་བལྟས་པས། །རང་གསལ་འཛིན་མེད་ངོ་བོ་མཐོང་། །ནང་གི་སེམས་ལ་ཚུར་ལྟས་པས། །རང་རིག་རང་གསལ་ངོ་བོ་སྟོང་། །སྣ་ཚོགས་རྐྱེན་ལ་ཕར་ལྟས་པས། །འཇའ་ཚོན་རང་གི་རི་མོ་མཐོང་། །འདུ་བྱེད་རྐྱེན་ལ་ཚུར་ལྟས་པས། །རང་གྲོལ་ཆུའི་རི་མོ་འདྲ། །རྣམ་རྟོག་བྱེད་པ་མཐོང་ཙ་ན། སྒྱུ་མ་མཁན་པོའི་རྣམ་འགྱུར་མཐོང་། །སྣ་ཚོགས་ཆོས་ཀུན་སེམས་ཀྱི་གནད། །སེམས་ཀྱང་རང་གྲོལ་གཉུག་མའི་ངང་། །རྒྱལ་དང་དེ་སྲས་སེམས་དཔའི་ཚོགས། །ལྷ་ཚོགས་མཛད་པ་མཐར་ཕྱིན་ཅིང་། །མེད་བཞིན་སྣང་ལ་དབང་ཐོབ་པས། །མ་རིག་སྒྱུ་འདྲའི་སེམས་ཅན་འདྲེན། །དེའི་རྗེས་སུ་ཞུགས་ནས་ཀྱང་། །རྩེ་ཅིག་ཉམས་སུ་བླང་བར་བྱ། །ངང་ཆུང་བདེ་ཆེན་ཡང་དབེན་དུ། །འབྲེལ་མེད་གླུ་རུ་བླངས་པ་ཡིན། ཤུབྷཱཾ།། ཡུལ་དང་སེམས་ཀྱི་མཚང་རིག་པའི་མགུར། མཚུར་ཕུར་ངང་ཆུང་གི་རི་ཁར། མཁན་པོ་ས་ནག་པས་གདན་དྲངས་པའི་ཚོགས་གྲལ་དུ་གསུངས་སོ།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དབྱངས་འདི་ལ་འདིར་བཞུགས་གསན་པར་ཞུ། །དགོས་ཆེད་འདི་ལྟར་ཐུགས་ལ་ཞོག །དལ་འབྱོར་མི་ལུས་ཐོབ་ནས་ཀྱང་། །རྒྱལ་བའི་བསྟན་དང་འཇལ་བྱས་ནས། །ཐེག་ཆེན་བླ་མ་དང་འཇལ་བ། །ཆོས་མཛད་ཡོངས་ཀྱི་རྟེན་པོ་ལགས། །ཡང་དགོས་དབང་པོ་ཡང་རབ་ཀུན། །ཆོས་གཅིག་ཤེས་ཀུན་གྲོལ་རྟོགས་བྱས་ཤིང་། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །རང་གི་འཁྲི་བ་རབ་བཏང་ཏེ། །གཞན་ལ་ཕན་པར་ལྷུར་ལེན་པ། །རྒྱལ་བ་ཀུན་གྱི་རབ་ཏུ་བསྔགས། །དབང་པོ་རབ་ཀྱི་མཛད་སྤྱོད་ལགས། །བརྩོན་འགྲུས་ཆེན་པོ་རབ་བསྐྱེད་དེ། །གདམས་པ་ཟབ་མོ་ཉམས་ལེན་ཅིང་། །རི་ཁྲོད་དགོན་པ་འགྲིམ་པ་དེ། །གྲུབ་ཐོབ་ཀུན་གྱིས་རབ་ཏུ་བསྔགས། །དབང་པོ་འབྲིང་གི་མཛད་སྤྱོད་ལགས། །རྩེ་ཅིག་གི་བསྒྲུབ་པ་མ་ནུས་ཀྱང་། །ཚུལ་ཁྲིམས་དག་པ་བསྲུང་བྱ་ཞིང་། །ཟབ་མོའི་བཀའ་ལ་ཐོས་བསམ་དང་། །ཅི་ཡོད་བསོད་ནམས་ཚོགས་སོག་པ། དབང་པོ་ཐ་མའི་ཆོས་ལུགས་ལ། དེ་ལས་ལོག་པའི་སེམས་ཅན་རྣམས། འཁོར་བའི་གནས་སུ་འཁྱམ་བྱེད་ཅིང་། སྣ་ཚོགས་སྡུག་བསྔལ་མྱོང་བར་བྱེད། དོན་འདི་ལ་སོམ་ལ་ལྷ་ཆོས་མཛད། །དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་གནས་ལུགས་ཀྱི་མགུར་འདི་རྒྱལ་གྱི་མདོར་རང་བྱུང་རྡོ་རྗེས་སྦྱར་བའོ།། །།ཤུབྷཾ།། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། མ་རྟོགས་སེམས་ཅན་འཁོར་བ་པས། །སྡུག་བསྔལ་གྱི་ཁྲེས་པོ་རྒྱབ་དུ་ཁུར། །ཉོན་མོངས་ཀྱི་ཐང་ལ་རྟག་ཏུ་འཁྱམ། །དེ་ལས་ལོག་པའི་བསྒོམ་ཤེ་ཁྱོད། །ཚུལ་ཁྲིམས་དག་པའི་གོས་གྱོན་ཅིང་། །ཆོས་སྤྱོད་དག་པའི་རྒྱན་གྱིས་སྤྲས། །ཚོགས་གཉིས་ཀྱི་ཁྲེས་པོ་རྒྱབ་ཏུ་ཁུར། །ཐར་པར་འགྲོ་བའི་ལམ་རྒྱགས་བྱེད། ཁྲེས་པོ་ཆེ་ཡང་དོན་དང་ལྡན། །འགྲོ་བའི་མགོན་པོ་རྒྱལ་བ་དང་། །མྱུར་དུ་འཇལ་བའི་ཐབས་རྟེན་ནས། །ཤེས་རབ་ཆེན་པོས་འཛིན་པར་འགྱུར། ཅེས་པ་འདི་རང་བྱུང་རྡོ་རྗེས་རྒྱལ་གྱི་བསྒོམ་ཤེས་ལ་གདམས་པའོ།། །། ༈ རང་སེམས་ཆོས་སྐུར་སྟོན་མཛད་པ། །བླ་མ་མཆོག་ལ་གསོལ་བ་འདེབས། །འདི་ལ་འདིར་བཞུགས་སྙན་གསན་མཛོད། །དགོས་འདོད་རྟོགས་ལ་ཉམས་སུ་ལོང་། །ཀུན་གཞི་འཁོར་འདས་ཀུན་གྱི་གཞི། །མ་རྟོགས་དུས་ན་འཁོར་བ་སྟེ། །རྟོགས་ན་དེ་བཞིན་གཤེགས་པའི་ཐུགས། །ཀུན་གཞིའི་ངོ་བོ་བརྗོད་པ་ལ། །དཔེར་ན་མེ་ལོང་གཡའ་དག་ལ། །གཟུགས་བརྙན་འཆར་བ་ཅི་ལྟ་བར། །རང་སེམས་དྲི་མེད་དབྱིངས་ཉིད་ལ། །སྣ་ཚོགས་བག་ཆགས་ལྡང་ཞིང་འགག། །ཡུལ་དང་ཡུལ་ཅན་གཉིས་འཛིན་འདི། །རང་གི་དབྱིངས་ལས་སྣང་ལྡང་ཕྱིར། །འཁོར་འདས་གཉིས་མེད་ངོ་བོར་གཅིག །མ་རྟོགས་འཁྲུལ་ཞིང་རྟོགས་ན་གྲོལ། །རྟོགས་བྱ་རྟོགས་བྱེད་གཉིས་ཀྱང་མེད། །གཉིས་སུ་བཟུང་བས་འཁོར་བའི་གཞི། །གཉིས་མེད་ངོ་བོ་མཐོང་བ་ན། རྒྱལ་བའི་སྙིང་པོ་མངོན་དུ་གྱུར། །ཀུན་གཞི་གཏན་ལ་འབེབས་པའི་གླུ། །དབེན་པའི་གནས་སུ་བླངས་པ་ལགས། །ཀུན་གཞིའི་སྒྲིབ་པ་ཀུན་བསལ་ནས། །རང་སེམས་དྲི་མེད་རྟོགས་པར་ཤོག །རྒྱལ་གྱི་མདོར་བསྒོམ་ཆེན་དར་མ་དཔོན་གཡོག་ལ་གདམས་པའོ། །ཤུབྷཾ།། ༈ ན་མོ་གུ་རུ། ཡོན་ཏན་མ་ལུས་འབྱུང་བའི་གནས། རྟེན་ཅིང་འབྲེལ་པའི་དེ་ཉིད་རིག །ཐབས་རྣམས་སྣ་ཚོགས་སྟོན་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྣ་ཚོགས་སེམས་ཀྱི་འཆར་ཚུལ་ལ། །ཕྱི་རོལ་ཡུལ་གྱི་གཟུང་བར་སྣང་། །ཁྱད་པར་ལྗོན་པའི་མེ་ཏོག་ཚོགས། ས་ལ་སྐྱེས་ཤིང་འགག་པར་སྣང་། །འདི་ལ་རྟེན་པའི་དབྱངས་གཅིག་ལེན། །དོན་དགོས་པ་གདའ་ན་ཐུགས་ལ་ཞོག །ཁོ་ཤིང་མཆོག་དང་པོ་སྐྱེ་བའི་ཚེ། །རྒྱུ་རྐྱེན་དྲུག་གིས་རྣམ་པར་དབྱེ། །སྣ་ཚོགས་ཡལ་འདབ་དུ་མར་རྒྱས། །གཞན་ལ་དགོས་པའི་ཤིང་ཞེས་བྱ། །ནང་དུ་རང་སེམས་རྒྱུ་རྐྱེན་གྱིས། །རྣམ་རྟོག་ཁམས་གསུམ་ལྗོན་ཤིང་སྐྱེས། །དབང་ཡུལ་སྣ་ཚོགས་ཡལ་འདབ་རྒྱས། ཁམས་གསུམ་ཞེས་ཀྱང་མིང་དུ་གྲགས། །ཕྱི་རོལ་ཤིང་དེ་བཅད་པའི་ཚེ། །ཡལ་འདབ་མང་པོ་ཤུགས་ལ་སྐམས། །མེའི་རྐྱེན་གྱིས་སྦར་བྱས་ནས། །ཐལ་བའང་མེད་པར་འགྱུར་བ་ལྟར། །ནང་དུ་རྣམ་རྟོག་ལྗོན་ཤིང་ཡང་། ཤེས་རབ་རྣོན་པོའི་མཚོན་གྱིས་བཅད། །འཁོར་བའི་ལོ་འདབ་རྩད་ནས་སྐམས། །ཡེ་ཤེས་མེ་ལྕེ་རབ་འབར་བས། །མྱང་འདས་ཀྱི་རྩ་བ་ཡང་མི་གདའ་ལགས། །ལྗོན་ཤིང་སྐྱེས་པའི་སྐྱེ་འགག་དཔེ་ལས་དྲང་། །སླད་ཀྱིས་བྱང་ཆུབ་བསྒྲུབ་པ་རྣམས། །སྣང་བ་དཔེ་རུ་ཤེས་པར་མཛོད། །དཔེ་ལྗོན་པ་ལ་དཔེ་བླངས་བའི་མགུར་མ་འདི། སྟོད་ལུང་རྒྱལ་གྱི་རི་ཁྲོད་དུ། ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་པ་ལགས་སོ།།ཤུབྷཾ།། ༈ །སྣ་ཚོགས་རིག་པའི་འཆར་ཚུལ་མཁྱེན། །བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱིའི་ས་དང་ཆུ་ལས་ཀྱང་། །སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས། །རྫའི་སྣོད་དུ་བྱས་ནས་ཀྱང་། འདུས་བྱས་ཡིན་པས་ཆག་གྱུར་པ། །ནང་དུ་བཅུད་ཀྱང་མི་འཆགས་འགྱུར། །ཐབས་མཁས་སྐྱེས་བུ་དམ་པ་ཡིས། །མ་ཉམས་སྔར་བཞིན་བྱས་ནས་ཀྱང་། །ཟས་ཀྱི་སྣོད་དུ་གྱུར་པ་འདི། །ཕྱི་རོལ་དཔེ་རུ་བསྟན་པ་ཡིན། །དེ་ཉིད་དོན་ལ་སྦྱར་བ་ན། །གཟུང་འཛིན་གཉིས་ཀྱི་ས་ཆུ་དེ། །རྣམ་རྟོག་འདུ་བྱེད་ཀྱི་ལག་པ་ཡིས། །ཁམས་གསུམ་གྱི་ལུས་སུ་བཟོས་ནས་ཀྱང་། །སྲེད་པའི་སྣོད་དུ་གྱུར་པ་ན། །རྟག་འཛིན་བྱས་ཀྱང་མི་རྟག་པས། ཡང་ཡང་སྐྱེས་ཤིང་འཆི་བར་འགྱུར། །ཡོན་ཏན་སྣོད་དུ་མ་གྱུར་པས། །ཐབས་མཁས་བླ་མ་དམ་པ་ཡིས། །རང་ལུས་ལྷ་སྐུའི་རྫ་མ་དེ། །གཉུག་མའི་རྐྱེན་གྱིས་ཐབས་ཀྱིས་སྦྱར། །ཞབས་རྡོལ་ལྟ་བུའི་སྐལ་མེད་ཀྱང་། །ཏིང་ངེ་འཛིན་གྱིས་ལེགས་པར་སྦྱར། །ཟག་མེད་བཅུད་ཀྱི་སྣོད་དུ་གྱུར། །གཞན་དོན་ཕུན་སུམ་ཚོགས་པ་འགྲུབ། །སླད་ཀྱིས་ཉམས་སུ་ལེན་པ་རྣམས། །གཟུང་འཛིན་གྱི་སྣོད་ལ་མ་ཆགས་པར། །སྐལ་བཟང་ཏིང་འཛིན་སྣོད་དུ་ཤོག །ཤུབྷཱཾ།། ཅེས་པ་འདི་ནི་རྫ་མ་ལ་དཔེ་སྦྱར་བ། ཆོས་རྗེ་རང་བྱུང་རྡོ་རྗེའི་སྟོད་ལུང་མཚུར་ཕུའི་རྒྱལ་གྱི་མདོར་གསུངས་སོ།། །། ༈ ན་མོ་གུ་རུ། ཆོས་ཀུན་མཉམ་པ་ཉིད་གཟིགས་ཤིང་། རྣམ་པར་དག་པའི་ཐུགས་རྗེ་ཅན། །ཟུང་འཇུག་མངོན་དུ་གྱུར་པའི་མཆོག །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །དག་པའི་ཆུ་བོ་འབབ་པའི་ངོས། །ཁ་རག་ཤར་གྱི་དབེན་གནས་སུ། །དུས་མཐའི་རྣལ་འབྱོར་འདི་སྐད་ལོ། །དལ་འབྱོར་རིན་ཆེན་ལེགས་ཐོབ་ཅིང་། ཐེག་ཆེན་བླ་མ་དང་འཇལ་ནས། །ཚུལ་བཞིན་གདམས་པ་ཐོབ་པའི་ཚེ། །རྩེ་ཅིག་ཉམས་སུ་བླང་བར་བྱ། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །སེམས་ཀྱི་ཆོ་འཕྲུལ་ཡིན་པའི་ཕྱིར། །རྨི་ལམ་དུས་ཀྱི་སྣང་བ་ལྟར། །མངོན་ཞེན་མེད་པར་མཉམ་པར་ཞོག །ནང་གི་རྣམ་པར་རྟོག་པ་འདི། །འགྱུ་བ་རང་གསལ་ངོ་བོ་ཉིད། །འཁོར་འདས་ཆོ་འཕྲུལ་དེ་ལས་བྱུང་། །འགག་མེད་རང་གྲོལ་མཉམ་པར་ཞོག །གཉིས་སྣང་ཤེས་པས་མ་སླད་ཅིང་། །གསལ་ལ་མི་རྟོག་ངོ་བོ་ཉིད། །རང་སེམས་སངས་རྒྱས་སྙིང་པོ་སྟེ། །དེ་ཉིད་ངོ་བོ་རྟོགས་པར་མཛོད། །ཟུང་འཇུག་གཏན་ལ་འབེབས་པའི་གླུ། །འགག་པ་མེད་པའི་རྩལ་དུ་ཤེས། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །རང་སེམས་སྙིང་པོ་རྟོག་པར་ཤོག །ཁ་རག་ཤར་གྱི་ཕྱོགས་སུ་བླངས། ཤུབྷཾ།། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བརྩེ་བ་ཆེན་པོས་རབ་གཟིགས་ཤིང་། །ཀུན་ནས་སྐྱོབ་པའི་ཐུགས་རྗེ་ཅན། །བླ་མ་མཆོག་ལ་གསོལ་བ་འདེབས། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །ཐོག་མེད་དུས་ཀྱི་བག་ཆགས་ཀྱིས། །མ་རིག་སྒྲིབ་པའི་དབང་སོང་སྟེ། །རྒྱལ་བ་དཔག་ཏུ་མེད་པས་ཀྱང་། །ཐུགས་རྗེའི་ལྕགས་ཀྱུས་མ་ཟིན་ཅིང་། །འཁོར་བའི་རྒྱ་མཚོར་རབ་ལྡོངས་ནས། །སྐྱེ་རྒས་ན་འཆིའི་རྦ་ལ་གཡེངས། །མ་དག་སྡུག་བསྔལ་ཚོར་བ་མྱོང་། །ཐར་པའི་རིན་ཆེན་སྲོག་དང་བྲལ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །ད་ཡོང་བསྟན་པའི་སྙིགས་མ་ལ། །དཀོན་པའི་མི་ལུས་ཐོབ་དུས་འདིར། །བརྩོན་གྲུས་འབད་པ་མ་བྱས་ན། །ངན་སོང་སྡུག་བསྔལ་ཤིན་ཏུ་འཇིགས། །ཡུལ་གྱི་སྣང་བ་བྲིད་རེ་མཁས། །རྣམ་པར་རྟོག་པ་འཚང་རེ་ཆེ། །གཏི་མུག་རྒྱ་མཚོ་ཏིང་རེ་ཟབ། །གཉིས་སུ་འཛིན་པ་འགྲོགས་ཡུན་རིངས། །འཁོར་བར་ཐུགས་མེད་འཁྱམ་ཉེན་གདའ། །དེ་ཕྱིར་འབད་པ་དུ་མ་ཡིས། །ཐེག་ཆེན་བླ་མའི་བཀའ་བཞིན་བསྒྲུབས། །མི་རྟག་རྒྱུད་ལ་རྒྱུན་དུ་རྟེན། །ཐོས་བསམ་བསྒོམ་ལ་འབད་པ་ཐོན། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །མི་རྟག་བསྐུལ་མ་འདེབས་པའི་གླུ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཁ་རག་ལྷོའི་ཕྱོགས་སུ་བླངས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །། ༈ ན་མོ་གུ་རུ། །སྣ་ཚོགས་སྣང་བའི་ཕྱོགས་རྣམས་ཀུན། །སྒྱུ་མ་ལྟ་བུར་རབ་གཟིགས་ཤིང་། །ཆོས་རྣམས་ཀུན་གྱིས་དེ་ཉིད་མཁྱེན། །བླ་མ་རྗེ་ལ་ཕྱག་འཚལ་ལོ། །དལ་འབྱོར་རིན་ཆེན་ཐོབ་པར་དཀའ། །རྒྱལ་བའི་བསྟན་ལ་མྱུར་དུ་ཞུགས། །ཐེག་ཆེན་བླ་མ་རྙེད་པར་དཀའ། བརྩོན་འགྲུས་ཆེན་པོས་བརྐྱང་ཞིང་བསྒྲུབ། །མ་ནོར་ཆོས་དང་འཕྲད་པ་དཀའ། །དྲི་མེད་ཐེག་ཆེན་ལམ་ལ་འབད། །ཡང་དག་ལྟ་བ་རྙེད་པ་དཀའ། །སྣང་སྟོང་དབྱེར་མེད་ངང་ལ་ཞོག །མ་ནོར་བསམ་གཏན་བྱེད་པ་དཀའ། །ཞེན་པ་མེད་པར་མཉམ་པར་ཞོག །གོས་པ་མེད་པའི་སྤྱོད་པ་དཀའ། །རང་བཞིན་དོན་དང་མཐུན་པར་མཛོད། །རེ་དོགས་མེད་པའི་འབྲས་བུ་དཀའ། །རང་སེམས་གསལ་བའི་ངང་ལ་ཞོག །གཞན་དོན་ཕྱོགས་མེད་བསྒྲུབ་པ་དཀའ། །སྙིང་རྗེས་སེམས་ཅན་རྗེས་སུ་བཟུང་། །ལྟ་བསྒོམ་འབྲལ་མེད་བརྗོད་པ་འདི། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཁ་རག་ནུབ་ཀྱི་ཕྱོགས་སུ་བླངས། །འགྲོ་རྣམས་ཐེག་ཆེན་དོན་རྟོགས་ཤོག། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཛམ་གླིང་ཆུ་གཏེར་ཆེན་པོའི་དབུས། །སྣ་ཚོགས་གངས་རིའི་པད་ཚལ་ལ། །འབབ་ཆུའི་ཟིལ་མངར་རབ་འཕྲོ་ཞིང་། །སྐྱེ་རྒུའི་ཡིད་ཀྱི་རོ་མྱང་བྱེད། །ཁྱད་པར་གངས་ཅན་བོད་ཀྱི་དབུས། །བསིལ་བའི་ཆུ་བོ་དཔག་ཤུའི་ངོས། །རིན་ཆེན་བྲག་རིའི་ཚོགས་འདུས་པས། །བསམ་གཏན་ཅན་གྱི་དབེན་གནས་ཡིན། །སྣ་ཚོགས་བྲག་རི་སྤུངས་པ་འདི། །རྡོ་རྗེ་རིན་ཆེན་རྣམས་སྤེལ་བ། །སྣ་ཚོགས་གཡེང་བས་མི་རྫི་ཞིང་། །འཇིགས་མེད་བསམ་གཏན་གྲོགས་སུ་བཟང་། མཉམ་ཞིང་མཛེས་པའི་སྤང་ལྗོངས་ལ། །སྣ་ཚོགས་མེ་ཏོག་འབར་བ་བཞིན། །ཏིང་ངེ་འཛིན་གྱི་ཡིད་འཕྲོག་ཅིང་། །བསམ་གཏན་བརྒྱན་གྱིས་མཛེས་བྱེད་པ། །སྣ་ཚོགས་འབབ་ཆུའི་སྒྲ་སྙན་ལྡན། །བསྐོམ་པའི་ཚ་གདུང་སེལ་བར་བྱེད། །ཆོས་ཀྱི་སྒྲ་སྙན་གསལ་བ་འདིས། །ཉོན་མོངས་གདུང་བ་སེལ་བ་འདྲ། །དཀར་གསལ་གངས་རི་མཛེས་པ་ལ། །ཉི་ཟླའི་སྒྲོན་མེ་རྣམ་པར་འབར། རབ་དཀར་སྙིང་རྗེའི་འོད་ཟེར་གྱིས། །གདུལ་བྱའི་པད་ཚལ་དགའ་བྱེད་བཞིན། །མཛེས་པའི་ནམ་མཁའ་ཀུན་ཁྱབ་ཅིང་། །རྒྱུ་སྐར་ཕྲེང་བའི་ལོངས་སྤྱོད་ལྡན། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་ཀུན་ཁྱབ་པར་རྒྱན་པ་སྙམ། །གྲུབ་པ་རྣམས་ཀྱིས་ལེགས་བརྟེན་ཅིང་། །ལྷ་དང་ལྷ་མིན་དྲི་ཟའི་ངག །སྣ་ཚོགས་རྟོགས་པའི་འདུ་བྱེད་ཀྱི། །ཕྱོགས་ཀུན་ཁྱབ་པར་བསྒྲོགས་པར་བྱེད། །འདི་ནི་དབེན་གནས་ཁ་རག་གིས། །ཕྱི་ནང་སྤེལ་མའི་ཟློས་གར་དབྱངས། །རང་བྱུང་རྡོ་རྗེའི་མིང་ཅན་གྱིས། ཁ་རག་བྱང་གི་ཕྱོགས་སུ་བླངས། །འགྲོ་ཀུན་ཐམས་ཅད་མཁྱེན་ཐོབ་ཤོག ཤུབྷཱཾ།། ཇོ་མོ་ཁ་རག་གི་ཤར་དུ་ཟུང་འཇུག་གཏན་ལ་འབེབས་པའི་མགུར། ལྷོ་རུ་མི་རྟག་པ་བསྐུལ་མ་འདེབས་པ། ནུབ་ཏུ་ལྟ་བསྒོམ་འབྲེལ་བ་བརྗོད་པ། བྱང་དུ་ཕྱི་ནང་སྤེལ་བའི་ཟློས་གར་གྱི་མགུར་དང་དེ་ལྟར་དུ་བཞི་གསུངས་སོ།། །། ༈ ན་མོ་གུ་རུ། རི་ཁྲོད་དབང་ཕྱུག་འགྲོ་བའི་མགོན། །བླ་མ་རྣམས་ཕྱག་འཚལ་ལོ། །བདེ་ཆེན་སྟེང་གི་རི་ཁྲོད་ན། །བཞུགས་བའི་བསམ་གཏན་པ་རྣམས་གསོན། །དང་པོ་མི་ལུས་རྙེད་དཀའ་ཐོབ། །རྒྱལ་བའི་བསྟན་པ་དྲི་མེད་རྙེད། །བླ་མ་རྗེ་དང་འཇལ་དུས་ན། །རྩེ་ཅིག་ཉམས་སུ་བླང་ཡང་འཚལ། །ད་རེས་འབད་པ་མ་བྱས་ན། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །སྡུག་བསྔལ་ཆུ་སྲིན་མི་ཟད་ལྡན། །འདི་ལས་ཐོན་པ་རབ་ཏུ་དཀའ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །ཐུགས་རྗེའི་འོད་ཟེར་དཔག་མེད་ཀྱང་། །བདག་ཅག་མ་རིག་མུན་པར་འཁྱམས། །ད་རུང་ཉམས་ངའི་ཁྲོད་དུ་ལུས། །ད་རེས་མི་ལུས་རིན་པོ་ཆེ། །ཕུན་ཚོགས་འབྱོར་པ་འཛོམ་པའི་ཚེ། །བརྩོན་འགྲུས་རྟ་ལ་ཞོན་ནས་ཀྱང་། །རྩེ་ཅིག་བསམ་གཏན་ཟས་ཟ་ཞིང་། །ཚུལ་ཁྲིམས་དག་པའི་རྒྱན་གྱིས་རྒྱན། །ཤེས་རབ་ལམ་ལྡན་བླ་མ་ཡིས། །ཁྲིད་དུས་ལེ་ལོ་སྤངས་ནས་ཀྱང་། །མྱུར་དུ་བྱང་ཆུབ་བསྒྲུབ་པར་བྱ། །འདི་ལ་འབད་པ་མ་བྱས་ན། །རྣམ་རྟོག་རིག་པ་ཅོལ་ཆུང་འདི། །སྣ་ཚོགས་ཡུལ་ལ་རྟག་ཏུ་རྒྱུག །སྲེད་པའི་བདེ་བ་མགོ་བསྐོར་མཁས། །མ་རིག་བདུད་ཀྱི་འཕྲང་བསྒུགས་དམ། །སྐྱེ་རྒ་ན་འཆི་ཆུ་བོ་ཆེ། །བསྟན་པའི་ཉི་མ་ནུབ་ཏུ་ཉེ། །ཡང་ནི་ཐུག་མེད་འཁྱམ་དོགས་གདའ། །ད་ནི་རང་བྱུང་ཡེ་ཤེས་འདི། །རང་གི་སེམས་ཉིད་ལགས་མོད་ཀྱང་། །ད་རུང་གཉིས་འཛིན་སྤྲིན་གྱིས་བསྒྲིབས། །ཤེས་རབ་རླུང་གིས་སྟོར་ཀྱང་འཚལ། །རྣམ་པར་རྟོག་པ་གཡོ་བ་འདི། བསམ་ཏན་བདེ་ལ་བཅིངས་ནས་ཀྱང་། །ཞེན་པའི་འཁྲུལ་པ་ཕྲའུ་དེ། །ཡེ་ཤེས་མཚོན་གྱིས་བཅད་ནས་ཀྱང་། །ད་ལྟར་རང་དབང་ཡོད་པ་ལ། །རྩེ་ཅིག་ཉམས་སུ་བླངས་བྱས་ན། །མི་ལུས་ཐོབ་པ་དོན་ཡོད་ཅིང་། །རྒྱལ་བའི་བཀའ་བཞིན་བསྒྲུབ་པ་ལགས། །ཐར་པའི་རིན་ཆེན་གླིང་དུ་ཉེ། །ཡོན་ཏན་རྒྱ་ཆེན་མྱུར་དུ་ཐོབ། །འགྲོ་བའི་དགོས་འདོད་ཤུགས་ལས་འབྱུང་། །དེ་ཕྱིར་རྩེ་ཅིག་བསྒྲུབ་པར་མཛོད། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། རྩེ་ཅིག་སྙིང་རྗེས་བསྐུལ་ནས་ཀྱང་། །བསྐུལ་བ་ཚིག་ཏུ་བརྗོད་པ་འདི། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་བྱ་བ་འདི་བདེ་ཆེན་སྟེང་དུ་གསུངས་སོ།། །། ༈ རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དང་པོར་དབེན་པ་བརྟེན་ནས་ཀྱང་། །བླ་མས་གདམས་ངག་བཏབ་པའི་ཚེ། །འདི་ལྟར་ཉམས་སུ་བླང་ཡང་འཚལ། །རྣམ་རྟོག་འདུ་བྱེད་གཡོ་བ་འདི། །རང་གི་སེམས་སུ་ཐག་བཅད་ནས། །ལྟ་བའི་གོ་ཡུལ་བསྟན་པར་བྱ། །དེས་ཀྱང་རྣམ་རྟོག་མི་གནས་པས། །མ་ཡེངས་རྩེ་ཅིག་ཡིད་བཏད་ནས། །གནས་པ་ཡིད་ལ་བསྐྱེད་པར་བྱ། །དེ་ནས་ཡུལ་སྣང་ཀུན་ལ་བརྟག །རྒྱུ་འབྲས་སོ་སོར་དཔྱད་ནས་ཀྱང་། དགའ་བདེ་ནང་དུ་བསྐྱེད་པ་ཡིན། །དེ་ནས་རྟོག་པ་ནུབ་པ་ཡིན། །དཔྱོད་པའི་རྒྱུ་ལྡན་བསམ་གཏན་སྐྱེ། །དེ་བཞིན་རྟོགས་སྤྱོད་ནུབ་ནས་ཀྱང་། །འདུ་བྱེད་གཡོ་བ་རླུང་ལྡན་པ། །མཐོང་ནས་ངོ་མཚར་ནང་དུ་སྐྱེ། །གཡོ་བ་དེ་ཡང་ནུབ་ནས་ཀྱང་། །གསལ་ལ་མི་རྟོག་ངོ་བོ་ཉིད། །བདེ་སྡུག་རྟོགས་དཔྱོད་དགའ་མི་དགའ། །གཡོ་བའི་སྐྱོན་བྲལ་ལྷང་ངེ་མཆར། །དེ་ལ་བསམ་གཏན་ངོ་བོ་ཟེར། །བླུན་པོ་ཁ་ཅིག་ཕྱག་རྒྱ་ཆེར། །འཁྲུལ་ནས་རོ་མྱོང་མཆོག་འཛིན་ན། །ཕྱིར་ཞིང་མི་ཁོམ་ནང་དུ་ལྷུང་། །དེ་ཕྱིར་དེ་མཐོང་མི་ཞེན་པར། །འདི་ཡང་རང་སེམས་ཀྱིས་བྱས་སྣང་། །ཆོས་ཀུན་འདུ་བྱེད་ཀུན་རྟོག་གིས། །བསྐྱེད་བྱས་རྟེན་ཅིང་འབྲེལ་འབྱུང་མཐོང་། །ཐོས་དང་བསམ་དང་བསྒོམ་འབྱུང་གིས། །ཤེས་རབ་དེ་ལ་རྟེན་ནས་སྐྱེ། །གཉིས་སྣང་གང་ལ་ཞེན་ཡང་འཆིང་། །གཉིས་མེད་མ་ཞེན་དེ་བས་བླུན། །ཞེན་བྱ་གནས་བྱ་མ་ཞེན་བློ། །ཐམས་ཅད་རང་གི་སེམས་ཉིད་ལ། །རྒྱུ་འབྲས་མཐོང་ན་མཁས་པ་ཡིན། །དེར་འཛིན་ཟད་པ་ཕྱག་རྒྱ་ཆེ། །བླང་དོར་རང་གིས་ཞིག་ནས་ཀྱང་། །བསམ་གཏན་དེ་བརྟེན་མངོན་ཤེས་དང་། །རྫུ་འཕྲུལ་དུ་མ་སྐྱེ་བ་ཡིན། །དེ་ཚེ་རྒྱལ་བ་རྣམས་མཆོད་ཅིང་། །སྙིང་རྗེས་སེམས་ཅན་ཐམས་ཅད་འཛིན། །སྟོང་པར་རྟོགས་ཀྱང་དངོས་པོ་ལ། །རྒྱུ་འབྲས་མི་འདོར་བླང་དོར་མཁས། །དག་པའི་ས་རྣམས་དེ་ནས་བགྲོད། །གང་ཚེ་རང་སེམས་གཤིས་ལྔ་ལ། །ངོ་བོ་སྟོང་པ་ཆོས་སྐུ་ཏེ། །རང་བཞིན་གསལ་ལྡན་ལོངས་སྤྱོད་རྫོགས། །མཚན་ཉིད་འགག་མེད་སྤྲུལ་པའི་སྐུ། །ཀུན་ལ་ཁྱབ་པ་ངོ་བོ་ཉིད། །མཚན་དཔེ་བྲལ་བ་དེ་བཞིན་ཉིད། །རྟོགས་པས་འཁོར་འདས་རོ་མཉམ་དུ། །རྐྱ་གྱུར་པ་དེ་ལ་འབྲས་བུ་ཟེར། །ཞི་ལྷག་འབྲས་བུ་དང་བཅས་པ། །རྟོགས་པར་བྱ་ཕྱིར་རང་བྱུང་གི། །བདེ་ཆེན་སྟེང་གི་གནས་སུ་བླངས། །བསམ་གཏན་སྐྱོན་རྣམས་ཟད་ནས་ཀྱང་། །ལྷན་ཅིག་སྐྱེས་པ་མངོན་གྱུར་ཤོག ༈ རྣམ་རྟོག་རྒྱ་མཚོ་ཆེན་པོ་འདི། །སྲེད་པ་རླན་དང་རབ་ཏུ་ལྡན། །གཉིས་འཛིན་བརླབས་ཀྱིས་ཕྲེང་བ་མང་། །ཚོར་བའི་ལྦུ་བ་རྣམ་པར་གཡོ། །ཉོན་མོངས་རྦ་ཀློང་དུ་མ་འཁྱིལ། །ངག་གིས་སྒྲ་དྲག་ཆིལ་ཆིལ་སྒྲོགས། །ཀྱེ་མ་འདི་ལ་ཕ་མཐའ་མེད། །འདི་འཁོར་བའི་རྒྱ་མཚོ་མ་ལགས་སམ། །གལ་ཏེ་འདི་ལས་ཐར་འདོད་ན། །ལོག་རྟོག་རིང་དུ་སྤངས་ནས་ཀྱང་། །བླ་མ་རིན་ཆེན་གྱི་མཉན་པ་དེ། །ཐེག་ཆེན་གདམས་པའི་གྲུ་ཆེན་འཛིན། །མོས་གུས་ཆེན་པོས་གདུང་བ་བསྐྱེད། །ལུས་དང་ལོངས་སྤྱོད་གྲུ་བླར་ཕུལ། །གསུངས་པའི་ཡང་དག་གདམས་པ་ཉན། །ཐར་པའི་སྐམ་ས་ཡིད་ལ་གྱིས། །བརྩོན་འགྲུས་སྐྱ་བ་འབད་ལ་གྱིས། །མྱུར་དུ་ཕ་རོལ་ཕྱིན་ཏེ་མཆི། ཱ། ཞེས་བྱ་བ་འདི་གྲུ་དང་མཐུན་པར་གསུངས་པ་ལགས་སོ།། །། ༈ དཔལ་ལྡན་བླ་མ་དམ་པ་ལ། །ཅི་གསུང་བཀའ་བཞིན་བསྒྲུབ་ལགས་ན། །བྱིན་བརླབས་སེམས་ལ་འཇུག་ལགས་ཀྱང་། །དེང་སང་བསྒྲུབ་པ་ཉུང་བ་གདའ། །འཇིག་རྟེན་འཁྲི་བ་བཅད་ལགས་ན། །སྐྱིད་ཀྱི་མགོ་མ་ཟིན་ལགས་ཀྱང་། །དེང་སང་འཇིག་རྟེན་བྱ་བ་ལ། །ཐམས་ཅད་སུས་ཐོབ་བྱེད་ཅིང་གདའ། །ཅི་ཡོད་སྦྱིན་པར་བཏང་ལགས་ན། །ལོངས་སྤྱོད་དཔག་མེད་འབྱུང་ལགས་ཀྱང་། དེང་སང་སེར་སྣའི་ཞེན་པ་ཡིས། །རྐུ་འཕྲོག་སློང་གསུམ་བྱེད་ཅིང་གདའ། །དབེན་པའི་རི་ཁྲོད་རྟེན་ལགས་ན། །སོ་བསོད་མདུན་མ་ལེགས་ལགས་པས། དེང་སང་གྲོང་ཡུལ་འདུ་འཛི་ལ། །ཐམས་ཅད་འབད་པ་བྱེད་ཅིང་གདའ། ཞེན་མེད་ཐོས་བསམ་བྱས་ལགས་ན། །རང་ལ་ཕན་པར་འབྱུང་ལགས་ཏེ། །དེང་སང་ང་མཁས་ང་རྒྱལ་གྱིས། །རང་རྒྱུད་བསྲེག་པར་བྱེད་ཅིང་གདའ། །རྣམ་དག་ཚུལ་ཁྲིམས་བསྲུངས་ལགས་ན། །ཕྱི་མ་བདེ་འགྲོ་ཐོབ་ལགས་ཏེ། །དེང་སང་དོན་མེད་འཁྲུལ་པ་ཡིས། །མངོན་ལྐོག་ཉེས་སྤྱོད་བྱེད་ཅིང་གདའ། །མ་ཞེན་བསམ་ག ཏན་བསྒོམས་ལགས་ན། །བླ་མེད་བྱང་ཆུབ་ཉེ་ལགས་ཏེ། །དེང་སང་བསམ་གཏན་བྱེད་པ་རྣམས། །བདེ་གསལ་རོ་ལ་ཞེན་ཅིང་གདའ། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །རང་གིས་རང་ལ་ངན་བྱེད་ཅིང་། །དབང་མེད་ངན་འགྲོའི་ནང་དུ་འཁྱམ། །འཁོར་བ་ཐུག་མེད་གཏིང་དུ་བྱིང་། །བླ་མ་རྒྱལ་བ་སྲས་བཅས་རྣམས། །ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང་། །འཁོར་བའི་སེམས་ཅན་ཉོན་མོངས་རྣམས། །མྱུར་དུ་བྱང་ཆུབ་འཁོད་པར་མཛོད། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །སྙིང་རྗེའི་དབང་གིས་བསྐུལ་ནས་ཀྱང་། །དབང་མེད་ཚིག་ཏུ་བྲིས་པ་ཡིན། །ཀུན་ཀྱང་བྱང་ཆུབ་ཐོབ་པར་ཤོག །ཤུབྷཱཾ།། ཅེས་པ་འདི་བདེ་ཆེན་སྟེང་དུ་གསུངས་པའོ།། །། ༈ ན་མོ་བྷུ་དྷ་ཡ། འཁོར་བ་ཐོག་མ་མེད་པ་ནས། སེམས་ཉིད་འཁྲུལ་པ་མ་རྟོགས་པས། །ད་ལྟ་བར་དུ་ཡང་དང་ཡང་། །རྣམ་རྟོག་ཡུལ་གྱི་རྗེས་སུ་འབྲེངས། །ཕྱི་རོལ་བདེན་སྣང་གིས་བཅིངས་ནས། །འཛིན་པའི་རྣམ་པར་རྟོག་པ་འདི། །ཡང་ཡང་སླུས་ཀྱང་ད་རུང་དུ། ཡུལ་སྣང་ཚོར་ལ་བླང་དོར་བྱས། །ཀྱེ་མ་སྒྱུ་མ་མཁན་ཁྱོད་ཀྱང་། །རང་གི་སྤྲུལ་པའི་སྣང་བ་ལ། ཞེན་པས་འཆིངས་པ་མ་ཐང་ན། །མཁས་པ་རྒྱལ་སྲས་མཆོག་རྣམས་ཀྱིས། །བཞེད་པའི་གནས་སུ་མ་གྱུར་རམ། ཀུན་གཞི་ཁྱེད་ལུང་མ་བསྟན་ཅིང་། །རྟོག་པའི་བག་ཆགས་དུ་མས་ཀྱང་། མ་གང་ནམ་མཁའི་དབྱིངས་ལྟ་བུ། །རྟོགས་པའི་བརླབས་ཀྱིས་ཀུན་བསྐྱེད་ནས། །འཕེལ་འགྲིབ་མེད་པ་རྒྱ་མཚོ་བཞིན། །བདེ་སྡུག་ཡུལ་རྣམས་ལྷུན་ཐུག་ཀྱང་། །སྲེད་པའི་མདུན་པ་ཉུང་བ་བཞིན། །བླང་དོར་རྟོག་པ་མེ་ལྕེ་འདྲ། །གཡོས་ཤིང་ཟད་མེད་ཡང་ཡང་ལྡན། །རྣམ་རྟོག་འདུ་བྱེད་རླུང་དང་འདྲ། །བདེན་མེད་ཡུལ་ལ་དམ་ཞེན་ནས། །གཟུང་བས་ཤིན་ཏུ་བརྟན་གྱུར་པ། །ཕུང་སོགས་བསྟེན་པ་ས་གཞི་བཞིན། །རང་གིས་རང་ལ་གནོད་བྱེད་པ། །རྣམ་རྟོག་ཁྱོད་ནི་སྨྱོན་པ་བཞིན། །རང་ལ་ཞེན་པས་མི་འགྲོ་བ། །ཁྱོད་ནི་སྲིན་གྱི་ཁ་ཆུ་བཞིན། །རང་ལ་བལྟས་ན་བདེན་མེད་པས། ཁྱོད་ནི་དྲི་ཟའི་གྲོང་ཁྱེར་བཞིན། །བརྟགས་ཤིང་བརྟགས་ཤིང་སྟོང་པས་ན། །ཁྱོད་ནི་ཆུའི་ཆུ་བུར་བཞིན། །ཕྱེ་ན་སྙིང་པོ་མེད་པས་ན། །ཁྱོད་ནི་ཆུའི་སྙིང་པོ་བཞིན། །གསལ་ཀྱང་གཟུང་དུ་མེད་པས་ན། །རྟོག་པ་ཁྱོད་ནི་ཆུ་ཟླ་འདྲ། །སྐད་ཅིག་མི་རྟག་ཟིལ་པ་བཞིན། །གཡོ་ཡང་བཟུང་མེད་སྨིག་སྒྱུ་འདྲ། །ལེགས་ཀྱང་སླུ་བས་འཇའ་ཚོན་བཞིན། །རྐྱེན་ལས་བྱུང་བས་བྲག་ཆ་འདྲ། །གསོབ་དུ་འདུག་པ་གཟུགས་སྙན་བཞིན། །ཕུགས་ན་སྤྲུལ་པ་ལྟར་སྣང་སྟེ། །ཡ་མཚན་ཅན་གྱི་རྣམ་རྟོག་ཁྱོད། །མ་འགྱུ་སྔར་གྱི་དེ་ཀས་ཆོག །འགྱུ་ཡང་རང་ངོ་དྲན་པས་བཟུང་། །བདེན་རྟོག་ཞེན་པ་ཁྱོད་མ་བྱེད། །བདེན་མེད་དུ་ཡང་ལོག་མ་རྟོག །གཉིས་འཛིན་མ་བྱེད་ཁྱོད་ལ་གནོད། །གཉིས་ཀ་མ་བཏང་ཁྱོད་རང་ཡིན། །རྒྱལ་སྲས་བླ་མ་ཁྱོད་རྟོག་རྣམས། །ངོ་མཚར་ཆེ་བས་བཀའ་ལ་ཉོན། །སྐད་ཅིག་དུས་ཀྱི་རྟོག་ཡིན་ཀྱང་། །ཁྱོད་ལ་རྒྱུན་རིང་འདུས་བྱས་མེད། །སྣང་བ་ཀུན་གྱི་རྩ་བ་ཁྱོད། །སྟོང་པ་གཞན་ན་མི་གདའོ། །བདེན་ཞེན་བྱས་པས་དེ་ཀར་ཞིག །ཁྱོད་ལ་བློ་གཏད་མི་གདའོ། །ཇི་ལྟར་ནང་བཞིན་ཕྱི་ན་སྣང་། །ཁྱོད་ལ་རྟེན་ནས་འཆིང་བ་འདི། །ཁྱོད་ཤེས་གྲོལ་བར་གྱུར་པ་ཡིན། །ཁྱོད་མཐོང་བླང་དོར་རྟོག་པ་ཞིག །མཐོང་བས་སྤངས་བ་མི་ཟེར་རམ། །ད་རུང་ཉོན་མོངས་སྐྱེ་བར་སྣང་། །གོམས་ནས་འདུ་མི་བྱེད་པའི་ཚེ། །བསྒོམ་པས་སྤངས་བ་མ་ལགས་སམ། །སྤངས་ཀྱང་ཁྱོད་རང་བཅིངས་ཀྱང་ཁྱོད། །ཁྱོད་ནི་རྒྱལ་སྲས་ཀུན་གྱིས་ཀྱང་། །མ་བཏང་མ་བཟུང་ངོ་མཚར་ཆེ། །ཀྱེ་མ་རྣམ་རྟོག་བྱུང་ཚོར་རྣམས། །རང་བྱུང་རང་བཞིན་རང་དག་ཏུ། །རང་བྱུང་རྡོ་རྗེ་བྲིས་པ་ཡིན། །དོན་མེད་ཀུན་རྟོག་ཞི་བ་དང་། དོན་ཡོད་རྟོགས་པ་རྒྱས་ནས་ཀྱང་། །བླང་དོར་མེད་པར་འགྱུར་བར་ཤོག །ཅེས་བྱ་བ་འདི་རང་གི་རྣམ་རྟོག་ལ་རྒོད་བྲོ་ནས་བདེ་ཆེན་སྟེང་དུ་བྲིས་པའོ།། །། ༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །བླ་མ་རྗེ་ཡིས་བྱིན་གྱི་རློབས། །གསོན་དང་ཆོས་མཛད་བསྒོམ་ཆེན་ཀུན། །བཅོམ་ལྡན་འདས་ཀྱི་མདོ་རྒྱུད་དང་། །བླ་མ་རྣམས་ཀྱིས་གསུངས་པ་ལྟར། །དེང་སང་སྙིགས་མ་ལྔ་ཡི་དུས། །སངས་རྒྱས་བསྟན་པ་མར་འགྲིབ་འདིར། ཆོས་མཛད་རྣམས་ཀྱང་ཕྲག་དོག་ཆེ། །ཐོས་པ་ལྡན་པའི་དགེ་བཤེས་དཀོན། །བསྒྲུབ་བློ་ཡོད་པའི་སྐྱེས་བུ་ཉུང་། །རི་ཁྲོད་དབེན་པར་གནས་འདོད་རྣམས། །དུས་འདིར་གཡེང་བའི་སད་ཀྱིས་ཁྱེར། །མ་རུངས་སྙིགས་མའི་དུས་འདི་རུ། །མཐར་ཐུག་མ་ནོར་སྙིང་པོའི་དོན། །ཉམས་སུ་ལེན་ན་འདི་བཞིན་ལོང་། །འཇིག་རྟེན་མངོན་ཞེན་དམ་པོ་འདི། །འཁོར་བའི་རྩ་བ་ཡིན་པའི་ཕྱིར། །མ་ཆགས་ཞེན་པ་མེད་པར་མཛོད། །རྒྱུན་དུ་རི་ཁྲོད་དགོན་པ་བརྟེན། །ཚེ་འདིའི་འཇིག་རྟེན་སྣང་བ་ཀུན། །བདེན་པ་མེད་པས་དུས་ཀུན་དུ། །རྟག་ཏུ་བདེ་ཆེན་ཐོབ་འདོད་ན། །ཆོས་ཀྱི་སྡུག་བསྔལ་དང་དུ་ལོང་། །ད་ལྟའི་ལས་ལ་ཟིན་པ་མེད། །དེ་ཕྱིར་རིགས་པས་དམ་ཆོས་མཛོད། གསོན་དང་སྐྱེས་བུ་ཆོས་མཛད་རྣམས། །འདིའི་སྙན་གྲགས་བསོད་ནམས་དག །འཆི་བའི་ཚེ་ན་རྨི་ལམ་འདྲ། །གཡོག་འཁོར་ཉེ་བཞི་རྩ་ལག་རྣམས། །བཞག་ནས་འགྲོ་བ་ཆ་མེད་དམ། མཐོ་བཙན་ཉམས་དགའི་མཁར་བརྩིགས་ཀྱང་། །འཆི་བའི་ཚེ་ན་འཁྲི་ས་མེད། །འདུས་བྱས་མཚན་མའི་ལག་རྗེས་ཀུན། །བཟང་ཡང་རྗེས་སུ་ཡོང་བ་མེད། །དེ་བས་བླ་མའི་གདམས་ངག་ལྟར། །རྒྱུན་དུ་བདེན་མེད་ལྟ་བ་བསྒོམ། །འཛིན་པ་མེད་པའི་དོན་ལ་ཞོག །མི་རྟག་རྗེས་སུ་དྲན་བྱས་ན། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །མངོན་ཞེན་འཛིན་པ་ཞིག་པའི་ཚེ། །ང་དང་བདག་ཏུ་འཛིན་པ་རྣམས། །མ་ལུས་བདེ་བ་ཆེན་པོའི་ངང་། །ཉིད་དུ་ཤེས་པར་གྱུར་བའི་ཚེ། །རྩོལ་བའི་གནད་དང་བྲལ་བ་ལགས། །དེ་དག་ཀུན་གྱི་མཐར་ཐུག་ནི། །གཟུང་འཛིན་བདག་འཛིན་སྤངས་བ་དང་། །རྒྱལ་བའི་གསུང་ལྟར་ཉམས་སུ་ལོང་། དོན་མཐར་ཐུག་བསྡུས་ན་དེ་ལས་མེད། །དེ་ཕྱིར་འདི་ནི་ཉམས་སུ་ལོང་། ༈ ན་མོ་གུ་རུ། །ནམ་མཁའ་ལྟ་བུའི་བདེ་གཤེགས་ལ། འཇའ་ཚོན་ལྟ་བུའི་རྟོག་པ་ཡིས། །སྒྱུ་མ་ལྟ་བུའི་རབ་སྣང་པས། །བྲག་ཆ་ལྟ་བུར་ཕྱག་འཚལ་ལོ། །ཨེ་མ་ཕྱོགས་བཅུའི་ཆོས་མཛད་རྣམས། །རྒྱལ་བའི་བསྟན་པའི་སྙིགས་མ་ལ། །བཅིངས་པ་མེད་པའི་རྟོག་པ་འདི། །གྲོལ་བར་འདོད་ན་ཚིག་འདི་གསོན། །སྣང་བའི་ཡུལ་གྱི་སླུ་སླུ་འདྲ། །བློ་གཏད་བྱས་ན་བདེན་པ་མེད། །དེས་ན་གཟུང་བའི་རྣམ་པ་འདི། སྐྱེ་འགག་མེད་པར་གོ་བ་ལོང་། །དེར་འཛིན་ཤེས་པས་སླུ་སླུ་འདྲ། །རྟག་པར་བལྟས་ཀྱང་ངོ་བོ་སྟོང་། །དེས་ན་ནང་གི་འགྱུ་བ་འདི། །རྩོད་བྲལ་ཡིན་པར་གོ་བ་ལོང་། །ཕྱི་རོལ་བླ་མས་སླུ་སླུ་འདྲ། །མངོན་པར་ཞེན་ཀྱང་འཆིང་བའི་རྒྱུ། །དེས་ན་རང་རིག་འགག་མེད་འདི། །བླ་མ་ཡིན་པར་གོ་བ་ལོང་། །འདུས་བྱས་ཆོས་ཀྱི་སླུ་སླུ་འདྲ། །རྩོལ་བསྒྲུབ་བྱས་ཀྱང་བདེན་པ་མེད། །དེས་ན་ཟག་མེད་དེ་ཉིད་དོན། །ཆིག་ཆོད་ཡིན་པར་གོ་བ་ལོང་། །གོ་ཡུལ་ཤེས་པས་སླུ་སླུ་འདྲ། །ཇི་ལྟར་གསལ་ཡང་རྟོག་པ་ཡིན། །དེས་ན་ཉམས་སུ་མྱོང་བ་ཡིན། །རླན་དང་འབྲེལ་བར་གོ་བ་ལོང་། །ཉམས་སུ་མྱོང་བས་སླུ་སླུ་འདྲ། །བཟང་ཡང་ཟག་པར་བཅས་པ་ཡིན། །དེས་ན་འཁོར་བའི་གཉེན་པོ་དེ། །ཤེས་རབ་ཡིན་པར་གོ་བ་ལོང་། །སྤང་བླང་རྟོག་པས་སླུ་སླུ་འདྲ། །ཐ་སྙད་འཛིན་པས་འཁྲུལ་པ་ཡིན། །དེས་ན་རང་སེམས་ལྷན་ཅིག་སྐྱེས། །སངས་རྒྱས་ཡིན་པར་གོ་བ་ལོང་། །འདྲ་ལྟར་བརྗོད་པས་སླུ་སླུ་འདྲ། །བདེན་ནོ་སྙམ་ཡང་བྲག་ཆ་ཡིན། །དེས་ན་ནང་དུ་སྦྱོར་ཤེས་པར། །ཐག་ཆོད་གཅིག་ཏུ་གོ་བ་ལོང་། །དེ་ལྟར་ངག་ཏུ་བརྗོད་པ་འདི། །རི་ཁྲོད་དགོན་པ་དབེན་པ་རུ། །རང་བྱུང་རྡོ་རྗེ་སྨྲས་པ་ལགས། །འགལ་བར་གདའ་ན་བཟོད་པར་གསོལ། ཞེས་པ་འདི་བདེ་ཆེན་དུ་གསུངས་སོ། །ཱ། ༈ སེམས་རྣམ་རྟོག་ཁྱེད་ལ་མཚར་ཅིག་ཡོད། །ཕྱི་རོལ་གྱི་ཅོང་རོང་ཅུང་ཟད་ལ། རེས་འགའ་སྐྲག་ཅིང་ཞུམ་པར་འགྱུར། །ངན་སོང་གི་ཅོང་རོང་ཟབ་མོ་ལ། །ལྟུང་དོགས་ཀྱི་གོ་ཟོན་མི་བྱེད་པར། །རྒྱུ་མི་དགེ་སྤྱོད་པ་ཁྱོད་རེ་འཁྲུལ། །རེས་འགའ་ཡུལ་མེད་ཅུང་ཟད་ལ། །སེམས་རྣམ་རྟོག་སྤྱོད་པས་རྗེས་སུ་འབྲེངས། །ཁྱོད་དེ་ཙམ་བདེ་ལ་སྲེད་པ་ན། །ཟག་མེད་དོན་གྱི་བདེ་བ་ལ། །བསྒྲུབ་པར་མི་བྱེད་ཕྱིར་ཕྱོགས་ནས། །འཁོར་བར་འཇུག་པ་ཁྱོད་རེ་མཚར། །རྣམ་རྟོག་གཉིས་སུ་སྣང་བ་འདི། །བདེན་པར་ཅུང་ཟད་མ་གྲུབ་ཀྱང་། །ཁྱོད་ཞེན་པས་ཡུལ་གྱིས་རྗེས་སུ་འབྲེངས། རྟག་པར་ལྷན་ཅིག་སྐྱེས་པའི་དོན། །རང་གསལ་གཅིག་ཏུ་མི་སྡོད་པར། །སེམས་ཆུང་ཁྱོད་ལ་མཚར་ཅིག་ཡོད། །དོན་དྲུག་ལྡན་པ་བྲག་ཆའི་སྒྲ། །ཟུང་སྡེབས་ཀྱི་ཚིག་རྐང་དྲུག་དྲུག་པོ། །ཚོགས་དྲུག་སྣང་བ་སྒྱུ་མ་མཁན། རྟོག་པའི་ངག་ཏུ་སྡེབས་པ་འདི། །བྲག་ཆ་ལྟ་བུར་བླངས་པ་ལགས། །འགལ་བ་གདའ་ན་བཟོད་པར་གསོལ། ཅེས་པ་འདི་རི་སྐོར་ལ་བྱོན་པའི་དུས་སུ་གཡའ་ཤལ་དང་བྲག་རོང་ལ་འཁོར་རྣམས་སྐྲག་ཟེར་བའི་དུས་རིན་པོ་ཆེ་རང་བྱུང་རྡོ་རྗེས་གསུངས་སོ། །ཱ། ༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བདག་གི་གདམས་པ་འདི། རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམས། །ཉིན་མཚན་ཀུན་ཏུ་གསོལ་བ་ཐོབ། །རང་རྒྱུད་གྲོལ་བ་དངོས་གྲུབ་འབྱུང་། །རྒྱུ་འབྲས་རྣམས་ལ་ངེས་ཤེས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས། །རང་དབང་མེད་པའི་རྟོགས་པ་སྐྱེ། །བྱ་ཆའི་ཆོས་ལ་བརྩོན་པ་གྱིས། །དམ་པའི་ཆོས་ལ་ཡིད་ཆེས་བསྐྱེད། གཟུང་འཛིན་སྤོངས་ལ་རི་ཁྲོད་འགྲིམས། །གདམས་པ་རྣམས་ལ་ཡིད་ཆེས་མཛོད། །དཀའ་ཐུབ་ཉིད་ལ་རྟག་ཏུ་འབད། །གཏུམ་མོའི་གདམ་ངག་བསྒོམས་པར་མཛོད། །དེ་ལྟར་ཀུན་གྱིས་གོ་བར་ཉམས་སུ་ལོང་། །ཤུབྷཾ།། ༈ ན་མོ་གུ་རུ། དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རྒྱལ་བའི་བསྟན་པ་དང་འཇལ་བ། །འདི་འདྲ་བརྙེད་པར་དཀའ་བ་ཡིན། །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །ཐེག་ཆེན་བླ་མ་མཆོག་དང་འཇལ། །མཉེས་བཞིན་གདམ་ངག་གང་འདོད་གནང་། །རྩེ་བས་ཐུགས་ལ་འདོག་པའི་ཚེ། །མོས་གུས་གདུང་བ་ཚུལ་བཞིན་གྱིས། །འཁོར་བའི་འདམ་རྫབ་དབུས་ནས་ཀྱང་། །ཐར་པའི་སྐམ་སར་འགྲོ་བ་ལ། །འཇིག་རྟེན་སྲེད་པ་བཏང་ནས་ནི། །ཚུལ་ཁྲིམས་གཙང་མ་བསྲུང་ལ་འབད། །འཇིག་རྟེན་འདི་ལ་སྙིང་པོ་མེད། །ངན་འགྲོའི་སྡུག་བསྔལ་འཇིགས་པ་ཆེ། འདི་ལ་ཐར་པ་འདོད་པ་ན། །བསམ་གཏན་བསྒོམ་ལ་འབད་པ་ཐོན། །ཆོས་ཀུན་རང་གི་སེམས་ཉིད་ཡིན། །ཐམས་ཅད་རྨི་ལམ་སྒྱུ་མ་འདྲ། །བདེན་མེད་གཅིག་ཏུ་སྦྱངས་ལགས་ན། །མྱུར་དུ་ལྟ་བའི་དོན་རྟོགས་འགྱུར། འདི་ནི་ཉམས་ལེན་རྩ་བ་ཡིན། །དེ་ཕྱིར་རི་ཁྲོད་དབེན་པ་རྟེན། །ཅི་ཡོད་བསོད་ནམས་ཚོགས་སུ་ཐོང་། །མི་རྟག་བདེན་མེད་རྒྱུན་དུ་བསྒོམ། །འདི་ནི་རང་བྱུང་རྡོ་རྗེ་ཡིས། །གདམས་པ་བསྐུལ་འདེབས་བྲིས་པ་ཡིན། །རྗེས་སུ་འདུག་པར་འདོད་པ་རྣམས། །ཚུལ་བཞིན་ཉམས་སུ་ལེན་པར་ཞུ། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཱ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་བརྙེད་པར་དཀའ་བ་ཐོབ་དུས་འདིར། །རྒྱལ་བའི་བསྟན་པ་སྐྱོན་མེད་དང་འཇལ་ཚེ། །ཚེ་ཅིག་དམ་ཆོས་བསྒྲུབ་པ་བརྩོན་པར་བྱ། །ཡོན་ཏན་ཀུན་གྱི་རྩ་བ་བླ་མ་དང་། །ལུས་ངག་ལོངས་སྤྱོད་དག་པས་ཞབས་ཐོག་བྱ། །མ་ཡེངས་གུས་པས་རྒྱུན་དུ་གསོལ་བ་གདབ། །ལོངས་སྤྱོད་སྙིང་པོ་མེད་པས་སྙིང་པོ་བླང་། །ལན་ལ་རེ་བ་མེད་པས་སྦྱིན་པ་བཏང་། །མཐོ་རིས་ཐེམས་སྐས་ཏིང་འཛིན་རྒྱུ་ཡིན་ཕྱིར། །ཉེས་སྤྱོད་གོས་པ་མེད་པའི་ཚུལ་ཁྲིམས་བསྲུངས། །ཡོན་ཏན་བསྒྲུབ་ལ་བཟོད་པའི་གོ་ཆ་གྱོན། །མྱུར་དུ་བརྩོན་འགྲུས་སྐྱོ་དུབ་མེད་པ་བརྩམ། །བསམ་གཏན་ཡོན་ཏན་མྱུར་དུ་འཐོབ་བྱའི་ཕྱིར། །བླ་མའི་གདམས་པ་རྩེ་ཅིག་རྒྱུན་དུ་བསྒོམ། །ཤེས་རབ་ཀུན་གྱི་མཆོག་གྱུར་ཡིན་པའི་ཕྱིར། །ཆོས་ཀུན་སྟོང་ཉིད་ཞི་བའི་དོན་ལ་བལྟ། །སྲིད་དང་ཞི་བའི་མཐའ་གཉིས་དགག་བྱའི་ཕྱིར། །སྟོང་དང་སྙིང་རྗེ་ཟུང་འཇུག་རྟག་ཏུ་བསྒོམ། །འཁོར་བའི་རྩ་བ་བདག་འཛིན་ཡིན་པའི་ཕྱིར། །རྒྱུན་དུ་བདག་མེད་སྙིང་པོའི་དོན་ལ་བལྟ། །ཐབས་ལ་མཁས་པའི་ཁྱད་པར་ཡིན་པའི་ཕྱིར། །བསྔོ་བ་སྨོན་ལམ་སྟོབས་ཀྱིས་ཟིན་པར་བྱ། །ནམ་མཁའི་མཐར་གཏུགས་སེམས་ཅན་ཐམས་ཅད་ཀྱི། དོན་དུ་རྒྱལ་བའི་དགོངས་པ་ཅི་བཞིན་བྱ། །དེ་ལྟར་མ་ཡེངས་ཉམས་སུ་བླང་བྱས་ན། །མྱུར་དུ་རང་གཞན་དོན་གཉིས་འགྲུབ་པར་འགྱུར། །འདི་ནི་གུས་ལྡན་སློབ་མ་ལ་ཕན་ཕྱིར། །རང་བྱུང་རྡོ་རྗེས་བདེ་ཆེན་སྟེང་དུ་བྱས། འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག ༈ ཐོག་མེད་དུས་ཀྱི་བག་ཆགས་འདིས། །ཏིང་འཛིན་སྟོབས་ཀྱིས་མ་སྦྱངས་ན། །རྣམ་རྟོག་ཡུལ་དང་འབྲེལ་གྱུར་པས། ཞེན་པ་ཐོངས་པ་དཀའ་བར་མཆི། །དྲུག་པ་ཡིད་ཀྱི་ཤེས་པ་འདིས། །སྐད་ཅིག་གཅིག་ཏུ་མ་རྟོགས་ན། །ཡིད་ཤེས་རྩ་བ་མ་ཆོད་པས། །གནས་ལུགས་རྟོགས་པ་དཀའ་བར་མཆི། །སེམས་དང་སེམས་འབྱུང་ཐམས་ཅད་ཀྱི། རང་རིག་གསལ་ལ་མི་རྟོག་གང་། མཚུངས་ལྡན་ཡིད་དུ་གོ་གྱུར་ན། །གྲུབ་མཐའ་ངན་པས་འཆིང་བར་མཆི། ང་ཞེས་ཀུན་ཏུ་རྟོག་པའི་ཡིད། །སེམས་དང་འབྲེལ་བའི་ཉོན་མོངས་ཅན། །བདག་མེད་དོན་གྱིས་མ་བཅོས་པ། །བདག་རྟོག་ཆོམས་པར་དཀར་བར་མཆི། །འདི་ལྟར་རྟོགས་ན་མཁས་པ་ལགས། །ཉམས་སུ་ལེན་པ་བསྒོམ་ཆེན་ལགས། །དོན་མེད་ཁ་ལ་འཁྱེར་བྱེད་པ། །སངས་རྒྱས་ཐོབ་པ་དཀའ་བར་མཆི། །གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་། །གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། །དམ་ཚིག་དེ་དོན་མ་རྟོགས་མ་རིག་འདུ་བྱེད་ཀྱི། །བླང་དོར་བྱས་པས་འཁྲུལ་པའི་འཁོར་བ་སྟེ། བླང་དོར་མེད་ཅིང་རང་སར་གྲོལ་བ་ན། །མྱུར་དུ་སེམས་ཀྱི་ཡེ་ཤེས་རྟོགས་པར་འགྱུར། །དེས་ན་རྒྱུན་དུ་བླ་མ་དམ་པ་ལ། །མོས་གུས་ལྡན་པས་གསོལ་གདབ་མན་ངག་ཞུ། །དམ་ཚིག་སྡོམ་ལྡན་རྟག་ཏུ་བརྩོན་འགྲུས་བྱ། བསྐྱེད་རྫོགས་དབྱེར་མེད་གཅིག་ཏུ་ཉམས་སུ་བླང་། །རྩ་རླུང་བྱང་ཆུབ་སེམས་རྣམས་གཅིག་ཏུ་སྣུན། །བདེ་གསལ་མི་རྟོག་ཉམས་ལ་ཞེན་པ་སྤང་། །རྣམ་རྟོག་རྩལ་སྦྱང་མི་རྟོག་ཏིང་འཛིན་བསྒོམ། །མཐར་ཐུག་སྤྲོས་བྲལ་རང་གྲོལ་རྒྱ་ཡིས་གདབ། །ལུས་ངག་ཡིད་ཀྱི་དགེ་བ་དཔག་མེད་སྦྱང་། །གཞན་གྱི་དོན་དུ་བསྔོ་བ་སྨོན་ལམ་བྱ། །ཉམས་ལེན་གནད་ཀུན་བསྡུས་པ་དེ་ཉིད་ཡིན། །དེ་ལྟར་ཉམས་ལེན་ཀུན་གྱིས་བརྩོན་པར་མཛོད།། །། ༈ བླ་མ་དམ་པ་འགྲོ་བའི་མགོན། །ཐུགས་རྗེའི་འཕྲིན་ལས་དཔག་མེད་ཀྱི། །སྐལ་ལྡན་བློའི་མུན་པ་སེལ། །འགྲོ་བའི་དཔལ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །ཤུན་པ་དང་བཅས་འོད་དང་མདོག །མི་སྣང་བྱི་དོར་བྱས་པའི་ཚེ། །རང་གི་ཡོན་ཏན་སྣང་བར་བྱེད། །སེམས་ཉིད་ནོར་བུ་རིན་ཆེན་ལ། །གཟུང་འཛིན་ཤུན་བཅས་སངས་རྒྱས་གྱི། །ཡོན་ཏན་མི་སྣང་དེ་སྦྱངས་ལ། །རྒྱལ་བའི་ཡོན་ཏན་རྫོགས་པར་འཆར། །ཕྱི་རོལ་ནམ་མཁའ་སྟོང་པ་ལ། །སྤྲིན་དང་ན་བུན་རང་བཞིན་འབྱུང་། །རླུང་གི་རྐྱེན་གྱིས་དག་བྱས་ཏེ། །འགག་པ་མེད་པར་རང་སར་དེངས། །ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །རྟོག་པའི་འདུ་བྱེད་རང་བཞིན་བྱུང་། །ཤེས་རབ་རྟོགས་པས་དེ་སྦྱངས་པས། །གཉིས་སྣང་འགག་མེད་ངང་དུ་དག །ཉི་མའི་དཀྱིལ་འཁོར་རྟོག་མེད་པར། །དཀྱིལ་འཁོར་ཀུན་ཏུ་སྤྲོས་ནས་ཀྱང་། །མུན་སེལ་པ་ཡི་སྟེང་དུ་བབ། །འོན་ཀྱང་ས་དང་འདྲེས་པ་མེད། །རྒྱལ་བའི་འཕྲིན་ལས་རྟོག་མེད་པ། །ནམ་མཁའ་ཁྱབ་པར་སྤྲོས་ནས་ཀྱང་། །འགྲོ་བློའི་མུན་སེལ་སེམས་ཅན་སྨིན། །སེམས་ཅན་འཁྲུལ་དང་བསྲེས་པ་མེད། །ཇི་ལྟར་ཤིང་གཉིས་དྲུད་པའི་མེ། འབར་བས་གཉིས་ག་བསྲེགས་ནས་ཀྱང་། །བསྲེག་བྱ་སྲེག་བྱེད་གཉིས་མེད་པར། །ནམ་མཁའི་ངང་དུ་ཐིམ་པ་ལྟར། །སྤང་བྱའི་ཉོན་མོངས་རྟོག་པ་ཡང་། །གཉེན་པོའི་ཤེས་པས་དྲུད་པ་ལས། །གཉིས་ཀའི་མཚན་མ་དག་ནས་ཀྱང་། །སྤྲོས་བྲལ་ཤེས་རབ་ངང་དུ་ཐིམ། ཇི་ལྟར་ས་བོན་མྱུ་གུ་ལ། །འབྲས་བུ་སྨིན་པ་མ་དམིགས་ཀྱང་། །ཆུ་ལུད་རྒྱུ་རྐྱེན་འཛོམ་པ་ཡིས། །ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང་། །ཐ་མལ་ཤེས་པའི་རང་ངོ་ལ། །ད་ལྟར་ཡེ་ཤེས་མ་དམིགས་ཀྱང་། སྤྲོས་བྲལ་ཤེས་རབ་ངང་དུ་ཐིམ། །ཚོགས་གཉིས་བསགས་པའི་རྒྱུ་རྐྱེན་གྱིས། སྐུ་གསུམ་འབྲས་བུ་ཕུན་ཚོགས་ཐོབ། །དེ་ལྟར་དཔེ་དོན་རྣམ་པ་བཅུ། །འགག་མེད་ཚིག་ཏུ་བརྗོད་པ་ཡིས། །འགལ་བ་འདུག་ན་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཤོ་ལོ་ཀ་བཅུ་གཉིས་པ་དགེ་བཤེས་བསམ་གཏན་པ་རྣམས་ལ་རྫོགས་ཆེན་བཤད་དུས་བླངས་པའོ།། །། ༈ བླ་མ་དང་དཔལ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །བླ་མ་སངས་རྒྱས་དང་མཇལ་ནས་ཀྱང་། །རྩེ་ཅིག་ཉམས་ལེན་བྱེད་པ་ལ། །ལེ་ལོ་གཡེང་བ་འདི་བདུད་དུ་ཆེ། །རྒྱལ་བའི་གསུང་རབས་རབ་འབྱམས་དང་། །མཇལ་ནས་བརྩོན་པར་བྱེད་པའི་ཚེ། །ཉན་བསམ་རྒྱུད་ལ་སྦྱོང་བའི་དུས། །ཆོག་ཤེས་ཕྱོགས་རིས་འདི་བདུད་དུ་ཆེ། །དབེན་པས་སངས་རྒྱས་ཐོབ་པ་ལ། །རི་ཁྲོད་བས་མཐའ་བརྟེན་པའི་ཚེ། བརྩོན་འགྲུས་རྩོམ་པར་བྱེད་པ་ལ། །འདུ་འཛི་གཡེང་བ་འདི་བདུད་དུ་ཆེ། །འཁོར་བ་སྒྱུ་མ་འདྲ་བ་ལ། །བདེན་པ་མེད་པར་སྦྱོང་བའི་དུས། །ཞེན་པ་མེད་པར་བཏང་རྒྱུ་ལ། །གྲོགས་མངོན་ཞེན་ཅན་དེ་བདུད་དུ་ཆེ། །བསྟན་པའི་བྱ་བ་འཁོར་བ་སྤོངས། །ཆེ་ཐབས་ལོ་འདོད་བསྐྱུར་བ་ལ། །འབད་པས་རང་སེམས་སྦྱོང་བའི་ཚེ། །རང་འདོད་ཆེ་བ་བདུད་དུ་ཆེ། །ནང་དུ་ཡང་དག་འཇོག་པ་ཡི། །ཏིང་ངེ་འཛིན་ལ་མཚོན་དུས་ན། །རྣམ་རྟོག་དུ་མ་སྤྲོ་སྤྲོ་ནས། །སེམས་མི་གནས་པ་དེ་བདུད་དུ་ཆེ། །རྗེས་ཐོབ་ཡེ་ཤེས་སྦྱོང་བ་ལ། །རྒྱུ་འབྲས་རྟོགས་པར་བྱེད་པའི་ཚེ། །བློའི་གསལ་སྣང་མི་སྐྱེ་བར། །ནང་དུ་འཁྱིལ་པ་བདུད་དུ་ཆེ། །ལར་འདུས་བྱས་ཆོས་ལ་བདེན་པ་མེད། འདུས་མ་བྱས་ལ་རྟོག་པ་བྲལ། །གཉིས་མེད་དོན་ཅིག་མ་རྟོགས་ན། །བྱས་ཚད་འཁོར་བའི་རྒྱུ་འབྲས་ཡིན། །བློ་ཞེན་པ་ཐོང་ཅིག་རྣལ་འབྱོར་པ། །གཟུང་འཛིན་མ་བྱེད་རང་སར་ཞོག །ཀྱེ་མ་འཁྲུལ་པའི་རྣམ་རྟོག་འདི། །ཡེ་ཤེས་ཉིད་དུ་གྲོལ་བར་ཤོག ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། །རང་རྒྱུད་གྲོལ་བར་མཛད་དུ་གསོལ། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རྣམ་པར་རྟོག་པ་འཕྲོ་འདུ་མང་། །རང་རིག་གསལ་བ་ཡུལ་ལ་ཤོར། །དེར་འཛིན་ཤེས་པ་སླུ་བྲིད་མཁས། །ཉོན་མོངས་ཇག་པ་དགྲ་ཐབས་མཁས། །འདོད་ཡོན་རོ་འདི་མྱངས་ཤིང་སྲེད། །གཉིས་འཛིན་རྟོག་པ་འབྲེལ་བ་ཆེ། །བསམ་གཏན་མཐུ་འདི་ཤིན་ཏུ་ཆུང་། ཅུང་ཟད་ཡོད་ཀྱང་འཁོར་བའི་ཁྲོད། །སྣང་མེད་བསམ་གཏན་འཇིག་པའི་རྒྱུ། །མཐར་འཛིན་བདུད་འདི་ནུས་པ་ཆེ། །ང་བདག་འགོང་པོ་ཕུགས་ན་དམ། །བདེན་མེད་འདོད་པ་བདེན་པར་ཆེ། །བླ་མ་སངས་རྒྱས་ཐམས་ཅད་ཀྱང་། །ཐུགས་རྗེའི་རྩལ་ཁ་ཆུང་བ་འདྲ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས། །མི་བཞུགས་ཞིང་ཁམས་དག་པར་གཤེགས། །མ་དག་འགྲོ་བས་ས་སྟེང་གང་། །རྒྱལ་བའི་བསྟན་པ་གདུགས་ལ་ཉེ། །ཀྱེ་མ་དུས་ངན་སྙིགས་མའི་དུས། །འདི་དུས་བརྩོན་འགྲུས་བྱེད་རེ་རན། །རྗེས་འཇུག་བསམ་གཏན་བྱེད་པ་རྣམས། །ཉིན་མཚན་མེད་པར་མཉམ་པར་ཞོག །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །རྟག་ཏུ་སྲོག་རྩོལ་རླུང་ལ་འབད། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། བླང་དོར་བཤིག་ལ་མཉམ་པར་ཞོག །འདོད་ཡོན་སྤོངས་ལ་ཉམས་སུ་ལོང་། ཞེས་ཆོས་རྗེ་རིན་པོ་ཆེས་གསུངས།། །། ༈ །བླ་མ་དམ་པ་མཆོག་ལ་ཕྱག་འཚལ་ལོ། །སེམས་ཀྱི་ཀུན་རྟོག་བཅས་པའི་འཁོར་བའི་རྒྱུ། །བག་ཆགས་བསྟན་པའི་གཞི་ནི་རྒྱ་མཚོ་འདྲ། །གཡོ་བ་འདུ་བྱེད་རྐྱེན་ནི་རླུང་དང་མཚུངས། །ཡུལ་ལ་མཚན་འཛིན་འདུ་བྱེད་ཆུ་ཟླ་བཞིན། །ཚོགས་དྲུག་འཚམས་སྦྱོར་ལྡན་པ་སྒྱུ་མ་བཞིན། །ཚོར་བ་རྣམ་གསུམ་ཤིང་ལ་མེ་འབར་མཚུངས། །སྲེད་པའི་རྣམ་རྟོག་ཚ་ཆུ་འཐུང་བ་ལྟར། །རྒྱུ་དང་རྐྱེན་དེས་འཁོར་བར་འགྲུབ་པ་ཡིན། །དེ་དོན་ཤེས་ནས་ཞི་ལྷག་རྩལ་སྦྱངས་ནས། །རྒྱལ་སྲས་རྣམས་ཀྱི་གདམ་ངག་ཐོབ་པ་ཡིན།། །། ༈ ཨོཾ་སྭ་སྟི་མཾགྷ་ལཾ་བྷ་ཝནྟུ། །དཀར་ཕྱོགས་མཁའ་ལ་དཀར་ཟླུམ་ནི། །དཀར་པོའི་ཟེར་འཕྲོ་དཀར་པོའི་གཉེན། །ཉིན་མོར་བྱེད་པའི་རྗེས་མཐུན་པ། །ཐུབ་པ་རྣམས་ཀྱིས་བསྔགས་པ་ཡིན། །གཟུང་འཛིན་རྡོ་རྗེའི་རི་བོ་ལ། །ཐོས་བསམ་ཚིག་གི་བཟོང་བཙུག་ཤིང་། །རིགས་པའི་ཐོ་བས་བརྡུངས་གྱུར་ཀྱང་། །འཛུག་པ་ཉིན་མོའི་སྐར་མ་ཙམ། །ཏིང་འཛིན་རྟགས་ཀྱི་འཁྲུལ་འཁོར་ཀྱིས། །རྣམ་རྟོག་དམིགས་པའི་རྡོ་བླངས་ཏེ། །རྒྱབ་ཀྱང་མ་ཕེད་ཚུར་ལ་གས། །ཕྱག་རྒྱ་ཆེ་དང་དབུ་མ་ཆེ། །ནམ་མཁའི་རླུང་ནི་འར་འུར་གྱིས། །ཕོག་ཀྱང་འཇིག་པ་དཀའ་བར་གདའ། །རྫོགས་ཆེན་སེམས་ཀློང་མན་ངག་གི །མེ་ལྕེ་འར་འུར་གྱིས་བསྲེགས་ཀྱང་། །གཟུང་འཛིན་འ ཚིག་པར་མི་གདའ་ན། ངར་འཛིན་རྡོ་རྗེ་ཕ་ལམ་འདི། །སྔར་ཡང་སྐལ་པ་བགྲངས་པ་ཡིན། །ད་ཡང་སྐལ་པ་དུ་འགྲོ་ལྟ། །རང་རིག་གཟུང་འཛིན་བྱེད་པ་ཡིན། དགྲ་བོ་ནང་ནས་མ་ཕྱུང་ན། །མཚན་དང་དཔེ་བྱད་འོད་འབར་བའི། །སངས་རྒྱས་སྟོང་གི་དམག་དྲངས་ཀྱང་། །ང་ལ་གནོད་པ་རྡུལ་ཙམ་མེད། །མ་རིག་གོས་འདི་མ་ཕུད་ན། །ཆོས་ཆར་སྐལ་པ་བརྒྱ་ཕབ་ཀྱང་། །བངས་ཀྱི་མི་དགོས་ཨེ་མ་ཧོ། །གཟུང་འཛིན་རྡོ་རྗེའི་ཆོས་དབྱངས་འདི། །ཉམས་དགའ་ལ་རེ་ནས་བླངས་པ་ལགས།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རང་སེམས་རྟོགས་པར་བྱིན་གྱིས་བརློབས། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། །རང་སེམས་སྤྲོས་དང་བྲལ་བ་ལ། །གཉིས་སྣང་གི་ཤེས་པས་མ་སླད་པར། །རང་གྲོལ་ལྷན་ཅིག་སྐྱེས་པ་འདི། །མཐའ་བྲལ་གྱི་ལྟ་བ་ཟེར་བ་ཡིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །མ་ཡེངས་རྒྱུན་གྱི་དྲན་པ་ཅན། །དམིགས་པའི་མཚན་མས་མ་བཅིངས་པ། །རང་གྲོལ་བསྒོམ་པའི་གནས་ལུགས་ལགས། །རང་གཞན་ཀུན་གྱིས་དོན་གྲུབ་ཅིང་། །མཐའ་གཉིས་ཕྱོགས་སུ་མི་ལྷུང་པར། །བཅོས་པའི་སྤྱོད་པ་མ་སླད་པ། །ཤུགས་འབྱུང་སྤྱོད་པའི་གནས་ལུགས་ལགས། །གཞི་དང་འབྲས་བུ་དབྱེར་མེད་ཅིང་། །མ་སྤངས་སྒྲིབ་པ་ཀུན་དང་བྲལ། །ཐོབ་རྒྱུ་མེད་པའི་ཡོན་ཏན་རྫོགས། །འབྲས་བུ་ཟུང་འཇུག་གི་ངོ་བོ་ལགས། །ལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི། སྤངས་བླང་མེད་པ་སེམས་ལ་རྫོགས། །བརྟགས་ན་རྒྱལ་བའི་དགོངས་དང་མཐུན། །འཐད་པར་གདའ་ན་ཉམས་སུ་ལོང་། ༈ རྗེ་བླ་མ་དམ་པ་བཀའ་དྲིན་ཅན། །དཔལ་རྡོ་རྗེ་འཆང་དང་ཐ་དད་མེད། །ཟབ་དོན་མངོན་དུ་སྟོན་པ་པོ། །རྗེ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མ་ནོར་ཉམས་སུ་ལེན་པ་ལ། །འདི་དོན་གནད་དུ་བསྣུན་པར་མཛོད། །ཐོག་མར་ཐེག་ཆེན་གྱི་བླ་མ་བསྟེན། །མོས་གུས་རྣམ་དག་གི་སེམས་དང་བསྲེས། །འཇིག་རྟེན་འཁྲི་བ་རྩད་ནས་ཆོད། །དབེན་གནས་རི་ཁྲོད་བས་མཐའ་བརྟེན། །རྩ་རླུང་ཐབས་ལམ་གནད་དུ་བསྣུན། །མ་ཡེངས་རྒྱུན་དུ་བསམ་གཏན་མཛོད། །དོན་དེ་ལྟར་ཉམས་སུ་ལེན་པའི་ཚེ། །ཐོག་མེད་ཀྱི་བག་ཆགས་རྨུ་རྒོད་འདི། །གཉིས་འཛིན་སྣང་བ་བྱུང་ནས་ཀྱང་། །འདོད་ཆགས་ཞེ་སྡང་ཀུན་སློང་གིས། །སྤོང་ལེན་རེ་དོགས་རྟོག་པ་འབྱུང་། །མ་རིག་བག་ཆགས་སྒྲིབ་པ་འདིས། །བྱིང་ཞིང་རྨུངས་པའི་ས་བོན་བྱེད། །བླ་མེད་ལམ་གྱི་བར་དུ་གཅོད། །གེགས་ཀྱི་འབྱུང་བའི་རྒྱུ་རུ་བཤད། །གེགས་སེལ་གནད་ཀྱི་མན་ངག་ནི། །གཉེན་པོ་ཡེ་ཤེས་ཀྱི་རྟོག་པ་འདི། །བརྩོན་འགྲུས་རྟ་ལ་ཞོན་ནས་ཀྱང་། །བསམ་ག ཏན་ཟག་མེད་ཟས་དང་བཅས། །བཟོད་པའི་སྙིང་རུས་ཀྱི་གོ་གོན་ནས། །ཤེས་རབ་རྣོན་པོའི་མཚོན་ཆ་ཡིས། །བྱིང་རྒོད་དགྲ་བོ་འདུལ་བར་ངེས། །མདོར་བསྟན་དཔེ་དང་སྦྱར་བ་ལགས། །ད་ནི་རྒྱས་བཤད་བསྟན་ལགས་ན། །སེམས་བྱིང་ན་ཡུལ་སྣང་སྟེང་དུ་སྤྲོས། ཡུལ་དེ་སྣང་སྟོང་གི་ངོ་བོ་ལྟོས། །རྨུགས་ན་རྣམ་རྟོག་ཡན་པར་ཐོང་། བཏང་ས་རུ་མ་ཡེངས་དྲན་པས་བཟུང་། །ཉམས་རྒྱལ་ན་སྣང་བ་རླུང་དང་བསྲེས། །འགྲོ་འོང་མཁའ་དང་ཅིག་ཏུ་བསྲེས། །འཐོར་ན་རྣམ་རྟོག་དྲན་པས་བཟུང་། །གང་གསལ་དེའི་སྟེང་དུ་ཞོག །ནན་ཏར་འཕྲོ་ན་འཕྲོ་སར་ཐོང་། །འགྲོ་ས་མ་རྙེད་གློད་ལ་ཞོག །རྒོད་ན་གཉེན་པོའི་ཤེས་པ་དེ། །སྡུག་ཙིར་མ་བྱེད་གློད་ལ་ཞོག །རྟོག་མེད་བཏང་སྙོམས་བསྒོམ་པའི་མཆོག །སེམས་ཀྱི་གེགས་སེལ་བསྡུས་ལགས་ན། །རྩ་སྟེང་འོག་བར་གསུམ་ཁང་པ་འདྲ། །རླུང་སྟེང་འོག་བར་གསུམ་མི་དང་མཚུངས། །ཁམས་དྭངས་སྙིག་སེམས་གསུམ་ནོར་དང་འདྲ། །དེ་གསུམ་མ་ནོར་བསྒྲིགས་པ་ཅེས། །བྱིང་བའི་གེགས་རྣམས་རླུང་གིས་གཏོར། །རླུང་སེམས་སྟེང་དུ་མདའ་ལྟར་འཕོངས། །རྒོད་པའི་བགེགས་རྣམས་འོག་ཏུ་ནོན། །ཐུར་སེལ་ས་དང་ཅིག་ཏུ་བསྲེས། །གྲང་ཞིང་འདར་ན་གཏུམ་མོ་སྤོར། །རླུང་སྣ་ནས་ཁུག་ལ་མེ་ལ་བསྣུན། །ཚ་ཞིང་བརྩེ་ན་ཆུ་དང་བསྲེས། །རླུང་ཁ་ནས་སྒྲ་བཅས་དྲག་ཏུ་བྱུང་། །རྩ་བའི་སྲོག་རླུང་རེངས་པ་གསུམ། །ལུས་ལ་རེངས་ན་ཕྱི་རུ་གཞིལ། །རྩ་ལ་རེངས་ན་གཅིག་ཏུ་དུལ། སེམས་ལ་རེངས་ན་དབུ་མའི་སྒོར། །ཉི་ཟླ་མེ་གསུམ་གཅིག་ཏུ་བསྲེས། །སེམས་དང་བདེ་སྟོང་གཅིག་ཏུ་བྱ། །སྐྱོན་ལས་གྲོལ་བར་ཐེ་ཚོམ་མེད། །ཐིག་ལེའི་དངས་མ་གཉིས་པོ་འདི། །ལུས་ཀུན་ཁྱབ་པར་གནད་དུ་བསྣུན། །འོག་ཏུ་དཀར་ཆ་གནས་པ་མེད། །དམར་ཆ་སྟེང་དུ་བསྟན་པ་མེད། །གོ་བཟློག་འཛིན་པ་ཤེས་ལགས་ན། །རྒྱལ་པོ་བརྩོན་དུ་བཟུང་དང་མཚུངས། །ཡན་ལག་སྙིགས་མ་ཉི་ཤུ་བཞིས། །འཐུམས་ན་དབྱུང་པས་ཕྱུང་ལ་ཐོང་། །འདྲེན་ན་ཐམས་ཅད་རླུང་གིས་གཏོར། །སྟོང་ན་རང་རང་ངོ་བོས་གསོལ། །རྩ་རླུང་གེགས་སེ ལ་དེ་ལས་མེད། །རྟེན་དང་རྟེན་པ་རྣམ་པ་གཉིས། །དཔེར་ན་བྱའི་གཤོག་པ་འདྲ། །ཐབས་ཤེས་གནད་དུ་བསྣུན་ཤེས་ན། །བདེ་ཆེན་མཁའ་སྤྱོད་ཀྱི་ལམ་ལ་འགྲོ། །དཔལ་རྡོ་རྗེ་འཆང་གི་འབྲས་བུ་འཐོབ། །ཟག་མེད་མྱང་འདས་གནས་སུ་སླེབ། །བླ་མའི་མན་ངག་བརྒྱ་ཤེས་ཀྱང་། ངས་ནི་དེ་ལས་མཐོང་བ་མེད། ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །། ༈ ཡོན་ཏན་མ་ལུས་འབྱུང་བའི་གནས། །དགོས་འདོད་ཐམས་ཅད་འབྱུང་བའི་དཔལ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདི་ལ་འདིར་བཞུགས་སྙན་གསན་མཛོད། །བདག་མེད་དོན་ལ་རབ་མོས་ཤིང་། །རྒྱུ་འབྲས་ཁྱད་དུ་མི་བསོད་པ། །རྒྱལ་བ་ཚད་མར་ལྟ་བ་དེ། །འཇིག་རྟེན་གྱི་ཡང་དག་བལྟ་བ་ལགས། །དཀོན་མཆོག་གསུམ་ལ་མོས་པ་བསྒོམ། །སྦྱིན་དང་ཚུལ་ཁྲིམས་ཉམས་སུ་ལེན། །བསམ་གཏན་དོན་ལ་མཉམ་པར་འཇོག །འཇིག་རྟེན་པ་ཡི་བསྒོམ་པ་ལགས། །མཐོ་དམན་ཀུན་ལ་སྙོམས་པར་བྱེད། །མི་དགེ་ནག་པོ་རྒྱབ་དུ་བསྐྱུར། དཀར་པོ་དགེ་བ་དང་དུ་ལོང་། །ཁྲེལ་ཡོད་འཇིག་རྟེན་སྤྱོད་པ་ཡིན། །གནས་སྐབས་བདེ་འགྲོ་ལྷ་ཡི་འཐོབ། །ཐོན་མོང་སྲིད་ལས་རྣམ་གྲོལ་འཐོབ། །མཐར་ཐུག་རྒྱལ་བའི་ལམ་སྟེགས་ཡིན། །འཇིག་རྟེན་པའི་འབྲས་བུ་ལགས། ཐུན་མོང་ཐེག་པའི་ལྟ་བ་དང་། །བསྒོམ་དང་སྤྱོད་དང་འབྲས་བུ་བཞི། །དང་པོའི་ལས་ཅན་དང་མཐུན་པར། །རང་བྱུང་རྡོ་རྗེ་མགུར་དུ་བླངས།། །། ༈ རང་སེམས་མཁའ་དབྱིངས་བརྡལ་བ་ལ། །སྣང་སྟོང་ཀུན་བཟང་རྣམ་འཕྲུལ་ཤར། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །རིག་པའི་ཡེ་ཤེས་མངོན་སུམ་ལ། །མཐའ་དབུས་མེད་པ་ནམ་མཁར་འཕྱོ། །སྒྲིབ་བྱེད་བྲལ་བའི་མིག་གིས་བལྟ། འཁྲུལ་མེད་ངོ་བོའི་ལྟ་བ་ལགས། །ལུས་ནི་སེང་གེ་དྲང་སྲོང་མཚུངས། །ངག་ནི་གཡོ་མེད་ལྐུགས་པ་བཞིན། །སེམས་ནི་དྲན་མེད་རོ་དང་མཚུངས། །ཆོས་ཉིད་རང་གི་བསྒོམ་པ་ཡིན། །དཀར་ནག་སྤྱོད་པས་མི་སྒྲིབ་ཅིང་། རྟེན་མེད་ནམ་མཁའི་དཀྱིལ་དུ་སྤྱོད། །འགག་མེད་གོང་འཕེལ་སྣང་བ་འཆར། །རིག་པ་དྭངས་པའི་སྤྱོད་པ་ལགས། །འཁོར་འདས་རེ་དོགས་མེད་པ་ལ། །མངོན་སུམ་སྣང་བ་ལམ་དུ་བྱེད། །མཐར་ཐུག་ཆོས་རྣམས་ཟད་སར་སྐྱོལ། །བླ་མེད་ཐེག་པ་འབྲས་བུ་ལགས། །ལྟ་བསྒོམ་སྤྱོད་འབྲས་བཞི་པོ་འདི། །ཐུན་མོང་ཐེག་པའི་སྤྱོད་ཡུལ་མིན། །འོན་ཀྱང་རང་བྱུང་མིང་ཅན་གྱིས། །འགག་མེད་ངང་ནས་བླངས་པ་ལགས།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་བདག་ལ་བྱིན་གྱིས་བརློབས། །རྒྱལ་བའི་བསྟན་པ་སྙིགས་མ་ལ། །བྱང་ཕྱོགས་གངས་རིའི་ཞོལ་འདིར་ནི། །རྩོད་ལྡན་སེམས་ཅན་ནང་དུ་སྐྱེས། །རྣམ་རྟོག་ལས་ལ་ཞེན་པས་ལན། །ད་རུང་རྟོག་ལ་བདེན་འཛིན་ན། །ཐུག་མེད་འཁོར་བར་འཁྱམ་དོགས་ཡོད། །ཀྱེ་མ་དུས་མཐའི་རི་ཁྲོད་པ། །ནང་བསམ་གཏན་ཚུལ་བཞིན་བསྒོམ་པ་ལ། །རྣམ་གཡེང་འདུ་འཛི་མ་སྤངས་ན། །ཉོན་མོངས་དགྲ་བོ་རླུང་ཚུབ་ལྡང་། དབེན་པར་གཉེན་པོ་རྩལ་ཆེན་སྦྱོངས། །དེ་ལྟར་མ་ནུས་རང་ལ་སྨོད། །ལྷག་མཐོང་ཤེས་རབ་ཡེ་ཤེས་ཀྱི། །སྣང་བ་གོང་དུ་སྤེལ་བ་འདི། །རྒྱལ་བའི་གདུང་འཚོབ་རྗེ་ལས་བྱུང་། །འོན་ཀྱང་ཐོག་མེད་ཀུན་རྟོག་གིས། བཏང་སྙོམས་ལེ་ལོ་བྱས་གྱུར་ཅིང་། །བརྩོན་འགྲུས་སྦྱང་ལ་མ་འབད་པས། །དེས་ཀྱང་རང་གི་སེམས་མ་མཐོང་། བླ་མེད་བྱང་ཆུབ་སེམས་དཔའ་རྣམས། འགྲོ་བ་ཀུན་ལ་བུ་བཞིན་བལྟ། རང་སེམས་སྙིང་རྗེ་མ་འབྱོངས་ཤིང་། ཉོན་མོངས་ཞེ་སྡང་སྐྱོན་གྱིས་འཁྱེར། བྱང་སེམས་མངོན་དུ་མ་འབྱོངས་པས། དེས་ཀྱང་རང་གི་སེམས་མ་བཅོས། །ཆོས་རྣམས་རྨི་ལམ་སྒྱུ་འདྲ་ལ། །སྟོང་པ་རྒྱུད་ལ་མ་རྟོགས་ཤིང་། ཡོད་རྟོག་བདག་འཛིན་འཆིང་བས་བཅིངས། དངོས་མེད་དངོས་པོར་འཛིན་པ་ཡིས། །སེམས་ཀྱི་འཁོར་བའི་རྨང་རྡོ་བྱས། །དེ་བས་རང་སེམས་རང་གིས་ཁྲེལ། །རང་སྐྱོན་མཐོང་ནས་སྒྲིབ་པ་འདི། །གཞན་ལ་འཛུག་མོ་འཛུགས་པ་མིན། །སླད་ཀྱིས་བསྟན་ལ་འཇུག་པ་རྣམས། སེམས་ནང་དུ་ཁུག་ལ་ནང་དུ་གཞོལ། །དོན་མེད་འཁྲུལ་པ་བསྐྱུར་ལ་ཐོང་། །ཤེས་ཡི་རྒྱལ་ལ་ཉེ་བ་ལགས། ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་བསྟན་པའི་སྙིགས་མ་ལ། །རྒྱལ་བ་ཐུགས་རྗེའི་མངའ་བདག་གི འཕྲིན་ལས་ཉི་མ་ནུབ་ཁར་ཕྱིན། །འབད་པ་དུ་མ་བྱས་ལགས་ཀྱང་། །མ་རིག་བདུད་ཀྱི་མཐུ་ཆེ་ཞིང་། །ཆགས་པའི་དགའ་མོ་གཡོ་སྒྱུ་ཆེ། །སྲེད་མ་མྱོས་དང་དགའ་བྱེད་མ། །མྱུར་མགྱོགས་ཆེ་ཞིང་རྟག་ཏུ་འབྲེང་། །ཡུལ་གྱི་མདའ་ལྔ་རབ་ཏུ་རྣོ། །ཀུན་རྟོག་གཞུ་འདི་ནུས་པ་ཆེ། །དེས་རྐྱེན་གཡེང་དང་སླུ་བ་དང་། །འཁྲུག་དང་རྨོང་བྱེད་ཕོ་ཉ་བཞི། མཐུ་ལྡན་སེམས་ལ་ལྷན་ཅིག་བྱུང་། །ངག་དང་ལུས་ཀྱི་ལམ་རྒྱུད་ནས། །མི་དགེ་བཅུའི་དཔུང་ཚོགས་བསྡུས། །དུག་གསུམ་གོ་ཆ་རབ་བགོས་ནས། །རྒྱལ་བའི་བསྟན་ལ་གནོད་པ་བྱེད། །དགེ་སེམས་བསམ་སྦྱོར་འཇོམས་བྱེད་པ། །འདི་འདྲ་ཀྱེ་མ་ཉོན་རེ་མོངས། །འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །འདི་དུས་རང་བྱུང་རྡོ་རྗེ་ཡི། །རྒྱལ་བ་ཀུན་ལ་བསྐྱེལ་མར་བོས། །སེམས་དཔའ་ཆེ་ཀུན་མོས་པས་བསྐུལ། །དམ་ཆོས་འཛིན་པའི་དགྲ་ཐབས་སླབས། །རང་རིག་ལྟ་བའི་སྐྱེས་བུ་ལ། །སྙིང་རྗེ་ཆེན་པོའི་གོ་ཆ་བཀོན། །བཟོད་པའི་ནན་ཏན་གོ་བསྒོས་ནས། །བསམ་གཏན་ཆེན་པོའི་གཞུ་ཐོགས་ནས། །དམིགས་པ་རྩེ་ཅིག་མདའ་དང་སྦྱར། །ཤེས་རབ་རལ་གྲི་རྣོན་པོ་དང་། །ཐབས་མཁས་བསྡུ་དངོས་ཀྱིས་བྲིད་ཅིང་། །དྲན་དང་ཏིང་འཛིན་ཡིད་བརྟན་པས། །ཤེས་བཞིན་ལྡན་པ་ཕོ་ཉར་བསྐུལ། །དགེ་བཅུའི་དཔུང་ཆེན་བསྡུས་ནས་ཀྱང་། །ཉོན་མོངས་བདུད་དང་འཐབ་སྙམ་པས། །ཕལ་ཆེར་སྙིགས་མའི་སྐྱེས་བུ་རྣམས། །ཁ་ཡར་ཁོ་བོས་ཐོབ་ལགས་པས། །ཕལ་ཆེར་མ་རིག་བདུད་ལ་ཤོར། །ཁྲོ་སོགས་བདུད་ཀྱིས་སྐྱེད་པ་ལ། །ལ་ལ་ཐར་ཀྱང་སྲེད་མ་སོགས། །ཡུལ་གྱི་བདེ་འདོད་གྱིས་བཅིངས་ཁྲིད། །ལ་ལ་དེ་ལས་ཁྲོས་བྱེད་ཀྱང་། །མ་རིག་དོན་མེད་ཡུལ་དུ་འཁྱམ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །བདག་རང་རྣལ་འབྱོར་གཅིག་པུ་འདི། །རྣམ་རྟོག་བདུད་ཀྱི་གཡུལ་ལས་རྒྱལ། །རྒྱབ་ན་སྙིང་རྗེའི་ཟླ་བ་ཤར། །མདུན་ན་ཡེ་ཤེས་ཉི་འོད་འཁྱིལ། །དགའ་བྱེད་བསམ་གཏན་ངང་དུ་ཐིམ། །སྲེད་མ་འཁོར་འདས་ངང་དུ་དེངས། །མྱོས་མ་ཟག་མེད་ལྷ་རུ་གྱུར། །ཁྲོ་དང་གཡེང་སོགས་བཞི་པོ་དང་། སྲིད་དུ་ཆོད་ནས་མེལ་ཙེ་བྱེད། གཡེང་བྱེད་རྟོག་པ་གཡོ་བ་ཡིན། །དགེ་ལ་རྩོལ་ཡང་ཨའུ་ཙི། །འཁྲུལ་བྱེད་བཟོད་པའི་གོ་ཆར་གྱུར། །ངར་འཛིན་མེད་པར་གཅིག་ཏུ་བོར། །རྨུགས་བྱེད་མི་རྟོག་དྲན་པར་སོང་། གཉིས་སྣང་ཟད་ཀྱང་དེ་ཀ་ཡིན། །འཐབ་བྱེད་ཡེ་ཤེས་མཚོན་ཐོགས་ཏེ། །བདག་འཛིན་འཇོམས་པར་བྱེད་པར་འགྱུར། །མི་ངའི་རྗེས་སུ་སློབ་པ་ཀུན། །དེ་ལྟར་གྱིས་ལ་རྣམ་རྟོག་གི །མི་དགེ་བདུད་ལས་རྒྱལ་བར་མཛོད། རྒྱལ་བ་སྲས་དང་བཅས་པ་རྣམས། ཐུགས་རྗེ་ཆེན་པོའི་དཔུང་བསྐྱེད་ལ། །བདག་རྗེས་འཇུག་པའི་སྐལ་ལྡན་རྣམས། །བསམ་གཏན་བདེ་བའི་ཟས་མཆོག་དང་། །ཐར་པའི་རིན་ཆེན་ཁང་བཟང་དུ། །རྣམ་གཡེང་བདུད་ཀྱི་མ་ཕྲོགས་པར། །ཉམས་དགའི་དགའ་སྟོན་བྱེད་པར་མཛོད། །སྲིད་ཞི་གཉིས་འཛིན་བྲལ་ནས་ནི། །ཐུབ་དབང་ཁྱེད་དང་མཚུངས་གྱུར་ཅིག ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་དད་པ་བརྟན་པོ་དེ། ཕྱི་རོལ་རྐྱེན་གྱིས་མི་འགྱུར་བས། །རྩེ་གཅིག་བརྟན་ན་ཡོན་ཏན་འབྱུང་། །རང་སེམས་དྲན་པའི་སོ་པ་དེ། །ལེ་ལོའི་སད་ཀྱིས་མ་ཁྱེར་བར། །རྩེ་ཅིག་བསམ་གཏན་བསྒོམ་པ་ལ། །རྒྱུན་དུ་བསྟེན་ན་མཁས་པ་ཡིན། །རང་སེམས་དག་པའི་མེ་ལོང་ལ། །བག་ཆགས་ངན་པའི་གཡས་གཡོགས་པ། །ཕྱིས་ཤིང་ཤེས་པར་གསལ་བཏབ་ན། །དཀར་པོའི་ཡོན་ཏན་འབྱུང་བ་ཡིན། །རང་སེམས་རྩ་གདར་མ་ཆོད་ན། །སྒྲ་ཚིག་རྗེས་སུ་བརྩལ་ལགས་ཀྱང་། །གཉུག་མའི་ངོ་བོ་མི་མཐོང་པས། །རང་སེམས་རང་གྲོལ་གསལ་བ་དེ་ཉིད་ལྟོས། །ངེས་ཤེས་ནང་ནས་མ་སྐྱེས་པར། །ཁ་འཁྱལ་ཚིག་གི་རྗེས་འབྲངས་ཀྱང་། །གདར་ཤ་སེམས་ལ་མི་ཆོད་པས། །སེམས་དྭངས་སུ་ཆུག་ལ་མཉམ་པར་ཞོག །སེམས་ནང་དུ་བཀུག་པས་འཕྲོས་པ་ན། །ཕར་ལ་ཐོང་ལ་རང་ངོ་ལྟོས། །ཕྱི་ཡུལ་ལ་ཞེན་པ་སྐྱེས་པ་ན། །ཡུལ་དེ་རང་གི་སེམས་སུ་ལྟོས། །རྣམ་རྟོག་དོན་མེད་འཚུབ་པ་ན། །རླུང་གིས་གཏོར་ལ་ལྷོད་ཀྱིས་གློད། །བདེ་གསལ་རོ་ལ་ཞེན་པ་ན། །བདེན་མེད་སྟོང་པའི་རྒྱ་ཡིས་ཐོབ། །དགེ་མེད་སྡིག་མེད་ཉམས་སྐྱེས་ན། །རྒྱུ་འབྲས་ཀྱི་ཚུལ་ལ་ནན་ཏན་གྱིས། །སྤང་བླང་མེད་པར་མངོན་གྱུར་ཅིང་། །ཐབས་མཁས་ཀྱིས་རྒྱུ་འབྲས་མི་འདོར་ན། །རྒྱལ་བའི་གསུང་དང་མཐུན་པ་དང་། །མ་ནོར་ལམ་མཆོག་འཕྲད་པ་ཡིན། །སྤྲོས་པ་ཆོད་ལ་མཉམ་པར་ཞོག །དེ་ལྟར་ཉམས་ལེན་རྩེ་ཅིག་གྱིས། །ཅེས་པ་འདི་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་བདེ་ཆེན་དུ་བཀོད་པའོ། །ཤུབྷཱཾ།། ༈ གཞན་གྱི་རྒྱུད་ལ་ཕན་པའི་ཁྲིམས་ཡིག་བཞུགས་པ་ལགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཐུབ་དབང་ཐུགས་རྗེའི་འཕྲིན་ལས་ཀྱིས། །བསྟན་པ་རིན་ཆེན་འགྲོ་བའི་དཔལ་དུ་ཤར། །སྙིགས་དུས་རང་གཞན་རྒྱུད་ལ་ཕན་བྱའི་ཕྱིར། །དེ་དང་རྗེས་མཐུན་ཕྱོགས་ཙམ་བསྒྲུབ་པའི་ཕྱིར། །ཡོན་ཏན་འཕེལ་ཕྱིར་ཁྲིམས་སུ་བྱ་བ་བརྗོད། །རེ་ཤིག་རྒྱལ་བའི་ཐུགས་རྗེ་ཆེན་པོའི་རྨད་བྱུང་ཡང་། །སྙིགས་མ་ལྔ་དང་ལྡན་པ་ལ་བབ་ཅིང་། །ཐོག་མ་མེད་པའི་ཀུན་ཏུ་རྟོགས་པས། རྒྱུད་དཀྲུགས་པའི་སྐྱེ་བོས་ས་སྟེངས་གང་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྟགས་ཙམ་འཛིན་པ་ལ་ཉེ་བའི་དབང་གིས་བསྟན་པའི་དོན་སྤྱོད་པ་ལས་རིང་དུ་གྱུར་ཏེ། །དད་པའི་བློ་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འབྲེང་པ། རང་བྱུང་རྡོ་རྗེ་ཞེས་གྲགས་པ་བདག་ཀྱང་། དེ་ལྟ་བུ་རྣམས་ཀྱིས་གྲིབ་ཀྱིས་ཕོག་ཅིང་ལུས་དང་སེམས་ལ་བར་དུ་གཅོད་པའི་ལྟས་དུ་མ་བྱུང་བས་འདི་སྙམ་དུ་གྱུར་ཏོ། །ཀྱེ་མ་བདག་ནི་རྒྱལ་བའི་བསྟན་ལ་ཞུགས། །རྒྱལ་བ་རྣམས་ཀྱིས་རྗེས་སུ་བཟུང་གྱུར་ཀྱང་། །བྱང་ཆུབ་སེམས་དཔའི་རྣམ་ཐར་རྒྱ་མཚོ་ལས།་།རིང་འགྱུར་བདུད་ཀྱི་བར་གཅོད་སྟོབས་ལྡན་ཞིང་། །གཞན་ལ་ཕན་པར་བྱེད་པ་དཀའ་བ་འདྲ། །ཐེག་མཆོག་སྤྱོད་པ་འདོར་བ་མ་ཡིན་ཀྱང་། རང་ཉིད་གཅིག་པུ་བརྩོན་པ་བསྐྱེད་པ་དང་། །དག་པའི་ཞིང་དུ་སྐྱེས་ན་དགའ་བ་སྙམ། །སྙིགས་དུས་གཞན་ལ་ཕན་པ་ཤིན་ཏུ་དཀའ། །ལོངས་སྤྱོད་བཟུང་ན་ལོག་པར་སྤྱོད་པ་མང་། །མ་བཟུང་གྱུར་ན་བྱ་བ་སྤངས་རྣམས་ཀྱང་། །བསྡུ་བ་མེད་ཅེས་ཆོས་མིན་ཆར་ཀ་གཏོང་། །འདུལ་བཞིན་བསྡམས་པར་བྱས་ན་བསླབ་འཆལ་ཀྱང་། །བཤགས་པར་བྱེད་ལ་བསྐུལ་ན་དགྲ་བཞིན་སེམས། །བསྡམ་པར་མ་བྱས་སྐྱེ་བོས་ཁྲེལ་འགྱུར་བའི། །མ་རབས་སྤྱོད་ལ་ཕལ་ཆེར་གཞོལ་བར་བྱེད། །སྡེ་དང་ཕྱོགས་རིས་ལོངས་སྤྱོད་མ་ཆགས་པས། །དམ་ཚིག་སྡོམ་པ་སྙིང་རྗེ་ཀུན་བོར་ནས། །རྡོ་རྗེའི་སྤུན་ཀྱང་བསོད་པར་སྤྱོད་པ་མང་། །ཆོས་བསྟན་མནར་མེད་ལྟུང་བའི་རྒྱུ་རུ་འགྱུར། །ཆོས་མ་བསྟན་ན་གཏི་མུག་མུན་པ་རུ། །དེ་བས་འཁྱམ་འགྱུར་མི་ཁོམ་གནས་བཞིན་འགྲོ། །ཡང་དག་ལྟ་བ་རྣམ་དག་བསྟན་གྱུར་ཀྱང་། །ཡིད་མ་ཆེས་ཤིང་ལྟ་ངན་གཞོལ་བར་བྱེད། །འདི་ལ་ཇི་ལྟར་བྱ་བ་རིགས་པ་སྙམ། །རྒྱལ་སྲས་རྣམས་ཀྱང་བསྐུལ་བར་མི་མཛད་དམ། །དེ་ལྟར་ཀུན་རྟོག་པ་ལ་ཞུགས་ཤིང་དབེན་པ་ལ་གནས་པ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེ་ཆེན་པོས་བསྐུལ་བར་གྱུར་པས་ཡང་དག་པའི་རྟོག་པ་རྙེད་ཅིང་དྲན་པ་མ་ཉམས་པས་བསྐྱེད་པ་འདི་ལྟར་བྱུང་ངོ་། །ཀྱེ་མ་མི་ལུས་རིན་ཆེན་ཐོབ་པར་དཀའ། །ངན་འགྲོའི་ས་ལ་བལྟས་ན་གླེན་ལྐུགས་ཀྱིས། །མིར་གྱུར་པ་ཡང་ཉིན་སྐར་བཞིན་དུ་དཀོན། །དྲན་ལྡན་དབང་པོ་མ་ཉམས་སྨོས་ཅི་དགོས། །རྒྱལ་བའི་བསྟན་པ་འབྱུང་བར་རབ་ཏུ་དཀོན། །འདིའི་འོག་ཏུ་སྐལ་པ་སུམ་ཅུ་དང་། །འདི་འོག་སྐལ་པ་དྲུག་ཅུ་ཐམ་པར་ཡང་། །སངས་རྒྱས་སྒྲ་ཡང་རྣ་བར་མི་ཐོས་འགྱུར། །ཀྱེ་མ་བར་སྐབས་སྐལ་པ་བཟང་པོ་ལ། །རྒྱལ་བ་སྟོང་གི་བཞི་པའི་བསྟན་པ་ལ། །སྙིགས་དུས་གྱུར་ཀྱང་བག་ཆགས་བཞག་བྱས་པས། །དེ་ཀུན་སྐལ་པ་འདི་ལ་གྲོལ་གྱུར་ཞེས། །ཐུགས་རྗེ་ཆེ་ལྡན་རྒྱལ་བ་ཉིད་ཀྱི་གསུངས། །དེ་བས་རང་གཞན་དོན་གཉིས་གྲུབ་བྱེད་པ། །བསྐུལ་ཞིང་སྤྱད་པ་ཅུང་ཟད་དོན་ལྡན་བྱ། །དེ་ལྟར་རྟོགས་པ་བསྐྱེད་ནས་ད་ཕྱིན་ཆད་བདག་བསྲུང་བ་ཡང་དོན་དང་ལྡན་མོད་ཀྱི། །རེ་ཞིག་གཞན་ཐོག་མ་མེད་པ་ནས་འབྲེལ་བའི་སེམས་ཅན་རྣམས་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱིས་བསྡུ་བར་བྱ་སྙམ་མོད་ཀྱང་། །དོན་ཆེན་པོ་མང་པོས་བསྐུལ་ཏེ་དྲུང་དུ་འོངས་པ་དག་བསྐུལ་བར་རིག་པས་འདི་སྐད་དུ། །འདི་ལྟར་བདག་ལ་ཡོན་ཏན་ལྡན་ནོ་ཞེས། གྲགས་པའི་རྗེས་འབྲེངས་དྲུང་དུ་འོངས་པ་དག །སེམས་ལ་རེ་ཤིག་ནང་དུ་རྟོག་པ་མཛོད། །འདི་འོངས་དབང་མེད་སུས་ཀྱང་བྱས་པ་མིན། །ལོངས་སྤྱོད་སྐྱབས་དང་བཟའ་བ་འདོད་ཕྱིར་མིན། ཐར་པའི་ལམ་འདོད་མོས་པས་འདུས་གྱུར་པ། །དེ་ཕྱིར་བདག་གིས་བསྒོས་བཞིན་སྤྱད་པར་མཛོད། །རང་གཞན་ཀུན་ལ་ཕན་པའི་རྒྱུ་རུ་འགྱུར། །དེ་བས་ཐོག་མར་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་བསླབ་པ་རྒྱུད་ལ་ཡང་དག་པར་མནོས་ནས་དམ་པའི་ཆོས་འདུལ་བ་ལས་ཇི་ལྟར་བསྟན་པ་ཐམས་ཅད་བསྒྲུབ་མ་ནུས་ཀྱང་ཕྱོགས་མཐུན་པར་བྱའོ། །དགེ་སློང་རྣམས་ཀྱང་དེང་སང་གི་དུས་ན་བསླབ་པ་ཐམས་ཅད་འཛིན་པར་མ་ལྕོགས་ཀྱང་། །བསྟན་པའི་ཐ་མ་རྟགས་ཙམ་འཛིན་པ་ཡིན་ནོ་ཞེས་བཤད་པ་ལ། །རྟགས་ཐམས་ཅད་ཀྱི་ནང་ནས་མུ་སྟེགས་པ་དང་། །ཁྱིམ་པའི་རྟགས་སྤོང་ཞིང་། །དགེ་སྦྱོང་གི་རྟགས་སུ་བྱེད་པ་ནི། །ཆོས་གོས་སྣམ་སྦྱར་ཡིན་པས་བསྒྲུབ་པོ། །དེ་མི་འབྱོར་བར་གྱུར་པས་ཀྱང་སྣམ་སྦྱར་གྱི་སྣོད་དང་རྒྱུ་བྱིན་གྱིས་བརླབས་པས་བཟུངས་ཏེ། །ནམ་གྲུབ་པ་ན་བྱའོ། །དགེ་ཚུལ་རྣམས་ཀྱིས་ཀྱང་ཆོས་གོས་དང་མཐའ་གོས་བྱའོ། །ལས་དང་པོ་པ་ཤེས་རབ་ཆུང་བ་རྣམས་ཀྱིས་ཀྱང་། དགེ་ཚུལ་གྱིས་ནི་ཀ་རི་ཀ་ལྔ་བཅུ་པ་དང་། །དགེ་སློང་གིས་ནི་སྡོམ་ཚིག་བློ་ལ་བྱའོ། །ཉེས་པ་རྣམས་ཀྱིས་མ་གོས་ཤིང་རྒྱུད་གཙང་བ་ལ་འབད་པར་བྱའོ། །རང་གིས་ལྟུང་བ་ཚོར་ན་བསྡམ་པར་བྱའོ། །བཤགས་པར་བྱའོ། །བསླབ་པ་ལ་གུས་པའི་ཡན་ལག་ཡིན་པས། །དྲུང་དུ་གཉུག་མར་གནས་པའི་འདུས་པ་རྣམས་གྲིབ་ཚོད་ལྟར་མ་གྲུབ་ཀྱང་དགེ་སློང་གི་གྲལ་གྱི་མགོར་དགེ་ཚུལ་རྣམས་མི་བསྡད་དེ། ལོགས་སུ་བཀུར་དགོས་པའི་དགེ་ཚུལ་ཡང་གྲལ་མགོ་གཞན་བྱའོ། །ཕྱོགས་ནས་གསར་དུ་ལྷགས་པ་ཡང་གྲལ་སོགས་གཅིག་ཏུ་བྱའོ། །མ་ལྕོགས་པ་དང་། སྔགས་ཀྱི་སྤྱོད་པ་ཀུན་ཏུ་སྤྱོད་པ་དང་། དགེ་འདུན་སྤྱིའི་ལས་དང་། རང་ཉིད་སྦྱིན་པའི་གནས་སྐབས་ལས་གཞན་པ་དགེ་བསྙེན་དང་དགེ་ཚུལ་གྱིས་ལྕོགས་བཞིན་དུ་མེ་དང་། ལག་བདེ་དང་རྩ་ཤིང་ལ་སོགས་གཅོད་པ་དགེ་སློང་གིས་མི་རུང་པ་རྣམས་དྲན་པས་བཟུང་སྟེ་གཅོལ་བར་མི་བྱའོ། །མདོར་བསྡུས་ན་ཅི་ལྟར་ནུས་པས་བཅས་པ་དང་རང་བཞིན་གྱི་ཉེས་པས་མ་གོས་པར་བསླབ་བོ། །དེ་ནས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་སྡོམ་པ་མནོས་པས་ནི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཟུང་བར་བྱའོ། །རང་དང་གཞན་ལ་ཕན་པའི་བྱ་བ་ལ་རྟོག་ཅིང་ཅི་གྲུབ་ཏུ་ནན་ཏན་བྱའོ། །ཟས་ཀྱི་དུས་དང་ནང་ནུབ་ཕུང་པོ་གསུམ་པའི་མདོ་ཁ་ཐོན་དུ་བྱའོ། །བཟང་པོ་སྤྱོད་པའི་སྨོན་ལམ་གདབ་བོ། །སོ་སོར་ཐར་པའི་དགེ་སློང་པས་ཀྱང་ཆོས་བག་ཡོད་པར་བྱའོ། །སྔགས་ཀྱི་དབང་བསྐུར་བ་ཐོབ་པས་ནི། །ཐ་མས་ཀྱང་མངོན་རྟོགས་ཤེས་པར་བྱས་ལ་བསྒོམ་མོ། །དབང་ཐོབ་པ་ལ་སྙད་བཏགས་ནས་དུས་མ་ཡིན་པའི་ཁ་ཟས་ཟ་བ་དང་། བྱིན་གྱིས་བརླབས་པར་མ་བྱས་པ་དང་། ཐ་མལ་པ་དང་མ་གུས་པ་ཡོད་པའི་ས་ཕྱོགས་སུ་མཆོད་པར་བྱ་བ་མ་ཡིན་པ་མྱོས་བྱེད་འཐུང་བ་རྣམས་མི་བྱའོ། །ཐེག་པ་གསུམ་ཀར་བཀག་པའི་ཕྱིར་རང་གི་གསོད་དུ་བཅུག་པ་དང་མཚུངས་པའི་བསྔོས་པའི་ཤ་དང་། གསོད་པ་མཐོང་བ་དང་། གསོད་པའི་རྐྱེན་བྱས་པའི་ཤ་མི་ཟའོ། །རང་གི་ལས་ཀྱིས་ཤི་བ་དང་། ཚོང་འདུས་ལན་གཉིས་འཕར་བ་ལ་སོགས་པ་རང་བཞིན་གྱི་རྐྱེན་དང་ལྡན་པས་བཟའ་བར་བྱའོ། །ཆོས་སྐྱོང་སྤྱི་དང་། ཆ་བཅུ་དང་། ཡི་དྭགས་ཀྱི་གཏོར་མ་དང་། ཆུ་སྦྱིན་པ་ལ་སོགས་པ་གཏོར་མ་ལ་བརྩོན་པར་བྱའོ། །དེ་རྣམས་ནི་སྡོམ་པ་གསུམ་དང་ལྡན་པའི་སྤྱོད་པ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་བྱ་བ་ནི་ལས་དང་པོ་པ་སོ་སོ་ཐར་པ་རྐྱང་པ་དང་ལྡན་པས་ནི། ཕྱག་དང་བསྐོར་བ་དང་། ཡན་ལག་བདུན་པ་དང་། བླ་མའི་རྣལ་འབྱོར་དང་། མཎྜྻལ་རྣམས་བྱའོ། །མི་རྟག་པའི་ཁྲིད་བློ་སྦྱོང་ལ་སོགས་པ་བསྒོམ་པར་བྱའོ། །སེམས་བསྐྱེད་དང་ལྡན་པ་རྣམས་ཀྱིས་ནི་སྙིང་རྗེའི་ཁྲིད་དང་སྟོང་པ་ཉིད་ཀྱི་ཁྲིད་ཀྱི་རིམ་པའོ། །དབང་བསྐུར་བ་ཐོབ་པ་ཐམས་ཅད་བསྒོམ་དུ་རུང་བ་མོད་ཀྱི། འོན་ཀྱང་རྣལ་འབྱོར་བླ་ན་མེད་པའི་དབང་བསྐུར་བ་མ་ཐོབ་པར་རྩ་རླུང་བྱང་ཆུབ་སེམས་ཀྱི་ཁྲིད་བསྒོམ་དུ་མི་རུང་ངོ་། །དེ་ལྟར་བསྒོམ་པའི་རྐྱེན་དུ་དབེན་པ་བརྟེན་དགོས་པས། །ས་གཅིག་ཏུ་སྡོད་པ་དང་། ཀུན་ཏུ་འགྲོ་ཡང་རུང་ཏེ། དབྱར་དང་དགུན་གྱི་དུས་སུ་དབྱར་བཞུགས་དང་དགུན་བཞུགས་མ་ཆག་པར་བྱའོ། །དེར་ཡང་དབེན་པའི་ཁྲིམས་སུ་བྱ་བ་གང་ཡིན་པ་བྱ་སྟེ་བསམ་གཏན་བྱའོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་ཐོག་མར་ཡི་གེ་མི་ཤེས་པ་རྣམས་ཀྱང་བསླབ་པ་དང་། ཐེག་པ་གསུམ་གྱི་དོན་ལ་འཇུག་པ་རྣམས་བཤད་པ་མ་ཆག་པ་དང་། ཉན་པ་ལ་བརྩོན་པར་བྱའོ། །དེའི་ཡན་ལག་ཏུ་མཁས་པར་གྱུར་པ་རྣམས་བཀུར་བར་བྱའོ། །ཤེས་པ་རྣམས་ལ་ཕྲག་དོག་མེད་པར་བསྟོད་པར་བྱའོ། །རྙེད་པ་དང་བཀུར་སྟི་ལྷག་པར་བྱ་ཞིང་བརྙས་པ་མི་བྱ་བ་དང་། རང་གི་རྒྱུད་ལ་བསམ་པ་དང་ལྡན་པར་བྱའོ། །དེ་ལྟར་བསླབ་པ་གསུམ་གྱི་ཡན་ལག་ཏུ་བྱ་བ་བྱེད་པ་རྣམས་ལ་བཅས་ཁྲིམས་སུ་བྱ་བ་ནི། །ཞལ་ཏ་བྱེད་པ་རྒན་པས་བཀོད་པའི། །དགེ་འདུན་གྱི་ཐབ་ཀ་བྱེད་པ་དང་། ལོངས་སྤྱོད་གཉེར་བྱེད་པ་དང་། འཛོ་རྟ་དང་ཆུ་ཤིང་ལ་སོགས་པ་རྣམས་ལ་རང་གི་སྡིག་སྦྱོང་བའི་ཕྱིར་དད་པ་ལངས་བྱེད་པ་ལ་གཏོགས་པ། །ཕལ་པ་ལ་ཐོས་པ་དང་བསྒོམ་པ་ཚུལ་བཞིན་དུ་མི་ནུས་ཀྱང་། ལུས་ངག་གི་ཞབས་ཏོག་པ་རྣམས་ཀྱང་། ཐོག་མ་ནུས་མི་ནུས་དྲིས་ཏེ། ལེགས་པར་བརྟགས་ཤིང་། །དཔང་པོ་དང་ལྡན་པར་བྱའོ། །དེ་དག་གིས་ཀྱང་གུས་པ་དང་ལྡན་པར་བྱ་ཞིང་། །བླ་མ་དང་དགེ་འདུན་གྱི་དངོས་པོ་རྣམས་ལ་རང་ཉིད་བཞིན་དུ་གཅེས་པར་བྱ་སྟེ། གཞན་མི་དད་པར་བྱེད་པ་དང་། ཆུད་གཟོན་པར་མི་བྱའོ། །གྲོགས་ཆོས་བྱེད་པ་རྣམས་ལ་གུས་པར་བྱའོ། །གྲལ་ཀྱང་ལོགས་སུ་བྱ་བ་དང་། ཆ་ལུགས་སྣ་ཚོགས་མི་བྱ་སྟེ། དགེ་བསྙེན་མ་གཏོགས་པ་རྣམས་ཀྱིས་ཧོར་གོས་དང་། ཞྭ་དཀར་མ་དག་པའི་ཆ་ལུགས་མི་བྱའོ། །ལོངས་སྤྱོད་འདོད་པ་དང་སྦྱིན་མཁན་བསོད་ནམས་མཉན་པའི་ཕྱིར་གཞན་གྱིས་ཚོགས་བསོག་པའི་ཕྱག་བདེ་གུས་པར་བྱའོ། །གྲལ་མ་འདྲེས་པ་དང་པོ་སོ་སོར་བྱས་ཀྱང་མཉམ་པར་སྦྱིན་པར་བྱའོ། །བྱ་བ་བྱེད་པས་གལ་ཏེ་མ་ལྕོག་ན། །ཉེ་བར་འདུག་པས་ཀྱང་ཚུལ་བཞིན་དུ་རོགས་བྱའོ། །གཞན་ཡང་གཉུག་མར་གནས་པ་ཐམས་ཅད་ཀྱིས་ལྷག་པའི་བསམ་པ་དག་པར་བྱ་ཏེ། ཆོས་དང་མི་མཐུན་པའི་འཐབ་དཀྲོལ་དང་སྤྱོད་པ་མ་དག་པ་མི་བྱའོ། །གལ་ཏེ་བྱེད་པ་མཐོང་ན་ལན་གཅིག་ལ་གོ་བྱར་བྱས་ཏེ་ཁ་ཏ་བྱའོ། །དེས་ལན་གཉིས་སུ་བྱེད་ན་ཆད་པ་བྱས་ཏེ་བཤགས་སུ་གཞུག་གོ །དེ་ལ་ཡང་མི་ཉན་པར་ལན་གསུམ་དུ་བྱེད་ན་ཚོགས་པ་གཞན་དུ་འགྲོར་གཞུག་གོ །འདི་ལྟར་སྤྱོད་པའི་ཚུལ་རྣམ་པར་དག་པར་བྱས་ན་རང་གཞན་གཉིས་ཀའི་དོན་དུ་འགྱུར་རོ། །བསམ་གཏན་དང་ཐོས་པ་ལ་བརྩོན་པ་དང་། ཆོས་ཁྲིམས་རྟོག་པར་བྱེད་པའི་ཞལ་ཏ་བཀོས་ཏེ། དེའི་ངག་བཞིན་དུ་བསྒྲུབ་པོ། ཞལ་ཏ་བྱེད་པས་ཀྱང་ཅི་འདི་ཆོས་དང་མཐུན་ནམ་མི་མཐུན་ཞེས་ལེགས་པར་བརྟགས་ཏེ་བྱའོ། །དགོན་པ་དང་རི་ཁྲོད་དུ་གནས་པའི་དུས་དང་། ཕན་ཚུན་འགྲོ་བ་ན་ཡང་། འགྲོ་བ་གཞན་འདུས་པར་ལ་སོགས་པར་མི་དད་པར་འགྱུར་བའི་སྤྱོད་པ་ནི། སྡོམ་པ་གསུམ་ཀའི་བསླབ་བྱ་ལས་བཀག་པས་ན། །སྤྱོད་པ་རྣམ་པར་དག་པ་ལ་འབད་དོ། །མཆོད་རྟེན་དང་བདེ་བར་གཤེགས་པའི་ལྷ་ཁང་དང་། སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གཟུགས་ལ་སོགས་པ་རྣམས་ལ་མོས་པར་བྱའོ། །ཅི་ནུས་ཀྱི་གསོ་བ་ལ་སོགས་པའི་བྱ་བ་བྱེད་པ་ཐམས་ཅད་ཀྱིས་ཕྱོགས་གཅིག་ཏུ་བརྩོན་པར་བྱའོ། །མདོར་བསྡུས་ན་ཆོས་དང་མཐུན་པའི་བྱ་བ་བྱ་ཞིང་། རང་གཞན་ཐམས་ཅད་ཀྱི་མི་དགེ་བ་འཕེལ་བའི་སྤྱོད་པ་ཐམས་ཅད་སྤང་བ་ལ་འབད་པར་བྱའོ། །འདིར་སྨྲས་པ། འཇིག་རྟེན་འདིར་སྐྱེས་དོན་དང་ལྡན་བྱའི་ཕྱིར། །བསླབ་པ་གསུམ་དང་མཐུན་པར་སྤྱད་པར་བྱའོ། །སྡོམ་གསུམ་སོ་སོའི་ཡོན་ཏན་ལྡན་པ་ཡིས། །སྤྱོད་ལ་ལེགས་བརྟགས་སྙིང་པོ་བླང་བ་དང་། །ལོངས་སྤྱོད་གཡོ་བའི་སྙིང་པོ་མེད་པ་ནི། ཆུ་མེ་དགྲ་དང་རྒྱལ་པོ་དང་ཐུན་མོང་། །རང་ལ་ཡོད་པ་སྦྱིན་པའི་འབྲས་བུ་ཡིན། །དེ་བས་དཀོན་མཆོག་མཆོད་དང་སྦྱིན་པར་བྱ། །ཚུལ་ཁྲིམས་རྐྱེན་ནི་ཉེས་པར་སྤྱོད་པ་ཡི། །ལུས་ངག་བསྡམ་ཞིང་རྣམ་དག་སྤྱོད་པ་ཡིན། །དེ་བས་གྲོགས་ངན་ལོག་པར་སྤྱོད་པ་དག །ཐབས་ཀྱིས་བསྲིངས་ཏེ་ཡོན་ཏན་ལྡན་པ་བསྟེན། །བཟོད་པ་བསྟན་བྱེད་རང་བྱུང་རྟོགས་པ་སྟེ། །བསྟན་པ་རིན་ཆེན་སྣོད་དང་མི་སྣོད་པ། །ལེགས་བརྟགས་ཞེ་སྡང་སྤང་ཞིང་གོ་ཆ་ལྡན། །ཡོན་ཏན་ཡར་ལྡན་རྒྱུད་ལ་བསྟེན་པར་བྱ། ལུས་ངག་བརྩོན་པས་རྩ་བ་སེམས་ཡིན་པས། །མ་ཞུམ་མི་འཁྲུག་ཆོག་མི་ཤེས་པ་ཡིན། །ཐོས་སྟོང་ཏིང་འཛིན་དམ་པ་རྒྱུད་ལ་བྱ། །ལོག་པའི་བརྩོན་འགྲུས་སྤངས་ཏེ་བཏང་སྙོམས་བཞག །བསམ་གཏན་རྐྱེན་ནི་དབེན་པ་ཡིན་པས་ན། །དབྱར་དགུན་བྱ་བ་གལ་ཆེན་ཅི་ཡོད་ཀྱང་། །དོར་ལ་འཚམས་དང་སྨྲ་བཅད་བསྟེན་པ་དང་། །རི་ཁྲོད་བས་མཐའི་གནས་ལ་དགའ་བར་བྱ། །ཤེས་རབ་རྒྱུ་ནི་ཐོས་དང་སེམས་པ་སྟེ། །དེས་ན་ཉན་དང་འཆད་དང་བྲི་བ་སོགས། །བླ་མེད་ཐེག་པའི་གཞུང་ལུགས་ཐམས་ཅད་ལ། །ཕྱོགས་རིས་སྤངས་ལ་ཆོས་སྤྱོད་བཅུ་པོ་སྤྱད། །གཞན་དོན་རྩ་བ་བྱང་ཆུབ་སེམས་ཡིན་པས། །བྱམས་དང་སྙིང་རྗེའི་སྤྱོད་པ་ཕུན་ཚོགས་དང་། །གཞན་ལ་གནོད་པར་བྱེད་པ་ཀུན་དོར་ཏེ། །མཐར་ཐུག་ཕྱི་མའི་དོན་དུ་འགྱུར་བར་བྱ། །དགེ་འདུན་འདུས་པའི་ཚོགས་མཆོག་རྣམ་ཐར་ནི། །བསྟན་པའི་ཚུལ་དང་མཐུན་པར་སླབ་དགོས་ན། །རྒྱལ་དང་བླ་མ་རྣམས་ཀྱི་དགོངས་པ་ལྟར། །སྤྱོད་པའི་བཅའ་ཁྲིམས་ཚུལ་བཞིན་སྤྱད་པར་བྱ། །དེ་ལྟར་གཞན་དག་སྤྱོད་ཅིང་འཇུག་པ་ལ། །ཆོས་འདོད་པ་ལ་ཆོས་ཀུན་སྦྱིན་བྱ་ཞིང་། །རྒྱུ་རྐྱེན་ཟས་དང་གོས་དང་སྨན་རྣམས་ཀྱིས། །ཐུན་མོངས་སྤྱད་ཅིང་སྦྱིན་པར་དམ་བཅས་སོ། །སྙན་སྨྲ་དོན་མཐུན་དོན་སྤྱོད་དང་འབྲེལ་བས། འདི་དང་ཕྱི་མའི་དོན་ལ་ཞུགས་པ་ཡིན། །འདི་ལྟར་བཤད་ཀྱང་ངག་ལ་མི་ཉན་ཅིང་། །འཚེ་དང་རྐུ་དང་འདོད་ལོག་སྤྱོད་པ་དང་། །ཆོས་དང་དབང་བསྐུར་དམྱལ་བར་འགྲོ་བ་ཡི། །རྒྱུ་བྱེད་ཅིས་ཀྱང་གསོ་བར་མི་རུང་པའི། །མི་རྣམས་ཀྱིས་ནི་ས་སྟེང་གང་གྱུར་ན། །རང་ཉིད་བརྩོན་པའི་སྟོབས་ཀྱིས་བསྐུལ་བྱས་ཏེ། ལུས་སྲོག་ལོངས་སྤྱོད་ལྟོས་པ་ཀུན་བོར་ཏེ། །རྩེ་ཅིག་བསྒྲུབ་ལ་ནན་ཏན་བསྐྱེད་བྱ་སྟེ། །རྒྱལ་བའི་བཀའ་བཞིན་བརྩོན་པར་བྱར་ཟད་མོད། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མར་བབ། །རྣམ་རྟོག་གིས་གཡེངས་ཡུལ་ལ་སྲེད་པ་དམ། །འདོད་ལྷའི་འཁོར་དང་ནག་པོའི་མཐུ་རྩལ་བསྐྱེད། །ཆོས་བཞིན་སྤྱོད་ལ་རྨ་བབས་སྙིང་རྗེའི་ཡུལ། །དེ་ལྟར་སྣང་ཡང་རང་བྱུང་རྡོ་རྗེ་ཡིས། །ཅུང་ཟད་སེམས་ལ་གོ་ཆ་བསྐྱེད་ནས་ཀྱང་། །རང་དག་གཞན་ལ་ཕན་པར་བསམ་ནས་ནི། །དམ་བཅས་བཞིན་དུ་བཅའ་ཁྲིམས་ལྡན་པ་ཡི། །སེམས་ཀྱི་ཀུན་རྟོག་ཡིག་གེར་བྲིས་པ་འདི། །རྒྱ་བ་སྲས་དང་བཅས་པ་ཐམས་ཅད་དང་། །དཀར་ཕྱོགས་མཐུ་ལྡན་ཆོས་སྐྱོང་བསྲུངས་མ་ཡིས། །རང་གཞན་ཀུན་གྱི་དམ་བཅའ་བརྟན་པ་ཡི། །བྱིན་བརླབས་སྡོང་གྲོགས་ལེགས་པར་མཛད་དུ་གསོལ། །ལྷ་དང་བཅས་པས་འདི་ལ་ཡིད་རང་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །རང་དང་གཞན་གྱི་རྒྱུད་ལ་ཕན་པའི་དམ་བཅའ་བ་ཕྱོགས་འགའ་ཞིག་བྲིས་པའོ། །ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་ཡུན་རིང་དུ་བརྟན་པར་གྱུར་ཅིག ༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད། །སྲིད་དང་ཞི་བ་ཀུན་གྱི་དཔལ་གྱུར་པ། །ཐུགས་རྗེ་དཔག་མེད་དུས་རིང་གཟིགས་པ་པོ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་ཉམས་སུ་ལེན་པ་ལ། །དད་ལྡན་ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན། ཐམས་ཅད་རྩ་བའི་བླ་མར་ཤེས་པར་བྱ། །ཆོས་ཀུན་རྩ་བ་རང་གི་སེམས་ཉིད་དེ། ལ་ལ་དམིགས་བཅས་སེམས་འཛིན་བསྒོམ་པ་ཡིན། ལ་ལ་རྟོག་པའི་རང་བཞིན་བསྒོམ་པ་ཡིན། །ལ་ལ་སྟོང་ཉིད་དམིགས་པའི་ཏིང་འཛིན་ཏེ། །ལ་ལ་ཐབས་མཁས་གནད་ཀྱི་མན་ངག་བསྒོམ། །དེ་ཀུན་ཐབས་ལམ་ཁྱད་པར་ཡིན་པ་ལས། །ཕྱོགས་འཛིན་བྱས་ན་ལམ་དུ་མི་འགྲོ་སྟེ། །ཕྱོགས་མེད་སྦྱངས་ན་འབྲས་བུ་ཐོབ་པ་ཡིན། །ཀུན་གྱི་གཞི་མ་སྟོང་ཉིད་སྙིང་རྗེ་ཡིན། སྟོང་པ་དེ་ཡང་གོ་ཡུལ་མ་ལུས་པར། །ཆོས་ཀུན་རྒྱུ་འབྲས་རྟེན་འབྲེལ་ཚུལ་ཤེས་ནས། །རང་གི་ངོ་བོ་སྐྱེ་དང་འགག་མེད་པར། །མཚན་མ་ཐམས་ཅད་བྲལ་ན་གནས་ལུགས་ཡིན། །དེ་ལྟར་རྟོགས་ན་ནམ་མཁའི་མཐས་ཁྱབ་པའི། །སེམས་ཅན་རྣམས་ལ་སྙིང་རྗེ་ཕྱོགས་མེད་པ། །བསྐྱེད་ཅིང་དེའི་ཚུལ་ལ་ཞུགས་པར་བྱ། །སྲིད་ཞི་མཉམ་པར་རྟོགས་ན་སྙིང་རྗེ་ཡིན། །དེ་ལྟར་སྟོང་ཉིད་སྙིང་རྗེའི་གཞི་བརྟེན་ནས། །ཀུན་གྱི་བྱེད་པོ་རྣམ་པར་རྟོག་པ་འདི། །བསམ་གཏན་སྟོབས་ཀྱིས་རྩེ་ཅིག་བཟུང་བ་དང་། །ཤེས་རབ་སྟོབས་ཀྱིས་གང་ཤར་ངོ་བོ་སྦྱངས། །ངར་འཛིན་འཁྲུལ་པའི་ངན་རྟོག་བྱུང་བའི་ཚེ། །སྒྱུ་མ་ལྟ་བུའི་གཉེན་པོས་གཞོམ་པར་བྱ། །བདེ་གསལ་མི་རྟོག་ཏིང་འཛིན་བཟང་པོ་དང་། མངོན་ཞེན་བྱས་ན་བར་ཆོད་རྒྱུར་འགྱུར་བས། །ཞེན་པ་མེད་པར་ཏིང་འཛིན་ལམ་དུ་སྦྱངས། །དེ་ལྟར་གོམས་ཤིང་གནད་དུ་བསྣུན་བྱས་པས། །གེགས་སེལ་གཞན་ནས་མི་དགོས་འདི་རང་ཡིན། །དེ་ལྟར་ཉམས་སུ་ལེན་པའི་སྤྱོད་པ་ཡང་། །རང་རྒྱུད་ཉོན་མོངས་ཞི་བར་བྱེད་པ་དང་། གཞན་ལ་ཕན་པ་སྙིང་རྗེའི་སྤྱོད་པ་ཡིས། །མཐའ་གཉིས་སྤངས་པའི་ལམ་ལ་བརྟེན་བྱ་ཞིང་། སེམས་བསྐྱེད་བསྔོ་བས་རྟག་ཏུ་ཟིན་པ་དང་། ཐབས་མཁས་ལྡན་པས་ཉམས་སུ་བླངས་པ་ཡིན། རང་གཞན་དོན་གཉིས་འགྲུབ་པའི་འབྲས་བུ་འཐོབ། །འདི་དག་རྒྱས་པར་མན་ངག་ཚིག་བསྡུས་སུ། །བཀོད་ནས་ཡོད་པས་དེ་ལ་གཟིགས་པར་མཛོད། །ཁོ་བོའི་འདས་དང་ད་ལྟར་སྤྱོད་པ་དང་། མ་འོངས་དུས་ན་སེམས་པ་ཇི་ལྟ་བར། །རྣམ་ཐར་ནང་དུ་རྒྱས་པར་ཡོད་པས་ན། །དེ་རུ་བལྟས་པས་ལེགས་པར་རྟོགས་པར་འགྱུར། །འདི་ལྟར་ཚིགས་སུ་བཅད་པ་བསྡུས་པ་འདི། །ལེགས་པར་གཟིགས་ལ་ཉམས་སུ་བླང་བར་མཛོད།། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་སུ། །ཐེག་མཆོག་བླ་མ་དམ་པ་བརྟེན་པ་དང་། རང་གི་གཉེན་པོ་དང་མཐུན་ཚུལ་ཁྲིམས་བསྲུང་། །ལོངས་སྤྱོད་ཅི་ཡོད་སྦྱིན་པར་བཏང་བྱ་ཞིང་། །བླ་མའི་གདམས་ངག་ལེགས་པར་ཐོབ་ནས་ཀྱང་། །རྟག་ཏུ་འདུ་འཛི་དང་བྲལ་རི་ཁྲོད་བརྟེན། བླ་མའི་རྣལ་འབྱོར་རྟག་ཏུ་བསྒོམ་བྱ་ཞིང་། །གསོལ་བ་གདབ་ཅིང་རང་གི་སེམས་དང་བསྲེ། ཆོས་ཀུན་རྨི་ལམ་སྒྱུ་མ་ལྟ་བུར་བལྟ། །རྣམ་རྟོག་རྩེ་ཅིག་ཏིང་ངེ་འཛིན་གྱིས་བཟུང་། །སེམས་ཀྱི་གནས་ལུགས་སྟོང་ཞིང་སྤྲོས་བྲལ་བ། །ཕྱག་རྒྱ་ཆེན་པོའི་ངང་ལ་རྒྱུན་དུ་བསྒོམས། །སེམས་ཅན་རྣམས་ལ་སྙིང་རྗེ་རྒྱ་ཆེན་བྱ། །འདུས་བྱས་འདུས་མ་བྱས་ཀྱི་དགེ་རྩ་ཀུན། །གཞན་དོན་བསྔོ་བའི་རྒྱ་ཡིས་ཐེབས་པར་བྱ། །མ་ཡེངས་རྒྱུན་དུ་ཤེས་བཞིན་དྲན་པ་བརྟེན། །འདི་ནི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །དེ་ལྟར་མ་ཡེངས་རྩེ་ཅིག་རྒྱུན་དུ་བསྒོམས།། །། ༈ བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐོབ་པར་གྱུར་པའི་ཚེ། །བླ་མ་དམ་པ་རྟག་ཏུ་བརྟེན་པར་བྱ། །མོས་པས་རྟག་ཏུ་གསོལ་བ་གདབ་བྱ་ཞིང་། འཁོར་འདས་ཐམས་ཅད་སེམས་ཀྱི་རང་བཞིན་ཏེ། །སྣང་དང་སྟོང་པ་གཉིས་སུ་མེད་པ་ལ། གཟུང་འཛིན་ཞེས་པའི་མཚན་མ་རབ་སྤངས་ནས། སྟོང་དང་སྙིང་རྗེ་གཉིས་སུ་མེད་པར་བསྒོམ། ཐབས་ཀྱི་ཡན་ལག་རྩལ་སྦྱང་དུ་མ་ཡིས། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུ་ལ་འབད། །ལུས་དང་ལོངས་སྤྱོད་གཞན་དོན་རྒྱུའི་ཕྱིར། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་བསོད་ནམས་ཚོགས། །དམིགས་མེད་བསྔོ་བའི་སྨོན་ལམ་གྱིས་ཟིན་བྱ། བསྐྱེད་རྫོགས་རྣལ་འབྱོར་རྩེ་ཅིག་བསྒོམ་པ་དང་། བསོད་ནམས་ཡེ་ཤེས་ཚོགས་ལ་འབད་པས་བསྒོམ། སེམས་བསྐྱེད་སྨོན་ལམ་གྱིས་ནི་ཡོངས་ཟིན་བྱ། ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པས་ན། །དེ་ལྟར་ཀུན་གྱིས་ཉམས་སུ་བླང་བར་མཛོད།། །། ༈ བླ་མ་ཡིག་འབྲུ་མི་གསལ། ཕྱག་འཚལ་དྲིས་པའི་ལན་དེ་མདོར་བསྡུས་བརྗོད། །རྣམ་རྟོག་སྐྱེ་བ་དང་ནི་འགག་པ་ཡི། །བྱེད་པ་དེ་ཉིད་ལས་ཀྱི་ངོ་བོ་ཡིན། །དབྱེ་བ་དཀར་ནག་མི་གཡོའི་ལས་གསུམ་ཏེ། །སོག་པ་ཞེས་བྱ་ཀུན་གཞིར་བསགས་པ་ཡིན། །དེ་ལ་མྱོང་དང་མི་མྱོང་མུ་བཞིས་ཏེ། ལུས་ངག་ཡིད་གསུམ་ལས་གང་སྤྱད་པ་ཡི། སྦྱོར་དངོས་རྗེས་གསུམ་ཚང་ཞིང་རྒྱུན་ལ་ཞུགས། །ངེས་པར་འབྲས་བུ་འབྱིན་པའི་ལས་ཡིན་ཏེ། །ལས་བྱས་འགྱོད་ཅིང་གཉེན་པོས་བཅོམ་པ་དེ། །བྱས་ཀྱང་མྱོང་བར་མི་འགྱུར་ལས་ཞེས་བྱ། ལུས་དང་ངག་གིས་དངོས་སུ་མ་བྱས་ཀྱང་། །འདུན་དང་ཡིད་རང་ལྡན་པར་གྱུར་པའི་ལས། །མ་བྱས་འབྲས་བུ་འབྱིན་པའི་ལས་ཞེས་བྱ། རྒྱུ་ཡང་མ་བྱས་རྩོལ་བ་མེད་པ་དེ། རྒྱུ་མེད་འབྲས་བུ་མེད་པའི་ལས་སུ་གསུངས། །ཞེ་སྡང་ལྟ་བུའི་འཛིན་པ་བཅོམ་བྱས་ཀྱང་། །མ་བདེ་བ་དེ་བག་ཆགས་ལྷག་མ་སྟེ། །གནས་ངན་ལེན་ཞེས་ཡོངས་སུ་གྲགས་པ་ཡིན། །གཉིད་ནི་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ། དགེ་བའི་རྒྱུ་ལྡན་དགེ་བའི་གཉིད་ཡིན་ཏེ། མི་དགེས་འཕངས་པ་མི་དགེའི་གཉིད་ཡིན་ནོ། །ལུང་མ་བསྟན་པར་རྨུགས་པ་ལུང་མ་བསྟན། །དེ་ཕྱིར་གཉིད་ཀའི་འདུན་པ་གཙོ་བོ་ཡིན། །ཉིན་པར་རྗེས་ཤེས་མེད་མཉམ་བྱེད་པ་དེ། །ངོ་མ་ཤེས་པའི་ཡིད་གཅིག་གཡོ་བ་མེད། །དེ་ཕྱིར་རྨི་ལམ་ནང་དུ་འཁྲུལ་པ་ཡིན། །བར་དོ་དེ་ལ་འཁྲུལ་པར་ཤིན་ཏུ་འབྱུང་། །འདི་དག་རྣམ་དབྱེ་རྣམ་ཤེས་བརྟག་པ་ཡི། །བསྟན་བཅོས་ཁོ་བོས་བྱས་པར་ཞིབ་ཏུ་ལྟོས། །དམིགས་མེད་སྙིང་རྗེ་ཆེན་པོ་ཞེས་བྱ་བ། དག་པའི་ས་ལམ་འཐོབ་ལ་འབྱུང་བ་སྟེ། །དེ་རྒྱུ་ཆོས་རྣམས་ལ་དམིགས་སྙིང་རྗེ་ཡིན། །དེ་ཡང་མ་དག་ས་བདུན་ལ་ཡོད་དོ། །དེ་རྒྱུ་སེམས་ཅན་དམིགས་པའི་སྙིང་རྗེ་སྟེ། དེའི་སྐྱེ་ཚུལ་འདི་ལྟར་ཤེས་པར་བྱ། །སེམས་ཅན་ཀུན་ལ་སངས་རྒྱས་སྙིང་པོ་ཡོད། །འདི་མ་རྟོགས་པ་འཁོར་བར་འཁྱམ་པ་སྟེ། །དེ་ཕྱིར་རྟོག་པའི་དྲི་མ་སེལ་བ་ལ། །བདག་གིས་འཁོར་བ་ཇི་སྲིད་གཞན་དོན་བྱ། །སྙམ་ནས་རྒྱལ་སྲས་བསླབ་པ་སྤྱོད་པའོ། །དེ་ཡིས་བསམ་གཏན་ཏིང་འཛིན་ཤེས་རབ་ཐོབ། །མཐོང་བས་སྤངས་བྱའི་ཉོན་མོངས་དག་ནས་ནི། །སྒྱུ་མ་ལྟ་བུར་ཆོས་དང་སེམས་ཅན་ཀུན། །རྟོགས་ནས་ནུས་པ་རྫོགས་པའི་ཐབས་མཁས་ཀྱིས། །སྤྱོད་པ་ཆོས་ལ་དམིགས་པ་ཐོབ་པ་ཡིན། །ཡུལ་དང་ནུས་པ་ཐོབ་ལ་རྣམ་མི་རྟོག །ཡིད་འཛིན་རྣམ་རྟོག་གནས་གྱུར་ཐོབ་ནས་ཀྱང་། །བསྒོམ་པས་སྤང་བྱའི་ཉོན་མོངས་གཏན་དག་ཅིང་། །སྨོན་ལམ་སྟོབས་དང་ཡེ་ཤེས་མཐར་ཕྱིན་པ། །དམིགས་མེད་སྙིང་རྗེ་ཐུགས་རྗེ་ཆེ་ཞེས་བྱ། །དེ་ཕྱིར་ཁྱེད་ཀྱི་དྲི་བ་དང་པོ་དེ། །སེམས་ཅན་ལ་དམིགས་སྙིང་རྗེའི་རྒྱུ་རུ་འགྲོ། །འཁོར་གསུམ་གང་ལ་དམིགས་པ་མེད་པ་དེ། །སྟོང་པའང་མ་ཡིན་སྙིང་རྗེའང་མ་ཡིན་ཏེ། །ཡུལ་དང་ཡུལ་ཅན་འགོག་པའི་ཏིང་འཛིན་ཏེ། །འདི་ལ་སོ་སོར་བརྟན་འགོག་ཞེས་སུ་བརྗོད། །སྟོང་པ་ཞེས་བྱ་གང་གང་དེས་དབེན་པའི། །དེ་མེད་པ་ལ་སྟོང་པའི་ཐ་སྙད་བྱས། །སྙིང་རྗེ་ཞེས་བྱ་ཐམས་ཅད་སྒྱུ་མ་ལྟར། །མེད་ཀྱང་སྣང་ལ་འཇུག་པའི་ཐབས་མཁས་ཡིན། །དབྱེར་མེད་ངོ་བོ་དབྱེ་བ་མེད་པ་དང་། ལམ་ལ་མཉམ་པར་དབྱེར་མེད་སྦྱོང་བ་དང་། །འབྲས་བུ་འབད་མེད་ཡིད་བཞིན་ནོར་བུ་ལྟར། །མི་རྟོག་དགོས་འདོད་འབྱུང་བའི་དབྱེར་མེད་གསུམ། །བཞི་ལམ་འབྲས་བུའི་གནས་སྐབས་མིང་གསུམ་མོ། །དེ་ཕྱིར་ཉམས་སུ་ལེན་པར་བྱེད་པ་ན། །ཇི་སྲིད་རྟོག་པ་ཡོད་ཀྱི་བར་དུ་ནི། །རེས་འཇོག་བློ་ཡིས་ངེས་པར་སྙིང་རྗེ་དང་། །རང་བཞིན་མེད་ལ་མཉམ་པར་བྱ་དགོས་སོ། །འདྲེས་ནས་གཞན་གྱི་དོན་དང་མཐུན་སྤྱོད་ཀྱང་། །ཏིང་འཛིན་ཉམས་པ་མེད་པར་འགྱུར་བ་ཡིན། །དེ་ནི་ཟུང་འཇུག་ཞེས་བྱའི་རྣམ་གྲངས་སོ། །ལན་འདིས་ཀུན་མཁྱེན་ཤེས་རབ་སྐྱེ་གྱུར་ཅིག ༈ ན་མོ་བྷུད་དྷ་ཡེ། ཡང་དག་པའི་ཤེས་རབ་ཚོལ་བར་འདོད་པ་དག་གིས། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟག་པར་བྱ་སྟེ། དེའི་ཡན་ལག་བཅུ་གཉིས་གང་ཞེ་ན། མ་རིག་པ་འདུ་བྱེད་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་ན་ནི་འདི་སྐྱེ། འདི་འགགས་ན་ནི་འདི་འགག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཡང་ལས་དང་ཉོན་མོངས་པ་དང་། སྡུག་བསྔལ་གསུམ་དུ་འདུས་སྟེ། དང་པོ་བརྒྱད་པ་ཀུན་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ནི་སྡུག་བསྔལ་ཡིན། གསུམ་པོ་དག་ལས་གཉིས་བྱུང་ཞིང་། གཉིས་ལས་བདུན་བྱུང་བདུན་ལས་ཀྱང་། གསུམ་བྱུང་སྲིད་པའི་འཁོར་ལོ་འདི། ཉིད་ནི་ཡང་དང་ཡང་དུ་འཁོར། །འདི་ནི་འཁོར་བ་རང་བཞིན་ཏེ། །མ་རིགས་འགགས་ཤིང་སྐྱེ་མེད་ན། །འགག་པ་ཉིད་ཀྱང་མི་དམིགས་ན། །ཡང་དག་མྱ་ངན་འདས་པ་ཞེས། །ཡང་དག་གཟིགས་པ་མཆོག་གིས་གསུངས་སོ། །རྟེན་ཅིང་འབྲེལ་པ་འབྱུང་ཤེས་ཤིང་། དེའི་དོན་སྐྱེ་བ་དང་འགག་པ་མེད་པ་རྟོགས་ན་རྣམ་པར་གྲོལ་བ་ཡིན་པས། །སྐལ་བ་དང་ལྡན་པ་རྣམས་ཀྱིས་བྲིས་ཤིག །རྟོག་ཤིག་བསྒོམས་ཤིག །ཁོང་དུ་ཆུད་པ་དང་རྒྱ་ཆེར་ཡོངས་སུ་བརྟེན་ཅིག ༈ ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱིས་མཆོད། སྲིད་ཞི་གཉིས་མེད་དོན་ལ་མཉམ་པར་བཞག །ཤེས་བྱའི་དཀྱིལ་འཁོར་མཉམ་པ་ཉིད་རྟོགས་པ། །རྒྱལ་དང་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱ་གཤིས་ཀྱི་གནས་སྣང་སྣ་ཚོགས་འདི། །དུ་མ་རོ་ཅིག་རྒྱལ་བའི་དཀྱིལ་འཁོར་ཏེ། །སྣང་དང་སྟོང་པ་རང་བཞིན་གཉིས་མེད་པ། །གང་རྟོགས་དེ་ཉིད་ཆོས་ཉིད་སྙིང་པོ་ཡིན། །སྣ་ཚོགས་སྣང་བ་སྒྱུ་མ་ལྟ་བུ་སྟེ། གང་ཡང་བདེན་པ་མེད་པའི་རང་བཞིན་ཡིན། །བདེན་པར་འཛིན་ན་བརྫུན་པའི་ནང་དུ་ཆེ། །བདེན་མེད་རྟོགས་ན་ཆོས་སྐུའི་ངོ་བོ་ཡིན། །ཅི་ལྟར་སྣང་བ་ནམ་མཁའི་སྨིག་སྒྱུ་འདྲ། །བདེན་པར་འཛིན་པ་བྱིས་པའི་འཁྲུལ་པ་ཏེ། །བདེན་མེད་རྟོགས་ན་རང་གི་ངོ་བོས་སྟོང་། །སྟོང་དང་མི་སྟོང་བདེན་མེད་ངོ་བོ་ནི། །དེ་ཉིད་ངོ་བོ་དགག་བསྒྲུབ་མི་བྱ་རང་སོར་ཞོག །སྤོང་ལེན་མེད་པར་རྟོགས་པར་གྱུར་པའི་ཚེ། །རྒྱལ་བ་རྣམས་ཀྱི་དགོངས་པའི་སྙིང་པོ་ཡིན། །གང་ཞིག་རྨོངས་པའི་བྱིས་པ་ཐམས་ཅད་ཀུན། །འཁོར་བའི་གཟུང་འཛིན་མངོན་པར་ཞེན་པ་ནི། །རྨི་ལམ་བདེ་ལ་རྗེས་སུ་ཆགས་དང་མཚུངས། །དེ་ལ་སྤང་བླང་མ་བྱེད་གློད་ལ་ཞོག །འཛིན་པར་བྱེད་ན་སྨིག་རྒྱུ་ཞེན་པ་བཞིན། །མེད་པ་གཟུང་བས་སྡུག་བསྔལ་དཔག་ཏུ་མེད། །དེ་ནི་འགྲོ་དྲུག་འཁོར་བའི་མཚན་ཉིད་ཡིན། །དེས་ན་གང་ལ་བླང་དང་དོར་མེད་པར། །ཆོས་དབྱིངས་རང་བཞིན་ངོ་བོ་ཉིད་ཀྱི་དོན། །མཚན་ཉིད་རྒྱལ་བ་ཀུན་གྱིས་གསུངས་པ་ཡིན། །འགྲོ་བ་ཀུན་གྱི་འདི་དོན་རྟོགས་པར་ཤོག ༈ ཁྱབ་བདག་སངས་རྒྱས་ཀུན་ཀྱིས་བདག །འགྲོ་བ་ཀུན་གྱི་འདྲེན་པའི་དཔལ། །དེ་བཞིན་གཤེགས་དང་དབྱེར་མེད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་པའི་ཆོས། །གཉིས་སུ་མེད་པའི་རང་བཞིན་ལ། །འཁྲུལ་པའི་ཐག་པས་མི་བཅིང་ཞིང་། །གཟུང་འཛིན་ཞེན་པ་བཅད་པར་བྱ། །ནང་གི་རྟོག་པའི་གཉིས་འཛིན་རྣམས། །ནམ་མཁའི་འཇའ་ཚོན་བཞིན་དུ་ལྟ། །བདེན་པ་མེད་པའི་རང་ངོ་ལ། །དགག་བསྒྲུབ་མེད་པར་ལྷོད་ཀྱིས་གློད། །མཐའ་དབུས་མེད་པར་ནམ་མཁའ་ལྟར། །སྤྲོས་མེད་ཆོས་ཀྱི་དབྱིངས་ཉིད་ལ། །མཉམ་པར་བཞག་པས་དེ་ཉིད་དོན། །མཚན་འཛིན་དང་བྲལ་དེ་ཉིད་དེ། དེ་དོན་གཤིས་ཀྱི་གནས་ལུགས་ལ། །མཚན་འཛིན་མེད་པར་ལྷོད་ཀྱིས་གློད། །གཤིས་ཀྱི་སྟེང་དུ་མཉམ་པར་ཞོག །དེ་ལ་འཛིན་པར་མི་བྱ་ཞིང་། །ཡུལ་དུ་བདེན་པར་རྟོག་མི་བྱ། །གཉིས་འཛིན་ཞེན་པས་མ་སླད་པར། འཆིང་གྲོལ་མེད་པར་ངང་ཉིད་དུ། །གནས་པ་རྒྱལ་བའི་སྙིང་པོ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་དེ་བླ་ན་མེད། །འདི་དོན་གང་གིས་མ་རྟོགས་པར། །ང་དང་ང་ཡིར་འཛིན་པ་རྣམས། །རང་གིས་རང་ལ་སླུས་པ་སྟེ། །དར་གྱི་སྲིན་བུ་བཞིན་དུ་འཁིང་། །དེས་ན་འཁོར་འདས་ཐམས་ཅད་ཀྱི། །གནས་ལུགས་ཡིན་པར་རྟོགས་པར་མཛོད། །འདི་བརྩམས་དགེ་བ་ཅི་ཡོད་པ། རིགས་དྲུག་སེམས་ཅན་མ་ལུས་པ། །དེ་བཞིན་ཉིད་དོན་མངོན་སུམ་དུ། །མ་ནོར་གསལ་བར་རྙེད་གྱུར་ཅིག ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱའི་གནས་ལུགས་སྣ་ཚོགས་འདི། །སྣང་ཡང་བདེན་པ་མེད་པ་སྟེ། །བདེན་པར་འཛིན་པ་འཁྲུལ་པའི་རྒྱུ། །དེ་བས་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་གཉིས་སུ་མེད་པའི་དོན། །ནང་གི་བློ་ལ་ངེས་པར་བྱ། །གང་ཞིག་དངོས་པོའི་སྣང་བ་ལ། །ཞེན་པ་ཐམས་ཅད་དོར་བྱས་ཏེ། །མཚན་མར་འཛིན་པའི་རྟོག་པ་ཀུན། རང་སོར་ཕྲོལ་ལས་མཉམ་པར་ཞོག །བླང་དང་དོར་བར་མ་བྱེད་པར། །གཤིས་ཀྱི་གནས་ལུགས་ཅི་བཞིན་དུ། །འཆིང་གྲོལ་མེད་པའི་ངོ་བོ་རུ། །རང་གྲོལ་མཉམ་པ་ཉིད་དུ་ཞོག བལྟ་བ་ཀུན་གྱི་མཐར་ཐུག་ཡིན། གང་ཞིག་འདི་དོན་ཉམས་ལེན་ན། ལུས་ནི་བསམ་གཏན་གནས་བཅས་ཏེ། །རྣམ་རྟོག་གཞན་དུ་མི་གཡེང་པར། །རྩེ་ཅིག་མི་གཡོ་བརྟན་བྱས་ཏེ། །ཡུལ་དང་ཡུལ་ཅན་གཉིས་མེད་ལ། རང་གསལ་གཅིག་ཏུ་བཞག་པར་བྱ། གང་ཚེ་བསྒོམས་འཛིན་བྱུང་བའི་ཚེ། །དེ་ཉིད་བྱུང་བར་ཤེས་བྱས་ལ། །རང་གྲོལ་ཉིད་དུ་མཉམ་པར་ཞོག །མཉམ་པར་འཇོག་མཁན་སེམས་ཉིད་དེ། །དེ་ཡང་རང་གྲོལ་རང་གི་སེམས། །དེ་ལྟར་རྟོགས་པར་གྱུར་པ་ཡི། །མ་རྟོགས་ཐེ་ཚོམ་མི་བྱ་སྟེ། །བཅོས་མའི་ཚུལ་འཆོས་བྱེད་པ་ཡང་། །མཐའ་གཉིས་བྲལ་བའི་སྤྱོད་པ་མཆོག །ཡང་དག་དབུ་མའི་ལམ་དུ་འགྲོ། །ཡང་དག་དེའི་འབྲས་བུ་ནི། །སྲིད་ཞི་སྤངས་པའི་སངས་རྒྱས་ཏེ། །བསམ་བྱ་མེད་ཅིང་གནས་བྱ་མེད། །སྤང་པ་མེད་ཅིང་ཐོབ་པ་མེད། །རང་གི་འབྲས་བུ་མཐར་ཐུག་གོ །འདི་ནི་སེམས་ཅན་ཐམས་ཅད་ཀྱིས། །མངོན་སུམ་ཉིད་དུ་མཐོང་བར་ཤོག ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མ་ལ། །ངེས་པར་དམ་ཆོས་མཛད་ལ་གཞོལ་བ་རྣམས། །རྒྱལ་བའི་བསྟན་དང་འཇལ་བ་དཀའ་བར་སོམས། །སྐལ་པ་བྱེ་བ་མང་ལ་རེས་འགའ་འབྱུང་། །དལ་འབྱོར་སྐྱོན་མེད་དབང་པོ་ལྡན་པ་སོགས། །སྔོན་སྦྱངས་བསོད་ནམས་དུ་མ་བསགས་ལས་བྱུང་། །མཚན་ལྡན་བླ་མ་མཁས་གྲུབ་འཛོམ་པ་དཀོན། །རྙེད་ནས་དེའི་གསུང་ལྟར་བསྒྲུབ་པ་གཅེས། །ལོག་མཚོ་ཚེ་འདི་དོན་དུ་གཉེར་བ་མང་། །དེ་འདྲ་རྣམས་དང་འཕྲད་ན་ཐབས་ཀྱིས་བྱོལ། །ཡུལ་ངན་གནས་དགོན་ཆགས་སྡང་སོགས་པ་མང་། །དེ་འདྲ་རྣམས་ལ་སྡུག་ཞེན་ཆ་ཡིས་སྤོངས། །མི་ནག་ཕལ་ཆེར་ཚེ་འདི་འདོད་པ་མང་། །དེ་འདྲའི་ཁྱིམ་འདྲིས་ངོ་བསྲུང་བྱེད་པ་པོ། གྲོགས་པོ་ཕལ་ཆེར་རང་དོན་ཚེ་འདི་བསྒྲུབ། །ཁ་ལ་མི་ཉན་དེའི་དབང་མི་འགྲོ། །རྣམ་རྟོག་འདི་ནི་བག་ཆགས་ངན་པས་གཡེངས། །རྟག་ཏུ་རང་ལ་དྲན་པས་བཟུང་བ་གཅེས། དབང་པོ་ལྔ་ལ་བདེ་བས་ཆོག་ཤེས་མེད། །ཚོར་བ་མི་རྟག་ཆུ་ཟླ་ལྟ་བུར་སོམས། གཟུགས་སོགས་ཡུལ་སྣང་སྒྱུ་མས་བྲིད་པ་འདྲ། །ཡུལ་ཕྱིར་མི་འབྲང་རྨི་ལམ་ལྟ་བུར་ལྟོས། །སྡུག་ཀྱང་དབེན་གནས་རི་ཁྲོད་དགོན་པ་བསྟེན། །མི་དགེའི་ཡུལ་ལ་བགས་ཀྱིས་སྲབ་པར་འགྱུར། །རྙེད་པ་ཆེ་ཡང་སྡིག་ལྟོས་ནོར་མ་བསོག །སྔར་གྱི་བསོད་ནམས་ཟད་ནས་ངན་འགྲོའི་རྒྱུ། །སྒྲོ་བསྐུར་བཏབ་ཀྱང་འགྱོད་མེད་ཚུལ་ཁྲིམས་བསྲུངས། །རང་གི་སོ་ནམ་རང་ལ་དྲིན་དུ་ཆེ། ཞེ་སྡང་སྐྱེས་ཀྱང་བཟོད་པའི་གོ་ཆ་གྱོན། །ཤིང་གཉིས་དྲུད་ན་རང་ཚིག་ཕམ་ཁ་འོངས། །དགེ་བ་ཅི་བྱས་འགྲོ་བའི་དོན་དུ་བསྔོས། ཟད་མེད་བསྐྱེད་དུ་བཏང་བཞིན་འཕེལ་བར་འགྱུར། །རང་ཕྱིར་བྱས་ན་དབུལ་པོའི་ཕག་ནོར་མཚུངས། །རང་གི་དྲོད་རྟགས་ཁ་སྒོར་སྨྲ་མི་བྱ། །བདུད་ཀྱིས་མི་ཚུགས་མྱུར་དུ་ཡོན་ཏན་འཕེལ། །དངོས་ངན་རྒྱལ་མཚན་རྩེ་ལ་ཕྱར་གྱུར་ན། །ཆོམ་རྐུན་ཡོད་པར་ནོར་ངོམ་བྱེད་དང་མཚུངས། །དམ་པ་རྣམས་ཀྱི་སྐྱོན་ལ་བརྟག་མི་བྱ། །རལ་གྲིའི་སོ་ལ་བསྣུན་ན་རང་ལུས་ཆོད། །བློ་མི་ཤོང་བའི་ཆོས་ལ་འཕྱ་བ་སྤངས། །ཕྱི་དུས་ཐར་པའི་རྩ་བ་སྟོར་བ་སྲིད། །རང་གི་ཉོན་མོངས་གང་སྐྱེས་མྱུར་དུ་སྤང་། དུག་སྦྲུལ་རྟེན་ན་མྱུར་དུ་འཆི། །རྐྱེན་འདི་ནི་ཕྱེད་འཁོར་ཞེས་བྱ་བ་ཡིན། །ལུས་ལྷ་སྐུ་བསྒོམས་མཉམ་དུ་བཅིངས། །ངག་སྔགས་གསུང་ཅིག་རྗེས་མ་ནས། །ཡིད་བསྒོམ་ཐུགས་རྗེ་ཅིག་ལ་བརྟེན། །གསུམ་པ་ཅིག་ལ་དུ་མར་འབྲེལ། །མཉམ་ཉིད་ཆེ་རྩོལ་བསྒོམ་ཅིག་ཞེས། །བཞག་བྱེད་བཞག་བྱ་མེད་པ་སུ། །ཡིན་ཞེས་བྱ་བྲལ་མཉམ་ཉིད་བརྗོད། །ངན་བྱུང་ན་སྔོན་གྱི་ལས་སུ་བསྒོམ། །གང་བྱུང་དེ་ལ་གཉེན་པོས་ཐོག་འགེལ་བྱ། །སྡུག་བསྔལ་བྱུང་ཚད་སྒྲིབ་པའི་ཆགས་མར་བལྟ། །སེམས་ཅན་ཀུན་གྱི་སྒྲིབ་པ་དག་པར་བསྒོམ། །བདེ་བ་གང་བྱུང་སངས་རྒྱས་བཀའ་དྲིན་ཡིན། །དཀར་པོའི་ཆོས་ཀུན་དེ་ཡིས་བསྟན་པའི་ཕྱིར། །བླ་མ་རྒྱལ་སྲས་ཀུན་ལ་མོས་པ་བསྐྱེད། །ཆུ་བོ་ཆེ་ལ་སྒྲོལ་མཁན་གཞན་ན་མེད། །དམ་ཆོས་བསྒྲུབ་དུས་ལུས་ལ་གཅེས་སྤྲས་བྱ། །འཁོར་བའི་ཆུ་ལ་གྲུ་ཟམ་གཞན་ན་མེད། མི་དགེ་སོག་པའི་ལུས་ཀྱི་ཚིས་མི་བྱ། །སྡིག་མེད་ཤི་བའང་དེ་ལ་འགྱོད་པ་མེད། །ཐར་པའི་ལམ་ལ་འགྲོ་རུ་མི་ཉན་པར། །སློབ་མ་སྡོམ་མེད་ཉག་ཉོག་འཁོར་མི་བརྐྱང་། རང་གི་རྐང་པ་འཁོར་བའི་འདམ་ཚུད་འགྱུར། དེ་བས་བག་ཡོད་ཐེག་ཆེན་གདམས་པ་བསྒོམ། །འདི་ལྟར་རྒྱལ་དང་བླ་མའི་བཀའ་སྲོལ་ཏེ། །རིང་པོར་མི་ཐོགས་བྱང་ཆུབ་ཐོབ་པར་འགྱུར་རོ།། །། ༈ མཚན་ཉིད་ལྡན་པའི་བླ་མ་ལ། །སངས་རྒྱས་ཀྱི་ངོ་བོར་ཤེས་ནས་ཀྱང་། །ལུས་སྒོ་གསུམ་གུས་པས་སྐྱོ་མེད་པར། །རྟེན་ན་བླ་མའི་བྱིན་བརླབས་འབྱུང་། །སྡོམ་གསུམ་གྱི་བསླབ་པ་ཐོབ་པར་ཀྱང་། །གོང་འོག་དང་ཡོན་ཏན་ཁྱད་པར་ལ། །ཉིན་མཚན་དུ་བསམས་ཤིང་ཉམས་སུ་བླངས་ན། །འཆུག་མེད་རྒྱལ་སྲས་གྲལ་དུ་སླེབ། །རླུང་སྲོག་རྩོལ་གནད་དུ་བསྣུན་པ་ལ། །རྩ་སྟོང་གཟུགས་འཁྲུལ་འཁོར་བྱང་བར་བྱ། །སྙིགས་མ་སྒོ་དགུ་ཕྱི་རུ་དེད། །བར་སྟེང་འོག་སྙོམས་ཤེས་དཀའ་བ་མེད། ཁམས་དྭངས་མ་སྦྱོང་བར་བྱེད་པ་ན། །ཧཱུཾ་རིང་ཐུང་སྟེང་འོག་ཕུལ་ཤེས་ཤིང་། ཕྱི་ནང་དངས་སྙིགས་འབྱེད་ཤེས་ན། །བདེ་སྟོང་ལུས་སེམས་ལ་རྒྱུན་མི་འཆད། །ཁམས་དངུལ་ཆུ་གསེར་དུ་འགྱུར་འདོད་ན། །དག་པ་གསུམ་ལྡན་གྱི་མེ་ཐབ་ཏུ། རླུང་གའུ་ཁ་སྦྱོར་ལྡང་ཚེར་གྱི། །རོ་བཅུད་དང་ལེགས་སྦྱར་གསེར་དུ་འགྱུར། །རྣམ་རྟོག་དེ་ལམ་དུ་བྱེད་པ་ལ། །དྲན་པའི་ཤེས་པས་རང་ངོ་བཟུང་། །ཁོ་གང་སྐྱེས་བལྟས་ལ་མཉེ་བཏུལ་བྱ། །ཁོ་རང་སྟོང་ཅིག་ཏུ་ཤར་ནས་འོང་། ཟས་ཅིག་གིས་སེམས་ཅན་ཀུན་འགྱེད་ན། །རང་འདོད་པ་མེད་པར་ཟོ་ལས་ཞོག །རྟོགས་པ་ཡེ་ཤེས་སུ་བསྒྱུར་བ་ལ། །ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ། །དུས་གྲངས་མེད་གསུམ་གྱི་ས་ལམ་དེ། །ལོ་ཟླ་ཡིས་བསྒྲོད་པར་འདོད་པ་ན། །ཐབས་ཤེས་རབ་བསྔོ་བ་སྨོན་ལམ་གྱིས། །རྟོགས་པ་ལ་བརྒྱ་ཡིས་ཐོབ་ལ་ཞོག ༈ རྟོག་པའི་ཁྱིའུ་སྤུན་གཉིས་ཀྱི་ལོ་རྒྱུས་ཞེས་བྱ། མཁས་པ་རྣམས་གསོན་ཅིག །འཇིག་རྟེན་ལ་ཆགས་པའི་ཁྱེའུ་སྲེད་པ་དཔག་མེད་དང་། །འཇིག་རྟེན་སྙིང་པོ་ལེན་པར་རྟོག་པའི་ཁྱེའུ་དག་པ་གཉིས་ག ཅིག་ལ་ག ཅིག་འདི་སྐད་སྨྲའོ། །དང་པོ་ན་རེ། །ཀྱེ་མ་མི་ལུས་བཟང་པོ་ཐོབ། །དབང་པོ་སྒོ་ལྔ་སྐྱོན་མེད་ལྡན། །ཕ་མ་ཉེ་དུ་བཟང་པོ་ཡོད། ཁང་ཁྱིམ་བཟང་ལ་བདེ་དང་ལྡན། །བཟའ་བཏུང་ཞིམ་པོ་བཟའ་བར་བྱེད། འཇིག་རྟེན་འདི་ནི་བདེ་བ་ཡིན། །ཞེས་སོ། །གཉིས་པ་ན་རེ། །མི་ལུས་ཐོབ་ལ་དོན་གོ་དགོས། དབང་པོ་ལྔ་པོ་ཅི་ལ་བལྟ། །ཕ་མ་རྟག་ཏུ་སྡོད་པ་མིན། །ཁང་ཁྱིམ་འཛོམ་ཡང་མྱུར་དུ་འཇིག །བཟའ་བཏུང་མྱུར་དུ་མི་རྟག་འགྱུར། །འབྲས་བུ་གང་ཡིན་ཤེས་སམ་ཅི། ཞེས་སྨྲས་པ་དང་། ཡང་དང་པོ་ན་རེ། མི་ལུས་བསོད་ནམས་འབྲས་བུ་སྟེ། །དོན་གོ་བདེ་བར་སྤྱོད་པ་སྟེ། །གཟུགས་མཛེས་ལྟ་ཞིང་སྒྲ་རྙན་ཉན། །དྲི་ཞིམ་སྣོམ་ཞིང་རོ་མཆོག་བཟའ། །རེག་བྱ་འཇམ་གོན་དབང་པོའི་དོན། །ཕ་མ་ཁང་ཁྱིམ་མི་རྟག་ཀྱང་། རང་གིས་བརྩོན་པར་བསྒྲུབ་པས་ཆོག །ཟས་གོས་འཛོམ་དང་གྲགས་དང་སྙན། །རང་དགའ་གཞན་མགུ་འབྲས་ཡིན་སྙམ། །ཡང་གཉིས་པ་ན་རེ། ཁྱོད་ནི་ཐ་ཤལ་བླུན་པོས་སྟེ། །མི་ལུས་བསོད་ནམས་འབྲས་ཡིན་ན། །ད་ལྟར་སྤེལ་བ་ཁྱོད་རེ་བླུན། །དེ་ལ་ཆགས་ནས་སྔ་མ་ཟད། །འགྱུར་བའི་སྡུག་བསྔལ་མ་མཐོང་ངམ། །ཡུལ་ལྔ་དབང་པོ་མྱངས་བྱས་ཀྱང་། །མི་ལ་ཤིང་བཞིན་ཆོག་མི་ཤེས། སྦྱིན་དང་ཚུལ་ཁྲིམས་མ་བསྲུངས་ན། །བདེ་འདོད་ཁྱོད་ལ་སྡུག་བསྔལ་འབྱུང་། །ཕ་མ་ཉེ་དུ་རྩ་ལག་ཀྱིས། །ཁྱོད་སྤངས་སྲིད་གཞན་འགྲོ་བ་ན། །རོག་མེད་གོས་ཟས་མི་འབྲང་བས། ལོག་པའི་བརྩོན་འགྲུས་ཞེ་སྡང་དང་། །ཁེ་བསྐྱེད་ལོག་མཚོ་བྱས་པ་ཡིས། །གཤིན་རྗེ་མ་རུངས་བརྩེ་མེད་པས། ཁྱོད་ལུས་ཚེར་མའི་ཁྲོད་དུ་བསྐྱུར། །བྱ་ཁྱིས་འདྲད་ཅིང་དུམ་བུར་གཏོར། །མཛའ་རོགས་ངུ་ཞིང་འབོད་གྱུར་ཀྱང་། ཡི་མུག་རང་གཞན་གཉིས་ལ་འབྱུང་། །ཁེ་གྲགས་སྙན་གྲགས་ཡལ་ནས་འགྲོ། ཁྱོད་ནི་སྤྱང་པོ་དོན་མེད་ཅིག །མཁས་པ་ཀུན་གྱིས་ཁྲེལ་དུ་རུངས། །དེ་སྐད་ཅེས་སྨྲས་པ་དང་། ཡང་ཁྱེའུ་དང་པོ་ན་རེ། འོ་ན་ཁྱོད་མི་ལུས་ཐོབ་པ་ལ་བདེ་བ་ཅི་ཡོད་པ་ཤོད་ཅིག །བདེ་དང་འཇིག་རྟེན་ཁེ་དང་གྲགས། །དེ་ལས་གཞན་པ་གང་ཞིག་ཡིན། །ཞེས་དྲིས་པ་དང་། ཁྱེའུ་འཇིག་རྟེན་སྙིང་པོ་མེད་རྟོགས་ན་རེ། ཕ་མ་དྲིན་ཆེན་འཁོར་བར་འཁྱམས། །དེ་ལ་ལན་དུ་བདེ་བ་སྦྱིན། །དབང་པོ་ལྔ་པོ་ཡུལ་ལ་ཆགས། །ཁང་ཁྱིམ་ལོངས་སྤྱོད་སྒྱུ་མ་ལྟར། །སྙིང་པོ་མེད་པས་ཆགས་ཞེན་སྤོངས། །ལུས་ལ་ཕྱི་མའི་དོན་གྲུབ་ན། །ལེགས་པར་སོགས་ལ་ཕངས་པར་གྱིས། །དོན་མེད་དམྱལ་བར་འཁྲིད་པ་ཡི། །ལས་ལ་དགའ་ན་མྱུར་དུ་བཟློག །ཆགས་ཤིང་སྲེད་ན་བློ་ཡིས་ཐོང་། །གཟུགས་རྣམས་མི་རྟག་འཇའ་ཚོན་འདྲ། །བདེན་འཛིན་མ་བྱེད་རང་སར་ཞོག །སྒྲ་ལ་བྲག་ཆའི་གཉེར་ལས་མེད། རྗེས་སུ་མ་འབྲེང་བདེན་མ་འཛིན། དྲི་ལ་གཏད་མེད་སྨིག་སྒྱུ་འདྲ། །མ་སྣོམ་རང་སར་རྩེ་ནེ་ཞོག །རོ་ལ་གཏད་མེད་ཡུག་གཅིག་ཡིན། །ལྟོ་འགྲངས་ཙམ་ལ་ཆོག་ཤེས་བཟུང་། རེག་བྱ་བདེན་མེད་ཆུ་བུར་འདྲ། །སྣང་བ་བདེན་པར་ཁྱེད་མ་འཛིན། །མཁས་པ་སངས་རྒྱས་རྗེས་སུ་སྙོགས། ཅེས་སྨྲས་པ་ལ། ཡང་ཁྱེའུས་བསམས་ནས་སྨྲས་པ། །མཁས་པ་སངས་རྒྱས་ཀྱི་རྗེས་སུ་འབྲང་བ་ལ་ཅི་ལྟར་བྱ་མི་ཤེས་སོ། །དེ་ལ་སྨྲས་པ་དེ་བདེན་ནོ། །ངས་བསྟན་གྱི་ཉོན་ཅིག །ཚུལ་ཁྲིམས་ལྡན་ཅིང་ཆོག་ཤེས་ལ། །བླ་མ་མཁས་པའི་རྗེས་འབྲེངས་ཏེ། །དེ་དབེན་པར་བདེ་བའི་བསམ་གཏན་བསྒོམ། །མི་རྟག་རྒྱུད་ལ་བརྟེན་པར་བྱ། །ཐོས་དང་བསོད་ནམས་འབྲས་བུ་བསྒྲུབ། འདི་ནི་ཐམས་ཅད་རྩ་བ་ཡིན། ཡང་སྨྲས་པ། དབེན་པ་བསྟེན་པར་བྱེད་པའི་གནས་ན། བཟུང་བ་དང་བཏུང་བ་ལ་སོགས་པའི་ཁྱད་པར་མེད་པ། འཇིགས་པ་དང་བཅས་པ་མ་ཡིན་ནམ། ལན་དུ་སྨྲས་པ། རྣམ་གཡེང་ཆགས་དང་ཞེ་སྡང་དང་། །སྲིད་པ་འཕེལ་བ་མ་ཡིན་པ། །ཅ་ཅོ་སྒྲ་དང་བྲལ་བ་དང་། །གནོད་མེད་དབེན་པའི་གནས་མཆོག་ཡིན། །ནགས་ཚལ་རི་དང་ལྗོན་པ་རྣམས། །མེ་ཏོག་འབྲས་བུ་དུ་མས་གང་། །རླུང་གིས་བསྐྱོད་པའི་གར་མཛེས་བྱེད། །མཛེས་པའི་རི་དྭགས་ཚོགས་ཀྱིས་གང་། །བཻ་ཌཱུརྻ་ལྟར་མཛེས་པའི་ས། །ཆུ་བྲན་ལྷུང་ལྷུང་སྒྲ་སྒྲོགས་པ། །བྲག་རི་སྣ་ཚོགས་རིན་ཆེན་ཕྲེང་། །སྤང་ལྗོངས་སྣ་ཚོགས་ཤ་ཞོང་ལ། །ནེ་སིང་མཛེས་པའི་དར་ལ་བཞིན། བུང་བ་མཛེས་པ་གར་བྱེད་པ། །མཐོང་ན་ཡིད་རབ་དྭངས་བྱེད་པ། །དུས་ཀྱི་རྐྱེན་གྱི་བསྒྱུར་བ་ཡི། །ཁ་དོག་སྣ་ཚོགས་བཀྲམ་པ་འདྲ། །བྱ་རྣམས་སྙན་པའི་སྒྲ་དབྱངས་འབྱིན། །རྩ་བ་ལོ་མ་འབྲས་བུ་རྣམས། །བཟའ་བ་སྣ་ཚོགས་སྦྱར་བ་འདྲ། །ཉིན་པར་འདུ་འཛི་ཟང་ཟིང་མེད། །མཚན་མོ་སྒྲའི་རྣམ་གཡེང་བྲལ། །ལྷའི་དགའ་ཚལ་དྲི་མེད་བཞིན། །ཐུབ་པ་དྲང་སྲོང་རབ་ཏུ་དགྱེས། །དྲི་ཟ་བ་རྣམས་རྩེ་རུང་པ། །མི འམ་ཅི་རྣམས་གླུ་ལེན་པ། །ཉི་ཟླ་འོད་གསལ་དཀར་པོའི་འོད། །བདུད་ཀྱི་རྩ་ལག་རྣམས་སེལ་བ། །བརྟེན་ན་ཞི་བའི་བསམ་གཏན་འཕེལ། །འཇིག་རྟེན་མི་གཙང་དོང་ལྟ་བུ། །སུ་ཞིག་དགའ་བས་འདོད་པར་བྱེད། །ཅེས་སྨྲས་སོ། །ལུང་མ་བསྟན་གྱི་རྟོག་པ་འཕྲོ་བའི་དྲིས་ལན་རྫོགས་སོ།། །། ༈ བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲག་པོ་མཐར་བྱེད་མགྲིན་གསུམ་ལྷའི་ལྷ། །ཞི་བ་དཔལ་ལྡན་མིག་གསུམ་ལས་ལྷག་རབ་ཞི་བ། འཇིག་རྟེན་གསུམ་གྱི་བླ་མ་འཇིག་རྟེན་ལས་འདས་གང་། སྲིད་ཞིའི་འདྲེན་པ་བླ་མེད་དེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་མཚན་མ་རབ་ཞི་བ། །ཞི་བའི་ལམ་མཆོག་ཚུལ་ལྡན་པ། །རྟེན་བྱེད་མཁས་པའི་རང་བཞིན་ཅན། །དེའི་ཚུལ་འདི་བརྗོད་པར་བྱ། །དང་པོ་རྒྱལ་བའི་བསྟན་ལ་མོས། །བར་དུ་དགེ་བའི་བཤེས་ཀྱིས་ཟིན། །ཐ་མར་དབེན་པའི་ཞི་ལྷག་བསྒོམས། །འདི་འདྲ་བསོད་ནམས་ཕུལ་དུ་བྱུང་། །ནགས་ལྗོངས་འབབ་ཆུ་ལྡན་པ་དང་། གངས་རི་སྤང་གིས་མཛེས་པར་བྱས། མཚོ་ཆེན་བརླབས་ཀྱི་ཕྲེང་བ་ཅན། དབེན་པའི་གཙོ་བོར་གྱུར་པ་ཡིན། །འཇིག་རྟེན་འཁྲི་བ་ཆོད་པ་དང་། དགེ་བའི་གྲོགས་ཀྱིས་ཟིན་པ་དང་། རང་རྒྱུད་ལས་སུ་རུང་བ་རྣམས། རྒྱུ་ནི་ཕུན་གསུམ་འཚོགས་པ་ཡིན། རྒྱལ་བའི་བསོད་ནམས་ལྟ་བ་དང་། རྒྱུད་སྡེའི་སྙིང་པོ་མཐོང་བ་དང་། མན་ངག་དཔག་མེད་ལྡན་པ་དེས། རྐྱེན་གྱི་གཙོ་ཞེས་བྱ་བ་ཡིན། །བསམ་གཏན་བཞིའི་གནས་ལ་མཁས། །ཤེས་རབ་རྒྱུ་འབྲས་རྣམ་པར་འབྱེད། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ། །དྲི་མེད་ལམ་གྱི་རྩ་བ་ཡིན། །བརྩོན་འགྲུས་ལེགས་པར་བརྩོམ་པ་དང་། །བཟོད་ལྡན་དྲང་ཞིང་བདེན་པར་བྱེད། །དྲན་པས་དབང་བསྒྱུར་མཁས་པ་དེ། །གྲོགས་གྱི་མཆོག་ཏེ་བླ་ན་མེད། །རྟག་ཏུ་ཞིང་ཁམས་དག་པ་སྦྱོངས། །དངོས་ཀུན་སྒྱུ་མ་ལྟ་བུར་ཤེས། །འདུན་དང་སེམས་ལ་དབང་བྱེད་པ། །འབྲས་བུ་མཆོག་གི་རྒྱུའི་གཙོ། །ཤིན་ཏུ་རྒྱལ་བའི་མདོ་ལྟར་མོས། །ཡིད་གཅོད་ཕྱོགས་སུ་མ་ལྷུང་བར། །རང་གིས་བླ་ན་མེད་འཇུག་པ། །རྒྱལ་བའི་ཐབས་མཆོག་རྟོགས་ཅེས་བྱ། །དྲན་པའི་བློ་འདི་དྲན་མེད་པ། །དགའ་ཡུལ་སྲེད་པ་གཅོད་པ་ཞེས། །རྒྱལ་ཆེན་ལ་སྲེད་སྲིད་པའི་བདེ་ཆེན་སྤྱོད་པ་ཞེས་བྱ་ཡུལ་མ་ཡིན། །ཁ་དོག་ཡོན་ཏན་མེད་པའི་ཁ་དོག་རོ་གཅིག་བྱེད་པ་རྫུན་མ་ཡིན། །བདེན་མེད་ཞེས་བྱ་བདེན་པ་དམ་པ་གང་གིས་འཁོར་བའི་ཕ་རོལ་ཕྱིན། །ཀྱེ་མའོ་རང་བྱུང་མིང་ཅན་གྱི་ནི་དོན་མེད་བྲིས་ལ་བཟོད་མཛོད།། །། ༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །།བླ་མ་དམ་པའི་གདམས་པ་ལེགས་ཐོབ་ན། །ཞི་གནས་ལྷག་མཐོང་གོམས་པར་བྱེད་པ་ལ། །རྟོག་པའི་རྒྱུ་བ་གསལ་སྟོང་རྩེ་གཅིག་ཏུ། །གཡོ་མེད་གནས་པ་ཞི་གནས་ངོ་བོ་ཡིན། །གཟུགས་སོགས་ཡུལ་རྣམས་རང་གི་སེམས་ཀྱིས་དངོས། རྨི་ལམ་སྒྱུ་མ་ལྟ་བུར་སྣང་བ་སྟེ། །འཛིན་མེད་རྣམ་པར་ཤེས་པའི་ཚོགས་དྲུག་པོ། །རང་གི་ངོ་བོ་གསལ་སྟོང་སྐྱེ་མེད་དུ། །རྟོགས་པ་སྟོང་པའི་རང་ངོ་མཐོང་བ་སྟེ། །འགག་མེད་རིགས་པའི་རྩལ་ཤར་བ་ཡི། དཀར་ནག་རྒྱུ་འབྲས་རྟེན་འབྲེལ་འགག་མེད་པར། །བླང་དོར་ཚུལ་ཤེས་དེ་ཡང་སྤྲོས་བྲལ་དུ། །རྟོགས་ཤིང་མ་རྟོགས་ཀུན་ལ་སྙིང་རྗེ་བསྐྱེད། །དེ་ཉིད་ལྷག་མཐོང་ཞེས་སུ་རྒྱལ་བས་གསུངས། །དེ་གཉིས་དབྱེར་མེད་གཅིག་ཏུ་ཉམས་ལེན་པ། །ཐེག་ཆེན་ལམ་གྱི་གཞུང་དུ་བཤད་པ་ཡིན། །དེ་དོན་རྟོགས་པའི་བོགས་འདོན་གེགས་སེལ་ནི། །ཉོན་མོངས་གཟུང་འཛིན་འཁོར་བའི་གེགས་ཡིན་ཏེ། །ཞི་ལྷག་ཡོན་ཏན་མངོན་ཤེས་ཏིང་འཛིན་ལ། །དགའ་ཞིང་མཚན་མར་འཛིན་ན་དེའང་གེགས། །རྒྱུ་འབྲས་བླ་དོར་བདེན་འཛིན་གེགས་ཡིན་ཏེ། བདེན་མེད་སྟོང་པར་འཛིན་ན་དེ་བས་འཁྲུལ། །དེ་ཕྱིར་རྣལ་འབྱོར་ཉམས་ཀྱི་སྣང་བ་དང་། །ཡོན་ཏན་གང་ལའང་མ་ཞེན་རྩོལ་མེད་སྦྱང་། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་བྱེད་ཅིང་། །དགེ་བ་ཀུན་སྤེལ་སྨོན་ལམ་རྒྱ་ཆེན་གདབ། །སངས་རྒྱས་ཆོས་ཀུན་ཤེས་ཤིང་རྟོགས་པར་འདོད། །དེ་ཡང་གཞན་གྱི་དོན་དུ་ཡོངས་སུ་བསྔོ། །དེ་དག་ཀུན་ཀྱང་ཆུ་ཟླ་ལྟ་བུ་རུ། །མ་ཡེངས་དྲན་པའི་རྒྱུན་གྱིས་བརྟེན་བྱས་ནས། །དངོས་དང་དངོས་མེད་བདུད་ཀྱིས་ཚུགས་མི་འགྱུར། །སངས་རྒྱས་ཡོན་ཏན་ཚོགས་རྣམས་རབ་ཏུ་འཕེལ། །རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་འགྱུར་ཞིང་། །རིང་པོར་མི་ཐོགས་འབྲས་བུ་ཐོབ་འགྱུར་པ། །འདི་ལྟར་བསྒྲུབ་ལ་མངོན་པར་བརྩོན་པར་མཛོད། བསྒོམ་སྡེ་རས་པ་ལ་གདམས་པའོ།། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྣང་བ་ཙམ་ལ་བརྟག་པའི་རབ་ཏུ་བྱེད་པའོ། །གཟུགས་འདི་སྣང་ཡང་བདེན་དངོས་སུ། །བརྟགས་ན་མ་དམིགས་གི་ཕྱིར། །བུམ་པ་མཐོང་ཞེས་གང་བརྗོད་པ། །དབྱིབས་ལྟར་སྣང་བའི་རྟོག་པ་ཡིས། །སྒྲོ་བཏགས་གང་མཐོང་མི་བདེན་ཏེ། །རབ་རིབ་ཅན་གྱི་སྐྲ་ཤད་བཞིན། །རགས་པའི་རྩོམ་གཞི་རྡུལ་ཕྲན་ནི། །ཡོད་ཅེས་ཞེན་པས་གང་སྨྲ་བ། །དབང་པོའི་མངོན་སུམ་མ་དམིགས་ཕྱིར། །མི་བརྟེན་དེར་བརྟགས་འཁྲུལ་པའི་བློ། །བདག་འཛིན་ཅན་གྱི་བདག་བརྟགས་མཚུངས། །གང་ཚེ་བློ་ཡིས་སྒྲོ་བཏགས་པ། །བདེན་པའི་རྗེས་སུ་རྟོག་ན་ཀོ། །རི་བོང་ར་ནི་དཀར་ཟླུམ་པ། །ཅིའི་ཕྱིར་ན་འགྲུབ་མི་འགྱུར། །རྫས་མེད་བདེན་པར་མི་སྣང་སྟེ། །མ་མཐོང་ལག་ན་རྫས་ཡོད་ཅེས། །འདོད་ན་བརླན་དང་བསྲེགས་པ་ཡི། །ཁམས་ལྡན་རྫས་ཅེས་ཅི་ཕྱིར་སྨྲ། །དེ་ནི་མངོན་སུམ་རྫས་ཞེ་ན། ཐག་པ་ལས་ནི་སྦྲུལ་འཛིན་དུ། །མངོན་སྣང་ཤེས་པ་ཅི་ཕྱིར་འཁྲུལ། །ཐག་པ་ལས་ནི་སྦྲུལ་མེད་ཅིང་། །བརྟགས་ན་ཐག་པའང་སྤུའི་ཚོགས། །རིལ་བུའི་རྫས་མེད་ཆ་ཤས་སྟེ། །ཆ་ཤས་བརྟགས་ན་རྡུལ་ཕྲན་ཉིད། །བདེན་པར་འགའ་ཡང་གྲུབ་མེད་ན། །བྱིས་པ་ཐ་སྙད་རྗེས་འབྲངས་པས། སྦྲུལ་སྣང་ཤེས་པས་རྫུན་པ་སྟེ། །ཐག་པ་སྣང་བ་བདེན་ཡིན་ཞེས། །ལོག་པའི་ཐ་སྙད་འཛིན་པར་བྱེད། །དེ་བཞིན་འཁོར་དང་མྱ་ངན་འདས། །ཐམས་ཅད་དེ་ཉིད་མཚུངས་པ་སྟེ། །ཇི་ལྟར་སྣང་བ་དེ་ཙམ་བདེན། །ཇི་ལྟར་བརྟགས་ན་བདེན་པ་མེད། །སྣང་དང་བདེན་མེད་རང་བཞིན་ནི། །སྐྱེད་མེད་འགག་པ་མེད་པ་སྟེ། །སྣང་དེ་སྐྱེ་ཟིན་བདེན་མི་དགོས། །སྣང་བ་དེ་ཉིད་མ་འགགས་ཕྱིར། །དེ་བཞིན་སྟོང་པའང་སྐྱེ་འགག་མེད། །སྣང་སྟོང་འགལ་མིན་མི་འགལ་མིན། །གཅིག་མིན་ཐ་དད་རྣམ་བྲལ་བས། །ཆོས་སྐུ་སྐྱེ་འགགས་མེད་དོ་ཞེས། །འཕགས་མཆོག་རྣམས་ཀྱིས་བསྟན་པ་ཡིན། འདི་མཐོང་སྲིད་པའི་རྒྱ་མཚོ་བརྒལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག ༈ སྙིགས་མའི་དུས་ཀྱི་ཚིགས་བཅད་བསྟན་པ་ཞེས་བྱ་བ། །འཁོར་བའི་སྲིད་འདི་ཀ་ར་ལྟ་བུར་མངར། །དེ་ལ་སྲེད་པས་ཁ་ན་མ་ཐོ་མེད། །གྲང་བའི་ནད་ལ་ག་པུར་འཐུང་བ་བཞིན། །ཕྱིན་ཅི་ལོག་ཏུ་ང་བདག་འཕེལ་བས་རྨོངས། །ངན་འགྲོའི་སྡུག་བསྔལ་ཅ་ཅོ་མ་མཐོང་པར། །འཁོར་བའི་མི་གཙང་ཆ་ཤས་ལ་རྟེན་པས། །འདོད་པའི་ལྕགས་ཀྱུ་ཇ་སོགས་རོ་ཡིས་བཅིངས། ངན་འགྲོའི་མཚོ་ལ་ཉ་ལྟར་ཀུན་ཏུ་འཁོར། །ཡོན་ཏན་མི་འཕེལ་ཏ་ལའི་མགོ་བཅད་བཞིན། །དགེ་བཅུའི་འབྲས་མེད་ཐ་རྒོད་བཞིན་དུ་རེངས། །ཐོགས་མེད་དུས་ནས་ད་རུང་ངན་འགྲོར་བཅིངས། །སྐྱེ་དང་རྒས་དང་ན་འཆིས་ཉོན་རེ་མོངས། མཚན་མོ་འཇིགས་པའི་པ་སངས་མཚན་མ་བཞིན། །དཀར་པོའི་ལམ་ཆད་ཕ་རོལ་མུ་སྟེགས་གཟུགས། །བླུན་པའི་རང་བཞིན་བ་གླང་རྒོད་ལྟ་བུ། །ཉམས་ངའི་གནས་དེར་མ་རབས་ཐམས་ཅད་འཁྱམ། །དགེ་བའི་ལམ་ཆད་ཙ་དྲའི་རང་བཞིན་ལྟར། །འདོད་ལ་སྲེད་པ་ཚ་ཆུ་འཐུངས་བ་བཞིན། །ལོག་པའི་ལས་ཀྱིས་ཛ་བརྡུངས་དབང་མེད་བྱས། །སྡུག་བསྔལ་གང་ལ་ཝ་བཞིན་ཟིན་པར་འགྱུར། །སྡུག་བསྔལ་འབྲས་བུ་ཞ་རེངས་འཁུམས་པ་དང་། །གསོད་དང་འཆི་དང་ཟ་རྒྱུ་མེད་པ་ཡི། །སྡུག་བསྔལ་གྱིས་མནར་འ་སྒྲའི་སྡུག་སྐད་འདོན། །ལོག་པ་འདི་ལས་ཡ་རབས་རྣམས་བཟློག་ལ། བཟང་པོའི་གསེར་དང་ར་གན་མ་སྙོམས་པར། །ལུས་ངན་དོར་ལ་ལ་ལའི་ལུགས་བཟང་ལོང་། །དོན་མེད་སྲེད་པའི་ཤ་ཆང་ལ་མ་ཆགས། །འཕགས་ལམ་ལ་བརྟེན་ས་ལམ་འཁྲི་ཤིང་བཞིན། དོན་མེད་སྤྱོད་པ་ཧ་ཅང་མི་བྱ་ཞེས། རྒྱལ་བའི་གསུང་ལ་ཨ་ལ་ལ་ཞེས་བསམ། །རང་གི་ཡོན་ཏན་ཏ་ཀྵ་ཀའི་བརྒྱན། །ཡིག་གེའི་ཕྱི་མོར་སྤེལ་ཏེ་བརྗོད་པ་ཡིན།། །། ༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དུས་ངན་བསྟན་པའི་སྙིགས་མ་ལ། རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །རབ་བྱུང་ཆོས་བཞིན་མི་བྱེད་པར། འདོད་དང་ལོག་པའི་མཚོ་བ་བསྒྲུབ། །ཆོས་གོས་རྣམས་གསུམ་མི་གོན་པའི། །སེར་གཟུགས་རྒྱབ་སེར་བེར་ཀ་ཅན། །ཁྱི་དང་བུ་ཚ་ཁྱིམ་པ་རྣམས། སྐྲོག་ཅིང་ཟས་ལ་ཁྱི་ལྟར་འཁྱམ། །ཆོས་མིན་སྤྱོད་ཅིང་ཐོབ་ཚད་ཟ། ཅུང་ཟད་ལོངས་སྤྱོད་ཡོད་པ་ཡང་། །ལོག་པའི་སྤྱོད་པ་དུ་མ་བྱེད། །གཞན་གྱིས་བཀུར་བ་དགེ་སྦྱོང་རྣམས། །ཆོས་ལྡན་སྙོམས་ཆུང་ཆད་པས་གཅོད། བརྫུན་དང་སྡིག་སྤྱོད་བྱ་ཀ་སྟེར། །ཆེ་ཚུལ་བཟུང་བའི་རབ་བྱུང་འགའ། །ཤན་པ་མ་རུངས་རི་དྭགས་བསོད། །ཆང་འཐུངས་དྲན་པ་ཉམས་བྱེད་ཅིང་། །བུ་སྨད་གསོ་ཞིང་འདོད་ལོག་སྤྱོད། རྒྱལ་པོ་ཆོས་བཞིན་མི་སྤྱོད་པར། །ལོག་ལྟ་ཅན་གྱི་དབང་དུ་གྱུར། །བློན་པོ་ཆེན་པོར་གྱུར་པ་རྣམས། །ཇག་རྐུན་རྣམས་ཀྱི་དཔོན་བྱེད་ཅིང་། །བདེན་པ་རྣམས་ལ་ཆད་པ་འབེབས། །རྐུན་མ་རྣམས་ཀྱིས་ས་སྟེང་ཁྱབ། ལྷ་ཁང་མཆོད་རྟེན་འཇིག་བྱེད་ཅིང་། སྐུ་གཟུགས་བཅོམ་ཞིང་ཟ་བ་དང་། །ཆོས་ཀྱི་པོ་ཏི་མ་རུངས་བྱེད། །དེའི་རྐྱེན་གྱི་ལྷ་འདྲེ་རྣམས། །འཁྲུགས་སྟེ་ནད་ཀྱི་རྒྱལ་ཁམས་གང་། །ཆར་མི་འབབ་ཅིང་ལོ་ཉེས་བྱུང་། །ཅུང་ཟད་སྐྱེས་པར་གྱུར་པ་རྣམས། །སད་དང་སེར་བས་འཁྱེར་བྱེད་ཅིང་། །འཕྲོག་དང་འཇོམས་པའི་མི་རྣམས་ཀུན། །མུག་གེས་ཉམས་ཐག་ཀྱི་ཧུད་འབོད། །ཕལ་ཆེར་ལམ་དུ་འགྱེལ་ཅིང་འཆི། །ལ་ལ་གཅིག་ཤ་གཅིག་གིས་ཟ། ཁ་ཅིག་བཀྲེས་པས་ཆུ་རུ་འཆོང་། །ཉིན་མཚན་མེད་པར་ཆོ་ངེ་འབྱིན། །རུས་མགོ་ལྤགས་པས་བཏུམས་ཙམ་ན། །ཁ་གཅིག་ཚལ་ཞིང་བསྲེགས་པ་བཞིན། །ཡི་དྭགས་མངོན་དུ་གྱུར་པ་བཞིན། །བསོད་དང་འཆིང་དང་བརྡེག་པས་གང་། །འཛེ་དང་ཕོལ་འབྲས་རྣག་ཁྲག་འཛག །དམྱལ་བ་མངོན་དུ་འོངས་པ་བཞིན། །བླུན་ཞིང་དཀར་པོའི་ལམ་ཆད་པས། །དུད་འགྲོ་མངོན་སུམ་དབྱེ་བ་མེད། །མི་ལུས་ངན་སོང་སྡུག་བསྔལ་ཅན། །ཀྱེ་མ་འདི་འདྲའི་སྡུག་བསྔལ་གྱུར། །ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། །བོད་ཁམས་སྟོད་ཀྱི་ས་འདི་རུ། །རྒྱལ་སྲས་ཐུགས་ཀྱི་མ་དགོངས་སམ། །གངས་ཅན་རྒྱུད་འདིར་དེ་འདྲ་བས། །མྱུར་དུ་མ་རུངས་གྱུར་གྱི་དོགས། ཤུབྷཾ།། ༈ བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་མཐའ་བྲལ་བདེ་བ་ཆེན་པོ་ལ། །ལོངས་སྐུ་འགག་མེད་མཚན་གྱིས་རབ་ཏུ་རྒྱན། །སྤྲུལ་སྐུ་ཐུགས་རྗེའི་རྩལ་སྣང་ཕྱོགས་བཅུར་ཁྱབ། །སྐུ་གསུམ་དབྱེར་མི་ཕྱེད་ལ་ཕྱག་འཚལ་ལོ། །དད་ལྡན་སྐྱེས་མཆོག་བསོད་ནམས་ལྡན། །དལ་འབྱོར་ཚུལ་བཞིན་ཐོབ་ཅིང་བསྟན་ལ་འཇལ། །ཐེག་ཆེན་བླ་མས་རྗེས་སུ་བཟུང་གྱུར་ཅིང་། །མ་སྨིན་སྨིན་པའི་དབང་རྣམས་ཐོབ་ནས་ཀྱང་། །ལམ་གྱི་གནས་ལུགས་དཔག་ཏུ་མེད་གྱུར་ཀྱང་། །བྱམས་དང་སྙིང་རྗེའི་ཁྲིད་ལ་བློ་སྦྱངས་ནས། །ཐེག་དམན་གོལ་ས་ཆོད་པར་ཉམས་སུ་བླང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ཀུན། །མ་ནོར་གནད་དུ་བསྣུན་པས་ལུས་སྦྱང་བྱ། །སྤྲོས་པ་གཅོད་པའི་སྒྲོལ་མ་གནད་ལ་དབབ། །འབྱུང་བཞི་བསྡུས་པའི་སྣང་ཡུལ་སྦྱོང་བ་ཡིན། །དེ་ནས་ལུས་ཀྱི་རུས་ཤན་གནད་ལ་བོར། །འཁོར་བའི་ལུས་ཀྱི་འཛིན་པ་དག་པར་བྱ། །ངག་གི་ལམ་རྣམས་ཅ་ཅོའི་མཚན་མ་བྲལ། །ཡིད་ནི་འཇིག་རྟེན་ཞེན་པ་ལོག་པར་བྱེད། །དེ་ལྟར་བྱས་པས་མྱ་ངན་འདས་ལ་ཉེ། །འཁོར་འདས་གཉིས་འཛིན་ཞེན་པ་བྲལ་བྱས་ནས། །དེ་ནས་ཁྲེག་ཆོད་ཆེན་པོའི་དོན་ལ་སྦྱང་། །འཁོར་འདས་ཐམས་ཅད་ཆོས་དབྱིངས་སྤྲོས་བྲལ་ལ། །དབྱིངས་ཞེས་བྱ་སྟེ་ཐམས་ཅད་དེའི་ངང་དུ། །རང་གི་སེམས་ནི་སངས་རྒྱས་ཐམས་ཅད་དང་། །ངན་འགྲོ་ལ་སོགས་སེམས་ཅན་ཀུན་ཀྱང་གཅིག །སྐད་ཅིག་ཤེས་པ་སྣང་སྟོང་བར་ན་གནས། །སྔ་མ་འགགས་ཤིང་ཕྱི་མ་མ་སྐྱེས་པ། །གསལ་སྟོང་འཛིན་མེད་རིག་པའི་ངོ་བོ་སྟེ། །འདི་ནི་རྫོགས་ཆེན་སེམས་ཀློང་ཐམས་ཅད་དང་། །སེམས་ཙམ་དབུ་མ་ཀུན་ནས་གསུངས་པ་ཡི། དབྱིངས་རིག་ཡིན་ཏེ་ཐུན་མོང་ཐེག་པར་བསྟན། །ད་ནི་ཁྱད་པར་བླ་ན་མེད་པ་ཡི། །ཐོད་རྒལ་ལྷག་མཐོང་དབྱིངས་རིག་བསྟན་པར་བྱ། །དབྱིངས་ལ་ཕྱི་ནང་གཉིས་ཏེ་ཕྱིའི་དབྱིངས། །ནམ་མཁའ་སྟོང་པ་ཡིན་ཏེ་སྣང་བའི་ཡུལ། །ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ། །སྣ་ཚོགས་ནམ་མཁའི་འདྲ་འགྱུ་བ་ཡི། །ཐིག་ལེ་འོད་ཟེར་དུ་མའི་བདག་ཉིད་ཅན། །ཞིང་ཁམས་རྒྱལ་བའི་ཞིང་ཁམས་དུ་འཆར་བ་ཡིན། །རིག་པ་ཞེས་བྱ་རྣམ་དབྱེ་ལྔ་པོ་སྟེ། །གཞི་གནས་རིག་པའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །གཞི་འཛིན་རིག་པ་རྟོག་པ་དུ་མས་སྦགས། །སེམས་ཅན་རྒྱུད་སྡེ་ཀུན་བཞིའི་རྣམ་ཤེས་ཡིན། །མཚན་ཉིད་འཛིན་པ་རིག་པ་ཞེས་བྱ་བ། །རྣམ་རྟོག་རིག་རིག་གྱ་གྱུ་བྱེད་པ་སྟེ། །རྟོག་པ་ཞེས་བྱ་ཆོས་རྣམས་སྤྱིའི་སྐད་ཡིན། །ལྷག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །བླ་མས་ངོ་སྤྲད་སྐལ་ལྡན་མིག་གི་ཡུལ། །རང་དག་ཐིག་ལེའི་སྙིང་པོ་ཅན་ཞེས་བྱ། །དེའི་ཆ་ཤས་སྐུ་དང་ཐིག་ལེ་དང་། །སྣ་ཚོགས་སྣང་སྟེ་འཁོར་བའི་འཁྲུལ་པ་འཇོམས། །རང་སྣང་རང་ཤར་འགག་མེད་ཕྱོགས་བཅུར་འཆར། །སྤྱན་ལྔ་རྣམ་དག་ཡེ་ཤེས་རང་འོད་གསལ། །ཤེས་བྱ་ཀུན་གྱི་ཕྱོགས་མཐོང་ཀུན་དང་བྲལ། །རྫུ་འཕྲུལ་ཆེན་པོའི་མིག་འཕྲུལ་ལྟ་བུ་ལ། །ས་འདྲར་སྣང་ཡང་རྡུལ་ཕྲན་མ་ཡིན་ལ། །ཆུ་ལྟར་འགྱུ་ཡང་རླན་ཅིང་གཤེར་དང་བྲལ། །མེ་ལྟར་གསལ་ཡང་ཚ་ཞིང་བསྲེག་པ་མེད། །རླུང་ལྟར་གཡོ་ཡང་རླུང་དང་བྲལ་བ་ཡིན། །མཁར་ལྟར་སྣང་ཡང་ནམ་མཁའི་མཚན་ཉིད་མིན། །སྐུ་རྣམས་འཆར་ཡང་རྡོས་བཅས་གཟུགས་སྐུ་མིན། །སྒྲ་ཀུན་སྣང་ཡང་ངག་གི་འདུ་བྱེད་མིན། །དྲི་ཀུན་སྣོམ་ཡང་སྦྱར་ཀུན་གྱུར་དང་བྲལ། །རོ་དང་ལྡན་ཡང་རོ་དྲུག་སྣོམ་པ་མིན། །རེག་དང་ལྡན་ཡང་ལུས་ལས་སྐྱེས་པ་མིན། །འགྱུ་ཡང་རྟོག་པའི་འ གྱུ་བ་དང་བྲལ་བྱ། བསམ་གཏན་ལྡན་ཀྱང་ཤེས་རབ་ཟབ་མོའི་དོན། །ཤེས་རབ་ཡིན་ཀྱང་ཐོས་བསམ་བྲལ་བ་ལ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ཆེན་པོ། དང་པོའི་དུས་ནི་སྨིག་སྒྱུ་ལྟ་བུར་འཆར། །བར་དུ་གོང་འཕེལ་ཡེ་ཤེ ས་སྣང་བ་ཡིས། །ལམ་སྟོན་འཁྲུལ་པའི་དྲི་མ་སྤེལ་བ་སྟེ། ཐ་མའི་དུས་ན་རིག་པ་ཚད་ཕེབས་དུས། །རིགས་ལྔའི་ཞིང་དུ་ཐམས་ཅད་ལམ་མེར་སྣང་། །ཆོས་ཀུན་ཟད་པས་ཡུལ་དང་ཡུལ་ཅན་བྲལ། །རང་རིག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །སྒྲ་ཚད་ཀུན་གྱི་གཏན་ལ་མི་ཕེབས་ཏེ། །མཁས་པ་པཎྜྻི་ཏས་ཀྱང་བརྟག་བྱ་མིན། །བསྟན་ན་བླུན་པོ་བ་གླང་རྫིས་ཀྱང་མཐོང་། །རྟོགས་པར་གྱུར་ཚེ་རྡོ་རྗེ་སེམས་དཔར་སྣང་། །འདི་འདྲ་ཐེག་པ་ཀུན་ལས་ཁྱད་འཕགས་པ། །བླ་མེད་རྫོགས་ཆེན་སྙིང་གིས་ཐེག་པ་ཡི། །དབྱིངས་རིག་གནས་ལུགས་མདོར་བསྡུས་བརྗོད་པ་ཡིན། །ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། །ལུས་ཀྱི་གནད་གསུམ་བཅུན་པས་དལ་བ་བརྟེན། །ངག་གི་སྨྲ་བཅད་ཚིག་ཀུན་ཆོས་ལ་སྦྱང་། ཡིད་ནི་བསམ་རྒྱུན་བཅད་ནས་ཀྱང་། །དབྱིངས་ཀྱི་ནང་དུ་ལུག་གུ་རྒྱུད་བཅུག་ལ། །ལྟ་སྟངས་གསུམ་གྱིས་གཏད་པའི་དབེན་ལ་གཏད། །སྣང་བའི་ཞེན་པ་བཅད་ཅིང་རྟག་ཏུ་གཟིར། །རྫུ་འཕྲུལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཚེ། རང་ལུས་ཟད་པའི་ས་རུ་ཕྱིན་པ་དང་། །འཕོ་བ་ཆེན་མོའི་ལུས་ལ་དབང་ཐོབ་ནས། །སེམས་ཅན་ཀུན་དོན་སྤྱོད་པ་འབྲས་བུའི་མཆོག །འདི་དོན་དེ་ལྟར་སྐལ་ལྡན་ཀུན་ལ་བསྟན། འདི་ནི་དོན་མེད་བྲི་བར་མི་རིགས་ཀྱང་། རྟོགས་ལྡན་མཛེས་པའི་མཚན་ལྡན་གྱིས་བསྐུལ་ནས། །རྫོགས་ཆེན་གནས་ལུགས་ཕྱོགས་ཙམ་བསྟན་པ་འདི། །རང་བྱུང་ཞེས་བྱ་བྷི་མ་ལ་མི་ཏྲ། རྗེས་སུ་སློབ་པས་བརྗོད་པར་གྱུར་པ་ལ། །མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད་ཅིག་ཀྱེ། །དགེ་བས་ཉམས་ལེན་བྱེད་པའི་སེམས་ཅན་ཀུན། །ཀུན་ཏུ་བཟང་པོའི་ཡོན་ཏན་མངོན་འགྱུར་ཤོག ༈ ན་མོ་ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བཟང་ཉིད་དང་རིགས། །ནོར་དང་ཤེས་རབ་དེ་བདུན་ནི། །ཐོབ་རྒྱུ་གསུངས་པ་རྟོགས་པར་བྱ། །གསོད་པ་ཆུད་པར་བཏང་བ་དང་། །དེ་བཞིན་སྲོག་ལ་ཕན་བཏགས་དང་། །སྲོག་ཆགས་འཚེ་བ་དག་ལས་བཟློག །ཚེ་རིང་བ་ནི་ཐོབ་པར་འགྱུར། །ནད་པའི་རིམ་འགྲོ་བྱས་པ་དང་། །སྨན་དང་སྨན་པ་བྱིན་པ་དང་། །སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་པ་ནད་མེད་ཉིད། །ཁྲོ་བ་མེད་པ་བརྟེན་པ་དང་། །བརྒྱ་བྱིན་པ་ཡིས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུས་འདིར། །བསྐལ་པ་བཟང་པོར་ཡོངས་སུ་གྲགས། །ང་རྒྱལ་སྤངས་ཏེ་དམ་པ་རྣམས། །མཆོད་ཅིང་བསྐུར་བས་རིགས་བཟང་འགྱུར། །སྦྱིན་བྱེད་རྐུ་བ་ལས་བཟློག་པས། ལོངས་སྤྱོད་ཕུན་ཚོགས་ཐོབ་པར་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེན། །ཡང་དག་དྲི་ལ་ཡོངས་ངལ་དང་། །ཆོས་ཀྱི་བསྟན་ཆོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །དེ་ལྟར་ཡོན་ཏན་རྣམ་པ་བདུན། བསྡུ་བ་བྱས་ནས་བདག་གིས་ནི། དགེ་བ་གང་ཞིག་ཐོབ་པ་དེས། །སྐྱེ་བོ་ཡོན་ཏན་ཅན་གྱུར་ཅིག །སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་བསྡུས་པ་ལས་བྱུང་བའོ། །འཁོར་བ་ན་བདེ་བ་འདོད་ན་བསྒྲུབ་པ་གལ་ཆེའོ།། །། ༈ རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམས། །སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད། ཆོས་རྣམས་རྨི་ལམ་ལྟ་བུར་བསྒོམ། །མ་སྐྱེས་རིག་པའི་གཤིས་ལ་སྤྱོད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཐུན་ཚམས་སྒྱུ་མའི་སྐྱེས་བུར་བྱ། །སྦྱིན་སོགས་དགེ་ལ་རབ་འབད་ཅིང་། །བསྔོ་བ་སྨོན་ལམ་བརྒྱ་ཡིས་བཏབ།། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔག་མེད་ཐུགས་རྗེའི་སྟོབས་མངའ་ཞིང་། །བློ་གྲོས་རྒྱ་ཆེན་གཏིང་དཔག་དཀའ་གྱུར་ཅིང་། །འགྲོ་བ་མཐའ་ཡས་དུས་རིང་གཟིགས་པ་པོ། །རྒྱལ་བ་ཤཱཀྱའི་རྒྱ་པོ་ལ་ཕྱག་འཚལ་ལོ། །གང་གིས་ཞབས་ལ་ལྷ་དག་མི་དབང་དྲེགས་པའི་གཙུག་གིས་ཞུམ་ཞིང་བཏུད། །སྲིད་རྩེའི་འོག་མིན་ཆུས་སྐྱེས་གདུགས་མཛེས་པད་མོའི་གདན་ལྟར་གནས་གྱུར་ཀྱང་། །འོག་འགྲོའི་མཐར་ཐུག་མནར་མེད་པའང་གཙུག་ཏུ་ཁུར་བྱེད་སྙམ་པ་གང་། །རྒྱལ་བའི་སྲས་པོ་ནམ་མཁའི་ཁྱོན་གྱིས་དཔག་མི་ནུས་པ་ཨེ་མ་མཚར། གང་གིས་སྙིགས་དུས་མུན་པ་ལ། །གསལ་བྱེད་རྒྱལ་བའི་ཉི་མ་ཤར། །དམ་ཆོས་འོད་སྟོང་གསལ་བ་གང་། །སྐྱེ་འགྲོ་ཀུན་གྱིས་དཔལ་ཡིན་མོད། །འོན་ཀྱང་རང་གི་རྟོག་པ་ལས། །ཆོས་སྤོང་བྱེད་པ་གང་དག་ལ། །འབྱུང་པོའི་བྱ་བཞིན་མིག་འགྲིབ་བྱེད། །ལུས་སྐྱེས་སྤྲིན་བཞིན་སྡུག་བསྔལ་རྒྱུ། །ཀྱེ་མ་མཚར་བཅས་མ་རིག་པའི། །འགྲོ་ལ་བདག་གིས་ཇི་ལྟར་གདམས། །གང་གིས་སྨོན་ལམ་མཐུ་ཡིས་དམྱལ་བའི་མེ། །ཞི་བྱེད་རྒྱལ་བའི་སྲས་པོ་སྤྱན་རས་གཟིགས། །མ་རིག་གཏི་མུག་ཐིབས་པོ་རབ་སེལ་བ། །ཤེས་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །སྐལ་པ་གྲངས་མེད་རྩེ་བའི་རྒྱུན་ལྡན་པ། །བྱམས་པ་ཞེས་གྲགས་རྒྱལ་ཚབ་གང་བཞུགས་པ། སྙིགས་དུས་འགྲོ་ལ་ཐུགས་རྗེས་སྙེལ་ལམ་ཅི། །ཀྱེ་མ་འཁོར་བ་མ་རིག་བཞི་ལ་འདུད་བྱེད་མུ་ཁྱུད་གྱིས་བསྐོར་བའི། །ལས་དང་ཉོན་མོངས་རྒྱ་མཚོ་ཆེན་པོའི་རྦ་བརླབས་རབ་ཏུ་གཡོ་ཞིང་འཁྱིལ། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ནི་རྟག་འབབ་ཐུག་པ་མེད་པ་གང་། །ཚོར་བའི་ཆུ་སྲིན་ཉ་དང་སྲིན་པོ་ལྕིགས་ལྕིགས་རབ་ཏུ་གཡོ་བས་ཁེངས། ཕུང་པོ་ཁམས་སོགས་རི་གླིང་བརྟན་སྣང་བསྐྱེད་བྱེད་མི་རྟག་ལྦུ་བ་ཅན། །འདི་འདྲ་སྐེམས་བྱེད་རྒྱལ་དང་དེ་སྲས་ངོ་མཚར་རྨད་དུ་བྱུང་། གང་ཞིག་དུས་མཐར་འགྲོ་བའི་རྒྱ་མཚོར་ཡེ་ཤེས་ཉི་མ་འཆར་གྱུར་ཅིག ཕུང་པོ་ཁམས་སོགས་སྒྲིབ་པ་སྲེག་པའི་སྔ་ལྟས་ཆུ་བོ་རབ་སྐེམས་ལ། །དྲན་པ་ཉེར་བཞག་འོད་ཀྱི་འོག་མར་སྔོན་དུ་བྱེད་པའི་མཐུ་འཕྲོའོ། །གཉིས་པར་མི་དགེ་ཆུ་བོ་བཞི་སྐེམས་ཡང་དག་སྤོང་བའི་དཀྱིལ་འཁོར་འཆར། །གསུམ་པར་རྫུ་འཕྲུལ་རྐང་པའི་ཉི་མས་འདོད་པའི་མ་དྲོས་སྐམས་པ་ཡིན། །བཞི་པར་དབང་པོའི་འོད་སྟོང་འཆར་བས་ཚོར་བའི་རྒྱ་མཚོ་མཐར་བྱེད་ལ། །ལྔ་པར་སྟོབས་ཀྱི་ཚ་ཟེར་བྱེད་པས་ཁམས་གསུམ་བརླན་དང་བྲལ་བྱེད་ཅིང་། །དྲུག་པར་བྱང་ཆུབ་ཡན་ལག་འོད་ཀྱིས་མཐོང་སྤངས་ཉོན་མོངས་རི་གླིང་བསྲེག །བདུན་པར་འཕགས་ལམ་ཚ་ཟེར་བྱེད་པའི་སྟོབས་ཀྱིས་འདུ་བྱེད་སྟོང་གསུམ་བསྲེག །རྣམ་དག་ཆོས་དབྱིངས་ནམ་མཁའི་ཁམས་ནི་རྒྱལ་བའི་སྙིང་པོ་རབ་དག་བྱ། །སླར་ཡང་ཐུགས་རྗེའི་འོད་ཟེར་ཕྲིན་ལས་དག་པའི་ཞིང་ཁམས་རབ་སྤྲོས་ནས། །སྣ་ཚོགས་སྤྲུལ་སྐུའི་ཆར་རྒྱུན་འགྲོ་བའི་ཉེར་སྤྱོད་འགྱུར་ཞེས་གང་གསུངས་པ། །ཀྱེ་མ་ངོ་མཚར་འོན་ཀྱང་དེའི་དུས་ལ་བབ་པ་ཤིན་ཏུ་ཉམས། །རྒྱལ་བས་སྙིགས་དུས་གང་གསུངས་པ། །འདུ་འཛིར་གནས་པ་སྤངས་པ་དང་། །དབེན་པར་སེམས་དབེན་བརྟེན་པ་དང་། །གཞན་གྱི་འཁྲུལ་པ་མི་འཚོལ་ཞིང་། །རང་རྒྱུད་འགྲུབ་པ་སྤོང་བར་བྱེད། །སྲེད་དང་ཁྱིམ་འདྲིས་མི་བྱེད་ཅིང་། །ཆོག་ཤེས་མང་དུ་ཐོས་པ་དང་། །དད་དང་ཤེས་རབ་སྙིང་རྗེ་ལ། །རབ་རྟེན་ཀུན་ལ་དག་སྣང་བསྒོམས། །ཤེས་རབ་ཐོས་དང་ཏིང་འཛིན་ལ། །ཆོག་ཤེས་ང་རྒྱལ་མི་བྱ་ཞིང་། །ལེ་ལོ་གཡེང་བ་རྒྱུན་བཅད་ལ། །བརྩོན་འགྲུས་རབ་སྐྱེད་དུས་ལ་བབ། ཟས་དང་ནོར་དང་གོས་ལ་སོགས། སྙིང་པོ་མེད་པར་ཆོག་ཤེས་པ། །འཇིག་རྟེན་འདི་དག་ཐམས་ཅད་ཀྱང་། །སྐད་ཅིག་སྐྱེ་འགག་བྱེད་པའི་ཕྱིར། །ཐུན་མོང་ཐུན་མོང་མ་ཡིན་པའི། །རྣམ་རིག་མི་རྟག་གཡོ་བ་ཡིན། །ཁམས་གསུམ་སེམས་དང་སེམས་བྱུང་དང་། །ཐམས་ཅད་རྣམ་པར་རིག་པ་ཙམ། །སྐད་ཅིག་ཞེས་སུ་རྒྱལ་བས་གསུངས། །དེ་ཉིད་ཀུན་རྫོབ་བདེན་པ་སྟེ། །སྣང་ཡང་བདེན་མེད་ཆུ་ཟླ་ཙམ། །སྟོང་པ་ཙམ་དུ་ཡང་དམིགས་པ་མེད། ཆོས་ཅན་ལ་རྟེན་ཆོས་ཉིད་ནི། །བཅོ་བརྒྱད་རྣམ་པར་དབྱེ་བ་ཀུན། །དོན་དམ་བདེན་པ་ཞེས་གྲགས་ཏེ། །ཐ་མལ་སེམས་ཀྱི་གནས་ལུགས་ནི། །བདེན་གཉིས་དབྱེར་མེད་ངོ་བོས་ཏེ། །རྒྱལ་བས་རྟག་ཏུ་བསྔགས་པར་མཛད། །ཀྱེ་མ་འདི་དོན་འཛོམ་པར་བསྒྲུབ་པར་འདོད་པ་རྣམས། །འདི་དང་ཕྱི་མར་སྡུག་བསྔལ་འབྱུང་བའི་བཞིན། །ཆར་རླུང་ཆུ་དང་བ་མོ་ཡི་རེག་པས་ཀོས་ཐག་ཅིང་། །དབྱར་དུས་རབ་ཚ་ཉི་ཟེར་གྱིས་གདུངས་ངལ་བཞིན་དུ། །འདོད་པའི་རྣམ་གཡེང་ཤུགས་འབྱིན་ངལ་དུབ་སྤྱོད་པ་དག །ཅོང་རོང་རི་དང་ཚང་ཚིང་གིས་ཁྲེར་བས་མཐའ་རུ། །ཁ་ཟས་ལོངས་སྤྱོད་བདེ་འདོད་སྡུག་བསྔལ་གྱིས་བཅིངས་ནས། །ཚེ་འདིར་སྡུག་བསྔལ་ཕྱི་མར་ངན་འགྲོའི་གནས་རྣམས་སུ། །འགྲོ་བའི་རྒྱུར་གྱུར་དོན་མེད་རྩོལ་བ་རྣམ་པར་སྤོངས། །རང་གི་ཡུལ་དང་འཚོ་བའི་ལོངས་སྤྱོད་དུ་མ་དང་། །ཕ་མ་གཉེན་དག་བརྩེ་བཅས་སྲེད་པའི་འཆི་རྒྱུན་ཅན། །སྡུག་བསྔལ་རྩ་ལག་དེ་དག་མངོན་པར་སྤངས་གྱུར་ཅིང་། །ཐུབ་པའི་བསྟན་ལ་འཇུག་པར་བྱེད་པ་སྐལ་བར་ལྡན། །ཞུགས་ནས་ཚུལ་བཞིན་ཐོས་དང་བསམ་པ་ལེགས་བསྟེན་པ། །ཐར་པའི་ལམ་ལ་མངོན་ཕྱོགས་འདུག་པ་ཀྱེ་མ་མཚར། །དེར་ཡང་བག་མེད་ཆོམ་རྐུན་གྱིས། །རྣམ་པར་བཅོམ་ནས་ཉམས་པའི་བློས། །ཀུན་རྟོག་རླུང་གིས་སྦར་བ་ཡིས། །ཡུལ་གྱི་བུད་ཤིང་དང་འཕྲད་མེ། །ལུས་དང་ལོངས་སྤྱོད་དོན་ཙམ་དུ། །སྤེལ་བར་བྱེད་པ་མ་རུངས་ཉམས། །དེ་རྐྱེན་ཀུན་རིག་གིས་ཀུན་རྟོག་གི །རླུང་གིས་ཁྲོ་སོགས་མེ་སྦར་ནས། །དགེ་བའི་ནགས་ཚལ་རབ་བསྲེགས་བཅིངས། །བསླབ་པའི་འཚམས་ལས་འདས་ནས་ཀྱང་། །ཕམ་དང་ལྟུང་བྱས་ཆོས་སྤོང་གིས། །ལས་བསགས་བདུད་ཀྱི་དབང་འགྲོ་བ། །ཀྱེ་མ་སེམས་ཅན་ཉོན་རེ་མོངས། །གལ་ལྟེ་དེ་ལྟར་ལྟུང་བར་གྱུར་ནས་ངན་འགྲོའི་སྡུག་བསྔལ་དར་དྲག་པ། །རལ་གྲི་ཆུ་གྲི་ཤག་ཏི་མདུང་ཐུང་མདའ་དང་སྤུ་གྲི་རབ་འབར་བས། །ཡང་དང་ཡང་དུ་དུམ་བུར་བྱེད་དང་སོག་ལེ་སྟ་རིས་ལུས་གཤོག་བྱེད། ལྕགས་ཀྱི་དྲ་བས་སྟེང་དུ་གཡོགས་ཤིང་བསྡུས་གཞོམ་རི་ཡིས་ཀུན་ཏུ་གཟིར། །ལྕགས་བསྲེགས་འབར་དཀྲིས་ངུ་འབོད་དང་ལྡན་འབར་བའི་གཅོང་རོང་སྒྲ་ཆེན་འབྱིན། མེ་འདག་སྤུ་གྲིའི་རླུང་གིས་རབ་བསྲེགས་རབ་ཚར་འབར་བའི་སྡུག་བསྔལ་ལྡན། །མེ་མ་མུར་དང་རོ་དམྱགས་འདམ་བྱིང་སྤུ་གྲི་མཚོན་ཆའི་ཚལ་དུ་རྒྱུག །གཤེད་པོས་དབང་མེད་རོ་ཉེ་བདུད་བཅིངས་ལུས་བསྲེགས་ལྷག་ལྷག་སྒྲ་འབྱིན་པ། །སྣ་ཚོགས་མནར་མེད་འཁོར་བའི་སྡུག་བསྔལ་མྱོང་ཚེ་སྒྲ་ཆེན་འབྱིན། །དེ་ལས་ཐར་ཡང་ཡི་དྭགས་གཤིན་རྗེའི་སྡུག་བསྔལ་རྣམ་པ་དུ་མ་དང་། །དུད་འགྲོའི་སྡུག་བསྔལ་ཀླ་ཀློ་མི་ཁོམས་འཇིགས་སུ་རུང་བ་རྣམ་བསལ་ནས། །བག་ཡོད་བརྟན་པས་རྟོག་ངན་ཚར་གཅད་རྟག་ཏུ་དོན་ཆེན་བསམས་ན་ལེགས། །དེ་ལྟར་འཇིགས་རུང་རྒྱུའི་སེམས་བཟློག་ཅིང་། ཐོས་བསམ་ལྡན་པས་བསྒྲུབ་ལ་བརྩོན་བྱེད་གང་། །རབ་ཏུ་དབེན་པའི་བས་མཐའི་རི་ཁྲོད་བརྟེན། །ལྷུན་པོ་ལེགས་ཚལ་ཕྲེང་བ་ལེགས་མཛེས་པས། །ཡལ་ག་རྣམ་མཛེས་མེ་ཏོག་སྤུད་ཀྱིས་དུད། །རྣམ་པ་སྒྲ་འབྱིན་རི་དྭགས་ཀྱིས་གང་པ། མཛེས་པའི་ཆུ་ཕྲན་སྟེང་ཀ་དུ་མས་གང་། སྣ་ཚོགས་དྲི་བསྲུང་བཟང་པོས་དབུགས་འབྱིན་བྱེད། །རོ་མཆོག་བརྒྱད་ལྡན་འབྲས་བུ་རྩ་བས་གང་། །རྣམ་གཡེང་བྲལ་བའི་ནགས་ཁྲོད་ཞི་བ་དེར། །ལང་ཚོའི་བདེ་ལ་མ་ཆགས་ལེགས་གནས་ཤིང་། །བསམ་ཏན་ཚད་མེད་སེམས་དཔའ་དཔལ་དང་ལྡན། །ཡང་ན་སྣ་ཚོགས་བྲག་རིས་ལེགས་བསྐོར་ཞིང་། །ནེ་སིང་སྔོན་པོ་རྨ་བྱའི་མགྲིན་པར་མཚུངས། །གཙང་བའི་ཆུ་བྲན་ལྷུང་ལྷུང་སྒྲ་སྙན་འབྱིན། །མཛེས་པའི་མེ་ཏོག་བུང་བས་གར་བྱེད་པ། དེ་འདྲའི་གནས་སུ་སེམས་ཅན་ཀུན་རྟོག་གི །གཡོ་བ་འཛིན་པར་བྱེད་པ་དཔའ་བ་ཡིན། །གཞན་ཡང་གངས་རི་དཔལ་དང་ལྡན་གྱུར་པ། །ཀུ་མུད་ལྟར་དཀར་ཉི་ཟླའི་འོད་གསལ་ཞིང་། མཚོ་ཆེན་ཨི་དྷ་རྙིལ་གྱི་འོད་ལྡན་པ། །ལྦུ་བའི་ཕྲེང་མཛེས་བརླབས་ཀྱིས་རབ་གཡོ་བ། །བདེ་བའི་ཆུ་རླབས་ཆིལ་ཆིལ་སྒྲོགས་པའི་གནས། །དེ་འདྲར་རྟོག་བྲལ་བསམ་གཏན་གྱི་གནས་པ། སྲིད་པའི་བདེ་སྤང་སྐྱེ་བུ་དམ་པ་ཡིན། །དེ་ལྟར་ཐོས་བསམ་བསྒོམ་ལ་བརྩོན་བྱེད་པ། །ངན་འགྲོའི་འཇིགས་སྤངས་བདེ་འགྲོ་བདེ་བའི་ལམ། །དཀར་ཕྱོགས་ལྷ་རྣམས་ཀྱིས་བསྟོད་ཆོས་དཀར་འཛིན། །རྒྱལ་སྲས་རྣམས་ཀྱིས་རབ་བསྔགས་རྒྱལ་སྲས་མཆོག བདུད་རྣམས་ཀུན་ལས་རབ་རྒྱལ་སེམས་དཔའ་ཆེ། །རིང་པོར་མི་ཐོགས་ཐམས་ཅད་མཁྱེན་པ་ཐོབ། །དེས་ན་སྙིགས་དུས་འགྲོ་བ་ལ། །བརྩེར་ལྡན་བརྩོན་པའི་སྟོབས་ཆུང་བ། །ཆོས་ལ་མི་དགའ་ཆོས་ཅན་དང་། །རྣམ་གཡོ་རི་སྤོང་སྙིང་རྗེ་གཡོ། །རང་བྱུང་མིན་ཀྱང་རང་བྱུང་གིས། །བསྟན་ལ་དད་ལྡན་རྡོ་རྗེ་ཞེས། །མིང་བྲལ་མིང་དུ་བརྗོད་པ་ཡི། །སྙིགས་དུས་འགྲོ་བའི་སྤྱོད་མཐོང་ནས། །རང་ལ་བསྐུལ་ཕྱིར་བརྗོད་པ་འདི། །མཁས་མཆོག་རྣམས་ལ་བཟོད་པར་མཛོད།། །། ༈ བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་གནས་པའི་སྨོན་ལམ་ཆེན་པོ་འདི་དག་མངོན་པར་བསྒྲུབས་ཏེ། འདི་ལྟར་སངས་རྒྱས་ཐམས་ཅད་མ་ལུས་པ་ལྷག་མ་མེད་པ་མཐའ་དག་ལ་མཆོད་ཅིང་རིམ་འགྲོ་བྱ་བའི་ཕྱིར། རྣམ་པའི་མཆོག་ཐབས་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པའི་ཕྱི་མའི་མཐའི་མུར་ཐུག་པ་བསྐལ་པ་གྲངས་མེད་པ་ཐམས་ཅད་དུ་སངས་རྒྱས་སྐྱེ་བ་གྲངས་མེད་པ་ལ་རིམ་འགྲོ་དང་མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་པའི་ཆོས་ཀྱི་གཟུང་བ་དང་། བྱང་ཆུབ་བསླང་པ་དང་། བསྟན་པ་ཡང་དག་པར་བསྲུང་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། གསུམ་པ་ནི། འཇིག་རྟེན་ཁམས་འབྱམས་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །བཞི་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཚད་མེད་པ་གདམས་པ་དང་། སའི་ཡོངས་སུ་སྦྱོང་བ་ཐམས་ཅད་ནམ་མཁའི་མཐས་གཏུགས་པའི་སྨོན་ལམ་མངོན་པར་བསྒྲུབ་པོ། ལྔ་པ་ནི། སེམས་ཅན་དུ་རྟོགས་པ་ཇི་སྙེད་ཐམས་ཅད་སྨོན་པར་བྱ་བ་དང་། ཆོས་ལ་གཟུད་པ་དང་། ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པར་བྱ་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །དྲུག་པ་ནི་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཞིང་དག་པར་སྦྱོང་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བདུན་པ་ནི། ཞིང་ཐམས་ཅད་གཅིག་ཏུ་གཞོལ་བ་དང་། འོད་ཀྱིས་བརྒྱན་པ་དང་། ཉོན་མོངས་པ་མེད་པ་དང་ལྡན་པ་དང་། དག་པའི་སེམས་ཅན་གྱིས་གང་བར་བྱ་བ་དང་། སེམས་ཅན་རྣམས་ལ་བསྟན་པའི་ཞིང་དག་པའི་ལས་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བརྒྱད་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམ་སྦྱོར་དང་དགེ་བའི་རྩ་བ་དང་དམིགས་པ་མཉམ་ཞིང་རྟག་ཏུ་མི་བྲལ་བ་དང་། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པ་དང་། རང་གི་སེམས་བ སྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་མཐུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མ་ཉམས་ཤིང་རྗེས་སུ་འབྲང་བའི་མངོན་ཤེས་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ་དང་། འཁོར་གྱི་དཀྱིལ་འཁོར་དུ་གཟུགས་རྙན་བྱུང་བ་ཡང་དག་པར་བསྟན་པ་དང་། སྐྱེ་བའི་སྐྱེས་གནས་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པའི་ཕྱིར། །ཕྱི་མའི་མཐར་ཐུག་པའི་བར་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། དགུ་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའི་སྤྱོད་པས་མཐོང་མ་ཐག་དུ་སངས་རྒྱས་ཀྱི་ཆོས་ཐོས་པ་དང་། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པ་དང་། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ཕྱིར་ལ་ལྡོག་པ་དང་། བསམ་པ་སྨན་གྱི་རྒྱལ་པོ་ལྟ་བུ་དང་། ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བཅུ་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་དང་། །སྐྲ་ཡི་སྦུབས་གཅིག་དང་ཐ་མི་དད་པར་སྐྲའི་རྩེ་མོ་ཐམས་ཅད་དུའང་། བྱང་ཆུབ་ཆེན་པོའི་རོལ་པ་ཀུན་ཏུ་སྟོན་པར་བྱ་བ་དང་། སེམས་ཀྱིས་སྐད་ཅིག་སྐད་ཅིག་ལ་སེམས་ཅན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཆོས་ཀྱི་སྐུའི་ཕྲིན་ལས་དང་བཅས་པའི་ཕྲོལ་བསྟན་པ། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་བགྲང་བ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཡེ་ཤེས་ཆེན་པོ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །སྨོན་ལམ་འདི་བཅུ་ལ་སོགས་པའི་སྨོན་ལམ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཚང་པ་དག་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མངོན་པར་བསྒྲུབ་བོ། །སྨོན་ལམ་དེ་དག་ཀྱང་མཐར་ཐུག་པའི་གནས་བཅུས་མངོན་པར་བསྒྲུབ་ཐོབ་སྟེ། བཅུ་གང་ཞེ་ན། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང་། འཇིག་རྟེན་ཁམས་ཀྱི་མཐར་ཐུག་པ་དང་། ནམ་མཁའ་ཁམས་ཀྱི་མཐར་ཐུགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་དང་། མྱ་ངན་ལས་འདས་པའི་ཁམས་ཀྱི་མཐར་ཐུག་པ་དང་། སངས་རྒྱས་འབྱུང་བའི་ཁམས་ཀྱི་མཐར་ཐུག་པ་དང་། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང་། སེམས་ཀྱི་དམིགས་པའི་མཐར་ཐུག་པ་དང་། །ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་ཀྱི་མཐར་ཐུག་པ་དང་། །འཇིག་རྟེན་གྱི་རྒྱུད་དང་ཡེ་ཤེས་ཀྱི་རྒྱུད་ཀྱི་མཐར་ཐུག་པ་དག་གོ །རང་བྱུང་རྡོ་རྗེས་མདོ་སྡེ་ཕལ་པོ་ཆེ་ལས་བཏུས་པའོ།། །། ༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་རྒྱ་མཚོ་གཏིང་མཐའ་དཔག་མེད་ཅིང་། །སྣ་ཚོགས་ནོར་བུའི་ཚོགས་ཀྱིས་རབ་ཏུ་ལྟམས། །དཔག་མེད་འགྲོ་བ་རྣམས་ཀྱི་ཉེར་མཚོའི་གནས། །བླ་མེད་ཡོན་ཏན་ལྡན་པ་ཕྱག་འཚལ་ལོ། །སྙིགས་མའི་དུས་ཀྱི་རྣལ་འབྱོར་རི་ཁྲོད་པས། །ཤེས་བྱའི་གནས་ལ་ཚད་མེད་ལེགས་གཏོགས་ཤིང་། །སྙིགས་དུས་རྒྱལ་བའི་གསུང་ལ་མཁས་པའི་མཆོག །སྐྱེས་བུ་དམ་པའི་སྙན་དུ་ཚིག་འདི་འབུལ། །བསྟན་པའི་དཀྱིལ་འཁོར་ནུབ་ཀྱི་རི་རྩེར་ཕྱིན། །ལུང་རྟོག་འོད་ཟེར་སྣང་བ་བསྒྲིབས་དུས་འདིར། །མཁས་མཆོག་རྣམས་ཀྱང་ལེ་ལོའི་དབང་གྱུར་ཏམ། །གཞན་རྐྱེན་ཆུ་འཛིན་འཐུག་པོར་གྱུར་རམ་ཅི། །གདུལ་བྱའི་ཚོགས་རྣམས་སྐལ་བ་དམན་གྱུར་ཏམ། །དེ་བས་ཁྱེད་ཀྱིས་བརྩོན་པའི་མཐུ་བསྐྱེད་ནས། །འགྲོ་བ་མི་ཤེས་མུན་པས་སྒྲིབས་རྣམས་ལ། །ལུང་དང་རྟོགས་པའི་འོད་ཟེར་བཀྱེ་མཛོད་ལ། །དག་པའི་ཞིང་བཞིན་གདུལ་བྱ་དག་པར་མཛོད། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། །ཐེག་མཆོག་འབྲས་བུ་རྒྱ་ཆེར་སྤེལ་དུ་གསོལ། །སླད་ཀྱིས་ཐེག་ཆེན་ཆོས་ཀྱི་འབྲེལ་བའི་གཏམ། །དགའ་སྟོན་རྒྱ་ཆེར་སྤེལ་ཅིང་འཇལ་བར་བགྱི། །ཅེས་པ་འདི་རང་བྱུང་རྡོ་རྗེས་མཁས་པ་ཆེན་པོ་རྒྱ་མཾགྷ་ལཾ་ཀེ་ཏུ་ལ་བསྐུར་བའོ།། །། ༈ བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྲོས་པའི་མཚན་མ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་ལྡན་རྣམས་ལ་ཐུགས་རྗེས་འཕྲིན་ལས་ཀྱི། །འཁོར་བར་མཐའ་མེད་འཇུག་པའི་སེམས་ཅན་ལ། །འཕྲིན་ལས་མཐའ་ཡས་སྟོན་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་པ་མཁའ་ལྟར་རྒྱ་ཆེ་བ། ཐེག་མཆོག་ཟབ་ཡངས་ཆུ་འཛིན་སྙིང་པོ་ལས། ཡན་ལག་བརྒྱད་ལྡན་འཕགས་པའི་ཆོས་ཆར་འཕྲོ། ཟབ་ཡངས་དྲི་མེད་གསུང་གི་སྒྲ་དབྱངས་ཅན། །ཡེ་ཤེས་སྣང་བའི་འོད་ཟེར་རབ་འགྱེད་ཅིང་། །དད་ལྡན་གཞི་ལ་ཐེག་མཆོག་མྱུ་གུའི་ཚལ། །རྒྱས་མཛད་རྒྱལ་བའི་འཕྲིན་ལས་རྨད་དུ་བྱུང་། །དེང་སང་བསྟན་པའི་སྙིགས་མར་གྱུར་པའི་དུས། །ཐེག་མཆོག་ཆོས་ཀྱི་སྣོད་གྱུར་ཤིན་ཏུ་ཉུང་། །བློ་གྲོས་ལྡན་རྣམས་ཉིན་མོའི་སྐར་མ་ཙམ། །བཤེས་གཉེན་བཟང་པོའི་རྗེས་སུ་འཇུག་བྱེད་པ། དད་དང་བརྩོན་འགྲུས་ལྡན་པ་དཀོན་མོད་ཀྱང་། །ཐེག་མཆོག་གཞི་ལམ་འབྲས་བུའི་བྱེ་བྲག་རྣམས། །ཐོས་ནས་ཐར་པའི་ས་བོན་འགྱུར་བའི་ཕྱིར། །རེ་ཤིག་དྲིས་པའི་ལན་དེ་བརྗོད་པར་བྱ། སེམས་ཅན་རྣམས་ཀྱི་ཐོག་མར་འཁྲུལ་པའི་ཚུལ། །རང་སེམས་རྒྱལ་བའི་སྙིང་པོ་དྲི་མེད་ལས། །རང་ངོ་སྤྲོས་བྲལ་སྟོང་པའི་རང་བཞིན་དང་། །རང་བཞིན་མ་འདྲེས་ཡོངས་སུ་གསལ་བ་ལས། །འགག་མེད་རོལ་པར་ཀུན་ཏུ་འབྱུང་བ་སྟེ། །མར་མེ་དང་ནི་མར་མེའི་འོད་བཞིན་དུ། །དེ་ཉིད་དང་ནི་གཞན་དུ་བརྗོད་མེད་ཀྱང་། །རང་སྣང་གསལ་བའི་ཆ་ལས་ཡུལ་དུ་གྱུར། །རང་རིག་འགྱུ་བ་ཡུལ་དུ་མ་གནས་པས། །ཐ་དད་ལྟར་སྣང་ཡང་དག་མི་རྟོག་གིས། །དཀྲུགས་པས་ནང་དུ་ང་དང་བདག་དུ་རྟོག །ཡུལ་དྲུག་སྣང་བ་ང་ཡི་ཞེས་སུ་འཛིན། །དེ་ལྟར་ཡུལ་དང་དམིགས་པའི་རྐྱེན་ལས་ནི། །སེམས་ཀྱི་ནུས་པ་དབང་པོར་སྣང་བ་ཡིས། །བདག་རྐྱེན་འཚོགས་པའི་སྐད་ཅིག་བྱས། །ཐ་དད་སྣང་བའི་རྣམ་ཤེས་དྲུག་པོ་བསྐྱེད། །དེའི་ཁྱད་པར་སེམས་ལས་བྱུང་བ་ལས། །དཀར་ནག་མི་གཡོ་ལས་རྣམས་འདུ་བྱེད་པས། །ཀུན་བཞིའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན། །དེ་ནི་རྒྱུའི་རྐྱེན་ཞེས་གྲགས་པ་སྟེ། །དེ་ནི་མ་སྒྲིབས་ལུང་མ་བསྟན་པའི་ཕྱིར། ཁམས་གསུམ་ལས་ཀྱི་འབྲས་བུ་ཉེ་བར་བསྒྲུབས། །དེ་མ་གཏོགས་པ་རྟེན་འབྲེལ་བཅུ་གཉིས་སུ། །མ་རྟོགས་ཟོ་ཆུའི་ཁྱུད་མོ་བཞིན་དུ་འཁྱམ། །འདི་ནི་འཁོར་བའི་སེམས་ཅན་གནས་ལུགས་ཡིན། །འཁྲུལ་པའི་སྣང་བ་དེ་ལྟར་མ་ཤེས་ནས། །ལུས་ངག་ཡིད་ཀྱི་མི་དགེའི་ལས་རྣམས་ཀུན། །འདུས་བྱས་ངན་འགྲོའི་སྡུག་བསྔལ་ཉམས་སུ་མྱོང་། །གཉེན་པོའི་དགེ་བཅུའི་ལས་ལ་འབད་པ་ཡིས། །འདོད་པའི་ཁམས་ཀྱི་འགྲོ་བ་ཐོབ་འགྱུར་ཞིང་། བྱིས་པའི་ཉེར་སྤྱོད་བསམ་གཏན་བསྒོམས་པ་ཡིས། །གཟུགས་ཁམས་ལྷའི་བདེ་བ་ཉམས་སུ་མྱོང་། །སྣང་དང་སྟོང་པ་བཀག་པའི་ཏིང་འཛིན་གྱིས། གཟུགས་མེད་ཁམས་ཀྱི་འབྲས་བུ་འགྲུབ་པ་བྱེད། །སེམས་དང་སེམས་བྱུང་ཁམས་གསུམ་འཁོར་བ་འདི། རྩ་བ་ཡང་དག་མ་ཡིན་རྟོགས་ལས་བྱུང་། །ཁམས་གསུམ་གཟུང་དང་འཛིན་པའི་གཉེན་པོ་རུ། །རྒྱལ་བས་ཟབ་དོན་ཆོས་ཚུལ་དཔག་མེད་གསུངས། །ཐེག་གསུམ་སེམས་ཅན་བསམ་པའི་དབང་གིས་ན། །ལམ་དང་འབྲས་བུའི་ཐ་དད་དུ་མར་སྣང་། །ལམ་ཡང་དྲི་མེད་ཐེག་པའི་མཆོག་ལ་ནི། །ཕ་རོལ་ཕྱིན་པའི་གཞུང་དོན་རྒྱ་ཆེན་རྣམ། བསྟན་ཕྱིར་བདག་ཉིད་ཆེན་པོ་བྱམས་པས་བཤད། །ཁྱད་པར་རྡོ་རྗེ་ཐེག་པའི་ནང་གི་དོན། །གསང་བའི་བདག་པོས་ལེགས་པར་བསྟན་གྱུར་པ། །བསྡུས་པའི་ཚུལ་དུ་སྤྱན་རས་གཟིགས་དབང་གིས། །མཆོག་ཏུ་མི་འགྱུར་འགྲུབ་པའི་མདོར་བསྡུས་སུ། །བསྟན་ཞིང་དེའི་དོན་རྣམ་མདོར་བསྡུས་ན། །སྦྱངས་ལྡན་དབང་བསྐུར་ལེགས་པར་ཐོབ་པ་དང་། །བསྐྱེད་རྫོགས་ཚུལ་བཞིན་ཉམས་སུ་ལེན་པ་དེ། །ཚོགས་ཀྱི་ལམ་དུ་ངེས་པར་སོན་པའི་རྟགས། །བདེ་བསལ་མི་རྟོག་ཏིང་འཛིན་ཉམས་བླངས་ཤིང་། །བསམ་གཏན་ལ་བརྟེན་མངོན་ཤེས་རྫུ་འཕྲུལ་ཐོབ། །སྦྱོར་བའི་ལམ་ལ་ངེས་པར་སོན་པ་ཡིན། །འཁོར་འདས་ཐམས་ཅད་སེམས་ཀྱི་ཚུལ་ཤེས་ཤིང་། གཟུང་དང་འཛིན་པ་རྣམ་པར་དབེན་པ་དང་། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དང་། །སྐྱོན་བརྒྱད་མེད་པའི་བསམ་ག ཏན་བཞི་པ་འདྲེས། །ཡང་དག་བརྩོན་འགྲུས་ཏིང་ངེ་འཛིན་ནི། །དག་དང་ཤིན་ཏུ་སྦྱངས་པའི་ཡོན་ཏན་རྫོགས། མཉམ་གཞག་རྣམ་པར་མི་རྟོག་ཐོབ་ནས་ཀྱང་། །དེ་ཉིད་ངང་ནས་ཕྱོགས་བཅུའི་འཇིག་རྟེན་ཀུན། གཟུགས་སྒྲ་དྲི་རོ་རེག་བྱ་སེམས་ཅན་གྱི། །ཁམས་དང་དབང་པོ་གསལ་བར་སྣང་བ་དང་། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྣང་འགྱུར་ཞིང་། །རྟོག་པ་མེད་པའི་རྒྱལ་བའི་སྲས་གྱུར་པ། །འདི་ནི་རྩ་གནས་དང་པོ་དག་པ་དང་། བརྒྱ་ཕྲག་བཅོ་བརྒྱད་ལས་རླུང་དག་པ་ཡིས། །འཛག་མེད་ལྷན་སྐྱེས་ཐིག་ལེ་བསྟན་པ་ལས། །མཐོང་ལམ་མངོན་དུ་གྱུར་པ་ཞེས་སུ་གྲགས། །དེ་ནས་བཟུངས་ཏེ་འཁོར་ལོ་དྲུག་པོ་ལ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་དག་ཅིང་། །རྗེས་སུ་དྲན་པའི་བྱང་ཆུབ་སེམས་བརྟན་པས། །ས་བཅུའི་ཡོན་ཏན་རིམ་གྱིས་མཐོང་འགྱུར་ཞིང་། །ཞིང་བརྒྱ་མཐོང་དང་གྲངས་མེད་མཐར་ཐུག་པ། །ཡོན་ཏན་གོང་ནས་གོང་དུ་རྫོགས་གྱུར་ཅིང་། །སངས་རྒྱས་ཞིང་སྦྱོང་སེམས་ཅན་ཐམས་ཅད་སྒྲོལ། །རྗེས་སུ་དྲན་པ་བཅུ་དྲུག་རྫོགས་པ་ཡིས། །སྤྱན་ལྔ་གཟུངས་དང་ཏིང་འཛིན་ཡོན་ཏན་རྣམས། །དཔག་ཏུ་མེད་པ་ཡོངས་སུ་རྫོགས་གྱུར་ཅིང་། དགའ་བ་བཅུ་དྲུག་སྙིང་རྗེ་བཅུ་དྲུག་དང་། །སྟོང་པ་བཅུ་དྲུག་ཡོངས་སུ་རྟོགས་པ་ཡིས། །སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་འགྱུར། །དེའི་ཡོན་ཏན་བཤད་ཀྱིས་ལང་པ་མིན། །འདི་དག་རྡོ་རྗེ་ཐེག་པའི་དབང་གི་དོན། །སྦྱང་བ་བཅུ་པའི་སྦྱོང་བྱེད་ཀྱིས་སྦྱངས་པས། །དབང་བདུན་རྣམས་ཀྱིས་ས་བདུན་ལེགས་ཐོབ་ཅིང་། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱིས། །དག་པའི་ས་གསུམ་མངོན་དུ་བྱེད་འགྱུར་ཞིང་། །ཕྱག་རྒྱ་ཆེན་པོ་བཞི་པའི་དབང་བསྐུར་བས། །རྡོ་རྗེ་སློབ་དཔོན་རྒྱལ་བ་ཀུན་བདག་ཉིད། །སྐུ་བཞིའི་དབང་བསྐུར་ཡོངས་སུ་རྫོགས་འགྱུར་ཞིང་། །འདི་དག་རྫོགས་པའི་རིམ་པའི་དབང་དུ་ནི། །ཚོགས་སྦྱོར་སོ་སོར་བསྡུད་དང་དབང་དུ་བསྲེ། །སྲོག་རྩོལ་བསྒྲུབས་ནས་འཛིན་པའི་རྣལ་འབྱོར་གྱིས། །མཐོང་བའི་ལམ་དུ་ངེས་པར་འཇུག་པར་བྱེད། རྗེས་དྲན་ཏིང་འཛིན་བསྒོམས་པའི་རིམ་པ་ཡིས། །བསྒོམ་པའི་ལམ་དང་མི་མཐུན་བསྒྲོད་འགྱུར་ཏེ། །འདི་དག་རྣམས་སུ་སྤྱོད་པའི་ཁྱད་པར་ཡང་། །མོས་པའི་ལམ་ལ་ཐེག་གསུམ་སྤྱི་དང་མཐུན། །ཀུན་བཟང་སྤྱོད་དང་ཏིང་འཛིན་སྤྱོད་པ་ཡང་། །སྦྱོར་བའི་ལམ་དུ་ངེས་པར་བྱེད་པ་ཡིན། །སྤྲོས་མེད་སྤྱོད་པ་ཤིན་ཏུ་སྤྲོས་མེད་ཀྱང་། །མཐོང་བའི་ལམ་དུ་ངེས་པར་སྦྱོར་བར་བྱེད། ཕྱོགས་ལས་རྣམ་རྒྱལ་ཚོགས་ཀྱི་སྤྱོད་པ་ཡིས། །བསྒོམ་པའི་ལམ་དང་གཞན་དོན་བྱ་བ་ཡིས། །འདི་དག་ཟབ་ལམ་རྒྱུད་སྡེའི་སྙིང་པོ་ལས། །ཅི་ལྟར་གསུངས་པ་བདག་གིས་བྲིས་པ་ཡིན། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མ་ལ། །རྒྱལ་བའི་གསུང་བཞིན་ཤིན་ཏུ་བསྒྲུབ་པ་ཉུང་། །དེ་ཕྱིར་དད་ལྡན་རྗེས་སུ་འཇུག་པ་ལ། །ཕན་ཕྱིར་ཕྱི་རོལ་ཉན་ཐོས་སྤྱོད་པ་བསྟེན། །ནང་དུ་སྟོང་པའི་སྙིང་རྗེ་ཟུང་འཇུག་གིས། །ཡང་དག་སྙིང་པོ་ཟབ་ལམ་གནད་དུ་བསྣུན། །དད་པ་ཆུང་ཞིང་ཤེས་རབ་དམན་པ་དང་། །བཏང་སྙོམས་ལེ་ལོའི་དབང་དུ་སོང་བ་རྣམས། །སྙིགས་དུས་རང་ལ་གནོད་པར་བྱེད་པའི་ཕྱིར། །སྙིང་རྗེ་བསྐྱེད་ལ་བསྡུ་བ་ཡོངས་མི་བྱ། །དད་དང་ཤེས་རབ་བརྩོན་འགྲུས་ལྡན་པ་དང་། འཆི་བ་རྗེས་དྲན་ཐེག་པའི་མཆོག་ལ་མོས། །སྐལ་ལྡན་རྣམས་ལ་གདམས་པ་སྦྱིན་བྱ་ཞིང་། །རྗེས་སུ་འཇུག་དང་རང་གཞན་དོན་གཉིས་འགྲུབ། །དེ་ཕྱིར་བླང་དོར་ལེགས་པར་ཤེས་པ་ཡིས། རང་གཞན་བླ་མེད་གཉིས་སུ་འགྲུབ་པ་བྱ། །འདི་ལྟར་བསྡུས་པར་ངག་ཏུ་བརྗོད་པ་བྱ། །མཁས་པའི་བྱ་བ་གསུམ་ལེགས་པར་སྦྱངས། །བཀའ་བ རྒྱུད་གྲུབ་པའི་རྗེས་ལ་ལེགས་པར་ཞུགས། །ཚེ་འདིའི་འཇིག་རྟེན་བྱ་བ་རྣམ་གྲལ་ཞིང་། །བླ་མེད་ཆེན་པོའི་རྗེས་ཞུགས་ལན་དུ་བྲིས། །དགེ་བས་མཁའ་ཁྱབ་སེམས་ཅན་མ་ལུས་པ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །དགེ་བའི་བཤེས་གཉེན་ཚུལ་རིལ་གྱི་དོན་དུ་གདམས་པའོ།། །། ༈ ན་མོ་གུ་རུ། རྒྱལ་བའི་ཆོས་ཚུལ་དཔག་མེད་གསུངས། །ཀུན་ཀྱང་རང་གི་རྟོག་པ་ཡིན། །དེས་ན་གདམ་ངག་རྩ་བ་ནི། །རང་གི་སེམས་ལ་ལྟ་བ་ཡིན། །དེ་དོན་སྟོན་པའི་བླ་མ་ལ། །རྟག་ཏུ་མོས་པ་རྒྱ་ཆེན་བསྒོམ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རང་སྣང་རང་གྲོལ་རྒྱ་ཡིས་ཐོབ། །ནང་གི་སེམས་དེ་སེམས་བྱུང་རྣམས། རང་གི་ངོ་བོ་ལྷུག་པར་ཞོག །བར་དུ་འགྱུ་བ་ངོ་ཡིས་བཟུང་། །ལྟ་བའི་ངོ་བོ་རྟོགས་ནས་འཆི། །དེ་སྟེངས་བརྩོན་འགྲུས་དྲག་པོ་ཡིས། སེམས་ཅན་ཀུན་ལ་སྙིང་རྗེ་དང་། །འབྲེལ་བར་བསམ་གཏན་བསྒོམ་ལ་འབད། །མཐའ་གཉིས་བྲལ་བའི་སྤྱོད་པ་ཡིས། ཐམས་ཅད་མཉམ་པ་ཉིད་དུ་བསྲེས། །རང་གཞན་དོན་གཉིས་འགྲུབ་པ་ཡི། འབྲས་བུ་རྒྱལ་བས་གསུངས་པ་ཡིན།། །། ༈ ཐུབ་དབང་ཐུགས་རྗེའི་མངའ་བདག་བཅོམ་ལྡན་འདས། །རྒྱལ་སྲས་རྒྱལ་བའི་ཡེ་ཤེས་རྟོགས་རྣམས་དང་། །རྒྱུད་ན་རྒྱུད་དུ་དངོས་གྲུབ་བརྙེས་པ་ཡིས། །དཔལ་ལྡན་མཆོག་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་འདི་ལྟར་རྒྱལ་བའི་བསྟན་པ་ལ། །མི་ལུས་མཆོག་ཐོབ་རྒྱལ་བས་རྗེས་བཟུང་ཚེ། །རབ་བྱུང་འགའ་དང་འགའ་ཞིག་ཚུལ་མཐོང་བས། །ཡིད་བྱུང་རང་གི་སེམས་ལ་གྲོས་འདེབས་བྲི། །རྒྱལ་དང་སྲས་བཅས་ཐུགས་རྗེའི་བདག་ཉིད་རྣམས། །དུས་འདིར་རྩེ་བས་བདག་ལ་རྗེས་བཟུང་གསོལ། །སྐྱེས་ཆེན་སྐྱེས་བུའི་ཚོགས་རྣམས་འདི་ལ་གསོན། །ཆོས་སྐུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་ཉི་མའི་བདག་ཉིད་འོད་ཟེར་ཅན། །ནམ་མཁའི་མཐས་ཁྱབ་སེམས་ཅན་ཀུན་ལ་ཤར། །ཁྱད་པར་ཞིང་འདིར་དམ་ཆོས་མདོ་སྡེའི་བཅུད། །གསལ་བར་གསུངས་མོད་རྗེས་སུ་མི་སློབ་ཚེ། །ཞིང་འདིར་སྐྱེས་པའི་དོན་གྱིས་ཅི་ཞིག་མཉམ། །དུལ་དང་སྡོམ་དང་དམ་ཚིག་མི་འཛིན་ཅིང་། །ཁེ་གྲགས་རྙེད་དང་བཀུར་སྟིའི་རོ་ལ་ཆགས། །རྒྱལ་བའི་ཐུགས་དགོངས་སྨྲས་ཀྱང་ལོག་པར་འཛིན། །འདི་འདྲ་མཐོང་ཚེ་བདག་ཡིད་རྣམ་པར་ཆད། །འདུལ་ལས་ཁྱད་འཕགས་གསང་སྔགས་རྒྱུད་སྡེའི་དོན། ཇི་བཞིན་བཤད་པ་ཉོན་མོངས་ཀུན་གྱི་གཉེན། །རྗེས་སུ་བསྒོམས་ནས་བདེ་ཆེན་རྟོགས་པའི་དཔལ། །ཁ་དོན་ཟོས་གྱུར་འདི་ལ་བདག་ཡིད་བྱུང་། །རྒྱལ་བས་གསུངས་པའི་ཆ་ལུགས་མཛེས་གྱུར་ཅིང་། །སླུ་མེད་གང་ལས་རྙེད་གྱུར་མ་གནང་ཡང་། །རྙེད་དང་བཀུར་སྟི་དཔག་མེད་ལ་སོགས་པའི། །སྐྱེས་བུ་འདི་དག་མཐོང་བས་བདག་ཡིད་ཆད། །རྒྱལ་བས་གསུངས་པ་ཐེག་པའི་དོན་རྣམས་ནི། མ་ནོར་རྟོགས་ན་འགྲོ་བའི་དཔལ་ཡིན་ལ། །རང་བཟོ་ང་རྒྱལ་དབང་གིས་ང་རུ་འཛིན། འདི་འདྲ་རྒྱལ་བའི་ཐུགས་ཀྱིས་མི་ཁྲེལ་ཏམ། །དམ་ཆོས་ཟབ་མོ་བསྐལ་པར་བཤད་གྱུར་ཀྱང་། །སྐྱེ་བོ་ལོག་འཛིན་དབང་གིས་དོན་མ་རྟོགས། །ཆོས་ལ་བསྐུལ་ཀྱང་ལོག་པར་ཞེན་མཐོང་ན། །བདག་ཉིད་གཅིག་ཏུ་མི་སྣང་གྱུར་ནའང་སྙམ། །རྒྱལ་བའི་དགོངས་པ་ཟབ་ཡངས་ནམ་མཁའ་ཡི། །ཆུ་གཏེར་དཔག་མེད་འདི་ལས་སྐྱེ་བོ་ཡིས། །ཟིལ་པ་ཙམ་གཅིག་མ་ཐོབ་འདི་མཐོང་ཚེ། །ཞིང་ཁམས་ཀུན་ཏུ་ཐོག་མེད་སྦྱངས་ནའང་། །སེམས་རྣམས་གྲོལ་བའི་དོན་ལ་རབ་གཞོལ་བ། ནུས་མཐུ་ཆུང་བ་ཡང་ན་སྨོན་ལམ་ཟད། །ཅིའི་ཕྱིར་ན་སེམས་ཅན་ངན་འགྲོར་ལྷུང་། །འདིའི་དུས་སུ་སྐྱེས་བུ་མཆོག་ཉིད་རྣམས། །ཅུང་ཟད་འགྲོ་བའི་དོན་ལ་སེམས་བསྐོངས་ཤིག །ཡང་ན་འདུ་འཛི་སྤངས་ལ་དབེན་པ་སྟེན། །སངས་རྒྱས་ཞིང་ཁམས་སྦྱོང་བའི་དོན་བསྒོམ་ཤིག །བདག་ཉིད་འདི་ལྟར་ཅུང་ཟད་བསམས་པའི་ཚེ། འཇིག་རྟེན་འདིའི་སྡུག་བསྔལ་མི་བཟོད་ན། །ངན་སོང་སྡུག་བསྔལ་བཟོད་པར་འདོད་པ་རྣམས། །ཡང་ན་འཁྲུལ་ལམ་ཡང་ན་སེམས་དཔའ་ཡིན། ཅི་ཕྱིར་འདི་ལ་བསམས་ཤིང་འདི་ཉིད་ནི། གསུངས་མཆོག་མ་ནོར་ཡིག་གེའི་རྩལ་སྦྱོངས་ཤིག །ཀྱེ་མ་འདི་འདྲའི་སྐྱེ་བོ་སྡིག་ཅན་རྣམས། །སེམས་ཅན་སེམས་དཔའི་ལམ་ལ་མི་འདྲེན་ནམ། །ཡང་ན་བདག་ཀྱང་མི་སྣང་གྱུར་ན་ཅི། །འདྲེན་པའི་བཤེས་གཉེན་འདྲེན་པའི་གཙོ་བོ་ཆེ། །ཐུབ་པའི་དབང་པོ་ཐུགས་རྗེའི་མངའ་བདག་ཉིད། །སྲས་ཀྱི་མཆོག་རྣམས་སྲས་སུ་ཉེར་དགོངས་ཅིག ཏིང་འཛིན་ཟས་ཀྱིས་བདག་ཉིད་འཚོར་གྱུར་མང་། ཐ་མལ་ཟས་ཀྱིས་བསོད་ནམས་རྫོགས་པའི་ཕྱིར། །དཔག་མེད་ཟས་ཀྱིས་འགྲོ་ལ་དགའ་སྟོན་གྱིས། །དབུལ་གྱུར་ཟས་ཀྱིས་བསྐྱངས་ན་ཡོན་ཏན་འཐོབ། །བདག་ཉིད་ཟས་མཆོག་སྐྱེ་མེད་བསྒོམ་པ་དང་། །དམ་ཆོས་ཟས་ཀྱི་གདུལ་བྱ་སྨིན་གྱིས་ཅིག །བདག་ཉིད་ལྟ་བ་བདག་མེད་སྐྱེས་ན་ཡང་། འགྲོ་བ་གཞན་ལ་བདག་མེད་བསྐྱེད་པའི་ཕྱིར། ལྟ་བ་མ་ནོར་དོན་ལ་སྐྱེ་བ་རུ། །ཀུན་ནས་ཀུན་ཏུ་སྐྱེ་བ་མེད་པར་ཤོག །ཡོན་ཏན་མཆོག་གྱུར་དཔལ་ལྡན་བླ་མ་དང་། བདུད་རྩིའི་མཆོག་གྱུར་དམ་ཆོས་བདུད་རྩིའི་རྒྱུན། བལྟས་སྟེ་སྐྱེ་མེད་མཆོག་འདི་མ་རྟོགས་པར། །ལྟ་བ་བདག་མེད་མཆོག་ལ་ལེགས་པ་ལྟོས། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། སྐྱེ་མེད་མཆོག་རྟོགས་སྐྱེ་བྲལ་བླ་མ་ལ། སྐྱེ་བ་ཀུན་ཏུ་སྐྱེ་མེད་མཆོག་བསྒོམ་ཞིང་། སྐྱེ་ནའང་སྐྱེ་མེད་ངང་དུ་ཤོག །འཁོར་བ་ལ་ཡིད་ངེས་པར་བྱུང་བས་རང་ལ་གྲོས་འདེབས་ཞེས་བྱ་བ་འདི་ནི། དཔལ་མཚུར་ཕུའི་གཙུག་ལག་ཁང་དུ། རང་བྱུང་རྡོ་རྗེས་ཡི་གེར་བཀོད་པའོ།། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །བླ་མས་རྗེས་བཟུང་བདག་མེད་བསྒྲུབ་བྱེད་ཚེ། །གདམས་པའི་མཐར་ཐུག་འདི་བཞིན་བསྒོམ་པར་བྱ། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་རྣམས། །བདག་མེད་ཤེས་རབ་མཆོག་གིས་རྒྱས་གདབ་ཅིང་། །རྒྱུད་སྡེའི་མཐར་ཐུག་བཅུད་ཀྱི་ཉིང་ཁུ་འདི། །གསལ་སྟོང་འཛིན་མེད་རིག་པ་དེ་ཉིད་ལྟོས། །ཀུན་གྱི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་དོན། །འགྱུར་མེད་རང་གསལ་མ་བཅོས་ལྷུག་པའི་ངང་། །ཇི་བཞིན་འགྱུར་མེད་རང་བྱུང་ལྟ་བའི་གདེང་། །མཐའ་བརྒྱད་བྲལ་བས་འཕགས་པའི་དགོངས་པ་ཉིད། །རྣམ་རྟོག་ཟད་པའི་སྐྱོལ་བ་དབུ་མའི་ལམ། །རྟག་ཆད་བྱིང་རྒོད་བྲལ་བ་དེ་ཉིད་དོན། །ཏེ་ལོ་ན་རོའི་དགོངས་པ་མཐའ་བཞི་བྲལ། །དེ་ན་ཅི་ཡང་ཡིད་ལ་མ་བྱེད་ཅིག །སྐྱོན་དང་ཡོན་ཏན་རྣམས་བལྟ་རྟོག་པའི་སྒྲ། །ཡིན་གྱི་སྤྲོས་པ་གང་དུའང་མ་ལྟ་ཅིག །ཐམས་ཅད་དེ་ཉིད་ངང་དུ་གློད་ལ་ཞོག ༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་བྱ་བྲལ་བ་ལ་གདམས་པ་ནི། ཐོག་མེད་འབྲེལ་པའི་མོས་པ་ཡིས། །དུས་འདིར་བླ་མ་རྣམས་དང་མཇལ། །ཁྱད་པར་ངེད་ལ་མོས་པ་ཡིས། །ཡང་ཡང་མཇལ་བ་ངོ་མཚར་ཆེ། ཆོས་ཀུན་བླ་མ་བརྟེན་ལས་བྱུང་། །དེ་ཡང་མོས་པ་ཉིད་ལ་རྟེན། །རང་གི་སེམས་དང་དབྱེར་མེད་པ། །བསྒོམས་པས་རྒྱུད་ལ་རྟོགས་པ་འཆར། །གཞན་དོན་རྩ་བ་སྙིང་རྗེས་སྟེ། །དེ་ཡང་དམིགས་པ་མེད་དང་འབྲེལ། །ལུས་ངག་ཡིད་གསུམ་དག་པ་ཡིས། །མཁའ་མཉམ་བྱང་ཆུབ་ཐོབ་པར་བསྔོ། །སྣ་ཚོགས་སྣང་བ་རྨི་ལམ་འདྲ། །དེ་ཡང་རང་གི་སེམས་དང་འབྲེལ། མ་ཡེངས་དྲན་པ་དང་ལྡན་པས། །སྣང་སྟོང་དབྱེར་མེད་གཅིག་ཏུ་སྦྱོངས། །རང་གི་རྣམ་པར་རྟོག་པ་ཀུན། །གྲོལ་ན་རང་བྱུང་ཡེ་ཤེས་སྟེ། །མ་གྲོལ་འཁོར་བ་དེ་ཉིད་ཡིན། །གཉིས་འཛིན་རང་གྲོལ་ངང་དུ་སྦྱོངས། །རྒྱལ་བས་གསུངས་པའི་མདོ་རྒྱུད་དང་། །བླ་མ་རྣམས་ཀྱི་གདམས་ངག་ཀུན། །བསྡུས་ཀྱང་འདི་ལས་ང་མ་མཐོང་། །དེ་ལྟར་ཉམས་སུ་ལེན་པར་ཞུ། །བླ་མ་བྱ་བྲལ་བ་གདམས་པ། །བདེ་ཆེན་དུ་བྲིས་པའོ།། །། ༈ ཨོཾ་སྭ་སྟི། རྣམ་དག་སྨོན་ལམ་སྟོབས་ལས་ལེགས་འཁྲུང་སྐུ། ཡོན་ཏན་མཐའ་ཡས་བསོད་ནམས་མཚན་གྱིས་བརྒྱན། །བདེ་ལྡན་ཞིང་དུ་མངོན་པར་བྱང་ཆུབ་པ། ཚེ་དང་ཡེ་ཤེས་དཔག་མེད་ཕྱག་འཚལ་ལོ། །སྲིད་བཞིའི་སྐྱོན་བྲལ་རྣམ་དག་ཕུན་ཚོགས་མངའ། །ཁྱད་འཕགས་ཞིང་མཆོག་ཀུན་གྱིས་བསྟོད་པའི་གནས། །དྲི་མེད་རྒྱལ་བའི་འོད་ལ་སྒྲིབ་མི་མངའ། བདེ་གཤེགས་སྣང་བ་མཐའ་ཡས་ཕྱག་འཚལ་ལོ། །ནུབ་ཕྱོགས་རྒྱལ་བའི་དཀྱིལ་འཁོར་བླ་མེད་ཞིང་། །གཙང་ཡངས་མཛེས་དང་དྲི་ཞིམ་བདེ་བ་དང་། །ཡིད་འོང་རིན་ཆེན་སྣ་ཚོགས་ལྗོན་པས་བརྒྱན། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་ལྡན་ཞིང་གི་བརྒྱན་དང་ཡོན་ཏན་དང་། །བཀོད་པ་སྐུ་ཚེའི་འོད་ནི་དཔག་མེད་དེ། །རྒྱལ་དེ་ཆོས་རྗེ་ཉིད་ལས་གཞན་མ་མཆིས། དྲང་སྲོང་འོད་དཔག་མེད་ཞབས་སྤྱི་བོས་འདུད། །རིན་ཆེན་སྣ་ཚོགས་ལས་གྲུབ་བདེ་གཤེགས་སྐུ། །ཕྱི་ནང་རྟེན་དང་མཆོད་པའི་བྱེ་བྲག་སོགས། །འདིས་མཚོན་བསོད་ནམས་ཕུང་པོ་བདེ་ལྡན་དུ། །པད་མ་ལས་སྐྱེས་དགེ་སློང་གྱུར་ནས་ཀྱང་། །ཆོས་རྗེ་འོད་དཔག་མེད་པ་མཐོང་འགྱུར་ཞིང་། །མྱུར་དུ་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །འོད་དཔག་མེད་ལ་བསྟོད་པ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་རང་བྱུང་རྡོ་རྗེས་བཀོད་པའོ།། །།

</div>
</div>
==Notes==
<references />

[[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།]]

Revision as of 21:46, 12 February 2013

༄༅། །བཀའ་བཞི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །[1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net