བསྟན་བཅོས་ཟབ་མོ་ནང་དོན་གྱི་གཏོང་ཐུན་རབ་གསལ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 
(No difference)

Latest revision as of 09:39, 18 February 2013

{{{1}}}

༄༅། །བསྟན་བཅོས་ཟབ་མོ་ནང་དོན་གྱི་གཏོང་ཐུན་རབ་གསལ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས། །[1]

༄༅། །ནོར་བུ་འབིགས་བྱེད་དྲི་མེད་དང་མཚུངས་མཆོག་ཏུ་དག་པའི་སྐུ། །ཅོད་པན་མཐོན་ཀའི་སྣང་བས་སྲིད་པའི་སྨག་རུམ་སྟུག་པོ་བསལ། །ཕྱག་ན་ཆུ་སྐྱེས་རྒྱས་པས་ཉེ་བར་ཞི་བའི་མཐའ་ལས་སྐྱོབ། །སྐྱབས་གཅིག་མགོན་གཅིག་གསུང་གི་མངའ་བདག་གང་དེས་བདག་སྐྱོངས་ཤིག །རྩ་བའི་རྒྱུད་འཛིན་ཟླ་བ་བཟང་དང་བསྡུས་རྒྱུད་མཛད་པ་པོ། །དེ་ཡང་གསལ་མཛད་པདྨ་དཀར་སོགས་རྒྱལ་དང་རྒྱལ་བའི་སྲས། །ཀུན་གྱི་གར་མཁན་ཕྲིན་ལས་དབང་ཕྱུག་ངོ་མཚར་སྤྲུལ་པའི་ཕྲེང་། །ཉེར་བྱོན་རྣམས་ལས་འདས་དང་མ་འདས་དབང་མཆོག་ལེགས་ནོད་ཅིང་། །སྐུ་བཞིའི་རྣམ་གྲོལ་ལ་མོས་དེ་སླད་ཟབ་དོན་བསྟན་པ་ནི། །སྣ་ཚོགས་རབ་གསལ་མེ་ལོང་གཟུགས་ལྟར་གཅིག་ཤེས་ཀུན་མཐོང་བ། །ཚིག་གི་བརྗོད་པར་བཀོད་འདིས་འགྲོ་ཀུན་ཆོས་ཉིད་རབ་རྟོགས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་རྣམས་བདེ་བླག་མྱུར་དུ་བགྲོད་པར་ཤོག །མཉམ་མེད་དཔལ་ལྡན་བླ་མ་དང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །བླ་ན་མེད་པའི་ངེས་གསང་གི །ནང་དོན་རྣམ་བཤད་ཕྱོགས་ཙམ་སྤྲོ། །འདིར་བདེ་བར་གཤེགས་པའི་བསྟན་པ་མཐའ་དག་གི་སྙིང་པོ་མཁས་པ་དང་གྲུབ་པའི་སྐྱེ་བོ་མ་ལུས་པའི་བཅུད་ལེན། ཕུན་སུམ་ཚོགས་པའི་བསྟན་བཅོས་ཟབ་མོ་ནང་གི་དོན་ཅེས་ཉི་ཟླ་ལྟར་གྲགས་པ་གང་ལ་དད་པའི་རྗེས་སུ་འབྲེང་བ་ཁོ་ནས་དགོངས་དོན་རྣམ་པར་འགྲེལ་བ་ཅུང་ཟད་བརྗོད་ན། དེ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཆོད་པ་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ལ། དངོས་གྲུབ་ཀྱི་རྩ་བ་བླ་མ་དང་། བདེ་བ་ཆེན་པོའི་སྐུ་རྣམ་པ་དང་བཅས་པ་དང་། དེའི་ཡུམ་ལྷ་མོ་ལ་ཕྱག་འཚལ་བའོ། །དང་པོ་ནི། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སྲིད་ཞིའི་དཔལ་དུ་གྱུར་པ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་འཆང་ཞིང་འཛིན་པའི་བླ་མ་ལ་ཕྱག་འཚལ་བའོ། །དེའི་ཡོན་ཏན་ཁྱད་པར་དུ་སྨོས་པ་ནི། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཞེས་ཆོས་ཐམས་ཅད་ཀྱི་སྣང་ཚུལ་ཇི་སྙེད་པ་གསལ་པོར་མཁྱེན་ཅིང་དེ་ཙམ་དུ་མ་ཟད་གནས་ཚུལ་ཇི་ལྟ་བ་ཐམས་ཅད་ཀྱང་སྒྲིབ་བྲལ་མངོན་སུམ་དུ་གཟིགས་པ་མཁྱེན་པའི་ཡོན་ཏན། ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །ཅེས་རང་གིས་མཁྱེན་པ་ལྟར་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་བསྐྱེད་རིམ་དཀྱིལ་འཁོར་གྱི་འཁོར་ལོ་དང་། དེ་ཁོ་ན་ཉིད་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་རྣམས་གདུལ་བྱ་ལ་ཚུལ་བཞིན་སྟོན་པ་བརྩེ་བའི་ཡོན་ཏན། གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །ཞེས་དེ་ལྟར་བསྟན་པས་གནས་སྐབས་རྣམ་པ་བཞིའི་འཁྲུལ་པ་བག་ཆགས་དང་བཅས་པ་སེལ་ཞིང་སྐུ་བཞིའི་ས་བོན་བསྐྲུན་པར་མཛད་པ་ནུས་པའི་ཡོན་ཏན། དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཞེས་དེ་ལ་སོགས་པའི་ཡོན་ཏན་གྱི་དཔལ་དང་ལྡན་པས་ཡོངས་སུ་ལྕི་བའམ་དེའི་བླ་ན་གཞན་མ་མཆིས་པས་བླ་མ་ཞེས་བྱ་བ་སངས་རྒྱས་མ་ལུས་པའི་བདག་ཉིད་ལ་ཕྱག་འཚལ་བར་མཛད་པའོ། །དེས་ན་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མ་ཁོ་ནར་བླ་མ་བསྟེན་ཅིང་མཆོད་པ་གལ་ཆེ་བས། རྡོ་རྗེ་སྙིང་རྒྱན་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་། །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །དེ་ཡི་ཡོན་ཏན་ཐམས་ཅད་བཟུང་། །སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། ལྷན་སྐྱེས་གཅིག་དངོས་གཉིས་ཀྱི་བདག །ཅེས་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པར་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་དངོས་པོ་ནི་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཡིད་ལ་དེ་རང་འོད་ཀྱི་རིག་མ་དང་བཅས་པས་ཐབས་ཤེས་ཀྱི་སྐུ་གཉིས་ཀྱི་བདག་ཉིད་དུ་ཤར་བ་དང་། སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། །ཞེས་སྐུ་གསུམ་མམ་རྡོ་རྗེ་གསུམ་དུ་འཆར་བ་ནི་རྩ་རླུང་ཐིག་ལེ་རྣམ་པར་དག་པ་ལས་སྣང་བ་ཅན་དང་། གནས་སྐབས་བཞི་པོ་སྐུ་བཞི་ཉིད། །ཅེས་གནས་སྐབས་བཞི་པོ་རྣམ་པར་དག་པས་སྐུ་བཞིར་བཞག་པ་ཉིད་དང་། སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། །ཞེས་ཕུང་པོ་ལྔའི་དག་པས་སྐུ་ལྔའི་བདག་ཉིད་དེ། མདོར་ན་བདེ་བར་གཤེགས་པའི་སྙིང་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཝཾ་ཡིག་གིས་བསྟན་དོན་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རིས་མེད་པ་ལ་ཕྱག་འཚལ་བར་མཛད་པའོ། །དེ་ལ་རིགས་ལྔ་པོ་ལ་ཡང་ནང་གསེས་རིགས་ལྔ་ལྔར་ཕྱེ་བས་ཉེར་ལྔ། དེ་ཐབས་ཤེས་གཉིས་ཀྱིས་ཕྱེ་བས་ལྔ་བཅུ་དེ་ལུས་བསམ་གཉིས་ཀྱིས་ཕྱེ་བས་རིགས་བརྒྱ་དང་དེ་བཞིན་དུ་རིགས་མཐའ་ཡས་པར་དབྱེར་རུང་སྟེ། ཧེ་བཛྭ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་དང་། ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ནི། །གཅིག་པུའི་ཉམས་ཀྱིས་དུ་མར་གར་མཛད་དོ། །ཞེས་སོ། །གསུམ་པ་ནི། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །ཞེས་གཞོན་ནུ་མ་ལ་པྲ་ཕབ་ལྟ་བུའི་སྣང་སྟོང་དབྱེར་མེད་ཀྱི་དངོས་པོ་གཅིག་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་དེའི་རང་བཞིན་ཅན་དང་། དབུ་མའི་རང་བཞིན་བདེ་གཅིག་ཉིད། །གང་མཐར་སྐྱེས་པའི་རང་བཞིན་ཅན། །ཞེས་པ་དེ་ནི་རྡོ་རྗེའི་ལུས་ལ་ནང་གི་བཙུན་མོ་རྩ་དབུ་མའི་རང་བཞིན་ནམ་ངོ་བོ་ཡིན་ལ། འགྱུར་མེད་བདེ་བའི་སྐད་ཅིག་གཅིག་ཉིད་ཀྱང་གང་དེར་རླུང་སེམས་ཞུགས་པའི་མཐར་མངོན་གསལ་དུ་སྐྱེས་པའི་ཡོན་ཏན་དང་ལྡན་པའི་རང་བཞིན་ཅན་ཏེ། དེ་ནི་ཝྃ་ཡིག་བདེ་བ་ཆེན་པོ་ལས་དོན་ལོགས་ཤིག་ན་མེད་ཀྱང་དེའི་སྣང་བ་སྒྲིབ་བྲལ་གྱི་ཆ་ཤས་ཨེ་ཡིག་གིས་བསྟན་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཡིན་ཅིང་། ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་བདེ་ཆེན་གྱི་ཡུམ་ངེས་དོན་གྱི་ལྷ་མོ་སྣ་ཚོགས་ཡུམ་དང་ལྷན་ཅིག་སྐྱེས་མ་དང་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མ་དེ་མཐའ་དག་ལ་ཕྱག་འཚལ་བར་མཛད་པའོ། །དེ་ལྟར་དྲི་མ་མེད་པའི་འོད་དུའང་། སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཞེས་གསུངས་ཤིང་། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཐོག་མར་སྐྱེ་བའི་ས་མཚམས་དང་གོང་ནས་གོང་དུ་ཁྱད་པར་འགྱུར་ཚུལ་ནི། གང་མཐར་ཞེས་པ་སྒྲ་གཅིག་པོ་འདིས་དོན་མང་པོ་སྐབས་ཐོབས་ཀྱིས་སྟོན་པས་ལས་དང་པོ་པའི་སྐབས་སུ་དབང་གི་སྟོབས་སམ་བསྒོམས་པའི་སྟོབས་ཀྱིས་ཀྱང་རུང་མཆོག་དགའི་མ་མཐའ་དགའ་བྲལ་གྱི་ཡ་མཐར་འཆར་བའི་ལྷན་ཅིག་སྐྱེས་དགའ་སྟེ། བརྟག་གཉིས་སུ། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས། དེ་བཞིན་མཐོང་ལམ་དུ་མཐོང་སྤངས་དང་། ས་བརྒྱད་པར་མཚན་རྩོལ་གྱི་རྟོག་པ་སྤངས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གསུམ་བཅོམ་པའི་མཐར་འབྲས་བུའི་ངོ་བོ་ཉིད་དུ་འཆར་བ་སོགས་སྟོན་ནོ། །ཕྱག་གི་དོན་ནི་ན་མ༔ ཞེས་པའི་སྒྲ་འདུད་པ། བསྟོད་པ། མཆོད་པ་སོགས་ལའང་འཇུག་ཅིང་། དེ་ན་ཕྱག་གི་ཡུལ་རྣམས་ལ་དོན་དམ་གྱི་དབང་དུ་བྱས་ནས་འཁོར་གསུམ་ཡོངས་སུ་དག་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་འདུད་པ་སྟེ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་གསུངས་པ་ལྟར་རོ། །ཀུན་རྫོབ་ཀྱི་དབང་དུ་བྱས་པ་ནི་སྒོ་གསུམ་ལོངས་སྤྱོད་དང་བཅས་པའི་དངོས་པོ་མཐའ་དག་རང་གིས་ཡོངས་སུ་བཟུང་བ་མེད་པར་མཆོད་པའི་ཡོ་བྱད་དུ་ཕུལ་བའི་བརྡར། ལུས་ཀྱིས་ཞབས་ལ་གཏུགས་པ་དང་ཤིང་སྡོང་པོ་རྩ་བ་ནས་འགྱེལ་བ་ལྟར་འདུད་པ། ངག་གིས་དབྱངས་ཀྱི་ཡན་ལག་དུ་མས་བསྟོད་པ་དང་གསོལ་འདེབས། ཡིད་ཀྱིས་གཞན་དུ་མི་གཡོ་བར་སྐུ་གསུང་ཐུགས་ཡོད་ཏན་མཛད་འཕྲིན་རྣམས་དང་རོ་གཅིག་ཏུ་བསྲེ་བའི་ཚུལ་ལ་བརྗོད་པ་ཡིན་ནོ། །གཉིས་པ་བཤད་པར་དམ་བཅའ་བ་ནི། རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །ཞེས་རྒྱུད་སྡེ་འོག་མ་གསུམ་དུ་མ་བསྟན་པར་གསང་བའོ། །རྒྱལ་བས་བླ་ན་མེད་པར་ཕྱེ། །ཞེས་གསངས་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་རྣམས་སུ་ཕྱེ་ནས་བསྟན་པའོ། །མཐའ་དྲུག་གིས་བཅིངས་ནང་གི་དོན། །ཞེས་ཟབ་མོའི་ནང་དོན་ཕྱེ་ནས་བསྟན་ཀྱང་མཐའ་དྲུག་གིས་བཅིངས་པས་རྒྱུད་དེ་རྣམས་རྟོགས་པར་དཀའ་བའོ། །མཐའ་དྲུག་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལྟ་བུ་དགོངས་པ་ཅན་དང་། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་པ་ལྟ་བུ་དགོངས་པ་ཅན་མ་ཡིན་པ་དང་། བསྐྱེད་རིམ་དང་ལག་པའི་ཕྱག་རྒྱ་སོགས་སྟོན་པ་དྲང་བའི་དོན་དང་། རྩ་རླུང་བྱང་སེམས་དང་འོད་གསལ་སོགས་སྟོན་པ་ངེས་པའི་དོན་དང་། གཞན་ལ་མ་གྲགས་པའི་བརྡ་ཀོ་ཊ་ཀྵ་ཞེས་སོགས་གསུངས་པ་ལྟ་བུ་སྒྲ་ཇི་བཞིན་མ་ཡིན་པ་དང་། འཇིག་རྟེན་ལ་གྲགས་པའི་བརྡས་སྟོན་པ་སྒྲ་ཇི་བཞིན་པ་དང་དྲུག་གོ །དེ་ལ་དགོངས་མིན་དང་ངེས་དོན་སྒྲ་ཇི་བཞིན་པ་རྣམས་མཐའ་གཞན་གསུམ་གྱིས་བསྒྲིབས་ནས་རྟོགས་དཀའ་བས་འདིར་མ་འདྲེས་པར་སྟོན་ཞེས་པའོ། །ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཞེས་པ་ནི་ཕྱི་རོལ་པའི་ཉན་ཐོས་ཀུན་ཏུ་རྒྱུ་དང་ཙ་ར་ཀ་ལ་སོགས་པ་དང་། ནང་པའི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་སོགས་རྟོག་གི་བའི་སྤྱོད་ཡུལ་མིན་པའོ། །ཕ་རོལ་ཕྱིན་པར་རབ་གསང་བ། །ཞེས་ཕ་རོལ་ཏུ་ཕྱིན་པར་ཞུགས་པའི་ལས་དང་པོ་པ་དང་། སྟོང་པ་ཉིད་ཁོ་ན་ལ་མོས་པ་རྣམས་ལ་ཡང་རབ་ཏུ་གསང་བ་སྟེ་དེ་དག་གིས་མི་རྟོགས་པས་རང་གསང་དུ་གནས་པའོ། །འོ་ན་དེ་ལྟ་བུའི་བརྗོད་བྱའི་དོན་དེ་རང་གང་ཡིན་ཞེ་ན། ལུས་སེམས་ནང་གི་བདག་ཉིད་བཤད། །ཅེས་སེམས་ནང་གི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ལུས་ནང་གི་བདག་ཉིད་དེའི་རང་འོད་ལ་ཤར་བའི་མཚན་དང་དཔེ་བྱད་རྣམས་ཏེ། ལུས་སེམས་གཉིས་ལ་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ཡོད་པ་དེ་གསལ་བར་རྟོགས་པར་བྱ་བའི་ཕྱིར་འདི་བཤད་དོ་ཞེས་པའོ། །འདིར་རང་འགྲེལ་ལས། ཤིན་ཏུ་རྟོགས་པར་དཀའ་བ་ནི། །གསུངས་ལ་དགོས་པ་མེད་དོ་ཞེས། །བརྗོད་པའི་དོགས་པ་སེལ་བའི་ཕྱིར། །ཞེས་གསུངས་པ་ལས་འཕྲོས་ནས་དགོས་སོགས་ཆོས་བཞི་བཤད་པ་ལ། བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་པ་དང་བཞི་ལས། བརྗོད་བྱ་ནི་ལུས་སེམས་ནང་གི་བདག་ཉིད་རྒྱུད་སྡེ་ཀུན་གྱི་བརྗོད་བྱའི་སྙིང་པོའོ། །དགོས་པ་ནི། མཛོད་ནང་མུན་ཁུང་དུ་གནས་པའི་ནོར་བུའི་སྒྲོམ་ཁ་འབྱེད་པ་ལ་སྒྲོན་མེ་དང་ལྡེ་མིག་ལག་ཏུ་ཕྱིན་པ་ལྟར་འདི་ལ་བརྟེན་ནས་བླ་ན་མེད་པའི་རྒྱུད་འགྲེལ་མན་ངག་དང་བཅས་པའི་དོན་གསལ་བར་རྟོགས་ནུས་པའོ། །ཉིང་དགོས་ནི། ནང་གི་དོན་སངས་རྒྱས་ཀྱི་སྙིང་པོ་དབུལ་པོའི་ཁྱིམ་ནང་དུ་གཏེར་ཆེན་པོ་ཡོད་པར་ཤེས་པས་དེ་ཐོབ་པ་ལ་མོས་ཤིང་བརྩོན་པ་ལྟར། རང་གཞན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ཤེས་པས་དེའི་དྲི་མ་སྦྱོང་བ་དང་རང་བཞིན་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར། ཐོག་མར་དད་པ་དང་མོས་པ་སྐྱེ། དེ་ནས་ཐོས་པའི་ཤེས་རབ་ཀྱིས་དོན་གོ །བསམ་པའི་ཤེས་རབ་ཀྱིས་ངེས་པ་རྙེད། སྒོམ་པའི་ཤེས་རབ་ཀྱིས་དངོས་དང་རྗེས་མཐུན་ཅི་རིགས་པར་ཉམས་སུ་མྱོང་ནས་ས་ལམ་བགྲོད་དེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་དེའོ། །འབྲེལ་བ་ནི། དེ་གསུམ་གྱི་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རག་ལས་པས་སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་དེ་བྱུང་འབྲེལ་མེ་དང་དུ་བ་ལྟ་བུའོ། །གཉིས་པ་གཞུང་གི་དོན་ལ་བཅུ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང་། རྒྱུ་རྐྱེན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ལུས་འགྲུབ་པའི་བསྐྱེད་རིམ་དང་། རྩ་བཤད་པ་དང་། རླུང་བཤད་པ་དང་། ཐིག་ལེ་བཤད་པ་དང་། གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ་དང་། ཕྱི་སྣོད་ཀྱི་དོན་ནང་དུ་སྦྱར་བའི་དོན་དང་། བསྐྱེད་རིམ་གྱི་ཚུལ་ལ་སྦྱར་བ་དང་། ཆོས་རྣམས་ཀྱི་སྦྱང་གཞིར་བསྟན་པ་དང་། ལམ་གྱི་རིམ་པ་དང་། ལུས་འཇིག་ཅིང་སྡུད་པའི་ཚུལ་བཤད་པའོ། །དང་པོ་ལུས་རྣམ་བར་བཞག་པ་ལ་གཉིས་ཏེ། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པའོ། །དང་པོ་ནི། མདོར་བསྡུས་པ་ལ་མོས་པས་འདི་ནས་འོག་གི་པདྨའི་རི་མོ་ཡོད་པའི་བར་བཞག་ཀྱང་རུང་ངོ་། །མཆན། བསྟན་བཅོས་འདིའི་བརྗོད་བྱའི་སྙིང་པོ་གང་གིས་རྟོགས་ན་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནུས་པའི་དགོས་པ་དང་ལྡན་པ། ནང་གི་བདག་ཉིད་དེ་གང་ཞེ་ན། དྲི་མེད་རྒྱལ་བའི་སྙིང་པོ་ནི། །ཞེས་ཕ་རོལ་ཏུ་ཕྱིན་པ་བཀའ་འཁོར་ལོ་མཐའ་མའི་དོན་རྗེ་བཙུན་བྱམས་པས་གསལ་བར་མཛད་པ་རྒྱུད་བླ་མ་ནས་རྒྱས་པར་གསུངས་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ལུས་ཅན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ལ་རྒྱུ་མཚན་གསུམ་བཀོད་དེ། སེམས་ཅན་ཐམས་ཅད་ལ་རྫོགས་སངས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པ་དང་། སེམས་ཅན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་གསེར་བུམ་ནང་གི་ནམ་མཁའ་དང་རྫ་བུམ་ནང་གི་ནམ་མཁའ་བཞིན་དབྱེར་བ་མེད་པ་དང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་སྐུ་གསུམ་འབྱུང་རུང་གི་རྒྱུ་ཡོད་པའོ། །དེ་ལྟར་ཡང་། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཚེ་རིགས། སངས་རྒྱས་པའི་ཚེ་ཆོས་སྐུ། དེ་དག་གི་ཚེ་གློ་བུར་གྱི་དྲི་མ་དག་མ་དག་མ་གཏོགས་ངོ་བོ་ལ་བཟང་ངན་འགྱུར་བ་མེད་པས་དེ་བཞིན་ཉིད་དུ་གཅིག་པའོ། །དེ་ལྟར་མདོ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། རྒྱུད་ལས་ཀྱང་། བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ལ། གཞན་ཡང་། མདོ་ལས། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དགས་སོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་གསུངས་སོ། །དེ་ལ་རང་བཞིན་གསུམ་གྱི་ཆོས་སྐུ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་ལ་ཆོས་སྐུར་བསྟན་པ། ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །ཞེས་གསུངས་པ་ལྟ་བུ་ཡོད་ཀྱང་འདིར་ནི་དག་པ་གཉིས་ལྡན་པ་གསུངས་ཏེ། །ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །་ཞེས་གདོད་མ་ནས་མྱ་ངན་ལས་འདས་པ་ལ་སླར་གློ་བུར་གྱི་དྲི་མ་ཤིན་ཏུ་དག་པའི་མཚན་ཉིད་ཅན་དང་། དེའི་རྒྱུ་མཐུན་བའི་རྒྱུ་སེམས་ཅན་ལ་སྣང་བའི་གསུང་རབ་སྟེ། དེ་ལ་ཡང་ཟབ་མོ་དོན་དམ་པའི་བདེན་པ་ཉིད་སྟོན་པ་དང་། ཀུན་རྫོབ་སྣ་ཚོགས་པའི་ཚུལ་སྟོན་པ་གཉིས་སོ། །དེའི་སྔ་མ་རྟོགས་པ་ཆོས་སྐུ་ནི་ཆོས་ཀྱི་སྐུ་དངོས་ཡིན་ལ། ཕྱི་མ་བསྟན་པ་ཆོས་སྐུ་ནི་དེ་རྟོགས་པའི་ཐབས་ཀྱི་རྒྱུ་མཐུན་པ་ཡིན་ནོ། །ཆོས་ཀྱི་སྐུ་དེ་དང་སེམས་ཅན་གྱི་ཁམས་དོན་གྱི་ཆོས་ཉིད་ལ་འགྱུར་བ་མེད་པའི་ཆ་ནས་དེ་བཞིན་ཉིད་དབྱེར་མེད་དེ། དགོངས་འགྲེལ་ལས། དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་གནས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །ཞེས་དང་། རྒྱུད་བླར། ཉེར་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །ཆོས་ཉིད་དེ་བཞིན་ཉིད་དེ་ཡང་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིགས་འདྲ་རྒྱུན་མ་ཆད་པར་གནས་པའི་སེམས་ཀྱི་རང་བཞིན་ལ་བྱ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་གསུངས་སོ། །རིགས་ནི་ཆོས་ཉིད་རང་བཞིན་རྣམ་དག་དེ་གློ་བུར་ཡི་དྲི་མས་བསྒྲིབས་པས་མངོན་པར་མི་གསལ་བའི་སྐབས་ཏེ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་དབུལ་པོའི་ཁྱིམ་རྩིག་པ་ལས་ཆེས་སྔ་བ་ནས་དེའི་འོག་ཏུ་གཏེར་ཡོད་པ་ལྟར་གསར་དུ་བླངས་པ་ལ་མ་བལྟོས་པའི་ཐོག་མ་མེད་པ་ནས་རང་བཞིན་དུ་གནས་པའི་རིགས་དང་། འབྲས་བུའི་ཤིང་གི་ས་བོན་སྐྱེས་བུས་ཆེད་དུ་བཙུགས་པ་མྱུ་གུ་སྡོང་བུ་ཡལ་ག་རྒྱས་པར་འགྱུར་བ་ལྟར་དང་པ་དང་ཐོས་བསམ་ལ་སོགས་དགེ་བ་གསར་དུ་ཡང་དག་པར་བླངས་པས་གོང་ནས་གོང་དུ་རྒྱས་པར་འགྱུར་བའི་རིགས་གཉིས་སོ། །དེས་ན་རིགས་ཀྱི་སྒྲ་ནི་འབྲས་བུ་འཛིན་པའི་ཁམས་ཞེས་རྒྱུའི་དོན་ལ་འཇུག་པས་དང་པོས་ངོ་བོ་ཉིད་སྐུ་དང་ཕྱི་མས་ལོངས་སྤྲུལ་གཉིས་ཐོབ་པའི་རྒྱུ་བྱེད་དོ། །དེ་ལྟ་བུའི་སྙིང་པོའི་གནས་ལུགས་ཀྱི་ངོ་བོ་གང་ཞེ་ན། འདི་ཉིད་དུ། ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་ཏེ། ངོ་བོ་སྟོང་ཞིང་གསལ་བ་ནི་དོན་དམ་པའི་བདེན་པ། རྣམ་པ་འགག་མེད་ཅིར་ཡང་ཤར་བ་ནི་ཀུན་རྫོབ་ཀྱི་བདེན་པ་དེ་གཉིས་ཀྱང་གཅིག་པ་དང་ཐ་དད་ཀྱི་སྤྲོས་བ་དང་བྲལ་བ་ཞིག་ཡིན་པས། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །བདེན་པ་ཆུ་ཟླ་ལྟ་བུའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །ཅེས་གསུངས་སོ། །མདོར་ན་སྙིང་པོ་འདིའི་གནས་ལུགས་མ་རྟོགས་པས་འཁོར་བར་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་སྙིང་རྗེ་ཆེན་པོས་མ་བཟོད་ནས་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ཡིན་པས་གསུང་རབ་མཐའ་དག་གི་དགོངས་གཞི་དང་དགོས་པ་ནི་འདི་ཁོ་ནའོ། །དེའི་ཕྱིར་མིང་གི་བརྡ་དང་དཔེ་སྣ་ཚོགས་ཀྱིས་བསྟན་པ་ལས། དོན་དམ་པའི་བདེན་པ། ཆོས་ཉིད། སེམས་ཉིད། སྟོང་པ་ཉིད་རྣམས་ཀྱང་འདིའི་མིང་ཡིན་ལ། སྔགས་ཀྱི་ཐེག་པ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དང་པོའི་མགོན་པོ། རང་བཞིན་འོད་གསལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣམ་གྲངས་མང་པོས་བསྟན་ནོ། །འོ་ན་འཆིང་གྲོལ་མཐའ་དག་འདིའི་དོན་མ་རྟོགས་པ་དང་རྟོགས་པས་ཕྱེ་ན་འཆིང་བ་གློ་བུར་གྱི་དྲི་མ་ནི་གང་། དེའི་གཉེན་པོ་ཁམས་ཀྱི་གནས་ལུགས་རྟོགས་པའི་རྒྱུ་ནི་གང་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་དེ་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་སྤྲིན་ལྟར་བྱུང་སྟེ་གློ་བུར་གྱི་དོན་ནི་སྤོང་བར་ནུས་པའམ་འབྲལ་རུང་བ་གསེར་གྱི་གཡའ་ལྟ་བུའོ། །དེ་ཡང་རང་བཞིན་རྣམ་དག་དང་སྔ་ཕྱི་མེད་པར་དུས་མཉམ་དུ་བྱུང་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། དེ་ཉིད་རང་གིས་རང་མ་རིག །ཅེས་གསུངས་པའི་དོན། སྙིང་པོ་རང་ཉིད་ཀྱི་ངོ་བོ་གྱུར་པའི་ཤེས་པས་རང་གི་གདོང་བ་བསྒྲིབས་ཏེ་མ་མཐོང་བར་གཞན་གྱི་གདོང་ཡིན་པར་མཐོང་བ་ལྟ་བུའམ། རྒན་པོ་བླུན་པོས་རང་ཉིད་འཚོལ་དུ་ཕྱིན་པ་ལ་དཔེ་ཙམ་དུ་མཛད་ཅིང་། དོན་ནི་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་མ་ལུས་པ་བསགས་པའི་ཤེས་པ་སྟེ། མིང་གི་རྣམ་གྲངས། ཀུན་གཞིའི་རྣམ་ཤེས། མ་རིག་བག་ཆགས་ཀྱི་ས་ཞེས་ཀྱང་བྱའོ། །དེ་རྒྱ་མཚོ་ལྟར་གནས་པ་ལས་དེའི་སྟེང་ནས་ཆུ་རླབས་ལྟར་ཡིད་ཀྱི་རྣམ་ཤེས་གཡོ་ཞིང་དེས་གཟུང་འཛིན་དང་བདག་གཞན་སོགས་སྣ་ཚོགས་པ་མེད་པ་ལ་ཡོད་པར་སྒྲོ་བཏགས་པས་སླར་སྙིང་པོའི་གནས་ལུགས་ཆེས་ཆེར་སྒྲིབ་པ་དེ་ནི་གློ་བུར་གྱི་དྲི་མའོ། །དེ་ལྟར། འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་རྟོག་མེད་པ་མྱང་འདས་ཡིན། །ཞེས་གསུངས། ཡིད་ཀྱི་རྣམ་ཤེས་འདི་ལ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཞེས་ཀྱང་བྱའོ། །དེའི་ངང་ནས་སྒྲིབ་པ་རྣམ་པ་བཞི་འབྱུང་བས་སླར་ཡང་སྙིང་པོའི་གནས་ལུགས་མི་རྟོགས་ཤིང་འཆིང་བའི་རྒྱུ་བྱེད་དེ། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱི་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེད་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་འདོད་ཆེན་པའི་རྒྱུད་ལ་ཡོད་པ་ཆོས་ལ་ཁོང་ཁྲོ་དང་། མུ་སྟེགས་ཀྱི་བདག་ཏུ་ལྟ་བ་དང་། ཉན་ཐོས་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ལ་རང་ཉིད་འཇིགས་པ་དང་། རང་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་རྣམས་སོ། །དང་པོ་འདོད་ཆེན་པ་ལ་ཡང་འཇིག་རྟེན་ཁོ་ན་ལ་ཞེན་ནས་ཐར་པ་ལ་ཞེ་འགྲས་པ་དང་། ཐེག་དམན་ཁོ་ནར་ཞེན་ནས་ཐེག་པ་ཆེན་པོ་ལ་སྡང་བ་གཉིས་ཡོད་ཅིང་ཉེས་པ་ཤིན་ཏུ་ལྕི་སྟེ། གང་ཞིག་ཡིད་ནི་ཆོས་ལ་སྡང་བདེ་ལ་ཐར་པ་ག་ལ་ཡོད། ཅེས་གསུངས་སོ། །སྒྲིབ་པ་དེ་དག་གི་གཉེན་པོ་གནས་ལུགས་རྟོགས་པའི་རྒྱུ་ནི་སྟོན་པ་དང་དམ་ཆོས་མཐོང་ཞིང་ཐོས་པའི་རྐྱེན་གྱིས་ཐེག་ཆེན་གྱི་རིགས་སད་ནས་དགེ་བའི་རྩ་བ་ལ་འཇུག་པ་དེ་ཡིན་ལ། དབྱེ་ན། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་ཏེ། མེས་པ་ནི་ས་བོན་ལྟ་བུ། ཤེས་རབ་ནི་མ་ལྟ་བུ། བསམ་གཏན་ནི་མངལ་ལྟ་བུ། སྙིང་རྗེ་ནི་བསྐྱེད་སྲིང་བའི་མ་མ་ལྟ་བུ་སྟེ་ཆོས་བཞི་པོ་དེས་སྙིང་པོའི་གནས་ལུགས་རྟོགས་པའི་རྒྱུ་བྱེད་ཅིང་དེ་དག་དང་ལྡན་ན་ཐུབ་པ་དེ་བཞིན་གཤེགས་པའི་སྲས་ཞེས་བྱའོ། །དེ་ལ་མོས་པ་ནི། སྤྱོད་འཇུག་ལས། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་གསུངས་པས་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། དད་པ་དང་འདུན་པ་དང་མོས་པ་གསུམ་ག་མཚན་ཉིད་གཅིག་ཏུ་བྱས་པ་སྟེ། ཡུལ་ཡོན་ཏན་ཅན་དུ་ངེས་ཤེས་བརྟན་པ་ཐེ་ཚོམ་གྱི་གཉེན་པོར་གྱུར་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་ཤེས་པ་དང་། བསམ་གཏན་ནི་སེམས་ཤེས་རབ་ཀྱི་རིགས་པས་བརྟགས་ཤིང་དཔྱད་པ་ན་དམིགས་པར་འཐད་པའི་དངོས་པོ་ལ་མཉམ་པར་བཞག་པ་ཡིན་ཅིང་། ཏིང་ངེ་འཛིན་ནི་སྤྱི་མིང་སྟེ་འདོད་པའི་སས་བསྡུས་ཀྱང་ཡོད། ཁམས་གོང་མའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ལ་ནི་བསམ་གཏན་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་ནི་ས་དང་ལམ་ཐམས་ཅད་ཀྱི་ངོ་བོ་ཡིན་ལ། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་ནས་སྐྱེས་པའི་ཤེས་རབ་དེས་ནི་སྤང་བྱ་མཐའ་དག་དྲུངས་འབྱིན་པར་བྱེད་དོ། །སྙིང་རྗེ་ནི་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་བྱུང་འདུན་པ་ཡིན་ལ། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ནི་འདིས་ཁྱད་པར་དུ་འཕགས་པ་ཡིན་ཅིང་། སྟོང་ཉིད་རྟོགས་པའི་ཤེས་རབ་སྙིང་རྗེ་དང་ཟུང་དུ་འཇུག་པ་ལ་ལམ་ཐབས་ཤེས་ཟུང་འཇུག་ཅེས་བྱ། ཁྱད་པར་སྔགས་སུ་ནི། བདེ་སྟོང་དབྱེར་མེད་ཅེས་གསུངས་པའི་བདེ་བ་ནི་དགའ་བ་དང་གཅིག་པ་དང་། དགའ་བ་དང་སྙིང་རྗེ་གཅིག་པར་མཛད་ནས། དང་པོ་དགའ་བ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། མཆོག་དགའ་ནི་ཆོས་ལ་དམིགས་པའི་སྙིང་རྗེ། ཁྱད་པར་གྱི་དགའ་བ་ནི་དམིགས་པ་མེད་པའི་སྙིང་རྗེར་གསུངས་སོ། །ད་ནི་བདེ་བར་གཤེགས་པའི་སྙིང་པོའི་དོན་ལ་ལྟ་སྒོམ་ཇི་ལྟར་བྱ་བའི་ཚུལ་བརྗོད་དེ། མངོན་པར་རྟོགས་པའི་རྒྱན་དང་། རྒྱུད་བླ་མ་གཉིས་ཀར་ཚིག་མཐུན་པས། འདི་ལས་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་དང་། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པས་སེམས་ཀྱི་རང་བཞིན་འོད་གསལ་འདི་ལས་བསལ་བར་བྱ་བའི་དྲི་མ་ཅི་ཡང་མེད་དེ། གཟོད་མ་ནས་རང་བཞིན་ལ་དྲི་མ་མེད་པའི་ཕྱིར། ཡོན་ཏན་སྔར་མེད་གསར་དུ་བསྐྱེད་ཅིང་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། གདོད་མ་ནས་ཡོན་ཏན་རང་ཆས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་དག་གི་རྒྱུ་མཚན་ཡང་། སྙིང་པོ་ལས་རྣམ་པར་དབྱེར་རུང་བའི་མཚན་ཉིད་ཅན་བཅོས་མ་གློ་བུར་གྱི་དྲི་མ་དག་གིས་ནི་ཁམས་སྟོང་ལ། རྣམ་པར་དབྱེར་མེད་པའི་མཚན་ཉིད་ཅན་མ་བཅོས་པའི་རང་བཞིན་བླ་ན་མེད་པའི་ཆོས་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པས་ནི་ཁམས་སྟོང་བ་མ་ཡིན་ཏེ། དཔེར་ན་མཁྲིས་ནད་ཀྱིས་དུང་སེར་པོར་སྣང་བའི་ཚེ་དུང་གི་སྟེང་དུ་སེར་པོས་ནི་སྟོང་ལ་དཀར་པོས་ནི་མི་སྟོང་བ་ལྟ་བུའོ། །དེ་ན་དྲི་མ་བསལ་འདོད་དང་ཡོན་ཏན་བཞག་འདོད་གཉིས་ཀ་རེ་དོགས་ཀྱི་རྣམ་རྟོག་སྒྲིབ་པ་ཡིན་པས་དེ་སྤངས་ནས་ཡང་དག་པའི་དེ་ཁོ་ན་ཉིད་ད་ལྟར་གྱི་ཐ་མལ་ཤེས་པ་སྣང་སྟོང་དབྱེར་མེད་བདེན་རྫུན་དང་བྲལ་བ་འདི་ཉིད་ལ་བླང་དོར་གྱིས་བཅོས་བསླད་མི་བྱ་བར་སོ་སོ་རང་རིག་པའི་ཤེས་རབ་ཀྱིས་དེ་ཁོ་ནར་བལྟ་ཞིང་བསྒོམ་བར་བྱའོ། །ལྟ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཤེས་ཤིང་ལྟ་བར་བྱེད་པ་ཡིན་ལ། སྒོམ་པ་ཞེས་པ་ནི་དེའི་ངང་དུ་མ་ཡེངས་བར་རྩེ་གཅིག་ཏུ་བཞག་པ་ཉིད་དེ། ཚུལ་འདི་ནི་རང་བྱུང་ཞབས་ཀྱིས། ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཞེས་གསུངས་ཤིང་དེ་གསལ་བར་མཛད་པའི་ཕྱིར། དཔལ་མཁའ་སྤྱོད་པས། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྫོབ་བདེན་པའི་རང་ངོ་ཡིན། །འདི་མ་བཅོས་རང་གའི་གནད་ཤེས་ན། །དོན་དམ་པའི་བདེན་པའང་འདི་ཁོ་ན། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་ཏེ། །ལུང་རིགས་པ་མང་ཡང་གནད་མ་གོ །གཉིས་ཐ་དད་དུ་བཟུང་བས་གཉིས་མེད་ཉམས། །ཞེས་གསུངས་ཏེ་ཀུན་རྫོབ་ཀྱི་བདེན་པ་ནི་གློ་བུར་གྱི་དྲི་མ་དུང་སྟེང་གི་སེར་པོ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དུང་གི་དཀར་པོ་ལྟ་བུའོ། །དེ་ནི་ཡུལ་ཅན་འཁྲུལ་ངོར་སྣང་ཙམ་མ་གཏོགས་ཡུལ་དུང་སྟེང་དུ་དཀར་སེར་བསལ་བཞག་བྱ་རྒྱུ་མེད་པས་དེས་ན་མ་བཅོས་པར་རང་བབས་སུ་བཞག་པ་ནི་མན་ངག་ཡིན་ལ། མདོར་ན་འཁོར་བ་དང་མྱང་འདས་ཞེས་བྱ་བ་ནི་ཀུན་རྫོབ་སྣང་ཙམ་གྱི་ངོ་ནས་བཞག་ཅིང་དེ་གཉིས་ཀའི་རང་བཞིན་སྤྲོས་བྲལ་འོད་གསལ་དེ་ལ་བདེར་གཤེགས་སྙིང་པོ་ཞེས་གསུངས་པས་ངེས་པའི་དོན་དུ་སྣང་ཙམ་དང་དེའི་རང་བཞིན་ཡང་སོ་སོར་དབྱེ་རུ་མེད་དེ་མེ་དང་ཚ་བ་ལྟ་བུའོ། །རྒྱུ་མཚན་དེའི་ཕྱིར་ཤེར་ཕྱིན་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་སྔགས་ནས་འདི་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་གསུངས་མདོ་སྔགས་ཐུན་མོང་གི་ཕྱག་རྒྱ་ཆེན་པོ་སྟེ། རང་བྱུང་ཞབས་ཀྱི་མགུར་ལས། གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་། །གསལ་ལ་འཇིག་མེད་དག་པའི་རང་བཞིན་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། །ཞེས་གསུངས་སོ། །དེ་ལ་སྤྱིར་ཕྱག་རྒྱ་ཆེན་པོ་ཞེས་པའི་ཚིག་གི་ཐ་སྙད་ནི་སྔགས་ཁོ་ནར་གསུངས་ཤིང་དོན་ནི་ཟུང་དུ་འཇུག་པ་ལ་ཕྱག་རྒྱ། དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ཆེན་པོ་སྟེ་ཆོས་ཐམས་ཅད་དེ་ལས་མི་འདའ་བའོ། །དེའི་ཚེ་ཕྱིའི་སྣང་བ་མཐའ་དག་སྣང་སྟོང་ཟུང་འཇུག ནང་གི་རིག་པ་མཐའ་དག་རིག་སྟོང་ཟུང་འཇུག སྣང་རིག་ཕྲད་པའི་ཚོར་བ་མཐའ་དག་བདེ་སྟོང་ཟུང་འཇུག་ཡིན་པ་ལས། དང་པོ་གཉིས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། ཕྱི་མ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་གསུངས་ནས། སྟོང་ཉིད་དང་བདེ་ཆེན་སོ་སོ་ལ་ཕྱག་ཆེན་གྱི་སྒྲས་བསྟན་པའང་ཡོད་དེ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་དང་། ཡང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་ཀྱང་གསུངས་པས་སོ། །དོན་ཡོངས་རྫོགས་ནི་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་དེ་ཡུལ་ཤེས་བྱར་བྱས། དེ་མཐའ་དག་འགྱུར་མེད་ཀྱི་བདེ་བ་ཆེན་པོར་ཤེས་པ་དེ་ཡུལ་ཅན་ཤེས་པར་བྱས་ནས། ཡུལ་ཡུལ་ཅན་དེ་གཉིས་འདྲེས་ཤིང་གཅིག་ཏུ་གྱུར་པ་ཞིག་ལ་བརྗོད་དེ། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་དང་། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་སོགས་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུངས་ཤིང་དེ་ཐོག་མར་མངོན་དུ་འགྱུར་བའི་དུས་ནི་དབང་བཞི་པ་ཐོབ་པའི་དུས་དང་། མཐར་ཐུག་གི་རྟོགས་པ་ནི་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཐོབ་པའི་ཚེ་རྫོགས་པའོ། །འདིར་ནི་རྣམ་ཀུན་གྱི་སྟོང་ཉིད་ཕྱག་ཆེན་དུ་བྱས་པ་དང་བདེར་གཤེགས་སྙིང་པོ་གཅིག་ཡིན་པས། རྗེ་དྭགས་པོའི་གསུང་ལས། འོ་ཀོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ་ཞེས་གསུངས། དེ་ཡང་མངའ་བདག་མཻ་ཏྲི་པས་བྲམ་ཟེ་ཆེན་པོ་ཡབ་སྲས་ཀྱི་གདམས་ངག་བརྙེས་ནས་སྔགས་དང་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དེ་ཁོ་ན་ཉིད་བཅུ་པ་སོགས་མཛད་ལ། དེ་རྗེ་མར་པས་གསན་ཏེ། ཐེག་པའི་མཐར་ཐུག་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །ཞེས་སོགས་ནས། རྗེ་མཻ་ཏྲི་པ་ཡི་བཞེད་གཞུང་ལགས། །ཞེས་གསུངས་ཤིང་། མི་ལས་ཀྱང་། དེ་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་དབབ་ཀྱང་འཚལ། །ཞེས་གསུངས་པ་རྣམས་ཀྱི་དོན་ནོ། །ཡང་། རང་བྱུང་ཞབས་ཀྱིས། ཁམས་གསུམ་འདི་དག་སེམས་ཙམ་སྟེ། །བདག་ལས་མ་ཡིན་གཞལ་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་སྟེ། །དེ་ཉིད་རང་གི་ངོ་བོས་སྟོང་། །གཅིག་དང་ཐ་དད་རྣམ་བྲལ་བ། །རྫུན་དང་བདེན་པ་རྣམ་སྤངས་ཤིང་། །སྒྱུ་མ་ཆུ་ཟླ་ལ་སོགས་ལྟར། །ཞེས་གསུངས་པ་འདིས་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་དོན་སྟོང་ཉིད་རྟེན་འབྲེལ་བསྟན་ལ་འདི་ཡང་དོན་སྔ་མ་དང་གཅིག་སྟེ། དབུ་མར། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་འབྲེལ་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་མ་བརྟགས་གཅིག་པུ་ཉམས་དགའ་བའི་ངོར་ཆོས་ཐམས་ཅད་སྣང་ཙམ་དང་། དེ་ལ་ཡོད་མེད་སོགས་མཐའ་གང་དུའང་མི་འཛིན་པ་ནི་སྟོང་ཉིད་སྤྲོས་བྲལ་གྱི་ཉམས་ལེན་དངོས་སོ། །དབུ་མ་པ་ཁ་ཅིག་གིས་རིགས་པས་དཔྱད་ནས་མ་རྙེད་པའི་མེད་དགག་དེ་བསྒོམ་བྱར་འདོད་པ་ནི་འདིར་ཁས་མི་ལེན་ཏེ། དེ་ནི་རྗེས་དཔག་ལམ་བྱེད་རྟོག་སྒོམ་ཡིན་པའི་ཕྱིར། འདིར་ནི་སྣང་རིག་མ་འགགས་པ་ལ་དེར་འཛིན་གྱི་རྟོག་པ་མེད་པར་མངོན་སུམ་རྟོག་བྲལ་ལམ་དུ་བྱེད་པས། སྔ་མ་ནི་རབ་རིབ་ཅན་ལ་སྐྲ་ཤད་མེད་པར་རིགས་པས་གཏན་ལ་ཕབ་པ་ལྟ་བུ་ཡིན་ལ། ཕྱི་མ་ནི་ལ་ལ་ཞིག་གིས་རིགས་པ་མ་བརྗོད་པར་སྨན་བྱིན་ནས་རབ་རིབ་དྲུངས་ཕྱུང་བ་ལྟ་བུའོ། །དེ་ལྟར་ཡང་རྗེ་མཻ་ཏྲི་བས། བླ་མའི་ངག་གིས་མ་བརྒྱན་པའོ། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་དང་། དོ་ཧར། མཁས་པ་རྣམས་ནི་དཔྱད་པ་སྟེ། །བླ་མ་དམ་པའི་དཔྱད་པ་མེད། །ཅེས་གསུངས་ཤིང་། འཕགས་པ་འཇམ་དཔལ་གྱིས་ཀྱང་། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའོ། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པ་འདི་སྒོམ་པའི་ཚུལ་ནི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང་། ཆོས་དྲུག་གི་སྒྱུ་ལུས་འོད་གསལ་རྣམས་ཏེ། དོན་དྲིལ་ན། སྣང་བའི་སྟེང་དུ་འོད་གསལ་གཟུང་། །ཞེས་པའི་ཐབས་ལ་མཁས་པས་སྣང་བ་ལ་དངོས་འཛིན་གྱི་རྟོག་པ་དག་ན་སྣང་བ་མཐའ་དག་སྟོང་གཟུགས་སུ་འགྱུར་ལ། མུན་ཁང་སོགས་སུ་བསྒྲུབས་པའི་དུ་སོགས་ཀྱི་སྟོང་གཟུགས་ཀྱང་། གནས་ལུགས་འདི་ཉིད་མ་རྟོགས་རྟོགས་བྱེད་ཀྱི་ཐབས་ལམ་རྟགས་མཚོན་པ་ཙམ་ཡིན་གྱི། དོན་དངོས་ཀྱི་རྟོགས་བྱ་ནི་ད་ལྟའི་ཐ་མལ་གྱི་སྣང་བ་འདི་ཉིད་སྟོང་པའི་གཟུགས་རྣམ་པ་ཐམས་ཅད་པར་ངེས་པ་ཉིད་དེ། བུག་པ་མེད་པའི་ཁྱིམ་ནག་པོར། །ཅི་ཡང་བསམ་པར་མི་བྱ་འོ། །ཞེས་དང་། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གང་ཚེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་པས་སོ། །དེས་ན་རྒྱུད་བླ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསམ་བཞག་མི་བྱ་བ་དང་། སྔགས་ནས་སྣང་སྟོང་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་ཚུལ་གསུངས་པ་གཉིས་ཀ་ལྟ་བའི་གནས་ལུགས་དབུ་མ་དང་གཅིག་པ་ཞིག་དགོས་ལ་དབུ་མའི་ལྟ་བ་ནི། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་དེ་ཁོ་ནའོ། །ད་ནི་བདེ་སྟོང་ཟུང་འཇུག་ཅེས་བྱ་བ་ཕར་ཕྱིན་དུ་མ་གྲགས་པའི་ཕྱག་རྒྱ་ཆེན་པོ་ལ་ལྟ་སྒོམ་བྱ་ཚུལ་བརྗོད་དེ། གཟོད་མ་ནས་སྣང་སྲིད་ཐམས་ཅད་ལྷའི་རང་བཞིན་ཡིན་ཅིང་ལྷ་ཞེས་བྱ་བ་ཡང་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་སྐུའོ། །སྐུ་དེའི་རྟེན་ནི་ཁུ་རྡུལ་གྱི་ཁམས་ཡེ་ཤེས་དེའི་རང་མདངས་ཤིག་ཡིན་ཅིང་ཁུ་བའི་ཆོས་ཀྱིས་ལུས་བསྐྱེད། རྡུལ་གྱི་ཆོས་ཀྱིས་ངང་རླུང་གི་རང་བཞིན་བསྐྱེད་ལ། དེས་ན་ལུས་དེ་གཉིས་ལ་བརྟེན་པའི་བདེ་ཆེན་དེ་འདི་སྐབས་ཀྱི་བདེར་གཤེགས་སྙིང་པོ་ཡིན་པས། ཧེ་བཛྭ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། དུས་འཁོར་ལས། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས་ཤིང་བདེ་བ་དེའི་རང་ངོ་མ་རིག་པའི་ཆའི་སེམས་ལ་མུན་པ་ཞེས་བྱ། དེ་ལྟར་རྡུལ་མུན་སྙིང་སྟོབས་ཞེས་མ་དག་པའི་ཚེ་ལུས་ངག་ཡིད་གསུམ། དག་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ཏེ། དུས་འཁོར་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་གསུངས་ལ། བདེ་བ་ཆེན་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བ། རྟོགས་པའི་དབང་གིས་སངས་རྒྱས་སུ་བྱས་ནས་འཁོར་འདས་གཉིས་ཀའི་རང་བཞིན་ནམ་ཁམས་སམ་རིགས་ཞེས་ཀྱང་བྱའོ། །མ་རྟོགས་པའི་དབང་ལས་འཁོར་བའི་གནས་སྐབས་ཀྱི་ཕྱི་སྣོད་ནང་བཅུད་ཀྱི་ལུས་ངག་ཡིད་གསུམ་སོགས་ཆོས་མཐའ་དག་རྡུལ་མུན་སྙིང་སྟོབས་གསུམ་པོ་དེའི་རིགས་ལས་བྱུང་། རྟོགས་པའི་དབང་ལས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་མཐའ་དག་བདེ་བ་ཆེན་པོ་དེའི་རིགས་ལས་བྱུང་སྟེ། བརྟག་གཉིས་སུ། རང་དང་རང་གི་རྟོག་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་གསུངས་པས་སོ། །དེའི་མུན་བའི་ཆ་ལ་འོད་གསལ་ཐམས་ཅད་སྟོང་པ་ཞེས་དང་འཁོར་རྩའི་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་བྱ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་གཞོམ་བྱ་མཐར་ཐུག་སྟེ། སྤྱོད་བསྡུས་སུ། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པ་འོ། །ཞེས་གསུངས། འོད་གསལ་དེ་ནི་ཁུ་ཁྲག་རླུང་གསུམ་དང་ཚོགས་པ་གཅིག་ཏུ་གནས་ཤིང་ཚོགས་པ་ཤིན་ཏུ་ཕྲ་བ་ནི་གཟུགས་མེད་ཁམས་སུའང་ཡོད་པ་དང་། འདིས་འཁོར་བའི་སེམས་ཀྱི་གནས་སྐབས་ཐམས་ཅད་ལ་ཁྱབ་པས། དུས་ཀྱི་འཁོར་ལོར། ཀུན་གཞིའི་རྣམ་ཤེས་དང་། འཕོ་བའི་བག་ཆགས་དང་། བཞི་པའི་གནས་སྐབས་ཀྱི་སེམས་དང་། འཛག་སྒྲིབ་སོགས་ཀྱི་མིང་གིས་བསྟན་ལ། རྣམ་ཤེས་ཚོགས་བདུན་གྱི་རྣམ་འགྱུར་རགས་པ་དང་བྲལ་ཞིང་ཀུན་གཞི་ཙམ་པོ་བ་མངོན་དུ་གྱུར་པ་ནི་གཞི་དུས་ཀྱི་འོད་གསལ་དུ་གྲགས་པ་སེམས་ཅན་ཐམས་ཅད་ལ་གནས་སྐབས་ལ་ལར་འཆར་ཡང་། མ་རིག་པ་དང་ལྷན་ཅིག་པས་ངོ་མ་ཤེས་ཤིང་རྣམ་པར་རྟོག་པས་གཡེངས་ནས་མཉམ་པར་འཇོག་མི་ནུས་པ་སྟེ། འཆི་བའི་ཚེ་སྙིང་གར་དཀར་དམར་གྱི་དབུས་སུ་སེམས་ཞུགས་པ་དང་། མངལ་དུ་སྐྱེ་བའི་ཚེ་བར་དོའི་སེམས་ཀུན་གཞི་ཁུ་ཁྲག་གི་དབུས་སུ་ཞུགས་པའི་སྐད་ཅིག་མའོ། །དེའི་ཚེ་དཀར་དམར་ཕྲད་པ་ལས་ཚོར་བ་བདེ་བ་སྐྱེ་ཞིང་དེ་ལ་ཆགས་པས་མྱོང་བའི་དེ་མ་ཐག་ཀུན་གཞིའི་རྣམ་ཤེས་ཆང་གི་རོས་མྱོས་པ་ལྟར་བརྒྱལ་བ་དང་། སླར་ལས་ཀྱི་རླུང་ཉོན་ཡིད་སྲོག་གི་རླུང་གཡོ་བ་རྨི་ལམ་གྱི་སྣང་བ་ལྟ་བུ་འབྱུང་། དེས་ན་དེ་སྐབས་ཀྱི་བདེ་བ་དེ་ངོ་མ་ཤེས་ཤིང་ཆགས་པའི་དབང་གིས་ལུས་ཀྱི་ཆ་དཀར་དམར་ཡང་འཛག་ཅིང་འགྱུར། དེ་ལ་བརྟེན་པའི་བདེ་ཆེན་ཡང་འཕོ་ཞིང་ཉམས་ནས་འཛག་པས་རང་རང་གང་ལ་ཆགས་པའི་རིགས་དྲུག་ཏུ་སྐྱེ་བ་ལེན་ནོ། །དེ་རྣམས་ཀྱི་དོན་ནི་དྲི་མེད་འོད་ལས། མ་རིག་པ་ནི་འདིར་སེམས་ཅན་ཐམས་ཅད་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །ཞེས་སོགས་དང་། དབང་མདོར་བསྟན་ལས། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ནས་སླར་ཡང་དེ་རྣམས་ཀྱི། །སྲིད་པའི་སྲེད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་འབྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་བག་ཆགས་རྣམ་པར་སྤང་། །ཞེས་གསུངས་པ་དང་། འདི་ཉིད་དུ། སྣང་མཆེད་ཐོབ་སུམ་ཐིམ་པ་ནི། །སྐུ་གསུམ་རང་བཞིན་ཉིད་མ་ཤེས། །འོད་གསལ་སྣང་དང་མུན་པ་ཡི། །སྟོང་དང་སྟོང་པ་ཆེན་པོ་རྣམས། །མ་རྟོགས་འཁོར་བའི་འཁོར་ལོར་འཁྱམས། །ཞེས་དང་། བདེ་ཉམས་དུག་གསུམ་སྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བར་རྒྱུ། །ཞེས་སོགས་གསུངས་པ་རྣམས་གནད་གཅིག་པར་འབབ་བོ། །དེ་སྐབས་ཀྱི་ཀུན་གཞི་རྒྱ་མཚོ་ལྟ་བུ་སྲུབ་པར་བྱེད་པའི་ཉོན་ཡིད་དེ་ལ་སྔགས་སུ་སྲོག་རླུང་ཞེས་གསུངས་ཏེ། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་སྣང་། །ཞེས་རྒྱུད་རྡོ་རྗེ་འཕྲེང་བར་གསུངས་པས་འོད་གསལ་ཀུན་གཞིའི་རྣམ་ཤེས་དེ་ཉོན་ཡིད་སྲོག་རླུང་གིས་བསྐྱོད་པས་གཟུང་བ་ཡུལ་དང་འཛིན་པ་བདག་རྟོག་རྣམས་འཆར་ཞིང་རྟོག་པ་དེ་དག་གིས་བརྟགས་པའི་སྣང་ཆ་ལ་ལུས་ཀྱི་དཀར་དམར་རླུང་རྣམས་དང་དབང་ཡུལ་རྣམས་འཆར་བས་རྩ་རླུང་ཐིག་ལེའི་རང་བཞིན་འཁོར་བའི་ལུས་དང་དེ་དང་མཐུན་པའི་ཕྱི་སྣོད་ཀྱི་འཇིག་རྟེན་སོགས་སྣང་བའོ། །དེ་ཡང་དང་པོར་འོད་གསལ་ཀུན་གཞི་ནི་ཐམས་ཅད་སྟོང་པ། དེ་ལས་མ་རིག་པ་ཉོན་ཡིད་ཙམ་ལངས་པ་སྟོང་པ་ཆེན་པོ་ཉེར་ཐོབ། དེ་ལས་སེམས་བྱུང་སྣ་ཚོགས་ལངས་པ་ཤིན་ཏུ་སྟོང་པ་སྣང་བ་མཆེད་པ། དེ་ལས་གཟུང་འཛིན་དུ་སྣང་བ་ཚོགས་དྲུག་རགས་པར་གསལ་བ་ནི་སྟོང་པ་སྟེ། སྣང་བ་བཞི་དང་སྟོང་པ་བཞིའི་ཐ་སྙད་ཕ་རྒྱུད་ལས་གསུངས། མ་རྒྱུད་རྣམས་ནས་དགའ་བ་བཞིར་གསུངས་པ་ཡང་དེ་དང་གཅིག་སྟེ། ཕྱག་ཆེན་ཐིག་ལེར། དགའ་བ་ཞེས་བྱ་སྣང་བ་ཡིན། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་པ་ཉིད་དོ། །དེ་འདྲ་བའི་སྣང་བ་བཞི་པོ་དེ་ལུགས་འབྱུང་དུ་འཆར་བ་དང་ལུགས་ལྡོག་ཏུ་ནུབ་པའི་སྐྱེད་སྡུད་ནི་ཞིབ་པར་རྣམ་ཤེས་ཀྱི་འཇུག་པ་རེ་རེ་ལའང་ཡོད་ཅིང་རགས་པར་ན་གནས་སྐབས་བཞི་ཡང་ཡིན་པས་འོད་གསལ་ཞེས་ཀྱང་བྱ་བ་ཀུན་གཞིའི་རྣམ་ཤེས་དེ་ལ་འཇིག་རྟེན་པའི་ལྷན་སྐྱེས་དང་བཞི་པའི་གནས་སྐབས་ཀྱི་སེམས་ཞེས་བྱ་སྟེ། བཟློག་པར་དཀའ་བ་ཆགས་པའི་རྨོངས་པ་དང་བཅས་པ་ནི་སྙོམས་འཇུག་གི་གནས་སྐབས། དེ་ལ་བརྟེན་ནས་གཉིད་འཐུག་ནི་ཉེར་ཐོབ། དེ་ལས་རྨི་ལམ་སྣང་བ་མཆེད་པ། དེ་ལས་སད་པའི་མཚན་ཉིད་སྣང་བའི་ཡེ་ཤེས་ཞེས་བྱའོ། །གནས་སྐབས་བཞིའི་རྟེན་དུ་གྱུར་པ་འཁོར་བའི་བག་ཆགས་ཕྲ་མོ་དང་འདྲེས་པའི་འོད་གསལ་དེ་ལ། རྩ་བའི་རྒྱུད་དུ། ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས། །ལྟེ་བའི་དབུས་ན་གནས་པའི་སེམས། །སྲོག་གི་ཡོན་ཏན་བརྒྱད་ཀྱིས་བཅིངས། །བདག་སྐྱེས་རྣམས་ཀྱི་དར་སྲིན་བཞིན། །ཞེས་གསུངས་པས་ཡེ་ཤེས་བདེ་བ་དང་རྣམ་ཤེས་ཀུན་གཞི་སྦྱོར་བ་ཡིན་ལ། ཡོན་ཏན་བརྒྱད་ནི། རྡུལ་མུན་སྙིང་སྟོབས་གསུམ་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །ཀུན་གཞི་བདག་ཉིད་ལས་སྐྱེས་པའི་རྣམ་རྟོག་གིས་བདག་ཉིད་བཅིངས་པས་དར་སྲིན་བཞིན་ནོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། གང་འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་ནོ། །དེ་ལས་རྟོག་པ་གཉིས་སུ་འགྱུར་ཏེ་བདག་དང་གཞན་དུའོ། །རྣམ་པར་ཤེས་པ་དེ་ལས་རླུང་ངོ་། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་དང་ཡུལ་ལྔ་སྟེ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་དང་འདྲེས་པའོ། །ཞེས་འོད་གསལ་མ་རིག་པ་ལས་རྣམ་པར་ཤེས་པ་སོགས་འཁོར་བའི་འཁོར་ལོ་འབྱུང་བར་བསྟན་པའོ། །དུས་ཀྱི་འཁོར་ལོ་ལས་ནི། འཇིག་རྟེན་པའི་ལྷན་སྐྱེས་ཀྱི་གནས་སྐབས་དེ་ལ་ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་ཞེས་བསྟན་པ་ཡོད་ཀྱང་འོད་གསལ་དང་ཡེ་ཤེས་མཐའ་དག་བདེ་གསལ་གྱི་ཆ་ཙམ་ནས་བཏགས་པ་མ་གཏོགས་སྒྲིབ་བཅས་ཡིན་པས་དངོས་མ་ཡིན་ལ། བདེར་གཤེགས་སྙིང་པོའི་རང་ངོ་མ་རིག་པས་འཁྲུལ་པ་དང་དེའི་སྣང་ཆ་ལ་འཁོར་བའི་ཆོས་མཐའ་དག་བྱུང་། སྙིང་པོ་རང་གི་ངོ་བོ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡིན་ཅིང་དེའི་སྣང་ཆ་ལ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་བྱུང་བའི་ཚེ་རང་ངོ་ལ་ཐབས་དང་སྣང་ཆ་ལ་ཤེས་རབ་ཏུ་བཞག་པ་དང་། སྣང་བ་ཉིད་ཀྱི་ཡང་སྣོད་བཅུད་དང་ཕོ་མོ་དང་ཁུ་རྡུལ་སོགས་ཕྲ་རགས་སོ་སོ་ནས་ཐབས་དང་ཤེས་རབ་ཀྱི་ཐ་སྙད་བཞག་ལ། དེའི་སྒྲར་ཨེ་ཝྃ་ཞེས་བསྟན་ནོ། །དག་མ་དག་གང་གི་སྐབས་སུའང་ཨེ་ཝྃ་གཉིས་ཟུང་འཇུག་ཏུ་གནས་པས་རྒྱུད་ཀྱི་བརྗོད་བྱ་ཀུན་ཀྱང་དེར་འདུ་ལ་རྗོད་བྱེད་ཀྱི་ཚིག་ཐམས་ཅད་ཀྱང་ཡི་གེ་དེ་གཉིས་སུ་འདུས། དེའི་ཝྃ་ཡིག་ཁུ་བའི་ཆོས་ལས་འཛིན་པ་བདག་རྟོག་དང་། ཨེ་ཡིག་རྡུལ་གྱི་ཆོས་ལས་གཟུང་བ་གཞན་རྟོག་དང་། དེ་གཉིས་རླུང་གིས་ཕྱེས་ཤིང་དཀྲུགས་པས་གཟུང་འཛིན་གྱི་སྣང་བ་ཨ་འཐས་རྣམས་བྱུང་བར་བསྟན་ལ། ཡང་ཝྃ་ཁུ་བ་དང་ཆུའི་ཁམས་ལས་རླུང་བྱུང་། ཨེ་རྡུལ་དང་མེའི་ཁམས་ལས་ས་བྱུང་བས་གླེང་གཞིའི་མ་ཡཱ་གཉིས་དང་། རླུང་ལས་ནམ་མཁའ་དང་ས་ལས་ཡེ་ཤེས་གཉིས་སུ་ཕྱེ་བས། ཆུ་རླུང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས། །ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས། །ཞེས་རིགས་དྲུག་དང་ཁམས་དྲུག་ཏུ་བསྟན་ལ། ཁམས་ལྔ་རྣམ་པར་ཤེས་དང་དྲུག །ཅེས་གསུངས་པའི་དོན་སྔགས་ཀྱི་སྦྱང་གཞིར་གྱུར་པའི་རྡོ་རྗེའི་ལུས་ཞེས་བྱ་བ་དེའོ། །དེ་ཡང་ཡེ་ཤེས་ཀྱི་ཁམས་མངོན་གྱུར་རགས་པར་ལྡན་པ་ཞིག་དགོས་པས་སྤྱིར་རླུང་རྡུལ་ཁུ་བའི་ཁམས་གང་ཤས་ཆེ་བའི་དབང་ལས་ཁམས་གསུམ་དང་འདོད་ཁམས་ཉིད་དུ་ཡང་ས་ཆུ་མེ་རླུང་གི་དབང་ལས་སྐྱེ་གནས་བཞི་བྱུང་། རླུང་མེ་ཆུ་སའི་ཁམས་ལས་གཟུགས་མེད་གཟུགས་ཁམས་འདོད་ལྷ་དང་མི་མན་གྱི་འགྲོ་བ་རྣམས་བྱུང་ཞིང་ས་ཁམས་ཉིད་ཀྱི་རགས་པ་ལས་ལས་ཀྱི་ས་པ་འཛམ་བུའི་གླིང་པ་དང་འདིར་ཡང་རྫོགས་ལྡན་གྱི་དུས་ཁམས་བཞི་ཆར་རྫོགས་པ་ལས་རིམ་གྱིས་རླུང་མེ་ཆུའི་སྟོབས་རྣམས་བྲི་སྟེ་གཅིག་ལ་གཅིག་ཐིམ་པས་རྩོད་པའི་དུས་འདིར་ས་ཁམས་ཉིད་སྟོབས་ཆེ་ལ་དེའི་ཚེ་ས་ཉིད་ཀྱི་ནང་གསེས་སུ་ཕྱེ་བའི་ཁམས་དྲུག་དང་ལྡན་པས་ཁམས་ཐམས་ཅད་སྙིགས་མར་གྱུར་ཅིང་རགས་པས་ཡེ་ཤེས་ཀྱི་ཁམས་ཀྱང་ཆེས་རགས་པར་འགྱུར། དེས་ན་སྙིགས་མའི་དུས་ཀྱི་འཛམ་གླིང་ཆུང་ངུའི་མི་ལུས་ཁམས་དྲུག་ལྡན་ཆེད་དུ་གདུལ་བྱར་གྱུར་པའོ། །འོ་ན་ཡེ་ཤེས་ཀྱི་ཁམས་དེ་ཅི་ལྟ་བུ་སྙམ་ན་འདོད་ཆགས་རགས་པར་རྩལ་རྫོགས་ཀྱི་བདེ་བ་ཡིན་ལ། དེ་ཡང་གཏུམ་མོ་ལ་བརྟེན་ཅིང་སྤྱི་བོའི་དཀར་ཆ་ཧྃ་གི་རྣམ་པ་ཅན་ནི་བདག་དང་སེམས་ཅན་དུ་འཛིན་པའི་སྙིང་རྗེའི་རྟེན་ཡིན་པས་དེ་ལས་བྱུང་བའི་དགའ་བ་བཞི་ནི་ལུགས་འབྱུང་འཇིག་རྟེན་པའི་ཡེ་ཤེས་སུ་བཞག ལྟེ་བའི་གཏུམ་མོ་དམར་ཆ་ཨ་ཐུང་གི་རྣམ་པ་ནི་བདག་མེད་པའི་ཡེ་ཤེས་དང་དམིགས་པ་མེད་པའི་སྙིང་རྗེའི་རྟེན་ཡིན་པས་དེ་ལས་བྱུང་བའི་དགའ་བཞི་ལུགས་ལྡོག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སུ་བཞག་པས་དེ་དག་ལ་བྱའོ། །ལུགས་འབྱུང་གི་ལྷན་སྐྱེས་ནི་གོང་དུ་བསྟན་པའི་གནས་སྐབས་བཞི་པའི་སེམས་ཉིད་ཡིན་པས་ཟག་པ་དང་བཅས་པའི་ཕྱིར་དཔེའི་ཡེ་ཤེས་དང་ལུགས་ལྡོག་གི་ལྷན་སྐྱེས་ནི་ཟག་པ་མེད་པས་དོན་གྱི་ཡེ་ཤེས་ཞེས་བྱ་ཞིང་། དཔེ་དོན་ཡང་གང་ཟག་དབང་པོའི་རིམ་པས་ནམ་མཁའི་ཟླ་བ་ཉ་གང་བའི་དཔེར་ཆུ་ནང་གི་ཟླ་བ་བཀོད་པ་དང་ཚེས་གཅིག་གི་ཟླ་བས་མཚོན་པ་ལྟ་བུ་མཆོག་དམན་སྣ་ཚོགས་སུ་འཆར་རོ། །མདོར་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཇི་ལྟ་བར་མངོན་དུ་གྱུར་པ་ནི་སྔགས་ལུགས་ཀྱི་ཕྱག་ཆེན་དང་བདེ་ཆེན་ཡེ་ཤེས་ཀྱི་སྐུ་ཡིན་པས། བརྟག་པ་གཉིས་པར། སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་དང་། སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་དུ་རྟག་ཏུ་བཞུགས། །འཆད་པ་པོ་ང་ཆོས་ཀྱང་དང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །ཞེས་དང་། བཙུན་མོའི་བྷ་ག་བདེ་ཅན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་སོ། །གཞུང་ལས་ཀྱང་། བདེ་ལ་མི་རྟོག་ཉོན་མོངས་མིན། །དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད། །ཅེས་གསུངས་ཤིང་དེའི་ངོ་བོ་ནི་ཆགས་པ་འཇིག་རྟེན་དང་ཆགས་བྲལ་མྱང་འདས་གཉིས་ཀའི་མཐའ་ལས་འདས་པ་ཐབས་དང་ཤེས་རབ་གང་རུང་ཞིག་ཏུ་མ་ཆད་པ་སྨྲ་བསམ་བརྗོད་མེད་ཀྱི་དོན་རང་གིས་རིག་པ་ཞིག་ཡིན་ཏེ། དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །དང་པོ་རེག་པར་འདོད་པ་དང་། །གཉིས་པ་བདེ་བར་འདོད་པ་དང་། །གསུམ་པ་འདོད་ཆགས་འཇིག་པ་ཉིད། །དེས་ན་བཞི་པ་བསྒོམས་པར་བྱ། །མཆོག་ཏུ་དགའ་བ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །འདིས་ནི་ལྷན་ཅིག་སྐྱེས་པ་སྤངས། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བ་བོ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་རོ། །ད་ནི་འགྱུར་བའི་འདོད་ཆགས་ཀྱི་གཉེན་པོར་མཆོག་ཏུ་མི་འགྱུར་བའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། དེའི་ཉེ་རྒྱུ་ནི་རྫོགས་པའི་རིམ་པ་ཡིན་པས། རྗེ་མར་པའི་ཞལ་ནས། རྫོགས་རིམ་གྱི་ངོ་བོ་ནི་བདེ་བ་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པ་སྟེ། སྒྱུ་མའི་བརྟག་པའི་ལེའུ་གཉིས་པ་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །ངེས་ཚིག་ནི་ཡེ་ཤེས་དངོས་སུ་སྐྱེ་བས་རྫོགས་རིམ་སྟེ། པུཥྤ་ཧ་རི་བའི་ཞལ་ནས། དུས་འདིའི་དུས་སུ་ལུས་གནད་འདི་ལྟར་ཆོས་ལ་སེམས་འདི་ལྟར་གཏོད་དང་ཡེ་ཤེས་མི་༈མི་སྲིད་གསུང་། དབྱེ་ན་སྦྱང་གཞི་ཐ་མལ་གྱི་རྣམ་པར་རྟོག་པ་དུ་མ་དང་བཅས་པ་དང་། གཉིད་འཐུག་པོ་ལོག་པ་དང་། རྨི་ལམ་མང་པོ་རྨི་བ་དང་། ཐ་མལ་གྱི་བུད་མེད་དང་སྙོམས་པར་འཇུག་པའོ། །དེ་སྦྱོང་བྱེད་གཏུམ་མོ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང་། འོད་གསལ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང་། སྒྱུ་ལུས་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང་། ལས་རྒྱ་ལ་བརྟེན་པའི་ཉམས་སུ་མྱོང་བའོ། །ཞེས་བསྟན་པ་ལྟར་དཔལ་ནཱ་རོ་པ་ནས་བརྒྱུད་པའི་ཆོས་དྲུག་ཡིན་ནོ། །དེ་ཡང་སྤྱིར་སྔགས་ཀྱི་ཚུལ་ནི། བཅོམ་ལྡན་འདས་ལ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས། ལུམ་བིའི་ཚལ་ནི་ཉམས་དགའ་བར། །ཝ་ནི་སེང་གེར་གྱུར་ཀྱང་བླ། །འདོད་ཡོན་སྤངས་པའི་སངས་རྒྱས་ནི། །གཽ་ཏཾ་ནམ་ཡང་མི་འདོད་དོ། །ཞེས་གསོལ་བ་ལ་བརྟེན་ནས་འདོད་པའི་ཡོན་ཏན་མི་སྤོང་བར་དེའི་རང་བཞིན་ཤེས་པས་ལམ་དུ་བྱེད་པ་ཐབས་མཁས་པའི་ཉམས་སུ་ལེན་ཚུལ་ཁོ་ནར་གསུངས་ཤིང་། བརྟག་གཉིས་སུ། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་རང་བཞིན་ཤེས་ནས་འདོད་ཡོན་བསྟན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གོང་དུ་འཕེལ་ཞིང་དེས་རང་བཞིན་མི་ཤེས་པར་འདོད་ཡོན་བསྟེན་པའི་གཉེན་པོར་འགྱུར་ལ། དེ་བཞིན་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིས། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས་པས་དཔེར་ན་རྨི་ལམ་དུ་སྡུག་བསྔལ་མྱོང་བའི་ཚེ་མྱོང་བའི་དུས་དེ་ཉིད་སྡུག་བསྔལ་མེད་པའི་རང་བཞིན་ཡིན་པར་ཤེས་ན་གྲོལ་བ་ལྟར་འཁོར་འདས་རྒྱུད་གཅིག་ཅིང་དེ་བཞིན་ཉིད་དུ་དབྱེ་བ་མེད་པས་འཁོར་བའི་རང་བཞིན་ཤེས་པ་ལ་མྱང་འདས་ཞེས་བྱའོ། །རང་བཞིན་གང་ཡིན་ཞེ་ན། ངེས་པའི་དོན་དུ་སྨྲ་བསམ་གྱི་ཡུལ་ལས་འདས་མོད་ཀྱང་ཐ་སྙད་ཙམ་དུ་ནི་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང་སྟོང་པ་དོན་དམ་པའི་བདེན་པ་གཉིས་དབྱེར་མེད་པ་ཞིག་སྟེ། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་གསུངས་སོ། །དེ་ཉིད་ཀྱང་གཞི་ལམ་འབྲས་བུ་མཐའ་དག་ཏུ་མི་འགྱུར་བའི་བདེ་ཆེན་སངས་རྒྱས་ཀྱི་ངོ་བོར་བཞུགས་པ་ཞིག་ཡིན་པས། མདའ་བསྣུན་ཞབས་ཀྱིས། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་བར་གསུངས་པ་ན། །ཐམས་ཅད་མཁྱེན་པའང་ཚིག་གི་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་བུ་རྒྱལ་གྱུར་ཅིག །ཅེས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་རྒྱུད་ལས་གསུངས་པ་དེ་ལྟར་རང་ཉིད་སངས་རྒྱས་ཡིན་པ་རང་གིས་དངོས་སུ་རྟོགས་པ་ནི་སྔགས་ཁོ་ན་ལ་རག་ལུས། སྔགས་དང་རིག་པ་ཞེས་བྱ་བ་དངོས་ནི་ཡེ་ཤེས་ཡིན་པས་སློབ་མ་སྐལ་ལྡན་ལ་བླ་མ་མཚན་ལྡན་གྱི་ཡེ་ཤེས་གཟིགས་པའི་མཐུས་གནས་ལུགས་ངོ་འཕྲོད་པར་འགྱུར་ཞིང་ལམ་རིམ་བགྲོད་ལ་མ་བལྟོས་པ་དག་ཡོད་མོད་ཀྱང་རིམ་བགྲོད་ཀྱི་ཚེ་ཐོག་མར་དབང་གིས་སྨིན་པར་བྱེད་པ་ནི། བརྟག་གཉིས་སུ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲགས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །རྒོད་པ་དག་ལ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལ་དེ་ཡང་ཉིད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །གཏོར་དག་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་དབང་བཞི་པོ་དེས་དགའ་བ་བཞིའི་ཡེ་ཤེས་བསྐྱེད་ནས་ལུས་ངག་ཡིད་ཡེ་ཤེས་བཞིའི་དྲི་མ་སྦྱོང་ཞིང་རྡོ་རྗེ་བཞིའི་ས་བོན་འདེབས་པ་ཡིན་ལ། སྔོན་དུ་སྡོམ་པ་བཟུང་ནས་དབང་བསྐུར་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་སློབ་ཏུ་འཇུག་པས་དེ་ལ་ཐོག་མར་བུམ་དབང་ནི་ཕྱི་དཀྱིལ་ལམ་སློབ་དཔོན་གྱི་ལུས་དཀྱིལ་ལམ་ཕྱག་རྒྱའི་དཀར་འཛིན་བུམ་པར་བྱས་པ་ལ་བརྟེན་ནས་བསྐུར་བས་ཕུང་ཁམས་དེ་བཞིན་གཤེགས་པ་ཡབ་ཡུམ་དུ་ཤེས་པ་དང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་ངག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་མཉམ་པར་སྦྱར་བ་ལས་བྱུང་བའི་དགའ་བ་ཉིད་རྡོ་རྗེ་གསུམ་རོ་གཅིག་ཏུ་རྟོགས་པའོ། །དབང་འདིའི་ལམ་ནི་ཕྱི་དཀྱིལ་སྒོམ་པ་དང་གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་གསུངས་པ་རབ་ཏུ་གྲགས་པ་ལྟ་བུའི་ལུས་དཀྱིལ་སྒོམ་པ་སྟེ་རྡུལ་ཚོན་ལ་དཀྱིལ་འཁོར་མངོན་སུམ་དུ་མཐོང་ཞིང་ལམ་ལ་བར་ཆད་མ་བྱུང་ན་ཚེ་འདི་ཉིད་དུ་ས་བརྒྱད་པའི་བར་བགྲོད་ནུས་པ་དང་། དེ་བཞིན་གསང་དབང་ནི་བྷ་གའི་དཀྱིལ་འཁོར་དུ་ཐབས་ཤེས་ཀྱི་རྫས་བྱིན་པས་གཟུང་འཛིན་གྱི་དྲི་མ་དག་པའི་མཆོག་ཏུ་དགའ་བ་རྟོགས་པ་ཡིན་ལ། འདིའི་ལམ་ནི་གཙོ་བོར་འཁོར་ལོ་དྲུག་གི་བྷ་གར་རླུང་དང་གཏུམ་མོའི་རྣལ་འབྱོར་སྒོམ་པ་ཡིན་པས་རྗེ་བཙུན་མི་ལས་ཐུགས་ཉམས་སུ་བཞེས་ནས་མཆོག་གི་དངོས་གྲུབ་བརྙེས་པ་ལྟ་བུའོ། །དབང་གསུམ་པ་ནི་ཤེས་རབ་ལ་བརྟེན་ནས་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཁྱད་པར་གྱི་དགའ་བའམ་དགའ་བྲལ་གྱི་ཡེ་ཤེས་མྱོང་བ་སྟེ། འདིའི་ལམ་ནི་ལས་རྒྱ་ལ་གཙོ་བོར་མཛད་པ་རྗེ་རས་ཆུང་པ་རྗེས་འབྲང་དང་བཅས་པས་ཉམས་སུ་བཞེས་པ་ལྟ་བུའོ། །བཞི་པའི་དབང་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཞི་འབྲས་དབྱེར་མེད་མངོན་སུམ་དུ་རྟོགས་པ་ལྷན་ཅིག་སྐྱེས་པའི་དགའ་བདེ་ཤར་བ་སྟེ་དབང་དོན་སློབ་དཔོན་གྱི་ཚིག་ཁོ་ནས་མཚོན་པ་དང་། འདིའི་ལམ་ནི་ཕྱག་རྒྱ་ཆེན་པོར་གྲགས་པ་འཁོར་བའི་རང་བཞིན་ལ་བསལ་བཞག་དང་བྲལ་བར་མ་བཅོས་ཐ་མལ་ཤེས་པའི་ངང་དུ་འཇོག་པ་རྗེ་སྒམ་པོ་པ་ནས་ཉེ་བར་བརྒྱུད་དེ་སྐལ་ལྡན་རྣམས་ས་ལམ་གཅིག་ཆོད་དུ་འཁྲིད་པའི་ཚུལ་ལྟ་བུའོ། །དབང་གོང་མ་གསུམ་པོ་འདིས་ནི་རྫོགས་པའི་རིམ་པ་སྒོམ་པ་དང་ས་བཅུ་གཉིས་ཀྱི་མཐར་ཐུག་བགྲོད་པ་ལ་དབང་བྱེད་ཅིང་དབང་རྣམས་ཀྱི་ངོ་བོ་ནི་དེ་དང་དེ་ལྟ་བུའི་སྐལ་བ་ཅན་དུ་གྱུར་པའི་སློབ་མའི་སེམས་རྒྱུད་ཡིན་ལ། རྫས་སྔགས་ཏིང་ངེ་འཛིན་རྣམས་ནི་སློབ་དཔོན་གྱིས་དབང་བསྐུར་བར་བྱེད་པའི་ཆོ་གའོ། །དབྱེ་ན་དགའ་བ་བཞི་ལ་ནང་གསེས་བཞི་བཞིར་འཇོག་པའི་རིགས་པས་དབང་ཡང་བཅུ་དྲུག་ཏུ་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ནི་གོང་མའི་དབང་གི་ཕྱག་རྒྱ་ཚིག་ཙམ་གྱིས་སྦྱིན་པ་དང་། ཀུན་སྤངས་ཀྱི་སློབ་མ་ལ་བུམ་དབང་ཡང་ཡོ་བྱད་མེད་པར་ཚིག་གིས་སྦྱིན་པའི་དམིགས་བསལ་ཡང་དབང་ལེར་གསུངས་ལ། ཡང་དབང་བསྐུར་བའི་དུས་སུ་འདོད་ཆགས་བདེ་ཆེན་དུ་འཆིང་ནུས་པའི་སློབ་མ་ལ་ནི་གསུམ་པའི་དུས་ཉིད་ནས་དོན་གྱི་ཡེ་ཤེས་འཆར་བས་དཔེ་ཅན་བཞི་པ་ཉམས་སུ་མྱོང་བྱ་ལོགས་སུ་མེད་ཅིང་དེ་ལྟར་མི་ནུས་པ་ལ་གསུམ་པའི་སྐབས་ཞུ་བདེ་ཟག་བཅས་ལུགས་འབྱུང་ཡིན་པས་དགའ་འབྲལ་ཡིན་ཅིང་དཔའི་ཡེ་ཤེས་དང་བཞི་པའི་སྐབས་སུ་དེ་ལས་མཆོག་ཏུ་གྱུར་པ་མྱོང་བྱ་ཡོད་པས་ལོགས་སུ་བཞག་གོ། ཁྱད་པར་དུས་ཀྱི་འཁོར་ལོར་ནི་དབང་བཞི་པ་གསལ་བར་བསྟན་ཏེ། ཇི་སྐད་དུ། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དད་འཁྱུད་པ་གང་ཡིན་པ། ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་པ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡི་ནི་ལམ་གྱི་རྒྱུ་རུ་བསྟན། །ཞེས་འཇིག་རྟེན་པའི་བཞི་པ་ཤེས་རབ་ཡེ་ཤེས་ལ་ཤེས་རབ་ནི་ལས་ཀྱི་ཕྱག་རྒྱ་དང་། སྙོམས་པར་འཇུག་པ་ནི་དབང་པོ་གཉིས་སྤྲོས་ཡིན་ཅིང་དེ་ལས་བྱང་སེམས་ཞུ་བ་རིམ་གྱིས་ནོར་བུར་སོན་པའི་རིམ་པ་བཞིན་མྱོང་བའི་དགའ་བ་བཅུ་དྲུག་ནི་ཡེ་ཤེས་ཡིན་ལ། དེའི་ཡང་ཁྱད་དགའ་དབང་གསུམ་པ་དང་ལྷན་སྐྱེས་འཇིག་རྟེན་པའི་དབང་བཞི་པར་བཞག་ཅིང་འཇིག་རྟེན་ལས་འདས་པའི་བཞི་པ་ཤེས་རབ་ཆེན་པོའི་ཡེ་ཤེས་ནི་དེ་ལྟ་བུ་མིན་པས། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལ་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་དེ་སྐབས་ཀྱི་ཤེས་རབ་ནི་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་ཡི་སྟོང་ཉིད་ཡིན་ལ། བྷ་ག་ནི་འཁོར་ལོ་དྲུག་གི་ལྟེ་བའི་དབུས་ཡིན་པས་སོར་བསམ་དུ་ཕྱག་རྒྱ་དེ་མཐོང་ནས་སྲོག་རྩོལ་གྱིས་འཁྱུད་དེ་འཛིན་པར་སེམས་ཀྱི་ལངྒི་འཁོར་ལོ་དྲུག་གི་ལྟེ་བའི་བྷ་གར་སྙོམས་པར་ཞུགས་པ་ལས་རྗེས་དྲན་དུ་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་མཐར་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་ཏིང་འཛིན་ནི་འཇིག་རྟེན་ལས་འདས་པའི་དབང་བཞི་པར་བསྟན་པའོ། །འོ་ན་བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་འབྱུང་བ་ཅི་ལྟ་བུ་སྙམ་ན་བཞི་པ་ཞེས་པས་གསུམ་པ་མ་ཡིན་པར་བསྟན། དེ་བཞིན་ནོ་ཞེས་པས་གསུམ་པ་ལ་ཤེས་རབ་ཡེ་ཤེས་ཞེས་བརྗོད་པ་ལྟར་བཞི་པ་ལའང་ཤེས་རབ་ཡེ་ཤེས་སུ་བརྗོད་པས་མིང་མཐུན་པར་བསྟན་པ་ཡིན་གྱི་དོན་ནི་མི་མཐུན་པའོ། །དེ་ལྟར་བསྟན་པའང་སྦྱོར་བ་ཡན་ལག་དྲུག་གི་ལམ་རྒྱུད་བཤད་སྤྱི་དོན་ལྟར་ཡིན་ལ་མན་ངག་གི་བསེལ་ལམ་ལྟར་ན་བཀའ་བརྒྱུད་རིན་པོ་ཆེའི་ཞལ་སྙན་ཐུགས་ལས་བྱོན་པའི་སེམས་ངོ་མཐོང་བཞེས་གསུངས་པ། དཔེར་ན་དུག་ཅས་བྱ་བ་རང་བཞིན་མ་གྲུབ་པས་མི་ལ་དུག་ཏུ་འགྱུར་ཡང་རྨ་བྱ་ལ་སྨན་དུ་སོང་བ་ལྟར་དེ་ལྟར་གྱི་སྣང་བ་འདི་སྟོང་གཟུགས་ཕྱག་རྒྱ་ཆེན་པོར་ཤར་ཞིང་འཁོར་ལོ་དྲུག་ནི་དོན་དུ་ཁམས་དྲུག དེའི་ལྟེ་བའམ་བྷ་ག་ནི་མཐའ་དང་བྲལ་བའི་དབུ་མ་ཡིན་ལ། དེར་སེམས་ཀྱི་རྡོ་རྗེ་མ་བཅོས་པར་བཞག་པས་གཟུང་འཛིན་གྱི་འཛག་པ་དང་བྲལ་བའི་ལྷན་སྐྱེས་བདེ་ཆེན་རང་རིག་པ་ཁོ་ནའོ། །འདིའི་སྐབས་སུ། རྒྱལ་བའི་དབང་པོས་བསྩལ་བའི་རླུང་སེམས་དབྱེར་མེད་ལས། བསྐྱེད་པ་དམ་ཚིག་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར། ཡིད་ཀྱིས་སྤྱན་དྲངས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར། སངས་རྒྱས་བདག་ཉིད་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་ཞེས་འབྱུང་བའི་གསུམ་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་ཡིད་ཀྱི་དཀྱིལ་འཁོར་ཞེས་གྲགས་ཏེ་འདིའི་དབང་དུ་བྱས་ནས་གྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་ལས་འབྱུང་བ་བརྡ་ཙམ་ལ་བརྟེན་ནས་དབང་དོན་རྟོགས་པ་བྱིན་རླབས་ཀྱི་དབང་ནི་སྨིན་བྱེད་ཡིན་གྱི། གཞན་མི་ཚེ་རྡུལ་ཚོན་དུ་དབང་བསྐུར་ཡང་འཆི་བ་མི་རྟག་པ་ཙམ་གྱི་མྱོང་བ་ཡང་མི་སྐྱེ་བས་སོ། །དེས་ན་སྤྲོས་བཅས་ཀྱི་ཆོས་འབྲེལ་མེད་ཀྱང་མཚན་ཐོས་པ་ཙམ་གྱི་དད་པས་ལུས་ལ་སྤུ་ལོང་གཡོ་ཞིང་མཆི་མ་འཁྲུག་པ་དང་འཇིག་རྟེན་གྱི་རྟོག་པ་འགག་པའི་མོས་གུས་སྐྱེ་བ་ཞིག་བྱུང་ན་དེ་རྩ་བའི་བླ་མར་འཛིན་ཞིང་བླ་མའི་རྣལ་འབྱོར་ཡང་གཙོ་བོར་དེ་ལ་བྱ། ཞར་ལ་ཉན་ཐོས་ཀྱི་ཆོས་འབྲེལ་ཡོད་པ་ཡན་ཀྱང་དེ་དང་བསྲེ་བར་ནི་རུང་ངོ་ཞེས་གསུངས་སོ། །དེ་ལྟར་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་འཛིན་པ་ལ་ཐོག་མར་སྔགས་ལུགས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ནི་ཕར་ཕྱིན་ནས་བཤད་པའི་སྟོང་ཉིད་སྙིང་རྗེ་གཉིས་ཀྱི་སྟེང་དུ་རྟེན་ཀུན་རྫོབ་བྱང་སེམས་ཀུནྡ་ལྟ་བུ་དང་དེ་ལ་བརྟེན་པའི་དོན་དམ་བྱང་སེམས་བདེ་བ་ཆེན་པོ་གོང་འཕེལ་དུ་སྐྱེད་ཅིང་མི་ཉམས་པར་བྱེད་པ་སྟེ། བརྟག་གཉིས་སུ། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུནྡ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་སོ། །སྔགས་སྡོམ་ནི་རིགས་ལྔའི་སྡོམ་བཟུང་གི་སྐབས་སུ་ཁས་བླངས་ཀྱི་སྒོ་ནས་སྤོང་སེམས་དང་སྒྲུབ་སེམས་ཀྱི་ཚུལ་དུ་ཐོབ་ཅིང་དབང་བསྐུར་གྱི་སྐབས་སུ་ཡེ་ཤེས་ཁོང་ཆུད་ཀྱི་ཚུལ་དུ་ཐོབ་པ་ནི། དེ་ལ་སྡོམ་པ་བཀའ་བསྩལ་པ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝྃ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་གསུངས་པ་ལྟར་སྤང་བྱ་མི་མཐུན་ཕྱོགས་སྡོམ་པའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཡིན་ནོ། །དེ་ལ་རིགས་ལྔའི་སྡོམ་པ་དུས་འཁོར་ནས་གསུངས་པ་ལས་འདའ་བར་མི་བྱ་བའི་དམ་ཚིག་ནི། ལུས་ལྷ་ཉིད་དུ་སློབ་པ་ཕྱག་རྒྱའི་དམ་ཚིག ངག་སྔགས་དང་སྦྱར་བ་དྲིལ་བུའི་དམ་ཚིག སེམས་དེ་ཁོ་ན་ཉིད་དང་སྦྱར་བ་རྡོ་རྗེའི་དམ་ཚིག དེ་ལྟར་ཤེས་ཀྱང་ང་རྒྱལ་མེད་པས་བླ་མ་རྟག་ཏུ་རིགས་ཀྱི་བདག་པོར་བྱ་བ་དང་བཞི་ནི་མི་བསྐྱོད་པ། དེ་ལྟར་སྒྲུབ་པ་ལ་འདོད་པར་མ་ཆགས་བ་ཞིག་དགོས་པས། རིན་ཆེན་ལྕགས་ཟས་བ་གླང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང་། །འདོད་པའི་ཆུང་མ་རང་གི་ཤ། །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་རིན་འབྱུང་། སེམས་ཀྱིས་དེ་ལྟར་བྱེད་པ་ལ་ལུས་ཀྱང་བདེ་བ་ཆེན་པོར་སྦྱངས་པ་ཞིག་དགོས་པས་བཟའ་བའི་དམ་ཚིག་བཅུ་བསྟེན་པ་རྣམ་སྣང་། དེ་ནས་ཚོགས་གསུམ་གསོག་པ་ཡིན་པས་བླ་མ་སངས་རྒྱས་བྱང་སེམས་དང་གཞན་ཡང་ཅི་རིགས་པར་མཆོད་པ་བསོད་ནམས་ཀྱི་ཚོགས་ནི་དོན་གྲུབ། བུད་མེད་དང་འགྲོགས་ཀྱང་བྱང་སེམས་མི་འདོར་བ་ཚུལ་ཁྲིམས་ཀྱི་ཚོགས་ནི་འོད་དཔག་མེད། སྟོང་ཉིད་སྙིག་རྗེ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་ཚོགས་ནི་རྡོ་རྗེ་སེམས་དཔའི་དམ་ཚིག་གོ །གཞན་ཡང་རྩ་བའི་ལྟུང་བ་བཅུ་བཞིས་མ་གོས་པར་བྱེད་པ་སྟེ། བླ་མའི་ཐུགས་དཀྲུགས་པ། བཀའ་ལས་འགོངས་པ། རྡོ་རྗེ་སྤུན་ལ་ཁྲོས་ནས་ཉེས་པ་བརྗོད་པ་གསུམ་ནི་སྐྱབས་འགྲོ་དང་འགལ་བ། སེམས་ཅན་ཀུན་ལ་བྱམས་པ་བཏང་བ་དང་ནང་གི་བྱང་སེམས་ཀུནྡ་བཏང་བ་གཉིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དང་འགལ་བ། རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ་ནི་ཐེག་པ་ཐམས་ཅད་ལ་སློབ་པ་དང་འགལ་བ། མ་སྨིན་པ་ལ་གསང་བ་བསྒྲགས་པ་ནི་དབང་སྤྱི་དང་འགལ་བ། ལུས་ཀྱི་ཕུང་པོ་ལ་བརྙས་པ་བུམ་དབང་དང་འགལ་བ། ཆོས་འབྱུང་གིས་མཚོན་པའི་རྣམ་ཐར་སྒོ་གསུམ་གྱི་ཆོས་ལ་སོམ་ཉི་ཟ་བ་གསང་དབང་དང་འགལ་བ། རྒྱུད་སྤྱིར་མཐུ་ཡོད་བཞིན་དུ་བསྟན་པ་དང་སེམས་ཅན་ལ་གནོད་པའི་གདུག་པ་ཅན་མི་སྒྲོལ་བ་ལ་གསུངས་ཤིང་། དུས་འཁོར་ལྟར་ན་ཤེས་རབ་རྣམས་བཤང་གཅི་ཟ་བ་སོགས་ཀྱིས་ཀྱང་བསྟེན་དགོས་པ་ལ་དེ་ལྟར་མི་བྱེད་པ་ཁ་ཞེ་མི་མཚུངས་པ་སྒྱུའི་བྱམས་པ་ཤེས་རབ་ཡེ་ཤེས་དང་འགལ་བ། འོད་གསལ་ཕྱག་རྒྱ་ཆེན་པོ་ལ་མིང་དང་མཚན་མར་རྟོག་པ་དབང་བཞི་པ་དང་འགལ་བ། ལྷག་མ་གསུམ་ནི་སྤྱོད་པའི་སྐབས་སུ་སྟེ་ཉམས་ལེན་གྱི་བསྒྲུབ་བྱ་གཙོ་བོ་གཞན་དོན་ཡིན་པ་ལས་དེ་ལས་འགལ་བ་དད་ལྡན་སུན་འབྱིན་པའམ། དུས་འཁོར་ལྟར་ན་ནང་དུ་ཡེ་ཤེས་ཐོབ་ཀྱང་ཕྱིར་ཆ་ལུགས་ཕྱི་རོལ་པ་སོགས་སྣ་ཚོགས་བཟུང་ནས་སྦྱོང་བར་ཞུགས་པ་ལ་སྐྱོན་བརྗོད་པ་དང་། ཚོགས་ཀྱི་འཁོར་ལོའི་བཟའ་བའི་དམ་རྫས་ལ་ཡིད་གཉིས་ཟ་ཞིང་སྤོང་བ་དང་། བུད་མེད་ཀྱི་རིགས་ཐམས་ཅད་ལ་སྨོད་པ་དང་བཅུ་བཞི་ཡིན་ལ། དམ་ཚིག་གི་གཙོ་བོ་རྡོ་རྗེ་སློབ་དཔོན་བསྟེན་དགོས་པའི་ངེས་པའང་། འདིར་ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ་འདི་དང་ཡི་གེར་བྲིས་པའི་གླེགས་བམ་ཆོས་ཉིད་དང་། དགེ་འདུན་ངུར་སྨྲིག་འཛིན་པ་མཆོག་གི་ཁྱབ་བདག་བདེ་བ་སྐྱེ་བ་འབུམ་ཕྲག་རྣམས་ཀྱིས་སྟེར་བ་མིན། །སློབ་དཔོན་དག་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་ཡི་གཞི་ལ་ཆོས་ནི་དེ་ཡིས་བསྟན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་སོགས་རྒྱུད་དུ་རྒྱས་པར་གསུངས་སོ། །དེ་རྣམས་ཀྱང་དཔལ་འདུས་པར། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དག་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ། །གང་བཤད་དམ་ཚིག་སྡོམ་པ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྔགས་ཀྱི་སྤྱོད་པ་ཞེས་པར་བཤད། །ཅེས་སྒྲུབ་ཕྱོགས་ནས་སྔགས་ཀྱི་སྤྱོད་པར་གསུངས་ཏེ། སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ན་ཡིད་ཏྲ་ཡ་སྐྱོབ་པར་བྱས་ནས་དབང་ཡུལ་ལ་བརྟེན་ཏེ་ཡིད་གཡོ་ཞིང་རྒྱུ་བ་ན་བྱིས་པ་ཐ་མལ་པའི་ཡིད་ཀྱི་གནས་སྐབས་ལམ་དམ་ཚིག་དང་སྡོམ་པས་བསྐྱབས་ནས་ཡུལ་མི་འགོག་པར་ལོངས་སྤྱོད་དུ་རུང་བ་ནི་སྤྱོད་པའོ། །དེ་ལ་ལས་དང་པོ་པའི་གནས་སྐབས། རྣལ་འབྱོར་པའི་གནས་སྐབས། གྲུབ་པ་ཐོབ་པའི་གནས་སྐབས་གསུམ་དུ་ཡོད་པ་ལ་རང་རང་གི་དུས་དང་འཚམ་པའི་སྤྱོད་པ་དགོས་པས། རྗེ་དུས་གསུམ་མཁྱེན་པའི་གསུང་ལས་སྤྱོད་པ་དུས་ཚོང་དང་འབྲེལ་བ་ཞེས་འབྱུང་བ་ཡིན་ནོ། །དེས་ན་དབང་ཐོབ་ནས་རིམ་གཉིས་གང་ཡང་རུང་བ་བར་མ་ཆད་དུ་བསྒོམས་ཏེ་རང་གི་ཁྱིམ་དུ་གནས་བཞིན་བར་སྤྱོད་ལམ་ཐམས་ཅད་རྣལ་འབྱོར་གྱི་ངང་ནས་ནུས་སམ་མི་ནུས་བརྟགས་ནས་ནུས་ན་སྤྱོད་པ་ལ་འཇུག་པའི་བར་ནི་ལས་དང་པོ་པའོ། །སྔགས་སམ་ཏིང་ངེ་འཛིན་ཙམ་གྱི་མཐུས་ཆང་ལ་སོགས་པའི་རོ་བསྒྱུར་བ་དང་དུག་ཞི་བ་དང་ཆུ་ལ་མི་བྱིང་བ་ལ་སོགས་པའི་དྲོད་ཚད་རྙེད་པ་ན་རྣལ་འབྱོར་པའི་གནས་སྐབས་ཡིན་པས་དེ་ནས་སྤྱོ་པ་ལ་འཇུག་སྟེ། ཐོག་མར་གསངས་སྤྱོད་ཅེས་པ་རང་གི་ཚུལ་གསངས་ནས་སྐྱེ་བོ་རྣམས་ཀྱི་ནང་དུ་མུ་སྟེགས་སམ་ཀླ་ཀློའམ་སྨྱོན་པ་མཁས་པ་སྒོམ་ཆེན་པ་ལ་སོགས་པ་གཞན་གྱི་ཚུལ་འཛིན་པའོ། །དེའི་སྟོབས་ཀྱིས་མངོན་ཤེས་ཐོབ་ཅིང་བརྡ་དང་བརྡའི་ལན་ཐོགས་མེད་ཤེས་པ་ན་གནས་ཉེར་བཞི་སོགས་སུ་རྒྱུ་ཞིང་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་སྤྱོད་པ་ནི་ཨ་ཝ་དྷཱུ་ཏཱི་པའི་སྤྱོད་བ་ཞེས་བྱའོ། །དེ་ལ་གོམས་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་འཇུག་སྟེ། སྤྲོས་བཅས་ནི་ཟླ་བ་གཅིག་གམ་དྲུག་གི་བར་དུ་ནུས་པ་དང་ལྡན་པའི་རྣལ་འབྱོར་མ་ལྷ་གྲངས་དང་མཉམ་པས་གླུ་གར་སོགས་བྱ་བ་མང་པོས་ཉིན་མཚན་འདའ་ཞིང་ཚོགས་ཀྱི་འཁོར་ལོའི་ཀུན་ཏུ་སྤྱོད་པ་ལ་འཇུག་པའོ། །སྤྲོས་མེད་ནི་རྣལ་འབྱོར་མ་ཉུང་བ་དང་ལྷན་ཅིག་གླུ་གར་སོགས་ཉུང་བས་སོ། །ཤིན་ཏུ་སྤྲོས་མེད་ནི་སློབ་དཔོན་ཞི་བ་ལྷ་ལྟར་གཅིག་པུ་བྷུ་སུ་ཀུའི་སྤྱོད་པ་དང་། ཡང་ན། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་འབྱུང་བ་ལྟ་བུའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་མོད་དེ་ཉིད་དུ་སྤྲོས་བཅས་ལས་རྒྱ་ལ་བརྟེན་པས་ནི་དེར་འདུས་པ་ཇི་སྙེད་པས་འདོད་པའི་མཁའ་སྤྱོད་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཤིན་ཏུ་སྤྲོས་མེད་ཀྱིས་གཟུགས་ཀྱི་མཁའ་སྤྱོད་དང་། ཕྱག་རྒྱ་ཆེན་མོ་ལ་བརྟེན་བས་ཡེ་ཤེས་ཀྱི་སྐུ་ཐོབ་པ་རྣམས་ནི་གྲུབ་པ་ཐོབ་པའོ། །སྔགས་ཀྱི་སྡོམ་པའི་རྟེན་ནི་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་སོ་སོ་ཐར་བའི་དགེ་བསྙེན་གྱི་སྡོམ་ལྡན་ངེས་པར་དགོས་ལ། དེས་སྔགས་སྡོམ་ནོད་ན་ཁྱིམ་པ་རྡོ་རྗེ་འཛིན་པ་ཞེས་དང་། དགེ་སློང་གི་སྡོམ་ལྡན་ཡིན་ན་གསུམ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོར། གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་གསུངས་ལ། དེའི་ཚེ་རྒྱུད་འབུམ་པ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཐམས་ཅད་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་བློ་ཡི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་འབྱུང་བ་ལ། དཔལ་ལྡན་ས་སྐྱ་པ་རྣམས་གོང་མ་ཐོབ་པའི་ཚེ་འོག་མ་གོང་མར་གནས་འགྱུར་ནས་ངོ་བོ་གཅིག་པར་བཞེད། སློབ་དཔོན་ཨ་བྷ་ཡས་གསེར་གྱི་རྒྱན་གསེར་དུ་གཅིག་ཀྱང་རྣ་རྒྱན་མགུལ་རྒྱན་སོགས་དབྱིབས་དང་གནས་ཐ་དད་པའི་དཔེས་གསུངས་པ་ལྟར། འཇིག་རྟེན་གསུམ་གྱི་མགོན་པོས་སྡོམ་པ་ཙམ་དུ་གཅིག་ཀྱང་རྟེན་གྱི་དབང་གིས་མཆོག་དམན་འབྲིང་དུ་བཞེད། བི་བྷཱུ་ཏི་ཙནྡྲས་སྡོམ་གསུམ་འོད་འཕྲེང་དུ་ཉི་ཟླ་སྐར་གསུམ་གྱི་དཔེས་བསྟན་པ་དང་། རྗེ་དྭགས་པོས། ངོ་བོ་ཐ་དད། སྲུང་ན་འཆོལ་པར་བསྲུང་། འདོམ་ཐུག་ན་གོང་མ་གཅེས། ཡོན་ཏན་ཡར་ལྡན་ཡིན། འོག་མའི་སྐྱོན་ཟིལ་གྱིས་གནོན། གཏོང་ཐོབ་ཐ་དད་ཅེས་བཞེད་པ་ལྟར་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ནི་སྡོམ་གསུམ་གང་ལས་གསུངས་པའི་སྡེ་སྣོད། བླང་བའི་ཡུལ། ཇི་ཙམ་དུ་ལེན་པའི་དུས། བླང་བའི་བསམ་པ། ལེན་པའི་ཐབས། བླངས་ནས་བསྲུང་བྱ། རང་རང་གི་གཏོང་རྒྱུ། བསྲུངས་པའི་ཕན་ཡོན། ཉམས་ན་གསོ་བར་བྱ་བ་ཡོད་མེད་ཀྱི་སྒོ་ནས་དེ་བོ་ཐ་དད་ཉིད་དུ་བཞེད་ཅིང་ལྕགས་གསེར་དུ་གྱུར་པའི་ཚེ་ལྕགས་ཀྱི་ངོ་བོ་མེད་པ་བཞིན་གནས་གྱུར་པ་དང་ངོ་བོ་གཅིག་པ་འགལ་ལ། ལུང་གི་དཔེ་དོན་ནི་མིང་ཙམ་གནས་གྱུར་པ་ལ་དགོངས་པར་གསུང་ངོ་། །ད་ནི་ལམ་སྒྲུབ་པའི་རིམ་པ་བརྗོད་དེ། སེམས་ཀྱི་སྒྲིབ་སྦྱོར་ལས། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ནས། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར། ཆགས་སྲེད་ལྟ་བུ་ཞིག་གི་གཉེན་པོར་མཚོན་ན་མི་སྡུག་པ་དང་མ་ཆགས་པའི་སེམས་སོགས་སྒོམ་པ་དང་། སྤང་གཉེན་གྱི་ཆོས་གཉིས་ཀ་ལྷར་བསྒྱུར་ཏེ་བསྒོམ་ཞིང་སྔགས་ཟློས་པ་སོགས་དང་། ཆགས་སོགས་གང་ལས་འབྱུང་བའི་རྩ་རླུང་ཐིག་ལེའི་གནད་འཆིང་བ་དང་། ཆགས་སོགས་རྩལ་རྫོགས་པའི་རང་ངོ་ཤེས་པར་བྱེད་པ་དེ་མཐའ་དག་ཆགས་པ་སྤོང་པའི་སྦྱོར་བར་གཅིག་ཀྱང་སྔ་མ་སྔ་མ་རིང་ཞིང་དཀའ་བ་དང་ས་བོན་དྲུངས་འབྱིན་བྱེད་མ་ཡིན་ལ་ཕྱི་མ་ཕྱི་མ་དེ་ལ་ཟློག་པའོ། །དེའི་དང་པོའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པར་གྲགས་པའི་སྤོང་ལམ་ཞེས་བྱ། དེ་འོག་ནི་སྒྱུར་ལམ་ཞེས་བྱ་བ་བླ་མེད་ཀྱི་བུམ་དབང་མན་རྒྱུད་སྡེ་འོག་མའི་ཉམས་ལེན་དང་ཕྱི་མ་གཉིས་ནི་དབང་གོང་མ་གསུམ་གྱི་ལམ་མོ། །དེས་ན་དབང་དོན་གྱི་ཡེ་ཤེས་འཕེལ་བར་བྱེད་པའི་སྒོམ་བྱུང་གི་ཤེས་རབ་ནི་ལམ་ཡིན་ལ་རིམ་པ་གཉིས་སུ་འདུས་ཏེ། འདུས་པར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་ལ། བསྐྱེད་པ་དང་སྐྱེ་བ་དང་བལྟམས་པ་ཞེས་བྱ་བ་དང་། རྫོས་པ་དང་ཡོངས་སུ་སྨིན་པ་དང་གྲུབ་པ་དང་ཟུང་འཇུག་གི་རིམ་པ་རྣམས་དོན་གཅིག