དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ཀྱི་ཡན་ལག་ཏུ་སྦྱིན་བསྲེག་་་: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 

Latest revision as of 09:39, 18 February 2013

{{{1}}}

༄༅། །དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ཀྱི་ཡན་ལག་ཏུ་སྦྱིན་བསྲེག་གི་ལག་ལེན་ཡེ་ཤེས་འོད་ཀྱི་དྲ་བ་ཞེས་བྱ་བ་བཞུགས། །[1]

༄༅། །དཔལ་ལྡན་རཾ་དང་ཧོ་ལས་བྱུང་བ་ཐམས་ཅད་བསྲེག་ཟ་བ། །ཕྱི་རོལ་ཁམས་དང་ཕུང་པོ་ལ་སོགས་བུད་ཤིང་ཐམས་ཅད་ཀུན། །འཇིག་རྟེན་ལས་དང་འཇིག་རྟེན་འདས་པའི་དོན་གྲུབ་མཆོག་རྩོལ་བ། །རལ་པ་གསུམ་ལྡན་དྲང་སྲོང་ཡེ་ཤེས་མེ་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ཀྱིས་ལེགས་བསྡུས་རྒྱུད། །ཕྱག་ན་པད་མོས་རྣམ་ཕྱེ་བའི། །སྦྱིན་བསྲེག་ལས་རྣམས་བསྒྲུབ་བྱེད་པ། །དེ་ཡི་ལག་ལེན་གསལ་བར་བྱ། །སྒྲུབ་པ་པོས་བཟླས་པ་བྱེ་བ་བྱས་ནས་སྦྱིན་བསྲེག་འབུམ་ཕྲག་བཅུ་བྱས་པས་ལས་ཐམས་ཅད་བསྒྲུབ་པའམ་དབང་དང་རབ་ཏུ་གནས་པ་དང་ལས་ཕྲའུ་གཞན་ཡང་རུང་སྟེ། སྦྱིན་བསྲེག་གི་བསྒྲུབ་པ་ལ་དོན་གསུམ་སྟེ། གནས་དང་། དུས་ཕྱོགས་ཁ་ལྟ་ལུགས་དང་། ཐབ་ཀྱི་ཚད་དབྱིབས་ཁ་དོག་མཚན་མ་དང་བཅས་པ་དང་། དགང་བླུགས་མཆོད་ཡོན་གྱི་སྣོད། །ཤིང་དང་བསྲེག་རྫས་རྣམས་ཀྱིས་སྔོན་འགྲོ་དང་། མེ་ལྷའི་སྦྱིན་བསྲེག་དངོས་དང་། དཀྱིལ་འཁོར་གྱི་ལྷ་དང་། དཀྱིལ་འཁོར་གྱི་ལྷའི་དང་གཉིས་ཀྱིས་དངོས་གཞི་དང་། རྗེས་ཀྱི་བྱ་བའོ། །དང་པོ་ནི་དབེན་པའམ། རྒྱལ་པོ་ལ་སོགས་པའི་གྲོང་ངམ། དཀྱིལ་འཁོར་གྱི་ཁང་པའི་ཡང་ཕྱོགས་མཚམས་ཏེ། བྱང་དང་དབང་ལྡན་དུ་ཞི་བ་དང་རྒྱས་པ། ཤར་དུ་དབྱེ་བ་དང་བསྐྲད་པ། མེར་བསད་པ་ལྷོར་དགུག་པ། བདེན་བྲལ་དུ་དབང་། ནུབ་དུ་རེངས་པ་དང་ཕུར་བུས་གདབ་པ། རླུང་དུ་རྨུགས་པ་དང་རྨོངས་པ་དང་། དབུས་སུ་ལས་ཐམས་ཅད་པ་སྟེ། འདི་ནི་ངེས་པའོ། །གཞན་ཡང་དཀར་ཞིང་དང་བ་ཞི་བ་དང་། རོ་བསྲེགས་པ་འཇིགས་པའི་ས་ལ་མངོན་སྤྱོད་ལ་སོགས་པ་ཐམས་ཅད་ལ་རྒྱུད་སོ་སོ་ནས་གསུངས་སོ། །དེ་བཞིན་དུ་ཞི་བ་ལ་ལྷོར་སྟན་བཏིང་ལ་ཁ་བྱང་དུ་བལྟའོ། །རྒྱས་པ་ལ་བྱང་ཤར་དུ་བལྟའོ། །བསད་པ་ལ་ཤར་དུ། བསྐྲད་པ་དང་དབྱེ་བ་ལ་མེར། དབང་ལ་ལྷོར། དགུག་པ་ལ་ལྷོ་ནུབ། རྨོངས་པ་ལ་ནུབ་ཏུ་རེངས་པ་ལ་ནུབ་བྱང་དུ་ལྟས་པས་བྱའོ། །འོད་ཀྱི་སྙེ་མར། ཞི་བ་ལ་ཤར་དུ། རྒྱས་པ་ལ་བྱང་དུ། དབང་ལ་ནུབ་ཏུ། བསད་པས་ལྷོར་བལྟ་སྟེ་བྱའོ་ཞེས་རྒྱུད་གཞན་གྱི་དགོངས་པའོ། །དུས་ནི་ཞག་གཅིག་ལ་