གཅོད་བཀའ་ཚོམས་ཆེན་མོའི་ས་བཅད་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 

Latest revision as of 09:39, 18 February 2013

{{{1}}}

༄༅། །གཅོད་བཀའ་ཚོམས་ཆེན་མོའི་ས་བཅད་བཞུགས་སོ། ། [1]

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་པོ་འདི་ལ་གསུམ་ལས། ཀླད་ཀྱི་དོན་དང་། གཞུང་དང་། མཇུག་གོ །གོང་མ་ལ་གསུམ། མི་སྨྲ་ཕྱག་འཚལ་བ། མཚན་བསྟན་པ་གཅོད་ཀྱི། མདོར་འགའ་ལ་བསྟན་པ་དང་གསུམ་མོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ་བདུད་ལ། རྒྱས་པར་བཤད་པའོ། །འདི་ལ་གསུམ་བདུད་བཞི་བྱེ་བྲག་ཏུ་བསྟན་པ་དང་། དཔེས་བསྟན་པ་དང་། དཔེ་དང་བྲལ་བར་བསྟན་པའོ། །ཐོག་མ་ལ་བཞི། ཐོགས་བཅས་ཀྱི་བདུད། ཐོབས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དོ། །དང་པོ་ལ་གཉིས། བདུད་རང་ལས་ཐོགས་བཅས་བྱུང་བ་ངོས་བཟུང་བ་དང་། དེའི་ངོ་བོ་སྟོང་གཟུགས་ནི་པར་གཏན་ལ་དབབ་པའོ། །ཐོགས་མེད་ལ་གཉིས། བྱུང་ཐོགས་མེད་ཚོར་ངོས་བཟུང་བ་དང་། རྟོགས་པ་ཆོས་དབྱིངས་ཤར་བས་རང་གྲོལ་དུ་བསྟན་པའོ། །དགའ་དྲོད་ལ་གཉིས། མདོར་དགའ་བྲོད་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལ་གཉིས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས། ཡོན་ཏན་གཉན་སར་འདྲེ་ཡིས་ལ་ཆགས་ན་ལམ་བདུད་ཡིན་པ་དང་། རྨི་ལམ་ཡོན་ཏན་ལྟ་བུར་བསྟན་པའོ། །མཆོག་ལ་གཉིས། མ་གོ་ན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །དང་པོ་ལ་གཉིས། བདུད་ངོས་བཟུང་བ་དང་། བརྡ་རུ་ཤེས་ན་གྲོལ་བའོ། །ངོས་གཟུང་བ་ལ་གཉིས་ལས། །མདོར་མཆོག་གི་བསྟན་པ་དང་། རྒྱས་པར་སྤྲོས་བྲལ་བཤད་པའོ། །གཉིས་པ་ལ་བཞི། རང་ལྟ་བསྒོམ་ཤར་ལ་བལྟ་བྱ་ལྟ་བྱེད་མེད་པ་དང་། བསྒོམ་པ་བསྒོམ་ཀུན་ཀྱང་མཁན་མེད་པ། ཤུགས་བྱུང་སྤྱོད་རང་གི་བལྟ་བ་ཟིན་ན། སྤྱོད་པ་ཟིན་ན་སྤྱོད་པ་རང་གི་རོལ་པ་ཡིན་པ་ཉམས་ཉམས་སུ་ མྱོང་བློ་ལས་འདས་པའོ། །བློས་བྱས་བདུད་དུ་བསྟན་པ་ལ་གཉིས། འདོད་པ་དང་མཆོག་གི་གསུམ་བཅས་འབྲས་བུའི་བདུད་དང་། རང་ཡིན་པར་ལུས་ངག་ཡིད་གསུམ་རྟོགས་ན་བསྒྲུབ་ཏུ་མེད་པའོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས། མདོར་བསྟན་པ་བདུད་ལ་རྒྱས་པར་བཤད་པའོ། །དེ་ལ་གསུམ། བདུད་ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་གསུམ་མོ། །ཐོག་མ་ལ་གཉིས། ལྟ་བས་མ་ཟིན་དངོས་པོའི་ཡུལ་ན་དངོས་པོ་བདུད་དུ་བསྟན་པ་དང་། རྩ་དངོས་སོ་བྲལ་དུ་ཤེས་ན་ཀུན་གྲོལ་དུ་བསྟན་པའོ། །གཉིས་པ་ལ་ལྔ། རྩ་བ་སྙེམས་བྱེད་ལས་བྱུང་པའི་བདུད་ཐོགས་མེད་ལྔ་ངོས་བཟུང་བ་དང་། སྙེམས་བྱེད་ཞེ་སྡང་རང་གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་དང་། དཔེའི་སྒོ་དེ་ཡང་ནས་ཡ་ང་མེད་པ་དང་། རྟོགས་ཀྱང་མ་བཅད་ན་འཆིང་བ་དང་། སྙེམས་བྱེད་ཨེ་མ་ཧོ་ཆོད་ན་སངས་རྒྱས་པའོ། །གསུམ་པ་ལ་གཉིས་ཐུན་མོང་དང་། མཆོག་གོ །ཐུན་མོང་ལ་གཉིས། དངོས་གྲུབ་ལ་དགའ་དྲོད་ཆགས་ན་བདུད་ཡིན་པ་དང་། མ་ཆགས་ན་རྒྱན་ཡིན་པའོ། །མཆོག་ལ་གཉིས་ཏེ། བྲོད་པ་སྐུ་གསུམ བདུད་དུ་བསྟན་པ་དང་། དེ་ཤེས་འཁོར་བ་རང་ན་སྙེམས་བྱེད་མེད་པའོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་བསྟན་པ་ལ་ལྔ་ལས། དཔེས་བཤད་པ་དང་། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །དང་པོ་ལ་གཉིས་རྒྱུད་དཔེ་ཡིས་ལ་མ་ཁེལ་ན་འཆིང་བ། རང་གིས་འབྲི་བཟང་རྟོགས་ན་གཞན་ལ་ཕན་པའོ། །ལྟ་བ་ལ་གཉིས། ཁྱུང་ཆེན་བདུད་རྩ་བྲལ་དུ་རྟོགས་པར་བྱེད་པ་དང་། དེ་རྩ་བྲལ་ལྟར་ཤེས་པས་ཆོད་པའོ། །བསྒོམ་པ་ལ་གསུམ། །དཔེའི་བཞག་ཐབས་སྒོ་ནས་བསམ་དུ་མེད་པ། མ་བཅོས་བཅོས་བསླད་ལྷུག་པར་བཞག་པ་དང་། དྲན་རྟོག་རིག་པ་རང་ལུགས་བདེན་མེད་དུ་ཤེས་པས་མྱ་ངན་ལས་འདས་པའོ། །སྤྱོད་པ་ལ་གཉིས། ཉོན་མོངས་སྤྱོད་པ་དང་བྲལ་བའི་བརཏལ་ཤུགས་སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟན་པའོ། །འབྲས་བུ་ལ་གཉིས། དོན་རྟོགས་འབྲས་བུ་པས་བསྒྲུབ་ཏུ་མེད་པ་དང་། སྙམས་པ་བདག་སངས་རྒྱས་སུ་ངེས་པའོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བར་བསྟན་པ་ལ་ལྔ། རིག་པ་འཁྲུལ་པ། མ་རིག་པ་ཡེ་ཤེས། མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས། རང་བཞིན་རིག་མེད་འཁྲུལ་པ་དང་། གྲུབ་དབྱེར་མེད་མཐའ་ལ་ལྟོས་ཏེ་འཁྲུལ་པའོ། །གཉིས་པ་ལ་གཉིས། གཏི་མུག་དེ་བས་ཡེ་ཤེས་སུ་བསྒྱུ་བ། །ཅི་རིག་པ་ཤར་རང་བྱུང་དུ་བསྟན་པའོ། །གསུམ་པ་ལ་གཉིས། སངས་རྒྱས་ཡང་དག་ཀྱིས་མ་བྱས་པ། འཇིག་རྟེན་མ་བྱས་འདུས་མ་བྱས་ལས་མི་རྟོགས་པའོ། །བཞི་པ་ལ་གཉིས། མུ་མ་བྱས་བཞི་བདེན་མེད་དུ་རྟོགས་པ། དོན་རྟོགས་གཟུགས་གིས་དང་ཚོར་པས་འཁོར་བ་ལས་བྲོལ་བའོ། །ལྔ་པ་ལ་བཞི། བློ་མ་གྲུབ་ཆུང་བ་ལ་དྲང་ཐབས་སུ་བསྟན་པ། གྲུབ་གྲུབ་ན་རྒྱུ་དོན་མེད་པ་དང་། བློ་ཆོས་ཀྱི་མ་གྲོལ་ན་དོན་མེད་པ་དང་། འཛིན་ལུས་ལ་མེད་རྟོགས་ན་སྐུ་གསུང་ཐུགས་སུ་བསྟན་པའོ། །མཇུག་གི་དོན་ལ་ཡང་གཉིས། མཚན་དོན་ཨེ་མ་ཧོ་གྱི་སྒོ་ནས་བསྟན་པ་དང་ཉམས་སོ། །དེ་ལ་བཞི། ནན་ཏན་བློ་དང་བྲལ་བའི་ཉམས་དང་། གཉན་ས་ལ་སོགས། གདམས་པ་ཁྱད་པར་ཅན་དང་། ཁལ་རྐྱེན་སྣང་དུ་ཁེལ་ན་ལྟ་བ་ཡིན་པ་དང་། གཉན་སར་གཉན་ས་འགྲིམ་པ་གལ་ཆེ་བའོ། །བཀའ་ཚོམས་ཆེན་མོའི་བསྡུས་དོན་རྫོགས་སོ།། །། ༈ གཅོད་ཀྱི་ཊིཀྐ་བཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཉེར་ཞི་ཞི་བ་འདུས་མ་བྱས། །འགག་མེད་ཐུགས་རྗེའི་ཐུགས་ལ་ཕ་རོལ་ཕྱིན། །རྒྱས་པའི་པད་ལྟར་རྣམ་རྒྱས་སྐྱོན་མི་མངའ། །འགྲོ་ལ་ཐུགས་བརྩེ་ཐུབ་དབང་སྲས་བཅས་འདུད། །བརྗོད་མེད་དབྱིངས་ལས་མིང་དང་ཡི་གེའི་ཚོགས། །རྣམ་འཕྲོས་བརྒྱད་ཁྲི་བཞི་སྟོང་གསུང་གི་མཛོད། །ཀུན་གྱི་སྙིང་པོ་ཕ་རོལ་ཕྱིན་པ་ཡི། །ཉམས་ལེན་རྣམ་རྟོག་གཅོད་པའི་ཡི་གེ་བརྩམས། །རྒྱལ་བ་སྲས་དང་བཅས་པའི་བཀའ་དང་། དེའི་རྣམ་འཕྲུལ་འཇིག་རྟེན་དུ་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་བསྟན་བཅོས་དང་གདམས་པའི་ཚོགས་ཅི་སྙེད་ཅིག་བཤད་ཀྱང་། ཐེག་པ་ཆེ་ཆུང་རྣམས་སུ་འདུས་ཤིང་། དེ་ལས་ཀྱང་ཐེག་པ་ཆེན་པོའོ། །མདོ་སྡེ་དང་རྒྱུད་སྡེའི་དགོངས་པ་གཉིས་ལས། ཀུན་གྱི་མཐར་ཐུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཉམས་སུ་བླངས་པའི་ཚུལ་གཉིས་ལས་ལེགས་པར་སྦྱངས་ཤིང་ལུང་དང་རིགས་པའི་སྒོ་ནས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གཏན་ལ་དབབ་པ་དང་། ནང་དུ་འཇོག་པ་ལ་བརྟེན་ནས་གཟུགས་སོགས་ཀྱི་སྣང་བདེན་སྒྱུ་མར་བཤིག་པའི་ཚུལ་དང་། གཉིས་ཀ་ལ་བོགས་འདོན་ཡུལ་ཡུལ་ཅན་གཉིས་མེད་དུ་བསྲེ་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གདམས་ངག་ཡིན་ནོ། །དེ་ལ་གཉིས། ཅི་ལྟར་བྱུང་པའི་ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི་བརྒྱུད་པའི་ཚུལ་གསུམ་དང་མ་གཅིག་ལ་སོགས་པ་རྣམས་ཀྱི་ལོ་རྒྱུས་གཞན་དུ་ཤེས་པར་བྱའོ། །གཉིས་པ་གདམས་པ་ནི། གསུམ་ལས། བདེ་གཤེགས་བཀའ་མ་བརྒྱུད་པའི་གདམས་ངག་དང་། བྱིན་རླབས་དབང་བསྐུར་གྱི་བརྒྱུད་པའི་གདམ་ངག་དང་། ལུང་བསྟན་གྱི་བརྒྱུད་པའི་གདམས་ངག་གསུམ་ལས། དང་པོ་ནི་མ་ཅིག་ཉིད་ཀྱི་ཐུགས་ཉམས་སུ་བྱོན་པའི་ཡི་གེར་བཀོད་པ་རྣམས་ཡིན་ཏེ། དེ་ལ་བཞི་ལས། ཕྱི་བཀའ་ཚོམས་ཞི་བ་རྒྱས་སུ་བཤད་པ་དང་། ནང་ངོ་སྤྲོད་ལེ་ལག་ཏུ་གདབ་པ་དང་། དོན་གནད་ཐེམ་ཁོང་ཁོལ་དུ་བསྟན་པ་དང་། གསང་བ་བརྡ་ཆོས་ལ་བརྡར་བསྒྱུར་བའོ། །དེ་རྣམས་ལ་མཆོག་ཏུ་གྱུར་པ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་དང་། གཞུང་དང་། མཇུག་གོ །དང་པོ་ནི་གསུམ་ལས། ཚིག་རྐང་པ་གཉིས་ཀྱིས་ཕྱག་འཚལ་བ་བསྟན་ཏེ། དེ་ཡང་མི་སྨྲ་ཞེས་བྱ་བ་ལ་སོགས་པ་སྨོས་ནས། དོན་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་ཡིན་ཏེ། གང་འཕགས་པ་རྣམས་ཀྱི་མངོན་སུམ་དུ་གྱུར་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ནི། བརྗོད་པར་མི་འགྱུར་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམས་པས་རྗེས་སུ་དཔག་པར་མི་ནུས་པའི་ཕྱིར། ཡུལ་ཡུལ་ཅན་ལས་འདས་པ་སྟེ། དམིགས་པའི་སྒྲིབ་གཡོགས་ཅན་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་ལ་ཕྱག་འཚལ་བ་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་དབྱེར་མེད་པའི་ཕྱི་རོ། །གཉིས་པ་ནི། གཅོད་ཀྱི་བཀའ་ཚོམས་ཞེས་པས། མཚན་ཐོག་མར་སྨོས་པའོ། །གསུམ་པ་ནི། འགའ་ལ་ཕན་ཕྱིར་ཞེས་པ་ལ་སོགས་ཚིག་རྐང་པ་ལྔས། བཤད་པར་དམ་བཅའ་ཞིང་། མདོར་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྩ་བ་བདེན་མེད་ཡིན་ལ། དེ་རྟོགས་པར་བྱེད་པ་ལ་སྒྲིབ་པ་གཉིས་སྤངས་དགོས་ཤིང་། སྒྲིབ་བྱེད་ཀྱི་རྩ་བ་ཀུན་གཞི་ལས། རྣམ་པར་རྟོག་པས་ཉིང་འཁྲུལ་དང་སུམ་འཁྲུལ་དུ་རྟོག་སྟེ། གཟུགས་ལ་སོགས་པའི་ཡུལ་བདེན་པར་རིག་པ་ལས་ཞན་ཅིང་ཆགས་པས། དོན་བདེན་མེད་ལ་སྒྲིབ་པའི་བདུད་དུ་གྱུར་པ་ཡིན་ཏེ། དེ་ཡང་སེམས་ཡེ་ནས་སྟོང་ཞིང་། རང་བཞིན་གྱིས་འོད་གསལ་བ་དེ་ལ་གནས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་དེ། མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། ཐོག་མ་ནི་སེམས་རང་རིག་རང་གསལ་ཆོས་ཀྱི་སྐུ་དེ་ལ། སྒྲིབ་བྱེད་ཀྱི་བདུད་དེ་གང་ཡིན་ཞེ་ན། ཐོགས་བཅས་དང་། ཐོགས་མེད་དང་། དགའ་བྲོད་དང་། སྙེམས་བྱེད་དེ། བཞི་པོ་ཡང་རྩ་བ་སྙེམས་བྱེད་ལས་བྱུང་ཞེས་པའོ། །རྒྱས་པར་བཤད་པ་ལ་རྣམ་པ་གསུམ་ལས། སྐྱེས་བུ་ལས་དང་པོ་རྣམས་ལ་བདུད་བཞི་བྱེ་བྲག་ཏུ་བསྟན་ནས་ཉམས་སུ་བླང་བ་དང་། གཉིས་པ་དཔེའི་སྒོ་ནས་བདེན་མེད་དུ་སྤྱད་པ་དང་། གསུམ་པ་དཔེ་དང་བྲལ་བའི་ཉམས་ལེན་བསྟན་པ་ཡིན་ཏེ། འདི་དག་ཀྱང་ལམ་རྣམ་པ་ལྔ་དང་སྦྱར་བར་བྱའོ། །ཐོག་མ་ལ་བཞི་ལས། ཐོགས་བཅས་ཀྱི་བདུད་འདི་ལ་གཉིས་ལས། བདུད་རང་ལས་བྱུང་བ་ངོས་བཟུང་བ་ནི། ཐོགས་བཅས་ཞེས་པ་ལ་སོགས་ཚིག་རྐང་པ་བཞི་སྟེ། གཟུགས་སོགས་དབང་ཤེས་ཀྱི་ངོས་སུ་སྣང་བ་རྣམས་དང་། དགག་བསྒྲུབ་དང་བཅས་པས་འཁོར་བར་བཅིངས་ཞེས་སོ། །དེའི་ངོ་བོ་སྟོང་པར་གཏན་ལ་འབེབ་པ་ནི། གཟུགས་ནི་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་དྲུག་གིས་བསྟན་ཏེ། གཟུགས་སོགས་ཀྱི་སྣང་བ་གྲུབ་པའི་ཚེ་ན། དེའི་ངོ་བོ་རང་བཞིན་སྟོང་པར་རིག་པས་བརྟག་ན་ཡང་གྲུབ་ལ། ལུང་ལས་ཀྱང་། གཟུགས་སྟོང་པའོ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་དུ་གཏན་ལ་ཕབ་པས། དེ་ལྟར་གཟུགས་སོགས་བདེན་མེད་དུ་བསྒོམས་པས། དངོས་པོར་རྟག་འཛིན་སྤངས་ཏེ། སྟོང་ཡང་ཡིད་ལ་མ་བྱས་པས། ཆད་པའི་ཐ་སྙད་དང་བྲལ་བའོ། །དེ་ལྟ་བུའི་བདེན་མེད་ལ་གཟུགས་སོགས་ཀྱི་སྣང་བ་ཙམ་དགག་ཏུ་མ་བཏུབ་ཀྱང་། སྣང་བ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་ཡིན་ཏེ། འཕགས་པ་ལས། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའོ། །ཞེས་གསུངས་པས། རྣམ་རྟོགས་རང་འགག་སུ་བཏང་ཞིང་བསྒོམ་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཐོགས་མེད་ཀྱི་བདུད་ཡིན་ཡང་། འཁྲུལ་པའི་བློས་ཞེན་པས་ཨ་འཐས་སུ་གྱུར་པ་ནི་ཐོགས་བཅས་ཡིན་པས་འདི་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒྱུར་ཅིག་ཅེས་པའོ། །གཉིས་པ་ཐོག་མེད་ཀྱི་བདུད་ལ་གཉིས་ལས། བྱུང་ཚོར་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་ལ་སོགས་ཚིག་རྐང་པ་དགུ་སྟེ། ཡིད་ཀྱི་རྣམ་ཤེས་ལས་བྱུང་བའི། བྱུང་ཚོར་བཟང་ངན་རྣམས་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་རྟོགས་ན་རང་གྲོལ་དུ་འགྱུར་བ་ནི། ཆོས་དབྱིངས་ཀློང་ཆེན་ལ་སོགས་ཚིག་རྐང་བཅུ་སྟེ། སེམས་ཉིད་ཀྱི་དབྱིངས་ལས་རྣམ་པར་རྟོག་པ་ཆུ་རླབས་ལྟ་བུ་རྣམས་ཀྱང་། གོང་དུ་བཤད་པ་ལྟར་དགག་བསྒྲུབ་མེད་པར་རང་རིག་རང་གསལ་གྱི་ངང་ལ་མཉམ་པར་བཞག་པས་གྲོལ་བར་འགྱུར་ཞེས་པའོ། །དགའ་བྲོད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། དགའ་བྲོད་ཅེས་པ་ལ་སོགས་པའི་ཚིག་རྐང་པ་གསུམ་སྟེ། ཐུན་མོང་དང་མཆོག་གི་བདུད་གཉིས། རང་རིག་འཁྲུལ་པ་ལས་བྱུང་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། ཡོན་ཏན་ལ་ཆགས་ན་ལམ་བདུད་ཡིན་པ་ནི། གཉན་སར་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། དེ་ཡང་བླ་མའི་གདམས་ངག་ཉམས་སུ་བླངས་ནས། རྐྱེན་ཕྲའུ་ལམ་དུ་སློང་བ་ལས། རློམ་སེམས་སྐྱེ་བ་དང་། གཞན་ཡང་གཡེང་བ་ལ་སོགས་པའི་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་ཐམས་ཅད་བདུད་དུ་བསྟན་པའོ། །རྨི་ལམ་ལྟ་བུར་བསྟན་པ་ནི། ཡོན་ཏན་ཅེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་གིས། གོང་གི་བདུད་དེའི་སྐྱོན་སེལ་ཞིང་། གཉེན་པོ་ཡང་བདེན་མེད་དུ་སྟོན་པར་བྱེད་པ་ཡིན་ཏེ། ཐུན་མོང་གི་ཡོན་ཏན་ཕྲའུ་གང་ལ་ཡང་། ཡུལ་སེམས་གཉིས་མེད་དུ་བཤིག་པའི་ཤེས་རབ་ཀྱི་བློས་ཞེན་པ་མེད་པར་བྱ་སྟེ། རྨི་ལམ་དང་། བཞིན་བཟང་གི་སྙིམ་པ་ཆུས་བཀང་བ་ལྟར། ཡོན་ཏན་གྱི་རྣམ་པ་ལ་སོགས་བ་རྣམས་ཀྱང་། རང་གི་རྣམ་པར་རྟོག་པས་བསྡུས་པ་ཡིན་ཏེ། རློམས་སེམས་བསྐྱེད་པར་མི་བྱའོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་ཇི་སྙེད་པའང་ཤེས་པར་བྱས་ལ། ཤེས་ནས་ཀྱང་ཐད་ཀར་བཅད་པར་བྱའོ། །འདི་ཡན་ཆོད་ནི། ཚོགས་ལམ་ཉམས་སུ་ལེན་པར་བྱེད་པ་རྣམས་ཀྱི་བོགས་འདོན་གྱི་གདམས་པ་ཡང་དག་པར་བསྟན་ཏོ། །མཆོག་ལ་གཉིས། མ་གོ་ན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །ཐོག་མ་ལ་གཉིས་ལས། བདུད་ངོས་བཟུང་བ་ལ་ཡང་གཉིས་ལས། མདོར་བསྟན་པ་ནི། ཚིག་རྐང་པ་གཉིས་དང་། རྒྱས་པར་བཤད་པ་ནི། ཚིག་རྐང་པ་དྲུག་སྟེ། དེ་ཡང་མཆོག་ཅེས་པས། སྤྲོས་བྲལ་དུ་བལྟ་བ་དང་། མཉམ་ཉིད་དུ་བསྒོམ་པ་དང་། རྟོག་མེད་དུ་སྤྱོད་པ་དང་། ཉམས་ལེན་མྱོང་ཆ་དང་བཅས་པར་འཛིན་པ་ནི། ཡུལ་སེམས་གཉིས་མེད་དུ་མ་ཤེས་པར། བདག་མེད་རྟོགས་པར་བྱེད་པའི་ལམ་ཁྱད་པར་ཅན་དུ་མི་འགྱུར་ཏེ། འཛིན་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་བརྡ་རུ་ཤེས་ན་གྲོལ་བ་ལེ་བཞི་ལས། རང་ཤར་ལ་བལྟ་བྱ་ལྟ་བྱེད་མེད་པ་ནི། ལྟ་བསྒོམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་དྲུག་སྟེ། དེ་ཡང་དབང་པོ་རྣོན་པོའི་རྟེན་གྱི་གང་ཟག་འགའ་ཞིག་ལ། ལྟ་བ་སྒོམ་པའི་བྱེ་བྲག་དཔག་ཏུ་མེད་པ་བཤད་པ་རྣམས་ཀྱང་དོན་དམ་པར་ཡིད་ལ་བྱར་མེད་པ་ཡིད་པས། ཨ་འཐས་ཀྱི་བློ་ཡང་སྤང་ཞིང་། མ་འགགས་པའི་རྩལ་སྣང་བ་བདེན་མེད་དུ་རྒྱས་བཏབ་པ་ནི་གཅོད་ཀྱི་མཆོག་ཡིན་ནོ། །དེ་ལྟར་དུ་ཡང་། རྒྱས་པ་ལས། གཟུགས་ཡིད་ལ་མི་བྱེད་ཅེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པར་གསུངས་པའི་ཕྱིར་རོ། །གཉིས་པ་བསྒོམ་པ་སྒོམ་མཁན་མེད་པ་ནི། ཀུན་ཀྱང་རང་བྱུང་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་སྟེ། གོང་དུ་སྨོས་པ་ལ་སོགས་པ་ཀུན་ཀྱང་རང་སེམས་ཡིན་པས། གཉེན་པོ་རྩོལ་བཅས་ཀྱིས་བསྒོམ་དུ་མེད་ལ། ལྷང་ངེ་ལྷན་ནེ་ལ་སོགས་པ་བསམ་གཏན་གྱི་བྱེ་བྲག་ཀྱང་། ཆུ་དང་མར་ལ་སོགས་པའི་དཔེས། བསྒོམ་བྱ་སྒོམ་བྱེད་གཉིས་མེད་དུ་བསྟན་པའོ། །གསུམ་པ་ཤུགས་འབྱུང་གི་ལྟ་བས་ཟིན་ན། སྤྱོད་པ་རང་གི་རོལ་པ་ནི། རང་སྤྱོད་ཞེས་པ་ལ་སོགས་པ་ཚིག་རྐང་པ་དྲུག་གིས། བདེན་མེད་ཀྱི་དོན་ལ་ཆེད་དུ་གཉེར་པའི་སྤྱོད་པས་སྤྱད་དུ་མེད་ཅིང་། ཉམས་ཀྱི་སྣང་བ་ཨ་འཐས་ཀྱི་གཉེན་པོས་བཟུང་དུ་མེད་དེ། རང་གྲོལ་དུ་མ་གོ་ན་འཆིང་བའི་ཕྱིར་རོ། །གཉེན་པོ་བཅུག་ཀྱང་རང་གྲོལ་དུ་གྱུར་ན་ནི། གང་ཡང་བཀག་པ་མེད་མོད་ཀྱིས། །འོན་ཀྱང་མ་རྟོགས་པའི་སྤྱོད་པ་མི་བྱ་སྟེ། འདིའི་བཞེད་པས་ཉོན་མོངས་པ་ལ་སོགས་པའི་རྣམ་རྟོག་ལ། གཉེན་པོ་སྟོབས་ཅན་གྱིས་ཐད་ཀར་བཅད་ཅིང་། གཅོད་བྱེད་ཀྱི་ཤེས་པ་བདེན་མེད་དུ་རྒྱས་འདེབས་པ་ནི། སྤྱོད་པའི་མཆོག་གྱུར་གསུངས་པའོ། །བཞི་པ་ཉམས་མྱོང་བློ་ལས་འདས་པ་ནི། ཉམས་སུ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་ཡིས། ལམ་གྱི་གོལ་ས་གཅོད་པའི་གདམས་ངག་ཡིན་ཏེ། བདུད་ཀྱི་རྩ་བ་དམིགས་བཅས་ཡིན་པས། དམིགས་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ཡིན་ནོ། །འོ་ན་གང་ཞེ་ན། བསྒོམ་བྱ་བསྒོམ་བྱེད་དང་བྲལ་བ། འཛིན་པ་མཐའ་དག་གིས་དབེན་པའི་བདག་ཉིད་ཅན། སྣང་སེམས་འཛིན་མེད་དུ་བཞག་པ་ལས། ཉམས་ཀྱི་བྱེ་བྲག་མཐའ་དག་ཀྱང་བདེན་མེད་དུ་བཤིག་ཅིང་། བསྐལ་པ་བྱེ་བ་ལ་སོགས་པར་ཡང་། ཡུལ། ཡུལ་ཅན་དུ་བསྒོམས་ན་དེ་ཉིད་ཀྱི་ལམ་མ་ཡིན་ལ། བདེན་མེད་རྟོགས་པའི་སྐད་ཅིག་ལ། བདུད་ཐམས་ཅད་རང་སར་གྲོལ་བར་འགྱུ་བས། དེའི་ཕྱིར་ན་བླ་མ་མ ཆོག་ལ་རག་ལུས་པའོ། །ཅེས་སོ། །བློས་བྱས་བདུད་དུ་བསྟན་པ་ལ་གཉིས་ལས། འདོད་པ་དང་བཅས་པས་འབྲས་བུའི་བདུད་ནི། མཆོག་གི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་ལྔ་སྟེ། དེ་ཡང་ཐེག་པ་གསུམ་གྱི་ལམ་གྱི་དྲོད་རྟགས་དང་། འབྲས་བུ་ལ་འདོད་པ་དང་། འཛིན་པ་རྣམས་ནི་བདུད་ཡིན་ནོ་ཞེས་སོ། །དེ་ཡང་རང་ཡིན་ན་བསྒྲུབ་ཏུ་མེད་པ་ནི། ལུས་ངག་ཡིད་གསུམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་སྟེ། གོང་གི་རྒྱུ་འབྲས་ལ་སོགས་རེ་དོགས་དང་བཅས་པ་ལས་གྲོལ་བར་བྱེད་པ་ནི། རང་གི་ལུས་ངག་ཡིད་གསུམ་རྟོགས་ན་སྐུ་གསུམ་ཡིན་པས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་དེ། སློབ་དཔོན་ནཱ་རོ་པས། ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་རྩ་བ་སེམས་ཉིད་དེས། །ཞེས་བཤད་པའི་ཕྱིར། སེམས་ཉིད་དེ་བཞིན་རྟོགས་པར་མ་གྱུར་ན། བསྐལ་པ་ལ་སོགས་པར་བསྒྲུབས་ཀྱང་ཐོབ་པར་མི་འགྱུར་ཞིང་། ལམ་དང་འབྲས་བུ་ལ་རེ་བ་མེད་པར། ཆོས་དང་གང་ཟག་གི་བདག་འཛིན་མཐའ་དག་བཅད་པ་ལས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་ཅེས་སོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། བདུད་ལ་བཞི་རུ་ཕྱེ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་གོ་སླའོ། །རྒྱས་བཤད་ལ་གསུམ་ལས། ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་སྙེམས་བྱེད་དུ་འདུས་པའོ། །དང་པོ་ལ་གཉིས་ལས། ལྟ་བས་མ་ཟིན་པའི་དངོས་པོ་བདུད་དུ་བསྟན་པ་ནི། དངོས་འཛིན་ལ་སོགས་པའི་ཚིག་རྐང་གཉིས་ནི། དབང་ཤེས་འཁྲུལ་པས་བཟུང་བ་དཀར་དམར། ཡུལ། ཡུལ་ཅན་དུ་ཞེན་པས། ཐོགས་བཅས་ཀྱི་བདུད་དུ་གྱུར་ཞེས་པའོ། །རྩ་བྲལ་དུ་ཤེས་པ་ནི། དངོས་པོ་ཡུལ་གྱི་ཞེན་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། གོང་དུ་བརྗོད་པའི་གཟུང་འཛིན་གྱིས་བསྡུས་པའི་རྣམ་རྟོག་ཅི་སྙེད་པ་སྙེམས་བྱེད་དུ་རྟོགས་པའི་ཚེ་གཟུང་ཡུལ་རགས་པ་འཛིན་མེད་དུ་རྟོགས་ལ། སྙེམས་བྱེད་དེ་བཅད་པས་བདུད་བཞི་ཆོད་པ་ཡིན་ཏེ། དཔེར་ན་ནང་གི་མེ་བསད་པས་རྩིག་གསེབ་ཀྱི་དུ་བ་རང་ཞི་བ་བཞིན་ནོ། །དེ་ཡང་འགོག་པའམ་ཉན་ཐོས་ཀྱི་ཞི་བ་ལྟར། ཡུལ་སྣང་ཙམ་བཀག་པ་མ་ཡིན་གྱིས། གཟུགས་སོགས་ཀྱི་ཡུལ་སྣང་ལ། དེའི་ངོ་བོ་ཆོས་ཉིད་སྟོང་པ་ཉིད་དུ་གནས་པ་དང་། ནམ་མཁའི་འཇའ་ལྟར། སྣང་བ་ལ་རང་བཞིན་མེད་པ་བཞིན་དུ། འཕགས་པ་རྣམས་ཀྱིས་གཟིགས་པ་ཨ་ཅང་ཆེས་ཀྱིས། སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་ལུང་རིག་གི་སྒོ་ནས་བརྟགས་ཤིང་དཔྱད་ན། དེ་ལྟར་ཡིན་ཏེ། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་ཞེས་པ་བཤད་ཅིང་། དཔེར་ན་སྒྱུ་མའི་མཁན་པོ་སྒྱུ་མ་ལ་ཆགས་སེམས་མི་འབྱུང་བ་བཞིན་ནོ། །དེའི་ཕྱི་ནང་དུ་སྙེམས་བྱེད་ལས་བྱུང་བའི་བདུད་བཞི་བདེན་མེད་དུ་རྟོགས་པ་ལས། གཉིས་འཛིན་གྱི་བློས་བཅད་དུ་ཡོད་པ་མ་ཡིན་གྱི། དངོས་པོ་དང་འཛིན་པ་རྩ་བྲལ་དུ་རྟོགས་པས། གཟུགས་སོགས་རང་སར་གྲོལ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱིས། དེས་ན་གཉིས་འཛིན་མེད་པའི་ངང་དུ་ཞོག་ཅིག་ཅེས་པའོ། །ཐོག་མེད་སྙེམས་བྱེད་དུ་འདུས་པ་ལ་ལྔ་ལས། རྩ་བ་སྙེམས་བྱེད་ལས་བྱུང་པའི་བདུད་ལྔ་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་དུག་ལྔ་ལ་སོགས་རེ་དོགས་སུ་གྱུར་པ་རྣམས་ནི་སྙེམས་བྱེད་ཀྱི་བདུད་དོ། །ཞེས་སོ། །གཉིས་པོ་སྙེམས་བྱེད་ལས་གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་ནི། ཞེ་སྡང་རང་སར་གྲོལ་ཞེས་པ་ལ་སོགས་པ་ཚིག་རྐང་པ་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་ཐོག་བཅས་སྙེམས་བྱེད་དུ་འདུས་པའི་སྐབས་སུ་བཤད་པ་ལྟར། རྣམ་རྟོག་གཞི་མེད་དུ་ཤེས་པས། ཉོན་མོངས་པ་ལྔ་རང་སར་གྲོལ་ཞིང་། རིགས་དྲུག་གི་སྡུག་བསྔལ་རང་སར་དག་ནས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་འགྱུར་བ་ཡིན་ཏེ། དེ་ཡང་རྒྱས་པར་ཕྱེ་ན། ཉོན་མོངས་པ་ཞེ་སྡང་གི་རྒྱུ་བྱས་ནས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་། སྙེམས་བྱེད་ཡིན་པས། དེ་གཞི་མེད་དུ་རྟོགས་པ་ལ་བརྟན་ནས། མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་བོ། །དེ་བཞིན་དུ། འདོད་ཆགས་དང་། ཡི་དྭགས། སོ་སོར་རྟོགས་པའི་ཡེ་ཤེས་གསུམ་དང་། གཏི་མུག་དང་། དུད་འགྲོ། ཆོས་དབྱིངས་ཀྱི་ཡེ་ཤེས་གསུམ་དང་། ཕྲག་དོག་དང་། ལྷ་མི་བྱ་བ་གྲུབ་པའི་ཡེ་ཤེས་གསུམ་དང་། ང་རྒྱལ་དང་། ལྷ་མ་ཡིན། མཉམ་པ་ཉིད་ཀྱི་ཡེ་ཤེས་གསུམ་སྟེ། གོང་མ་ལྟར་སྦྱར་རོ། །དེའི་ཕྱིར་སྙེམས་བྱེད་རང་སར་གྲོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །གསུམ་པ་དཔེའི་སྒོ་ནས་ཉམས་ང་མེད་པ་ནི། དེ་ཡང་ཞེས་པ་ལ་སོགས་ཚིག་རྐང་པ་བཅུ་གསུམ་གྱིས། གདམས་པ་ཁྱད་པར་ཅན་ཡིན་ཏེ། རྣམ་རྟོག་ཐམས་ཅད་བདུད་ཡིན་པས། དེ་གཅོད་པར་བྱེད་པ། དཔེར་ན་གངས་ཁྲོད་ན་གནས་པའི་སེང་གེ་བཞིན་དུ། ཞུམ་པ་དང་བག་ཚ་བ་མེད་པར། སྙེམས་བྱེད་བཤིག་ཅིང་བདེན་མེད་ཀྱི་ངང་དུ་མཉམ་པར་བཞག་པས། ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་ལ། གལ་ཏེ་བྱུང་ཡང་ངེས་པར་རྩལ་སྦྱོངས་སུ་འགྱུར་ཏེ། རང་གི་ཆོ་འཕྲུལ་ཡིན་པའི་ཕྱིར་རོ། །འོ་ན་དྲན་རྟོག་དེ་བཅད་ནས་བསྒོམ་མམ་ཞེ་ན། དེ་ལྟར་མ་ཡིན་གྱི། གང་ཤར་བདེན་མེད་དུ་བཅད་པས། ཐེག་དམན་ལ་སོགས་པ་ཟིལ་གྱིས་མནན་པར་འགྱུར་ན། ནད་གདོན་ལ་སོགས་པ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་རྩ་བྲལ་དུ་གཅོད་པར་འདི་ཁྱད་པར་དུ་འཕགས་སོ། །ཞེས་སོ། །བཞི་པ་རྟོགས་ཀྱང་མ་བཅད་ན་འཆིང་བ་ནི། རྟོགས་ཀྱང་ཞེས་པ་ལ་སོགས་ཚིག་རྐང་པ་བདུན་ཏེ། དེ་ཡང་གང་ཟག་རྣམས་ཀྱིས། གོང་དུ་བཤད་པ་ལྟར་དོན་བདེན་མེད་དུ་རྟོགས་ཀྱང་། ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་མ་བླངས་ན། དངོས་པོར་འཛིན་པ་དང་ཁྱད་པར་མེད་དེ། དཔེར་ན་མཚོན་ངར་མེད་པ་དང་འདྲའོ། །ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་བླངས་པས། བདུད་རྣམས་འཇོམས་པ་ནི། དཔེར་ན་སྐྱེས་བུ་དཔའ་བོ་སྒྱུ་རྩལ་ཤེས་པས་དགྲ་དཔུང་འཇོམས་པ་བཞིན་ནོ། །དེ་ཡང་སྡུད་པ་ལས། དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་ཞིང་། ཞེས་པ་ནས། བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། ཞེས་པའི་བར་གྱིས་དཔེ་དང་། དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་འགྱུར། །ཞེས་བཤད་པ་བཞིན་ནོ། །ལྔ་པ་སྙེམས་བྱེད་བཅད་ནས་སངས་རྒྱས་སུ་འགྱུར་བ་ནི། ཨེ་མ་ཧོ། ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་འཛིན་པ་མཐའ་དག་དང་བྲལ་བ་དེ་རྟོགས་ན་སངས་རྒྱས་སུ་འགྱུར་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིགས་སྔགས་འདི་སླ བ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །ཞེས་བཤད་པ་ལྟར། ཐམས་ཅད་ཀྱང་བདེན་མེད་དུ་བཞག་པར་བྱའོ། །དགའ་བྲོད་སྙེམས་བྱེད་དུ་འདུས་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། དངོས་གྲུབ་ལ་ཆགས་ན་བདུད་ཡིན་པ་ནི་དགའ་བྲོད་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་དྲོད་རྟགས་དང་། གནས་སྐབས་ཀྱི་འབྲས་བུ་རྣམས་ལ་ཆགས་པ་དེ་ཀ་བདུད་ཡིན་ནོ་ཞེས་སོ། །མ་ཆགས་ན་རྒྱན་ཡིན་པ་ནི། ཆགས་མེད་ལ་སོགས་ཚིག་རྐང་གཉིས་ཏེ། དེ་ཡང་གཟུགས་འཛིན་གཉིས་ཀྱིས་དབེན་པའི་བདག་ཉིད་ལ། འགག་མེད་ཀྱི་རྩལ་འཆར་བ་ནི་རྒྱན་ཡིན་ནོ། །དེ་ཡང་སྡུད་པ་ལས། རྫུ་འཕྲུལ་གྱི་དཔེ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང་། ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །ཅེས་པ་བཞིན་ནོ། །གཉིས་པ་མཆོག་ལ་གཉིས་ཏེ། བྲོད་པ་བདུད་དུ་བསྟན་པ་ནི། སྐུ་གསུམ་ལ་སོགས་ཚིག་རྐང་གཉིས་ཏེ། དེ་ཡང་སྐུ་གསུམ་རང་ཆས་སུ་གནས་པ་ལ། གཞན་དུ་རེ་དོགས་དང་བཅས་པ་ནི། བདུད་ཡིན་ནོ། །ཞེས་སོ། །དེ་ཤེས་ན་སྙེམས་བྱེད་མེད་པ་ནི། འཁོར་བ་རང་གྲོལ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བརྒྱད་དེ། དེ་ཡང་འཁོར་འདས་རང་སར་གྲོལ་བར་ཤེས་ཤིང་། དྲན་རྟོག་བདེན་མེད་དུ་གོ་བ་ལས། གཉེན་པོ་གཞན་གྱི་བསྒོམ་རྒྱུ་མེད་པས་སྙེམས་བྱེད་ཆོད་ཅིག་ཅེས་བསྟན་ཏོ། །གཞན་ཡང་བདུད་ཀྱི་རྣམ་པ་དེ་དག་ཞིབ་པར་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལེའུ་ལས་ཤེས་པར་བྱ་ཞིང་། དེ་དག་གི་རྩ་བ་ཡང་རྣམ་རྟོག་ཡིན་པས་དེ་ཉིད་བཅད་ཅིང་བསྒོམ་པར་བྱའོ། །དེ་ཡན་ཆོད་ཀྱིས་སྦྱོར་ལམ་པ་མན་ཆོད་ཀྱི་ཉམས་ལེན་སྤྱོད་པའི་བོགས་འདོན་བསྟན་ཏོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་གཏན་ལ་དབབ་པ་ལ་ལྔ་ལས། དཔེས་བཤད་པ་དང་། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །ཐོག་མ་ལ་གཉིས་ལས། རྒྱུད་ལ་མ་ཁེལ་ན་འཆིང་བ་ནི། དཔེ་ཡིས་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། གདམས་ངག་འདི་ཐོབ་པའི་གང་ཟག་རྣམས་ཀྱིས་བདག་མ་གྲོལ་བར་གཞན་དོན་མི་བྱ་སྟེ། བྱེའུ་དང་། སྟོན་སྐྱེལ་གྱི་དཔེ་བཞིན། བདག་གཞན་གྲོལ་བར་དཀའ་འོ་ཞེས་བསྟན་ཏོ། །རང་གིས་རྟོགས་ན་གཞན་ལ་ཕན་པ་ནི། འབྲི་བཟང་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། སྐྱེས་བུ་བདག་གིས་བདེན་མེད་རྟོགས་ན། སེམས་ཅན་གྱི་དོན་ཤུགས་ལས་འབྱུང་སྟེ། འབྲིའི་དཔེ་ལྟར། རང་ཉིད་ཀྱིས་བདག་མེད་རྟོགས་པར་བྱའོ། །ཅེས་བཤད་པ་ཡིན་ཏེ། སྡུད་པ་ལས། གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་བཤད་པ་དང་། འགྲོ་དོན་མཚན་ཉིད་པ་བྱེད་པ་ལ། བདག་བདེན་མེད་དུ་ཤེས་ཤིང་། དེ་ལྟར་སེམས་ཅན་ཡང་ཤེས་ལ། །སེམས་ཅན་ལྟར་ཉོན་མོངས་པའི་གཉེན་པོར་ཆོས་ཀྱང་དེ་ལྟར་ཤེས་པ་ཞིག་དགོས་ཏེ། དེ་ལྟར་ཡང་སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོགས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟ་བ་ལ་གཉིས་ལས། བདུད་རྩ་བྲལ་དུ་རྟོགས་པར་བྱ་བ་ནི། ཁྱུང་ཆེན་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་གཅིག་སྟེ། དེ་ཡང་བདག་མེད་ཀྱི་དོན་དུ་འགྱུར་བར་བྱེད་པ་ལ། བདག་མེད་རྣམ་པ་གཉིས་རྟོགས་ཤིང་། །སྙེམས་བྱེད་རང་སར་གྲོལ་བ་ལས། །བདུད་བཞི་རྩ་བྲལ་དུ་རྟོགས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས། བདུད་ལས་རྣམ་པར་རྒྱལ་བར་འགྱུར་ཏེ། ཁྱུང་ཆེན་གྱི་དཔེ་ལྟར་རོ། །དེ་ལྟར་མ་རྟོགས་ན། །སྤྱོད་པ་རྣམས་དོན་ཆུང་བར་འགྱུར་བ་ནི། སྡོང་པོའི་དཔེ་བཞིན་ནོ། །དེ་ལྟར་ཤེས་པས་ཆོད་པ་ནི། རྩ་བྲལ་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་བྲན་བྱུང་གི་རྣམ་པར་རྟོག་པ་གློ་བུར་བདེན་མེད་དུ་ཤེས་ན། སྤང་བྱ་དང་གཉེན་པོ་གཉིས་མེད་དུ་གྲོལ་བས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གྲོལ་ལོ་ཞེས་སོ། །གསུམ་པ་བསྒོམ་པ་ལ་གསུམ་ལས། དཔེའི་སྒོ་ནས་བསམ་དུ་མེད་པ་ནི། བཞག་ཐབས་ཅེས་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། དེ་ཡང་བདག་མེད་ཀྱི་དོན་ལ་མཉམ་པར་འཇོག་པ་ལ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། བསམ་དུ་མེད་པ་ལྷ་ཁང་གི་སྡེར་སོ་ལྟ་བུ་དང་། བྱུང་ཚོར་གྱི་རྣམ་རྟོག་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བ་གློག་ལྟ་བུ་དང་། རྣམ་རྟོག་བྱུང་ཡང་ཆོས་ཉིད་ལས་མ་གཡོས་པ་ཆུ་རླབས་ལྟ་བུ་དང་། ཐམས་ཅད་ཡེ་ཤེས་ཀྱི་རོལ་པའི་དབྱིངས་སུ་མ་བཅོས་ལྷུག་པར་འཇོག་པའི་ཐབས་རྣམས་ཀྱིས། མཉམ་པར་བཞག་ཐབས་སུ་བསྟན་པའོ། །མ་བཅོས་ལྷུག་པར་བཞག་པ་ནི། བཅོས་བསླད་མི་བྱ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་འཇོག་པ་ལས། གཞན་རྣམ་རྟོག་གིས་བཅོས་འཆོས་པར་བྱེད་པ་བདུད་ཡིན་པས་ན། མ་བཅོས་ལྷུག་པར་བཞང་པར་བྱའོ། །དེ་ཡང་ཚོགས་དྲུག་ལྷུག་པའི་དཔེ། སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ། བློ་བདེ་བ་ཟིན་པ་ལྟ་བུ། སྣང་ཡང་ནུས་པ་མེད་པ་བུ་ཆུང་གིས་མ་མ་མཐོང་བ་ལྟ་བུར་བཞག་པར་བྱའོ། །ཅེས་པའོ། །དྲན་རྟོག་བདེན་མེད་དུ་ཤེས་པས་མྱ་ངན་ལས་འདའ་བ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་ག