ཐུན་བརྒྱད་དུ་གནས་པའི་སྔ་དྲོ་དང་པོ་ཞི་བ། གཉིས་པ་རྒྱས་པ། གསུམ་པ་བསད་པ། བཞི་པ་བསྐྲད་པ། ལྔ་པ་དབང་། དྲུག་པར་དགུག་པ། བདུན་པ་རྨོངས་པ། བརྒྱད་པ་རེངས་པ་བྱ་སྟེ། དེ་བཞིན་དུ་ཐུན་ཕྱེད་ཀྱང་སྦྱར་ཏེ། ཉིན་བརྒྱད་མཚན་བརྒྱད་རིམ་པ་ལྟར་བྱ་སྟེ། དུས་སྦྱོར་དང་གཟའ་རྣམས་ཀྱང་སོ་སོའི་དུས་སུ་བྱ་བ་ཡིན་ཏེ། བཟློག་པ་ནི་མི་འགྲུབ་པ་ལ་སོགས་པ་འབྲས་བུ་ཕྱིན་ཅི་ལོག་ཏུ་འགྱུར་བས་སོ། །ཐབ་ཁུང་ནི་ཞི་བ་ལ་ཟླུམ་པོ་དབུས་སུ་པདྨ་འདབ་བརྒྱད་དེ་ཉིད་ཀྱིས་མཚན་པ། ཁྲུ་གང་བ་དཀར་བའོ། །རྒྱས་པ་ལ་གྲུ་བཞི་འཁོར་ལོས་མཚན་པ་ཁྲུ་དོ་པ་དཀར་སེར་རོ། །བསད་པ་ལ་ཟླ་གམ་གྲི་གུག་གིས་མཚན་པ་ཁྲུ་ཕྱེད་དང་གཉིས་པ་ནག་པའོ། །དབྱེ་བ་ལ་ཟུར་ལྔ་ལ་རལ་གྲིས་མཚན་པ་ཁྲུ་གང་བ་དམར་ནག་གོ་དབང་ལ་ཟུར་བདུན་པ་མདས་མཚན་པ་སོར་བཞི་བཅུ་པ་དམར་སེར་རོ། །དགུག་པ་ལ་ཟུར་སུམ་ལྕགས་ཀྱུས་མཚན་པ་སོར་ཉི་ཤུ་པ་དམར་པོའོ། །རྨོངས་པ་ལ་ཟུར་དྲུག་པ་སྦྲུལ་གྱིས་མཚན་པ་སོར་སུམ་ཅུ་པ་རབ་ཏུ་དམར་བའོ། །རེངས་པ་ལ་ཟུར་བརྒྱད་པ་ལྕགས་སྒྲོག་གིས་མཚན་པ་སོར་དྲུག་ཅུ་པ་རབ་ཏུ་སེར་བ་སྟེ། ཐམས་ཅད་ཀྱང་ཐབ་ཁུང་གི་ཕྱེད་ཀྱི་ཚད་ཟབས་སུ་བྲུའོ། །དྲུག་ཆ་ནི་ཁ་ཁྱེར། བཅུ་གཉིས་ཆ་གཅིག་མཆུ་སྟེ་མཚན་པ་སོ་སོའི་ཕྲེང་བའོ། །ཞི་རྒྱས་ལ་ཕྱི་རུ་ཁ་ཁྱེར་དང་མཉམ་པའི་པདྨ་བྱའོ། །ལས་ཐམས་ཅད་པ་ལ་དབུས་སུ་རྡོ་རྗེ་ལྗང་ཁུས་མཚན་པ་བྱའོ། །འདིར་ཐམས་ཅད་ནང་དང་འབྱུང་བའི་ཡོན་ཏན་གྱི་རིམ་པས་སོ། །སྒོ་བརྒྱན་བྱེད་ན་དཀྱིལ་འཁོར་གྱི་རིམ་པས་བྱེད་པར་བཤད་དོ། །དགང་གཟར་ནི་སྙིམ་པའི་རྣམ་པ་ལྟ་བུ་ཕྱི་རོལ་གྲུ་བཞི་པ་དཔངས་སོར་གཅིག་པ་མཐིལ་མཉམ་པ་པད་མས་མཚན་པ། རྩེ་མོ་སོར་གཉིས་ཀྱི་ནང་དུ་ཝའི་རྣམ་པ། དེའི་མཆུ་རུ་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་བཅུད་འཛག་པ་སོར་བཞིའོ། །ཡུ་བ་ཁྲུ་གང་ཙམ་རྡོ་རྗེ་ནོར་བུ་མཚན་པའོ། །བླུགས་གཟར་ཡུ་བ་སྔ་མ་ལྟ་བུ་ལ་སོར་དྲུག་པ་ལ་པད་མས་མཚན་པ་སྟེ་ནང་དུ་སྙིང་ཁ་ནས་ཡར་མར་གྱིས་དག་པའོ། །དེ་བཞིན་ལས་སོ་སོའི་མཚན་མ་ལ་སོགས་པ་ཐབ་བཞིན་དུ་སྟེ། ཡུ་བ་ཡང་འབར་འཛག་གི་རིམ་པས་རིང་བ་ལ་གཙུག་གཏོར་ནས་གསང་བའི་བར་དུ་འགྱུར་རོ། །མཆོད་ཡོན་གྱི་སྣོད་ཀྱང་ཞི་བ་ལ་ཤེལ་ཁམ་ཕོར་གྱི་དབྱིབས་པད་མས་མཚན་པ་ལྟེ་བ་སོར་བཞི་གཞན་སོར་བཞི་སྟེ་བརྒྱད་པའོ། །དེ་བཞིན་དུ་དངུལ་ཐོད་པ་ལྕགས་གསེར་ཟངས་ཤིང་རྣམས་རིམ་པས་སོ། །དེ་མེད་ན་དེ་རྣམས་ཀྱིས་བྱུགས་པ་ཁ་དོག་སོ་སོ་ཡང་ངོ་། །ཡམ་ཤིང་ནི་ཞི་བ་དང་རྒྱས་པ་ལ་ཨ་ཤད་ལ་སོགས་པ་དྲི་ཞིམ་རོ་མངར་བ་རྣམས་སོ། །བསད་པ་མི་རུས་ཐེའུ་ཆུང་ཙམ་མོ། །དབྱེ་བ་དང་བསྐྲད་པ་ལ་བྱ་རོག་གི་སྒྲོའོ། །དབང་ལ་སེང་ལྡེང་ལ་སོགས་པའོ། །དགུག་པ་ལ་ཤྭའོ། །རྨོངས་པ་ལ་རྟ་རུ་རའོ། །རེངས་པ་ལ་བིལ་པའོ། །སོར་བཅུ་གཉིས་པ་མཐེ་བོ་ཙམ་མཐེའུ་ཆུང་ཙམ་ལྔ་བརྒྱའོ། །སྲེག་རྫས་གཙོ་བོ་ནི་ཞི་བ་ལ་འོ་མ་དང་དུར་བ་སྦགས་ལ། རྒྱས་པ་ལ་མར་དང་འབྲུ་ལྔའོ། །བསད་པ་ལ་ཤྭ་ཁྲག་དང་དུག་གོ། །བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་དང་ཀེ་ཚེའོ། དབང་ལ་དངུལ་དང་ཀ་ར་བི་རའི་མེ་ཏོག་ལ་སོགས་པའོ། །དགུག་པ་ལ་དྲི་ཆུ་བིལ་བའི་འདབ་མ་ལ་སོགས་པའོ། །རེངས་པ་ལ་མཆིལ་མ་དང་། ལིང་ག་ལ་ཕུར་པའི་མེ་ཏོག་རྙིང་པའོ། །རྨོངས་པ་ལ་ཆང་དང་དྷ་རུ་ལ་སོགས་པའོ། །གཞན་ནི་ཇི་ལྟར་རྙེད་པས་བྱའོ། །གཞན་ཡང་འདུག་སྟངས་ལ་སོགས་པ་བསྟན་ཏེ། ཞི་བ་ལ་དཀྱིལ་དཀྲུང་རྒྱས་པ་ལ་རྡོ་རྗེ་དཀྱིལ་དཀྲུང་། བསད་པ་ལ་རུས་སྦལ་ལྟར་བསྐུམ་པ། བསྐྲད་པ་དང་དབྱེ་བ་ལ་ཙོག་པུ། དབང་ལ་གཡོན་གྱི་ཕྱེད་དཀྱིལ་དཀྲུང་། དགུག་པ་དང་དབྱེ་བ་གཡས་ཕྱེད་དཀྱིལ་རྨོངས་པ་ལ་རྐང་པ་གཡོན་པས་བཤང་སྒོ་མནན་ལ། རེངས་པ་ལ་གཡས་ཏེ་འདུག་སྟངས་བརྒྱད་དོ། །མཆོད་པ་ནི་ཞི་རྒྱས་ལ་དྲི་ཞིམ་པ་དཀར་པོ། བསད་བསྐྲད་དབྱེ་བ་ལ་རོ་ཚ་བ་དང་། ཚེར་མ་ཅན་དང་ནག་པོ། དབང་དགུག་པ་དམར་པོ། རྨོངས་པ་དང་རེངས་པ་ལ་སེར་པོའོ། །སྤོས་ནི་བསིལ་བ་དང་། དུག་ཁྲག་དང་བཅས་པ་དང་། བསྐ་བ་དང་གུ་གུལ་རྒྱ་སྐགས་དང་བཅས་པ་རྣམས་གོ་རིམས་བཞིན་ནོ། །དེ་བཞིན་དུ་ལྷ་བཤོས་ཀྱང་རིམ་པས་འོ་ཟན་ཞོ་ཟན་མཆིན་པ། ཤྭ། མར་ཟན། ཏིལ་མར་དང་བཅས་པའི་ཟན། སྲན་ཟན། མོན་སྲན་ནག་པོའི་ཟན་རྣམས་སོ། །དབྱུག་པ་ཡང་ཙན་དན་དཀར་པོ། ཁྲག་དང་རོ་སོལ། གུར་གུམ་འགྲི་ཧྃ། ཡུང་བ་གླ་རྩི་རྣམས་སོ། མར་མེ་ཡང་མར་དང་མིའི་ཞག་དང་། ཏིལ་དང་། འཛོ་ཏི། སྨ་ཏི་དང་། སེ་འབྲུའི་མར་རྣམས་རིམ་པས་སོ། །དེ་བཞིན་དུ་འབྲུ་ཡང་། ས་ལུ་དང་སྐེ་ཚེ་དང་། ཡུངས་དཀར་དང་སྲན་ཆུང་རྣམས་སོ། མཆོད་རྫས་གཞན་ཁ་དོག་དང་དབྱིབས་དང་དྲིས་ཕྱེ་བའོ། །དེ་ལྟར་ཐབ་བྱས་ནས་ལས་དང་མཐུན་པ་ཐབ་ཀྱི་དབྱིབས་ལྟར་བརྩིག་ཅིང་མཆོད་པ་དང་གཏོར་མ་བཤམ། རྡོ་རྗེ་སློབ་དཔོན་གྱི་གདན་གཡས་སུ། དགང་བླུགས་ཀྱི་གདན་གཡོན་དུ་མཆོད་ཡོན་གདན་དབུས་སུ་བསྲེག་རྫས་རྣམས་བཀོད་ལ་ཐབ་ཏུ་ཀུ་ཤ་བཀྲམ་པ་ནི་སྔོན་དུ་བྱ་བའོ། །གཉིས་པ་དངོས་གཞི་ནི། བདག་ཉིད་རྡོ་རྗེའི་སྐུར་བསྒོམས་ནས་ཐབ་བསྲུང་བའི་དོན་དུ་ཕུར་བུས་གདབ་པ་བྱས་ནས། དེ་ནས་རྡོ་རྗེ་དང་བཅས་པ་བྱིན་གྱིས་བརླབས་པའི་ལག་པས། ཨོཾ་ཨཱཿཧཱུྃ་ཧྲཿཕཊ་ཅེས་བསང་གཏོར་བྱས་ནས། བདག་བསྐྱེད་པའི་སྙིང་ཁར་མེ་ལྷ་ལྷག་པར་གནས་པ་བྱས་ནས་ཞི་རྒྱས་ལ་བྲམ་ཟེའི་ཁྱིམ་ནས། བསད་པ་ལ་སོགས་པ་རྨངས་རིགས། དབང་དགུག་རྒྱལ་རིགས། རེངས་པ་ཕུར་བུས་གདབ་པ། རྡོ་རྗེ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ་སྦར་ལ། རླུང་གཡབ་ཀྱིས་བུས་ཏེ། ཨོཾ་ཛཱ་ལ་ཛཱ་ལ་ཧཱུྃ་ཞེས་བརྗོད་ནས། རྡོ་རྗེའི་མེ་དེ་ཉིད་ལས་འཕྲོས་པས་བགེགས་བསལ་ལ། མཚན་མ་སོ་སོ་ལས་བསྐྱེད་པར་བྱ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། རལ་པའི་ཅོད་པན་གདན་པད་མ་དང་ཉི་མ་དང་ར་ལ་གནས་པ་སྟེ། ལས་ཐམས་ཅད་ལ་གཡས་ན་རྡོ་རྗེ་དང་བགྲང་ཕྲེང་། གཡོན་དྲིལ་བུ་དང་པད་མ་ཅན་ལྗང་ཁུའོ། །མི་བསྐྱོད་པའི་དབུ་རྒྱན་ཅན་ནོ། །ཞི་བ་ལ་གཡས་སུ་པད་མ་དང་རལ་གྲི་ཕྲེང་བར་བཅས་པ། གཡོན་བུམ་པ་དང་དུང་། སྐུ་མདོག་དཀར་པོ་སྣང་བ་མཐའ་ཡས་ཀྱིས་བརྒྱན་པའོ། །རྒྱས་པ་ལ་གཡས་འཁོར་ལོ་དང་མུ་ཏིག་ཕྲེང་བ་གཡོན་པད་མ་དང་སྤྱི་བླུགས་སོ། །དྲག་པོ་ལ་ནག་པོ་གཡས་གྲི་གུག་རྩེ་གསུམ། གཡོན་ཐོད་པ་ཁ་ཊྶཱཾ་ཅན་དོན་གྲུབ་ཀྱིས་བརྒྱན་པའོ། །བསྐྲོད་པ་གཡས་རལ་གྲི་རྩེ་གསུམ། གཡོན་མཐུན་ནོ། དབང་ལ་དམར་པོ་གཡས་མདའ་དང་རིན་ཆེན། གཡོན་གཞུ་དང་མེ་ལོང་ཅན། རིན་ཆེན་འབྱུང་ལྡན་གྱིས་བརྒྱན་པའོ། །འགུགས་པ་ལ་གཡས་རྡོ་རྗེ་ལྕགས་ཀྱུ་དང་། རིན་ཆེན་ཅན། གཡོན་ཞགས་པ་མེ་ལོང་ངོ་། །རྨོངས་པ་ལ་གཡས་སྦྲུལ་དང་དབྱུག་པ། གཡོན་འཁོར་ལོ་དང་ཐོད་པའོ། །རེངས་པ་དང་ཕུར་བུས་གདབ་པ་ལ་གཡས་ལྕགས་སྒྲོག་ཐོ་བ། གཡོན་འཁོར་ལོ་དང་ཕུར་བུ་ཅན་སེར་པོ་རྣམ་སྣང་གིས་བརྒྱན་པའོ། །དེ་ལྟར་ལས་དང་མཐུན་པར་བསྐྱེད་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲང་པ་ནི། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འབར་བའི་སྐུ་ནི་རྒྱན་གྱིས་བརྒྱན། །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱེ་ཧི་ཨཱེ་ཧི། མ་ཧ་བྷུ་ཏ། དྷེ་བ་རི་ཤི། དྷུ་ཛ་ས་ཏ་མ། གྷྲི་ཧེ་ཏྱ། ཨ་ཡུ་དྃ། མ་ཧཱ་ར་རྨི། ཨ་སྨི་ན་ས་ནི། ཧི་དྷོ་བྷ་བཱ། བཛྭ་དྷ་ར་ཨ་ཛྙྱ་པ་ཡཱ་ཏི་སྭཱ་ཧཱ། ཞེས་བརྗོད་ནས། ཛ་ཧཱུྃ་བྃ་ཧོ་ཧིས་དགུག་གཞུག་བཅིང་དབང་དུ་བྱ་ཞིང་དགྱེས་པར་བྱས་ནས། ཨོཾ་པྲ་བཱ་ར་ས་ཏ་ཀ་ར། ཨརྒྃ་མ་ཧ་ར་སྨི་ན་པྲ་ཏི་ཙ་སྭཱ་ཧཱ་ཞེས་མཆོད་ཡོན་འབུལ། དེ་བཞིན་དུ་ཨརྒྃ་གྱི་སར། པ་ཏྱྃ་དང་ཨ་ཛྙྱ་མ་ནྃ་དང་། ཨ་བྷྱོ་ཁྱ་ནྃ་བཅུག་ལ། ཞབས་བསིལ་དང་། ཞལ་བསིལ་དང་། གསང་གཏོར་ཕུལ་ལ། ཡང་ཨོཾ་བཛྭ་གྷྃ་དྷྃ་པྲ་ཏི་ཙ་ཡེ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་བཛྭ་པུས་པྃ་མ་ལཱེ། བཛྭ་དྷུ་པེ། བཛྭ་དྷི་པ། བཛྭ་ཨ་ཀྵ་ཏྱེ་ཏ། བཛྭ་ནེ་པེ་ཏྱེ། བཛྭ་བྷ་ཏྲཻ། བཛྭ་ནི་ཏྱེ། བཛྭ་ཧ་ཀྵྼེ། བཛྭ་ལ་ཀྵྼེ། བཛྭ་གྷི་ཏེ། བཛྭ་ཀ་མཱེ། པྲ་ཏི་ཙ་ཡེ་སྭ་ཧཱ། ཞེས་ལྷ་མོ་བཅུ་གཉིས་ཀྱིས་མཆོད་ལ། ཨོཾ་སརྦ་པ་པྃ། དྷ་ཧ་ན་བཛྭ་ཨག་ནེ། བཛྭ་ས་ཏྭ་སརྦ་པ་པྃ། དྷ་ཧ་ན་དྷ་ཧ་ན་སྭཱ་ཧཱ་ཞེས་འདོད་པའི་མེ་བཀུག་ནས། ཨོཾ་བཛྭ་ཨ་ན་ལཱ། སརྦ་བྷུ་དྷན་ཛ་ལ་ཡཱ། སརྦ་བྷ་སྨི་ཀུ་རུ། སརྦ་ཛ་ན་དྷུས་ཏྲ་ན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ། དམ་ཚིག་སྒྲགས་ནས། མེའི་ལྟས་རྟག་པའི་དོན་དུ། མར་དགང་བླུགས་གསུམ་ཙམ་བྱིན་ནས། ལས་སོ་སོ་དང་མཐུན་པར་མ་གྱུར་ན་ཁྲོ་བོའི་སྔགས་ཀྱིས་བསང་ངོ་། །དེ་ནས་བསྲེག་རྫས་ཐམས་ཅད་འོག་ནས་འབྱུང་བ་བཞིན། །ཨོཾ་ཨག་ནེ་ཡེ་སྭ་ཧཱ། ཞེས་པ་དང་ལྡན་པས་ཅི་རིགས་པ་དབུལ་བར་བྱ་སྟེ། གོ་རིམ་ནི། དང་པོ་སྦྱངས་ཏེ། ཨོཾ་པྲི་སྭཱ་ཧཱ། ཞུན་མར་སྦྱང་པའི་སྔགས་སོ། ཨོཾ་ཨཱཿ་སྭཱ་ཧཱ། ཡམ་ཤིང་གིའོ། ཨོཾ་ཛ་སྭཱ་ཧཱ། འབྲུ་དག་པར་བྱ་བའོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་སྦྱང་པའི་སྔགས་སོ། ཐོག་མར་མར་གྱི་དགང་བླུགས་འབུལ། །དེ་བཞིན་ཡམ་ཤིང་བསྲེགས་བྱས་ནས། །ཏིལ་དང་དུར་བ་འབྲས་ཞོ་ཟན། །ཀུ་ཤ་དེ་ནས་གཞན་རྣམས་སོ། །ཕྱག་རྒྱ་ནི་ལག་པ་གཡོན་ཕྱི་ཀན་དུ་བྱས་གཡས་མཆོག་སྦྱིན་པ་བཞིན་དུ་སྟེ། རྫས་གཞན་རྣམས་ནི་མཐེབ་སྲིན་གྱིས་འབུལ་ལོ། །འབུལ་བའི་གནས་ནི། ཁུ་བའི་རྫས་ནི་ཞལ་དུའོ། །ཡམ་ཤིང་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་ལའོ། །ཞོ་ཟན་ཏིལ་ལ་སོགས་ཕྱག་ཏུའོ། །དྲི་ཐུགས་ཁར་རོ། །མེ་ཏོག་དབུ་ལའོ། །བདུག་སྤོས་ཤངས་ལའོ། །མར་མེ་དང་ཡོན་ཆབ་མདུན་དུའོ། །གཞན་ཡང་རང་གི་ནང་དུ་བསྒོམས་པ་དང་ཡེ་ཤེས་ཀྱི་མེ་ལྷ་ཕྱིར། སྔགས་ཀྱི་ཚིག་འདི་ལྟ་སྟེ ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་སྭཱ་ཧཱ། རྩ་བ་ལ་བརྒྱ་རྩ་བརྒྱད་དོ། །ཧཱུྃ་ཧཱུྃ་ཧྲཱི་ཧྲཱི་ཧྲ་ཧྲཱ་སྭ་ཧཱ། ཡན་ལག་ལ་བརྒྱ་རྩ་བརྒྱད་དོ། ཨ་ཨཱ་ཨི་ཨཱི་རི་རཱི་ཨུ་ཨཱུ་ལི་ལཱི་ཨྃ་ཨཱཿ ཕུང་པོ་ཁམས་ལ་བརྒྱ་རྩ་བརྒྱད་དོ། ཨ་ཨཱ་ཨེ་ཨཱཻ་ཨར་ཨཱར་ཨོ་ཨཱོ་ཨལ་ཨལ་ཨྃ་ཨཱཿསྭ་ཧཱ། སྐྱེ་མཆེད་བཅུ་གཉིས་ལ་བརྒྱ་རྩ་བརྒྱད་དོ། ཧ་ཧཱ་ཡ་ཡཱ་ར་རཱ་བ་བཱ་ལ་ལཱ་ཧྃ་ཧ་སྭཱ་ཧཱ་ཞེས་ལས་ཀྱི་དབང་པོ་དང་ཡུལ་ལ་བརྒྱ་རྩ་བརྒྱད་དེ། ལྔ་བརྒྱ་དང་བཞི་བཅུ་ཞེས་སོ། །དེ་ནས། ཨོཾ་བྷུར་བྷུ་བ་སྭཱ་ཧཱ། ན་མོ་དྷེ་བཱེ་བྷྱཿ ས་ཏྲི་པྲ་ཛྲ་བྷྱཿ ས་་ར་ཛཱ་བྷྱཿ སྭཱ་ཏ་པི་ཌི་བྷྱཿ ཨ་ལྃ་བྷུ་ཏེ་བྷྱཿ བྷ་ཤ་ཏ་ཨིན་ཏྲ་ཡཱེ་ཞེས་བརྗོད་ནས། བསྟོད་པ་ནི། ཚངས་པ་འཇིག་རྟེན་སྐྱོང་བའོ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འོད་དུ་འབར་བའི་རང་བཞིན་ཏེ། །ཞི་བ་ལ་སོགས་ལྷ་དཔལ་ཡིན། །ཞི་བའི་ཞལ་ལ་ཆུ་གཏེར་ཕྱག །ཞི་སོགས་རྒྱན་དང་ཆ་ལུགས་ཅན། །གཡས་ན་དབྱུག་གུ་བགྲང་ཕྲེང་འཛིན། །གཡོན་ན་སྤྱི་བླུགས་ཆུ་སྐྱེས་བསྣམས། །རལ་པ་སེར་སྐྱ་མཛེས་པ་ཅན། །སྤྱན་ནི་ཡངས་ལ་གོས་དང་བཅས། །མེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཞི་བ་ལ་སོགས་ལས་རྣམས་མཛོད། ཅེས་བརྗོད་ལ་སླར་ཡང་ཞབས་བསིལ་ལ་སོགས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ་ཀ་ཡཱ་ཝཱཀ་ཙི་ཏྟ་ས་བྷ་བཱ་ཤུད་དྷོ་ཧྃ་ཞེས་བསངས་ལ། ཞུ་ཞིང་འབར་བར་གྱུར་པའམ། ཕྱིར་མེའི་ཕྱོགས་སུ་བཞག་ཀྱང་རུང་སྟེ། དེ་རྣམས་ནི་མེ་ལྷའི་སྦྱིན་བསྲེག་གོ །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ་བསྐྱེད་ལ་ཡེ་ཤེས་དགུག་ཅིང་རོ་མཉམ་གྱི་བར་བྱས་ལ། ཨོཾ་ཨཱཿཧཱུྃ་ཧོ་ཏྲི་དྷ་དུ་ཀེ་ཤ་ར་ཀ་ལཱ་ཙ་ཀྲ་ཨརྒྷྃ་པྲ་ཏི་ཙ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། པ་ཏྱཾ་དང་། ཨ་ཙྪ་མ་ནྃ་དང་། པྲོ་ཀྵ་ནྃ་གིས་ཞབས་བསིལ་ཞལ་བསིལ་འཐོར་འཐུང་ཕུལ་ལ། ས་པ་རི་ཝ་ར་བྷ་ག་བཱན་མེ་བྷ་ར་ཏོ་བྷ། བྷ་ཤིར་ཤ་ནྃན་ཙཱ་ཞེས་བརྗོད་ལ། ཕྱི་ནང་གི་མཆོད་པ་རྣམས་བྱས་ནས། དེ་ནས་ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་མ་ལ་བྷ་ར་ཡཱ་ཕཊ་སྭ་ཧཱ་ཞེས་མར་མེ་འབུལ་ལོ། །གཞན་མེ་ལྷ་དང་ལྷ་ཐམས་ཅད་རྫས་རྣམས་བསྲེག་པའི་སྔགས་བྱེ་བྲག་པ་ནི། ཨོཾ་སརྦ་པ་པྃ་ད་ཧ་ན་བཛྭ་ཡེ་སྭ་ཧཱ། ཞི་བའི་དོན་དུ་ཏིལ་རྣམས་ཀྱིའོ། །ཨོཾ་བཛྭ་ཨ་ཡུ་ཤེ་སྭ་ཧཱ། ཚེ་རིང་པའི་དོན་དུ་དུར་བ་རྣམས་ཀྱིའོ། །ཨོཾ་བཛྭ་པུས་ཏྲ་ཡེ་སྭ་ཧཱ། རྒྱས་པའི་དོན་དུ་འབྲས་ཀྱིའོ། །ཨོཾ་སརྦ་སྭྃ་བྷ་ད་སྭ་ཧཱ། ཕུན་སུམ་འཚོགས་པའི་དོན་དུ་ཞོ་ཟན་དང་ཟས་མཆོག་གིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡེ་སྭ་ཧཱ། བསྲུང་བའི་དོན་དུ་ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྭ་བྷི་ཛ་ཡ་སྭཱ་ཧཱ་འབྲས་སོ་བའི་འོ། །ཨོཾ་མ་ཧ་བྷི་ཏྱ་སྭ་ཧཱ་ནས་ཀྱིའོ། །ཨོཾ་མ་ཧཱ་པ་ལ་ཡེ་སྭཱ་ཧཱ་སྲན་མ་མ་ཤའོ། །ཨོཾ་བཛྭ་གྷསྨ་རི་སྭཱ་ཧཱ་གྲོའི་འོ། །ཨོཾ་བཛྭ་ཡ་ཛྙྱ་ཡེ་སྭ་ཧཱ་ཨུ་དུ་འབར་བའི་འོ། །ཨོཾ་བྷོ་ཏི་བྷི་ཀྵ་ཡ་སྭཱ་ཧཱ་བྱང་ཆུབ་ཤིང་གིའི་འོ། །ཨོཾ་བཛྭ་ལ་ཏ་ཡཱ་སྭཱ་ཧཱ། གླག་ཤའོ། ཨོཾ་བཛྭ་ཀུ་བེ་ར་ཡེ་སྭཱ་ཧཱ། ནྱ་ཀྲོ་ཏའི་འོ། །ཨོཾ་ཧ་ས་ཀ་ར་ཡཱ་སྭཱ་ཧཱ། ཨ་མྲའི་འོ། །ཨོཾ་བཛྭ་ཨརྐ་ཡ་སྭཱ་ཧཱ། མཆོད་སྦྱིན་ཤིང་གིའི་འོ། །ཨོཾ་བཛྭ་བྷྲ་མཱ་ན་ཡེ་སྭཱ་ཧཱ། པ་ལ་ཤའི་འོ། །ཨོཾ་བཛྭ་གྷ་ཏྲ་ཡཱེ་སྭཱ་ཧཱ། སེང་ལྡེང་གིའི་འོ། །ཨོ་བཛྭ་ཤྲུ་པ་ཡ་སྭཱ་ཧཱ། བྷཻ་ཀཾ་ཀའི་འོ། །ཨོཾ་བཛྭ་ཤི་བ་ཡཱ་སྭཱ་ཧཱ། ཤིང་པ་མའི་འོ། །ཨོཾ་སརྦ་ཏོ་བྷ་ཏྲ་ཡཱ་སྭཱ་ཧཱ། གྷྃ་བྷ་རིའི་འོ། །ཨོཾ་བཛྭ་ཤི་ཁ་ར་ཡེ་སྭཱ་ཧཱ། ཨ་བ་མ་རྒའི་འོ། །རྫས་ལྷག་མ་རྣམས་ནི་ཚིམ་པར་བྱ་བའི་ལྷའི་སྔགས་ཀྱིས་འབུལ་ལོ། །བསྲེག་བྱ་ཐམས་ཅད་བདུད་རྩི་ལྔས་བསྒོ་བར་བྱའོ། །འདིར་རྒྱས་པར་ནི་མཆོད་མཆོག་ཏུ་གསུངས་པའི་སྔགས་ལ་ན་མའི་མཐའ་དོར་ལ་སྭཱ་ཧཱ་བཅུག་ནས་བྱ་བར་གསུངས་སོ། །ཨོཾ་ན་མོ་གྷུ་རུ་བྷུ་ཏ་བོ་ཏེ་སྭཱ་ཏ་བྷྱ་སྭཱ་ཧཱ་ནས་ཐུགས་དཀྱིལ་ལམ། རྫོགས་པ་སྔར་གང་བསྐྱེད་པའི་སྔགས་ཀྱིས་བྱ་བ་ནི་དཀྱིལ་འཁོར་མཆོད་པའི་སྦྱིན་བསྲེག་ཡིན་ནོ། །ལྷ་བྱེ་བྲག་པ་ལ་ཞི་རྒྱས་ལ་ན་མོའི་མཐའ་ཅན། དགུག་པ་ལ་བྷོའུ་ཤད་ཏ། དབང་ལ་བྷ་ཤད་ཏ། མངོན་སྤྱོད་དང་དབྱེ་བ་དང་། བསྐྲད་པ་དང་བསད་པ་ལ་མ་ར་ཡ་ཧཱུྃ། ཕུར་བུས་གདབ་པ་ལ་ཀི་ལ་ཡ་ཕཊ། རེངས་པ་ལ་སྟཾ་བྷ་ཡ། རྨོངས་པ་ལ་མོ་ཧ་ཡ་ལ་སོགས་པའམ། གཞན་ཡང་ཞི་བ་ལ་ཤན་ཏྱི་ཀུ་རུ། རྒྱས་པ་ལ་པུས་ཏིང་ཀུ་རུ། དབང་ལ་པ་ཤྃ་ཀུ་རུ། དྲག་པོ་ལ་མ་ར་ཡ་ཕཊ། དགུག་པ་ལ་ཨ་ཀར་ཤ་ཡ། བསྐྲད་པ་ལ་ཨུ་ཙ་ཏ་ཡ་ལ་སོགས་པ་རྒྱུད་གཞན་དུ་གསུངས་པའི་མཐའ་བསྒྱུར་དང་བཅས་པ་ནི་འཕྲིན་ལས་བསྒྲུབ་པའི་སྦྱིན་བསྲེག་གོ །མདོར་ན་ཇི་ལྟར་འབྱོར་པའི་རྣམ་པ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་ལ། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་ཏེ། རང་གི་ལུས་ལ་བསྡུའོ། །དངོས་གཞིའོ། །རྗེས་ཀྱི་བྱ་བ་ནི་སླར་མེ་ལྷ་དགུག་ཅིང་། བསྲེག་རྫས་ཀྱི་ལྷག་མ་ཕུལ་ལ། བསོད་ནམས་འདོད་པ་དག་གིས་ཀྱང་འབུལ་དུ་བཅུག་སྟེ། བཟོད་པར་གསོལ་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་པོ་ཁྱེད་དེ་བཟོད་པར་གསོལ། །གང་ཡང་ནུས་པ་མ་མཆིས་དང་། །མ་རྙེད་ཡོངས་སུ་མ་ཤེས་པ། །འདིར་ནི་བྱས་དང་བྱེད་འགྱུར་ཉིད། །དེ་ཀུན་གཙོ་བོས་བཟོད་མཛོད་རིགས། །ཞེས་བརྗོད་ཅིང་གཏོར་མ་དངོས་ལ་དངོས་གྲུབ་བླང་ངོ་། །ཨོཾ་ཛཱ་གྷ་ཚྪ་གྷྃ་ཚྪ། མ་ཧ་ར་སྨི་སྭ་ཏྭ་ནྃ། སྃ་གྷི་པ་ཏོ་ཧོ། པུ་ན་ར་ག་མི་ཤ་སྭ། དྷེ་བཱ་ཤ་ཛ་དྷ་ར་ཡ་མི་སྭ་ཧཱ། ཞེས་བརྗོད་ལ་གསང་གཏོར་དང་ཞལ་བསིལ་ཕུལ་ལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཞེས་བྱ་བས་ཡང་དག་པར་བསྐུལ་ནས། རང་གི་སྔགས་དང་། །ཨོཾ་ཨཱཿཧཱུྃ་མུ་ཞེས་བརྗོད་ཅིང་གཤེགས་སུ་གསོལ་ལོ། །གཞན་ཡང་། འཇིག་རྟེན་པའི་ལྷ་ཐབ་ཁུང་ཏུ་འགོད་པར་འདོད་ན། དམ་ཚིག་སེམས་དཔའ་བསྐྱེད་པ་དང་། །ཡེ་ཤེས་སེམས་དཔའ་དགུག་པ་དང་། །དམ་ལ་གནས་པར་བྱ་བ་དང་། མཆོད་པ་དང་། སྦྱིན་བསྲེག་ལ་སོགས་པ་མེ་ལྷའི་བཞིན་དུ་སྦྱར་བར་བྱའོ། །ཕྱིས་ཀྱང་མེ་ལྷ་དང་མཚུངས་པར་གཤེགས་སུ་གསོལ། ཐལ་བ་ནི་ཞི་རྒྱས་ལ་ཆུ་བོར་དོར་བ་དང་། དབང་དགུག་ལ་ཕྱར་བའམ་ལམ་དུ་དོར་བའམ། དྲག་པོ་ལ་མནན་པ་ལ་སོགས་པ་བྱའོ། །རྗེས་ཀྱི་བྱ་བའོ། །ནང་གི་རྣལ་འབྱོར་དང་ལྡན་པས་ལག་པ་གཡས་གཡོན་དགང་བླུགས་སྙིང་ཁར་ལྷ་བསྐྱེད་ནས། ལྟེ་བའི་མེ་ལྷག་པར་གནས་ནས་བཟའ་བཏུང་ལ་སོགས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ནང་གི་སྦྱིན་བསྲེག་སྟེ། སྙིང་ཁའི་དཀྱིལ་འཁོར་སྦྱིན་བསྲེག་བྱ། །ཞི་བའི་བཏུང་བ་བཞིན་མྱངས་ནས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བཤད་དོ། གཞན་ཡང་། མགོ་བོའི་ཐོད་པ་ཉིད་ཀྱང་ནི། །སྦྱིན་བསྲེག་སྣོད་དུ་ཉེ་བར་བརྗོད། །རོ་མ་བླུགས་གཟར་བཤད་པ་སྟེ། །སྙིང་ཁའི་ཆོས་འཁོར་བརྐྱང་མ་ནི། །དགང་གཟར་བདག་ཉིད་རྣམ་པར་བསྟན། །ལྟེ་བའི་དཀྱིལ་འཁོར་ཉིད་ཀྱང་ཐབ། །ཞེས་བདེ་བ་ཆེན་པོ་གཉིས་སུ་མེད་པ་ནི་སྦྱིན་བསྲེག་བླ་ན་མེད་པ་སྟེ། དེ་ལྟར་བརྩོན་པ་ནི་ཕྱིའི་སྦྱིན་བསྲེག་རྣམས་ཀྱང་རུང་པ་ཉིད་དེ་ངེས་པ་འདིའི་རྒྱུད་ཐམས་ཅད་དུ་གསུངས་སོ། །ཡེ་ཤེས་གཏུམ་མོ་རབ་ཏུ་འབར་བའི་སྒྲ་གྲགས་ཀྱིས། །རྣམ་རྟོག་བདུད་ཀྱི་བུད་ཤིང་ཞུམ་ཤིང་རབ་བསྲེགས་ནས། །བདེ་དང་སྟོང་པ་རབ་འབར་ཞུན་མར་བདུད་རྩིའི་རྒྱུན། །རབ་འབབ་ཡེ་ཤེས་སེམས་ཀྱི་མེ་ལྷ་མཉེས་གྱུར་ཅིག །ཀཱ་ལཱ་པ་རུ་རབ་གྲགས་པ། གྲགས་པ་པད་དཀར་ལས་བྱུང་པ། །ཕྱི་ནང་སྦྲང་རྩི་དག་གི་རྒྱུན། །རིང་མོ་ཞིག་སྟེ་མྱོང་བ་ཡིན། །དགེ་བས་སེམས་ཅན་ཐམས་ཅད་ཀྱི། །ཡེ་ཤེས་བདེ་འོད་འབར་བྱེད་ཤོག །འགལ་དང་འཁྲུལ་པ་གང་མཆིས་པ། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ལག་ཏུ་བླང་བའི་རིམ་པ། ཡེ་ཤེས་འོད་ཟེར་དྲ་བ་ཞེས་བྱ་བ། རང་བྱུང་རྡོ་རྗེས་མཚུར་ཕུའི་རི་ཁྲོད་དུ་སྦྱར་བའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net