ཅིག་སྟེ། དེ་ཡང་རང་རིག་གཟུང་འཛིན་གྱི་རྣམ་རྟོག་དང་བཅས་པ་འདི་ཉིད་གཉན་ས་ཡིན་ཏེ། འདི་ཉིད་ཆོད་ནས་ཕྱི་རོལ་གྱི་གཉན་ས་རྣམས་ཀྱང་ཆོད་པར་འགྱུར་ཞིང་། གལ་ཏེ་ལས་དང་པོ་བ་ཅུང་ཟད་བག་ཚ་བ་རྣམས་ཀྱིས་ཀྱང་། གཟན་སྐྱུར་ལ་སོགས་པས་མ་ཆགས་པར་བྱ་ཞིང་། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་གནས་པར་བྱའོ། །དེ་ཡང་བཟང་ངན་གྱི་རྣམ་རྟོག་མི་འཇུག་པ། གླེན་པ་ལྟོས་འགྲངས་པའི་དཔེ་བཞིན་བཞག་པས། དྲན་པ་མ་འཇིགས་ཤིང་འཁོར་བ་ལས་གྲོལ་ནས། མྱ་ངན་ལས་འདས་པ་འཐོབ་པར་འགྱུར་སྟེ། དེའི་དོན་བྱ་བརྩོལ་མེད་པར་ཤེས་པར་གྱིས་ཅིག་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། བསམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅེས་པ་དང་། གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་ལ་སོགས་ཚོར་དང་སེམས་དཔའ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །ཅེས་གསུངས་སོ། །བཞི་པ་སྤྱོད་པ་ལ་གཉིས་ལས། ཉོན་མོངས་པ་དང་བྲལ་བའི་བརཏལ་ཤུགས་ནི། སྤྱོད་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་གཉིས་ཏེ། དེ་ཡང་བདག་མེད་རྟོགས་པའི་སྐྱེས་བུ་རྣམས་ཀྱིས། སེམས་ཅན་གྱི་དོན་དུ་སྤྱོད་པ་རླབས་ཅན་སྟོན་པ་དང་། ལམ་རྣམ་རྟོག་གཅོད་པའི་སྤྱོད་པ་གཉིས་ལས། གང་ལྟར་ཡང་སྤྱོད་པའི་ཁྱད་པར་རྣམས་ནི། བརཏལ་ཤུགས་ཆེ་ཡང་རྒྱུད་ལ་ཉོན་མོངས་པ་མེད་པ། ཁྲོ་བོའི་འབག་ལྟ་བུ། སྤྱོད་པ་ལ་འཛིན་ཆགས་མེད་པ་ཆུ་ལ་ཉ་འཕྱོ་བ་ལྟ་བུ་དང་། ཉོན་མོངས་རྗེས་མེད་པ་རླུང་རི་རྩིབས་འགྲིམ་པ་ལྟ་བུར་སྤྱད་པས། བརཏལ་ཤུགས་ཀྱི་བར་ཆད་འདུལ་ཞིང་། ཞེ་འདོད་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྐད་དུ་ཡང་། སྡུད་པ་ལས། དེའི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་གྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་དྲན་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་ངག་ནི་མཁའ་འགྲོའི་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་བཤད་དོ། །སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟུན་པ་ནི། རང་གིས་ཞེས་པ་ལ་སོགས་པ་ཚིག་རྐང་བཅུ་གཅིག་སྟེ། གོང་དུ་བཤད་པ་ལྟར་བདག་མེད་ཀྱི་དོན་དུ་གྱུར་པའི་སྤྱོད་པ་དེ་དག་ཀྱང་། སྙེམས་བྱེད་བར་ཆད་མེད་པར་རང་བྱུང་དུ་སྤྱོད་དགོས་པ་ཅིག་ཡིན་ཏེ། གཟུང་འཛིན་དང་བཅས་པས་མ་ཡིན་ནོ། །དེ་ཡང་འཛིན་བཅས་ཀྱིས་བརྟགས་པས་འཁྲུལ་པ་དང་ཁྱད་པར་མེད་དེ། རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་ཡང་། རང་གི་འཁྲུལ་རྟོག་ཡིན་ཞིང་། ལྷ་ལ་སོགས་པ་ཡང་རང་གིས་མངོན་ཞེན་བལྟས་པའོ། །དེ་ན་བཟང་ངན་ཐམས་ཅད་རང་གིས་འཛིན་པ་ཡིན་པས། རང་སྣང་རང་ལ་གནོད་པ་ཡིན་ཏེ། གཟུང་འཛིན་གྱིས་ཨ་འཐས་སུ་བརྟགས་པའི་ཕྱིར་རོ། །རང་གིས་བདེན་མེད་དུ་རྟོགས་ན། ཡུལ་སྣང་འབྲེལ་མེད་ཀྱིས་གནོད་པར་མི་ནུས་ཏེ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །ལྔ་པ་འབྲས་བུ་ལ་གཉིས་ལས། དོན་རྟོགས་པས་འབྲས་བུ་བསྒྲུབ་ཏུ་མེད་པ་ནི། འབྲས་བུ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་བདག་མེད་མངོན་གྱུར་དུ་མཐོང་ཞིང་། སྙེམས་བྱེད་རང་སར་གྲོལ་བ་ལས། དོན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། ཆོས་ཅན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་པ་དང་། སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཅེས་འཕགས་པ་ལས་བཤད་པས། སེམས་བདེན་མེད་རང་བཞིན་འོད་གསལ་བ། དེ་རྟོགས་པས་སངས་རྒྱས་སུ་གྲུབ་སྟེ། གཟུང་འཛིན་གྱིས་དབེན་པའི་བདག་ཉིད་ཅན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། དཔེར་ན་རྩི་མར་བཟང་པོ་མཐོང་ཟིན་གྱིས་སྐྱེས་བུ་ལ། མར་ཞེས་བརྗོད་པས་དཀར་པོ་ལ་སོགས་པའི་རྣམ་པ་རྣམས་ཕྱིས་བསྒྲུབ་མི་དགོས་པར་བློའི་སྟེང་དུ་གྲུབ་པ་བཞིན། བདག་མེད་རྣམ་པ་གཉིས་མངོན་དུ་རྟོགས་པའི་གང་ཟག་ལ། སྐུ་དང་ཡེ་ཤེས་མཛད་པ་དང་ཕྲིན་ལས་གཞན་ནས་བཙལ་དུ་མེད་པའོ། །བདག་སངས་རྒྱས་སུ་ངེས་པ་ནི། སྙེམས་གྲོལ་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་གོང་དུ་བཤད་པ་ལྟར་རྟོགས་པས་བདུད་བཞི་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་རྒྱལ་ཞིང་རང་ཞི་བར་འགྱུར་རོ། །ཞེས་བསྟན་ཏེ། དེ་ཡན་ཆོད་ཀྱིས་མཐོང་བའི་ལམ་གྱི་སྤྱོད་པའི་བོགས་འདོན་དང་བཅས་པ་བཤད་ཟིན་ཏོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བ་ལ་ལྔ་ལས། རིག་པ་འཁྲུལ་པ་ནི། མ་རིག་པ་ཡེ་ཤེས། མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས་ལས། རང་བཞིན་འཁྲུལ་པ་ནི། རིག་མེད་ཞེས་པ་ལ་སོགས་པ་ཚིག་རྐང་པ་གཉིས་ཏེ། དེ་ཡང་ཆོས་ཉིད་གཟུང་ཡུལ་དུ་མ་གྲུབ་པ་དེ། སྣང་བ་ཙམ་ལ་ངེས་པར་ཞེན་པའི་བློས། རིག་བྱ་རིག་བྱེད་ལ་སོགས་པ་སྣ་ཚོགས་སུ་བརྟགས་པས། གཟུང་འཛིན་དུ་གྱུར་པ་ནི་འཁྲུལ་པའོ་ཞེས་པའོ། །གྲུབ་མཐའ་ལ་ལྟོས་ཏེ་འཁྲུལ་པ་ནི། དབྱེར་མེད་ཅིག་ལ་ཞེས་པ་ལ་སོགས་ཚིག་རྐང་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་བདག་མེད་ཀྱི་དོན་ལ་ཐ་དད་དུ་མེད་ཀྱང་། རིག་མ་རིག་ལ་བརྟེན་ནས། སངས་རྒྱས་དང་སེམས་ཅན་བྱུང་བ་ཡིན་ཏེ། དེ་ཡང་གཟུང་འཛིན་མ་རིག་པ་འཁྲུལ་པ་ནི། ཆུ་དང་གསེར་དང་ནམ་མཁའ་ལྟར་ཅེས་པས། ལྷན་ཅིག་སྐྱེས་པའི་མ་རིག་པས་རྐྱེན་བྱས་ཤིང་། སེམས་ཅན་དུ་འཁྲུལ་པ་ཡིན་ཏེ། དེ་ཡང་རང་གིས་དེ་ཉིད་མ་རྟོགས་པ་ལས་བྱུང་ཞེས་པ་དང་། ལོག་པར་རྟོག་པའི་ཕྱི་རོལ་བ། ལྟ་བ་ལོག་པ་དཔག་མེད་ལས་ཀྱང་། མདོར་བསྡུས་པས་ཆད་པ་བ། སྔ་ཕྱིའི་རྒྱུ་འབྲས་ཀྱང་མེད་ཅིང་། ཕྱི་མའང་མེད་པར་འཛིན་པ་རྣམས་ཀྱང་འཁྲུལ་ལ། བདག་རྟག་པ་དང་གཅིག་བུ་རང་དབང་ཅན། འགྱུར་མེད་ལ་སོགས་པའི་ལྟ་བ་རྣམས་དང་། ཉན་ཐོས་པས་གཟུང་བ་རྡུལ་ཕྲན་དང་། འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་དང་། རང་རྒྱལ་གཟུང་བ་མེད་ཅིང་འཛིན་པ་དོན་དམ་དུ་སྨྲ་བ་དང་། སེམས་ཙམ་པ་གཟུང་འཛིན་གཉིས་མེད་ཀྱི་རང་རིག་དོན་དམ་དུ་རྟོག་པ་དང་། སེམས་ཙམ་རྣམས་བདེན་པས་དཀར་དམར་ལ་སོགས་པའི་རྣམ་པའི་རྣམ་པར་སྣང་བ་རྣམས་ཤེས་པ་ཉིད་དུ་བདེན་པར་འདོད་ཅིང་། རྣམ་བརྫུན་པས་རྣམ་པ་དེ་རྣམས་རྫུན་ཡང་། རྣམ་མེད་ཀྱི་ཤེས་པ་བདེན་པར་འདོད་པ་རྣམས་ཀྱང་འཁྲུལ་པ་སྲབ་མཐུག་ལས་རྣམ་རྟོག་གི་དྲ་བ་ལས་མ་འདས་ཞེས་པའོ། །གཞན་ཡང་དབུ་མ་པ་སྤྲོས་བའི་མཐའ་བརྒྱད་དང་བྲལ་བ་ཡིན་ནོ། །ཞེས་ཚིག་གི་རྗེས་སུ་འབྲང་བ་དང་། གསང་སྔགས་ཀྱི་ཕ་རྒྱུད་རྩ་རླུང་ལ་བརྟེན་ནས་ཉམས་མྱོང་བདེ་གསལ་སྐྱེས་པ་བདེ་ཆེན་དུ་འདོད་པ་དང་། མ་རྒྱུད་པ་བདེ་སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཏུ་འདོད་པ་དང་། གཉིས་ཀའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བློ་འདས་སུ་འདོད་པ་དང་། རྫོགས་ཆེན་པ་ཁ་ཅིག་ཀུན་རྫོབ་ཀྱི་བདེན་པའང་ཆོས་ཉིད་དུ་འདོད་པ་དང་། གཞན་ཡང་དེ་ལ་སོགས་པ་གྲུབ་མཐའི་འདོད་པ་ཡོད་པ་ཐམས་ཅད་ཀྱིས་བདག་མེད་ཀྱི་དོན་མཐོང་བར་མི་འགྱུར་ཏེ། གྲུབ་མཐའི་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཏཻ་ལོ་པས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་བཤད་པ་ལྟར། ཡུལ། ཡུལ་ཅན་དུ་རིག་པའི་དོན་དེ་མ་ཡིན་ལ། ཡུལ། ཡུལ་ཅན་བདེན་མེད་དུ་གྱུར་པས། རིག་བྱ་རིག་བྱེད་གཉིས་མེད་དུ་གྱུར་པ་ནི། ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་པའོ། །གཉིས་པ་མ་རིགས་པ་ཡེ་ཤེས་ལ་གཉིས་ལས། གཏི་མུག་ཡེ་ཤེས་སུ་བསྒྱུར་བ་ནི། དེ་བས་རིག་མེད་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་གཉིས་དང་སྣང་བ་བར་མཚམས་མེད་པར་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་ན། སྙེམས་བྱེད་རང་སར་གྲོལ་ཞིང་ཡུལ་སྣང་གི་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ནི། སངས་རྒྱས་དངོས་སོ་ཞེས་པའོ། །ཅི་ཤར་རང་བྱུང་དུ་བསྟན་པ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་རིག་བྱ་རིག་བྱེད་བདེན་མེད་དུ་ཤེས་པས། ཡུལ། ཡུལ་ཅན་གྱི་འཛིན་པ་རང་དག་ལ། མཛད་པ་དང་ཕྲིན་ལས་ཆེད་དུ་བྱས་པ་མ་ཡིན་ལ་རང་བྱུང་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་མངོན་དུ་གྱུར་ཚེ། ནམ་དུ་ཡང་ཨ་འཐས་སུ་སྤྱོད་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་མ་བྱས་པ་གཞི་ལ་གཉིས་ལས། སངས་རྒྱས་ཀྱིས་མ་བྱས་པ་ནི། ཡང་དག་དོན་གྱི་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད། འཁོར་འདས་ཀུན་གྱི་གཞི་ཡང་ཡིན་ལ། ཡེ་ནས་སྟོང་ཞིང་བདག་མེད་པས་འགྱུར་བ་མེད་པར་གནས་སོ། །དེ་སྐད་དུ་ཡང་། སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིགས་སྔགས་འདི་བསླབ་སྨན་པའི་རྒྱལ་བོ་བླ་མེད་འགྱུར། །གང་དག་ཕན་དང་སྙེད་རྗེར་བཅས་པ་སྤྱད་སྤྱོད་པ། །རིགས་སྔགས་འདི་ལ་བསླབ་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་བྱུང་བ་རིག་པར་བྱ། །ཅེས་སོ། །འཛིན་པས་མི་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་ཚིག་རྐང་བཞི་སྟེ། གོང་དུ་བརྗོད་པ་ལྟ་བུའི་འདུས་མ་བྱས་དེ། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་གཞི་ཞེས་བརྗོད་པ་ཡིན་པས། གཞན་གོལ་ས་ཐམས་ཅད་ཆོད་ཅིག་ཅེས་པའོ། །བཞི་པ་མི་བྱེད་པ་ལམ་ལ་གཉིས་ལས། མུ་བཞི་བདེན་མེད་དུ་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་པ་ཚིག་རྐང་བདུན་ཏེ། གང་ལྟར་འདུས་མ་བྱས་དེ་ལ་བདེན་པ་མཐོང་བའི་སྐྱེས་བུ་རྣམས་ཀྱིས་མི་བྱེད་པ་ལམ་དུ་འགྲོ་བ་ཡིན་ཏེ། སྣང་བ་མཐའ་དག་བདེན་མེད་དུ་བཤིག་པས། སྟོང་འཛིན་གྱི་བློ་རང་སར་དག་པ་ནི། རྟག་ཆད་བདེན་མེད་དུ་གྲོལ་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་གི་ལམ་དུ་འགྱུར་རོ། །སྣང་བ་དང་སྣང་མེད་ཡིད་ལ་མ་བྱས་པས། ཁམས་གོང་མ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒྲིབ་པ་རང་སར་དག་ནས། བསྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །དོན་རྟོགས་པས་འཁོར་བ་ལས་གྲོལ་བ་ནི། གཟུགས་དང་ཞེས་པ་ལ་སོགས་ཚིག་རྐང་བཅུ་གསུམ་སྟེ། དེ་ཡང་གཟུགས་སོགས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ། །བདེན་མེད་དུ་གྲོལ་བས་ཁམས་གསུམ་ལས་གྲོལ་ཞིང་། གང་ཡང་ཡིད་ལ་མ་བྱས་པས། སྒྲིབ་གཉིས་རང་དག་པ་ནི་སངས་རྒྱས་ཉིད་ཡིན་ལ། ས་ལམ་རྫོགས་པར་འགྱུར་ཞིང་། ཡིད་ལ་མི་བྱེད་པ་ལམ་དུ་འགྱུར་ཏེ། ཤེས་རབ་ཉམས་སུ་བླངས་བའི་ཕྱིར་རོ། །འཕགས་པ་ལས་ཀྱང་། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་དོ། །ཞེས་བཤད་པ་དང་། གཞན་ཡང་ཡིད་ཀྱི་འགྱུ་བྱེད་བདེན་མེད་དུ་གྲོལ་ན་དགག་མི་དགོས་ཏེ། རྩོལ་བ་དང་བྲལ་བའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་བསྒོམ་པའི་ལམ་ཅུང་ཟད་ཙམ་བཤད་དོ། །ལྔ་པ་འབྲས་བུ་ལ་བཞི་ལས། བློ་ཆུང་བ་ལ་དྲང་ཐབས་སུ་བསྟན་པ་ནི། མ་གྲུབ་ཅེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ཡོད་མེད་དང་། སྐྱེ་འགག །འགྲོ་འོང་། རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་པའི། བདེན་མེད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུར་གསུངས་བ་དང་། གཞན་ཡང་སྐུ་གསུམ་དུ་བསྟན་པ་ལ་སོགས་པ། སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་ལ་སྣང་བར་ཟད་མོད་ཀྱིས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡང་། དོན་གནས་ལུགས་ཀྱི་སྟེང་དུ་ངེས་པར་སྣང་བདེན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །དེ་ཡང་རྒྱུད་བླ་མ་ལས། ཅི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་ལྟར་སྣང་། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཞེས་བཤད་པའི་ཕྱིར་རོ། །གྲུབ་རྒྱུ་དོན་མེད་ནི། གྲུབ་ན་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། དེ་ཡང་དོན་དམ་ལ། སྐུ་དང་ཡེ་ཤེས་ཐ་དད་དུ་གྲུབ་ན། འཁོར་བའི་ཕ་རོལ་འདའ་བར་མི་ནུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློ་ཡུལ་དུ་བྱར་མེད་པའི་ཕྱིར་རོ། །ཡང་གལ་ཏེ་བློའམ་ཡུལ་དུ་གྲུབ་ན། བློ་འཁྲུལ་པ་ཡིན་པས། གྲུབ་འདོད་ཀྱི་རྩོལ་བ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ལྟར་ཡང་སྡུད་པ་ལས། འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ཅེས་པ་དང་། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཅེས་གསུངས་སོ། །བློ་མ་གྲོལ་ན་དོན་མེད་པ་ན། ཆོས་ཀྱི་ཞེན་བློ་ཞེས་པ་ལ་སོགས་པ་ཚིག་རྐང་བརྒྱད་དེ། གོང་དུ་བཤད་པའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པ་ལ། ཞེན་བློ་དང་བྲལ་བ་ཅིག་དགོས་ཏེ། ཞེན་པའི་དབང་གིས་ཆོས་སྤྱོད་པ་ནི། འཆིང་བར་བྱེད་མཁན་ཉིན་ཡིན་ལ། སངས་རྒྱས་ནི་འདུས་མ་བྱས་པ་ཡིན་པས། རྩོལ་བཅས་ཀྱི་འཛིན་པ་རྣམས་ཤིག་ཅིག་ཅེས་པའོ། །འཛིན་མེད་རྟོགས་ན་སྐུ་གསུམ་དུ་བསྟན་པ་ནི། ལུས་ལ་འཛིན་ཅེས་པ་ལ་སོགས་པ་ཚིག་རྐང་ལྔ་སྟེ། དེ་ཡང་རྣལ་འབྱོར་པ་བདག་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། བདག་འཛིན་རང་སར་དག་ཅིང་། གཟུང་ཡུལ་སྐུ་དང་ཡེ་ཤེས་སུ་རྒྱས་པའི་ཚེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འགྱུར་བས། ལམ་རྣམས་ཀྱང་འཛིན་མེད་འོད་གསལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་གཏོགས་པ། རྒྱལ་བའི་དགོངས་པ་གཞན་ནས་བརྩལ་དུ་མེད་དེ། སྐུ་གསུམ་དབྱེར་མེད་དུ་རྟོགས་པའི་ཕྱིར་རོ། །དེ་ཡན་ཆོད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བོགས་འདོན་ལམ་རྣམ་པ་ལྔ་དང་སྦྱར་ནས་བཤད་ཟིན་ཏོ། །མཇུག་གི་དོན་ལ་གཉིས་ལས། མཚན་དོན་གྱི་སྒོ་ནས་བསྟན་པ་ནི། ཨེ་མ་ཧོ། ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་རྣམ་རྟོག་གཅོད་ཅིང་འགྱུར་བ་མེད་པ་བཤད་པའི་ཚོམས་སུ་བསྟན་པས་གོ་སླའོ། །ནན་ཏན་དུ་ཉམས་སུ་བླང་ཐབས་བསྟན་པ་ལ་བཞི་ལས། བློ་དང་བྲལ་བ་ནི། ནན་ཏན་ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་དུས་ཐམས་ཅད་དུ་དམིགས་པའི་ཡུལ་མཐའ་དག་དང་བྲལ་བའི་དོན་དེ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག་ཅེས་པའོ། །གདམ་པ་ཁྱད་པར་ཅན་ནི། གཉན་ས་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ལས་དང་པོ་པ་རྣམས་གཉན་ས་ལ་སོགས་གཅོད་པའི་དུས་སུ་འཇིགས་པ་དང་བག་ཚ་བ་ལ་སོགས་པ་རྣམས་ལ། རབ་ཀྱིས་སྟོང་ཉིད། འབྲིང་གིས་ལུས་སེམས་དང་བྲལ་བ། ཐ་མས་ཟན་བསྐྱུར་ལ་སོགས་པས། འཛིན་མེད་དུ་སྤྱད་པས། སླར་ཕར་ལ་གཅོད་པར་འགྱུར་རོ། །ཞེས་སོ། །ཁལ་དུ་ཁེལ་ན་ལྟ་བ་ཡིན་པ་ནི། རྐྱེན་སྣང་ལ་སོགས་ཚིགས་བཞི་སྟེ། །དེ་ཡང་ཆོས་རྒྱུད་ཐོག་ཏུ་མ་ཁེལ་ན། །ཞི་བདེ་ཙམ་གྱིས་གྲོལ་བར་མི་ནུས་པས། །གདམས་པ་འདི་ནི་རྐྱེན་སྣང་ཁལ་དུ་འགེལ་བའི་གནད་ཡིན་པས་ཤེས་པར་གྱིས་ཤིག་པའོ། །རི་ཁྲོད་འགྲིམ་པ་གལ་ཆེ་བ་ནི། གཉན་སར་ཞེས་པ་ལ་སོགས་པ་ཚིག་རྐང་བཞི་སྟེ། དེ་ཡང་གདམས་ངག་ཐོབ་པའི་སྐྱེས་བུ་རྣམས། འདོད་ཡོན་གྱི་རོ་ལ་མ་ཆགས་པར། གཉན་ས་དང་རི་ཁྲོད་ལ་སོགས་པ་རྣམས་འགྲིམ་ཤིག་དེ་དག་ཏུ་ཕྱིན་ནས་ཀྱང་། གདམས་པ་རྣམས་དཔེ་དང་ཚིག་ཏུ་བཞག་ཅིང་དོན་མ་བསྒོམས་ན། བྱིན་རླབས་མི་འཇུག་ཅིག་ཚིག་དྲེད་ཅན་དུ་འགྱུར་བ་ཡིན་པས། དེ་བས་དབེན་པར་ཉམས་སུ་ལོངས་ཤིག །ཅེས་པའོ། །འདི་ལྟར་བཤད་པའི་གདམས་པ་རྣམས། ལྟ་བ་དང་། སྤྱོད་པ་ཟུང་འཇུག་གི་བོགས་འདོན་ཡིན་ཏེ། སྐྱེས་བུ་ལས་དང་པོ་པ་ནས། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ལྟ་སྤྱོད་ཟུང་མཇུག་ཏུ་འཁྱེར་བ་འདི་ནི་གདམས་པ་ཟབ་པ་སྟེ། དེ་ཡང་མ་ཅིག་གི་བཞེད་པས། བླ་མའི་མན་ངག་གདེངས་ལྡན་གྱིས། །རྣམ་རྟོག་དག་ལ་ཐོག་རྫིས་བྱ། །ཞེས་གསུངས་པས། བདག་མེད་རྟོགས་པའི་སྤྱོད་པ་སྣ་ཚོགས་སུ་སྟོན་ཡང་འཛིན་པ་མེད་པ་ནི་དེ་ཉིད་ཀྱི་ལམ་དུ་འགྱུར་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་གཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོའི་རྣམ་པར་བཤད་པ། སྙིགས་དུས་ཀྱི་བསམ་གཏན་པ་རྣམས་ཀྱི་གཙོ་བོ་ཐེག་པ་ཆེན་པོའི་མདོ་སྡེ་ལ། རྣམ་དཔྱོད་གྱི་བློ་དང་ལྡན་པའི་རང་བྱུང་རྡོ་རྗེ་ཞེས་བྱ་བས་སྦྱར་བ་རྫོགས་སོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net