ཡང་རྫོགས་རིམ་ནི་མ་བཅོས་པའི་དོན་ཡང་ཡིན་པས་རྣལ་མའི་སྦྱོར་བ་དང་བསྐྱེད་རིམ་ལ་བཅོམ་མའི་རྣལ་འབྱོར་ཞེས་བྱ་སྟེ། རྟོག་པ་ཀུན་ཏུ་བརྟགས་ནས་སྒོམ་པ་ཇི་སྙེད་པའོ། །དབྱེ་ན། སྡོམ་འབྱུང་འགྲེལ་པར། དེ་ལ་ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མའི་རིམ་པས་རྫོགས་པའི་ལྷ་ནི་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་བསྲུབས་པས་ཞུ་བའི་བྱང་སེམས་ལས་ཐོན་པ་ནི་སྐྱེ་གནས་མངལ་ལས་སྐྱེས་པའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །སྤྲོ་བ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ་ཞེས་ཁ་ཅིག་གོ །ས་བོན་ལ་སོགས་དང་བྲལ་བས་སྐད་ཅིག་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་བརྫུས་ཏེ་སྐྱེས་པའོ། །ཞེས་བཞིར་གསུངས་པ་ཉིད་ཡིན་ལ། རྩ་དང་གཏུམ་མོའི་རྣལ་འབྱོར་ཡོད་པ་དང་ལུས་དཀྱིལ་དང་རྫུས་སྐྱེས་རྣམས་ལ་ཟབ་པའི་བསྐྱེད་རིམ་དང་དེ་ལས་གཞན་པ་ལ་མི་ཟབ་པའི་བསྐྱེད་རིམ་ཞེས་བྱ། དུས་འཁོར་ལས་དབང་བདུན་ལ་གནས་པའི་མི་ཟབ་པའི་བསྐྱེད་རིམ་རྡོ་རྗེ་བཞིར་གསུངས་པ་ནི། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་འབྱུང་བ་ལྟར། བར་སྲིད་དང་དེ་ཁུ་ཁྲག་དབུས་སུ་ཞུགས་པ་དང་མངལ་དུ་ལུས་རྫོགས་པ་དང་བཙས་ནས་དབང་པོ་རྣམས་ཡུལ་ལ་འཇུག་པ་སྦྱོང་བྱེད་དོ། །འཇིག་རྟེན་པའི་བཞི་པ་མནལ་གནས་པའི་ཟབ་མོ་བསྐྱེད་རིམ་སྒོམ་ཚུལ་དང་བྱིས་པ་འཁོར་བར་འཇུག་པ་དང་དེ་གཤེགས་པ་རྣམས་ཀྱི་མཛད་པ་དང་སློབ་མ་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་རྟེན་འབྲེལ་གྱི་འགྲོས་གཅིག་སྟེ། བསྐྱེད་རིམ་གྱི་དང་པོར་བསྲུང་འཁོར་ནི་བྱིས་པ་རྣམས་བར་དོའི་རྣམ་ཤེས་མངལ་དུ་འཇུག་པའི་སྔ་རོལ་དུ་ཕ་མའི་ལུས་སྐྱོན་མེད་ཅིང་ནད་དང་བྲལ་བ་དང་། སངས་རྒྱས་རྣམས་དང་པོ་ལམ་ལ་སློབ་པའི་ཚེ་དགེ་བ་བཅུ་ལ་སོགས་པའི་བསླབ་པ་ནོད་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་སྔ་རོལ་དུ་ས་གཟུང་བ་སོགས་མཚུགས། དེ་བཞིན་དུ་ཚོགས་ཞིང་སྤྱན་དྲངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་ནི་བྱིས་པས་འཇིག་རྟེན་ཕྱི་མའི་རྒྱུར་ལས་གསོག་པ་དང་། སངས་རྒྱས་དགེ་བའི་བཤེས་གཉེན་བསྟེན་ཅིང་སེམས་བསྐྱེད་དེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་པ་དང་། སློབ་མ་ལྷག་གནས་རྣམས་མཚུངས། དེ་ནས་སྟོང་ཉིད་སྒོམ་པ་ནི་བྱིས་པ་ཤི་བའི་སེམས་བར་དོར་གྱུར་པ་དང་། སངས་རྒྱས་དགའ་ལྡན་ནས་འཛམ་གླིང་དུ་གཤེགས་པ་དང་། སློབ་མ་རྨི་ལམ་བརྟག་པ་མཚུངས། གཞལ་ཡས་ཁང་བསྐྱེད་པ་ནི་བྱིས་པ་སྐྱེ་བའི་ཚེ་མའི་མངལ་སྐྱོན་མེད་དང་། སངས་རྒྱས་སྐྱེ་བ་བཞེས་པའི་ཚེ་ཡུམ་གསོ་སྦྱོང་ལ་གནས་པ་དང་། སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་འདྲི་བ་མཚུངས། གདན་གྱི་སྟེང་དུ་ཟླ་ཉི་ས་བོན་འདྲེས་པས་ཡེ་ཤེས་ལྔའི་བདག་ཉིད་མངོན་བྱང་ལྔས་ལྷའི་འཁོར་ལོ་རྫོགས་པ་ནི་མངལ་དུ་བྱིས་པའི་ལུས་རིམ་གྱིས་གྲུབ་པ་དང་། སངས་རྒྱས་ཡུམ་གྱི་མངལ་དུ་ཙན་དན་གྱི་ཁང་བཟང་དུ་བཞུགས་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པ་རྣམས་མཚུངས། ཞུ་བ་གླུས་བསྐུལ་གྱིས་བཞེངས་ནས་དམ་ཚིག་པ་སྤྲོ་ཞིང་ཡེ་ཤེས་པ་གཞུག་པ་དབང་བསྐུར་རྒྱས་གདབ་རྣམས་ནི། བྱིས་པ་སྐྱེས་ལ་མ་རྣམས་ནི། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་རབ་འཇོག་པ། །ཅོད་པན་དུ་ནི་ཡོངས་སུ་བརྟག །དེ་ཡི་རྣ་བ་འབིགས་པ་སོགས། །དར་དཔྱངས་དབང་བསྐུར་ཞེས་པར་བཤད། །བྱིས་པ་སྨྲ་དང་རྒོད་པ་ནི། །དྲིལ་བུ་རྡོ་རྗེ་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརཏལ་ཞུགས་ཡིན། །མིང་ནི་མིང་གི་དབང་བསྐུར་བའོ། །ཀློག་པ་ལ་སོགས་རྗེས་གནང་ལ། །ཕ་དག་གིས་ནི་རྟག་ཏུ་སྟེར། །དེ་ལྟར་རྣམ་པ་བདུན་གྱི་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །ཞེས་བྱིས་པ་དང་དབང་བསྐུར་གྱི་ཚུལ་དང་། སངས་རྒྱས་ལུམ་བི་ནཱིར་བལྟམས་ནས་ཕྱོགས་རྣམས་སུ་གོམ་པ་འདོར་བ་ན་ཀླུ་རྣམས་ཀྱིས་ཆུའི་རྒྱུན་གྱིས་འཁྲུལ་ཞིང་ལྷ་ཡིས་གོས་གསོལ་བ་དང་མཚུངས། ཐིག་ལེའི་རྣལ་འབྱོར་གྱི་ཐོག་མར་གཏུམ་མོ་སྒོམ་པ་ནི་བྱིས་པ་ཡུལ་ལ་སྲེད་པའི་ཚོར་བས་གདུངས་པས་བུད་མེད་གཉེར་བ་དང་། སངས་རྒྱས་བྱང་ཆུབ་དོན་དུ་གཉེར་བས་ལོ་དྲུག་དཀའ་ཐུབ་ཀྱིས་གདུངས་པ་དང་། སློབ་མ་བུམ་གསང་གི་དབང་གིས་དགའ་བ་དང་མཆོག་ཏུ་དགའ་བ་དང་ལྡན་པ་མཚུངས། བྱང་སེམས་འབབ་ཅིང་ནོར་བུའི་རྩེར་ཡིད་ཆོས་དབྱིངས་ལ་དམིགས་པའི་ལྷན་སྐྱེས་མྱོང་བས་རླུང་དང་དབང་པོ་འགག་པ་ནི་བྱིས་པ་ལོ་བཅུ་དྲུག་ལོན་ནས་བུད་མེད་དང་འགྲོགས་པ་དང་། སངས་རྒྱས་དཀའ་ཐུབ་ལས་བཞེངས་ནས་བ་སྟོང་གི་འོ་མའི་ཉིང་ཁུ་བཞེས་ཏེ་བྱང་ཆུབ་ཤིང་དྲུང་དུ་གཤེགས་ནས་བདུད་བཅོམ་ཞིང་མཚན་མོའི་ཐུན་གྱི་མཐའ་མར་བསམ་གཏན་བསྐྱེད་པ་དང་། སློབ་མར་རིག་མ་བྱིན་ཏེ་འཇིག་རྟེན་པའི་ལྷན་སྐྱེས་མྱོང་བ་མཚུངས། ནོར་བུའི་རྩེར་ཐིག་ལེའི་དབུས་སུ་དཀྱིལ་འཁོར་མཐོང་ནས་སླར་རྒྱུ་མཐུན་ལ་སོགས་པས་ལྷའི་འཁོར་ལོ་སྤྲོ་བ་ཐིག་ལེའི་རྣལ་འབྱོར་ནི་བྱིས་པས་བུ་བུ་མོ་སྤྲོ་བ་དང་། སངས་རྒྱས་ཡེ་ཤེས་བརྙེས་ནས་ཝཱ་ར་ཎཱ་སི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སློབ་མ་ཐོས་བསམ་མཐར་ཕྱིན་པས་རྒྱུད་དོན་ཤེས་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ཞིང་སློབ་མ་སྐྱོང་བ་རྣམས་མཚུངས་པ་ཡིན་ནོ། །བསྐྱེད་རིམ་དེ་ལྟ་བུ་ལའང་ཞེན་པ་སྤོང་བ་ནི་རྫོགས་རིམ་ཡིན་ཏེ། གཞིའི་གནས་ལུགས་གཟོད་མ་ནས་བདེ་བ་ཆེན་པོའི་ལྷར་རྫོགས་པ་ཉིད་མངོན་དུ་བྱེད་པའི་རིམ་པ་ཡིན་པས་སོ། །དེ་ཡང་སེམས་གཟུང་འཛིན་གྱིས་མ་བཅོས་བར་རང་བབས་སུ་འཇོག་པ་ཉིད་ཡིན་ལ། སེམས་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་སུ་གྱུར་པ་ན་དེའི་སྣང་བ་མཐའ་དག་ཡེ་ཤེས་སུ་འགྲོ་བའི་ཆ་ནས་རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་འཕོ་མེད་ཀྱི་ཐིག་ལེ་སོགས་ཇི་སྙེད་བཞག་པ་ཡིན་ནོ། །དངས་མ་འཆིང་བ་དང་བྱང་སེམས་ལུགས་ལྡོག་ཏུ་བརྟན་པ་སོགས་ཀྱང་དེ་ལས་འབྱུང་བ་སྟེ། སེམས་ལ་གཟུང་འཛིན་གྱི་རྙོག་མ་དང་བྲལ་ཞིང་འཁོར་བ་འབྱུང་རིམ་གྱི་ཆོས་མཐའ་དག་གོ་ལྡོག་པའི་དོན་ཡིན། དེའི་དོན་གྱི་ཕལ་པའི་སྣོད་བཅུད་ཀྱི་འབྱོར་པ་མཐའ་དག་ཀྱང་ཁམས་ཟློག་ཅིག །དྭངས་མ་བརྟན་པའི་ཆ་ལས་བྱུང་བར་བསྟན་ནོ། །དེས་ན་རྩ་རླུང་ཐིག་ལེ་སོགས་རྟོག་བཅས་ཀྱི་སྒོམ་པ་དང་རྣམ་རྟོག་ཕྱོགས་རེ་བཀག་པའི་སྟོང་པ་སྒོམ་པ་རྣམས་རྫོགས་རིམ་དངོས་ལ་དྲང་བའི་ཐབས་སུ་ལས་དང་པོ་པ་ལ་བསྟན་ནས་སླར་ཟབ་པའི་རྫོགས་རིམ་ལ་འཇུག་དགོས་པས། རྡོ་རྗེ་སྙིང་འགྲེལ་དུ། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་གསུངས། དུས་འཁོར་འགྲེལ་ཆེན་དུ། ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་ལ་སྟེ་རྫོགས་རིམ་མཚན་ཉིད་གསུམ་ལྡན་དུ་གསུངས་ལ། དེའི་ཟུར་དང་པོས་ནི་སྣང་རིག་ཤིན་ཏུ་ནུབ་པ་བརྒྱལ་བ་ལྟ་བུ་དང་འགོག་པའི་ཏིང་ངེ་འཛིན་སོགས་གཅོད། གཉིས་པས་བསྐྱེད་རིམ་སོགས་རྣམ་པར་རྟོག་པ་དང་བཅས་པའི་ཕྱོགས་གཅོད། གསུམ་པས་ཡེ་ཤེས་ཕྱོགས་ཙམ་མཚོན་པ་སྣང་བ་མེད་ཅིང་རིག་པ་ཙམ་གྱི་ཏིང་ངེ་འཛིན་གཅོད་དོ། །ས་མཚམས་ནི་ཤའི་མིག་ཐོབ་པ་ནས་ཏེ། འགྲེལ་ཆེན་དུ། འདིར་དང་པོར་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ཞེས་གསུངས་ཤིང་དེ་དག་ནི་མངོན་སུམ་རྣམ་པ་བཞི་ཡིན་པས་སོར་བསམ་གྱི་ཚེ་དབང་པོའི་མངོན་སུམ་སྟེ་ཤ་དང་ལྷའི་མིག་ཐོབ། སྲོག་འཛིན་གྱི་ཚེ་ཡིད་ཀྱི་མངོན་སུམ་སྟེ་འཛིན་པའི་མཐར་སངས་རྒྱས་ཀྱི་སྤྱན་ཐོབ། རྗེས་དྲན་གྱི་ཚེ་རྣལ་འབྱོར་མངོན་སུམ་སྟེ་ཤེས་རབ་ཀྱི་སྤྱན་ཐོབ། ཏིང་ངེ་འཛིན་གྱི་ཚེ་རང་རིག་མངོན་སུམ་སྟེ་ཡེ་ཤེས་ཀྱི་སྤྱན་ཐོབ་བོ། །དེས་ན་རྫོགས་རིམ་ནི་སོ་སྐྱེའི་དུས་ནས་མངོན་སུམ་རྟོག་བྲལ་མ་འཁྲུལ་བའི་སྣང་བ་གོང་འཕེལ་ལམ་དུ་བྱེད་པ་ཡིན་ནོ། །བསྐྱེད་རྫོགས་ཀྱི་གོ་རིམ་ནི། དབང་རཏལ་གྱིས་བསྐྱེད་རིམ་ལ་བསླབས་ནས་རྫོགས་རིམ་ལ་འཇུག་པ་དང་། དབང་རྣོན་ནི་ཐོག་མ་ཉིད་ནས་རྫོགས་རིམ་བསྒོམས་ཏེ་ལྷའི་དཀྱིལ་འཁོར་སྤྲོ་བའང་ཡོད་ལ་མཐར་ཐུག་ནི་ཟུང་དུ་འཇུག་པ་ཁོ་ནའོ། །རྫོགས་རིམ་གྱི་དབྱེ་བ་ནི་སྦྱོར་བ་ཡན་ལག་དྲུག་དང་རིམ་པ་ལྔ་དང་དེ་དག་གི་ཟབ་གནད་ཕྱུང་བ་ཆོས་དྲུག་ལ་སོགས་པ་དུ་མར་འགྱུར་ལ། རིམ་པ་གཉིས་པོ་དེ་གང་ལ་བརྟེན་ནས་སྒོམ་པའི་ཡུལ་ནི་ཕྱག་རྒྱ་ཞེས་བྱ་ཞིང་། དབྱེ་ན། དཔའ་བོ་རྡོ་རྗེས། ལས་ཀྱི་ཕྱག་རྒྱ་ནི་སྔགས་དང་ཞིང་དང་རིགས་སྐྱེས་ཀྱི་བུད་མེད་དོ། །ཆོས་ཀྱི་ཕྱག་རྒྱ་ནི་ཡུལ་སྣ་ཚོགས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་རླུང་མེའི་དྲོད་ཅན་ཨ་ཐུང་ངོ་། །ཕྱག་རྒྱ་ཆེན་པོ་ནི་རྒྱ་དགུས་བཏབ་པའི་སྟོང་པ་ཉིད་དོ། །ཞེས་གསུངས་ལ། དུས་འཁོར་ལས། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་པའི་འགྲེལ་པར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པས་ཕྱེ་བ་ཉིད་ཡིན་པས་བྱང་སེམས་འཛག་པའི་བགྲོད་བ་དང་གཡོ་བའི་བགྲོད་པ་དང་མི་གཡོ་བའི་བགྲོད་པས་དམན་པ་དང་འབྲིང་དང་མཆོག་ཏུ་འགྱུར་ལ། དེའི་དབང་གིས་ཕྱག་རྒྱ་ཡང་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་དང་། ཕྱག་རྒྱ་ཆེན་པོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཞེས་བསྐྱེད་རིམ་ལྷ་ཡབ་ཡུམ་དུ་སྒོམ་པའི་སྐབས་ལ་ཡེ་ཤེས་ཀྱི་ཕྱག་རྒྱར་བསྟན་ནས་ཕྱག་རྒྱ་གསུམ་དུ་གསུངས་སོ། །དེ་ཡང་འཛིན་པའི་ཡན་ལག་མཐར་མ་ཕྱིན་བར་ཚངས་སྤྱོད་ཁོ་ནར་གནས་དགོས་ཤིང་དེ་ནས་གཏུམ་མོའི་མཐུས་སྒྱུ་ལུས་ཀྱི་སྐུ་འདོད་པའི་ལྷ་མཐོང་བ་ནས་དབང་པོའི་རིམ་པ་ལྟར་སྤྱོད་པ་ལ་འཇུག་པས་དེའི་ཚེ། མངོན་པར་དབང་ནི་ཐོབ་མ་ཐག །འཇིག་རྟེན་བྱ་བ་བོར་ནས་ནི། །གཉིས་མེད་ཡེ་ཤེས་བསྒོམ་པར་བྱ། །སྟོང་པ་ཉིད་ལས་མ་གཏོགས་པ། །རྟོག་མེད་ཉིད་དུ་མི་འགྱུར་བས། །དེས་ན་སྔོན་དུ་སྟོང་པ་ཉིད། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དེ་ནས་སྣ་ཚོགས་གཟུགས་མཐོང་ནས། །མཆོག་ཏུ་མི་འགྱུར་བདེ་བསྒྲུབ་ཕྱིར། །ལས་ཀྱི་ཕྱག་རྒྱ་ལ་སོགས་བསྟེན། །ཞེས་དང་ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མི་འགྱུར་བ་དེ་འཕེལ་བར་འགྱུར། །ཞེས་མི་འགྱུར་བའི་བདེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཉེ་རྒྱུ་ཕྱག་ཆེན་ཁོ་ནར་ངེས་ཀྱང་དེ་མྱུར་མགྱོགས་ཀྱི་ཐབས་ཕོ་ཉའི་ལམ་དུ་དབང་པོ་རཏལ་འབྲིང་གིས་ལས་ཡེའི་ཕྱག་རྒྱ་བསྲེལ་དགོས་པའི་ཚུལ་ནི། སྤྱིར་སོར་བསམ་སྲོག་འཛིན་སོགས་ཀྱི་སྐབས་སུ་སྟེང་དབང་པོའི་སྒོ་དང་རྩ་རླུང་རྣམས་མི་གཡོ་བར་བཅིངས་པས་རིལ་བ་ཞབས་ཚགས་ཅན་གྱི་དཔེས་འོག་ཏུ་འཕོ་བ་འགག དེ་རྗེས་ལུས་ཀྱི་ཆ་ཤས་ཙམ་གང་ན་འཛག་ཀྱང་མཐའ་དག་གང་ན་མི་འཛག ཕྱི་མི་འཛག་པར་གྱུར་ནས་གྱེན་དུ་ལྡོག་པའང་རྟེ་འབྲེལ་གྱིས་འབྱུང་ངོ་། །དེས་ན་རྗེས་ཏིང་གི་སྐབས་སུ་ལས་རྒྱ་བསྟེན་པས་བྱང་སེམས་ཀྱིས་ལུས་མཐའ་དག་གང་ཞིང་བདེ་བ་འཕེལ་བར་འགྱུར་བ་ལ་དགོངས་ནས་རྒྱུད་དུ་དངུལ་ཆུ་ཉམས་པའི་དགྲ་མེ་ཡིན་ཀྱང་གསེར་འགྱུར་སྒྲུབ་པའི་ཚེ་དངུལ་ཆུ་འཆིང་བ་ལ་སྔགས་རྫས་ཀྱི་ཐབས་ཀྱིས་ཟིན་པའི་མེ་ངེས་པར་དགོས་པའི་དཔེས། མི་འགྱུར་བའི་བདེ་བ་གསེར་ལྟ་བུ་སྒྲུབ་པ་ལ་བྱང་སེམས་དངུལ་ཆུ་ལྟ་བུ་འཆིང་དགོས་ཤིང་དེ་ལ་ཕྱག་རྒྱ་ཆེན་པོའི་ཐབས་ཀྱིས་ཟིན་པའི་ལས་རྒྱ་མེ་ལྟ་བུ་དགོས་པར་གསུངས་ལ་དེ་ཉིད་མི་ཤེས་པས་དུས་མིན་དུ་བསྟེན་ན། མཻ་ཏྲི་པས། ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་སྒྲུབ་པ། །དེ་ཉིད་བརྒྱུད་པ་ལས་ཉམས་ནས། །རྣལ་འབྱོར་པ་དེ་ངུ་འབོད་འགྲོ། །ཞེས་དང་། འགྲེལ་ཆེན་དུ། ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ཟགས། །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྷུང་ན་ཙཱུ་ཏའི་འབྲས་བུ་གང་གིས་འབྱུང་། །ཞེས་གསུངས་བལྟར་སྐྱོན་དུ་འགྱུར་རོ། །གང་ཟག་དབང་རྣོན་གྱིས་ནི་ཐོག་མཐའ་བར་ཐམས་ཅད་དུ་ཕྱག་ཆེན་འབའ་ཞིག་བསྟེན་པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིག །བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤངས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་དང་། འགྲེ་ཆེན་དུ། ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །ཞེས་གསུངས་པས་སོ། །འོ་ན་ཕྱག་རྒྱ་ཆེན་པོ་རང་གང་། དེ་ཐོབ་པའི་ས་མཚམས་ཇི་ལྟ་བུ་ཞེ་ན། གནས་ལུགས་ཀྱི་སྒོ་ནས་གཞི་ཕྱག་རྒྱ་ཆེན་པོ་ཡང་ཡོད་མོད། འདི་སྐབས་ཀྱི་སྒྲ་འཇུག་པའི་ཡུལ་ནི་ལམ་གྱི་དབང་དུ་བྱས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ལ་སྔགས་སུ་དབང་བཞི་པའི་དོན་དང་བདེ་བ་ཆེན་པོ་དང་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ནས་དེ་མངོན་གསལ་དུ་བསྐྱེད་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་ཆེན་དུ་བསྟན་ལ། ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་སྟོབས་ཀྱིས་ཤེར་ཕྱིན་དེ་ཉིད་ཁམས་གསུམ་གྱི་བརྟན་གཡོའི་རྣམས་པའི་དཀྱིལ་འཁོར་དང་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་མཚོན་པའི་ལྟ་སྐུར་ཤར་བ་ལ་རྗེས་སུ་ཆགས་པས་ཧྃ་ཡིག་ཞུ་བའི་མི་འགྱུར་བའི་བདེ་ཆེན་དགའ་བ་བཞིའི་དབའ་རླབས་དང་བྲལ་བའི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རང་རིག་པ་ལ་ཆེས་ཆེར་མྱུར་བ་ནི་སྔགས་ཀྱི་ཟབ་གནད་དང་། ས་མཚམས་ནི་ཕྱག་རྒྱ་ཆེན་པོ་རྗེས་དྲན་དུ་ཐོབ་ཅིང་དབང་བཞི་པ་ནི་ཏིང་ངེ་འཛིན་དུ་ཐོབ་པར་འཇོག་གོ །དེ་ལྟའི་ཡུལ་ཅན་ལྷན་ཅིག་སྐྱེས་དགའ་དང་དེའི་རང་སྣང་གི་ཡུལ་རྣམ་པ་ཀུན་ལྡན་གྱི་ཕྱག་ཆེན་དུ་གསུངས་པ་གཉིས་ཀྱང་ཆུ་རླབས་ཆུ་ལས་མ་འདས་པ་ལྟར་གཞི་ལས་འབྲས་བུ་ཐམས་ཅད་དུ་རོ་གཅིག་པར་གནས་པ་ལ་མིང་གི་རྣམ་གྲངས་ཝྃ་དང་ཨེ་ཡིག བདེ་བ་དང་སྟོང་ཉིད། སྙིང་རྗེ་འམ་ཐབས་དང་ཤེས་རབ། ཟབ་པ་དང་གསལ་བ། ཤེས་པ་དང་ཤེས་བྱ། དུས་དང་འཁོར་ལོ། བདེ་མཆོག་དང་འཁོར་ལོ། སྡོམ་པ་དང་དྲ་བ། རྡོ་རྗེ་དང་པདྨའམ་སེམས་དཔའ། ཧེ་དང་བཛྭ། སངས་རྒྱས་དང་ཐོད་པ་ཞེས་བྱ་བ་ལ་སོགས་པར་བསྟན་པས། དུས་ན་འགྱུར་མེད་བདེ་ཞེས་པ། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞེས་གསུངས་པ་ལྟ་བུའོ། །ད་ནི་ལམ་གྱིས་འབྲས་བུ་ཐོབ་པའི་རིམ་པ་བསྟན་ཏེ། མདོ་སྡེ་གདམས་ངག་འབོགས་པ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བ། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་གསོལ་པར། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་ཤིང་རྒྱུ་འབྲས་ཀྱི་ཐེག་པ་དེ་གཉིས་ཀྱི་ཁྱད་པར་ནི། ཚུལ་གསུམ་གྱི་སྒྲོན་མར། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ཏེ། རྫོགས་བྱང་སྒྲུབ་པར་དོན་གཅིག་ཀྱང་དེའི་ཐབས་ལ་མཁས་པས་མ་རྨོངས་པ་དང་། རྒྱུད་སྡེ་བཞིའི་སྒོ་ནས་སྨིན་གྲོལ་གྱི་ཐབས་མང་བ་དང་། བྱང་ཆུབ་ཀྱང་ཚིགས་ཆུང་ངུས་མྱུར་དུ་འགྲུབ་པས་དཀའ་བ་མེད་པ་དང་། སྟོན་པ་ནི་རང་གི་ཐུགས་སུ་ཆུད་པ་ཁོ་ན་རྒྱུ་མཚན་དུ་མི་མཛད་པར་གདུལ་བྱའི་དབང་པོ་དང་འཚམ་པའི་ཆོས་གསུང་པ་ལས་དབང་པོ་རྣོན་པ་ལས་ཤིན་ཏུ་རྣོན་པོ་དག་གི་དབང་དུ་མཛད་པ་བཞིས་འབྲས་བུའི་ཐེག་པ་འཕགས་པར་བསྟན་ནོ། །དེ་ལ་སྔགས་ཀྱི་ངོ་བོ་ནི་ལྷ་དང་དེའི་མཚན་མ་དང་དེའི་སྙིང་པོ་ལ་སོགས་པའི་རིག་པ་རྣམས་ལ་བྱ་ཞིང་། ལྷ་སྒོམ་པ་དང་མཚན་མ་འཆང་བ་དང་རིག་པ་ཟློས་པ་ལ་ནི་སྔགས་ལ་བརྟེན་པ་ཞེས་བྱ་བར་སློབ་དཔོན་སངས་རྒྱས་གསང་བས་གསུངས་པ་ལྟར་རོ། །ཇོ་བོ་མཻ་ཏྲི་པས་ནི་མདོ་ལམ་གྱིས་ས་བཅུ་པའི་བར་བགྲོད་ཀྱང་བཅུ་གཅིག་པ་གཏན་ཐོབ་མི་ནུས་པས་དེ་ཐོབ་པ་ངེས་པར་སྔགས་ལམ་ལ་རག་ལས་པར་བཞེད། ཇོ་བོ་ནཱ་རོ་པས་མདོ་སྔགས་ཀྱི་ལམ་གཉིས་ཀས་སངས་རྒྱས་ཐོབ་པ་ལ་ཁྱད་པར་མེད་ཀྱང་སྔགས་ལམ་སངས་རྒྱས་ཐོབ་པ་ལ་ཆེས་མྱུར་བ་དང་འཇུག་པ་བདེ་བར་བཞེད་དོ། །སྔགས་ལམ་ཁོ་ནས་བགྲོད་ཚུལ་ཡང་། རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། སྦྱོང་བསྡུས་ལས། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་དང་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །ཞེས་གསུངས། རྒྱུད་རྡོ་རྗེ་འཕྲེང་བར། གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེ་འོ། །ཞེས་བུམ་དབང་བཅུ་གཅིག་གོང་མ་གསུམ་རྣམས་ས་དང་སྦྱར་བའི་འགྲེལ་པར། སློབ་དཔོན་དང་གསང་བའི་དབང་བསྐུར་བ་དག་གིས་ས་བརྒྱད་པ་ཞེས་རྣམས་པར་བཞག་གོ །ཤེས་རབ་ཡེ་ཤེས་ཀྱིས་དགུ་པའོ། །བཞི་པ་དཔེའི་རྣམ་པས་བཅུ་པའོ། །དོན་གྱིས་ནི་བཅུ་གཅིག་པའོ། །མོས་པས་སྤྱོད་པ་ལ་བལྟོས་ནས་བཅུ་གཉིས་པའོ། །སྐྱེ་བ་འདི་ཉིད་ལ་ཤིན་ཏུ་བདེ་བ་དང་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པ་ནི་བཅུ་གསུམ་པའོ། །ཞེས་དབང་བསྐུར་བའི་མྱོང་བ་ས་དང་སྦྱར་བ་གསུངས་སོ། །སངས་རྒྱས་མཉམ་སྦྱོར་ལས་རྒྱུའི་ས་བཅུ་འབྲས་བུ་སངས་རྒྱས་ཀྱི་ས་ཉིད་ལ་དྲུག་ཏུ་ཕྱེ་ནས་བཅུ་དྲུག་གསུངས་ཤིང་ས་རྣམས་ཀྱང་གནས་ལུགས་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཉིད་མཐོང་ཚུལ་གྱི་རིམ་པས་ཕྱེ་བ་ཡིན་ལ། དེ་ཡང་ཀྱེའི་རྡོ་རྗེར་གསུངས་པ་ལྟར་གནས་སྐབས་བཞིར་འགྱུར་ཏེ། མོས་པས་སྤྱོད་པ་ནི་གནས་ཚུལ་སྤྲིན་ཕག་གི་ཉི་མ་ལྟར་རྟོགས་པས་སྤྲིན་ལྟ་བུ། མ་དག་ས་བདུན་ནི་ཉོན་ཡིད་ཀྱིས་མ་དག་ཅིང་གཉིས་སྣང་གིས་བསླད་པས་སྒྱུ་མ་ལྟ་བུ། དག་པ་ས་གསུམ་ནི་ལྷན་ཅིག་སྐྱེས་པའི་གཉིད་ལོག་ཅིང་ཆོས་ཀུན་དེའི་ངང་དུ་འཆར་བ་རྨི་ལམ་ལྟ་བུ། འབྲས་བུའི་ས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པ་གཞིའི་གནས་ཚུལ་མངོན་སུམ་དུ་མཁྱེན་པས་རྨི་ལམ་སད་མ་སད་བྱེ་བྲག་མེད་པ་ལྟ་བུའི་གནས་སྐབས་སོ། །དེ་དག་ཐེག་པ་སྤྱི་དང་སྦྱར་ན་ཉན་རང་གི་ཐེག་པ་རྣམས་དང་པོ་དང་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་གསུམ་དང་གོང་མའི་ཡང་བུམ་དབང་གི་ལམ་ནི་གཉིས་པ་དང་དབང་གོང་མ་གསུམ་གྱི་ལམ་ནི་གསུམ་པ་ཡིན་ལ་རྡོ་རྗེ་གསུམ་མངོན་དུ་བྱེད་པའི་རིམ་པས་གསུམ་དུ་ཕྱེ་བའོ། །སངས་རྒྱས་ཀྱི་ས་ཉིད་ལ་དྲུག་ཏུ་ཕྱེ་བ་ནི་ཕར་ཕྱིན་ཐེག་པའི་འབྲས་བུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་རྒྱུད་སྡེ་འོག་མ་གསུམ་དང་གོང་མའི་བུམ་དབང་ཕྱིན་གྱི་འབྲས་བུ་སངས་རྒྱས་ཀྱི་ས་པདྨ་ཅན་དང་། གསང་དབང་གི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཤེས་རབ་ཡེ་ཤེས་ཀྱི་འབྲས་བུ་ནི་རྡོ་རྗེ་འཆང་གི་ས་ཡིན་ལ། དེ་ཕྱིན་གྱི་སངས་རྒྱས་མཐའ་དག་ཀྱང་གནས་ལུགས་ལ་སྒྲིབ་པ་ཅུང་ཟད་དང་དེའི་རྟེན་འཕོ་བའི་བག་ཆགས་ཕྲ་བ་ཡོད་པས་བླ་བཅས་ཀྱི་སངས་རྒྱས་སུ་བཞག་ནས་དབང་བཞི་པའི་འབྲས་བུ་ཡེ་ཤེས་བླ་མའི་ས་དང་བདེ་བ་ཆེན་པོའི་ས་དག་ནི་ཕུལ་དུ་དབྱུང་དུ་མེད་པའི་སངས་རྒྱས་སུ་འཇོག་གོ །དེ་ལྟར་ན་ཐེག་པ་དང་རྒྱུད་སྡེ་དང་དབང་ལ་སོགས་པ་འོག་མ་སོ་སོའི་ངེས་པར་འབྱུང་བའི་འབྲས་བུ་ཡང་དེད་དཔོན་ཐབས་མཁས་པས་གླིང་བར་དུ་རིན་པོ་ཆེའི་གླིང་སྤྲུལ་བ་ལྟ་བུ་ཡིན་ལ། མཐར་ཐུག་གི་གཉིས་སུ་མེད་པའི་རྒྱུད་ཀྱི་དབང་བཞི་པའི་འབྲས་བུ་ཁོ་ན་བགྲོད་པ་གཅིག་པའི་ལམ་གྱི་འབྲས་བུ་ཡིན་པས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཞེས་གསུངས་པ་ལྟར་རོ། །མདོར་ན་སྔགས་ཀྱི་ཐབས་མཁས་པས་ཟིན་པ་ནི་དུག་སྨན་དུ་བྱེད་པ་དང་ནད་གསོ་བ་སོགས་འཇིག་རྟེན་གྱི་བྱ་བ་ཕྲན་ཚེགས་ཀྱང་མྱུར་བར་འགྲུབ་པ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་གང་ཡིན་ཡང་རུང་བདེ་བླག་ཏུ་འགྲུབ་ཅིང་འོན་ཀྱང་ཉོན་མོངས་པས་ཀུན་ནས་བསླངས་པའི་སྔགས་ཀྱི་བྱ་བ་ལ་འཇུག་པ་ནི་ལས་འབྲས་ཀྱི་ཚུལ་མི་འདོར་བས་ངན་འགྲོ་དང་རིག་སྔགས་འཆང་གི་གདོན་ལ་སོགས་པར་སྐྱེའོ། །དེས་ན་གང་ཟག་དེའི་རིགས་དང་སྔགས་ལ་དད་པ་མེད་པ་རྣམས་འདུལ་བའི་ཕྱིར་རྒྱུད་རིམ་པར་སྦྱངས་ནས་མཐར་སྔགས་ཀྱི་ཐེག་པ་སྟོན་པར་གསུངས་ཏེ། ཀྱེའི་རྡོ་རྗེར། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་དང་། བསྐྱེད་རྫོགས་ཀྱི་ཚུལ་ཡང་། ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །དུས་འཁོར་ལས་ནི་དབང་བདུན་དང་གོང་མ་ལྔ་སྟེ་བཅུ་གཉིས་ཀྱིས་ས་བཅུ་གཉིས་ཐོབ་པའི་ནུས་ལྡན་དུ་བྱེད་ལ་དངོས་སུ་ནི་འཇིག་རྟེན་པའི་བཞི་པ་མན་ཆད་ཀྱི་དབང་དོན་བསྐྱེད་རིམ་དང་ལས་ཡེའི་ཕྱག་རྒྱ་སྒྲུབ་པས་ནི་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་མཐར་ཐུག་གྲུབ་ལ་འཇིག་རྟེན་ལས་འདས་པའི་དབང་བཞི་པའི་དོན་རྫོགས་རིམ་དང་ཕྱག་རྒྱ་ཆེན་པོ་སྒྲུབ་པས་ནི་སངས་རྒྱས་ཉིད་ཐོབ་པར་གསུངས་ལ། དེས་ན་བསྐྱེད་རིམ་གྱི་འབྲས་བུ་དབང་བདུན་ལ་གནས་པའི་ལས་རབ་འབྱམས་སམ་ལས་ཆེན་པོ་ཞི་རྒྱས་དབང་དགུག་བསད་བསྐྲད་རྨོངས་རེངས་ཏེ་བརྒྱད་པོ་ནི་ཆུང་ངུ། ཤར་དུ་རལ་གྲིར་འགྱུར་ཏེ་རོ་ཡི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་མིག་སྨན་རོ་ཙ་ན། །ལྷོ་རུ་དཔལ་ལྡན་རྐང་མགྱོགས་མི་ཟད་མཐའ་དག་གཏེར་ནི་དཀྱིལ་འཁོར་དག་གི་མེ་ཡི་ཟུར་དུའོ། །ཞེས་གསུངས་པ་ལྟ་བུའི་གྲུབ་ཆེན་བརྒྱད་ནི་འབྲིང་ཡིན་ལ། དེ་དག་གི་རྫས་གཞན་ཐམས་ཅད་ཀྱིས་གྲུབ་པ་སོ་སོ་ལས་མི་སྦྱིན་ལ་རོ་ལངས་ཀྱིས་ནི་བརྒྱད་ཀ་སྦྱིན་ནུས་སོ། །བུམ་དབང་ནས་ཤེར་དབང་གི་བར་གྱི་བསྐྱེད་རིམ་དང་ཡན་ལག་དྲུག་གི་འཛིན་པ་ཐོབ་པས་ནི་རྫས་སྔགས་ལ་མ་བལྟོས་པར་ས་འོག་སྤྱོད་པ་ཀླུ་དང་ལྷ་མིན་དང་སྐལ་མཉམ་ས་སྟེང་སྤྱོད་པ་འཁོར་ལོས་བསྒྱུར་བ་སོགས་དང་། མཁའ་ལ་སྤྱོད་པ་ཆུང་ངུ་འདོད་པའི་ལྷ་དྲུག་དང་སྐལ་བ་མཉམ་པ་དང་། མཁའ་སྤྱོད་ཆེན་པོ་ཚངས་རིས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་དང་སྐལ་མཉམ་གྲུབ་པ་ནི་བསྐྱེད་རིམ་གྱི་འབྲས་བུ་མཆོག་དང་། འདོད་གཟུགས་ཀྱི་མཁའ་སྤྱོད་དེ་གཉིས་ཀ་ལ་ཕྲ་བ་དང་ཡང་བ་དང་བདག་པོར་གྱུར་པ་དང་གར་ཡང་ཕྱིན་པ་དང་མཆོད་པར་འོས་པ་དང་འདོད་དགུར་བསྒྱུར་བ་དང་དགའ་མགུར་གནས་པ་དང་དབང་དུ་གྱུར་པ་སྟེ་འཇིག་རྟེན་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་ནོ། །དེ་གཉིས་ཀ་ཚེ་འདིའི་ལུས་མ་བརྗེས་པའམ་བརྗེས་ནས་ཐོབ་པ་ཅི་རིགས་ཡོད་ལ་རྫས་ལ་བརྟེན་པའི་གྲུབ་པ་རྣམས་ནི་ལུས་དེ་ཉིད་ཀྱིས་ལྷ་མོའི་གནས་སུ་རྒྱུ་ཞིང་སེམས་ཅན་ལ་ཕན་འདོགས་ཚར་གཅོད་བྱེད་སངས་རྒྱས་བྱང་སེམས་ཀྱིས་རྗེས་སུ་བཟུང་ནས་དབང་གོང་མའི་ལམ་དུའང་འཇུག་ལ་རྫས་རྣམས་དང་བྲལ་ན་ཕྱིར་ལྟུང་ངོ་། །ལས་རྒྱ་ལ་བརྟེན་ནས་འདོད་པའི་མཁའ་སྤྱོད་གྲུབ་པ་ནི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་བྱེད། སངས་རྒྱས་སོགས་མཉེས་པར་བྱས་ནས་ལུས་དེ་ཉིད་མི་རྣམས་ཀྱི་ནང་དུ་འོང་མོད་ཀྱང་དངོས་ཀྱི་ལུས་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་མི་མཐོང་ལ་སྤྲུལ་པའི་ལུས་དུ་མ་སྟོན་པ་དང་རྫོགས་རིམ་ལའང་མྱུར་དུ་འཇུག་གོ །ཡེ་རྒྱ་ལ་བརྟེན་ནས་གཟུགས་ཀྱི་མཁའ་སྤྱོད་གྲུབ་པ་ནི་མི་རྣམས་ཀྱི་ནང་དུ་མི་འོང་ཡང་བསམ་གཏན་ལས་མ་གཡོས་པར་སྤྲུལ་པ་དུ་མས་འདོད་ཁམས་སུ་དོན་བྱེད་ཅིང་རྫོགས་པའི་རིམ་པས་སངས་རྒྱས་སུ་སྦྱོར་རོ། །འཕགས་པའི་ས་ཐོབ་པ་ལའང་མཁའ་སྤྱོད་ཆེན་པོར་བཤད་པ་ཡོད་ཅིང་དེ་ནི་ཕྱག་རྒྱ་ཆེན་པོ་ཁོ་ན་ལ་བརྟེན་པ་ཡིན་ཀྱང་སྐྱེད་རིམ་སོགས་ལམ་གོང་མ་རྣམས་འདིའི་རྒྱུ་དང་རང་བཞིན་དུ་འགྱུར་བ་ནི་སྦྱིན་དང་ཚུལ་ཁྲིམས་སོགས་མཐའ་དག་ཤེར་ཕྱིན་གྱི་རྒྱུར་འགྱུར་ཞིང་ཤེར་ཕྱིན་གྱིས་ཟིན་པའི་སྦྱིན་སོགས་ཀྱང་ཡེ་ཤེས་ཀྱི་ཚོགས་དང་ཟུང་འཇུག་ཏུ་འགྱུར་བ་ལྟ་བུའོ། །དེ་ལྟར་རྫོགས་རིམ་ཕྱག་ཆེན་གྱི་ལམ་ནས་འཇུག་པའང་འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་སུ་རིམ་པར་ཡོད་ལ་དང་པོ་ནི་ཚོགས་ལམ་དང་སྦྱོར་བའི་ལམ་གཉིས། ཕྱི་མ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་གཉིས་དང་། མཐར་ཕྱིན་པ་མི་སློབ་པའི་ལམ་སྟེ་ལྔའོ། །དེ་དག་ལ་སའི་མིང་གིས་བསྟན་ན། ཚོགས་ལམ་ནི་ལས་དང་པོ་པའི་ས། སྦྱོར་ལམ་ནི་མོས་པས་སྤྱོད་པའི་ས། མཐོང་ལམ་ནི་འཕགས་པའི་སའི་དང་པོ། སྒོམ་ལམ་དུ་ས་དགུ །མི་སློབ་པ་ནི་བཅུ་གཅིག་པ་ཡིན་ལ། རྒྱུད་སོ་སོ་ནས་སའི་མིང་དང་རྣམ་གྲངས་མི་འདྲ་བ་མང་དུ་བསྟན་ཡང་། བདེ་མཆོག་ངེས་བརྗོད་བླ་མར། ས་ནི་བཅུ་གཉིས་དག་ཡིན་ཏེ། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །དེ་ལྟར་ས་ནི་བཅུ་གཉིས་སོ། །ཞེས་བཅུ་པ་ཆོས་ཀྱི་སྤྲིན་མན་གྱི་མིང་མདོ་དང་མཐུན་པ། དེའི་སྟེང་དུ་བཅུ་པའི་ཁྱད་པར་ལམ་དཔེ་མེད་བར་ཆད་མེད་ལམ་ཡེ་ཤེས་ལྡན། ས་བཅུ་གཅིག་པ་ཀུན་ཏུ་འོད་ལ་རྡོ་རྗེའི་ས་ཞེས་བཅུ་གསུམ་དུ་གསུངས་ཤིང་གཞན་ཡང་སྐུ་བཞི་ས་བཞིར་བྱས་ནས་བཅུ་བཞི་དང་དེ་བཞིན་སྐུའི་དབྱེ་བ་ལྟར་བཅོ་ལྔ་དང་བཅུ་དྲུག་སོགས་ཀྱང་བཞག་གོ །ས་ལམ་དེ་རྣམས་ནི་ཐོག་མར་སྨིན་བྱེད་ཀྱི་ཚེ་གང་དུ་འཇུག་པའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པའི་རང་བཞིན་ཡིན་ལ། བསྐྱེད་རིམ་སྒོམ་པའི་ཚེ་ཡང་ཚུལ་དེ་དང་མཐུན་པ་དང་རྫོགས་པའི་རིམ་པར་ཡང་དེ་མཚུངས་སུ་བགྲོད་པ་ཡིན་པས། བརྟག་གཉིས་སུ། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །འཁོར་ལོ་ཞེས་བྱ་ནམ་མཁའི་ཁམས། །ཞེས་བྱང་ཕྱོགས་སོ་བདུན་སོགས་ཀྱི་རང་བཞིན་ལ་དཀྱིལ་འཁོར་དུ་བསྟན་ནོ། །དེ་བཞིན་དུ་ཕྱི་འཇིག་རྟེན་དང་ནང་ལུས་ལ་གནས་ཉེར་བཞི་སོགས་སུ་བཞག་ནས་དེ་རྣམས་ཀྱང་ས་འོག་ས་སྟེང་ས་བླའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དང་ས་བཅུ་གཉིས་ཀྱིས་བསྟན་ཏེ་གནས་ཉེར་བཞི་གསུངས་པའི་རྗེས་སུ། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གསུངས་སོ། །དེ་ལྟའི་ས་ལམ་རྣམས་ལམ་གཞན་གྱིས་བགྲོད་པར་བསྐལ་ཆེན་གྲངས་མེད་སོགས་དགོས་ཀྱང་རྫོགས་རིམ་ཟབ་མོས་ནི་མྱུར་དུ་བགྲོད་དེ། འགྲེ་ཆེན་ལས། ཕྱག་རྒྱ་ཆེན་མོ་དང་ལྷན་གཅིག་བསྒྲུབས་ན་མཚན་མ་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་དང་འདི་ཉིད་དུ། སངས་རྒྱས་སྙིང་པོའི་ཚུལ་རྟོགས་ནས། །འབྲས་བུ་རྟོགས་པ་ལམ་བྱེད་པ། །བླ་མེད་སངས་རྒྱས་མྱུར་ཐོབ་བྱེད། །ཅེས་གསུངས་པས་དབང་བཞིའི་རིམ་པ་ལྟར་རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས་རྣམས་ཀྱི་དྲི་མ་སེལ་བའི་གཉེན་པོར་བསྒོམ་ཞིང་དེ་ཡང་ཡིད་ཆེས་གསུང་ལྡན་གྱིས་འཇུག་སྟེ། འགྲེལ་པར། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང་། དེ་ནས་བླ་མ་ལ་ཡིད་ཆེས་དང་། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ། སློབ་མའི་བླུན་པའི་དད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །ཞེས་པས་ལམ་བསྒོམས་པ་ན་ཉི་མ་གཅིག་ལ་མངོན་སུམ་གྱི་མཚན་མ་དུ་སོགས་མཐོང་བས་རྒྱུད་ལས་གསུངས་པའི་ཆོ་ག་དང་བླ་མའི་མན་ངག་དང་བདག་ཉིད་ལ་རྒྱུའི་རྒྱུད་བཞུགས་པར་ཡིད་ཆེས་པ་རྣམས་རིམ་པར་འབྱུང་ངོ་། །མཚན་མ་དེ་ཡང་དམན་མཆོག་གི་རིམ་པས་གསུངས་ཏེ། མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང་བར་མའི་མཚན་མ་དང་མཐའ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གི་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་འཇིག་རྟེན་པའི་དངོས་གྲུབ་ཐོབ་བོ། །མཐའི་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་གསུངས་པའི་དང་པོས་ནི་ཉམས་མྱོང་སྐྱེས་པ་ནས་བཟུང་འཇིག་རྟེན་ཆོས་མཆོག་གི་བར་བྱིས་པའི་ལམ་ཐམས་ཅད་བསྡུས། བར་པས་ནི་ས་དང་པོས་མཚོན་ནས་ས་བཅུ་གཅིག་གི་བར་འཕགས་པ་སློབ་པའི་ལམ་བསྡུས། མཐའ་མས་ནི་མི་སློབ་པའི་ལམ་བསྡུས་སོ། །དེ་ཡང་རང་བྱུང་ཞབས་ཀྱི་ཆོས་དྲུག་གསལ་བྱེད་ཀྱི་དགོངས་པ་ལྟར་ན་བསྐྱེད་རིམ་ལ་བརྟེན་ནས་ལས་བཞི་སོགས་གྲུབ་པ་དང་རྫོགས་རིམ་བསྒོམས་པས་རྟགས་བཅུ་རྫོགས་པ་ཚོགས་ལམ་གསུམ། བསམ་གཏན་གྱི་ཡན་ལག་སོགས་བསྒོམས་པས་རྩ་རླུང་ཐིག་ལེ་སེམས་དང་བཅས་པའི་གནད་འཆིང་ནུས་པའི་མཐུས་མངོན་ཤེས་ལྔ་དང་། ལྟ་སྟངས་རྫུ་འཕྲུལ་གྲུབ་པ་དྲོད་རྩེ་བཟོད་པ། དུས་སྦྱོར་གཅིག་གི་རླུང་འགག་ཅིང་ཐིག་ལེ་བརྟན་པ་ལ་སོགས་པར་འགྱུར་ལ། ཉིན་མཚན་ཁྱད་མེད་པ་སྒྱུ་མ་ལྟ་བུའི་རྩལ་འབྱོངས་པ་ནི་ཆོས་མཆོག་སྟེ་དེ་རྣམས་འཇིག་རྟེན་པའི་འབྲས་བུའོ། །དེ་ཉིད་ཀྱི་རིམ་པས་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་འགག དགའ་བ་སྟོང་པ་སྙིང་རྗེ་རེ་རེ་མངོན་དུ་གྱུར། འཕོ་མེད་ཀྱི་ཐིག་ལེ་རེ་རེ་འཕེལ་ཞིང་བརྟན་པས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་ཐོབ་བོ། །ཚུལ་དེས་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག་པ་ནས་མི་འགྱུར་བའི་བདེ་བ་དེ་སྙེད་འཕེལ་ཞིང་བརྟན། རྣམ་རྟོག་ཐམས་ཅད་སྒྲིབ་བྲལ་ཡེ་ཤེས་སུ་གནས་གྱུར་པ་སངས་རྒྱས་སོ། །ཞེས་འབྱུང་ལ། དེའི་དོན་ནི་ལུས་དང་དབང་པོ་མིག་ལ་སོགས་པ་གཡོ་མེད་དུ་བཞག་པས་རྩ་མི་གཡོ། དེའི་མཐུས་དེར་ཞུགས་པའི་རླུང་དང་ཐིག་ལེ་མི་གཡོ་ཞིང་འགོག་པ་སྟེ། རྡོ་རྗེ་སྙིང་འགྲེལ་དུ། དེ་ལྟར་ལུས་ནི་འགོག་པ་ཡིས། །སྲོག་རླུང་ཡང་ནི་འགོག་པ་འོ། །སྲོག་རླུང་ངེས་པར་འགོག་པ་ཡིས། །བྱང་ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ངེས་པར་འགོག་པའོ། །འཛག་པའི་སྐད་ཅིག་འགོག་པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་གསུངས་པའི་རིམ་པ་ནི། འདི་སྐབས་ས་བཅུ་གཉིས་སུ་བྱས་པ་ན་དུས་སྦྱོར་གཅིག་གི་རླུང་འགག ཟླ་བ་ནོར་བུའི་རྩེར་མི་འཕོ་བར་བརྟན། ཉི་མ་གཙུག་ཏོར་དུ་བརྟན། དེ་ནས་ཟླ་ཉི་གསང་འཁོར་དང་དཔྲལ་བའི་ཕྱེད་དུ་བརྟན། མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་ཐོབ། རྟེན་འབྲེལ་བཅུ་གཉིས་ལས་རྒ་ཤི་འགག་པ་ནི་ས་དང་པོ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པ་ཞེས་བྱ་སྟེ། ཡོངས་གྲགས་ཀྱི་སྦྱོར་ལམ་ཆོས་མཆོག་དང་། ཡང་དུས་སྦྱོར་གཅིག་གི་རླུང་དང་གསང་འཁོར་དང་དཔྲལ་བ་ཡོངས་སུ་རྫོགས་པར་ཟླ་ཉི་འགགས་པས་ས་གཉིས་པ་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་སྟེ་ཡོངས་གྲགས་ཀྱི་འཕགས་སའི་དང་པོ། དེ་བཞིན་དུ་ལྟེ་བ་དང་མགྲིན་པའི་ཕྱེད་དང་ཡོངས་སུ་རྫོགས་པར་ས་གསུམ་པ་དང་བཞི་པ། སྙིང་གའི་ཕྱེད་དང་ཡོངས་སུ་རྫོགས་པར་ས་ལྔ་པ་དང་དྲུག་པ། མགྲིན་པ་དང་ལྟེ་བའི་ཕྱེད་དང་ཡོངས་སུ་རྫོགས་པར་ས་བདུན་པ་དང་བརྒྱད་པ། དཔྲལ་བ་དང་གསང་བའི་ཕྱེད་དང་ཡོངས་སུ་རྫོགས་པར་ས་དགུ་པ་དང་བཅུ་པ། གཙུག་ཏོར་དང་ནོར་བུའི་རྩ་བ་དང་ཡོངས་སུ་རྫོགས་པར་ས་བཅུ་གཅིག་པ་དང་བཅུ་གཉིས་པ་སྟེ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐོབ། མ་རིག་པ་འགག ས་དེ་དག་ཏུ་རིམ་པས་གནས་སྐབས་བཞིའི་དྲི་མ་དང་བདུད་བཞི་འཇོམས་པ་ལས་ས་བཅུ་གཉིས་པ་ཐོབ་པའི་ཚེ་ཐ་མལ་པའི་འཛག་བདེ་འཕོ་བའི་བག་ཆགས་སམ་ལྟེ་བའི་ཡེ་ཤེས་ཀྱི་ཐིག་ལེས་བསྐྱེད་པའི་བཞི་པའི་གནས་སྐབས་ཀྱི་སེམས་དང་ལྷའི་བུའི་བདུད་བཅོམ་མོ། །དེ་ལྟར་རྒྱུད་ལས། སྲོག་དང་ཐུར་སེལ་ངེས་པར་འགགས་ན་སངས་རྒྱས་གཟུགས་ལ་དྲི་མེད་དམ་པའི་དཀྱིལ་འཁོར་འགྱུར། གསང་གནས་ལྟེ་བ་སྙིང་གི་ཆུ་སྐྱེས་མགྲིན་པ་མགོ་བོར་ས་ཟུང་རིམ་པས་སོ། །ཁུ་བ་སྟེང་དང་རྡུལ་ཡང་འོག་ཏུ་སོན་པས་གཞོམ་དུ་མེད་པ་ཚངས་པའི་དབྱངས་ལས་ནི། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དྲི་མ་གསུམ་སྤངས་སངས་རྒྱས་གང་གི་སྟོན་བྱེད་པའོ། །ཞེས་དང་། འགྲེལ་པར། ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་ཐོབ་སྟེ། མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་བོ། །གྲངས་འདིས་ས་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །ཞེས་སོགས་གསུངས་སོ། །འཕགས་ས་ཐོབ་པ་ན་ཡེ་ཤེས་ཀྱི་ལུས་ཡིན་པས་དེའི་མཚན་ཉིད། ལུས་ནི་དང་ཞིག་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱི་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་དང་། ས་རྣམས་བགྲོད་པའི་ཡུན་ནི། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞང་འགའ་ཞིག་དག་གི་ཞེས་དང་། དེའི་ཕྱི་ཏིང་ངེ་འཛིན་གྱི་དག་པ་དྲི་མ་མེད་པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། ཞེས་གསུངས། དངོས་གྲུབ་ཐོབ་པའི་དུས་ནི། དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །ཞེས་ཇི་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོར་སངས་རྒྱས་པ་བཞིན་ཐོ་རངས་སམ་མཚན་ཕྱེད་ཀྱི་དུས་ཟླ་བ་ཉ་བ་ལ་མི་འགྱུར་བའི་བདེ་བ་མཐའ་དག་རྫོགས། སྐུ་དང་ཡེ་ཤེས་མ་ལུས་མངོན་དུ་གྱུར་ནས་བཅུ་གསུམ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་འབྲས་བུའི་ཕྱག་རྒྱ་ཆེན་པོའོ། །དེ་ལ། རྫོགས་སངས་རྒྱས་རྣམས་འོག་མིན་གྱི། ཕོ་བྲང་དགྱེས་པ་སྡིག་པ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང་། །སྤྲུལ་པ་དག་གིས་འདིར་འཚང་རྒྱ། །ཞེས་ཐེག་པ་སྤྱི་ལས་གསུངས་ཀྱང་སྔགས་བླ་མེད་འདིར་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དང་མཆོག་མི་འགྱུར་གྱི་བདེ་བ་རོ་གཅིག་པའི་སྟོང་པའི་གཟུགས་བརྙན་གྱི་ཆ་ལ་སངས་རྒྱས་ཀྱི་ཞིང་དང་བཙུན་མོའི་བྷ་ག་དང་སེང་གེའི་ཁྲི་ལ་སོགས་པའི་མིང་དུ་མས་བསྟན་ལ། རྩ་བའི་རྒྱུད་དུ། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝྃ་ཡིག་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཞེས་གསུངས་པ་ལྟར་སྟོང་པའི་དངོས་པོ་མཐའ་དག་བདེ་བ་ཆེན་པོའམ་དམིགས་པ་མེད་པའི་སྙིང་རྗེ་ཁོ་ནའི་རང་བཞིན་དུ་ཤར་བ་ལ་རྡོ་རྗེ་སེམས་དཔའ་སོགས་མིང་དུ་མས་བསྟན་ནོ། །དེའི་ཚེ་མ་དག་པའི་ཁམས་སམ་རིགས་དྲུག་རྣམ་པར་དག་པའི་དེ་བཞིན་གཤེགས་བ་དྲུག་ཏུ་འགྱུར་ཏེ། གྲུབ་པའི་དངུལ་ཆུས་ལྕགས་ཐམས་ཅད་གསེར་དུ་བསྒྱུར་ནས་ལྕགས་དང་དངུལ་ཆུ་གཉིས་ཀ་མི་དམིགས་པ་ལྟར་བྱང་སེམས་ཀྱི་བྱེད་པས་དཀར་དམར་ལས་མཚན་དཔེ་དང་ལྡན་པའི་རྡོ་རྗེའི་སྐུ་འགྲུབ། སྐུ་དང་གསུང་དང་ཐུགས་དང་རྫུ་འཕྲུལ་དང་ཀུན་དུ་འགྲོ་བའི་དང་གནས་ཀྱི་དང་འདོད་པའི་དང་བྱེད་པ་པོའི་དབང་ཕྱུག་ཅེས་འཇིག་རྟེན་ལས་འདས་པའི་དབང་ཕྱུག་བརྒྱད་དང་། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རྒྱུན་མི་འཆད། །སྙིང་རྗེས་དེ་གང་རང་བཞིན་མེད་ཅིང་འགོག་པ་མེད། །ཅེས་ཡན་ལག་བདུན་ལྡན་གྱི་ཧེ་རུ་ཀར་གྱུར། སྐབས་དེར་རྟེན་དང་བརྟེན་པ། སྟོན་པ་དང་འཁོར། ཕྱི་ནང་གཞན་གསུམ་སྐུ་གསུང་ཐུགས་སོགས་མཐའ་དག་ཡེ་ཤེས་གཅིག་གི་ངོ་བོ་ཡིན་ཀྱང་གདུལ་བྱའི་སྣང་བའི་དབང་གིས་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་སུ་དབྱེ་བ་དང་། །མཚན་དཔེས་སྤྲས་པ་ནས་རི་བོ་དང་རྩི་ཤིང་ལ་སོགས་པར་སྣང་བའི་བར་གྱི་གཟུགས་བརྙན་ལ་སྐུ་དང་། གསུང་རབ་ཡན་ལག་བཅུ་གཉིས་སོགས་སྒྲ་བརྙན་ལ་གསུང་དང་། ཟུང་འཇུག་གི་ཡེ་ཤེས་ལ་ཐུགས་ཏེ་དེ་གསུམ་ལ་སྐུ་གསུམ་དང་། ཡང་ན་ཟུང་འཇུག་ཆོས་སྐུ། ས་བཅུའི་བྱང་སེམས་ལ་མཚན་དཔེའི་རྣམ་པར་སྣང་བ་ལོངས་སྐུ། སོ་སྐྱེ་རྣམས་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་བརྙན་ཅི་རིགས་པ་སྤྲུལ་པའི་སྐུའོ། །དུས་འཁོར་ལས་ནི་བདེ་བ་ཡུལ་ཅན་དང་སྟོང་པ་ཡུལ་དུ་གྱུར་པའི་ཆ་ནས་ངོ་བོ་ཉིད་སྐུ་དང་། དེ་ལས་ལྡོག་པ་ཆོས་སྐུ་དང་། སྟོང་པ་ཉིད་ཀྱི་སྒྲ་བརྙན་ལོངས་སྐུ་དང་། གཟུགས་བརྙན་རྣམས་སྤྲུལ་སྐུར་མཛད་པ་དང་། དེ་ལྟའི་སྐུ་བཞི་ག་ངོ་བོ་ཉིད་སྐུ་དང་། སར་གནས་ཀྱི་བྱང་སེམས་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་ནམ་མཁའ་ཇི་སྲིད་པར་གཡོ་བ་མེད་པ་ཆོས་སྐུ་དང་། གཟུགས་ཀྱི་འོག་མིན་དུ་བཞུགས་པ་གཙང་མར་སྐྱེས་པའི་ཉན་ཐོས་རྣམས་ལའང་སྣང་བ་ལོངས་སྐུ་དང་། དགའ་ལྡན་ན་བཞུགས་པ་སོགས་སོ་སྐྱེ་རྣམས་ལའང་ཅི་རིགས་པར་སྣང་བ་ནི་སྤྲུལ་སྐུར་མཛད་པ་གཉིས་གསུངས་ཤིང་དེ་དག་ལས་སྐུ་ལྔ་སོགས་གྲངས་མཐའ་ཡས་པར་འགྱུར་རོ། །དེ་ལྟར་བསྟན་པ་རྣམས་ཀྱིས་བདེ་སྟོང་དབྱེར་མེད་ཅེས་པའི་བདེ་བ་ཆེན་པོ་ནི་མི་འགྱུར་བ་ཡིན་ལ་ངེས་འགྱུར་བའི་བདེ་བ་བཅོམ་ནས་ལམ་དུ་འགྱུར་ཞིང་སྙིང་རྗེ་ནི་རང་གི་བདེ་བ་གཞན་ལ་སྦྱིན་པའི་དོན་ཡིན་ལ་དེ་ནི་རང་ལ་བདེ་བ་མེད་ན་མི་འགྱུར་སྟེ་དཔེར་ན་ནོར་ལྡན་གྱིས་ནོར་སྦྱིན་གྱི་དབུལ་པོས་མིན་པ་བཞིན་ནོ། །དེས་ན་ཐབས་འདི་ལ་ལྟ་སྒོམ་སྤྱོད་པས་སྐྱོང་ཞིང་འབྲས་བུ་ཡང་མྱུར་དུ་འགྲུབ་པས་སྔགས་ཀྱི་ཐེག་པ་རྒྱུ་འབྲས་གཉིས་ཀར་འཕགས་པར་བཞེད་དོ། །དེ་སྐད་དུ། གང་གི་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །ཞེས་དང་རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལ་ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱིས་བསྡོམས་པས་ཏེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་མི་རིང་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེ་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་སོ། །དེས་ན་འདིའི་ཉམས་ལེན་ནི་དཔལ་ནཱ་རོའི་ཆོས་དྲུག་གཙོ་བོ་གཏུམ་མོའི་རྣལ་འབྱོར་ཁོ་ནའོ། །ད་ནི་གཞུང་ཉིད་ཀྱི་དོན་ལ་འཇུག་སྟེ། དྲི་མེད་རྒྱལ་བའི་སྙིང་པོ་ནི། །ཞེས་རང་ངོ་ལ་གཟོད་ནས་དྲི་མ་མེད་པ། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ཆོས་དབྱིངས་བསྟོད་པར་གསུངས་པ་ལྟ་བུ་དང་། དེ་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་ཡིན་པས་སྙིང་པོའོ། །སྔགས་སུ་རྗོད་བྱེད་སྒྲའི་རྒྱུད་དང་། བརྗོད་བྱ་དོན་གྱི་རྒྱུད་གཉིས་བསྟན་པ་ལས། རྒྱལ་བའི་སྙིང་པོ་ནི་བརྗོད་བྱ་དོན་གྱི་རྒྱུད་དེ། གསང་འདུས་སུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །རྒྱུན་ནི་རྣམ་པ་གསུམ་ཏུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ན་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་རྒྱུད་ཀྱི་སྒྲ་དོན་རྒྱུན་ཆགས་པར་འབྲེལ་བ་ཆུ་བོའི་རྒྱུད་ཅེས་པ་ལྟ་བུ་ཡིན་ལ། རང་བཞིན་གྱི་རྒྱུ་ལ་ནི་རྒྱུའི་རྒྱུད་ཅེས་ཀྱང་བྱ། གཞི་དངོས་པོའི་གནས་ལུགས་ཞེས་ཀྱང་བྱའོ། །གཞིའི་རྒྱུད་ལ་ནི་ཐབས་ཀྱི་རྒྱུད་དང་ལམ་གྱི་རིམ་པ་ཞེས་ཀྱང་བྱ། མི་འཕྲོགས་པའི་རྒྱུད་ལ་ནི་འབྲས་བུའི་རྒྱུད་ཅེས་བྱ་སྟེ་གཞི་ལམ་འབྲས་གསུམ་མོ། །དེས་ན་ལུས་སེམས་དབྱེར་མེད་གཞིའི་རྒྱུད། བསྐྱེད་རྫོགས་དབྱེར་མེད་ལམ་གྱི་རྒྱུད། སྐུ་གཉིས་དབྱེར་མེད་འབྲས་བུའི་རྒྱུད་ཅེས་བྱ་ལ། ལུས་སེམས་གཉིས་ཀྱི་དག་པའམ་ཡེ་ཤེས་དེ་ནི་རྒྱུ་ཡིན་ཏེ་རྫོགས་པའི་སངས་རྒྱས་ཀྱི་རིགས་འདྲ་ཡིན་པའི་ཕྱིར། རྒྱུད་ཡིན་ཏེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་འགྱུར་བ་མེད་པར་རྒྱུན་འབྲེལ་བའི་ཕྱིར། བསྐྱེད་རྫོགས་ནི་ཐབས་ཡིན་ཏེ་མཐར་ཐུག་གི་སངས་རྒྱས་ཏེ། དངོས་སམ་བརྒྱུད་པའི་སྒོ་ནས་གསལ་བར་བྱེད་པའི་ཕྱིར། རྒྱུད་ཡིན་ཏེ་དབང་བསྐུར་བ་དམ་ཚིག་དང་སྡོམ་པར་འབྲེལ། དེ་ལམ་རིམ་གཉིས་པ་དང་འབྲེལ། དེ་སྐུ་གཉིས་དང་འབྲེལ་པའི་ཕྱིར། རྒྱུད་གཉིས་པོ་དེའི་སྔ་མ་ནི་ཉེ་བར་ལེན་པའི་རྒྱུ་དང་ཕྱི་མ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ་དེ་གཉིས་ཀའང་མི་གསལ་བ་གསལ་བར་བྱེད་པ་ཡིན་གྱི་སྔར་མེད་གསར་དུ་སྐྱེད་བྱེད་ནི་མ་ཡིན་ནོ། །རྒྱུའི་རྒྱུད་དེ་ཉིད་ཐབས་རྒྱུད་ཀྱིས་སྦྱངས་པས་སྒྲིབ་བྲལ་མངོན་དུ་གྱུར་པ་ནི་འབྲས་རྒྱུད་ཡིན་ཏེ། དེ་ནི་ནམ་མཁའ་ཇི་སྲིད་པར་རྐྱེན་གྱིས་མི་འཕྲོགས་པར་རྒྱུན་བརྟན་པའི་ཕྱིར། སྔགས་སུ་རྒྱུའི་རྒྱུད་ཅེས་གསུངས་པ་ནི་ཕ་རོལ་ཏུ་ཕྱིན་པར་རིགས་ཞེས་བསྟན་པ་དེ་ཡིན་ལ། དཔལ་རང་བྱུང་ཞབས་ཀྱིས། རིགས་ནི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་འདྲ་བའི་ཆ་ཡིན་ལ། དེ་ནི་དཔལ་བརྟག་པ་གཉིས་པ་ལས། ཞལ་ཕྱག་རྣམ་པའི་གཟུགས་སུ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆག་ཕལ་པས་སོ། །ཞེས་བྱ་བ་དང་། སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་སོགས་ཀྱིས་རྒྱས་པར་འཆད་པ་ཡིན་ནོ།། ཞེས་གསུངས་ལ། རིགས་དེ་ལའང་རང་བཞིན་དུ་གནས་པའི་རིགས་དང་། ཡང་དག་པར་བླངས་པ་ལས་བྱུང་བའི་རིགས་གཉིས་སོ། །སྔ་མ་ནི་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཞེས་ཁྱད་པར་གསུམ་ལྡན་དུ་གསུངས་ལ། དང་པོས་ནི་དུས་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་ཡིན་པས་གསར་དུ་རྙེད་པ་མ་ཡིན་པར་བསྟན། གཉིས་པས་ནི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་ཆོས་ཉིད་དུ་ཡོད་པར་བསྟན། གསུམ་པས་ནི་སེམས་ཅན་གྱི་སྐྱེ་མཆེད་དྲུག་པོའི་སྟེང་དུ་ཟག་པ་མེད་པའི་སྐྱེ་མཆེད་དྲུག་དང་ཤིན་ཏུ་འདྲ་བའི་སྐལ་མཉམ་གྱི་རྒྱུ་ཡོད་པ་རྣམས་བསྟན་ནོ། །རིགས་གཉིས་པ་ནི་དམ་པའི་ཆོས་ཐོས་པ་ལ་སོགས་དགེ་བའི་རྩ་བ་གསར་དུ་བླངས་པས་སེམས་ཅན་དེའི་རྒྱུད་སྔར་ལས་ཀྱང་སངས་རྒྱས་ཉིད་དང་ཆེས་འདྲ་བར་གྱུར་པའི་འདྲ་བ་ལ་བརྗོད་དེ། ཆོས་དབྱིངས་བསྟོད་པར་དད་པ་ལ་སོགས་པ་ཁམས་རྒྱས་བྱེད་དུ་གསུངས་ཀྱི་ཁམས་ཉིད་དུ་མ་གསུངས་པའང་ཤེས་པར་བྱའོ། །དེ་ལྟའི་རྒྱུའི་རྒྱུད་ལ་ནི་རྒྱུའི་རྡོ་རྗེ་འཛིན་པའམ་དང་པོའི་སངས་རྒྱས་དང་སེམས་ཅན་གྱི་ཁམས་ཞེས་སོགས་མིང་མང་པོས་བསྟན་ལ། གནས་སྐབས་ཀྱི་སྒོ་ནས་མིང་གསུམ་དུ་འགྱུར་ཏེ། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་གློ་བུར་གྱི་དྲི་མས་གཏན་མ་དག་པའི་ཚེ་སེམས་ཅན་ཞེས་བྱ། མ་དག་པ་དང་དག་པ་གཉིས་ཀ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཞེས་བྱ། ཤིན་ཏུ་རྣམ་པར་དག་པའི་ཚེ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཡང་ལས་དང་ཉོན་མོངས་པས་བསྐྱེད་པའི་འཁོར་བ་དང་ལྡན་པའི་གནས་སྐབས་ནི་མ་དག་པའོ། །ལས་དང་ཉོན་མོངས་པ་ལས་གྲོལ་ཡང་མ་རིག་བག་ཆགས་ཀྱིས་ལས་མ་གྲོལ་བའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་དང་། དེ་ལས་ཀྱང་གྲོལ་བ་ན་དེ་བཞིན་གཤེགས་པར་བསྟན་ཅིང་མདོ་སྡེ་དག་ལས་དེ་དཔེའི་སྒོ་ནས་ཤུན་པ་དང་བཅས་པའི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་བ་ཚའི་ཆུ་ལ་སོགས་པས་བཀྲུ་ཞིང་སྦྱངས་པན་དྲི་མ་དང་བྲལ་བའི་ཚེ་དགོས་འདོད་འབྱུང་བར་ཤེས་ནས་ནོར་བུ་མཁན་ནོར་བུའི་བརྟག་པ་ཤེས་པས་ནོར་བུ་སྦྱོང་བ་ལྟར་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་གཏམ་གསུམ་གྱི་སྒོ་ནས་གསུངས་ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བས་ཡིད་དབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པས་བརྩོན་པ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞེས་གསུངས་ལ། དེ་ལྟའི་སྙིང་པོ་ནི་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པས་ཤིན་ཏུ་རྟོགས་དཀའ་བའི་ཕྱིར་དབང་པོ་རྣོན་པོར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་པ་ཡིན་ཅིང་། བཞི་ནི། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་རྒྱུད་བླར་གསུངས་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུས་གཅིག་ཏུ་རྣམ་པར་དག་པའང་ཡིན་ལ་ཀུན་ནས་ཉོན་མོངས་པའི་དྲི་མ་དང་ལྡན་པའང་ཡིན་ཞེས་པ་བསམ་གྱི་མི་ཁྱབ་པ་ཁམས་ཀྱི་དོན་ནོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་ནས་དྲི་མ་ཀུན་ནས་ཉོན་མོངས་པས་མ་གོས་པའང་ཡིན་ལ་ཕྱིས་ལམ་བསྒོམས་པ་ན་རྣམ་པར་དག་པར་ཡང་འགྱུར་བ་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་ཀྱི་དོན་ནོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་སོ་སོ་སྐྱེ་བོའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་དུ་ཡོད་པས་སྔ་ཕྱི་ཁྱད་མེད་པའང་ཡིན་ལ་ཕྱིས་དྲི་མ་བསལ་བས་གསར་དུ་ཐོབ་པའང་ཡིན་པ་བསམ་གྱིས་མི་ཁྱབ་པ་ཡོན་ཏན་གྱི་དོན་ནོ། །རྒྱལ་བའི་མཛད་པ་འབད་མེད་ལྷུན་གྲུབ་ཏུ་གདུལ་བྱ་སོ་སོའི་སྐལ་བ་བཞིན་རེ་འདོད་སྒྲུབ་པའང་ཡིན་ལ་འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་བའང་ཡིན་པ་བསམ་གྱི་མི་ཁྱབ་པ་ཕྲིན་ལས་ཀྱི་དོན་ནོ། །དེའི་ཁམས་རང་བཞིན་རྣམ་དག་ནི་རྟོགས་པར་བྱ་བའི་གནས་དང་དག་པར་བྱ་བའི་རྒྱུ་ཡིན། བྱང་ཆུབ་ནི་ཁམས་རང་བཞིན་རྣམ་དག་རྟོགས་པའི་རང་གི་ངོ་བོ་དང་དེ་ལས་ཡོན་ཏན་གྱི་འབྲས་བུ་འབྱུང་ལ། དེའི་ཕྲིན་ལས་རྣམས་ཀྱིས་ནི་གཞན་དག་གིས་ཀྱང་ཁམས་རྟོགས་པར་བྱེད་པས་ཕྱི་མ་གསུམ་ནི་དག་པར་བྱེད་པའི་རྐྱེན་ཡིན་ནོ། །རྒྱུ་རྐྱེན་དེ་དག་ལས་འབྲས་བུ་དཀོན་མཆོག་གསུམ་འབྱུང་བས། དཀོན་མཆོག་གསུམ་པོ་འདི་ཡི་རིགས། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །ཞེས་ཁམས་ཀྱི་གནས་ལུགས་སྒྲིབ་བྲལ་ཡོངས་རྫོགས་སུ་གཟིགས་པ་ནི་སངས་རྒྱས་ཁོ་ན་ཡིན་གྱི་གཞན་གྱིས་མི་མཐོང་བས། ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་སོ། །འོ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པ་ལ་དགོས་པ་ཅི་ཞེ་ན། དེ་ལྟར་མ་བསྟན་ན་བདག་ལ་སངས་རྒྱས་ཀྱི་རྒྱུ་མེད་པས་སྒྲུབ་མི་ནུས་སྙམ་དུ་སེམས་ཞུམ་པས་ལམ་ལ་མི་འཇུག་པ་དང་། གཞན་ལ་ཡོད་པར་མ་ཤེས་པས་སེམས་ཅན་ལ་བརྙས་པ་དང་། གློ་བུར་གྱི་དྲི་མ་རང་བཞིན་དུ་བདེན་པར་ཡོད་དོ་སྙམ་དུ་འཛིན་པའི་སྒྲོ་འདོགས་པ་དང་། ཡོན་ཏན་རྣམས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གདོད་མ་ནས་ཡོད་པ་ལ་མེད་དོ་སྙམ་པའི་སྐུར་པ་འདེབས་པ་དང་། བདག་ཉིད་ལ་ལྷག་པར་ཆགས་པ་སོགས་འབྱུང་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མི་སྐྱེ་བས་དེ་རྣམས་སྤོང་བའི་ཆེད་དུ་བསྟན་པ་སྟེ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་རྒྱལ་སྲས་ས་བཅུ་པ་ལ་གནས་པས་ཀྱང་བཙས་པའི་ཁྱིམ་གནས་བུ་ཆུང་གི་ཉི་མའི་གཟུགས་ལྟར་ཅུང་ཟད་ལས་མི་རྟོགས་པའི་དོན་དེ་ནི་སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྟོན་པ་དང་དེའི་གསུང་རབ་དང་དགོངས་འགྲེལ་གྱི་བསྟན་བཅོས་འདི་ལྟ་བུ་དག་ལ་དད་མོས་ཡིད་ཆེས་པ་ཉིད་ཀྱི་རིམ་པར་ཞུགས་ཤིང་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་སྟེ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་དང་། དཔལ་འཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིགས་ཚོགས་སུ་ལྟ་བར་ལྷུང་བ་རྣམས་དང་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པའི་སྔ་མ་ནི་སོ་སོ་སྐྱེ་བོ་རྣམས་སོ། །བར་པ་ནི་ཉན་རང་རྣམས་ཡིན་ཏེ། དེ་དག་ནི་ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་བ་དང་མི་གཙང་བར་བསྒོམས་པས་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་རྟག་པ་དང་བདེ་བ་དང་བདག་དམ་པ་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རྟོགས་མི་ནུས་པས་སོ། །མཐའ་མ་ནི་རིགས་པས་དཔྱད་པའི་ཡུལ་དུ་གྱུར་པའི་མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་བ་ཉིད་ཕ་རོལ་ཏུ་ཕྱིན་པ་ནས་བདེར་གཤེགས་སྙིང་པོ་དང་སྔགས་ནས་རྒྱུའི་རྒྱུད་དུ་བཤད་དོ་ཞེས་སྨྲ་བ་ལྟ་བུ་དང་། གཟུགས་ལ་སོགས་པ་ཞིག་ཅིང་རྒྱུད་ཆད་པ་མྱང་འདས་སོ་ཞེས་མེད་པའི་མཐར་ལྷུང་བ་དང་། སྟོང་པ་ཉིད་གཟུགས་སོགས་ལས་ཐ་དད་པའི་དངོས་པོར་ཡོད་དོ་ཞེས་ཡོད་པའི་མཐར་ལྷུང་བ་ལྟ་བུའོ། །དེ་བཞིན་དུ་རང་འགྲེལ་ལས། རྒྱུ་མཚན་འདི་མ་རྟོགས་པར་ད་ལྟར་འབྲས་བུ་ཡོད་པར་འཆད་པ་དང་། ཉོན་མོངས་སྤང་དུ་མེད་པ་དང་། གཉེན་པོ་ཡེ་ཤེས་གསར་བ་བསྐྱེད་དུ་མེད་པ་དང་། རང་བཞིན་གྱིས་དག་པ་མེད་དགག་འབའ་ཞིག་གི་ཕྱོགས་སུ་ཆད་པ་ནི་རྡོ་རྗེ་ཐེག་པ་ལས་རིང་ངོ་། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་འདི་དོན་དམ་དང་ཀུན་རྫོབ་དང་སངས་རྒྱས་དང་སེམས་ཅན་དང་སྣང་བ་དང་སྟོང་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་གི་ངོ་བོ་ཉིད་གནས་སྐབས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པས་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་ཡི་དྲི་མ་སྦྱང་བྱར་ཡོད་པས་དེ་ལེགས་པར་སྦྱངས་ནས་འབྲས་བུ་མངོན་དུ་གྱིས་ཤིག་ཅེས་རྟོག་པར་བྱ་བའི་ཆེད་དུ་བསྟན་པ་སྟེ། གྲུབ་ཆེན་ཀརྨ་པས། གཞི་ལ་གནས་པ་ལམ་དུ་སློང་། །ལམ་གནས་འབྲས་བུར་རྫོགས་པའི་ཕྱིར། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྡོ་རྗེ་ཐེག་པ་ཞེས་བྱ་སྟེ་འགྱུར་བ་མེད་པའི་དོན་གྱིས་ན་རྡོ་རྗེ། ཐེག་པ་ནི་ཤིང་རྟ་ལ་སོགས་པའི་བཞོན་པ་ལ་འཇུག་ལ། དེ་དང་འདྲ་བར་མོས་པ་དང་ཤེས་རབ་ལ་སོགས་པས་འདིའི་གནས་ལུགས་རྟོགས་པ་ན་གོང་ནས་གོང་དུ་འདྲེན་པས་ཐེག་པར་བསྟན་པའོ། །གཉིས་པ་དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ལུས་སེམས་གཉིས་ཀྱི་ཆར་གནས་ལ། སེམས་ཀྱི་སྣང་བ་ལས་ལུས་གྲུབ་ལུས་ཀྱི་བྱེད་པས་སེམས་འཁོར་འདས་སོ་སོར་འཁྲིད་པས་བསྒོམ་རྒྱུའི་དོན་གྱི་ངོ་བོ་ངོ་ཤེས་པར་བྱ་བའི་ཕྱིར་སེམས་དངོས་པོའི་གནས་ལུགས་སྟོན། བསྒོམ་བྱའི་གནད་ངོ་ཤེས་པར་བྱ་བའི་ཕྱིར་ལུས་དངོས་པོའི་གནས་ལུགས་སྟོན་ཏེ་ཐོག་མར་རྒྱུ་རྐྱེན་བསྟན་པ་དང་། ཞེས་པས་སེམས་ཀྱི་གནས་ལུགས་བསྟན། དེ་ལས་ལུས་སུ་སྣང་བ་འབྱུང་བས། མངལ་སྐྱེས་ལུས་ནི་འགྲུབ་པའི་ཚུལ། །དེ་ཉིད་རྩ་ཡི་རྣམ་བཤད་དང་། །རླུང་ནི་གནས་དང་རྒྱུ་བའི་ཚུལ། །ཐིག་ལེ་ཇི་ལྟར་རྒྱུ་བ་དང་། །རྣམ་ཤེས་ལ་སོགས་འབྲེལ་བའི་དོན། །དེ་དག་སྣོད་ལ་སྦྱར་བ་དང་། །བསྐྱེད་པའི་ལྷ་རྣམས་གང་ཡིན་དང་། །ཆོས་ཀྱི་སྦྱང་གཞིར་བསྟན་པ་དང་། །ལམ་གྱི་རིམ་པར་བསྟན་པ་དང་། །དེ་རྣམས་འཇིག་ཅིང་སྡུད་པའི་ཚུལ། །རྒྱལ་བས་བསྟན་པ་བཞིན་བཤད་བྱ། །ཞེས་གཞིའི་གནས་ལུགས་དང་དེའི་དྲི་མ་སྦྱོང་བྱེད་ཀྱི་ལམ་རིམ་འདྲེས་མར་བསྟན་ཏེ། བསྐྱེད་པའི་ལྷ་བསྟན་པ་སོགས་དུམ་བུ་གསུམ་གྱིས་ལམ་བསྟན། ལྷག་མ་རྣམས་ཀྱི་གཞིའི་གནས་ལུགས་བསྟན་པའོ། །དེ་ནས་ཡན་ལག་རྒྱས་པར་བཤད་པ་ལ་དུམ་བུ་བཅུ་གཅིག་ལས་དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པ་ལ། སེམས་དག་པ་དང་མ་དག་པའི་ངོ་བོ་བཤད་པ་དང་། ཇི་ལྟར་འཁྲུལ་བའི་ཚུལ་དང་། རྒྱུ་རྐྱེན་གྱི་དབྱེ་བ་དང་། གནས་སྐབས་གསུམ་གྱི་དབྱེ་བ་དང་བཞིའོ། །དང་པོ་ལ་ངོ་བོ་དང་རྣམ་པ་གཉིས་ལས་ངོ་བོ་ནི། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་གཞི་ལམ་འབྲས་བུའི་རྒྱུད་གསུམ་ལས། གཞི་རྒྱུ་རྒྱུད་འཆད་དོ། །འོ་ན་འཁོར་འདས་གཉིས་འབྱུང་ཞིང་སྣང་བའི་རྒྱུ་ནི་གང་ཞེ་ན། སེམས་ཉིད་ཡིན་ནོ་ཞེས་བྱ་ལ། སེམས་ཉིད་ཅེས་བྱ་བ་ནི་དྲི་མ་དང་བཅས་པའི་སྙིང་པོ་སྟེ། དག་པ་དང་མ་དག་པ་སོ་སོར་མ་ཕྱེ་བར་བཞག་པ་ཡིན་ལ། ཕྱེ་ན་གློ་བུར་གྱི་དྲི་མ་འཁོར་བའི་རྒྱུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་མྱང་འདས་ཀྱི་རྒྱུ་ཡིན་ནོ། །དེ་ལྟར་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཉིད་དོ། །དེ་ལ་ཀུན་གཞི་ཞེས་བྱ་བའི་སྒྲ་འཇུག་སྟེ། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་སོ། །འོན་ཀྱང་ཀུན་གཞིའི་རྣམ་ཤེས་ནི་མ་ཡིན་ཏེ། དེ་ནི་འཁོར་བ་འབའ་ཞིག་གི་རྒྱུ་ཡིན་གྱི་མྱ་ངན་ལས་འདས་པའི་ནི་སྤང་བྱ་ཡིན་པས་སོ། །སེམས་དག་མ་དག་གཉིས་ཕྱེ་བའི་ཚེ་ན་དག་པ་ནི་རྟེན་དང་མ་དག་པ་ནི་དེ་ལ་བརྟེན་པ་ཡིན་པས། རྒྱུད་བླར། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་པ་མེད། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། །ཅེས་གསུངས། དེ་བཞིན་དུ་ཆོས་ཅན་དང་ཆོས་ཉིད་དབུས་དང་མཐའ་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་སོགས་ཀྱི་སྒྲས་ཀྱང་བསྟན་ནོ། །སེམས་ཉིད་དེ་ཀུན་རྟོག་གི་ཡུལ་མིན་པས་ཐོག་མཐའ་མ་དམིགས་ཤིང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་གཅིག་པ་དང་ཐ་དད་པ་ཉིད་དུ་བརྗོད་དུ་མེད་པས་རྒྱ་ཆད་མ་མཆིས་པ་སྟེ། མདོ་དགོངས་འགྲེལ་དུ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །སྐྱེ་འགག་དང་རྟག་ཆད་ལ་སོགས་པའི་མཐར་མ་ལྷུང་བས་ཕྱོགས་ལྷུང་མ་མཆིས་པའོ། །དེས་ན་འདིར་དག་པ་ལ་སེམས་སུ་བརྗོད་པ་དང་མ་དག་པ་ལ་སེམས་སུ་བརྗོད་པ་གཉིས། སྔ་མ་ནི་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དང་དེ་ལ་བརྟེན་པའི་རིགས་ཀྱི་བྱེ་བྲག་ཟག་མེད་ཀྱི་ས་བོན་ལ་ཐོས་པའི་བག་ཆགས་ཞེས་བྱ་བ་ཡིན་ཏེ། ཐེག་བསྡུས་ལས། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་སོན་པ་ལས་དེ་བྱུང་ངོ་། །ཞེས་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་སྟེ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུ་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འགྱུར་ཏེ་ཐོས་བསམ་སྒོམ་པ་ལན་མང་དུ་བྱས་པ་དང་ལྡན་པའི་ཕྱིར་དེ་ནི་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཞེས་སོགས་གསུངས་སོ། །མ་དག་པ་ལ་སེམས་སུ་བརྗོད་པ་ནི་ཀུན་གཞིའི་རྣམ་ཤེས་ཡིན་ལ། དེ་ནི་ཀུན་ལས་བཏུས་པར། སེམས་གང་ཞེ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཀྱི་ཡོངས་སུ་བསྒོས་པ་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པར། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་པའི་དོན་དེ་བཞིན་ཉིད་ལའང་ཀུན་གཞིར་བརྗོད་དུ་རུང་བས་རྣམ་ཤེས་ཞེས་སྨོས། འོ་ན་རྣམ་པར་ཤེས་པ་ནི་དོན་མཐོང་བ་ལ་བཞག་ཅིང་ཀུན་གཞིའི་རྣམ་ཤེས་ཀྱིས་དོན་ཇི་ལྟར་མཐོང་ཞེ་ན། འདི་ཉིད་ཀྱིས་དོན་མི་མཐོང་ཡང་རྣམ་ཤེས་ཚོགས་བདུན་དེ་ལས་སྐྱེ་ཞིང་དེ་དག་གིས་དོན་མཐོང་བས་རྣམ་ཤེས་ཞེས་སྨོས། ཡང་ན་དོན་གྱི་ངོ་བོ་ཙམ་རིག་པ་དང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པས་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཕྱོགས་རིས་ཀྱི་བྱེ་བྲག་མི་གསལ་ཞིང་སྒྲོ་འདོགས་གཅོད་མི་ནུས་ཀྱང་ནང་སེམས་ཅན་དང་ཕྱི་འཇིག་རྟེན་མཐའ་དག་སྣང་བར་ནུས་པ་ལས་བཞག་པའོ། །ཚིག་གཉིས་པ་ནི། སྔོན་གྱི་ལས་ཟག་བཅས་རྣམས་ཀྱིས་འཕངས་ཤིང་རྣམ་སྨིན་གྱི་ཆོས་དང་ལྡན་པས་རྣམ་སྨིན་ཐམས་ཅད་པའམ་རྣམ་པར་སྨིན་པའི་རྣམ་ཞེས་བྱ་སྟེ། ཚོགས་བདུན་འཁོར་བཅས་ཀྱིས་དགེ་བ་དང་མི་དགེ་བའི་ལས་བྱས་པ་དེའི་བག་ཆགས་བསགས་ཤིང་སྨིན་པ་ཆར་ཆུ་བསགས་པ་ལས་རྒྱ་མཚོ་བྱུང་བ་ལྟ་བུའོ། །དེ་ཉིད་འཁོར་བའི་ཆོས་མ་ལུས་པ་བསྐྱེད་པའི་ནུས་བག་ཆགས་དང་ལྡན་པའི་ཆ་ནས་ས་བོན་ཐམས་ཅད་པ་ཞེས་བྱ་སྟེ། ད་ལྟ་སྣ་ཚོགས་སོ་སོར་མི་གསལ་ཀྱང་གང་འབྱུང་བར་ཉེ་བའི་རྐྱེན་དང་ཕྲད་ན་སོ་སོར་སྣང་བ་དཔེར་ན་རས་ཚིག་གུའི་རྩི་སྣ་ཚོགས་ཀྱི་བསྒྱུར་བར་ཞིག་ཁ་དོག་སྣ་ཚོགས་སུ་མི་སྣང་ཡང་ཚོན་གྱི་སྣོད་དུ་བཅུག་པ་ན་ཁ་དོག་སྣ་ཚོགས་བཀྲ་བ་དང་མཚུངས་ལ། འདི་ནི་ཐེག་ཆེན་ལས་མཆོག་ཏུ་ཟབ་ཅིང་ཕྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་གྲགས་སོ། །དེ་ལྟར་ན་ལས་སྣ་ཚོགས་ཀྱི་བག་ཆགས་བསྒོམ་པའི་སེམས་ལ་ཀུན་གཞིར་བཤད་ཅིང་བག་ཆགས་སྟུག་པོར་གྱུར་པས་ཕྱི་ནང་གི་ཆོས་རྣམས་སྣང་བ་སྟེ། རྒྱན་སྡུག་པོ་བཀོད་པར། ཇི་ལྟར་འོ་མ་གྱུར་པ་ན། །ཡོན་ཏན་ཞོ་དང་དར་བར་གནས། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རྣམ་པར་གྱུར་ན་གཟུགས་ལྟར་གནས། །ཞེས་དང་། སློབ་དཔོན་ཟླ་བས། སེམས་ཉིད་ཀྱི་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤགས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་སོ། །བག་ཆགས་དང་ཀུན་གཞི་ནི་རྫས་གཅིག་ཐ་དད་གང་དུའང་མི་བརྗོད་ལ་འཇོག་ཚུལ་ནི་རྙིང་པ་རྣམས་གསོལ་འདེབས་ཤིང་གསར་པ་ཡང་འཇོག་པས་ས་བོན་གྱིས་འབྲས་བུ་སྒྲུབ། འབྲས་བུས་ས་བོན་བྱེད་པ་ལྟར་དང་། སྐད་ཅིག་ཏུ་འགག་ཀྱང་དེ་མ་ཐག་སྐྱེ་བ་དང་། གཉེན་པོས་བཅོམ་པའམ་འབྲས་བུ་མ་བྱུང་བར་རྒྱུན་མི་འཆད་པ་དང་། དུས་གཅིག་ལ་ཐམས་ཅད་མི་འབྱུང་གི་རྐྱེན་གང་དང་ཉེ་བ་སོ་སོར་འབྱུང་བའོ། །དེ་བས་ཆོས་གང་དང་ཀུན་གཞི་ལྷན་ཅིག་འབྱུང་བའི་ཚེ་དེ་དང་འདྲ་བར་ཀུན་གཞིའམ་འབྱུང་བ་ནི་རྒྱུ་མཐུན་གྱི་བག་ཆགས་ཞེས་བྱ། རྣམ་ཤེས་སྔ་མས་བཞག་པ་ཡིན། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་པ་ལྟར་ཆོས་གཞན་གྱིས་བསྒོས་པའི་ནུས་པ་ཆོས་གཞན་སྐྱེ་བའི་རྒྱུའི་རྐྱེན་ལ་རྣམ་སྨིན་གྱི་བག་ཆགས་ཞེས་བྱའོ། །དུས་རྟག་ཏུ་སེམས་བྱུང་རེག་པ་དང་ཡིད་བྱེད་སོགས་ཀུན་འགྲོ་ལྔ་འཁོར་དུ་འབྱུང་ལ། དེའི་འཁོར་གྱི་ཚོར་བ་ནི་བཏང་སྙོམས་ཁོ་ན་དང་ཐར་ལམ་ལ་མངོན་འགྱུར་མི་སྒྲིབ་པ་རང་གི་ངོ་བོ་ལུང་མ་བསྟན་མེ་ལོང་གི་གསལ་བ་བཞིན་དང་། སངས་རྒྱས་མ་ཐོབ་ཀྱི་བར་ཡུལ་དང་ཡུལ་ཅན་དུ་རྒྱུན་མི་འཆད་པར་འབབ་པ་ཆུ་བོ་བཞིན་དང་། ཀུན་གཞིས་འཇུག་པའི་རྣམ་ཤེས་བསྐྱེད་པ་དང་། འཇུག་ཤེས་རྣམས་ཀྱིས་ཀྱང་ཚེ་འདིའི་ཀུན་གཞི་རྒྱས་པར་བྱེད་ཕྱི་མའི་ཀུན་གཞི་སྐྱེད་པར་བྱེད་པས་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་པ་དང་། ཐེག་ཆེན་གྱི་དགྲ་བཅོམ་ཐོབ་པ་ན་དེ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པས་ཅུང་ཟད་ཀྱང་མ་ལུས་པར་ལྡོག་པ་ཡིན་ནོ། །དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། ཞེས་ཐེག་དམན་དུ་མ་གསུངས་ཤིང་ལུས་ལེན་པ་དང་གནས་པར་བྱེད་པས་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། དཔལ་འཕྲེང་གི་མདོར་མ་རིག་བག་ཆགས་ཀྱི་ས་ཞེས་ཀྱང་བསྟན་ལ་རྣམ་པར་དཔྱད་ན་ཀུན་གཞིའི་རྣམ་ཤེས་ནི་སེམས་ཀྱི་བག་ཆགས་ཙམ་ཡིན་གྱི་གཞན་འགར་ཡང་མེད་ཅིང་དེས་ན་གློ་བུར་བ་ཡིན་པས་སྤང་དུ་རུང་བའོ། །བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་དག་གིས་བསག །བག་ཆགས་བྲལ་ན་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །ཅེས་འབྱུང་ལ། དེས་ན་འཁོར་ལོ་མཐའ་མའི་མདོ་དགོངས་འགྲེལ་དང་བཅས་པ་ནས་ཀུན་གཞི་འདི་ཉིད་འཁོར་བའི་རྩ་བར་གསུངས། འཁོར་ལོ་བར་པའི་དགོངས་པ་ནི་དབུ་མ་རྩ་བར། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གཟུང་འཛིན་ལ་མངོན་པར་ཞེན་པའི་མཚན་འཛིན་གྱི་སྤྲོས་པ་འཁོར་བའི་རྩ་བར་གསུངས། འཁོར་ལོ་དང་པོ་ཉན་ཐོས་ཀྱི་ཐེག་པའི་ཚུལ་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་བར་མེད་དུ་འཁོར་བ་ནི་འཁོར་བ་ཡིན་ལ། དེའི་ཐོག་མ་མ་རིག་པ་དང་དེ་ཡང་བདག་ཏུ་ལྟ་བ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ལས་བྱུང་བས་བདག་འཛིན་ཉིད་འཁོར་བའི་རྩ་བར་བཤད་པ་དང་སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་སྲེད་པར་ཡང་གསུངས་སོ། །དེ་དག་ནི་སློབ་དཔོན་ཨཱརྻ་དེ་བས་མདོ་རྒྱུད་རྟོག་པ་བསྲེས་ནས་འཆད་པ་ན་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནད་རྣམས་མདོ་སྡེ་དག་ནས་དགོངས་བས་བཤད་པར་གསུངས་པ་བཞིན་གསལ་པོར་མ་བཤད་པར་ཕྱོགས་ཙམ་མཚོན་ནས་གསུངས་སོ། །རྒྱུ་མཚན་དེ་ལྟ་བུས་སྔགས་ཀྱི་དོན་མཚོན་པར་བྱེད་པས་ན་མཚན་ཉིད་ཀྱི་ཐེག་པ་དང་སྔགས་ཀྱི་ལམ་དང་འབྲས་བུ་རྟོགས་པའི་རྒྱུར་འགྱུར་བས་རྒྱུའི་ཐེག་པ་ཞེས་བསྟན་ཅིང་སྔོན་འགྲོ་ཙམ་ཡིན་ལ། སྔགས་ལུགས་ཐུན་མོང་མིན་པ་ནི་ཕ་རྒྱུད་ཀྱི་དགོངས་པ་འོད་གསལ་ཐམས་ཅད་སྟོང་པ་སོགས་སྟོང་པ་བཞི། དེ་ལས་འབྱུང་བ་བཞིན། དེ་རྣམས་ཚོགས་པ་སྐྱེ་འགྲོ་བསྐྱེད་པའི་རྩ་བར་བཞེད་པས་འཕགས་པ་ལྷས། ས་ལ་སོགས་པ་བཞི་པོ་དང་། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་དག་ཏུ། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཞེས་གསུངས། མ་རྒྱུད་ཀྱི་དགོངས་པ་འཇིག་རྟེན་པའི་ལྷན་སྐྱེས་ལས་འཁོར་བ་འབྱུང་བར་བཞེད་དེ། འགྲེལ་ཆེན་དུ། བྱེད་པ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཁུ་བ་འཕོ་བའི་སྐད་ཅིག་འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཞེས་མ་རིག་པའི་རྒྱུར་གྱུར་པའི་ཀུན་གཞིའི་རྣམ་ཤེས་པར་ཤེས་པའི་མཚན་ཉིད་ཅན་ནི་ཁུ་ཁྲག་ཕྲད་པ་ན་ཡིད་ཀྱིས་བདེ་བ་མྱོང་ཞིང་དེས་ཀུན་གཞི་བྱིན་གྱིས་བརླབས་ནས་བདེ་བར་རོ་གཅིག་ཅིང་བརྒྱལ་བ་ལྟ་བུ་སྟེ། སེམས་ཅན་སྐྱེ་བ་དང་འཆི་བ་ན་སྐྱེད་སྡུད་ཀྱི་བྱེད་པ་པོ་ཡིན་ནོ། །དེ་ཡང་འཆི་བ་ན་སྙིང་གར་དཀར་དམར་སེམས་གསུམ་འདྲེས་པ་དང་སྐྱེ་བ་ན་མངལ་དུ་འདྲེས་པའི་སྐབས་ཡིན་ལ། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་གཏོགས་གང་གིས་ཀྱང་གཞོམ་པར་མི་ནུས་པས་མི་ཤིགས་པའི་ཐིག་ལེ་ཞེས་བྱ་ལ། རྒྱུ་རྒྱུད་ཀྱི་ཨེ་ཝྃ་ཞེས་ཕུང་ཁམས་སུམ་ཅུ་རྩ་དྲུག་གི་རང་བཞིན་དེང་རྩ་བར་གྱུར་པའོ། །དེ་དང་རིགས་མཚུངས་པའི་སེམས་ལ་ཀུན་གཞིར་བཏགས་པ་ཡོད་དེ་བཞི་པའི་གནས་སྐབས་སམ་ལུས་ཤུགས་ཆད་པའི་དུས་ཀྱི་སེམས་ཧད་པོ་ལྟ་བུ་ཡིན་པར་མན་ངག་པ་རྣམས་གསུང་། གཉིས་པ་སེམས་ཀྱི་རྣམ་པ་ནི། དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་པ་སྟེ། སེམས་དག་པ་དང་མ་དག་པ་གང་ཡིན་ཡང་ངོ་བོ་སྐྱེ་བ་མེད་པས་སྟོང་པ་རང་བཞིན་འོད་གསལ་བ། ཁྱད་པར་སྔགས་ལུགས་སུ་ཐམས་ཅད་བདེ་བ་ཆེན་པོ་ཡིན་པར་གཅིག་མོད་ཀྱང་མ་འགགས་པའི་རོལ་པ་ལས་ཅིར་ཡང་འཆར་ཏེ། གོང་དུ་ཀྱང་ཞེས་འབྱུང་བའི་ཚིག་ཟུར་འཁོར་འདས་གཟུང་འཛིན་གྱི་ཆོས་སོ་སོ་ཕྱོགས་སུ་ལྷུང་བ་ལྟ་བུ་སྣ་ཚོགས་འཆར་བ་ནི་ཀུན་གཞི་ལས་ཉོན་ཡིད་དེ་ལས་རྣམ་ཤེས་ཚོགས་དྲུག་དེ་ལས་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་འགག་མེད་དུ་འཆར། དེ་ལས་སྣོད་བཅུད་ཀྱི་སྣང་བ་འཆར་ཞིང་སྔགས་ལུགས་སུ་འོད་གསལ་ལམ་ལྷན་སྐྱེས་ལས་རླུང་དང་རྩ་དང་ཕྱི་ནང་གི་ལུས་སྣ་ཚོགས་འགག་མེད་དུ་འཆར་བར་བཤད་དོ། །ངོ་བོ་དང་རྣམ་པ་འདི་ལ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་རྗེ་སྒམ་པོ་པས་གསུངས་ལ། མདོར་ན་གཅིག་ཉིད་དུ་མར་སྣང་ཞིང་དུ་མའང་གཅིག་ལས་མ་འདས་པས། ཀྱེའི་རྡོ་རྗེར། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་གསུངས། གཉིས་པ་ཇི་ལྟར་འཁྲུལ་བའི་ཚུལ་ལ། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་གཉིས། དང་པོ་ནི། དེ་ཉིད་རང་གིས་རང་མ་རིག །ཅེས་པ་སྣང་བ་གློ་བུར་གྱི་དྲི་མས་གཡེངས་ནས་གནས་ལུགས་རང་བཞིན་རྣམ་དག་དེ་ཉིད་མ་རིག་ཅིང་སྣང་བ་སྣ་ཚོགས་ཀྱི་རང་བཞིན་ཡང་གནས་ཚུལ་འདི་ཉིད་ཀྱི་འཆར་སྒོ་ལས་མ་འདས་པས་རང་གིས་རང་ཞེས་སྨོས་ཏེ་དཔེར་ན་ཆུ་རླབས་ཀྱིས་ཆུ་བསྒྲིབས་པའི་ཚེ་ཆུ་རང་གིས་རང་བསྒྲིབས་པ་ལྟ་བུའོ། །དེ་ལ་གང་མ་རིག་ན་སེམས་རང་བཞིན་གྱིས་དག་པའི་རང་གི་ངོ་བོའོ། །གང་གིས་མ་རིག་ན་སེམས་རང་གི་ངོ་བོར་ཡུལ་ཡུལ་ཅན་ལྟར་སྣང་བའི་འགའ་པ་མེད་པའི་རྩལ་གྱིས་སོ། །ཚུལ་ཇི་ལྟར་མ་རིག་ན་འགྲེལ་ཆེན་དུ། བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་དང་། འཕོ་བའི་བག་ཆགས་འདི་ནི་འཁོར་བའི་འཁོར་ལོར་མི་འགྱུར་རོ་ཞེས་པ་འདིར་འགག་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པ་རྣམས་ཀྱིས་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་བདག་ཉིད་དེ། དེ་ཉིད་འཁོར་བའི་འཁོར་ལོར་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་མཆོག་ཏུ་མི་འགྱུར་བའི་རིག་པ་འཛིན་པ་ཉིད་ཀྱི་ཕྱིར་རོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུ་བའི་རིག་པ་འཛིན་པ་འཁོར་བའི་བག་ཆངས་ལས་འདས་པ་སྟེ། དེའི་ཆོས་མི་མཐུན་པས་འཁོར་བ་པ་རྣམས་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ཀྱིས་བཟུང་བའོ། །དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་པོ་ནི་རིག་པ་སྟེ། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །དེས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བའོ། །འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ་ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་ཞེ་སྡང་ངོ་། །ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་བརྒྱལ་བ་ཞེས་བྱ་བ་ནི་གཏི་མུག་གོ །དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ནི་མ་རིག་པ་སྟེ་ནམ་མཁའི་མེ་ཏོག་གི་འཕྲེང་བ་ནི་མ་ཡིན་ནོ། །མ་རིག་པ་ཞེས་བྱ་བ་ནི་ཉོན་མོངས་པའོ། །ཞེས་སོགས་དང་། ཕུང་པོ་རྣམས་ཀྱི་མཚམས་སྦྱོར་བ་ནི་འགྱུར་བའི་འདོད་ཆགས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །ཞེས་གསུངས་ཏེ། མི་འགྱུར་བའི་བདེ་ཆེན་མ་རིག་ཅིང་འཁྲུལ་བའི་རྒྱུ་ནི་འགྱུར་བའི་བག་ཆགས་ཡིན་ལ་དེ་ལས་སླར་རྟེན་འབྲེལ་བཅུ་གཉིས་འཆར་བར་བཞེད་པས་བག་ཆགས་ལས་འཁོར་བ་འཁོར་བ་ལས་བག་ཆགས་འབྱུང་བོ། །སྤྱིར་རྟེན་འབྲེལ་གྱི་སྒྲ་དང་དོན་བཤད་ན། མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བའམ། སྔ་མ་ལ་བརྟེན་ཅིང་འབྲེལ་པར་ཕྱི་མ་རྣམས་འབྱུང་བའམ། རྒྱུ་དང་རྐྱེན་ཕྲད་ཅིང་ཚོགས་པ་ལ་བལྟོས་ནས་འབྲས་བུ་འབྱུང་བས་རྟེན་འབྲེལ་ཅེས་བྱ། གྲུབ་མཐའ་འོག་མ་གཉིས་ཀྱི་ནི་རྟེན་འབྲེལ་བཅུ་གཉིས་པོ་རྣམས་ཕུང་པོ་ལྔ་ཚོགས་པ་དང་གང་རུང་རེ་རེ་བར་འདོད། སེམས་ཙམ་པས་ནི། ས་བཅུ་པར། ཀྱེ་རྒྱ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས་སེམས་ཉིད་ཀྱི་རྟེན་འབྲེལ་དུ་འདོད་ལ། དབུ་མ་པས་ནི་སྟོང་ཉིད་ལས་རྟེན་འབྲེལ་འཆར་བར་བཞེད་དེ། དཔལ་མགོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་སུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་ཤིང་ཆོས་ཐམས་ཅད་རྟེན་འབྲེལ་དང་སྟོང་ཉིད་ཟུང་འཇུག་ཏུ་སྟོན་པ་ངེས་དོན་ཡིན་གྱི་སེམས་སུ་སྟོན་པའང་དྲང་དོན་ཏེ། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་པ་དང་། ཡོད་པའི་ཟླས་དྲངས་མེད་པ་སྟེ། །མེད་པའང་ཡོད་པའི་ཟླས་དྲངས་པའོ། །ཞེས་བརྟེན་ནས་བྱུང་བ་དང་བལྟོས་ནས་བཞག་པའི་རིགས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་བདེན་མེད་དུ་སྒྲུབ་པར་མཛད་པའོ། །རྟེན་འབྲེལ་དབྱེ་ན་ཀུན་ནས་ཉོན་མོངས་པ་འཁོར་བའི་རྟེན་འབྲེལ། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་རྟེན་འབྲེལ་གཉིས། སྔ་མ་ལའང་ཕྱི་སྣོད་དང་ནང་སེམས་ཅན་གྱི་རྟེན་འབྲེལ་གཉིས། དེའི་ཕྱི་མ་ལ་གསུམ་དུ་འགྱུར་ཏེ། ཐེག་བསྡུས་སུ་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང་། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་རྣམ་ཤེས་ཚོགས་དྲུག་ཏུ་གསུངས་པའོ། །དེའི་ཡན་ལག་བཅུ་གཉིས་ནི་དུམ་བུ་གསུམ་དུ་འདུ་སྟེ། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་པས་དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ་རྣམས་ཉོན་མོངས་པ་ཡིན་ལ། གཉིས་པ་འདུ་བྱེད་དང་བཅུ་པ་སྲིད་པ་ནི་ལས་ཡིན་ཅིང་ལྷག་མ་རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྐྱེ་བ། རྒ་ཤི་བདུན་པོ་ནི་སྡུག་བསྔལ་ཏེ། དེ་ལྟར་ཉོན་མོངས་པ་ལས་ལས་བྱུང་། ལས་ལས་སྡུག་བསྔལ་གྱི་ཕུང་པོ་བྱུང་། དེ་ལས་ཀྱང་ཉོན་མོངས་འབྱུང་བ་བྱ་དང་སྒོ་ང་ལྟར་འཁོར་བའོ། །འདིར་གཞུང་གི་དོན་ནི། རང་བྱུང་རྒྱལ་བ་ཉིད་ཀྱིས། །འཁོར་འདས་ཐམས་ཅད་སེམས་ཙམ་སྟེ། །འདི་ཡི་རྒྱུ་རྐྱེན་རྟེན་འབྲེལ་ནི། །ཚོགས་དྲུག་ཡིད་དང་ཀུན་གཞི་ཞེས། ཞེས་གསུངས་ལ། མངོན་པའི་མདོར། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་ཆོས་རྣམས་ཀུན། །རྦ་རླབས་བཞིན་དུ་རྣམ་པར་གཡོ། །ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཆུ་ཀློང་ལྟ་བུ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་། །ཞེས་པ་ལྟར། འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །ཞེས་སེམས་ཀུན་གཞི་ལས་ཉོན་མོངས་པ་ཅན་གྱི་ཡིད་བྱུང་། ཡིད་དེ་ལས་ཚོགས་དྲུག་གི་རྣམ་ཤེས་བྱུང་། ཚོགས་བདུན་པོ་དེས་དགེ་མི་དགེ་ལུང་མ་བསྟན་གྱི་བག་ཆགས་འཇོག་སྟེ། ལས་ཀྱི་བག་ཆགས་གཟུང་འཛིན་གྱི་བག་ཆགས་ཀྱིས་གསོས་ནས་ཀུན་གཞི་རྒྱས་ཤིང་རྒྱུན་མི་འཆད་པར་བྱེད་དོ། །དེའི་ཉོན་ཡིད་ནི། སུམ་ཅུ་པར། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པའི་དེ་ན་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །འདི་ནི་གྱུར་པ་གཉིས་པའོ། །ཞེས་གསུངས་ཏེ་ཀུན་གཞི་ལས་བྱུང་ཞིང་གནས་ལ། ཀུན་གཞིའི་དོན་གྱི་ངོ་བོ་ཙམ་རིག་ཅིང་དམིགས་ནས་ངར་སེམས་པས་ཡིད་ཅེས་བྱ་བ་དང་ཐར་པ་ཐོབ་པ་ལ་སྒྲིབ་ཅིང་དགེ་མི་དགེ་དང་ལྷན་ཅིག་མངོན་གྱུར་དུ་མི་འབྱུང་བས་ལུང་མ་བསྟན་གྲོགས་ཉོན་མོངས་བཞི་ནི་བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་སྟེ་བཞི་དང་། ཀུན་འགྲོ་ལྔ་དང་ལྡན་པ་དགྲ་བཅོམ་ཐོབ་པ་ན་གཏན་ནས་སྤངས་ཤིང་འགོག་པའི་སྙོམས་འཇུག་དང་འཕགས་པ་སློབ་པའི་མཉམ་གཞག་ཏུ་མངོན་འགྱུར་མི་འབྱུང་བས་དེ་གསུམ་མ་གཏོགས་ང་སྦྱིན་པ་གཏོང་ཞེས་སོགས་དགེ་བ་དང་། ང་གནོད་པ་བྱེད་ཅེས་སོགས་མི་དགེ་བ་དང་། ང་བཟོ་བྱེད་ཅེས་སོགས་ལུང་མ་བསྟན་གྱི་གནས་སྐབས་ཐམས་ཅད་དུ་ཡོད། གྱུར་པ་གཉིས་ནི་ས་བརྒྱད་པར་ཅུང་ཟད་གནས་འགྱུར་ཞིང་སངས་རྒྱས་ཐོབ་པ་ན་གནས་གྱུར་མཐར་ཐུག་པ་མཉམ་ཉིད་ཡེ་ཤེས་སོ། །འདི་ལ་ཉོན་མོངས་བཞིས་འཁྱུད་པའི་ཆ་ནས་ཉོན་ཡིད་དང་རྣམ་ཤེས་གཞན་སྐྱེད་པར་བྱེད་པའི་ཆ་ནས་ཡིད་ཀྱི་ཁམས་དང་ཡིད་ཀྱི་དབང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་དེ་མ་ཐག་ཡིད་ཅེས་སོགས་བརྗོད་དེ།ཐག་ཁྲ་མཐོང་བ་དང་དེ་ལ་སྤྲུལ་དུ་འཁྲུལ་བ་ལྟར་ངོ་བོ་གཅིག་ཀྱང་བྱེད་ལས་ཀྱིས་ཕྱེ་བས། ཐེག་བསྡུས་སུ། དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ་དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ། །ཞེས་སོགས་དང་། རང་བྱུང་ཞབས་ཉིད་ཀྱིས་ཀྱང་། དེ་མ་ཐག་དང་ཉོན་ཡིད་གཉིས། །དྲུག་པོ་སྐྱེ་དང་འགག་པ་ཡི། །རྐྱེན་ཕྱིར་དེ་མ་ཐག་པ་ཡིན། །ཚོགས་དྲུག་སྐད་ཅིག་སྐྱེ་འགག་གི །གྲངས་བཞིན་དེ་དང་འབྲེལ་བ་ཡིན། །རྣལ་འབྱོར་ལྡན་པའི་ཡིད་དང་ནི། །རྒྱ་བའི་བཀའ་ལས་འདི་ཤེས་འགྱུར། །ཞེས་པ་ནས། དྲུག་པོ་འགགས་མ་ཐག་ཡིད་ནི། །རྣམ་ཤེས་སྐྱེ་བའི་གནས་ཡིན་ཏེ། །ཉོན་ཡིད་ཉོན་མོངས་གནས་སུ་འགྱུར། །སྐྱེད་དང་སྒྲིབ་པའི་ནུས་པར་ལྡན། །དེ་ཕྱི་ཡིད་དེ་རྣམ་པ་གཉིས། །ཞེས་པའི་བར་གྱིས་བསྟན་ཏོ། །དེའི་དྲི་མ་ཉོན་མོངས་པ་བཞི་དང་བྲལ་བའི་ཚེ་ནི་དྲི་མ་མེད་པའི་ཡིད་ཅེས་ཀྱང་འཇོག་ལ། མདོར་ན་ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་རྒྱུ་དང་ཉོན་ཡིད་ནི་འཁོར་བ་འགྲུབ་པའི་རྐྱེན་ཡིན་ལ་ཉོན་ཡིད་འཁོར་བཅས་ཀྱིས་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་ཅིང་ཡིད་ལ་བྱེད། དེའི་རྐྱེན་གྱི་འཁྲུལ་སྣང་སྣ་ཚོགས་འཆར་ཞིང་དེ་རྣམས་ཀྱི་བག་ཆགས་ལས་སླར་ཀུན་གཞི་འགྲུབ་པས། ལང་གཤེགས་ལས། སེམས་ནི་རང་བཞིན་དང་བ་སྟེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །རྣམ་པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་བར་བྱེད། །ཅེས་གསུངས་ལ། འདིར་འདུ་བྱེད་ཡིད་ཀྱི་གཡོ་བ་ཞེས་གསུངས་པའི་འདུ་བྱེད་ནི་སེམས་བྱུང་འདུ་བྱེད་རྣམས་ཏེ། དེས་སེམས་དམིགས་པ་ལ་མངོན་པར་འདུ་བྱེད་ཡུལ་སྣ་ཚོགས་ལ་གཡོ་ཞིང་སྐུལ་བར་བྱེད། དེས་ན་འཁོར་གྱི་སེམས་བྱུང་ལས་རྣམ་ཤེས་འབྱུང་། རྣམ་ཤེས་ཀྱི་རྣམ་འགྱུར་ལ་སེམས་བྱུང་ཞེས་བཏགས་པས། མདོར། ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །ཞེས་པ་ལྟ་བུའོ། །གཉིས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ནི། དོན་དང་འཛིན་པ་གཉིས་སྣང་བ། །རང་གི་རང་ལ་གཏད་ཅིང་བཟུང་། །ཞེས་པ་ནི་དོན་གཟུགས་སོགས་ཡུལ་དྲུག་དང་འཛིན་པ་མིག་གི་རྣམ་ཤེས་ལ་སོགས་པ་གཉིས་དོན་ལ་ཐ་དད་མེད་ཀྱང་འཁྲུལ་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་སྐྱེ་ལ། རྨི་ལམ་གྱི་གཟུགས་ལ་རྨི་ལམ་དེ་ཉིད་དུ་གཟུགས་སུ་ཞེན་པ་ལྟར་རང་སེམས་ཀྱིས་རང་སེམས་ལ་རྣམ་པ་གཏད་ཅིང་བཟུང་བས་ཚོགས་དྲུག་འབྱུང་ངོ་། །དྲུག་ནི་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ་དེ་རྣམས་ཀྱི་ཡུལ་དྲུག་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་བསྡོམས་པར་སྐྱེ་མཆེད་བཅུ་གཉིས་ཞེས་བྱ་ཞིང་ཐོག་མར་སེམས་ལ་ཡུལ་དེ་རྣམས་སོ་སོར་སྣང་བའི་སྣང་བ་སྐྱེ། དེ་ནས་ཡིད་ཀྱིས་ཡུལ་སོ་སོར་ལྷག་པར་ཞེན་ཅིང་འཛིན་པའི་མཆེད་པ་སྐྱེ། དེས་ཡུལ་སོ་སོར་ཉམས་སུ་མྱོང་བའི་ཐོབ་པ་སྐྱེ་བ་ཡིན་ནོ། །ཚོགས་དྲུག་ཀའང་རང་ངོ་ལུང་མ་བསྟན་ཡིན་ཡང་གྲོགས་ཀྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་གར་འགྱུར་ལ་གྲོགས་ནི་སེམས་བྱུང་མཐའ་དག་ཡིན་ལ། དྲུག་ཡིད་ནི་སེམས་མེད་པའི་གནས་སྐབས་ལྔ་མ་གཏོགས་རྒྱུན་མི་འཆད་པར་འབྱུང་སྟེ། སུམ་ཅུ་པར། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་འབྱུང་ངོ་། །ཕུང་པོ་ལྔའི་རིམ་པ་ནི། ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་བཟུང་རྣམ་ཤེས་བྱུང་། །ཞེས་པས་ཡུལ་སོ་སོར་རྣམ་པར་རིག་པའི་རྣམ་ཤེས་པའི་ཕུང་པོ་དང་། བླང་དོར་བྱེད་ལས་ཚོར་བ་སྐྱེ། །ཞེས་དེ་ལས་བླང་བྱ་ཚོར་བ་བདེ་བ། དོར་བྱ་སྡུག་བསྔལ། བར་མ་བཏང་སྙོམས་ཏེ་ཚོར་ཕུང་པོ་དང་། དེ་ལ་མཚན་འཛིན་འདུ་ཤེས་ཏེ། །ཞེས་ཚོར་བ་དེའི་དབང་གིས་ཡུལ་གཟུགས་སྒྲ་སོགས་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱི་ཕུང་པོ་དང་། འདུས་བྱས་ཡུལ་སྣང་གཞན་དུ་བཏགས། །ཞེས་སེམས་བྱུང་རྣམ་རྟོག་སེམས་ཉིད་དང་མཚུངས་ལྡན་དུ་འགྲོགས་པ་རྣམས་འདུས་ནས་མེད་པ་ལ་ཡོད་པར་སྒྲོ་བཏགས་པ་སོགས་ཡུལ་སྣང་གཞན་ཕྱིན་ཅི་ལོག་ཏུ་བྱེད་པས་འདུ་བྱེད་ཀྱི་ཕུང་པོ་དང་། ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ། །ཅེས་སྒྲོ་བཏགས་ཏེ་གོམས་ཤིང་ཡུན་རིང་བས་ལུས་ཀེང་རུས་སུ་མཐོང་བ་ལྟར་གཟུགས་ཀྱི་ཕུང་པོ་གྲུབ་པའོ། །དེ་ལ་སྤྱིར་ཤེས་བྱའི་ཆོས་མཐའ་དག་ཟག་བཅས་དང་ཟག་མེད་གཉིས་སམ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་དབྱེ་ལ། འདུས་བྱས་རྣམས་ནི་ཕུང་པོ་ལྔར་ཕྱེ་སྟེ། དེའི་དགོས་པ་ནི་བྱིས་པ་རྣམས་ཕལ་ཆེར་རྣམ་ཤེས་ལ་བདག་ཏུ་འཛིན་ཅིང་གཞན་བཞི་ལ་བདག་གི་བར་འཛིན་པའི་འཁྲུལ་པ་འབྱུང་བ་ལ་དེ་དག་བདག་མ་ཡིན་གྱི་ཆོས་དུ་མ་འདུས་པའི་ཕུང་པོ་ཡིན་ནོ་ཞེས་རྟོགས་པའི་ཆེད་དུའོ། །དེ་ལས་དང་པོ་གཟུགས་ཀྱི་ཕུང་པོ་ལ་དབྱེ་ན་གཉིས་ཏེ། རྒྱུའི་གཟུགས་དང་འབྲས་བུའི་གཟུགས་སོ། །དང་པོ་ནི། ས་ཆུ་མེ་རླུང་གི་ཁམས་ཏེ་འབྱུང་བ་ཆེན་པོ་བཞིའོ། །གཉིས་པ་ལ་དང་བ་དབང་པོའི་གཟུགས། གཟུང་བ་ཡུལ་གྱི་གཟུགས་ཡིད་ཀྱི་ཡུལ་གྱི་གཟུགས་གསུམ། དང་པོ་ལ་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་རྒུན་འབྲུམ་ཙམ་ཤིན་ཏུ་དྭངས་པ་དབང་རྟེན་མིག་འབྲས་ཀྱི་ནང་ན་ཡོད་པ་དང་། དེ་བཞིན་རྣ་བའི་དབང་པོ་གྲོ་ག་གཅུས་པ་ལྟ་བུ། སྣའི་དབང་པོ་མིག་ཐུར་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་ཕྱེད་པ་གཤིབས་པ་ལྟ་བུ། ལུས་ཀྱི་དབང་པོ་རྐང་མཐེབ་ནས་སྤྱི་བོའི་བར་ལུས་དབྱིབས་བཞིན་གནས་པ་དང་ལྔའོ། །དེ་རྣམས་ཐེག་དམན་གྱིས་རྡུལ་ཕྲ་རབ་འདུས་པར་འདོད་ལ་ཐེག་ཆེན་པས་དམིགས་བརྟག་ཏུ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་ནང་ཤེས་པ་ཉིད་ཀྱི་ནུས་པའི་ཆ་ལ་བཞེད་དོ། །གཉིས་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ་ལས། གཟུགས་ནི་ཐ་མལ་གྱི་མིག་དབང་གི་ཡུལ་ཏེ། མཚན་ཉིད་ཀྱིས་ཕྱེ་བ་སྔོ་སེར་དཀར་དམར་གྱི་ཁ་དོག་བཞི། གནས་པས་ཕྱེ་བ་རིང་པོ། ཐུང་ངུ། ལྷག་མ། ཟླུམ་པོ། ཉི་ཟེར་གྱི་རྡུལ་ཙམ་རྡུལ་ཕྲ་མོ། རགས་པ། ཕྱ་ལེ་བ། ཕྱ་ལེ་བ་མ་ཡིན་པ། མཐོན་པོ། དམའ་བ་སྟེ་བཅུ། ཕན་གནོད་ཀྱིས་ཕྱེ་བ་གྲིབ་མ། ཉི་མ། སྣང་བ། མུན་པ། སྤྲིན། དུ་བ། རྡུལ་ཚུབ། ཁུག་རྣ་སྟེ་བརྒྱད། དེ་དག་གི་སྟེང་དུ་མངོན་པར་སྐབས་ཡོད་པ་ཞེས་བྱ་བ་བར་སྣང་གི་ཁ་དོག་སྐྱ་བོ་སེང་སེང་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་ཞེས་ནང་ཀུན་སློང་གི་སེམས་པ་གཞན་ལ་རིག་བྱེད་ལུས་ཀྱི་རྣམ་འགྱུར་མིག་ལ་སྣང་བ་དང་། ནམ་མཁའ་ཁ་དོག་གཅིག་པ་ཞེས་སྔོ་སང་ངེ་སྣང་བ་སྟེ་གསུམ་དང་ཉི་ཤུ་རྩ་ལྔ། བསྡུ་ན་དབྱིབས་རྫས་སུ་མ་གྲུབ་པས་ཁ་དོག་གཅིག་པུར་འདུའོ། །སྒྲ་ནི་རྣ་བའི་ཡུལ་ཏེ། སྙན་མི་སྙན་བར་མ་གསུམ། སེམས་ཅན་གྱིས་ཟིན་པ་སྐད་ལྟ་བུ། མ་ཟིན་པ་ཆུ་སྒྲ་ལྟ་བུ། གཉིས་ཀ་ཡིན་པ་རྔའི་སྒྲ་ལྟ་བུ་གསུམ། འཇིག་རྟེན་གྱི་གྲགས་པ། འཕགས་པའི་གྲུབ་པས་བསྟན་པ། ཀུན་བརྟགས་པ། ཐ་སྙད་བཏགས་པ་ལ་བདེན་རྫུན་གཉིས་དང་བཅུ་གཅིག་གོ །དྲི་ནི་སྣའི་ཡུལ་ཏེ། དྲི་ཞིམ་པ། ང་བ། མཉམ་པ། ཙནྡན་སོགས་ལྷན་ཅིག་སྐྱེས་པ། སྤོས་རེང་སོགས་སྦྱར་བ་ལས་བྱུང་བ། ཤིང་ཏོག་སྨིན་པའི་དྲི་ལྟ་བུ་གྱུར་པ་ལས་བྱུང་བ་དང་དྲུག་གོ །རོ་ནི་ལྕེའི་ཡུལ་ཏེ། རོ་ནི་མངར་སྐྱུར་ལན་ཚྭ་དང་། །ཚ་དང་ཁ་དང་བསྐ་བ་སྟེ། །དེ་ལ་དང་པོ་གསུམ་པོས་ནི། །རླུང་འཇོམས་ཚ་སོགས་བད་ཀན་སེལ། །བསྐ་དང་ཁ་དང་མངར་བས་ནི། །མཁྲིས་སེལ་གཞན་རྣམས་བྱེད་པ་ཡིན། །ཞེས་ཡན་ལག་བརྒྱད་པར་བསྟན་པ་ལྟར་དང་། ཡིད་དུ་འོང་མི་འོང་ཐ་མལ་པ་གསུམ། ལྷན་སྐྱེས་སོགས་གསུམ་དང་བཅུ་གཉིས་སོ། །རེག་བྱ་ནི་ལུས་ཀྱི་ཡུལ་ཏེ། འབྲས་གཟུགས་ཀྱི་རེག་བྱ་འཇམ་རྩུབ། ལྕི་ཡང་། ལྷོད་མི་ལྷོད། མཉེན་པ། གྲང་བ། བཀྲེས་སྐོམ། ཉམ་ཆེ་ཆུང་། ཚིམ་པ། བརྒྱལ་བ། གཡའ་བ། འགྲེད་པ། རྒ་ན་འཆི་གསུམ། ངལ་བ། ངལ་སོས་པ། ཞུམ་པ་དང་བྲལ་བའི་གནས་སྐབས་སྦུངས་ཆེ་བའི་རེག་བྱ་དང་ཉི་ཤུ་རྩ་གཉིས། བསྡུ་ན་འཇམ་རྩུབ་བར་མ་གསུམ་མོ། །རྒྱུ་གཟུགས་འབྱུང་བཞིའི་རེག་བྱ་ས་སྲ་ཞིང་མཁྲང་བ། ཆུ་བརླན་ཞིང་གཤེར་བ། མེ་དྲོ་ཞིང་ཚ་སྲེག །རླུང་ཡང་ཞིང་གཡོ་བ་སྟེ། འཇིག་རྟེན་པ་རྣམས་ཁ་དོག་དང་དབྱིབས་ལ་འབྱུང་བར་འདོད་ཀྱང་བསྟན་བཅོས་སུ་རེག་བྱར་འདོད་དོ། །གསུམ་པ་ཡིད་ཀྱི་ཡུལ་གྱི་གཟུགས་ནི། བསྡུས་པ་ལས་གྱུར་པ་རྡུལ་ཕྲ་རབ། མངོན་པར་སྐབས་ཡོད་པ་ཡིད་ལ་སྣང་བའི་བར་སྣང་ལྟ་བུ། ཡང་དག་པར་བླངས་པ་ལས་བྱུང་བ་སྡོམ་པ་སྡོམ་མིན་བར་མ་གསུམ། ཀུན་བརྟགས་པ་མི་སྡུག་པ་བསྒོམས་པའི་ཏིང་ངེ་འཛིན་ལ་སྣང་བ་ལྟ་བུ། དབང་འབྱོར་བ་བསམ་གཏན་དང་རྣམ་ཐར་ལ་དབང་ཐོབ་པ་རྣམས་ཀྱི་ཤེས་པའི་ཡུལ་ས་གཞི་བཻཌཱུརྻར་སྣང་བ་ལྟ་བུ་དང་ལྔའོ། །དེ་ཐམས་ཅད་ཀྱང་རྫས་ཡོད་དུ་བསྡུ་ན། རང་བྱུང་ཞབས་ཀྱིས། དེ་ལྟར་གཟུགས་ཀྱི་ཕུང་པོ་ནི། །རྒྱུ་གཟུགས་བཞི་དང་འབྲས་གཟུགས་ནི། །རྫས་ནི་བཅུ་གཅིག་བདག་ཉིད་དེ། །རྣམ་པར་ཕྱེ་བས་བཅོ་ལྔའོ། །ཞེས་གསུངས་ཏེ་གཞན་རྣམས་ནི་བཏགས་ཡོད་དོ། །ཚོར་བའི་ཕུང་པོ་ནི་ཡུལ་ཉམས་སུ་མྱོང་བ་སྟེ། མིག་གི་དབང་པོ་དང་ཡུལ་གཟུགས་དང་ཡིད་ལ་བྱེད་པ་གསུམ་འདུས་ཏེ་ཡུལ་གཅོད་བྱེད་ཀྱི་རེག་པ་འབྱུང་། དེ་དང་མཚུངས་ལྡན་དུ་ཚོར་བ་འབྱུང་བས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག རེ་རེ་ལའང་བདེ་སྡུག་བཏང་སྙོམས་གསུམ་དུ་འགྱུར་རོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཡུལ་གྱི་སྤུ་རིས་མི་འདྲ་བ་སྣ་ཚོགས་འབྱེད་ཅིང་རིག་པ་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག གཞན་ཡང་དབྱེ་སྒོ་མང་དུ་ཡོད་ཀྱང་འཁོར་བ་ལ་རྟག་པ་དང་བདེ་བ་དང་བདག་དང་གཙང་བ་ལ་སོགས་པར་ཞེན་པ་འདུ་ཤེས་ཕྱིན་ཅི་ལོག་དང་། དེ་ལས་བཟློག་པ་འདུ་ཤེས་ཕྱིན་ཅི་མ་ལོག་པ་གཉིས་སུ་འདུ་ལ། སེམས་བྱུང་རྣམས་ཀྱི་ནང་ནས་ཚོར་འདུ་གཉིས་ལོགས་སུ་ཕུང་པོར་འཇོག་པའི་རྒྱུ་ཅི་ཞེ་ན། ཚོར་བས་ཁྱིམ་པ་དང་། འདུ་ཤེས་ཀྱིས་རབ་བྱུང་རྣམས་རྩོད་པའི་རྩ་བར་གྱུར་པ་དང་། ཚོར་བས་འདོད་པ་ལ་ཞེན་པ་དང་འདུ་ཤེས་ཀྱིས་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པས་འཁོར་བའི་རྒྱུ་བྱེད་པ་དང་། ཚོར་བ་ནི་ཉེ་བར་སྤྱོད་པའི་གཞི་དང་འདུ་ཤེས་ནི་ཐ་སྙད་འདོགས་པའི་གཞི་ཡིན་པས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་སེམས་ཡུལ་ལ་སྐུལ་བྱེད་དེ། གཙོ་བོར་སྨོས་ན་སེམས་དཔའི་མཚན་ཉིད་ཅན་དུ་མ་འདུས་པ་ཡིད་ཀྱི་ལས་སུ་གྱུར་པ་ཡིན་པས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་སོགས་དྲུག་གོ །གཙོ་ཕལ་བསྡུས་ཏེ་སྐབས་དོན་དུ་བསྟན་ན། མཚུངས་ལྡན་འདུ་བྱེད་དང་ལྡན་མིན་འདུ་བྱེད་གཉིས། དང་པོ་ནི། སེམས་ལས་བྱུང་བ་མེད་པར་ནི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་རྣམས་ཉིད་དང་ལྷན་ཅིག་འབྱུང་། །ཞེས་པ་ལྟར་སེམས་དང་མཚུངས་པར་ལྡན་པ་ཡིན་ལ། སེམས་སེམས་བྱུང་གི་ཁྱད་པར་ནི། དབུས་མཐར། དེ་ལ་དོན་མཐོ་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གཟུགས་སྒྲ་ལྟ་བུ་ནི་དོན་གྱི་ངོ་བོ་ཡིན་པས་དེ་རིག་པ་སེམས། ཡིད་དུ་འོང་མི་འོང་ལྟ་བུ་དོན་གྱི་ཁྱད་པར་ཡིན་པས་དེ་རིག་པ་སེམས་བྱུང་སྟེ། དབྱེ་ན་ལྔ་བཅུ་རྩ་གཅིག་ལས། ཀུན་འགྲོ་ལྔ་ནི། ཚོར་འདུ་སེམས་པ་རེག་ཡིད་བྱེད། །ཡུལ་ངེས་ལྔ་ནི། འདུན་མོས་དྲན་ཏིང་ཤེས་རབ་བོ། །དགེ་བ་བཅུ་གཅིག་ནི། དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ཞེ་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་སྦྱངས་བག་ཡོད་དང་། །བཏང་སྙོམས་རྣམ་པར་མི་འཚེ་བའོ། །རྩ་ཉོན་དྲུག་ནི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བའོ། །འདིར་ལྟ་བ་རྣམས་གཅིག་ཏུ་བསྡོམས་པ་འཇིགས་ཚོགས་ལ་ལྟ་བ་ནི་དུག་གསུམ་གྱི་ས་བོན་གསོ་བར་བྱེད་པ་ཡིན་ལ། དེ་ལས་དབྱེ་ན་ལྔ་སྟེ། འཇིག་ལྟ་མཐར་འཛིན་ལྟ་བ་དང་། །ལྟ་བ་མཆོག་ཏུ་འཛིན་པ་དང་། །ཚུལ་ཁྲིམས་བརཏལ་ཞུགས་མཆོག་འཛིན་དང་། །ལོག་པར་ལྟ་དང་རྣམ་པ་ལྔ། །དེ་ལས་ཀྱང་ཕྱེ་ན་ལྟ་ལོག་དྲུག་ཅུ་རྩ་གཉིས་སོ། །ཉེ་ཉོན་ཉི་ཤུ་ནི། ཁྲོ་དང་ཁོན་འཛིན་འཆབ་པ་དང་། །འཚིག་དང་ཕྲག་དོག་སེར་སྣ་དང་། །སྒྱུ་དང་གཡོ་དང་རྒྱགས་པ་དང་། །རྣམ་འཚེ་ངོ་ཚ་ཁྲེལ་མེད་གཉིས། །རྨུགས་དང་རྒོད་དང་མ་དད་པ། །ལེ་ལོ་བག་མེད་བརྗེད་ངས་དང་། །ཤེས་བཞིན་མ་ཡིན་གཡེང་བའོ། །གཞན་འགྱུར་བཞི་ནི། གཉིད་དང་འགྱོད་པ་རྟོག་དཔྱོད་དོ། །དེ་ལྟར་སེམས་བྱུང་ལྔ་བཅུ་རྩ་གཅིག་ཏུ་བསྟན་པ་ནི་གཙོ་བོ་རགས་པ་ཙམ་སྟེ། འདུལ་བ་ཕྲན་ཚེགས་ནས་རྟོག་པ་ལྔ་བཅུ་རྩ་བདུན་གསུངས་པ་ལྟ་བུ་དང་། སྔགས་ནས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་གསུངས་པའི་འགའ་ཞིག་ཀྱང་འདིར་མི་འདུ་བས་སོ། །ལྡན་མིན་འདུ་བྱེད་ནི། གཟུགས་དང་སེམས་ཀྱི་གནས་སྐབས་ལ་བཏགས་པ་སེམས་དང་མཚུངས་པར་མི་ལྡན་ལ་འདུས་བྱས་ཀྱང་ཡིན་པ་སྟེ། འཕེལ་འགྲིབ་ལ་བཏགས་པ་ཐོབ་པ་སོགས་དང་། ཐ་སྣད་ཀྱི་ཆ་ལ་བཏགས་པ་མིང་ཚིག་ཡི་གེའི་ཚོགས་དང་། རྒྱུ་འབྲས་ཀྱི་གནས་སྐབས་ལ་བཏགས་པ་གོ་རིམ་དང་ཡུལ་དང་དུས་དང་གྲངས་ལྟ་བུས་ཕྱེ་བ་ཉི་ཤུ་རྩ་གསུམ་མོ། །རྣམ་པར་ཤེས་པའི་ཕུང་པོ་ནི་དོན་རྣམ་པར་ཤེས་པ་སྟེ། སེམས་ཡིད་རྣམ་ཤེས་གསུམ་ཡིན་ལ་ཉན་ཐོས་པ་རྣམས་དེ་གསུམ་ག་ཚོགས་དྲུག་གི་མིང་དུ་འདོད། འདིར་ཕལ་པར་བསྟན་ན་གསུམ་ཆར་ཚོགས་བརྒྱད་ཀྱི་མིང་དང་། གཙོ་བོར་བསྟན་ན། སེམས་ཀུན་གཞི། ཡིད་ཉོན་མོངས་ཅན་གྱི་ཡིད། རྣམ་པར་ཤེས་པ་ནི་སྣ་ཚོགས་གསལ་བར་དམིགས་པ་ཚོགས་དྲུག་ཁོ་ན་ལ་བྱའོ། །དེ་ལྟར་ཚོགས་བརྒྱད་དུ་ཕྱེ་བ་ནི་རྫས་སུ་ཡོད་པའི་དབང་དུ་ཡིན་ལ། བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བས། ལུས་མེད་དབང་པོའི་ཕུག་ན་གནས། །རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །གདུལ་དཀའ་བ་ཡི་སེམས་འདུལ་བྱེད། །ཅེས་པ་ལྟ་བུ་རྫས་གཅིག་དང་གསུམ་དང་དྲུག་དང་དགུར་འདོད་པ་རྣམས་མི་འཐད་ཅིང་སེམས་སེམས་བྱུང་དེ་དག་གཟུང་འཛིན་གྱི་རྣམ་པ་ཅན་ཡིན་པའི་དབང་དུ་བྱས་ན་ཐམས་ཅད་ཀྱང་རྣམ་པར་རྟོག་པ་ཡིན་ཏེ། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སོ། །སྒྲ་དོན་སྦྱར་ནས་འཛིན་པའི་དབང་དུ་བྱས་ན་ཡིད་ཤེས་འཁོར་བཅས་ཁོ་ན་རྣམ་པར་རྟོག་པ་ཡིན་ལ། དེས་དུས་གསུམ་གྱི་ཡུལ་ལ་བཀྲ་བར་འཛིན་ཅིང་འདི་ཅི་ཡིན་ཞེས་ཡིད་ཀྱིས་ཀུན་ཏུ་འཚོལ་བ་དང་ངག་ཀུན་ནས་སློད་བར་བྱེད་པ་ཡིན་ནོ། །དེ་ནས་ཕུང་པོ་ལས་ཁམས་དང་ཁམས་ལས་སྐྱེ་མཆེད་ཀྱི་དབྱེ་བསྡུ་འབྱུང་བས་རྟེན་དབང་པོའི་ཁམས་དྲུག བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག གཟུང་བ་ཡུལ་གྱི་ཁམས་དྲུག་རྣམས་ནི་ཁམས་བཅོ་བརྒྱད་དང་། མིག་སོགས་ནང་གི་སྐྱེ་མཆེད་དྲུག གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་རྣམས་ནི་སྐྱེ་མཆེད་བཅུ་གཉིས་ཡིན་ལ། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ནི་བསྡུ་ན་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་ཡིད་ཡུལ་གྱི་གཟུགས་ཏེ་འདུས་བྱས་བཞི། ཕུང་པོར་མ་བསྟན་པའི་འདུས་མ་བྱས་ནམ་མཁའ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ། སོ་སོར་བརྟགས་པའི་འགོག་པ། །དེ་བཞིན་ཉིད་དེ་བརྒྱད་དོ། །དེ་བཞིན་ཉིད་ནི་ཆོས་ཅན་དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། རྣམ་གྲངས་ནི། དབུས་མཐའ་རྣམ་འབྱེད་དུ། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་པས་བདག་གོ་ཞེས་བཏགས་པ་གང་ཟག་དང་། གཟུང་བ་དང་འཛིན་པར་བཏགས་པ་ཆོས་ཀྱི་བདག་ནི་དཔྱད་ན་མ་གྲུབ་པས་སྤང་རུང་གློ་བུར་བ་ཡིན་གྱི་སེམས་ཀྱི་ཆོས་ཉིད་ལ་མ་ཞུགས་པས་སྟོང་པ་ཉིད། དེ་ནམ་ཡང་གཞན་དུ་མི་འགྱུར་བར་དེ་བཞིན་ཉིད། ཡེ་ཤེས་ཀྱི་ཡུལ་མཐར་ཐུག་པས་ཡང་དག་པའི་མཐའ། བདག་དང་བདག་མེད་སོགས་སྤྲོས་པ་ཞི་བས་མཚན་མ་མེད་པ། འཕགས་པའི་མཉམ་གཞག་ཡེ་ཤེས་ནི་དམ་པ་ཡིན་ལ་དེའི་བཟུང་བྱའི་དོན་ཡིན་པས་དོན་དམ། སྤངས་རྟོགས་ཡོན་ཏན་གྱི་ཆོས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་ཆོས་དབྱིངས་ཞེས་བྱའོ། །དེ་ལྟར་གཞི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་སྨྲ་བསམ་གྱི་ཡུལ་དུ་གྱུར་པའི་ཆ་ནས་ཀུན་རྫོབ་ཏུ་བཞག་པ་གང་ཡིན་པ་ནི་བདག་གིས་སྟོང་བས་མེད་པ་དང་མི་གཙང་བས་གསོབ་དང་སྡུག་བསྔལ་བས་གསོག་དང་སྐྱེས་མ་ཐག་འཇིག་པས་སྙིང་པོ་མེད་པ་སྟེ་གཟུགས་དབུ་བའི་ཕུང་པོ་ལྟ་བུ་ནས་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་གསུངས་ལ་དེ་རྣམས་ཀྱི་རང་བཞིན་སྨྲ་བསམ་གྱི་ཡུལ་ལས་འདས་པ་ནི་དོན་དམ་དུ་བཞག་གོ །དེ་ཡང་ཐེག་པ་ཆེན་པོའི་དབང་དུ་བྱས་ནས། བདེན་གཉིས་སུ། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་པ་ལྟར་རམ། སློབ་དཔོན་ཤཱནྟི་པས་འཁྲུལ་པའི་ཤེས་པ་ཡུལ་དང་བཅས་པ་ཀུན་རྫོབ། མ་འཁྲུལ་བའི་ཤེས་པ་ཡུལ་དང་བཅས་པ་དོན་དམ་དུ་བཞེད་དོ། །ཀུན་རྫོབ་ལ་དབྱེ་ན། ཟླ་བ་གཉིས་སྣང་ལྟ་བུ་ལོག་པ་དང་། དེ་ལས་གཞན་པ་ཡང་དག་ཀུན་རྫོབ་བམ། དབུས་མཐར། བརྟགས་པ་དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་ཀུན་བརྟགས་དང་གཞན་དབང་དང་ཡོངས་གྲུབ་ཀྱང་བརྗོད་དུ་མེད་པ་ལ་སྒྲས་བརྗོད་པ་ནི་རགས་པ་ཀུན་རྫོབ་སྟེ་གསུམ་མོ། །དོན་དམ་ལ་དབྱེ་ན། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་དེ་བཞིན་ཉིད་དང་མྱ་ངན་ལས་འདས་པ་དང་ལམ་གསུམ་མོ། །ཡང་ན་མཚན་ཉིད་པ་དང་རྣམ་གྲངས་པ་གཉིས། སྔ་མ་ནི་རྩ་བར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་དང་། ཕྱི་མ་ནི་བདེན་གཉིས་སུ། སྐྱེ་བ་ལ་སོགས་བཀག་པ་ཡང་། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་གསུངས་པ་ལྟར་རོ། །བདེན་པ་གཉིས་པོ་དེ་ལས་ངོ་བོ་ཉིད་གསུམ་ཕྱེ་ན་ཀུན་རྫོབ་ལས་ཀུན་བརྟགས་གཞན་དབང་གཉིས་ཏེ། ཀུན་བརྟགས་ནི། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་འབྱུང་ལ་དབྱེ་ན་མིང་ཇི་ལྟ་བར་དོན་དང་དོན་ཇི་ལྟ་བར་མིང་དུ་སྣང་བ་ཀུན་རྟོག་གི་དམིགས་པར་གྱུར་པ་གཉིས་སོ། །གཞན་དབང་ནི་ཁམས་གསུམ་གྱི་ཤེས་རིག་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་དང་། དབྱེ་ན་གནས་སྣོད་ཀྱི་འཇིག་རྟེན་དང་དོན་ཡུལ་ལྔ་དང་ལུས་དབང་པོ་ལྔར་སྣང་བ་གཟུང་བའི་རྣམ་རིག་གསུམ། ཡིད་ཉོན་མོངས་ཅན་དང་འཛིན་པ་སྒོ་ལྔའི་ཤེས་པ་དང་རྟོག་པ་ཡིད་ཀྱི་རྣམ་ཤེས་སུ་སྣང་བ་འཛིན་པའི་རྣམ་རིག་གསུམ་མོ། །ཡོངས་གྲུབ་ནི་གནས་སྐབས་ཀུན་རྫོབ་ལ་སྦྱར་ན་གཞན་དབང་དེ་ཉིད་ཀུན་བརྟགས་བདག་གཉིས་ཀྱིས་སྟོང་བ་ལ་བྱ། མཐར་ཐུག་དོན་དམ་ལ་སྦྱར་ན་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཆོས་དབྱིངས་དེ་ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་དྲི་མ་གློ་བུར་མཐའ་དག་གིས་སྟོང་བའོ། །དབྱེ་ན་འདུས་མ་བྱས་ཆོས་ཉིད་འགྱུར་བ་མེད་པ་དང་འདུས་བྱས་འཕགས་ལམ་གྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་གཉིས་ཏེ། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་སོ། །དེ་དག་གིས་ནི་ཤེས་བྱའི་ཆོས་དང་དེའི་གནས་ལུགས་ལ་འཁྲུལ་བའི་ཚུལ་བསྟན་ནས། གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་ལ་གཉིས། རྒྱུ་དྲུག་བསྟན་པ། རྐྱེན་བཞི་བསྟན་པའོ། །དང་པོ་ནི། ཁམས་ལྔ་རྣམ་པ་ཤེས་དང་དྲུག །རྒྱུ་ཞེས་རྟོག་པས་ཐ་སྙད་བྱས། །ཞེས་གསུངས་པ། དོན་ལ་རྒྱུ་དང་འབྲས་བུ་གཉིས་མ་གྲུབ་ཀྱང་འཁྲུལ་རྟོག་གིས་གཉིས་བཏགས་པས་ཐ་སྙད་བྱས་སོ། །དེའི་ངོར་འབྱུང་བ་ཆེན་པོའི་ཁམས་ལྔ་རྣམ་པར་ཤེས་པའི་ཁམས་དང་དྲུག་ནི་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རྒྱུ་སྟེ། འབྲས་གཟུགས་ཐམས་ཅད་འབྱུང་བའི་རྟེན་བྱེད་པ་དང་གཏོས་ཆེ་ཞིང་ཐམས་ཅད་ལ་ཁྱབ་པས་འབྱུང་བ་ཆེན་པོ་ཞེས་བྱ། དེ་ལ། ཇི་ལྟར་འཇིག་རྟེན་ཐམས་ཅད་ནི། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །ཅེས་པའི་ནམ་མཁའ་ནི་འབྱུང་བ་གཞན་ཐམས་ཅད་ཀྱི་རྒྱུ་ཡིན་ལ། དེ་ནི་ཐོགས་བཅས་ཀྱི་གཟུགས་རྣམས་ཀྱི་གོ་མ་བཀག་ཙམ་ནས་གོ་འབྱེད་པའི་བྱ་བ་ཅན། རྡུལ་ཕྲན་ཚོགས་པ་དང་བྱེ་བའི་ཆོས་ལས་འདས་པའམ། ཡང་ན་ཚོགས་པ་ལ་བསྡུས་པ་ཞེས་བྱ་ཞིང་གྱུར་པ་ནི་དེ་ལས། ལོག་པ་ཡིན་པས་བསྡུས་པ་ལས་གྱུར་པའི་གཟུགས་མིག་ཤེས་ལ་བསྟན་དུ་མེད་ཀྱང་ཡིད་ཀྱིས་ཕྱེ་བ་ན་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་ལའང་སྟོང་བའི་རྡུལ་དང་ནམ་མཁའ་ཞེས་བྱ་བ་སྣོད་བཅུད་རྩོམ་པའི་གཞིར་གྱུར་པ་གཉིས་གང་རུང་ལ་བྱའོ། །དེ་ཡང་རྣམ་པར་ཤེས་པ་ལས་བྱུང་ཞིང་རྣམ་ཤེས་ནི་རྐྱེན་བཞི་ལ་རག་ལས་པས། གཉིས་པ་ནི། དེ་ཡི་བག་ཆགས་ཀུན་གཞི་ལ། །བསགས་པ་རྒྱུ་ཡིན་རྐྱེན་ཞེས་བྱ། །བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བའི་རིག་བྱ་སྟེ། །དེ་མ་ཐག་པའི་རྐྱེན་ཞེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་དྲུག་པའི་ཡིད་དང་བཅས། །ཞེས་པ་འབྲས་བུའི་ངོ་བོ་བསྐྱེད་པ་རྒྱུའི་རྐྱེན། ཁྱད་པར་ཤེས་རིག་ཕྱི་མ་བསྐྱེད་པ་དེ་མ་ཐག་རྐྱེན། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པ་དམིགས་རྐྱེན། འབྲས་བུ་འབྱུང་བ་ལ་དབང་བྱེད་པ་བདག་རྐྱེན་དང་བཞིའོ། །སྔ་མ་ནི་གཟུང་འཛིན་གྱི་སྣང་བ་ཁམས་དྲུག་དེའི་བག་ཆགས་ཀུན་གཞི་ལ་བསགས་པ་ཡིན་ལ། དེ་ཡང་ཀུན་གཞིའི་རྣམ་ཤེས་ཡིན་པས་དེའི་རྣམ་སྨིན་གྱི་ཆ་ནི་སྐྱེས་ཐོབ་ཀྱི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་དང་ད་ལྟའི་འབད་རྩོལ་གྱི་བག་ཆགས་ས་བོན་གྱི་ཆ་ནི་སྦྱོར་བྱུང་གི་ཆོས་རྣམས་དང་སྐྱེ་བ་ཕྱི་མའི་རྒྱུའི་རྐྱེན་དང་། ཁྱད་པར་དགེ་བའི་བག་ཆགས་ནི་ཟག་མེད་ཀྱི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ནོ། །ཀུན་གཞིའི་བག་ཆགས་ཟག་བཅས་དེ་ཟག་མེད་ཀྱི་རྒྱུའི་རྐྱེན་དུ་འགྱུར་བ་ནི་ཟག་མེད་དང་རྒྱུ་མཐུན་པའི་ཆོས་བསྟན་པའི་རྒྱུ་ལས་བྱུང་བའི་ཕྱི་བཞག་པའོ། །འདི་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ལ་ཕྱི་མ་གསུམ་ནི་རྐྱེན་ཁོ་ན་དང་དེ་མ་ཐག་འབྲས་བུ་འགྲུབ་ནུས་པས་ཉེ་བར་ལེན་པའི་རྒྱུ་ཞེས་བསྟན་ལ་འབྲས་བུའི་ངོ་བོ་སྐྱེད་བྱེད་ས་བོན་དྲུང་པོ་ལྟ་བུའོ། །འབྲས་བུ་ལོ་ལེགས་ཉེས་ལྟ་བུ་ཁྱད་པར་སྐྱེད་བྱེད་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ་དེའི་བདག་པོའི་རྐྱེན་ནི་མིག་ལ་སོགས་པ་སྒོ་ལྔའི་དབང་པོ་དང་ཡིད་ཀྱི་དབང་པོ་སྟེ། འཁྲུལ་ངོར་ཡུལ་དང་ཤེས་པའི་བར་དུ་གཟུགས་ཅན་ལྟར་སྣང་ཡང་དོན་ཤེས་པ་ཉིད་ཡིན་ནོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པ་ཡུལ་བདེན་པར་མ་གྲུབ་ཀྱང་སྣང་ཙམ་གྱི་རིག་བྱའོ། །དེ་མ་ཐག་པའི་རྐྱེན་ནི་ཚོགས་དྲུག་སོ་སོར་འགགས་མ་ཐག་དེའི་བག་ཆགས་ཀུན་གཞིར་འཇོག་པ་དང་དེ་མ་ཐག་ཀུན་གཞི་ལས་ཚོགས་དྲུག་ཆུ་རླབས་ལྟར་སྐྱེད་བྱེད་ཉོན་ཡིད་ཡིན་པས། གང་གང་སྐྱེ་བ་དེ་མ་ཐག །ཅེས་བརྗོད་ཀྱང་རུང་བར་རང་འགྲེལ་ལས་གསུངས་སོ། །དེ་ཡང་ཚོགས་དྲུག་གི་དམིགས་རྐྱེན་གཅིག་བྱུང་ན་དེ་མ་ཐག་ཡིད་ཀྱང་གཅིག་དང་མང་པོ་བྱུང་ན་མང་པོ་འབྱུང་བ་སོགས་གྲངས་མཉམ་ལ། དྲུག་པའི་ཡིད་དང་བཅས། ཞེས་པ་ནི་དྲུག་ཡིད་དང་དེ་མ་ཐག་ཡིད་མི་གཅིག་པས་དྲུག་ཡིད་ཀྱང་སྐྱེད་བྱེད་དེ་མ་ཐག་ཡིད་དང་བཅས་པར་བསྟན་ཅིང་འདིའི་དེ་མ་ཐག་རྐྱེན་དང་བདག་རྐྱེན་གཅིག་པ་ལྟར་སྣང་ཡང་ནུས་པ་ས་བོན་ནམ་ཁམས་ཀྱི་ཆ་ནས་བདག་རྐྱེན་དང་འཕྲལ་དུ་བསྐྱེད་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་བཞག་གོ །དེས་ན་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་གསུམ་ཚོགས་པ་ལས་རྣམ་ཤེས་སྐྱེ་བ་ན་དེ་མ་ཐག་རྐྱེན་འདི་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་སེམས་ཀྱི་འཇུག་པ་ཉེ་བར་གནས་པ་དེ་ཡིན་ཅིང་མདོར་ན་ཡིད་ཀྱི་རྣམ་ཤེས་ནི་འཁོར་བའི་ཆོས་མཐའ་དག་ལ་དམིགས་ཤིང་བྱ་བ་བྱེད་པས་མདོ་སྔགས་ཐུན་མོང་གི་སྤྱི་དོན་ལྟར་ན་ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་རྒྱུ་དང་ཡིད་ཀྱི་རྣམ་ཤེས་དེའི་རྐྱེན་དུ་འཇོག་ལ། སྔགས་ལུགས་ཐུན་མོང་མིན་པའི་སྦས་དོན་ལྟར་ན་འཕོ་བདེ་ནི་རྒྱུ་དང་དེ་ལ་ཆགས་པ་ནི་རྐྱེན་དུ་འཇོག མྱ་ངན་ལས་འདས་པའི་མཐར་ཐུག་གི་རྒྱུ་དེ་བཞིན་ཉིད་ཡིན་ཀྱང་གནས་སྐབས་སུ་དགེ་བའི་བག་ཆགས་ནི་རྒྱུ་དང་མ་ཆགས་པ་སོགས་ཚུལ་བཞིན་ཡིད་བྱེད་ནི་རྐྱེན་ནོ། །དེ་གཉིས་ཀྱང་སྤང་བྱ་ལ་བལྟོས་ནས་བཞག་བའི་ཕྱི་སྤང་བྱ་མེད་གཉེན་པོའང་ཤིང་ཟད་པའི་མེ་བཞིན་སྤྲོས་བྲལ་དུ་འགྱུར་བས་འཁོར་འདས་གཉིས་ཀ་གཟུགས་བརྙན་ལྟར་སྣང་ཙམ་བལྟོས་བཞག་དང་དེ་བྱུང་གི་རྟེན་འབྲེལ་ཡིན་པས། བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །འཁོར་འདས་ཆོས་ཀུན་སྣང་བར་འགྱུར། །ཞེས་གསུངས་ཤིང་སྣང་སེམས་ཀྱི་རྟེན་འབྲེལ་དེ་ལས་ཁྱད་པར་དུ། སྲེད་ལེན་མཚམས་སྦྱར་སྲིད་པ་འགྲུབ། །ཅེས་པ་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ཡན་ལག་བཅུ་གཉིས་ཀྱི་ལུགས་འབྱུང་ལྡོག་ལས་འཁོར་འདས་འབྱུང་བའི་དབང་དུ་བྱས་ནས་སྲེད་པ་དང་ལེན་པས་མཚམས་སྦྱར་བས་སྲིད་པ་གྲུབ་སྟེ། སྲེད་པ་ནི་ཚོར་བ་ལ་སྲེད་པ་ཡིན། ལེན་པ་ནི་སྲེད་པ་དེ་རབ་ཏུ་འཕེལ་ནས་ཆགས་ཡུལ་དོན་དུ་གཉེར་ཞིང་སྐྱེ་བ་ཕྱི་མ་ལན་པར་བྱེད་པ་སྟེ་དེ་ལས་སྲིད་པ་འགྲུབ་བོ། །སྲིད་པ་ནི་མདོར། འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་པ་དང་ལས་ཀྱི་སྲིད་པ་གསུམ་གསུངས་པའི་སྔ་མ་གཉིས་ཡིན་པས། གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས། །རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་དང་འབྲིང་དང་ཆེན་པོ་ཡིན། ཞེས་པ་ནི་སེམས་ཅན་གྱི་རིགས་ཐམས་ཅད་ཁམས་གསུམ་དུ་བསྡུས་པ་ལས་རིམ་པ་བཞིན་གཟུགས་མེད་ནི་གཟུགས་དང་འདོད་པའི་སྣང་བ་འགགས་པས་ན་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་དང་། གཟུགས་ཁམས་ནི་འདོད་པ་ལ་ཆགས་པ་དང་བྲལ་ཡང་གཟུགས་ཀྱི་སྣང་བ་ཡོད་པས་འབྲིང་དང་། འདོད་ཁམས་ནི་འདོད་ཡོན་ལྔ་ལ་ཁ་ཕྱིར་བལྟས་ཀྱི་མཚན་འཛིན་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐམས་ཅད་བླང་དོར་རྟོག་པ་ཡིས། །དགེ་དང་མི་དགེ་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་རྐྱེན་ལས་ནི། །བདེ་སྡུག་སྙོམས་འཇུག་བཅས་པ་ཡི། །འབྲས་བུ་སྐྱེ་བ་ཉོན་མོངས་ཅན། །སེམས་ཉིད་མ་དག་གནས་སྐབས་ཡིན། །ཞེས་བ་དེ་ལྟར་ཁམས་གསུམ་པོ་ཐམས་ཅད་ཀྱང་སེམས་སུ་རོ་གཅིག་པ་མ་ཤེས་པས་སྨིག་སྒྱུ་ལ་རེ་དགས་སྙེག་པ་ལྟར་བླང་བྱ་དང་དོར་བྱར་རྟོག་པའི་རྟོག་པས་ཀུན་ནས་བསླངས་ཏེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་ལས་རྣམ་གསུམ་གསོག་ཅིང་འདུ་བྱེད་པའི་རྐྱེན་ལས་ནི་རྣམ་སྨིན་གྱི་འབྲས་བུ་འདོད་ཁམས་ཀྱི་བདེ་བ་དང་བཅས་པའི་བདེ་འགྲོ་གསུམ། སྡུག་བསྔལ་དང་བཅས་པའི་ངན་འགྲོ་གསུམ། སྙོམས་འཇུག་ཏིང་ངེ་འཛིན་གྱིས་རྒྱུད་བརླན་པ་དང་བཅས་པ་ཁམས་གོང་མ་གཉིས་ཏེ་དེ་ལྟར་འབྲས་བུ་སྐྱེ་བའོ། །དེ་མཐའ་དག་ཀྱང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སེམས་ཉིད་ལ་གོས་བ་མ་དག་པའི་གནས་སྐབས་སེམས་ཅན་ཞེས་བྱའོ། །རྒྱུ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྣོད་བཅུད་ཀྱི་འཇིག་རྟེན་ཡིན་ལ། དེའི་རྣམ་པར་སྨིན་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན། རྣམ་སྨིན་རྒྱུ་ནི་མི་དགེ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན། ཞེས་མངོན་པ་ནས་གསུངས་པ་ལྟར་ལུང་མ་བསྟན་ནི་ས་བོན་རུལ་པ་ལྟར་སྟོབས་ཆུང་བ་དང་དགེ་བ་ཟག་མེད་ཀྱང་སྲེད་པའི་བརླན་དང་བྲལ་བས་རྣམ་སྨིན་མི་བསྐྱེད། རྣམ་སྨིན་ནི་ནང་ཉེ་བར་ལེན་པའི་ཕུང་པོ་ཡིན་ལ་དེའི་རྒྱུ་ཟག་བཅས་ཀྱི་ལས་ལ་དབྱེ་ན། དཀར་ལ་རྣམ་སྨིན་དཀར་བ་དགེ་བ། ནག་ལ་རྣམ་སྨིན་ནག་པ་མི་དགེ་བ། དཀར་ནག་འདྲེས་མར་གྱུར་པ་བསམ་པ་དཀར་ལ་སྦྱོར་བ་ནག་པ་ལྟ་བུ་གསུམ་མམ། ཡང་ན་འདོད་ཁམས་ཀྱི་ལྷ་མིའི་རྒྱུ་བསོད་ནམས་དང་ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང་། ཁམས་གོང་མའི་ལྷའི་རྒྱུ་མི་གཡོ་བའི་ལས་དང་གསུམ་དུ་དབྱེ་ལ། དེ་ཟད་བྱེད་པ་ཟག་མེད་དོ། །ཞེས་འཁོར་བའི་ལས་ཟག་བཅས་དེའི་བག་ཆགས་ཀྱང་ཟད་པར་བྱེད་པའི་ཟག་མེད་ཀྱི་ལས་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་འཁོར་ཏེ། མཐོང་སྒོམ་མི་སློབ་ལམ་སོགས་ཀྱི་ངོ་བོ་ཟག་པ་མེད་པའི་ཡིད་ཀྱི་རྣམ་ཤེས་དང་ཟང་ཟིང་མེད་བའི་ཚོར་བ་དང་མཚན་མ་མེད་པའི་འདུ་ཤེས་དང་སེམས་པ་སོགས་དང་ཟག་པ་མེད་པའི་སྡོམ་པའི་གཟུགས་སོགས་འཕགས་པའི་ལམ། ལམ་གྱི་བདེན་པ་མཚན་ཉིད་པའོ། །སོ་སྐྱེའི་ལམ་ཚོགས་སྦྱོར་གཉིས་ནི་ལམ་གྱི་བདེན་པ་རྗེས་མཐུན་སྟེ་མདོར་ན། དྲི་མ་དེ་ཉིད་གློ་བུར་བར། །ཤེས་ནས་ཐབས་དང་བཅས་སྦྱོང་བ། །ལམ་པ་ཞེས་བྱར་རྒྱལ་བས་གསུངས། །ཞེས་མ་དག་པའི་གནས་སྐབས་ཀྱི་དྲི་མ་ཉོན་མོངས་ཤེས་བྱ་སྙོམས་འཇུག་སྟེ་སྒྲིབ་གསུམ་དུ་གྲགས་པ་དང་། སྔགས་ལུགས་ཉིད་དུ་འཕོ་བའི་བག་ཆགས་སུ་གསུངས་པ་ནི་སྣང་ཙམ་པའི་དུས་དེ་ཉིད་ནས་སྟོང་པ་ཉིད་དེ་འདི་ཉིད་དུ། ཡོད་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་པས། །བྱིས་པ་འཁོར་བའི་འདམ་དུ་བྱིང་། །ཞེས་གསུངས་པ་ལྟར་ཡིན་པས་གནས་ཚུལ་ལ་མ་ཞུགས་ཤིང་སྤང་དུ་རུང་བའི་གློ་བུར་བའོ། །དེས་ན་འཁོར་བའི་རང་བཞིན་སྟོང་པ་ཉིད་དུ་ཤེས་ནས་ཐབས་སྙིང་རྗེ་ཆེན་པོ་དང་བཅས་པའི་ཚོགས་གཉིས་ཟུང་འཇུག་གིས་དྲི་མ་སྦྱོང་བའི་གནས་སྐབས་ནི་ལམ་པ་ཞེས་བྱའོ། །རྡོ་རྗེ་ཐེག་པར་ནི་ལམ་ཚོགས་གཉིས་མཐའ་དག་སྨིན་ལམ་དབང་དང་གྲོལ་ལམ་བསྐྱེད་རྫོགས་གཉིས་སུ་འདུ་བས། དབང་གིས་སྨིན་བྱས་དམ་ཚིག་ལྡན། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །ཞེས་སོགས་དང་དེའི་མཐར་ཐུག་གི་ལམ་རྫོགས་རིམ་ནི་བདེ་བ་ཆེན་པོ་སྒོམ་པ་འབའ་ཞིག་གོ །དེ་ལྟར་རྟོགས་པའི་ཤེས་རབ་ཡེ་ཤེས་ཀྱིས་འཁྲུལ་པའི་སྡུག་བསྔལ་སྐད་ཅིག་ལ་སྤོང་ཞིང་། མཚན་ཉིད་ཐེག་པར་ཡང་། བྲལ་བ་བློ་ཡིས་ཟད་པའོ། །ཞེས་བྲལ་འབྲས་འགོག་པའི་བདེན་པ་ནི་བློ་ཤེས་རབ་ཀྱིས་སྤང་བྱ་མེད་པ་ལ་མེད་པར་མངོན་སུམ་དུ་ཤེས་པས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བཤད་ནས་བྱང་ཆུབ་ཀྱི་མཐར་ཐུག་ཀྱང་དེ་ལ་བྱ་བས། མངོན་རྟོགས་རྒྱན་དུ། དྲི་མ་ཟད་དང་མི་སྐྱེ་བའོ། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱི་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་དྲི་མ་གཞི་མ་གྲུབ་པས། ཟད་པ་གཉེན་པོས་ཟད་པ་མིན། །སྔོན་ནས་ཟད་པས་ཟད་པར་བརྗོད། །ཅེས་པ་ལྟར་སྣང་བ་གང་ཤར་གྱི་ཐོག་ཏུ་འཛིན་མེད་ལྷུག་པར་བཞག་པས་ཇེ་ཞིག་ན་རང་གྲོལ་བདེ་ཆེན་དུ་ལྷག་གི་འཆར་བ་ཡིན་ཏེ། དེ་ལ་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བས་བྱང་ཆུབ་སེམས་འགྲེལ་དུ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་ཚུལ་གྱིས་ནི། །འབད་དེ་བསྒོམ་པར་བྱ་བ་ཉིད། །ཅེས་སོ། །དེ་ནི་དོན་དམ་པས་དགེ་བ་ཆོས་ཉིད་དེ་བཞིན་ཉིད་དུ་བློ་བཞག་པ་ཡིན་པས་བློའི་འཛིན་སྟངས་མ་འཁྲུལ་བའི་ཕྱིར་ཡེ་ཤེས་ཀྱི་ཚོགས་གསོག་ཡིན་ལ། སོ་སྐྱེའི་ཚེ་མོས་པ་ཡིད་བྱད་དང་འཕགས་ས་ཐོབ་ནས་མངོན་སུམ་ཡིད་བྱེད་ཀྱི་ཚུལ་དུ་གོམས་པ་ཟླ་བ་ཚེས་རིམ་ལྟར་འཕེལ་བའི་མཐར་ཐུག་པ་ན། དྲི་མེད་དག་པ་སངས་རྒྱས་ཏེ། དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་གློ་བུར་གྱི་དྲི་མ་མ་ལུས་པར་དག་པ་ན་ཤིན་ཏུ་རྣམ་དག་གི་སངས་རྒྱས་ཡིན་ལ། དེ་བསལ་ན་དག་ཏུ་རུང་བ་དེའི་ཕྱིར་འགྲོ་བ་ཀུན་གྱི་རང་བཞིན་ཡེ་གདོད་མ་ནས་ཀྱང་སངས་རྒྱས་ཡིན་ཏེ། དཔེར་ན་ཤུན་པ་དང་བཅས་པའི་བཻཌཱུརྻ་བཞིན་ནོ། །དེ་ལྟར་དུས་འཁོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་མཉེས་པར་བྱས་པས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །ཞེས་དང་། དམ་པའི་ཆོས་མཐའ་དག་ཀྱང་སྙིང་རྗེས་སེམས་ཅན་གྱི་དོན་སྒྲུབ་པ་དང་ཤེས་རབ་ཀྱིས་རྣམ་པར་མི་རྟོག་པ་སྒོམ་པ་གཉིས་སུ་འདུ་བས་ན། དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་ཉིད་དང་མི་བདག་ཡིད་ཀྱིས་རང་བཞིན་མེད་པ་སྒོམ་པར་གྱིས། །ཞེས་གསུངས་སོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་གཞི་བདེ་བར་གཤེགས་པའི་སྙིང་པོ་མདོར་བསྟན་པ་དང་དེ་མ་རིག་པ་ལས་འཁོར་བ་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ་ཙམ་སྟེ་ལེའུ་དང་པོའི་འགྲེལ་པའོ།། །།།དེ་ནས་དུམ་བུ་གཉིས་པ་བྱེ་བྲག་ཏུ་ལུས་འགྲུབ་པའི་ཚུལ་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། འཇུག་བསྡུ་བའོ། །དང་པོ་ནི། ལུས་ནི་འགྲུབ་པའི་ཚུལ་བཤད་པ། ཀུན་གཞི་སྲོག་རླུང་དང་བཅས་པ། ཁམས་གསུམ་སྐྱེ་བར་སྦྱོར་བ་ན། །ཞེས་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པར་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་བདག་འཛིན་གྱི་ལས་དབང་གིས་འཁྲིད་པས་ཁམས་གསུམ་དུ་སྐྱེ་བར་གསུངས། སྔགས་སུ་འོད་གསལ་གྱི་སེམས་སྲོག་རླུང་གིས་དཀྲུགས་པས་ཁམས་གསུམ་དུ་སྐྱེ་བར་གསུངས་ལ། དེ་ཡང་འོད་གསལ་གྱི་སྣང་བ་འཁྲུལ་པར་སྣང་མཆེད་ཉེར་ཐོབ་ཅེས་པའམ་རྡུལ་མུན་སྙིང་སྟོབས་ཀྱི་སྣང་བ་དཀར་དམར་ནག་པོ་འབྱུང་། དེ་ལས་ཁམས་དྲུག་གི་བདག་ཉིད་འོད་ཟེར་དཀར་སེར་དམར་ནག་སྔོ་ལྗང་སོགས་ཀྱི་ལམ་ལ་བརྟེན་ནས་འཁོར་བ་འགྲུབ་ཅིང་འོད་སྣང་དེ་རྣམས་འཆི་བ་དང་སྐྱེ་བའི་སྐབས་གཉིས་ཀར་འཆར་ལ་འོད་རེ་རེས་ལས་བདུན་བདུན་བྱེད་དེ། སྟེང་གི་འོད་ཟེར་ལྗང་གུས་སྲོག་རླུང་དང་འོག་གི་འོད་ཟེར་སྔོན་པོས་ཐུར་སེལ་གྱི་རླུང་བསྐྱེད་པ་ལྟ་བུ་སྣོད་བཅུད་གཉིས་ཀའི་ཆགས་ཚུལ་ཟུང་བདུན་གྱི་རྣམ་གཞག་དུས་འཁོར་ལས་གསུངས་སོ། །དེ་ཡང་དགེ་བའི་སེམས་ནི་སྙིང་སྟོབས་དང་མི་དགེ་བའི་སེམས་དྲག་པོ་ནི་མུན་པ་དང་མི་དགེ་བའི་སེམས་འབྲིང་པོ་དང་མཐའ་མ་ནི་རྡུལ་གྱི་བདག་ཉིད་ཡིན་པས་དེ་དག་གི་སྣང་བ་ལྟར་ཁམས་གསུམ་པོ་གང་རུང་དུ་སྐྱེ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཁམས་གསུམ་གྱི་སྐྱེ་བ་འགྲུབ་ཚུལ་སྤྱི་བསྟན་པ། སྔགས་ཀྱི་སྦྱང་གཞི་མི་ལུས་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཟུགས་མེད་ཁམས། གཟུགས་ཀྱི་ཁམས། འདོད་པའི་ཁམས་སོ། །དང་པོ་ནི། འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། །ཡུལ་དུ་བྱས་ནས་དེར་སྐྱེ་བ། །གཟུགས་མེད་ཅེས་བྱ་ཡིད་ལུས་སོ། །ཞེས་གསུངས་ཏེ་ལས་ཀྱི་འདུ་བྱེད་དང་བཅས་པའི་རྣམ་ཤེས་ཀྱི་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཏིང་ངེ་འཛིན་བཞི་ལ་སྙོམས་པར་ཞུགས་པས་གཟུགས་མེད་སྐྱེ་མཆེད་མུ་བཞི་པོ་དེར་སྐྱེ་ཞིང་རྡུལ་ཕྲན་ཚོགས་པའི་ལུས་རགས་པ་མེད་པས་ཡིད་ཀྱི་ལུས་ངར་འཛིན་ཙམ་ཡིན་ནོ། །གཉིས་པ་གཟུགས་ཁམས་ནི། བསམ་གཏན་བཞིར་བརྟེན་གང་སྐྱེ་བ། །གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། །རགས་པ་བཅོམ་པ་རྫུས་སྐྱེས་སོ། །ནམ་མཁའ་རླུང་མེ་ཆུ་དང་ས། འབྱུང་ཆུང་རྣམ་པར་ཕྱེ་བ་ཡིས། །གནས་གཞན་ཉི་ཤུར་གང་སྐྱེས་པ། །དེ་ཡི་འཛག་པ་གོ་རིམ་བཞིན། །ཁམས་གཅིག་ནས་ནི་ལྔ་ཡི་བར། །ལྡན་པས་མ་རིག་སྐྱེ་དང་བཅས། །དྲན་པ་ཉེར་གཞག་ཏུ་བསྟན་ཏོ། །ཞེས་གསུངས་ཏེ། བསམ་གཏན་བཞིའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་བསྒོམས་པས་གཟུགས་ཁམས་སུ་སྐྱེ་ལ། དེ་རྣམས་ནི་འདོད་ཡོན་ལ་སྲེད་པ་རགས་པ་བཅོམ་ཞིང་གོས་དང་བཅས་ནས་བརྫུས་ཏེ་སྐྱེའོ། །འདིར་དྲི་མེད་འོད་ལས། ཐིག་ལེ་འཛག་པས་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་ན་གཟུགས་ཀྱི་ཁམས་ན་ཕོ་དང་མོའི་དབང་པོ་མེད་ཅིང་གཟུགས་མེད་པ་ན་ནི་ལུས་ཀྱང་མེད་པ་སྟེ་མི་རིགས་སོ་ཞེ་ན་དེ་རྣམས་ནི་འཛག་པ་ཡོད་དེ། གཟུགས་མེད་བཞི་ནི་ཟད་པར་ནམ་མཁའི་རླུང་དང་མེ་དང་ཆུ་དང་སའི་འཛག་པ་བཞིའོ། །འོག་མིན་པ་བཞི་ནི་ཟད་པར་རླུང་གི་རླུང་དང་མེ་དང་ཆུ་དང་ས་བཞིའོ། །ཞེས་སོགས་ཀྱི་དོན་གཟུགས་ཁམས་སུ་གནས་རིས་བཅུ་དྲུག་ཏུ་ཕྱེ། གཟུགས་མེད་བཞི་དང་གནས་ཉི་ཤུ་པོར་སྐྱེས་པ་རྣམས་ལའང་འཛག་པ་ཡོད་དེ། ནམ་མཁའ་རླུང་མེ་ཆུ་ས་ལྔ་ལ་ནང་གསེས་སུ་རླུང་མེ་ཆུ་སའི་འབྱུང་ཆུང་བཞི་བཞིར་ཕྱེ་བའི་གཟུགས་མེད་འདུ་ཤེས་མེད་མིན་དུ་ནམ་མཁའི་རླུང་གི་འཛག་པ་གཅིག་ཡོད་པ་ནས་གཟུགས་ཁམས་ཚངས་རིས་པར་སའི་རླུང་མེ་ཆུ་ས་བཞི་ཡོད་པ་སོགས་ཉི་ཤུ་སྦྱར་བར་བྱའོ། །དེ་ལྟ་བུའི་འཕོ་བའི་བག་ཆགས་མ་རིགས་པའི་དབང་གིས་སྐྱེ་ཞིང་དེ་རྣམས་ཀྱི་བཀོད་པ་ལ་སོགས་ནི་ཉིད་ཀྱི་མཛད་པའི་དྲན་པ་ཉེར་གཞག་གི་བསྡུས་དོན་དུ་བསྟན་ཏོ། །གསུམ་པ་འདོད་པའི་ཁམས་ནི། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། །ཁམས་དྲུག་དང་ལྡན་ཕྲ་དང་རགས། །སྐྱེ་གནས་བཞི་ལྡན་གཞན་དག་རྣམས། །ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། །འབྲས་བུ་སྤྱོད་པས་རྒྱུ་དམན་ཏེ། །གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན། །མཆོག་ཡིན་འཛམ་གླིང་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ཞེས་གསུངས་ཏེ་གཟུགས་མེད་བཞིར་ནམ་མཁའི་ཁམས་གཅིག་པུ་དང་ལྡན་པ་ནས་བསམ་གཏན་དང་པོར་ནམ་མཁའ་རླུང་མེ་ཆུ་སའི་ཁམས་ལྔ་དང་ལྡན་ལ། འདོད་པ་ཁམས་ཀྱི་འགྲོ་བ་རིགས་དྲུག་ལ་ནི་དེར་མ་ཟད་ཡེ་ཤེས་ཀྱི་ཁམས་ཁུ་བ་ལྷུང་བ་ཡང་ཡོད་པས་ཁམས་དྲུག་ལྡན་ཡིན་ལ། ལུས་ཚད་ཕྲ་རགས་དུ་མ་ཡོད་ཅིང་སྐྱེ་གནས་ཀྱང་རྫུས་སྐྱེས་དང་མངལ་སྒོང་དྲོད་གཤེར་སྐྱེས་བཞི་པོ་གང་རུང་དང་ལྡན། མི་ལས་གཞན་ངན་སོང་གསུམ་ནི་མི་ཁོམ་པའི་གནས་ཡིན་ཅིང་ལྷ་དང་ལྷ་མིན་བྱང་སྒྲ་མི་སྙན་པའི་མི་རྣམས་ཀྱང་དགེ་བའི་འབྲས་བུ་བདེ་སྐྱིད་ལ་ལོངས་སྤྱོད་པས་སྐྱོ་བ་མི་འབྱུང་བའི་ཕྱིར་གཉེན་པོའི་རྒྱུ་དམན་པས་སོ་སོ་ཐར་པའི་སྣོད་དུ་མི་རུང་ངོ་། །དེས་ན་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་དང་ཁྱད་པར་འཛམ་གླིང་འདིར་སྐྱེས་པ་ནི་རྟེན་མཆོག་ཡིན་ཏེ་བྱང་ཆུབ་སྒྲུབ་པ་སོགས་དགེ་སྡིག་ཐམས་ཅད་སྟོབས་དང་ལྡན་པས་ལས་ཀྱི་ས་པར་གྲགས་སོ། །དེས་ན་ཁམས་གསུམ་ལ་སྲིད་པ་སུམ་ཅུ་རྩ་གཅིག་སྟེ་གཟུགས་མེད་བཞི་གཟུགས་ཁམས་བཅུ་དྲུག་འདོད་ལྷ་རིགས་དྲུག་ལྷ་མ་ཡིན་དང་མི་ངན་སོང་གསུམ་རྣམས་སོ། །དེ་ལྟར་ཡང་དྲི་མེད་འོད་ལས། མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལས་ཀྱི་ས་པ་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་སྔགས་ཀྱི་སྦྱང་གཞི་མི་ལུས་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། བསྐལ་པ་དང་པོའི་སྐྱེ་བ་འགྲུབ་པའི་ཚུལ་མངལ་སྐྱེས་འགྲུབ་པའི་ཚུལ་ལོ། །དང་པོ་ནི། ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་ནི། །དང་པོ་རྫུས་སྐྱེས་གཟུགས་ཁམས་བཞིན། །དེ་ནས་རིམ་གྱིས་སྲེད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །བླང་དོར་བྱས་པས་ལུས་ཁམས་ནི། །རགས་སྣང་ཕོ་མོ་སྣང་མུན་དང་། །བདེ་སྡུག་འདོད་སྲེད་བརྟས་པར་གྱུར། །ཅེས་གསུངས་ཏེ། བསྐལ་པ་དང་པོའི་བག་ཆགས་ནི་གསང་བ་འདུས་པའི་ལྷག་མོས་ཀྱི་ཏིང་ངེ་འཛིན་གྱི་སྦྱང་གཞི་ཡིན་ལ། དེའི་ཚེ་ལུས་ལ་འོད་དང་ཚེ་ལོ་དཔག་མེད་ཐུབ་ཅིང་ཟས་སུ་དགའ་བདེ་ཟ་བསོགས་གཟུགས་ཁམས་ཀྱི་ལྷ་ལྟ་བུ་ལས་སའི་བཅུད་དཀར་པོ་དང་ས་མོ་ཞག་དམར་སེར་དག་མྱངས་པས་ལུས་ཀྱི་འོད་ཉམས་ཤིང་དཀར་དམར་གྲུབ་ལ་དེའི་དབང་གིས་ཕྱི་རོལ་ཏུ་ཉི་ཟླ་གྲུབ། དེ་ནས་མྱུ་གུའི་ཚལ་དང་འབྲས་སཱ་ལི་མ་བཏབ་པར་སྐྱེས་པ་དག་ཟོས་པས་བཤང་གཅི་བྱུང་ཞིང་ཕོ་མོའི་དབང་པོ་དོད། སྲེད་པའི་དབང་གིས་མ་རྨོས་པའི་སཱ་ལི་ནུབ་ཅིང་རྩོད་ལྡན་དུ་གྱུར་ཏོ། །དུས་བཞི་འཇོག་མཚམས་ན་ལོངས་སྤྱོད་ལ་ཆོས་དང་འདོད་པའི་དོན་དང་ནོར་དང་ཐར་པ་སྟེ་ཆ་བཞིར་བྱས་ནས་ཐམས་ཅད་རྫོགས་པ་ལ་རྫོགས་ལྡན་སོགས་སུ་འཇོག་པ་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་དང་། དགེ་བ་བཅུ་ཐམས་ཅད་རྫོགས་པ་དང་རྐང་པ་བཞི་བྲི་ཚུལ་སོགས་ལ་འཇོག་པ་ཆོས་ཀྱི་དབང་དུ་བྱས་པ་གཉིས་སོ། །གཉིས་པ་མངལ་སྐྱེས་འགྲུབ་པའི་ཚུལ་ལ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་རིམ་པ། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། དེ་ལས་སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ནས་མངལ་སྐྱེས་གྲུབ་པ་ན། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་རོ་དྲུག་བཟའ་བཏུང་ལས། །འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་དོ། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བ་ཡེ་ཤེས་ཀྱི། །སྦྱོར་བས་བརྟན་པར་འགྲུབ་པ་ཡིན། །པདྨར་ཆུད་པའི་ས་བོན་ནི། །འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །དེ་ཉིད་སྐྱེ་བར་བྱེད་པ་ཡང་། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོས་རྣམ་པར་ཤེས་པ་བསྐོར། །ཞེས་གསུངས་ཏེ་ཕ་མ་སྙོམས་པར་ཞུགས་པ་དང་དྲི་ཟ་མངལ་སྒོར་ཕྲད་པའི་སྐད་ཅིག་ཕྱི་མར་བར་དོའི་ལུས་བཏང་ནས་དཀར་དམར་གཉིས་དང་རྟེན་བརྟེན་པར་གྱུར་པ་ནི་སྐྱེ་བའི་ཐོག་མ་ཡིན་ལ། དེའི་རྣམ་ཤེས་རང་གི་བཞོན་པ་རླུང་དང་བཅས་པས་བདག་པོའི་རྐྱེན་དང་ཁུ་ཁྲག་གཉིས་ཀྱིས་ཉེ་བར་ལེན་པའི་རྐྱེན་དང་མངལ་གྱི་འབྱུང་བ་རྣམས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པས་འཕེལ་ཞིང་སྐྱེ་བར་འགྱུར་རོ། །དེ་ཡང་སྤུ་དང་པགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི་ཁམས་སོ་དྲུག་ནི་མས་རོ་དྲུག་གི་ཟས་སྐོམ་ཟོས་པ་ལས་བྱུང་སྟེ་རོ་དྲུག་ནི་སྐྱུར་བ་ཡེ་ཤེས་དང་བསྐ་བ་ནམ་མཁའ་སོགས་འབྱུང་བ་ལྔ་ལས་བྱུང་ཞིང་དེའི་ནམ་མཁས་གོ་ཕྱེ། ཕ་མའི་བདེ་བ་དྲི་ཟས་བདག་ཏུ་བཟུང་བའི་ཡེ་ཤེས་ཀྱི་སྦྱོར་བས་ལུས་བརྟན་པར་གྲུབ་བོ། །དེ་བཞིན་དུ་ས་བོན་དེ་ཉིད་ཀྱི་སས་སྲ་བར་བྱེད་པ་སོགས་ཡིན་ལ་ཕྲད་སྦྱོར་གྱི་རེག་པ་སྲ་བ་སོགས་ལ་བདག་ཏུ་བཟུང་བས་ཀྱང་ཁམས་ལྔ་འབྱུང་བའོ། །གཉིས་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང་། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞི་རྣམ་ཤེས་བཀུག་ནས་ནི། །མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱི་རྣམ་ཤེས་བཟུང་། །དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལས། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞི་རྣམ་ཤེས་རྒྱུ་བཅས་པ། །ཇི་ལྟར་ཆང་རོལ་མྱོས་པ་བཞིན། །ཞེས་གསུངས་ཏེ། བར་དོ་ནི་མངོན་པར། སྔུན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་ལ་རླུང་སེམས་ཙམ་མ་གཏོགས་ལུས་རགས་པ་མེད་པ་དང་། སྐྱེ་གནས་སུ་འགྲོ་ཚུལ་ཡང་། མངལ་དང་སྒོང་སྐྱེས་སུ་སྐྱེ་ན། །བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་དང་། དྲོད་གཤེར་དང་རྫུས་སྐྱེས་ལ། དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་གསུངས་སོ། །མངལ་དུ་འཇུག་གནས་སྐྱེ་བ་གསུམ་གའི་ཚེ་དྲན་ཤེས་དང་ལྡན་པ་ནི་བྱང་སེམས་དག་སར་གནས་པ་དང་། འཇུག་སྐྱེ་དྲན་པ་ནི་བྱང་སེམས་ལས་དང་པོ་པ་དང་། འཇུག་པ་ཙམ་དྲན་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ལ་ཐ་མལ་པ་རྣམས་ནི་གསུམ་མི་དྲན་ནོ། །དེ་ལྟར་མངལ་དུ་དཀར་དམར་རྣམ་ཤེས་གསུམ་ཚོགས་ཀྱི་སྐབས་དེ་རྒྱུ་རྡོ་རྗེ་འཛིན་པའམ་གསང་འདུས་སུ་དང་པོའི་མགོན་པོར་གསུངས་ཤིང་། བསྐྱེད་རིམ་དང་སྦྱར་ན། བསྡུས་པ་ཆོག་གསུམ་བསྐྱེད་ཀྱི་ཚེ་བར་དོ་ནི་ས་བོན་དཀར་དམར་གྱི་དབུས་སུ་ཞུགས་པ་ནི་ཕྱག་མཚན། དེ་ལས་ལུས་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པའོ། །དེ་ལྟར་རྡོ་རྗེ་བཞིའི་སྒོ་ནས་བསྐྱེད་པ་དང་། ཁུ་བ་ནི་གདན་ཟླ་བ་ལས་མངོན་པར་བྱང་ཆུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་སོགས་མངོན་བྱང་ལྔ་ལས་བསྐྱེད་པ་ནི་འབྲིང་དང་རྒྱས་པ་སྟེ། ཧེ་བཛྭ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡིན། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་སོ། །གསུམ་པ་དེ་ལས་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ལ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ། ཟླ་བ་བཅུར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་པས་བསྟན། གཉིས་པ་ཟླ་བ་བཅུར་འཕེལ་ཚུལ་ལ། རྩ་བའི་རླུང་ལྔ་ལས་ལུས་ཀྱི་ངོ་བོ་སྐྱེ་བའི་རིམ་པ། ཡན་ལག་གི་རླུང་ལྔ་ལས་ལུས་ཀྱི་དབང་པོ་རྣམས་སྐྱེ་བའི་རིམ་པའོ། །དང་པོ་ལ། སྲོག་རླུང་ལས་གནས་སྐབས་བཞི་དང་དབུ་མ་སོགས་སྐྱེ་བའི་རིམ་པ། ཐུར་སེལ་སོགས་ལས་ལུས་ཀྱི་གནས་གཞན་སྐྱེ་བའི་རིམ་པའོ། །དང་པོ་ནི། ནུར་ནུར་མེར་མེར་ལྟར་ལྟར་པོ། །གོར་གོར་པོ་སྟེ་བདུན་ཕྲག་བཞི། །ལས་རླུང་གིས་དཀྲུགས་སྡུད་པར་བྱེད། །མཁྲང་འགྱུར་ཞག་ནི་དང་པོ་ནས། རང་སོར་ཕྱེད་དང་བཅུ་གསུམ་གྱི། ཚད་ལྡན་དབུ་མ་སྲོག་རླུང་བཅས། །བསྐྱེད་ནས་སྙིང་དང་ལྟེ་བ་ཡི། །འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མ་ཡི་རྩར་འབྲེལ་བས། །རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་མངལ་དུ་ལུས་གྲུབ་ནས་བདུན་ཕྲག་གཅིག་ནི་སྲོག་རླུང་ཉིད་དུ་གནས། དེ་རྗེས་བདུན་ཕྲག་བཞིར་ཀུན་ནས་སྡུད་པ་དང་མཛོད་ཀ་དང་རབ་ཏུ་འབྱེད་པ་དང་ཡང་དག་པར་སྡུད་པ་ཞེས་པའི་རླུང་བཞིས་འོ་མ་ཞོར་འགྱུར་བ་ལྟར་ནུར་ནུར་སོགས་གནས་སྐབས་བཞིར་འཕེལ། དེ་ནས་ཟླ་བ་གཉིས་པ་མཁྲང་འགྱུར་ཞེས་བྱ་བའི་ཞག་གི་དང་པོ་ནས་ལུས་ཀྱི་དབུས་སུ་རང་སོར་ཕྱེད་དང་བཅུ་གསུམ་གྱི་རྩ་དབུ་མ་ནང་དུ་སྲོག་གི་རླུང་དང་སྟེང་འོག་གི་སྣ་གཉིས་སུ་ཐིག་ལེ་དཀར་དམར་དང་བཅས་པ་ཆགས། དེ་ནས་སྙིང་དང་ལྟེ་བའི་རྩ་འཁོར་རླུང་བཅུའི་རྟེན་ཆགས་ཤིང་དེའི་ཚེ་ལྟེ་བའི་རྩ་དང་མའི་རོ་མ་འབྲེལ་བ་ལས་རླུང་ཁྲག་གི་ནུས་པས་ལུས་རྒྱས་པར་བྱེད་དོ། །དེ་ནི་ཕྱི་རོལ་ན་ཁྱབ་འཇུག་གི་འཇུག་པ་བཅུ་འདོད་པ་ལྟར་ནང་གི་ཉའི་གནས་སྐབས་ཏེ་ཕྱི་རོལ་པ་ཁ་དྲང་བའི་ཕྱི་སེམས་ཀྱི་རྡོ་རྗེ་ལ་ཁྱབ་འཇུག་གི་མིང་བཏགས་ནས་དེ་སྣོད་བཅུད་ཀྱི་བྱེད་པོར་སྟོན་པས་ལུས་ལ་སྦྱར་ན་མངལ་བཟུང་བ་ནས་བརྩམས་ཟླ་བ་གཉིས་ཀྱི་བར་ཉ་རོ་ཧི་ཏའི་རྣམ་པར་གནས་པས་ཉའི་གནས་སྐབས། དེ་ནས་ཟླ་བ་གཉིས་ཀྱི་བར་མགོ་དང་ཡན་ལག་བཞིའི་འབུར་པོ་དོད་ནས་རུས་སྦལ་དང་འདྲ་བས་རུས་སྦལ་གྱི་གནས་སྐབས། དེ་ནས་བཙའ་བའི་བར་དུ་མའི་དངས་མ་ཟ་ཞིང་བཤད་གཅི་འབྱུང་བས་ཕག་པའི་གནས་སྐབས། བཙའ་བའི་ཉིན་ཞག་ལ་ལག་པས་ལྟོ་བ་འདྲལ་བར་བྱེད་པས་མིའི་སེང་གེའི་གནས་སྐབས། བཙས་ནས་སོ་སྐྱེ་བའི་བར་ནི་གྱོལ་བས་མིའུ་ཐུང་གི་གནས་སྐབས། དེ་ནས་སོ་མ་ལྷུང་བར་སོ་དགྲ་སྟ་དང་འདྲ་བས་དགྲ་སྟ་རཱ་མའི་གནས་སྐབས། སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་ལུས་ཀྱི་དངས་མ་རྒྱས་པས་རྒྱས་པ་རཱ་མའི་གནས་སྐབས། དེ་ནས་སྐྲ་དཀར་སྐྱེས་པའི་བར་ཞེ་གནག་ཅིང་གཡོ་སྒྱུ་དང་ལྡན་པས་ནག་པོའི་གནས་སྐབས། དེ་ནས་འཆི་བའི་བར་དུ་བུ་དང་ཚ་བོ་སོགས་རང་རིགས་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ཚུལ་འདོམས་པས་སངས་རྒྱས་ཀྱི་གནས་སྐབས། འཆི་བའི་ཉིན་ཞག་ལ་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པས་རིགས་ལྡན་གྱི་གནས་སྐབས་ཏེ་འཇུག་པ་བཅུའོ། །གཉིས་པ་ཐུར་སེལ་སོགས་ལས་ལུས་ཀྱི་གནས་གཞན་སྐྱེ་བའི་རིམ་པ་ནི། དེ་ནས་ཟླ་བ་གཉིས་པ་ནས། ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །རུས་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི། །རླུང་གིས་སྟོང་རྣམས་སྒྲུབ་པར་བྱེད། །བཞི་པར་ཁྱབ་བྱེད་རླུང་གིས་ནི། །ཡན་ལག་རྩ་རྣམས་སྣང་བར་བྱེད། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། །ནང་གི་གནས་གཞན་སྒྲུབ་པར་བྱེད། །ཕག་རྒོད་སེང་གེའི་གནས་སྐས་ཡིན། །མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་འགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར། །ཞེས་གསུངས་ཏེ་རུས་ཚིགས་དུམ་བུ་སུམ་བརྒྱ་དྲུག་ཅུ་ལ་སོགས་ཆགས་པར་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གསུངས་ཤིང་དེ་སྐབས་ཀྱི་ཟླ་བ་ལྔ་པོར་རིམ་པ་བཞིན་རྣམ་ཤེས་འདུ་བྱེད་ཚོར་འདུ་གཟུགས་ཀྱི་ཕུང་པོ་ལྔ་རྫོགས་པ་ཡིན་ནོ། །གཉིས་པ་ཡན་ལག་གི་རླུང་ལྔ་ལས་ལུས་ཀྱི་དབང་པོ་རྣམས་སྐྱེ་བའི་རིམ་པ་ནི། དེ་ལྟར་ཕུང་པོ་ལྔ་རྫོགས་ནས། །ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གི་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་སྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཞེས་གསུངས་ཏེ། ཡེ་ཤེས་དང་རླུང་མེ་ཆུ་སའི་ཁམས་ལྔའི་རང་བཞིན་ཀླུ་སོགས་རླུང་ལྔས་ས་ཆུ་རླུང་མེ་རླུང་གི་ཁམས་ལྔའི་མིག་སོགས་དབང་པོ་ལྔ་བསྐྱེད་པའོ། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ནི། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཟླ་རེ་དྲུག་སྟོང་རྩ་ཆགས་པས། །མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི། །སྐྱེས་ནས་ཟླ་བ་གསུམ་པ་ན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས། །དགུ་པ་ནས་ནི་མི་གཙང་ཟ། །དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །བཀྲེས་སྐོམ་རླུང་གི་ཚོར་བ་ཡིས། །སྡུག་བསྔལ་དྲག་པོ་མྱོང་བར་འགྱུར། །དེ་ཚེ་འབྱིན་པའི་རླུང་གིས་ནི། །བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན། །མི་ཡི་སེང་གེའི་གནས་སྐབས་སོ། །ཞེས་གསུངས་པ་ཡིན་ལ་མངལ་གྱི་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་པོ་རེ་རེར་རླུང་མི་འདྲ་བ་རེ་འབྱུང་བར་དགའ་བོ་མངལ་འཇུག་ལས་བསྟན་པ་ནི་བདུན་ཕྲག་ལྔ་སོང་ནས་དྲུག་པར་ཟས་རླུང་ཞེས་པས་ཡན་ལག་གི་རྩ་སྒྲུབ། བདུན་པར་འཁྱིལ་པ་དང་བརྒྱད་པར་བཟློག་ཅིང་བསྒྱུར་བ་གཉིས་ཀྱིས་ཉིང་ལག་གི་རྩ། དགུ་པར་རྣམ་འབྱེད་ཀྱི་རླུང་གིས་དབང་པོའི་སྒོ་སྒྲུབ། བཅུ་བཞི་པར་སྐུད་པའི་སྒོས་རྩ་རྒྱུས་སྒྲུབ། བཅུ་དགུ་པར་ཤིན་ཏུ་སྲ་བས་རུས་སྒྲུབ། ཉི་ཤུ་པར་ཤ་སྐྱེད་པའི་རླུང་། ཉེར་གཅིག་པར་ཀུན་ཏུ་རྒྱལ་བའི་རླུང་གིས་ཁྲག་སྐྱེད། ཉེར་གཉིས་པར་ཡོངས་འཛིན་གྱིས་པགས་པ་སྒྲུབ། ཉེར་གསུམ་པར་སྤྲིན་འཛིན་གྱིས་མདོག་བཟང་ངན་སྒྲུབ། ཉེར་བཞི་པར་གྲོང་ཁྱེར་འཛིན་གྱིས་དང་བར་བྱེད། ཉེར་ལྔ་པར་དངོས་གྲུབ་ཀྱིས་སྐྲ་དང་བ་སྤུའི་རྩ་བསྐྱེད། ཉེར་དྲུག་པར་སྨན་ཡོན་ཆེན་པོས་དབང་པོ་སྦྱོང་། ཉེར་དགུ་པར་ལྕགས་ཀྱི་སྒོས་སེན་མོ་བྱེད་ལ་དེ་ཕྱིན་ལས་རླུང་ཐོགས་པའི་རྐྱེན་ཅེས་པས་འཕེལ་ཞིང་སྐྱེ་བར་བྱེད། ཟླ་བ་ལྔ་པའི་བར་གཉིད་འཐུག་དང་བརྒྱལ་བའི་སྐབས་ཡིན་ལ་དེ་ནས་རྨི་ལམ་གྱི་གནས་སྐབས་ཏེ་མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་སྐྱེ་བ་ཡང་དྲན་པར་འགྲེལ་ཆེན་ལས་གསུངས་སོ། །མདོར་ན་ལུས་ཞེས་བྱ་བ་ནི་ཚོགས་པའི་སྒྲ་ཡིན་ལ་ངེས་ན་ཁུ་བ་ལས་རྐང་དང་རུས་པ་དང་ཆུ་རྒྱུས་སམ་སྤུ་དང་རྡུལ་ལས་པགས་པ་དང་ཤ་དང་ཁྲག་གྲུབ་པ་ལ་མཛོད་དྲུག་ཅེས་བྱ་བ་དང་ཕུང་ཁམས་སོ་དྲུག་གི་ཚོགས་པ་ནི་རྡོ་རྗེའི་ལུས་སོ། །སོ་དྲུག་ནི། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཡེ་ཤེས་ཏེ་ཕུང་པོ་དྲུག ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག །མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག ཁ་དང་ལག་པ་དང་རྐང་པ་དང་བཤང་ལམ་དང་གཅི་བའི་ལམ་དང་ཁུ་བ་འབབ་པའི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག སྨྲ་བ་དང་། ལེན་པ་དང་འགྲོ་བ་དང་བཤང་གཅི་དང་ཁུ་བ་འཕོ་བའི་བྱ་བ་སྟེ་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཞེས་དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་ནི་གཞི་དུས་ཀྱི་སྐུ་གསུམ་ཡིན་པས་སྐྱེ་བ་སྤྲུལ་སྐུར་འཆར་བ་སྟེ། དགྱེས་རྡོར་ལས། ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །ཞེས་པ་ནས། འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཅེས་སོགས་རྒྱས་པར་བསྟན་ལ། དྲི་མས་དག་པའི་ཚེ་མཆོག་གི་སྤྲུལ་སྐུར་འཕྲོ་ཞིང་འོན་ཀྱང་སེམས་ཀྱི་རང་བཞིན་ནི་འགྱུ་བ་མེད་པར་རྒྱུན་ཆགས་པའི་རྒྱུད་དོ། །ཟབ་མོ་ནང་གི་དོན་རྒྱས་པས་བཤད་པ་ལས་མངལ་དུ་ལུས་གྲུབ་པའི་ཚུལ་ཏེ་གཉིས་པའི་འགྲེལ་པའོ།། །།ད་ནི་རགས་པའི་ལུས་ལ་གནས་པའི་ཕྲ་བའི་ལུས་རྩའི་གནས་ལུགས་འཆད་དོ། །དེ་ཡང་སྤྱིར་ལུས་འབྱུང་བཞིའི་རང་བཞིན་དང་སེམས་མ་རིག་པ་སོགས་ཕན་ཚུན་གཅིག་མེད་ན་ཅིག་ཤོས་མི་འབྱུང་བའི་རྟེན་འབྲེལ་ཡིན་ཏེ། འགྲེལ་ཆེན་དུ། འདིར་ས་ལ་སོགས་པའི་རང་བཞིན་མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་དེ། ཞེས་གསུངས་ཤིང་དེས་ན་ཐབས་ཤེས་ཀྱི་རྒྱུད་དུ་སེམས་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩའི་བྱེད་པ་ལ་བལྟོས་པར་གསུངས་པས་རྩའི་གནས་ལུགས་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་རྐྱང་གཙོ་མོ་དང་། །འཁོར་ལོ་ནད་བསྐྱེད་རྩ་བཅས་དང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །དེ་བས་ཕྲ་བའང་བཤད་པར་བྱ། །ཞེས་པའོ། །གཉིས་པ་རྒྱས་བཤད་ནི་མདོར་བསྟན་གྱི་གོ་རིམ་བཞིན་དུ་དང་པོ་དབུ་མ་བཤད་པ་ལ། རྩའི་ངོ་བོ་བཤད་པ་དང་། དེ་ལུང་དང་སྦྱར་བའོ། །དང་པོ་ནི། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། དབུ་མ་སྲོག་རླུང་བཅས་པ་དེ། །འཁོར་ལོ་དྲུག་གི་དབུས་ན་ནི། །བར་ཐག་རང་སོར་བཅུ་གཉིས་དང་། །ཕྱེད་བཅས་གསང་བ་སྤྱི་གཙུག་བར། །ཡར་སྣ་ཧྃ་གི་རང་བཞིན་གྱི། །དཀར་ཆའི་དྭངས་མས་བཀག་པའི་ཚུལ། །ལྟེ་བར་མ་ལས་ཐོབ་པ་ཡི། །དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། །དེ་གཉིས་བར་ན་ཀུན་གཞིའི་རྟེན། །སྲོག་རླུང་གནས་ཏེ་ནམ་མཁའ་འདྲ། །ལྟེ་འོག་མན་ཆང་དུང་ཅན་ཞེས། །དཀར་ཆ་འབབ་པར་བྱེད་པ་ཡིན། །ཞེས་པས་བསྟན། གཉིས་པ་ནི། འདི་ནི་སྡོམ་པ་འབྱུང་བ་ནས། །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་བ། །ཧྃ་ནི་འཕྱང་ཞིང་འོག་ཏུ་བལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། །དེ་འོག་བྱང་སེམས་མཉམ་འབབ་པ། །ཨ་ཝ་དྷཱུ་ཏཱིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཞེས་གསུངས། སྤྱིར་རྩ་ཞེས་པ་ནི་རྒྱུ་བའི་རྟེན་གྱི་དོན་དང་དེ་ལས་དབུ་མའི་མིང་གི་རྣམ་གྲངས་ནི། སུ་སུ་མ་མ། ཡིད་བཟང་མ། བདེ་ལེགས་ཡིད་མ། ཕྲ་མོའི་གཟུགས། ནང་གི་ཤིང་གཅིག སྲོག་ཤིང་སྐུད་པ། སྲོག་དབྱུག ཐར་པའི་ལམ་པོ་ཆེ། ཚངས་པའི་རི་མོ། ཚངས་པའི་དབྱུག་པ། ལེགས་སྦྱར་གྱི་སྐད་ཨ་ཝ་དྷཱུ་ཏཱི་ཞེས་པ་བོད་སྐད་ཀུན་འདར་མ། ཀུན་སྤངས་མ། གཉིས་མེད་མ། གཉིས་ལ་རྒོད་པ་སོགས་རྣམ་གྲངས་སུ་བསྒྱུར་བ་དང་། ཡར་སྣ་ལ་སྒྲ་གཅན་དང་མར་སྣ་ལ་དུང་ཅན་མ་སོགས་དུ་མར་བརྗོད་དོ། །ངོ་བོ་ངོས་བཟུང་བ་ནི་རང་འགྲེལ་ལས། གཞན་དག་སྒོམ་པའི་དབུ་མ་དང་། གནས་པའི་དབུ་མ་གཉིས་ལས། གནས་པ་ནི་ཤི་བའི་ཚེ་ཡལ་འགྲོ་བར་འདོད་པ་དང་། གཞུངས་པར་འདོད་པ་དང་། གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། དོན་ལ་མེད་པར་འདོད་པ་ཡོད་ཀྱང་འདིར་ནི་རྒྱུད་འགྲེལ་དཔང་པོར་བྱས་ནས་བཤད་དེ། སྔར་ལུས་གྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་སྟེ། ཞེས་གསུངས་ལ། ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བསྩལ་བའི་དབུ་མའི་རྣམ་བཤད་དང་བསྟུན་ན། རྒྱལ་བ་ཡང་དགོན་པའི་རྡོ་རྗེ་ལུས་ཀྱི་སྦས་བཤད་དུ། རྩ་དབུ་མ་ནི་སྲོག་རྩ་མ་ཡིན་ལ། ཡིན་ན་དེར་རླུང་ཞུགས་པས་སྲོག་རླུང་སྐྱེད་ཅིང་དབུ་མར་རླུང་ཞུགས་ན་ཡེ་ཤེས་སྐྱེ་བའི་ཕྱིར། དེས་ན་སྲོག་དབྱུག་གི་ནང་ན་སྤྱི་གཙུག་ནས་ལྟེ་བའི་བར་མདུད་པ་སུམ་ཅུ་རྩ་གཉིས་ཀྱིས་བསྡམས་པ་སྒོམ་དུས་ཀྱི་མཚན་ཉིད་བཞི་ལྡན་ལྟར་ཡོད་ལ་ཡར་སྣར་དྲིལ་ཅན་མཆོག་དང་མར་སྣར་དྲིལ་ཅན་མཆོག་མ་ཟེར་ཞེས་ཕྱག་ཆེན་ཐིག་ལེའི་ལུང་འདྲེན་པར་བྱེད་དོ། །དེའི་ཕྱག་ཆེན་ཐིག་ལེ་ནི་རྒྱུད་ཡང་དག་ཡིན་མིན་ཐེ་ཚོམ་གྱི་གནས་སུ་བཅོམ་ལྡན་རིག་རལ་གྱིས་མཛད་ལ་དབུ་མར་རླུང་ཞུགས་ནའང་སྲོག་རྩར་ཞུགས་པའི་སྐྱོན་མི་ཁེགས་ཏེ། དེ་གཉིས་སྤྱི་བྱེ་བྲག་ཡིན་པས་གྲོང་ཁྱེར་གྱི་མཁར་དུ་ཞུགས་ན་གྲོང་ཁྱེར་དུ་ཞུགས་པར་འཇོག་པ་བཞིན་ནོ། །ཡང་སེམས་ཅན་ཐམས་ཅད་ཀྱི་སྲོག་རྩར་སྲོག་རླུང་འཇུག་པས་སྲོག་རྩར་རླུང་ཞུགས་ན་སྲོག་རླུང་གི་ནད་བསྐྱེད་པའང་ཧ་ཅང་ཐལ་ཆེས་སོ། །རང་ལུགས་ལ་གཞི་ལམ་འབྲས་བུའི་རྩ་དབུ་མ་གསུམ་དུ་ཡོད། དང་པོ་ནི། མདོར་ན་ལུས་ཅན་སྲོག་རྩ་ཡིན། ཅེས་མ་དག་པ་ལུས་ཀྱི་རྩ་དབུ་མར་དག་པ་འབྲས་དུས་ཀྱི་དབུ་མའི་རིགས་སམ་རྒྱུའམ་དབྱིངས་ཀྱིས་ཁྱབ་པར་བསྟན། རྩ་འདིར་ཡང་རོ་རྐྱང་གི་རླུང་འཇུག་ཏུ་བཏུབ་པའི་གང་ཟག་ནི་གླིང་གསུམ་གྱི་སྐྱེས་པ་བུད་མེད་དབང་པོ་ཚང་ཞིང་སྔགས་བླ་མེད་ཀྱི་སྦྱོར་ལམ་ཡན་སྒྲུབ་ནུས་ཤིག་ལ་ཡོད་ཀྱི་གཞན་ཐམས་ཅད་ལ་མེད་པས་འགའ་ཞིག་གིས་སྔགས་ལམ་བསྐལ་པར་བསྒོམས་ཀྱང་ཉམས་སྣང་དུ་བ་ཙམ་ཡང་མི་རྙེད་པས་ཉམས་འཆར་མི་འཆར་རྩ་བཟང་ངན་ལ་རག་ཅེས་གསུངས་པ་དེའོ། །གཉིས་པ་ལམ་གྱི་རྩ་དབུ་མ་ནི། སོར་སྡུད་སོགས་བསྒོམས་པས་ནང་གི་དབུ་མའི་སྒོར་རླུང་སེམས་ཅུང་ཟད་ཚུད་པ་ལ་བརྟེན་ནས་ཕྱི་རོལ་ཏུ་སྟོན་གཟུགས་ལྟར་འཆར་བ་སྟེ། དུས་ཀྱི་རྩ་དང་རེ་ཁཱ་ཞེས་བོད་སྐད་རི་མོའི་རྣམ་པ་ནག་པོ་སྐྲའི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དེ་ཡིན་པས། རྗེ་སྒམ་པོ་པའི་ཐུགས་ཉམས་ལ་སྒྲ་གཅན་རྟ་རྔ་ཙམ་གྱི་ནང་དུ་ཉི་ཟླ་ཆུད་པར་སྣང་བ་ལ་རྗེ་བཙུན་ཆེན་པོས་ལམ་གྱི་རྟགས་ཡིན་སྐྱོན་ཡོན་གང་ཡང་མིན་གསུངས་པ་ལྟ་བུའོ། །དེ་ལྟར་རྩ་རྒྱུད་དུ། དུ་བ་ལ་སོགས་བསྒོམ་བྱས་ཤིང་། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུ་བསྒོམ་པར་བྱ། །ཞེས་འབྱུང་བའི་རྩ་སྦྱངས་པས་ཐོབ་ཅིང་དེར་ཐིག་རླུང་སེམས་གསུམ་ཞུགས་ནས་ཡེ་ཤེས་ཀྱི་སྐུར་གྱུར་པ་ན་རྩ་ཐམས་ཅད་དབུ་མར་གྱུར་ཅེས་བརྗོད་དོ། །གསུམ་པ་འབྲས་དུས་ཀྱི་རྩ་དབུ་མ་ནི། གཞན་མཆོག་སྐུ་རྡོ་རྗེ་ལ་གནས་པ་སྒྲིབ་བྲལ་གྱི་རང་བཞིན་ནོ། །གཉིས་པ་རོ་རྐྱང་བཤད་པ་ལ་ངོ་བོ་དང་། ལུང་དང་སྦྱར་བའོ། །དང་པོ་ནི། གཡས་གཡོན་རོ་རྐྱང་གཉིས་པོ་ནི། །ལྟེ་བ་ནས་གྱེས་མཁལ་མར་འབྲེལ། །དེ་ནས་སྙིང་གར་ཅུང་ཟད་འདུས། །མཆན་འོག་བརྒྱུད་ནས་མགྲིན་པར་ཏེ། །རྩེ་ཆུང་ནས་ནི་སྤྱི་བོར་འབྲེལ། །སྣ་བུག་གཉིས་སུ་ཡར་སྣ་འབྱུང་། །འོག་ཏུ་གསུམ་འདུས་ནས་གྱེས་ཏེ། །ཁྲག་དང་དྲི་ཆེན་འབྱིན་སྡོམ་གྱི། །ལས་ནི་གཡས་པ་རོ་མས་བྱེད། །གཡོན་ནས་རྐྱང་མ་དྲི་ཆུ་ཡི། །འབྱིན་སྡོམ་བྱེད་པར་བཤད་པ་ཡིན། །ལྟེ་སྟེང་ཡན་ཆད་རླུང་རྒྱུ་སྟེ། །ལྟེ་བར་རྩ་ནི་དྲུག་ཅུ་བཞི། །ཕྱི་ནང་རླུང་ཀུན་གསོ་སྐྱེད་བྱེད། །ཅེས་པས་བསྟན། གཉིས་པ་ལུང་དང་སྦྱར་བ་ནི། འདི་ནི་དང་པོའི་སངས་རྒྱས་ལས། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། །བཤང་བ་གཅི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་པས་བསྟན། གསུམ་པ་རྩའི་གཙོ་མོ་བཤད་པ་ལ། སྤྱིར་བསྟན་པ། ཉི་ཤུ་རྩ་བཞི་ངོས་བཟུང་བ། །སྦས་པའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལས་གྱེས་པའི་རྩེ་ཆེན་པོ། །ཉི་ཤུ་བཞི་སྟེ་སྙིང་ག་ཡི། །ཡན་ལག་རླུང་ནི་བརྟེན་པའི་རྩ། །ལྔ་དང་གཙོ་མོ་གསུམ་བཅས་པས། །སུམ་ཅུ་གཉིས་ཏེ་རྩ་བ་ཡི། །རླུང་བརྟེན་རྩ་བཅས་སུམ་ཅུ་བདུན། །ཞེས་རོ་རྐྱང་དབུ་མ་གསུམ་པོ་འདི་ལས་གྱེས་པའི་རྩ་ཉེར་བཞི་ཡོད་དེ། དེ་དག་ནི་ནང་དུ་རྩ་དང་ཕྱིར་ཡུལ་ཉེར་བཞི་དང་གཞན་དཀྱིལ་འཁོར་དུ་ཐུགས་གསུང་སྐུའི་རྣལ་འབྱོར་མ་ཉེར་བཞིའི་རང་བཞིན་ཡིན་ལ། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་དང་གཙོ་མོ་གསུམ་དང་བཅས་པ་སོ་གཉིས་ནི་ཟླ་བ་ཡར་ངོའི་ཆ་བཅོ་ལྔ་དང་མར་ངོའི་ཆ་བཅོ་ལྔ་རྣམ་པར་དག་པ་བདག་མེད་ལྷ་མོ་བཅོ་ལྔར་གསུངས་ལ་དཀར་ཆ་བཅུ་དྲུག་པའི་རྟེན་ནི་དུང་ཅན་མ་དང་ནག་པོའི་ཆ་བཅུ་དྲུག་པའི་རྟེན་ནི་བདུད་བྲལ་མའོ། །དེ་དག་གི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་རྩ་ལྔ་བསྣན་པའི་སུམ་ཅུ་རྩ་བདུན་ནི་གཞི་ལ་ཁམས་སོ་དྲུག་ཁྱབ་བྱེད་ཐུགས་རྡོ་རྗེ་དང་བཅས་པ། ལམ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ལ་སྦྱར་ནས་གསུངས་སོ། །གཉིས་པ་རྩ་ཆེན་ཉི་ཤུ་རྩ་བཞི་ངོས་བཟུང་བ་ནི། བདེ་མཆོག་དང་སམྦུ་ཊ་ནས་འབྱུང་བ་ལྟར་ལུས་ཀྱི་སྟོད་ན་རྐྱང་མ་དང་འབྲེལ་བ་བཅུ་བཞི། སྨད་ན་རོ་མ་དང་འབྲེལ་བ་བཅུ་སྟོན་ཏེ། འདི་ཡི་གཡོན་པའི་ཆར་སྐྱེས་པ། །མི་ཕྱེད་མ་ནི་མཚོག་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། །རྩེ་བ་མ་ནི་རྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩའོ། །ཐུང་དུ་ཞེས་བྱ་རྣ་བ་གཡོན། །རུས་སྦལ་སྐྱེས་མ་སྨིན་དབུས་ཏེ། །མིག་གི་ཕྱི་རོལ་སྒོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །མཇུག་མ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །ཁ་ལ་གནས་པའི་བསིལ་སྦྱིན་མ། །མགྲིན་དབུས་ཚ་བ་མ་གནས་སོ། །རྐྱང་མ་དེ་དག་ཀུན་བརྟེན་པའོ། །འདི་རྣམས་ཤེས་རབ་རང་བཞིན་ནོ། །རོ་མ་ལ་བརྟེན་ཐབས་ཀྱི་ཆ། །གཞོལ་མ་བྲང་གི་གཞུང་དུ་གནས། །རངས་མ་ལྒང་པར་འབྲེལ་བ་སྟེ། །ཤིན་ཏུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་བ་སྟེ། །རྒྱུ་སྦྱིན་བརླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་བྱིན་པར་གནས། །སྡུག་གུ་རྐང་པའི་སོ་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་མཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་བུན་མོའི་གཉན་གོང་གནས། །དེ་ལྟར་ལུས་ཀྱི་གནས་སུ་འདོད། །ཅེས་སོ། །གསུམ་པ་སྦས་པའི་རྩ་ལྔ་བཤད་པ་ནི། སུམ་བསྐོར་འདོད་མ་ཁྱིམ་མ་དང་། །གཏུམ་མོ་ཞེས་བྱ་རྩ་བཞི་ནི། །མིག་དང་རྣ་བ་སྣ་དང་ལྕེར། །སྙིང་དབུས་ནས་འགྲེལ་རླུང་རྒྱུའི་རྩ། །བདུད་བྲལ་ལྕེ་ཆུང་དབུས་སུ་ཟུག །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ནི་ཨ་ཝ་དྷཱུ་ཏཱི་སྟེ། གཞན་ནི་རྩ་བའི་རླུང་རྒྱུའི་གནས། །ཞེས་གསུངས་ཏེ། དབུ་མ་དང་འབྲེལ་བའི་རྩ་བཅུ་ལ་སྦས་པའི་རྩ་ཞེས་བསྟན་པའི་དོན་ནི་སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང་། ལམ་དུས་སུ་དེ་རྣམས་བཅིངས་པས་རྟགས་བཅུ་འཆར་བའི་རྩ་བར་གྱུར་པས་སྦས་པ་སྟེ་ས་བོན་ནམ་གཏེར་སྦས་པ་ལྟ་བུའོ། །དེ་ལ་བཅུར་ཡོད་ཀྱང་ལྔར་བཞག་པ་ནི་ཤིང་ལོ་མ་བདུན་པར་བརྗོད་པ་དང་འདྲ་ལ། དེ་རྣམས་རྩ་བ་སྙིང་དབུས་ན་འདུས་ཤིང་སུམ་བསྐོར་སོགས་བཞིའི་རྩེ་མོ་དབང་པོའི་སྒོ་སོ་སོར་འབྲེལ་བས་གཟུགས་འཛིན་པ་སོགས་ཀྱི་བདག་རྐྱེན་བྱེད་པར་བཤད་ཀྱང་ཕྱོགས་གཅིག་བྱེད་པ་ཡིན་གྱི་ཡོངས་རྫོགས་ནི་རྟེན་རྩ་དང་ནང་དུ་རྒྱུ་བའི་རླུང་དང་དེ་དང་ལྷན་ཅིག་པའི་ཐིག་ལེ་གསུམ་ག་མ་ཚང་བར་གཟུགས་སོགས་འཛིན་མི་ནུས་སོ། །བདུད་བྲལ་གྱི་ཡར་སྣ་ལྕེ་ཆུང་ངུ་ཟུག་ཅིང་ནང་དུ་ནོར་རྒྱལ་གྱི་ཕྱོགས་གཅིག་གནས། བྱེད་ལས་ནི་ཕྱོགས་གཅིག་རེག་བྱ་འཛིན་ཕྱོགས་གཅིག་གིས་ཁམས་གྱེན་དུ་འདྲེན་པས་བདུད་རྩི་གཞིབས་ན་འཆི་བ་འཕྲོག་པར་བཤད་དོ། །བཞི་བ་འཁོར་ལོའི་རྩ་རྣམས་རྒྱས་པར་བཤད་པ་ལ། མདོར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། ཞེས་གསུངས་ཏེ། ཁ་ཅིག་འཁོར་ལོ་བཞི་ག་རྩ་བརྒྱད་བརྒྱད་རེ་འདྲ་བ་ལ་ཀྱོག་མང་ཉུང་གིས་བརྩི་བར་འདོད་ཀྱང་འདིར་ནི་སེམས་འགྲེལ་སྐོར་གསུམ་དུ་གསུངས་པ་ལྟར་གྲངས་ཇི་ལྟ་བ་བཞིན་རྩ་རེ་རེ་ཡིན་པར་འདོད། འཁོར་ལོར་བརྗོད་པའི་རྒྱུ་མཚན་ནི་དབྱིབས་འདྲ་བ་དང་དེ་དང་དེར་རླུང་སེམས་བཅིངས་ན་གནས་སྐབས་བཞིའི་འཁྲུལ་པ་གཅོད་ནུས་པའོ། །གཉིས་པ་སོ་སོར་བཤད་པ་ནི། བཞིའི་དུས་ལུས་བསྐྱེད་ཅིང་སྤྲུལ་པ་དང་དེར་གཏུམ་མོ་བསྒོམས་ན་སྤྲུལ་པའི་སྐུ་ཐོབ་ནུས་པའི་སྒོ་ནས་བཞག་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །དབུ་མ་ལས་གྱེས་རྩ་བཞི་ལ། །འཕོ་བ་བཅུ་གཉིས་རིམ་པ་ཡིས། །ལྔ་ཚན་དུ་གྱེས་དྲུག་ཅུ་སྟེ། །གཡས་དང་གཡོན་པའི་འཕོ་བ་བརྟེན། །བཞི་པོ་དབུ་མའི་འཕོ་བ་ཡིན། །ཞེས་དབུ་མ་ལས་གྱེས་པའི་སྟོང་པའི་རྩ་བཞི། དེ་རེ་རེ་ལ་གསུམ་གསུམ་གྱེས་པ་ནི་འཕོ་ཆེན་བཅུ་གཉིས། དེ་རེ་རེ་ལ་ལྔ་ལྔར་གྱེས་པ་ནི་འཕོ་ཆུང་དྲུག་ཅུ་སྟེ། གཡས་ཀྱི་སུམ་ཅུ་ནི་གླང་སོགས་མཉམ་པའི་དུས་སྦྱོར། གཡོན་གྱི་སུམ་ཅུ་ནི་ལུག་སོགས་མི་མཉམ་པའི་དུས་སྦྱོར་འཕོ་བའི་རྟེན་ཡིན་ཅིང་རླུང་རོ་རྐྱང་རེ་མོས་འཕོ་ལ་བཞི་པོ་ནི་དབུ་མའི་འཕོ་བའི་རྟེན་ཡིན་ནོ། །མིང་ནི་རྡོ་རྗེ་འཕྲེང་བ་ལས། །ཡང་དག་ཤུགས་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །ཞེས་བཞི་པོ་དང་། སྟོབས་ཆེན་དང་ནི་མི་ཟད་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་དང་རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །རྒྱགས་པའི་བརླན་དང་རྒྱགས་པ་འཆང་། །རྩུབ་དང་ཁ་ཆུ་གླང་པོ་དང་། །དབུགས་མི་བདེ་དང་གཡའ་ཁ་འགྲོ། །འདབ་ཆགས་ཡན་ལག་ཁྲ་ཡི་གདོང་། །ཟ་ཕོད་མི་ཟད་སྒྲ་སྒྲོག་དང་། །དྲི་ལྡན་བརྡེག་དང་བརཏལ་བ་དང་། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བ་མཐོ་དང་རྒྱ་ལྟར་སྔོ། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་དང་ནི་རྙིང་པ་དང་། །ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིག །ཚིགས་ཀྱི་ཚད་དང་བརཏལ་བ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་དུལ་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བ་བསྙེམས་མ་དང་། །ཆུན་འཕྱང་ལྟོ་དང་ཆགས་པ་ཆགས། །ཆུན་འཕྱན་ཆུན་འཕྱང་ཕྱེད་སྦྲང་བུ། །ཕྲུ་གུ་ཕྲུ་གུ་སྟེར་འགྲོ་བ། །ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །དེ་ལྟར་དྲུག་ཅུ་རྩ་བཞིའོ། །ཞེས་མིང་རྣམས་སྟོབས་ཆེན་སོགས་ལྔ་ལྔ་ལུག་གླང་སོགས་ལ་སྤེལ་ནས་སྦྱོར་བ་གཅིག་དང་དང་པོ་སུམ་ཅུ་ལུག་སོགས་མི་མཉམ་པའི་འཕོ་བ་ཕྱི་མ་སུམ་ཅུ་གླང་སོགས་མཉམ་པའི་འཕོ་བ་སྟེ་སྦྱོར་ཚུལ་གཉིས་ཡོད་དོ། །སྙིང་ག་ནི་གཞིའི་དུས་རྣམ་པར་ཤེས་པ་ཆོས་སྣ་ཚོགས་ལ་འཕྲོ་བ་དང་དེར་འོད་གསལ་བསྒོམས་ན་ཆོས་སྐུ་ཐོབ་ནུས་པས་ཆོས་ཀྱི་འཁོར་ལོར་བརྗོད་ཅིང་། སྙིང་གའི་འཁོར་ལོའི་རྩ་བརྒྱད་མིང་། །རིན་ཆེན་ཅོད་པན་པདྨ་ཆེ། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །མགོན་པོ་ཆེ་དང་སྒྲ་ཆེ་དང་། །ཉེར་དགའ་ཆེན་པོ་མྱོས་པ་ཆེ། །འདི་རྣམས་འཁོར་ལོས་ལུས་ཀུན་ཁྱབ། །མགྲིན་པ་ནི་གཞིའི་དུས་རོ་དྲུག་མྱོང་བའི་སྒོ་ནས་ལོངས་སྤྱོད་པ་དང་དེར་རྨི་ལམ་སྒྱུ་ལུས་བསྒོམས་ན་ལོངས་སྐུ་ཐོབ་ནུས་པས་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ། མགྲིན་པར་རྩ་འདབ་བཅུ་དྲུག་ནི། ལོངས་སྤྱོད་ལོངས་སྤྱོད་སྟེར་དང་གསང་། ཉི་འགྲོ་གསལ་དང་བསྐྲལ་བ་དང་། སྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་ཟ་དང་བཀྲེས་པ་དང་། །བཅུད་ལེན་རོས་ནི་བཀུར་བ་དང་། །རོ་འཇིག་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །སྤྱི་བོ་ནི་གཞིའི་དུས་བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་ཆ་ལྷག་པར་གནས་པ་དང་དེར་ཐིག་ལེའི་གནད་བཅིངས་ན་བདེ་ཆེན་ཡེ་ཤེས་ཀྱི་སྐུ་ཐོབ་ནུས་པ། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །རིམ་རིགས་དང་ནི་འདོད་པ་ཅན། །འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཅན་མི་སྨྲ་ཀུ་ཤ་དང་། །ཤི་བ་སྤོང་དང་དག་པ་དང་། །མེ་དང་མེ་རོ་ནེ་ཙོ་དང་། །གང་བ་ཉི་དང་རོ་ལྡན་དང་། །ཀོས་རིང་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་རྣ་དང་། དུང་གི་མིག་དང་དུང་གི་སྣ། །རྒྱགས་དང་དབང་རྒྱགས་བརྐམ་པ་དང་། །རྒྱགས་པས་རྒྱལ་དང་ངོ་མཚར་རྒྱགས། །སྙོམས་པ་དང་ནི་ཚིགས་ཀྱི་རྟེན། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད། །དེ་ལྟར་བརྒྱ་དང་ཉི་ཤུ་ནི། །གཙོ་བོ་ཞེས་ནི་བཤད་པ་ཡིན། །དེ་ནས་འཁོར་ལོ་དྲུག་ཏུ་བཤད་པ་ལ། རྡོ་རྗེ་འཕྲེང་བ་ལས་གསུངས་ཚུལ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བསྟན་པ་གཉིས། དང་པོ་ནི། གཙུག་ཏོར་རླུང་དང་མགྲིན་པ་མེ། །གནས་པའི་རྩ་ནི་དགུ་ཡོད་དེ། །སྨིན་མའི་དབུས་ན་རླུང་འཁོར་ལོ། །བྱེ་བ་འཁྱིལ་པ་མི་ཟད་པ། །མིང་བཟང་བརྟན་དང་མཚན་ཉིད་ཅན། །འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་མེ་དང་ལྡན་པའོ། །ཞེས་སངས་རྒྱས་རྣམས་ཀྱི་གཙུག་ཏོར་སྐྱེད་བྱེད་ད་ལྟ་སྨིན་དབུས་ན་རྩ་དགུ་ཡོད་པར་བསྟན་པའོ། །གཉིས་པ་ནི། དུས་ཀྱི་འཁོར་ལོར་གང་གསུངས་པ། །འདི་བདུན་གསང་བའི་གནས་སུ་སྟེ། །སྤྱི་བོ་དང་མཚུངས་གསང་འཁོར་ལོ། །སུམ་ཅུ་རྩ་གཉིས་འདབ་མ་ཡིན། །དེ་དག་དབུས་ན་གནས་པ་ནི། །སྟོང་པ་དྲུག་གི་རྩ་ཡིན་ནོ། །འདི་རྣམས་གསུང་གི་སྒོ་ཞེས་བྱ། །ཞེས་དུས་འཁོར་ལས་གཙུག་ཏོར་གྱི་རྩ་དགུ་ནི་རྡོ་རྗེ་ནོར་བུའི་རྩ་འདབ་བཞི་དང་རྩ་གསུམ་གྱི་མར་སྣ་གསུམ་དང་བདུན། གསང་གནས་ཡན་གྱི་དབུ་མ་ལ་སྒྲ་གཅན་དང་དུས་མེའི་རྩ་གཉིས་སུ་ཕྱེ་བས་དགུ་པོ་ལ་གསུངས་ཤིང་གསང་བའི་ཕྱིར་བསྐོར་ན་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པར་གསུངས། དེ་ལྟར་རྒྱུད་གཉིས་དགོངས་པ་མི་འགལ་ཏེ་རྡོར་འཕྲེང་ལས་རྩ་བདུན་པོ་སྟོད་ན་ཡོད་པར་གསུངས་པ་ནི་དེའི་ལུས་ཐབས་ཀྱི་ཆ་ནམ་མཁའི་ཁམས་ལ་དགོངས་པ་ཡིན་ལ། དུས་འཁོར་ལས་སྨད་དུ་ཡོད་པར་གསུངས་པ་ནི་དེའི་བསམ་པ་ཤེས་རབ་ཀྱི་ཆ་ཡེ་ཤེས་ཀྱི་ཁམས་ལ་དགོངས་པ་ཡིན། ཡང་ན་སེམས་འགྲེལ་རྣམས་སུ་རྒྱུད་ཐམས་ཅད་དགོངས་པ་གཅིག་ཏུ་གསུངས་པའི་ངེས་པས་འཁོར་ལོ་དྲུག་གི་དབུས་ཀྱི་རྩ་དྲུག་ལ་བྱེ་བ་སོགས་ཀྱི་མིང་གིས་བསྟན་ཅིང་འཁོར་ལོ་བཞི་ནི་སྲོག་འབྱིན་འཇུག་བྱེད་པའི་ལམ་ཡིན་པས་གསུང་དཀྱིལ་གྱི་སྒོ་བཞིར་དག་པ་ཡིན་ནོ། །དུས་འཁོར་ནས་གསུངས་པའི་འཁོར་ལོ་དྲུག་གི་རྩ་གྲངས་ནི། གཙུག་ཏོར་དུ་ཐུན་ཆེན་པོ་བཞི། སྤྱི་བོར་ཚེས་བཅུ་དྲུག མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུ་བཞི། སྙིང་གར་གཟའ་བརྒྱད། ལྟེ་བར་དབྱུ་གུ་དྲུག་ཅུ་རྩ་བཞི། གསང་གནས་སུ་དཀར་ནག་གི་ཚེས་སོ་གཉིས་ཀྱི་རང་བཞིན་ཡོད་པར་གསུངས་སོ། །དེ་ནས་ཡན་ལག་གི་འཁོར་ལོ་བཤད་པ་ནི། ལག་པ་གཡས་པའི་ཚིགས་གསུམ་ལ། །རླུང་གི་ཁམས་ཀྱིས་བསྐྱེད་པ་ཡི། །རྩ་ནི་སུམ་ཅུ་སུམ་ཅུ་གནས། །སོར་མོའི་ཚིགས་ནི་རེ་རེ་ལ། །རྩ་ནི་དྲུག་དྲུག་ཏུ་འགྱུར་ཏེ། །གྲངས་ནི་གོང་དང་མཚུངས་པའོ། །དེ་བཞིན་ལག་གཡོན་མེ་ཡི་ཁམས། །རྐང་པ་གཡས་པ་ཆུ་ཁམས་ཏེ། །གཡོན་པ་ས་ཁམས་སྔ་མ་བཞིན། །དེ་ལྟར་འཁོར་ལོ་བཅུ་གཉིས་ལ། །རྩ་ནི་སུམ་བརྒྱ་དྲུག་ཅུའོ། །སོར་ཚིགས་རྩ་གྲངས་དེ་དང་མཉམ། །ཞེས་སོ། །ལྔ་པ་ནས་སྐྱེད་པའི་རྩ་བཤད་པ་ནི། །ནད་ནི་སྐྱེད་བར་བྱེད་པའི་རྩ། །གཙུག་ཏོར་རྩ་བཞི་དཔྲལ་བ་ཡི། །བཅུ་དྲུག་བད་ཀན་སྐྱེད་པར་བྱེད། །མགྲིན་པར་རྩ་ནི་སུམ་ཅུ་གཉིས། །སྙིང་གའི་བརྒྱད་རྣམས་མཁྲིས་པ་སྐྱེད། །ལྟེ་བའི་དྲུག་ཅུ་རྩ་བཞི་དང་། །གསང་བའི་ཕྱི་རོལ་བཅུ་དྲུག་གིས། །རླུང་གི་ཁམས་འཁྲུག་གསང་བ་ཡི། ནད་རིམ་བཅུ་དྲུག་འདུས་པ་སྐྱེད། །དེ་ལྟར་བརྒྱ་དང་ལྔ་བཅུ་དྲུག །འདི་རྣམས་འཁོར་ལོའི་ཕྱི་རིམ་སྟེ། །གཞན་དག་འཁོར་ལོ་ཉིད་དུ་འདོད། །དྲུག་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བཤད་པ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྣམ་དབྱེ་རྡོ་རྗེ་འཕྲེང་བ་ལས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །དེ་ཡང་ལུས་ལ་གནས་པས་ན། །རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བར། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །དབྱེ་བས་གསུམ་སྟེ་བདུན་ཅུ་གཉིས། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཞེས་རྩའི་ནང་དུ་རླུང་ཐིག་གི་བྱ་བ་བྱས་ཟིན་པ་དང་། བྱེད་བཞིན་པ་དང་། བྱེད་པར་འགྱུར་བ་གསུམ་མམ། ཡང་ན་རླུང་འབབ་པ་ལ་ཐིམ་པ། ཐིག་ལེ་འབབ་པ་ལ་ལོངས་སྤྱོད། ཁྲག་འབབ་པ་ལ་བདག་པོར་འཇོག་གོ །བདུན་པ་དེ་ལས་ཕྲ་བའི་རྩ་དང་ཞར་ལ་ཁམས་གང་གིས་བསྐྱེད་པ་བསྟན་པ་ནི། དཔེར་ན་སྡོང་པོ་གཅིག་ལས་ནི། །ཡལ་ག་ལོ་འདབ་གྱེས་པ་བཞིན། །དེ་ལས་ཕྲ་བའི་རྩ་རྣམས་ནི། །བྱེ་བ་ཕྲག་ནི་ཕྱེད་དང་བཞི། །བ་སྤུ་སྐྱེད་པར་བྱེད་པ་ཡིན། །ཞེས་པ་སྟེ་དེ་རྣམས་ནི་ཉེར་བཞི་ལས་གྱེས་པ་ཡིན་ལ། གཙོ་མོ་སོ་དྲུག་ཏུ་བཤད་པའི་ལྷག་མ་བཅུ་གཉིས་ལས་གྱེས་པའི་རྩ་ཕྲ་མོའང་ཡོད་པར་ངེས་ཤིང་། དགའ་བོ་ལ་བསྟན་པར། ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་པའང་འདིར་འདུས་པའི་ངེས་པ་མེད་དོ། །འདི་རྣམས་ཁམས་ཀྱི་རིམ་པ་ནི། །ལྟེ་བ་ས་སྟེ་སྙིང་ག་རླུང་། །མགྲིན་པ་མེ་ལ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། །ཡེ་ཤེས་བདེ་བའི་རིགས་སུ་གསུངས། །དེ་བཞིན་བ་སྤུའི་མཐར་ཐུག་པར། །ཁམས་དྲུག་གིས་ནི་རིམ་པར་བསྐྱེད། །གཡས་གཡོན་དབུ་མའི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན། །ཞེས་ཁམས་དྲུག་ཏུ་དབྱེ་བ་དང་མཁའ་ཡེ་གཅིག་ཏུ་བྱས། རླུང་མེ་གཅིག་ཏུ་བྱས། ས་ཆུ་གཅིག་ཏུ་བྱས་པའི་གསུམ་དང་། དེ་ཡང་ཐབས་ཤེས་གཉིས་སུ་བསྡུ་བ་སོགས་དབྱེ་བསྡུ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། ལུས་རགས་པར་སྣང་བ་དང་དེ་ལ་བདག་དང་བདེ་སྡུག་སོགས་མངོན་པར་ཞེན་ཡང་མཚན་ཉིད་ལ་ཞིབ་པར་བརྟགས་ན་རྩ་ཕྲ་མོ་དང་དེ་ཡང་སྣང་ལ་རང་བཞིན་མ་གྲུབ་པར་རྟོགས་ན་སྣང་ཙམ་ནི་འཇའ་ལུས་སྐུ་རྡོ་རྗེ་དབུ་མ་ཆེན་པོར་རྟོགས་ནུས་པས། དེ་ལྟར་རྩ་ཡི་མཚན་ཉིད་ཤེས། །ལུས་ཀྱི་གནས་ལུགས་རྟོགས་པར་འགྱུར། །ཞེས་གསུངས་སོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའི་འགྲེལ་པའོ།། །།ད་ནི་རྩ་དེ་རྣམས་ཀྱང་རླུང་གིས་འདུ་བྱས་པའི་རྒྱུ་ལས་བྱུང་བས་རླུང་བཤད་པ་ལ། སྤྱིར་བསྟན་པ། རྒྱས་པར་བཤད་ལ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རླུང་གི་ངོ་བོ་དང་། །གནས་དང་བྱེད་ལས་རྒྱུ་བའི་ཚུལ། །སྟོབས་དང་སྟོབས་མེད་རིམ་པ་དང་། །འཇུག་ས་གཟུང་ཐབས་སྐྱོན་ཡོན་རྣམས། །རིམ་པ་བཞིན་དུ་འདིར་བཤད་བྱ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ། །གནས་ཚུལ་བྱེད་ལས་དང་བཅས་པ། །རྒྱུ་ཚུལ་སྟོབས་དང་བཅས་པ། འཇུག་སྒོ་གཟུང་ཐབས་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པ་དང་ལྔ། དང་པོ་ལ་བསྟན་བཤད་གཉིས་ལས་དང་པོ་ནི། རླུང་ནི་ངག་དང་དུས་སྦྱོར་ཏེ། །ཡི་གེ་ཐམས་ཅད་འདི་ལས་སྐྱེས། །ཞེས་སྐྱེས་བུའི་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོ་ངོས་བཟུང་བ་སྟེ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །མངོན་པར། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་འབྱུང་བའི་སྲོག་ཀྱང་འདིའོ། །གཉིས་པ་ལ་རྩ་བའི་རླུང་ལྔ་བཤད། །ཡན་ལག་གི་རླུང་ལྔ་བཤད། རླུང་ལྔ་དང་ཕུང་པོ་ལྔ་སྦྱར་བའོ། །དང་པོ་ནི། ཐོག་མར་རྣམ་ཤེས་ལ་བརྟེན་པ། །སྲོག་རླུང་ཨ་ཡི་རྣམ་པ་ཅན། །ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན། །ཐུར་སེལ་ས་ཁམས་ལྀ་ཡིག་སྟེ། །གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །མེ་མཉམ་རླུང་ཁམས་ཨེ་ཞེས་བརྗོད། །ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར། །ཞེས་སོ། །གཉིས་པ་ནི། དེ་ནས་ཡན་ལག་རླུང་ལྔ་ནི། །ཀླུ་ནི་སས་བསྐྱེད་ནམ་མཁའ་ཨཱ། །རུས་སྦལ་རླུང་སྟེ་ཨེ་རུ་བཤད། །རྩངས་བ་མེ་སྟེ་ཨཱར་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། །ཨཱལ་ནི་ས་ཁམས་ནོར་ལས་རྒྱལ། །ཐོག་མར་ཟླ་བ་རེ་རེ་ལ། །རིམ་བསྐྱེད་ད་ལྟ་ལས་ཀུན་བྱེད། །སྡུད་པ་ལོ་ནི་བཅུ་བཅུར་བཤད། །ཅེས་སོ། །གསུམ་པ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་ལས། །སེམས་ཉིད་འོད་གསལ་ཡེ་ཤེས་རླུང་། །ཀུན་གཞི་མཁའ་སྟེ་ཉོན་ཡིད་བཅས། །འདུ་བྱེད་རླུང་སྟེ་ཚོར་བ་མེ། །འདུ་ཤེས་ཆུ་ལ་གཟུགས་ནི་ས། །རིམ་པར་བསྐྱེད་བྱ་སྐྱེད་བྱེད་གསུངས། །ཞེས་འབྱུང་བ་ལྔའི་རང་བཞིན་རླུང་ལྔ་དང་ཕུང་ལྔ་སྦྱར་ཞིང་རྣམ་ཤེས་དང་གཟུགས་ལྟ་བུ་ཕན་ཚུན་བསྐྱེད་བསྐྱེད་བྱ་སྐྱེད་བྱེད་དོ། །གཉིས་པ་གནས་ཚུལ་བྱེད་ལས་དང་བཅས་པ་ནི། ད་ལྟ་ལུས་གནས་ལས་བྱེད་པ། །སྤྱིར་ནི་ལུས་རྣམས་ཀུན་ཁྱབ་ཀྱང་། །རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་རྟེན་པར་བྱེད། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ད་ལྟ་བདག་འཛིན་དྲན་པ་སྐྱེད། །ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད། །ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཐུར་སེལ་འོག་ཏུ་གསུམ་འདུས་ནས། །འོག་འགྲོ་དྭངས་སྙིགས་འབྱིན་སྡོམ་བྱེད། །དུང་ཅན་དང་གནས་བདེ་བའི་ཁམས། །ལོག་ན་སྨད་ཀྱི་ནད་སྐྱེད་བྱེད། །མེ་མཉམ་བདུན་ཕྱོགས་རྩ་ལས་བྱུང་། །ཕོ་བར་ཟུག་སྟེ་དྭངས་སྙིགས་འབྱེད། །ལུས་ཀུན་ཏུ་འཁྱེར་ལོག་གྱུར་ན། །སྦོ་འཁྲོག་འཁྲུ་དང་མ་རུངས་བྱེད། །གྱེན་རྒྱུ་མེ་མཚམས་རྩ་ལས་བྱུང་། །མགྲིན་པའི་གནས་སུ་ལས་ཀུན་བྱེད། །ལུས་ངག་གླུ་གར་སོགས་རྣམས་ཡིན། །ལོག་ན་སྟོད་ནད་ཕལ་ཆེར་བྱེད། །ཁྱབ་བྱེད་གཡས་ཕྱོགས་རོ་མ་དང་། །འབྲེལ་ནས་ལུས་ཚིགས་ཀུན་ལ་གནས། །ལུས་ཀྱི་སྟོབས་བྱེད་དེ་ལོག་པས། །ཡན་ལག་ཞ་རེངས་ནད་ཀུན་བྱེད། །བདེན་བྲལ་རྒྱབ་ཕྱོགས་རླུང་མཚམས་དང་། །གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། །ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཀླུ་ཡིས་གཟུགས་འཛིན་ལུས་སྒེག་བྱེད། །རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། །རྩངས་པ་དྲི་འཛིན་ཁྲོ་འཁྲུག་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བ་བྱེད། །ནོར་རྒྱལ་རེག་འཛིན་ལུས་འདི་ལ། །ཤི་ནས་མ་འཐོར་བར་དུ་གནས། །ད་ལྟ་ཐུན་བརྒྱད་རང་བཞིན་ཏེ། །འདི་རྣམས་གཙོ་བོ་བསྟན་པ་ཡིན། །ཞེས་དེ་ལྟར་རླུང་བཅུ་པོ་འདི་ད་ལྟ་སྙིང་གར་ཐུན་བརྒྱད་ཀྱི་རང་བཞིན་དུ་འབབ་ཅིང་རེ་རེའང་ཁམས་ལྔའམ་དྲུག་གི་བདག་ཉིད་ཅན་ཕྱིར་འགྲོ་བ་ན་སྡུད་རིམ་དང་ནང་དུ་འཇུག་པ་ན་བསྐྱེད་རིམ་དུ་འབྱུང་བ་ཡིན་ནོ། །གསུམ་པ་རྒྱུ་ཚུལ་སྟོབས་དང་བཅས་པ་ལ་ནང་དུ་རྒྱུ་ཚུལ། ཕྱི་རོལ་ཏུ་རྒྱུ་ཚུལ། རྒྱུ་བའི་རིམ་པ་སོགས་བསྟན་པ། རྒྱུད་ཕན་ཚུན་དགོངས་པ་གཅིག་ཏུ་སྡོམ་པའོ། །དང་པོ་ལ། འཁོར་ལོ་བཞིར་རྒྱུ་ཚུལ། སྤྱིའི་ཁམས་བསྟན་པ། ཚིགས་ཀྱི་འཁོར་ལོར་རྒྱུ་ཚུལ། རྩ་ཕྲ་མོ་རྣམས་ལ་རྒྱུ་ཚུལ། འགག་པའི་ངེས་པ་བསྟན་པ་དང་ལྔ་ལས། དང་པོ་ལ། སྙིང་གའི་འཁོར་ལོར་རྒྱུ་ཚུལ་ནི། །རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། །སྲོག་རླུང་སྒྲ་གཅན་རང་བཞིན་ནི། །དབུ་མར་རྒྱལ་པོ་ལྟ་བུར་གནས། །ཇི་ལྟར་སྙིང་གའི་འཁོར་ལོ་ལྟར། །འཁོར་ལོ་གཞན་ཡང་དེ་བཞིན་ཏེ། །ཞེས་སྲོག་རླུང་ནི་ལུས་ཀྱི་དབུས་དབུ་མའི་ནང་དུ་རླུང་འཕེལ་འགྲིབ་ཐམས་ཅད་ཀྱི་བདག་པོ་རྒྱལ་པོ་ལྟར་གནས་ཤིང་དེ་ལས་སྙིང་གའི་འཁོར་ལོར་དབུ་མ་ལས་གྱེས་པའི་སྟོང་པའི་རྩ་བཞི། དེ་ལས་གཉིས་གཉིས་སུ་གྱེས་པས་བརྒྱད་དུ་རླུང་རྒྱུ་བ་ལྟར་འཁོར་ལོ་གཞན་གསུམ་པོར་ཡང་དེ་བཞིན་རྒྱུ་ལ་སྟེང་འོག་དང་བཅས་ན་བཅུར་ཡང་འགྱུར་རོ། །སྤྱི་བོར་རྒྱུ་ཚུལ་ནི། སྤྱི་བོའི་འཁོར་ལོ་སུམ་ཅུ་གཉིས། །ཟླ་བའི་རྐང་པ་དང་མཚུངས་པའི། །རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད། །ཅེས་བདེ་དགྱེས་ནས་སོ་གཉིས་གསུངས་པ་ནི་ནང་བསྐོར་བཅུ་དྲུག་ན་དཀར་ཆ་དང་ཕྱི་བསྐོར་བཅུ་དྲུག་ན་དམར་ཆ་གནས་པའི་དབང་དུ་བྱས་ལ། དུས་འཁོར་ནས་ནང་བསྐོར་གཙོ་བོར་བཟུང་ནས་བཅུ་དྲུག་གསུངས་པའོ། །དེས་ན་ཟླ་བའི་རྐང་བ་ལྟར། །གཉིས་ནི་སྟོང་པའི་རང་བཞིན་ཏེ། །རྐང་མཚམས་དང་། གཞན་དག་བཅུ་བཞི་རིམ་པ་ལྟར། །ལྔ་པ་གསུམ་དང་བཞི་པ་གཅིག། གསུམ་གཉིས་གཅིག་ནི་རིམ་བཞིན་རྒྱུ། །ཕྱི་མའི་རྩ་བདུན་རིམ་པ་བཟློག །དེ་དག་ཡོན་ཏན་རིམ་པ་ཡིས། །ཞེས་འབྱུང་བ་ལྔ་ལ་གཟུགས་སྒྲ་སོགས་ཀྱི་ཡོན་ཏན་མང་ཉུང་གི་དབང་ལས་བཞག་པ་དང་། སོ་གཉིས་ལྟར་ན། དབྱུ་གུ་ཉེར་བརྒྱད་སྟོང་པ་བཞི། །སྤྱིར་ནི་ཞག་གཅིག་སུམ་ཅུ་གཉིས། །ཞེས་ཉིན་མཚན་རེའི་ཆུ་ཚོད་དང་། །སྟོང་རྩ་གཉིས་གཉིས་བསྡོམས་ནས་སུམ་ཅུ་རྩ་གཉིས་ནི། ཡུད་ཙམ་བདག་ཉིད་ཡིན་པར་བརྗོད། །མགྲིན་པར་རྒྱུ་ཚུལ་ནི། མགྲིན་པར་རྩ་ནི་བཅུ་དྲུག་པོ། །ཐབས་ཤེས་དབྱེ་བས་སུམ་ཅུ་གཉིས། །དེ་ལ་བཞིར་ནི་སྟོང་པ་རྒྱུ། །གཞན་དག་ཕྱོགས་བཞིར་བདུན་བདུན་དུ། །རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། །གཞན་ནས་འཕོ་བ་བཅུ་དྲུག་བཤད། །ཅེས་རྒྱུད་གཞན་ནས་བཅུ་དྲུག་དང་དུས་འཁོར་ལས་སོ་གཉིས་སུ་མཛད་པའོ། །ལྟེ་བར་རྒྱུ་ཚུལ་ནི། ལྟེ་བར་རྩ་ནི་དྲུག་ཅུ་བཞི། །ཁྱིམ་གྱི་དབྱེ་བས་ཕྱེ་བས་ན། །ལྔ་ཚན་བཅུ་གཉིས་དྲུག་ཅུ་སྟེ། །དབྱུ་གུ་དྲུག་ཅུའི་བདག་ཉིད་དོ། །བཞི་ནི་སྟོང་པ་དབུ་མར་རྒྱུ། །ཞེས་སོ། །གཉིས་པ་སྤྱིའི་ཁམས་བསྟན་པ་ནི། ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། །གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །མཚམས་དང་བཅས་པ་རགས་པ་ཡིན། །ཞེས་སོ། །གསུམ་པ་ཚིགས་ཀྱི་འཁོར་ལོར་རྒྱུ་ཚུལ་ནི། དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། །འཁོར་ལོར་རྒྱུ་བ་སུམ་ཅུ་སྟེ། །ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག །ཉིང་ལག་དེ་དང་མཚུངས་པ་ཡིན། །ཞེས་སོ། །བཞི་པ་རྩ་ཕྲ་མོ་རྣམས་ལ་རྒྱུ་ཚུལ་ནི། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བ་དབུ་མའི་བདག་ཉིད་གསུངས། །དཀར་དམར་གྱིས་ཕྱེ་དེ་དང་མཉམ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ན་རྒྱུ་བར་འགྱུར། །ཞེས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རླུང་ཁོ་ན་རྒྱུ་བ་དབུ་མའི་རིགས་དང་རླུང་དང་དཀར་ཆ་ལྷན་ཅིག་ཏུ་རྒྱུ་བ་རྐྱང་མའི་རིགས། དམར་ཆ་ལྷན་ཅིག་ཏུ་རྒྱུ་བ་རོ་མའི་རིགས་གསུམ་པོ་ཐམས་ཅད་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ཞག་གཅིག་ལ་རྫོགས་པར་རྒྱུ་ཞིང་རླུང་དབྱུང་རྔུབ་རེ་རེ་ཡང་བ་སྤུའི་མཐར་ཐུག་པར་འགྲོའོ། །ལྔ་པ་འགག་པའི་ངེས་པ་བསྟན་པ་ནི། གང་ཚེ་ལུག་སོགས་རྩ་གཅིག་ཏུ། །རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ། །འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །ཞེས་དུས་སུ་འཆི་བའི་དབང་དུ་ན་ལྟེ་ཁྱིམ་ལུག་གི་རྩ་གཅིག་ཏུ་རླུང་འགགས་པ་ན་དེའི་རིགས་ཀྱི་ཕྱོགས་གཞན་རྣམས་ཀྱང་འགག་གོ །མདོར་ན་རླུང་ནང་དུ་རྒྱུ་ཚུལ་ཡང་ཕྱི་རོལ་གྱི་རླུང་དང་འདྲ་བས་རྩིས་ལས་རྟོགས་ཏེ། ཕྱིར་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ནང་དུ་འཕོ་བ་བཅུ་གཉིས། ཕྱིར་ཁྱིམ་རེ་ལ་དབྱུ་གུ་ལྔ་ལྔ་ཡོད་པ་ནང་དུ་དཀྱིལ་འཁོར་ལྔ་ལྔ་རེ། ཕྱིར་ལོ་གཅིག་ལ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་ནང་དུ་ཞག་གཅིག་གི་དབུགས་ཡིན་ནོ། །གཉིས་པ་ཕྱི་རོལ་ཏུ་རྒྱུ་བའི་ཚུལ་ལ། སྤྱིར་བསྟན་པ། དུས་སྦྱོར་རྒྱས་བཤད། བྱེ་བྲག་དབུ་མའི་རླུང་བཤད་པའོ། །དང་པོ་ནི། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །རྩ་ཆེན་གཉིས་བརྒྱུད་སྣ་བུག་ཏུ། །གཡས་པ་ཉི་མ་དུག་གི་རླུང་། །གཡོན་པ་ཟླ་བ་བདུད་རྩི་སྟེ། །ཐབས་དང་ཤེས་རབ་རང་བཞིན་ནོ། །ཞག་རེ་བཞིན་དུ་དེ་ཡི་རླུང་། །ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས། །ཕྱེད་བཅས་ཉི་ཟླའི་རླུང་དུ་བརྗོད། །དེ་གཉིས་དབུས་ནས་རྒྱུ་བའི་རླུང་། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི། །སྒྲ་གཅན་མཁའ་དང་ཡེ་ཤེས་ཀྱི། །རླུང་སྟེ་གཉིས་སུ་མེད་པ་ཐུགས། །དེ་ལ་ངོ་བོའི་དབྱེ་བ་ཡིས། །ས་སོགས་ལྔ་ཡི་བདག་ཉིད་དོ། །སྐྱེ་དུས་མ་དང་འབྲེལ་བའི་རླུང་། །ཆད་ཅིང་དེ་ནས་སྣར་རྒྱུ་བས། །ཀརྐ་ཊ་ཡི་ཁྱིམ་དུ་བཤད། །ཅེས་བྱིས་པའི་རླུང་ཐོག་མར་རྒྱུ་སའི་ཁྱིམ་དེ་ཕྱི་རོལ་ཉི་མ་སྐྱེས་ཁྱིམ་དང་སྦྱར་བས་ཀརྐ་ཊའི་དུས་སྦྱོར་ཡིན་ནོ། །གཉིས་པ་དུས་སྦྱོར་རྒྱས་བཤད་ནི། ད་ནི་དུས་སྦྱོར་བཤད་པར་བྱ། །རྩ་བ་ཡན་ལག་བཅས་པའི་རླུང་། །ལུས་ཀུན་འཁོར་ལོ་རིམ་བརྒྱུད་དེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད། །མཉམ་དང་མི་མཉམ་ཁྱིམ་བཅུ་གཉིས། །རེ་མོས་གཡས་དང་གཡོན་འབྱུང་བས། །ཉི་མ་ལྷོར་བགྲོད་དང་པོ་ལ། །སྣ་བུག་གཡས་ནས་འབྱུང་བའི་རླུང་། །ས་ཆུ་མེ་རླུང་མཁའ་རིམ་བཞིན། །སུམ་བརྒྱ་དྲུག་ཅུ་དྲུག་ཅུ་སྟེ། །ཀུན་ལ་སྟོང་དང་བརྒྱད་བརྒྱའོ། །དེ་འོག་གཡོན་ནས་ཟླ་བའི་རླུང་། །ནམ་མཁའ་རླུང་མེ་ཆུ་ས་ཡི། །རིམ་པས་གྲངས་ནི་གོང་དང་མཚུངས། །དེ་ལྟར་འཕོ་བ་བཅུ་གཉིས་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །ཞེས་སོ། །གསུམ་པ་བྱེ་བྲག་དབུ་མའི་རླུང་བཤད་པ་ནི། དེ་ལ་ཡེ་ཤེས་རླུང་བཤད་པ།། དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡིན། །འཕོ་བ་ལྔ་བཅུ་དྲུག་བཞི་ཆ། །དབྱུ་གུ་བཅུ་གཅིག་བཞི་ཆ་སྟེ། །མདོར་ན་དབུགས་གཅིག་སོ་གཉིས་ཆ། །བསགས་པས་དེ་ལྟར་གྱུར་པ་ཡིན། །དེ་ཡང་ཕྱེད་ནི་ཕྱི་རྒྱུ་ལ། །ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །འདི་ནི་གཟའ་ཀུན་རྐང་པ་སྟེ། །ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་ཟིན་ན་འཆི་མེད་འགྲུབ། །ལོ་བརྒྱའི་རྒྱུ་བ་བསྡོམས་པ་ན། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། །ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས། །འདི་དོན་རྟོགས་པས་མ་ནོར་འཆར། །ཞེས་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཁོངས་སུ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ། དེ་ཡང་འཕོ་ཆེན་བཅུ་གཉིས་པོ་རེའི་མཚམས་སུ་ལྔ་བཅུ་རྩ་དྲུག་དང་བཞི་ཆ། འཕོ་ཆུང་རེའི་མཚམས་སུ་བཅུ་གཅིག་དང་བཞི་ཆ་རེ་ཡོད་དེ་མདོར་ན་དབུགས་གཅིག་གི་སོ་གཉིས་ཆ་ཡིན་ནོ། །དེའི་ཡང་ཕྱེད་ནི་ཕྱིར་རྒྱུ་ལ་ཕྱེད་ནི་ནང་དུ་རྒྱུ་ཞིང་ཕྱི་འཇིག་རྟེན་ཁམས་སུ་གཟའ་རྣམས་རྐང་པའི་རླུང་གིས་འཕེལ་འགྲིབ་ལས་དུས་ཀྱི་རིམ་པ་འཇོག་པ་ལྟར་འདི་ནི་ནང་དུ་གཟའ་རྣམས་ཀྱི་རྐང་པ་ཡིན་པས་ནང་གི་དུས་འཁོར་ཞེས་བྱ། ཕྱིར་འགྲོ་འཕེལ་ན་དུས་སུ་འཆི་བའི་འཆི་ལྟས་དང་ནང་དུ་ཟིན་ན་འཆི་མེད་འགྲུབ་བོ། །ལོ་བརྒྱའི་ཡེ་རླུང་ཐམས་ཅད་བསྡོམས་ན་ལོ་གསུམ་ཕྱོགས་གསུམ་ཡིན་ལ་ལས་རླུང་ཇི་སྙེད་པ་ཡེ་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པའི་ཕྱིར་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་གསུངས་སོ། །གཟའ་རྣམས་ཀྱི་བགྲོད་པ་མྱུར་བུལ་སོགས་ལས་ཞག་གི་འཕེལ་འགྲིབ་སྟེ་ཚེས་ཞག་ཡུན་ཐུང་བས་ཆད་ཀྱང་གྲངས་མང་བས་ལྷག་པར་སྣང་། དེས་ཤོལ་འབྱུང་བས་དགུན་ཉི་ལོག་ནས་ལོག་གི་བར་ཁྱིམ་ལོ་གཅིག་ལ་དཀྱིལ་འཁོར་རྫོགས་པའི་ཟླ་བ་བཅུ་གཉིས་ཀྱིས་སླེབ་མ་ཐུབ་པར་ཚེས་ཞག་དྲུག་དང་ཉིན་ཞག་ལྔ་ཙམ་བསྣན་དགོས་བྱུང་བས་ལོ་གསུམ་ན་ཟླ་ཤོལ་འབྱུང་ངོ་། །དེ་ལྟའི་འཕེལ་འགྲིབ་རྣམས་འདི་དོན་རྟོགས་པས་མ་ནོར་བར་ཤེས་ཏེ་དབུ་མའི་རླུང་ལ་གཟའ་རྣམས་འཆར་བས་སོ། །རྗེ་ཐམས་ཅད་མཁྱེན་པས་བསྩལ་བའི་སྐུ་གསུམ་ངོ་སྤྲོད་ལས་ནི། སྒྲིབ་བྲལ་ཡེ་ཤེས་ཀྱི་རླུང་དང་སྒྲིབ་བཅས་ཀྱི་ཡེ་རླུང་བཏགས་པ་བ་གཉིས། ཕྱི་མ་ལ་ཡང་དབུ་མ་ནས་རྒྱུ་བའི་དངོས་དང་དེའི་ཆ་ལ་བཏགས་པ་གཉིས་ཀྱི་དང་པོ་ནི་དབུགས་ཁུག་པ་གཅིག་སྟེ་ཕྱེད་ནི་མངལ་དུ་སྲོག་ཞུགས་པའི་ཚེ་ནང་དུ་རྒྱུ། ཕྱེད་ནི་འཆི་བའི་ཚེ་ཕྱིར་རྒྱུ་བའོ། །ཕྱི་མ་ནི་འཆི་ལྟས་ཀྱི་རླུང་ཡོན་པོར་རྒྱུ་བ་སྟེ་ཤུགས་ཆེར་འཕེལ་བ་གཡས་གཡོན་ཉི་ཟླའི་འཆི་ལྟས་དང་རིམ་གྱིས་འཕེལ་བ་དུས་འཆིའི་ལྟས་ལོ་གསུམ་ཕྱོགས་གསུམ་མོ། །སྒྲིབ་བྲལ་གྱི་ཡེ་རླུང་ནི་སྔགས་ཀྱི་རྟེན་འབྲེལ་ཟབ་མོས་གཞན་མཆོག་སྒྲིབ་བྲལ་གྱི་དབུ་མའི་ཞལ་བྱེ་བ་ན་རྒྱུ་ཞིང་དེའི་ཡུལ་ཡང་སྤང་བྱ་ལ་བལྟོས་ནས་ལོ་གསུམ་ཕྱོགས་གསུམ་སྟེ། དེས་འཆི་མེད་དུས་ཀྱི་འཁོར་ལོའི་གོ་འཕང་འགྲུབ་པར་བཀའ་བསྩལ་བ་རྟོགས་པར་བྱའོ། །གསུམ་པ་རྒྱུ་བའི་རིམ་པ་སོགས་བསྟན་པ་ལ། ནང་ཚན་ལྔ་ལས། དང་པོ་སྣ་བུག་གི་ཕྱོགས་གང་ནས་རྒྱུ་བ་ནི། རྒྱུ་རིམ་ཁ་དོག་སྟོབས་ཡོན་ཏན། །དང་པོ་སྣ་ཡི་ཀ་བ་ནི། །བྱང་སྟེ་གཉིས་ཀའི་ཆུ་ཡིན་ལ། །ཕྱི་རོལ་གཉིས་ནི་མེ་རུ་འདོད། །སྟེང་གཉིས་རླུང་སྟེ་འོག་གཉིས་ས། །དབུས་ནི་ནམ་མཁའ་ཡེ་ཤེས་ཡིན། །གཉིས་པ་དེ་དག་གི་ཁ་དོག་ནི། ཁ་དོག་ས་ཆུ་མེ་རླུང་མཁའ། །སེར་དཀར་དམར་ནག་སྔོ་བར་འདོད། །ནམ་མཁའ་བསམ་པའི་སྒོ་ནས་སྔོན་པོ་དང་ལུས་ཀྱི་སྒོ་ནས་ལྗང་གུར་འཇོག །གསུམ་པ་རླུང་འདི་དག་ལ་གཟའ་གང་དང་གང་ལྷག་པར་གནས་པ་ལས་སྟོབས་དང་ལྡན་མི་ལྡན་ནི། འདི་དག་སྟོབས་ནི་གཡས་པ་རྣམས། །སྤེན་ཕུར་བཀྲ་ཤིས་ཉི་མ་མེ། །ས་སོགས་རིམ་པས་གཡོན་པ་རྣམས། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་མཇུག་རིང་མཁའ་རིམ་བཞིན། །ཞེས་གཡས་པའི་དཀྱིལ་འཁོར་ལྔ་ལ་དབྱངས་རིང་པོ་ལྔ་དང་དྲག་གཟའ་ལྔ། གཡོན་གྱི་དཀྱིལ་འཁོར་ལྔ་ལ་དབྱངས་ཐུང་ངུ་ལྔ་དང་ཞི་གཟའ་ལྔ་འཆར་བའོ། །བཞི་པ་ལས་གང་གང་འགྲུབ་པ་ནི། ཕུང་པོ་ཁམས་སོགས་དེ་མཐུན་ཕྱིར། །ནམ་མཁས་བསད་གསོའི་ལས་ཀུན་འགྲུབ། །རླུང་གིས་བསྐྲད་དང་བསད་པ་སྟེ། །དབང་དང་དགུག་པ་མེ་ཡིས་བྱེད། །ཆུས་ནི་ཞི་དང་རྒྱས་པའོ། །རེངས་དང་རྨོངས་པ་ས་ཡི་ལས། །ཡེ་ཤེས་ལས་ནི་ཐམས་ཅད་པ། །ཐུན་མཚམས་མཉམ་དུ་རྒྱུ་དུས་སོ། །ཞེས་ཕྱི་ནང་གི་འབྱུང་བ་བྱེད་ལས་མཐུན་པས་ན་རྣལ་འབྱོར་པས་ཕྱིར་རོལ་གྱི་བསྒྲུབ་བྱ་རླུང་དང་བསྟུན་ཏེ་ནང་དུ་བརྔུབས་ཤིང་གཏུམ་མོའི་མེ་ལ་བསྟིམ་ན་དབང་དུ་འགྱུར་བ་དང་སའི་དཀྱིལ་འཁོར་ལ་བསྟིམ་ན་ཆོམ་རྐུན་རེངས་པ་ལྟ་བུའི་ལས་ཆེན་བཅུ་གཉིས་སོགས་འགྲུབ་ཅིང་ཡེ་ཤེས་ཀྱི་རླུང་ནི་མཉམ་རྒྱུའི་སྐབས་ཏེ་དེའི་ཚེ་པ་སང་ལས་མ་གཏོགས་ཀུན་འགྲུབ་བོ། །ལྔ་པ་ཕྱིར་འགྲོ་བའི་རིང་ཐུང་ནི། ཕྱི་རོལ་ས་ནི་སོར་བཅུ་གཉིས། །ཆུ་མེ་རླུང་མཁའ་བཅུ་དྲུག་བར། །ཡོན་ཏན་དབང་གིས་རིམ་བཞིན་རིང་། །རྟེན་འབྲེལ་རྩིས་དང་དབྱངས་སྦྱར་བ། །ཁོ་བོས་རྩིས་ཀུན་བསྡུས་པར་བཤད། །ཅེས་ཕྱིར་རིང་བའི་ཚེ་ནང་དུ་ཐུང་བ་ཡིན་ལ། ཕྱིའི་དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་དང་ནང་གི་དུས་སྦྱོར་མཐུན་པས་ལུང་སྟོན་པའི་ཚུལ། གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱངས། །ཞེས་དང་། གཡོན་ངོས་སྒྲ་གཅན་འཆར་ཚེ་འདྲི། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། །ཞེས་པ་ལྟ་བུའོ། །བཞི་པ་རྒྱུད་ཕན་ཚུན་དགོངས་པ་གཅིག་ཏུ་སྡོམ་པ་ནི། འདི་ནི་རྡོ་རྗེ་འཕྲེང་བ་ལས། །སྣ་ཡི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །གཡོན་པ་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་བ་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཁམས་ཀུན་ལས་ནི་ཡང་དག་བྱུང་། །རྟེན་དང་བརྟེན་པས་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་དེ་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །ཞེས་གསུངས་དོན་ནི་བཟླས་པ་ཡི། །དག་པ་བསྟན་དེ་གོང་མ་དང་། །འགལ་བའི་ཐེ་ཚོམ་བསྐྱེད་མི་བྱ། །དེ་ལྟར་རླུང་ནི་སྣ་རྩེར་ནི། །ཁ་དོག་ལྔ་པར་རྣམ་པར་བསྒོམ། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་མཚན་རྟག་ཏུ་ཟློས་ཞེས་བཤད། །ཅེས་གསང་འདུས་སུ་མགོན་པོ་བཞིའི་རྒྱུ་བ་གསུངས་པ་ནི་དུས་འཁོར་ནས་གསུངས་པ་དང་མི་འགལ་ཏེ། དུས་འཁོར་ལས་གཞིའི་གནས་ཚུལ་ལ་དགོངས། །གསང་འདུས་ལས་ལམ་གྱི་རྣལ་འབྱོར་རླུང་རྡོ་རྗེའི་བཟླས་པ་བྱ་ཚུལ་ལ་དགོངས་པས་སོ། །བཞི་པ་འཇུག་སྒོ་གཟུང་ཐབས་ཕན་ཡོན་དང་བཅས་པ་ལ་དང་པོ་ནི། འཇུག་སྒོ་སྟེང་ནས་སྣ་བུག་གཉིས། །ཁ་དང་འོག་ཏུ་ལམ་གསུམ་དང་། ལུས་ཀུན་ཡིན་ཏེ་རྣམ་པ་བཞི། ཞེས་སྣ་ནས་གཙོ་བོར་མེ་རླུང་གཉིས། །ཁ་ནས་ཆུ་རླུང་། འོག་གི་ལམ་གསུམ་ནས་ས་རླུང་། ལུས་ཀུན་ནས་ནམ་མཁའི་རླུང་འཇུག་པའོ། །གཉིས་པ་གཟུང་ཐབས་ནི། གཟུང་ཐབས་དབྱུང་རྔུབ་གནས་ལྡོག་དང་། །དག་པ་བགྲང་ཞིང་བརྩི་བ་སྟེ། །མི་རྟོག་རྒྱ་ཡན་བཅིང་བ་ནི། །ཞི་གནས་བསྐྱེད་པར་གསུངས་པ་ཡིན། །ཁ་དོག་དབྱིབས་ལ་རྣམ་པར་སྦྱང་། །མངོན་ཤེས་ཟད་པར་འབྱུང་བའི་རྒྱུ། །བུམ་ཅན་སྟེང་འོག་བར་གསུམ་དང་། །རྣམ་གྲོལ་བཅས་པས་ལས་ཀུན་བྱེད། །ཅེས་རླུང་དབྱུང་རྔུབ་གཅིག་ནས་ཆུ་ཚོད་སོགས་ཀྱི་བར་བརྩི་བ་དང་ལུས་ཀྱི་ནང་དུ་འགྲོ་ལྡོག་འཇུག་པ་ཨོཾ་གནས་པ་ཧཱུྃ་དབྱུང་བ་ཨཱཿལྟ་བུ་རྡོ་རྗེའི་བཟླས་པ་བྱ་བ་ནི་གཟུང་ཐབས་དང་པོ་དག་པ་བགྲང་ཞིང་བརྩི་བའོ། །གཟུང་ཐབས་གཉིས་པ་རླུང་སེམས་གཉིས་ཀ་རང་ས་ལྷུང་པར་བཞག་པ་མི་རྟོག་རྒྱ་ཡན་བཅིང་བ་སྟེ་ཞི་གནས་སྐྱེའོ། །གཟུང་ཐབས་གསུམ་པ་རླུང་ལྔ་སོ་སོའི་ཁ་དོག་ལྟར་ཕྱི་ནང་ཁྱབ་པར་དམིགས་པས་ཟད་པར་ཟིལ་གནོན་གྱི་སྐྱེ་མཆེད་དང་སྙིང་གར་ཀུན་གཞི་ཟླ་བའི་དཀྱིལ་འཁོར་ལྟར་གསལ་བ་ལ་ཕ་རོལ་པོའི་སེམས་བསྲེས་པས་གཞན་སེམས་ཤེས་པའི་མངོན་པར་ཤེས་པ་འབྱུང་བ་ནི་ཁ་དོག་དབྱིབས་ལ་སྦྱང་བའོ། །གཟུག་ཐབས་བཞི་པ་བུམ་པ་ཅན་ནི་སྟེང་ནས་སྲོག་རྩོལ་འཆིང་བའི་གནས་ལྟེ་བ། འོག་ནས་ཐུར་སེལ་གསང་བ། བར་དུ་རོ་མཉམ་པའི་གནས་གཏུམ་མོ་དང་ཡན་ལག་གི་རླུང་ལྔ་བཅིང་ཐབས་སེང་གེ་རྣམ་གྲོལ་དང་བཅས་པའོ། །དེ་ལྟར་བུམ་ཅན་ཞག་གཅིག་འཛིན་ནུས་པས་ཐིག་ལེ་དཔྲལ་བར་འཆིང་ཞིང་དུས་མིན་གྱི་འཆི་བ་བསླུ། རྟག་པར་འཛིན་ནུས་ན་ཐིག་ལེ་ནོར་བུར་འཆིང་བ་དང་གཞན་ཡང་ཞི་རྒྱས་སོགས་ཀྱི་ལས་གང་འདོད་བྱེད་ནུས་སོ། །གསུམ་པ་ཕན་ཡོན་ནི། ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། །ཉི་ཟླ་སྒྲ་གཅན་གཙོ་བོ་གསུམ། །དུག་གསུམ་རྣམ་རྟོག་འཇོམས་པ་དང་། །རྡོ་རྗེ་རྣམ་གསུམ་ཐོབ་བྱེད་ཡིན། །དེ་ནི་ཉི་མའི་ཡོན་ཏན་གསུངས། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །ཡུལ་ལྔ་དབང་བྱེད་ཟླ་བའི་རླུང་། །དེ་ནི་གཟུང་འཛིན་དག་བྱེད་ལ། །ཞེས་རླུང་ཟིན་ཅིང་བརྟན་པའི་ཕན་ཡོན་བརྒྱད་ནི། སྟེང་ནས་རྒྱུ་བ་སྲོག་ཉི་མའི་ཆོས་ཡིན་ལ་དེ་ཟིན་པའི་ཕན་ཡོན་དང་འབྲས་བུ་འོག་ཏུ་འབྱུང་སྟེ་དུག་གསུམ་གྱི་འཛག་པ་འཇོམས་ཤིང་རྡོ་རྗེ་གསུམ་ཐོབ་པའོ། །འོག་ནས་རྒྱུ་བའི་ཐུར་སེལ་ཟླ་བའི་ཆོས་ཡིན་ལ་དེ་ཟིན་པའི་ཡོན་ཏན་དང་འབྲས་བུ་སྟེང་དུ་འབྱུང་སྟེ་དབང་པོ་སྒོ་ལྔའི་གཟུང་འཛིན་དག་ཅིང་ཡེ་ཤེས་ལྔ་ཐོབ་པར་བྱེད་དེ་རིལ་བའི་འོག་གི་བུ་ག་བཀག་ན་སྟེང་གི་ཆུ་མི་འབོ་བ་ལྟར་རོ། །གནས་སྐབས་སུ་ཡང་། བརྟན་དང་སྣུམ་དང་གསལ་དང་མགྱོགས། །དག་ཅིང་ཤེས་རབ་ཆེ་ལྡན་པ། །ས་སོགས་ལུས་ལ་ཡོན་ཏན་བཤད། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པ་ནི། མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་དང་ཕྲ་དང་གཞན་སྐྱོད་བྱེད། །སེམས་ཉིད་གསལ་ལ་མི་རྟོག་པ། །ངོ་བོ་ཡེ་ཤེས་རླུང་ཆེན་པོ། །གཉེན་པོ་ཡེ་ཤེས་རླུང་ཆེན་ནི། །ཡང་དག་རྟོག་པའི་འདུ་བྱེད་བཤད། །ཀུན་གཞི་ལ་གནས་ཉོན་ཡིད་ནི། །གཏི་མུག་བསྐྱེད་པའི་རླུང་དུ་བཤད། །འདུ་བྱེད་ཡེ་ཤེས་སྣང་ཆ་ལ། །གཞན་རྟོག་ཆགས་པའི་རླུང་ཞེས་བྱ། །རྣམ་ཤེས་བླང་དོར་དཔྱོད་བའི་རླུང་། །ཞེ་སྡང་རླུང་སྟེ་ངེས་བསྐྱེད་ནས། །ཁམས་གསུམ་རླུང་གིས་འདུ་བྱེད་ཅེས། །གསུངས་པས་སྐྱོན་དང་ཡོན་ཏན་ཀུན། །རླུང་བརྟེན་དེ་ལྟར་རྟོགས་བྱས་ནས། །རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། །དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་རླུང་གི་སྒྲ་དོན་ནུས་མའམ་ཤུགས་ལྡན་མར་འཇུག་པས་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོར། རབ་ཏུ་གདུལ་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ་ནི་རླུང་དུ་བརྗོད་དོ། །ཞེས་དང་། སྔགས་སུའང་། རླུང་ནི་ཕྲ་བའི་གཟུགས་ཀྱིས་སུ། །ཤེས་དང་ཡང་དག་འདྲེས་ཏེ་གནས། །ཞེས་སོགས་རྒྱ་ཆེར་བསྟན་པ་ཡིན་ལ་རྣམ་པར་རྟོག་པ་དང་དབྱེར་མེད་པའི་རླུང་ལ་གཉིས་ཏེ་དང་པོ་སྤང་བྱ་ནི། ཀུན་གཞི་ལ་གནས་ནས་བདག་ཏུ་རྟོག་པ་ནི་གཏི་མུག་གི་རླུང་། ཡེ་ཤེས་ཀྱི་སྣང་ཆ་འོད་ལྔ་ལ་རང་སྣང་དུ་མི་ཤེས་པར་གཞན་དུ་རྟོག་ཅིང་སྲེད་པ་འཕེལ་བ་ནི་འདོད་ཆགས་ཀྱི་རླུང་། དེ་ལ་བརྟེན་ནས་ཡུལ་ལ་བླང་དོར་གྱིས་དཔྱོད་ཅིང་དམ་དུ་འཛིན་པ་ནི་ཞེ་སྡང་གི་རླུང་སྟེ་དེ་ལྟར་དུག་གསུམ་གྱི་རང་བཞིན་མ་རིག་པའི་དབང་གིས་འཁོར་བ་འགྲུབ་པ་དང་། གཉིས་པ་དེའི་རྒྱུན་གཅོད་པར་བྱེད་པའི་གཉེན་པོ་ཡང་དག་པའི་རྟོག་པ་བདག་མེད་པར་ལྟ་བ་སོགས་ལ་ཡང་ཡེ་ཤེས་ཀྱི་རླུང་ཞེས་བརྗོད་ལ། མདོར་ན་ལས་ཀྱི་རླུང་ཞེས་བྱ་བ་ནི་རྟོག་པ་ཡིན་ཏེ། གཡོ་དང་ཕྲ་དང་གཞན་ནས་གཞན་དུ་སྐྱོད་པར་བྱེད་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་བདེ་གསལ་མི་རྟོག་པ་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་སྟེ་དེ་རང་རིག་པ་ན་ལས་རླུང་གི་གཡོ་བ་མཐའ་དག་ཞི་བར་འགྱུར་རོ། །གསུམ་པ་མཇུག་བསྡུ་བ་ནི། ཕྱི་ནང་རླུང་མིང་བྱེད་ལས་ཀུན། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། །འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཞེས་སོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའི་འགྲེལ་པའོ།། །།ད་ནི་འཕོ་བའི་བག་ཆགས་ལས་འཁོར་བ་འགྲུབ་པས་དེའི་སྐད་ཅིག་འཆིང་བ་དང་རྩ་དང་རླུང་ལ་བརྟེན་ནས་ཐིག་ལེ་རྒྱུ་བས་དེ་འཆད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་དང་རླུང་བརྟེན་ནས། །ཐིག་ལེ་གནས་དང་རྒྱུ་ཚུལ་ནི། །རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་བ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་མདོར་བསྟན། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད། གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ། ཐིག་ལེའི་སྐྱོན་བསལ་བའི་རིམ་པ་དང་ལྔ་ལས། དང་པོ་ནི། དང་པོ་རང་སེམས་ལྷན་ཅིག་སྐྱེས། །ངོ་བོ་སྟོང་པ་སྤྲོས་བྲལ་ཏེ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་འགྲུབ། །དེ་གསུམ་རྟགས་ནི་ད་ལྟ་ཡང་། །ཐམས་ཅད་སྟོང་པར་སྣང་བ་དང་། །དབྱིངས་རིག་རྟགས་བཅུ་འཆར་བ་དང་། །ཡུལ་སྣང་ནུས་པ་འབྱིན་པ་སྟེ། །གསུམ་པོ་བསླུ་མེད་ཡུལ་རྟགས་ཏེ། །ཡུལ་ཅན་དེར་འབྲེལ་ཤེས་པའོ། །དེ་ནི་རྟོག་བྲལ་མ་འཁྲུལ་བ། །རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། །རྒྱས་པར་མདོ་རྒྱུད་ཀུན་ལས་གསུངས། །ཞེས་པས་ཐིག་ལེའི་དོན་ཏི་ལ་ཀ་ཞེས་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ་ཡིན་ལ། དེ་ནི་ཐོག་མ་མེད་པའི་དུས་ནས་གཞོམ་དུ་མེད་པར་གནས་པའི་རང་སེམས་སྐུ་གསུམ་གྱི་བདག་ཉིད་འདི་ཁོ་ནའོ། །སློབ་དཔོན་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་གོམས་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གོམས་པར་བྱ་ཚུལ་ནི། ཕྱག་རྒྱ་བཞི་རིམ་ལས། མངོན་སུམ་རྟོག་བྲལ་ཡུན་བསྲིངས་ན། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཞེས་པ་ལྟར་རོ། །གཉིས་པ་ནི། སེམས་དཀར་དམར་རླུང་གསུམ་གྱིས་དཀྲུགས་པས་གཟུང་འཛིན་གཉིས་ཀྱི་འཁྲུལ་པ་ཤར་བ་སྟེ། འཁྲུལ་པ་མ་རིག་ཐིག་ལེ་ནི། །མ་རིག་འདུ་བྱེད་རྣམ་ཤེས་ལས། །ཀུན་བརྟགས་མིང་བཞི་ལས་བསྒྱུར་བ། །བཏགས་པ་སྔགས་ཀྱི་ཐིག་ལེ་དང་། །ཞེས་ཀུན་བརྟགས་ཀྱི་གཉེན་པོར་བསྐྱེད་རིམ་སྒོམ་པ་སྔགས་ཀྱི་ཐིག་ལེ་དང་། གཞན་དབང་ཡིད་ཀྱི་ནུས་པ་ལ། །རླུང་གི་ཐིག་ལེ་ཞེས་སུ་བཤད། །ཅེས་གཞན་དབང་གི་གཉེན་པོར་རླུང་འཆིང་བ་རླུང་གི་ཐིག་ལེ་དང་། ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལ། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས། །རྒྱལ་བས་རྣལ་འབྱོར་རྒྱུད་དུ་གསུངས། །ཞེས་དཀར་དམར་འཆིང་ཐབས་དང་བཅས་པ་ལ་རྫས་ཀྱི་ཐིག་ལེར་བཞག་གོ། གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལ། བར་དོའི་རྐྱེན་ཉེ་བར་སྦྱོར་ཚུལ། དྭངས་མ་གཉིས་རྒྱས་པར་བཤད་པ། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ། ཁམས་སོ་དྲུག་རྒྱས་པར་བཤད་པ། དཀར་ཆ་འཕོ་བའི་རིམ་པ་བཤད་པའོ། །དང་པོ་ནི། དེ་ལ་རྫས་ཀྱི་ཐིག་ལེ་ལ། །ཕྱི་ནང་གཉིས་སྟེ་ནང་གི་དོན། །དང་པོ་སྐྱེ་བ་སྦྱོར་བའི་ཚེ། །བར་དོའི་ཤེས་པའི་ངོ་བོ་དེ། །ཕ་མའི་རྐྱེན་ལས་ཞེན་པ་ཡིས། །ཁམས་འགྱུར་གོང་དུ་བསྟན་པ་བཞིན། །ཞེས་པས་སྤྱིར་སེམས་ཅན་སྐྱེ་གནས་བཞི་གང་དུ་སྐྱེ་ཡང་འབྱུང་བ་འབྱུང་ཆུང་གི་ཡོན་ཏན་ལྔ་ལྡན་ནས་གཅིག་ལྡན་གྱི་དཀར་དམར་སྦྱོར་བའི་རེག་པའི་རྟེན་འབྲེལ་ལས་སྐྱེ་ཞིང་། འདིར་ཕ་མ་དྲི་ཟའི་སེམས་ཅན་གསུམ་བདེ་བའི་ཚོར་བ་དུས་གཅིག་པ་ནས་ཉིང་མཚམས་སྦྱར་ཏེ་དཀར་དམར་ལ་བར་དོས་བདག་ཏུ་བཟུང་བས་ནང་གི་ཐིག་ལེ་གྲུབ་ཅིང་བར་དོའི་སེམས་ཅན་དེ་ཕའི་ཚངས་བུག་གམ་ཁའམ་རྣམ་སྣང་གི་སྒོ་བརྒྱུད་ནས་སྐྱེ་གནས་སུ་འགྲོ་བར་རྒྱུད་ནས་གསུངས་པ་དང་། མཛོད་འགྲེལ་དུ་སྐྱེ་གནས་ཁོ་ན་ནས་འཇུག་པར་གསུངས་སོ། །གཉིས་པ་ནི། ད་ལྟ་གནས་ཚེ་དངས་སྙིགས་གཉིས། །རླུང་སེམས་དྭངས་མ་སྔར་བསྟན་ལ། །ཐིག་ལེའི་དྭངས་མ་དཀར་དམར་གཉིས། །དཀར་ཆ་དབུ་མའི་ཡར་སྣ་ན། །ཧྃ་གི་རང་བཞིན་ཡུངས་དཀར་ཙམ། །དཀར་ལ་སྣུམ་པ་ཤེལ་དང་མཚུངས། །ཕ་ལས་ཐོབ་པ་ཀུན་གྱི་མཆོག །དམར་ཆ་རྩ་གསུམ་འདུས་ས་ན། །དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཕག་མོའི་རང་བཞིན་ཏེ། །དཔྱིད་དང་ཐིག་ལེ་ཞེས་ཀྱང་བཤད། །དེ་གཉིས་ཀུན་གཞི་སྲོག་རླུང་རྟེན། །བྱང་ཆུབ་སྙིང་པོའི་ངོ་བོ་ཞེས། །སྡོམ་འབྱུང་རྡོ་རྗེ་མཁའ་འགྲོར་གསུངས། །ཞེས་དཀར་ཆ་ལ་བདེ་བ་འཇོ་བས་དཔྱིད་དང་དམར་ཆ་ལ་བདེ་བ་བརྟན་པས་ཐིག་ལེར་བཤད་ཅིང་བྱང་ཆུབ་མངོན་དུ་བྱེད་པའི་གནས་སུ་གྱུར་པས་ཕྱི་རོལ་དང་སྦྱར་ན་རྡོ་རྗེ་གདན་དུ་འཇོག་པའོ། །གསུམ་པ་ནི། དེ་བརྟེན་སྙིགས་ཀྱང་དྭངས་སྙིགས་གཉིས། །དམར་ཆ་མེས་བསྐྱེད་གྱེན་འགྲོ་ལ། །དཀར་པོ་སྤྱི་བོ་ནས་འོག་འགྲོ། །དང་པོ་སྦྱིན་སྲེག་རྒྱུས་བསྐྱེད་པ། །ཕྱི་རོལ་ཟས་ཀྱི་དངོས་པོ་རྣམས། །སྲེག་རྫས་ལག་པ་དགང་བླུགས་ཏེ། །ཁར་ནི་ཕུང་པོའི་ལྷ་ལ་མཆོད། །ཕོ་བར་ལས་བྱེད་ལྷ་གསུམ་སྟེ། །མེ་མཉམ་རླུང་དང་བད་ཀན་ནི། །མྱགས་བྱེད་མཁྲིས་པ་མདོག་འགྱུར་གསུམ། །བསྲེགས་བཞུས་སྦྱངས་ནས་དེ་ཡི་དངས། །མཚན་པར་རྩ་ཆེན་བཞི་ལ་བརྒྱུད། །ཁྲག་ཆན་གྱུར་ནས་རྩ་ཀུན་འགྲོ། །ཁྲག་གིས་ཤ་བསྐྱེད་དེ་ལས་ཚིལ། །རུས་པ་རྐང་དང་ཁུ་བ་སྟེ། །ལུས་ཟུངས་དྭངས་མ་བདུན་ཞེས་བྱ། །ཕོ་བའི་སྙིགས་མ་བསྐ་སླ་གཉིས། །བསྐ་བ་རྒྱུ་མར་བརྒྱུད་ནས་འགོར། །སླ་བ་རྒྱུ་སྒྲོག་ནས་སོང་ནས། །ལྒང་པ་ནས་ནི་འབབ་པར་བྱེད། །ཁྲག་སྙིགས་མཆིན་ལས་མཁྲིས་པ་ནི། །བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། །མཁྲིས་སྙིགས་ཆུ་ཡི་ཀུ་ཡ་དང་། དྲི་ཆེན་གྱི་དང་སེར་པོ་བྱེད། །ཤ་ཡི་སྙིགས་མ་པགས་དྲི་མ། །ཚིལ་སྙིགས་རྨེན་བུར་འགྱུར་བ་སྟེ། །རུས་སྙིགས་སོ་དང་སེན་མོ་ཡིན། །རྐང་སྙིགས་སྦུབས་ཀྱི་མཆིལ་སྣབས་བཤད། །ཁུ་བའི་སྙིགས་མ་འོག་ཏུ་འབབ། དྭངས་མ་སྟོབས་དང་ཁ་དོག་བྱེད། །དེ་ནི་སྤྱི་ཙམ་བཤད་པ་ཡིན། །ཞེས་བསྟན། བཞི་པ་ནི། རྒྱས་བཤད་ཁམས་ནི་སུམ་ཅུ་དྲུག །ཅེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་དྭངས་མ་བཅུ་གཉིས་བཤད་པ། སྙིགས་མ་ཉི་ཤུ་རྩ་བཞི་བཤད་པའོ། །དང་པོ་ནི། བཞི་ནི་མིག་སོགས་ཤེས་པ་དང་། །འབྲེལ་པ་མཆོད་པ་བཞི་ཞེས་བྱ། །བདུད་བྲལ་ནས་བྱུང་ཁམས་དེ་ནི། །སྟེང་འགྲོ་ལྕེ་ཆུང་དབུས་སུ་ཟུག །རྒྱུ་དེས་ནག་ཕྱོགས་དང་མཐུན་བཤད། །འདི་ཡང་རེག་བྱའི་ཕྱོགས་གཅིག་འཛིན། །རྩ་བའི་རླུང་ལྔ་དང་འབྲེལ་བ། །སྔར་བཤད་འདིར་ཡང་དབུ་མའི་ཆ། །སྟེང་དུ་རླུང་གསུམ་འོག་ཕྱོགས་སུ། །དྲི་ཆུ་ཁུ་བ་རྣམ་གསུམ་བརྟེན། །ཁྱད་པར་མར་སྣ་དུང་ཅན་མ། །བཅོ་ལྔ་ཆ་ཡི་ཐིག་ལེ་ནི། །གང་བ་བདེ་བ་སྐྱེ་བའི་རྩ། །རོ་མས་ཁྲག་གི་ཁམས་འཛིན་པས། །སྐྱེས་པ་བུད་མེད་ཁྱད་པར་བྱེད། །དབང་མཆོག་སྐྱེད་པར་བྱེད་པའོ། །འདི་ནི་ཁ་སྦྱོར་ཐིག་ལེ་ལས། །ཕྱོགས་བཞི་འདབ་མའི་རྩ་གནས་པ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །མཚམས་རྩར་བདུད་རྩི་ལྔ་འབབ་གནས། །དེ་བརྟེན་མཆོད་པ་བཞི་ཞེས་བཤད། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་ཡན་ལག་གི་རླུང་ལྔ་དང་འབྲེལ་བའི་ཐིག་ལེ་ལྔ། རྩ་བའི་རླུང་ལྔ་དང་འབྲེལ་བའི་ཐིག་ལེ་ལྔ། སྟེང་དུ་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་ལ་བརྟེན་པའི་ཐིག་ལེ་གསུམ་ནི་སྲོག་ཉི་མའི་ཆོས་ཅན་ཡིན་པས་ཉི་མའི་ཐིག་ལེ་གཅིག་ཏུ་བྱས། འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་ལ་བརྟེན་པའི་ཐིག་ལེ་གསུམ་ནི་ཐུར་སེལ་ཟླ་བའི་ཆོས་ཅན་ཡིན་པས་ཟླ་བའི་ཐིག་ལེ་གཅིག་ཏུ་བྱས་པས་དྭངས་མ་བཅུ་གཉིས་སོ། །ཁྱད་པར་དུ་མར་སྣ་དུང་ཅན་མ་ལས་བཅོ་ལྔ་ཆའི་ཐིག་ལེ་དཀར་ཆས་གང་བ་ནི་བདེ་བ་སྐྱེ་བའི་རྩ་ཡིན་ལ། དེ་ཉིད་སྐྱེས་པ་ལ་ནོར་བུའི་རྩེར་འབྲེལ་ཞིང་བུད་མེད་ལ་དེ་རོ་མ་དང་འབྲེལ་བས་ཁྲག་གི་ཁམས་འཛིན་པས་ན་དེ་གཉིས་ཀྱི་ཁྱད་པར་བྱེད་ཅིང་དབང་པོ་མཆོག་གཉིས་ཀྱང་སྐྱེད་པར་བྱེད་ལ། སྙིང་གའི་ཐིག་ལེ་བཅུ་ཁ་སྦྱོར་ཐིག་ལེའི་ལུང་དང་སྦྱར་བར་མཛད་པའོ། །གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་བྱེ་བྲག་ལ་བརྟེན་ནས། གནས་གནས་སུ་ནི་ཉེ་བར་བརྗོད། །ཅེས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་མམ་མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་པ་གསུམ་ལ་བརྒྱད་བརྒྱད་དུ་ཕྱེ་བས་གནས་སོགས་ཉི་ཤུ་རྩ་བཞི་ཡིན་ལ་ཕྱི་ནང་གཉིས་སྦྱར་ནས་སྟོན་ནོ་ཞེས་སྙིགས་མ་ཉེར་བཞི་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། དེ་ནས་དེ་རྣམས་ལས་བྱུང་བ། །ཁམས་ནི་ཉི་ཤུ་རྩ་བཞི་པོ། །སྔར་བཤད་རྩ་དང་བཅས་པ་ནི། །མི་ཕྱེད་པཱུ་ལླིར་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བརྗོད། །པྲ་མོ་ཛཱ་ལནྡྷ་ར་སྟེ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །རྩེ་བ་མ་ནི་ཨཽ་ཌྲན་ཏེ། །རྣ་གཡས་བརྟེན་ཏེ་པགས་པ་འབབ། །གཡོན་པ་མ་ནི་ཨཱ་རྦུད། །རྒྱབ་སོགས་ཤ་རྣམས་འབབ་པའོ། །དཀར་ཆ་རྟག་ཏུ་གནས་པས་གནས། །བཞི་པོ་དེར་ནང་དུ་དཀར་ཆ་དང་ཕྱི་རོལ་ཏུ་མཁའ་འགྲོ་མ་རྟག་ཏུ་གནས་པ་དང་ལམ་དུ་ས་དང་པོ་ཡིན་ཏེ་རང་གཞན་གྱི་ཡོན་ཏན་ཐམས་ཅད་ཅད་ཀྱི་གནས་ཡིན་པས་སོ། །གོ་དཱ་ཝ་རཱི་ཐུང་ངུ་མ། །རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ། །རཱ་མེ་ཤྭ་ར་རུས་སྦལ་སྐྱེས། །རུས་པའི་འཕྲེང་བ་འབབ་པ་ཡིན། །དེ་ཝཱི་ཀོ་ཊ་སྒོམ་པ་མོ། །མཆིན་པའི་ཤ་ཀུན་སྐྱེད་པ་ཡིན། །དབང་བསྐུར་མཱ་ལ་ཝ་ཞེས་བྱ། །སྙིང་གི་ཤ་སྐྱེད་བྱེད་པ་སྟེ། །རྟག་ཏུ་ཉེ་བའི་གནས་ཞེས་བརྗོད། །བཞི་པོ་དེར་ཕྱི་ནང་དུ་མཁའ་འགྲོ་དང་དཀར་ཆ་རེས་འགའ་གནས་པས་ཉེ་གནས་དང་ས་གཉིས་པ་སྟེ་ཉེ་བའི་དོན་སྔ་མ་དང་ཕན་གདགས་བྱ་འདོགས་བྱེད་དུ་འབྲེལ་བའོ། །སྐྱོན་མ་ཞེས་བྱ་ཀཱ་མོ་རཱུ་སྟེ། །མིག་འབྲས་ཤ་རྣམས་འབབ་པ་ཡིན། །མཇུག་མ་ཨོ་ཊེ་ཡ་ཡིན་ཏེ། །ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། །མ་མོ་ཏྲི་ཤ་ཀུ་ནི་སྟེ། །གློ་བ་སྐྱེད་པར་བྱེད་པའོ། །མཚན་མོ་ཞེས་བྱ་ཀོ་ས་ལ། །རྒྱུ་མའི་འཕྲེང་བ་འབབ་པར་བྱེད། །ལོངས་སྤྱོད་ཞིང་དང་ཉེ་ཞིང་བརྗོད། །བཞི་པོ་དེའི་དང་པོ་གཉིས་སུ་མཁའ་འགྲོ་དང་དཀར་ཆ་ལ་རྟག་ཏུ་ལོངས་སྤྱོད་པས་ཞིང་དང་ཕྱི་མ་གཉིས་ཉེ་ཞིང་སྟེ་ཆོས་ཀྱི་ལོ་ཐོག་སྐྱེ་བས་ས་གསུམ་པ་དང་བཞི་པ་གཉིས་སོ། །བསིལ་སྦྱིན་ཀ་ལིང་ག་ཡིན་ཏེ། །སྟ་ཟུར་ནས་འབྲེལ་གྲོད་པ་བསྐྱེད། །ཚ་བ་མ་ནི་ལམ་པཱ་ཀ །ལྟོ་བ་གཉེ་མ་བསྐྱེད་པ་ཡིན། །གཞོལ་མ་ཀྵཉྩྨིར་བཤད་པ་སྟེ། །བཤང་བ་འབབ་པའི་བདག་རྐྱེན་བྱེད། །རངས་མ་ཧི་མཱ་ལ་ཡ་སྟེ། །མཚམས་དབུས་འགེངས་པའི་རྒྱུངས་པ་འབབ། །དྭངས་སྙིགས་འདྲེས་པར་གནས་པས་ན། །ཙྪནྡོ་ཉེ་བའི་ཙྪ་ནྡོར་བཤད། །བཞི་པོ་དེའི་དང་པོ་གཉིས་སུ་མཁའ་འགྲོ་རྣམས་རིགས་འདྲེས་པ་དང་དྭངས་སྙིགས་འདྲེས་མར་གནས་པས་ཙྪནྡོ་ཧ་དང་ཕྱི་མ་གཉིས་ཉེ་བའི་ཙྪ་ནྡོ་ཧ་སྟེ། སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཆོས་རྫོགས་པའི་ཐབས་ལ་འདུན་ཅིང་རྟོག་པས་ས་ལྔ་པ་དང་དྲུག་པ་གཉིས་སོ། །པྲེ་ཏ་པུ་རི་གཟུགས་ཅན་མ། །རྟག་ཏུ་རྣག་ནི་འབབ་པ་ཡིན། །གྲྀ་ཧ་དེ་ཝ་ཐུན་མོང་མ། །བད་ཀན་འབབ་པར་བྱེད་པའོ། །རྒྱུ་སྦྱིན་སཽ་རཥྚ་སྟེ། །ཁྲག་གི་ནུས་པ་སྐྱེད་པར་བྱེད། །སྭརྑ་དྭཱི་པ་སྦྱོར་བྲལ་མ། །རྟག་ཏུ་རྡུལ་ནི་འབབ་པར་བྱེད། །དྭངས་སྙིགས་འདུ་དང་ཉེ་འདུར་གསུངས། །བཞི་པོ་དེའི་དང་པོ་གཉིས་སུ་མཁའ་འགྲོ་རྣམས་ཚོགས་ཀྱི་འཁོར་ལོར་འདུ་བ་དང་དངས་སྙིགས་འདུ་བས་འདུ་བ་དང་ཕྱི་མ་གཉིས་ཉེ་བའི་འདུ་བ་སྟེ། མཚན་མ་དང་རྩོལ་བ་མེད་པར་ཡོན་ཏན་རྣམས་འདུ་བས་ས་བདུན་པ་དང་བརྒྱད་པ་གཉིས་སོ། །སྡུག་གུ་ཞེས་བྱ་ན་ག་ར། །ཚིལ་ནི་འབབ་པར་བྱེད་པ་ཡིན། །གྲུབ་མ་ཞེས་བྱ་སིནྡྷུར་བརྗོད། །མཆི་མ་སྐྱེད་པར་བྱེད་པ་ཡིན། །མ་རུ་ཞེས་བྱ་འཚེད་མ་སྟེ། །ལུང་པ་མཚིལ་མ་བསྐྱེད་ཅིང་འབབ། །ཀུ་ལུ་ཏ་ནི་ཡིད་བཟང་སྟེ། །རྟག་ཏུ་སྣ་ཆུ་འབབ་པ་ཡིན། །བདེ་མེད་དུར་ཁྲོད་དེ་ཉེ་བའོ། །བཞི་པོ་དེའི་དང་པོ་གཉིས་སུ་མཁའ་འགྲོ་རྣམས་ཁུ་བ་འདོར་བ་དང་ནང་དུ་བདེ་བ་མེད་པས་དུར་ཁྲོད་དང་ཕྱི་མ་གཉིས་ཉེ་བའི་དུར་ཁྲོད་དེ། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་སྟོན་པས་ས་དགུ་པ་དང་བཅུ་པ་གཉིས་སོ། །གནས་སོ་གཉིས་སུ་བྱེད་པ་ན། བརྟག་གཉིས་ལས། འཐུང་གཅོད་གྲོང་ཁྱེར་གྱི་དང་ཡང་། །འཐུང་གཅོད་གྲོང་གི་མཐར་གནས་པ། །ཙ་རི་ཏྲ་དང་ཀོ་ས་ལ། །བིནྡྷྱ་གཞོན་ནུའི་གྲོང་ཁྱེར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཉེ་བའི་འཐུང་གཅོད་དེ་ཉེ་བའོ། །ཞེས་འཐུང་གཅོད་དྲུག་དང་དེ་དག་དང་ཉེ་བའི་ས་ཉེ་བའི་འཐུང་གཅོད་གཉིས་ནི་ལྷན་སྐྱེས་ཀྱི་བདེ་བ་འཐུང་ཞིང་སྒྲིབ་པ་མ་ལུས་པར་གཅོད་པས་ས་བཅུ་གཅིག་པ་དང་བཅུ་གཉིས་པའོ། །འདིར་རྗེ་ནཱ་རོ་དང་མར་པས་ཙ་རི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པར་གསུངས་པ་དང་མི་ལ་དང་སྒམ་པོ་པས་རྡོ་བོད་མཚམས་སུ་ཡོད་པར་གསུངས་པ་མི་འགལ་ཏེ། དུས་འཁོར་ལས་གནས་ལ་སོགས་པ་ཆེ་འབྲིང་ཆུང་ངུའི་དབང་དུ་བྱས་པའི་དང་པོ་ནི་གླིང་བཞི་སོགས་ནས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་དང་། འབྲིང་ནི་འཛམ་གླིང་ཆུང་ངུའི་ཡུལ་སོ་སོར་ཡོད་པ་དང་། ཆུང་ངུ་ནི་འགྲེལ་ཆེན་ལས། འདིར་ཐུན་མོང་གི་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་དུ་ཁྱབ་བྱེད་དུ་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན་བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ནའང་གནས་ལ་སོགས་པ་རྣམས་ཡོད་དོ། །ཞེས་གསུངས་པའི་བཞེད་པ་སྔ་མ་ནི་འབྲིང་གི་དབང་དུ་བྱས། ཕྱི་མ་ནི་ཆུང་ངུའི་དབང་དུ་མཛད་པས་སོ། །ཡང་བཀའ་བརྒྱུད་པ་རྣམས་ཀྱིས་ཏི་སེ་རྒྱུད་སྡེ་ནས་གསུངས་པའི་ཧི་མཱ་ལ་ཡ་དང་མངོན་པ་དང་ཕལ་ཆེན་ནས་གསུངས་པའི་རི་བོ་གངས་ཅན་དང་མ་ཕམ་མཚོ་མ་དྲོས་པར་བཞེད་པ་ལ། རྗེ་བཙུན་ས་པཎ་གྱིས། གངས་ཅན་དེ་ནི་ཏི་སེ་མིན། །མ་དྲོས་རྒྱ་མཚོ་མ་ཕམ་མིན། །ཞེས་སོགས་ཀྱི་དགག་པ་མཛད་པའི་ཚེ། སྔོན་གྱི་མཁས་པ་ལ་ལས། གངྒཱ་འདི་ནས་འབབ་པའི་ཕྱིར། །མ་དྲོས་འཚོལ་བའི་ངལ་བས་ཅི། །འདུས་བྱས་རྟག་པ་མེད་པའི་ཕྱིར། །སྔོན་བཞིན་ད་ལྟ་གནས་པ་མེད། །ཅེས་དང་། གྲུབ་མཐའ་ཆེན་མོར་ཡང་། བྱང་ཆུབ་སེམས་དཔའ་མ་དྲོས་པས། །ཞུས་པའི་མདོ་ལས་གསུངས་པ་ཡི། །ཆུ་ཆེན་བཞི་ཡི་རྐ་འགོ་དེ། །ཡུལ་གཞན་གང་ན་ཡོད་པ་ཡིན། །ཞེས་གསུངས་ཤིང་། གླང་པོ་རྣམས་ཀྱང་དེ་ན་མེད། །དེ་བཞིན་འཛམ་བུའི་ལྗོན་བ་དང་། གསེར་གྱི་བྱ་སྐྱིབས་ག་ལ་ཡོད། །སོགས་ནི་ལྷ་ཀླུ་རྣམས་ཀྱི་འབྱོར་བའི་སྣང་བ་དང་མདོ་སྡེ་གསུང་བའི་སྐབས་ཀྱི་གླེང་གཞིའི་ཞིང་སྦྱོང་གི་མཐུ་ཡིན་པས་དིང་སང་མེད་པ་སྐྱོན་དུ་མི་འགྲོ་ལ། ཏི་སེ་ཤམྦྷ་ལའི་གངས་ཅན་དུ་ནི་ཁས་མི་ལེན་པས་དགག་པ་དོན་མེད་དེ་ཞེས་འཆད་དོ། །ལྔ་པ་དཀར་ཆ་འཕོ་བའི་རིམ་པ་ནི། དེ་ལྟར་ཁམས་ནི་ཉི་ཤུ་བཞི། །ཐིམ་པ་སྙིགས་མར་གྱུར་པ་སྟེ། །ལོངས་སྤྱོད་དྭངས་མ་དཀར་ཆ་ཡིན། །བདག་པོ་རྩ་བ་རླུང་ཁྲག་འདྲེས། །རེ་རེ་འང་སྟོང་ཕྲག་གསུམ་གསུམ་སྟེ། །རླུང་དང་དཀར་དམར་གསུམ་བདག་ཉིད། །བ་སྤུའི་མཐར་ཐུག་ཀུན་ཏུ་ཁྱབ། །ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་རྩ། །ཁམས་བཞི་ལྡན་པ་མགྲིན་པར་འབབ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །མེ་ལ་གཅིག་ཏུ་འབབ་པས་ན། །དུང་ཅན་མཐར་ནི་འཛག་པར་བྱེད། །ལུས་ཅན་ཀུན་གྱི་སྙིང་དགའ་བ། །ཆགས་བསྐྱེད་རྨོངས་བྱས་སྡང་སེམས་སྐྱེ། །འཁོར་བ་སྐྱེད་བྱེད་གཞིར་གྱུར་ཏོ། །ཞེས་པས་བསྟན་ནོ། །སྐབས་འདིར་རང་འགྲེལ་དུ། འདི་ལ་བརྟེན་ནས་ལུས་ཀྱི་ཕྱི་རོལ་ཚིགས་ཐམས་ཅད་དུ་ཡང་དཀར་ཆའི་འཕོ་བ་བླ་གནས་ཞེས་བརྗོད་པ་ཡོད་པས་དེ་དག་ཏུ་གཏར་བསྲེག་སོགས་མི་བྱ་བར་གསུངས་སོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་ལ་གང་གིས་འཆིང་བ་ནི། རྒྱལ་བས་གསུངས་པའི་ཐབས་དན་པས། །འཛག་བྲལ་དངུལ་ཆུ་ལྟ་བུར་ནི། །ཕྱག་རྒྱ་གསུམ་གྱི་མེས་བཅིངས་ན། །ཞེས་པ་དང་། འཆིང་བའི་རིམ་པ་ནི། རྒྱལ་མཚན་རྩ་བཞི་དག་པ་རུ། །འགགས་པས་བདེན་མཐོང་དོན་ལ་སྦྱོར། །རྗེས་དྲན་བཅུ་དྲུག་དང་ལྡན་པས། །བརྟན་བྱས་གྱེན་ལ་འགྲོ་བ་ཡིན། །ས་ནི་བཅུ་གཉིས་རིམ་པ་ལྟར། །ཐོབ་བྱེད་དགའ་བ་བཅུ་དྲུག་ནི། །མཐར་སོན་རྟེན་འབྲེལ་བཅུ་གཉིས་དག །ཅེས་པ་དང་། བཅིངས་པའི་འབྲས་བུ་ནི། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས། །སྐད་ཅིག་མངོན་པར་བྱང་ཆུབ་ཅེས། །བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། །ཞེས་པ་སྟེ། རྩ་བའི་རྒྱུད་དུ། ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི། །ཕྱོགས་གཅིག་ཡང་དག་གནས་པ་ནི། །ལྕགས་ལ་དྲག་པོའི་མེས་གདུངས་ན། །ཀུན་ནས་ཀུན་ཏུ་འབིགས་པར་བྱེད། །དེ་བཞིན་ཉིད་དུ་འགྱུར་མེད་བདེ། །ཕྱོགས་གཅིག་ཡང་དག་གནས་པ་ཡང་། །སེམས་ལ་འདོད་པའི་མེས་གདུངས་ན། །ཀུན་ནས་ཀུན་ཏུ་འབིགས་པར་བྱེད། །ཅེས་དང་། འདིར་ནི་མང་པོ་བརྗོད་པས་ཅི། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡི། །ལྕགས་རྣམས་རབ་ཏུ་འབུགས་བྱེད་པ། །རོ་ཡི་མཐུ་ནི་བརྟག་བྱ་མིན། །ཅི་ཞིག་སླར་ཡང་དོན་དམ་པས། །གློ་བུར་དྲི་མས་གཡོགས་པ་ཡི། །སེམས་ནི་རབ་ཏུ་འབུགས་བྱེད་པ། །ཡེ་ཤེས་མཐུ་ནི་བརྟག་བྱ་མིན། །ཞེས་སོགས་གསུངས་པ། ཕྱག་རྒྱ་གསུམ་གྱིས་ཐིག་ལེ་བཅིངས་པས་མ་དག་པའི་ཁམས་ཕུག་སྟེ་བྱང་ཆུབ་མངོན་དུ་བྱེད་པའི་ཚུལ་གྱི་མྱུར་ལམ་ནི་རྟོག་གེའི་སྤྱོད་ཡུལ་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ལ། དེ་ཡང་སྦྱོར་བ་ཡན་ལག་དྲུག་གི་སོར་བསམ་སྲོག་རྩོལ་གྱི་སྐབས་སུ་རྩ་དང་རླུང་སྦྱངས་པས་གཏུམ་མོ་སྤར་ཏེ་བྱང་སེམས་རྒྱལ་མཚན་རྩ་བཞིར་འཛིན་པ་མཐོང་ལམ། དེ་ལྟར་ཡས་འབབ་ཀྱི་དགའ་བ་བཅུ་དྲུག་ཉིད་ལ་རྩལ་སྦྱོང་བ་རྗེས་དྲན་སྒོམ་ལམ། མས་བརྟན་གྱི་དགའ་བ་བཅུ་དྲུག་རྫོགས་པ་ནི་ཏིང་ངེ་འཛིན་མི་སློབ་ལམ་ཡིན་པས་དེའི་ཚེ་དཀར་དམར་དག་པའི་འབྲས་བུ་མཚན་དཔེ་འགྲུབ་བོ། །ཕྱག་རྒྱ་གསུམ་གྱི་དང་པོ་ནི་གཞན་རྒྱུད་ཀྱིས་བསྡུས་པ། སོ་སོ་སྐྱེ་བོ་ནས་སྐྱེ་བ་སྤྲུལ་པའི་སྐུའི་བར་དབྱེ་བ་དུ་མ་དང་བཅས་པ་ཡིན་ལ། གཉིས་པ་ལ་སྒྲུབ་བྱེད་རྒྱུའི་ཡེ་ཤེས་དང་། གྲུབ་པ་འབྲས་བུའི་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས། སྔ་མ་ནི་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ་ཞེས་བྱ་ཞིང་དབྱེ་ན། གསུམ་མདོར་གནས་པ་རྣལ་འབྱོར་ཡི་གཏུམ་མོ། །གསང་བར་གནས་པ་ལས་གཏུམ་གཉིས། ཕྱི་མ་ནི་དེའི་མྱོང་བ་འདྲེན་བྱེད་ཡིད་ཀྱི་གསལ་སྣང་དུ་བསྐྱེད་པའི་ལྷ་སྐུའོ། །ཕྱག་རྒྱ་ཆེན་པོ་ལའང་གཉིས་ཏེ་སོ་སྐྱེ་ལ་སྣང་བ་རྗེས་མཐུན་པ་ནི། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །མཚན་མའི་མཐར་ནི་རེ་ཁཱ་གང་། །དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ། །མ་ལུས་བསྒོམ་པར་བྱ་དེ་ལ། །ཞེས་མེ་འབར་བའི་སྔ་ལྟས་ཀྱི་དྲོད་ལྟ་བུ་དང་། མཚན་ཉིད་པ་ནི་རྡོ་རྗེའི་བདེན་པ་མཐོང་བ་ཡན་གྱི་སྤྱོད་ཡུལ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་ཀྱི་སྐུ་ཕྱག་རྒྱ་ཆེན་མོ་བཞིན་ལག་གི་རྣམ་པ་ཅན་ཞིག་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། །རྡོ་རྗེའི་སྐུ་ཡང་དེ་ཉིད་གང་། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། །དེ་བས་རང་ཉིད་མཆོད་ལ་འཇུག །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །ལྷ་རྣམས་ཐམས་ཅད་ཉིད་ཀྱང་ཡིན། །ཞེས་གསུངས་ལ། དེ་ལྟར་ཕྱག་རྒྱ་ཕྱི་མ་གཉིས་ནི་རང་རྒྱུད་ཀྱིས་བསྡུས་པའོ། །ལྔ་པ་ཐིག་ལེའི་སྐྱོན་བསལ་བ་ནི། སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། །ཀླད་པ་དཀར་ཆ་བད་ཀན་ཏེ། །སྟེང་དུ་གསན་ཀྱང་ས་ཆུ་ཡི། །རང་བཞིན་ཐུར་ལ་འབྱུང་བ་སྟེ། །ལྟེ་བ་གསང་བ་རླུང་རང་བཞིན། །འོག་ཏུ་གནས་ཀྱང་གྱེན་ལ་འགྲོ། །མཁྲིས་ཁྲག་མཆིན་བརྟེན་བར་གནས་ཀྱང་། །རླུང་ལྡན་མེ་བཞིན་གྱེན་དུ་འབར། །བད་ལྡན་ཆུ་བཞིན་འོག་ཏུ་འགྲོ། །བད་ཀན་གཏི་མུག་ལྡན་པ་སྟེ། །མཁྲིས་པ་ཞེ་སྡང་ལྷན་ཅིག་ཉིད། །རླུང་དང་ཆགས་ལྡན་ཀུན་གྱི་གྲོགས། །ཆུ་མེ་རླུང་གསུམ་ནད་ཡིན་ཏེ། །ལུས་ལ་ནད་བྱེད་སེམས་ལ་ཡང་། །བདེ་དང་རྟོག་དཔྱོད་རྟོག་པ་གཡོ། །གསུམ་གྱིས་བསམ་གཏན་སྐྱོན་ཡིན་ལ། །དེ་ཡི་རྒྱུ་ཡིས་འཇིག་རྟེན་འཇིག །མཁའ་དང་ས་ནི་དེ་གཉིས་ཀྱི། །རྟེན་བྱེད་སྐྱོན་ནི་མེད་པ་ཡིན། །དེ་ཕྱིར་མཁས་པས་དེ་གཉིས་ཀྱི། །གནད་ཤེས་གསུམ་པོའི་སྐྱོན་གཞོམ་བྱ། །ཞེས་སེམས་ལ་དུག་གསུམ་ཡོད་པའི་ཆོ་འཕྲུལ་གྱིས་ལུས་ལ་ཆུ་མེ་རླུང་གི་སྙིགས་མ་བྱུང་ཞིང་། །དེ་དག་གིས་ལུས་ལ་ནད་དང་སེམས་བསམ་གཏན་གྱི་སྐྱོན་དུའང་འགྱུར་ཏེ། བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ། གཉིས་པ་ན་དགའ་བདེ་ཆུ་ལྟ་བུ། གསུམ་པ་ན་དབུགས་དབྱུང་རྔུབ་རླུང་ལྟ་བུ་ཡོད་པས་སོ་སོའི་འཇིག་རྟེན་ཡང་ཆུ་མེ་རླུང་གིས་འཇིག་གོ །ནམ་མཁའ་དང་ས་གཉིས་ཀྱིས་ནི་འབྱུང་བ་འཁྲུགས་པ་སེལ་ཞིང་རྟེན་བྱེད་པས་དེ་དང་མཐུན་པར་རྣལ་འབྱོར་པས་རླུང་དབྱུང་བ་ནམ་མཁའི་ཁམས་དང་ཐུར་སེལ་འཐེན་པ་ས་ཁམས་གཉིས་ཀྱིས་མཁྲིས་པ་དང་རླུང་གི་གེགས་དང་ཁ་སྦྱོར་དུ་བཟུང་བས་བད་ཀན་གྱི་ནད་སེལ་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི། །ཐིག་ལེ་མ་རིག་དང་འབྲེལ་བས། །འཁོར་བ་བསྐྱེད་པར་གསུངས་པ་སྟེ། །ཞེས་ཟག་པ་དང་བཅས་པས་སྡུག་བསྔལ་དུ་འཁོར་བར་འགྱུར་ཏེ་རྟེན་ལུས་ཀྱི་དངས་མ་ནི་བཤང་གཅི་ཁུ་ལམ། བ་སྤུའི་སྒོ། སྟེང་དབང་པོའི་སྒོ་ནས་ཟགས་པ་དང་། བརྟེན་པ་སེམས་ཀྱི་དྭངས་མ་ནི་སྐྱེ་མཆེད་དྲུག་གི་སྒོ་ནས་ཡུལ་ལ་འབབ་པ་སྟེ་འདོད་པ་དང་སྲིད་པ་དང་མ་རིག་པ་དང་ལྟ་བའི་ཟག་པ་བཞིའོ། །དེ་རྣམས་སུ་མི་འཕོ་བར་བཅིངས་ན་ཕན་ཡོན་འབྱུང་ཞིང་ཐིག་ལེ་གསུམ་གྱིས་དུག་གསུམ་འཆིང་བར་བསྟན་པ་ནི། ཐབས་ཀྱིས་ཟིན་པས་གཉེན་པོར་བཤད། །སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཡུན་རིང་ཆགས་ཆེན་དབང་སོང་བས། །སྲིད་པ་གསུམ་དུ་སྐྱེས་པ་རྣམས། །དེ་དག་གྲོལ་བའི་དོན་དུ་ནི། །རྫས་ཀྱི་ཐིག་ལེ་གསུངས་པ་ཡིན། །ཞེ་སྡང་ཆེན་པོའི་དབང་སོང་བས། །མི་གང་མི་སྲུན་པ་ཡི་ལུས། །དེ་རྣམས་མྱུར་དུ་གྲོལ་དོན་དུ། །སྔགས་ཀྱི་ཐིག་ལེ་གསུངས་པ་ཡིས། །གཏི་མུག་ཆེན་པོས་ཀུན་ནས་འཁྲུལ། །སྲིད་སྐྱོབ་དངོས་གྲུབ་འབྲས་བུ་བརྒྱད། །ཐོབ་ཕྱིར་ཡེ་ཤེས་འབྲས་བུ་ནི། །རླུང་གི་ཐིག་ལེ་གསུངས་པ་ཡི། །ཞེས་སོ། །ལེའུ་གསུམ་པོ་དེས་རྩ་རླུང་ཐིག་ལེ་སེམས་ཀྱི་སྣང་བ་ཙམ་ལས་བྱུང་ཞིང་གསུམ་པོའི་རྟེན་འབྲེལ་གྱི་ཚོགས་པ་སྦྱར་བ་ན་གཙུབ་ཤིང་དང་གཙུབ་སྟན་ལས་མེ་འབྱུང་བ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའི་རྟེན་དུ་འགྱུར་བས་བསྟན་པར་མཛད་པའི་ཚུལ། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །རྟེན་ཅིང་འབྲེལ་པར་སྣང་བ་ནི། །རྟེན་གྱུར་རྡོ་རྗེའི་ལུས་ཞེས་གསུངས། །ཞེས་པ་སྟེ་ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས་ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའི་འགྲེལ་པའོ།། །།ད་ནི་དུམ་བུ་དྲུག་པ་གནས་སྐབས་བཞི་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྣམ་ཤེས་སོགས་འབྲེལ་བ། །མདོར་བསྡུས་རགས་པ་བཤད་པར་བྱ། །ཞེས་གཞི་ལ་རྣམ་ཤེས་ཚོགས་བརྒྱད་དང་གནས་སྐབས་བཞི་དེའི་རང་བཞིན་ཡེ་ཤེས་སུ་ཡོད་ཚུལ། ལམ་དུ་བྱེད་པའི་ཕྱག་རྒྱ་བཞི། འབྲས་བུ་སྐུ་བཞི་སོགས་འབྲེལ་བའི་ཚུལ་བཤད་པར་བྱའོ། །གཉིས་པ་ལ་སྤྱིར་བཤད་པ། གནས་སྐབས་སོ་སོ་རྒྱས་པར་བཤད་པའོ། །དང་པོ་ནི། ཐོག་མར་བསྐྱེད་ཚུལ་གོང་དུ་བཤད། །གནས་དུས་གནས་སྐབས་བཞི་ཡིན་ཏེ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །མ་དག་སྐུ་བཞིའི་གནས་སྐབས་ཡིན། །ཞེས་འཁོར་ལོ་བཞིར་ལུས་དག་སེམས་ཡེ་ཤེས་ཀྱི་ཐིག་ལེ་གནས་སྐབས་བཞིའི་འཁྲུལ་པ་སྐྱེད་བྱེད་དུ་ཡོད་པ་ལ་ནད་གང་དུ་ཡོད་པའི་སར་སྨན་གྱི་ནུས་པ་འཇུག་པ་བཞིན་སྨིན་བྱེད་ཀྱི་དབང་བཞི་དང་རྫོགས་རིམ་གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་ཀྱི་གནད་དུས་དང་ཡུལ་དེ་དག་དུ་འཆིང་དགོས་སོ། །གཉིས་པ་ལ་བཞི་ལས། དང་པོ་གཉིད་འཐུག་པོའི་གནས་སྐབས་བཤད་པ་ནི། དབྱེ་བ་རྣམ་པ་མང་བཤད་ཀྱང་། །གཉིད་དུས་ཀུན་གཞི་གཙོ་བོ་སྟེ། །སྙིང་ག་ཆོས་ཀྱི་འཁོར་ལོར་གནས། །ཚོགས་དྲུག་མི་གསལ་གཅིག་ཏུ་བསྡུས། །དག་ན་འོང་གསལ་འབྲས་བུ་ནི། །མེ་ལོང་ལྟ་བུ་ཞེས་ཀྱང་བྱ། །ཆོས་སྐུ་སྤྲོས་བྲལ་ངོ་བོ་ཉིད། །བག་ཆགས་བརྟེན་ཀྱང་མི་གསལ་ཞིང་། །འདུ་བྱེད་གཡོ་བའི་རྐྱེན་ཡོད་ཕྱིར། །མ་རིག་དྲི་མ་ཅན་ཞེས་བྱ། །ཀུན་གཞིའི་རྣམ་ཤེས་དེ་སྦྱོང་བྱེད་ཐེག་གསུམ་གྱི་ལམ་ནི། གང་ཟག་ཆོས་ལ་བདག་མེད་པ། །གཅིག་དང་ཕྱེད་དང་གཉིས་དང་གཉིས། །རིམ་པར་གཉེན་པོའི་ཤེས་པ་སྟེ། །དེས་སྦྱངས་ཐེག་གསུམ་སོ་སོ་ཡི། །རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། །དྲི་བཅོམ་དག་པ་གསུམ་ཐོབ་གསུངས། །དེ་ཕྱིར་གསལ་ལ་མི་རྟོག་པའི། །ཉིན་མཚན་གཉིས་ཀྱི་འོད་གསལ་བསྒོམ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཕྱག་རྒྱ་ཆེ་ལ་རོལ་བར་བྱ། །གཉིས་པ་རྨི་ལམ་གྱི་གནས་སྐབས་བཤད་པ་ལ། ངོ་བོ། རྒྱས་བཤད། འཆིང་ཚུལ་དང་གསུམ། དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་དེ་གཟུང་དང་འཛིན། །གཉིས་སྣང་འཁྲུལ་བར་བྱེད་པ་ཡིན། །དག་ན་ལོངས་སྤྱོད་རྫོགས་པ་སྟེ། །གསལ་ལ་མ་འདྲེས་སྟོང་པར་གནས། །གཉིས་པ་ནི། མ་དག་འཁྲུལ་པའི་སྣང་བར་ཡང་། །སྟེང་སོང་སྤྱི་བོར་ལྷ་ཡུལ་དང་། །མཁའ་སྣང་མཐོར་ཕྱིན་གྱེན་དུ་འགྲོ། །གཟུགས་སྒྲ་ལ་སོགས་མ་འདྲེས་འཆར། །འོག་འགྲོ་དམྱལ་སོགས་སྣང་བ་དང་། །ཐུར་འགྲོ་བྲག་རོང་འཐིབས་བོ་དང་། །མུན་ཁུང་སོགས་འཆེར་སྣང་བ་འབྱུང་། །བར་དུ་གླིང་བཞི་ས་སྟེང་སྟེ། །མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། །ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། །རྩ་གནས་ཡངས་ལ་ཡངས་པར་སྣང་། །དོག་ལ་དོག་སྣང་དེ་བཞིན་དུ། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། །རླུང་ལ་རྫས་དང་གོས་སྔོ་ནག །བྱ་ནག་འཕུར་དང་རྟ་ཞོན་དང་། །ནོར་བུ་སྡོ་དང་རིག་པ་དང་། །ཡང་ན་མི་བརྟན་དུ་མ་འཆར། །མཁྲིས་ཁྲག་གནས་སོང་མེ་དང་ནི། །གོས་དམར་ས་དང་གསེར་སྣང་དང་། །བཙུན་པ་དེ་བཞིན་སྣ་ཚོགས་སྣང་། །བད་ཀན་དཀར་ཆའི་གནས་རེག་ན། །ཆུ་དང་ཁ་བ་མུ་ཏིག་དང་། །གོས་དཀར་བུད་མེད་གླང་པོ་དང་། །དངུལ་སོགས་དུ་མ་སྣང་བ་སྟེ། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། །བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །གསུམ་པ་ནི། དེ་ཕྱིར་རྣལ་འབྱོར་སྒོམ་པ་ན། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། །བར་དོ་ཕྱི་མའི་འཕོ་བ་ཡི། །སྣང་བའི་ཚོད་འཛིན་བྱེད་པ་ཡིན། །དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བཅིང་། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། །འདིར་ནི་རྒྱས་པར་མ་བསྟན་ཏོ། །འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། །རྨི་ལམ་བསྟན་པ་མདོ་ལས་གསུངས། །དེ་རྒྱུ་ཟག་མེད་ཁམས་གཟུང་ཕྱིར། །བཅོམ་ལྡན་རྨི་ལམ་བྲལ་བ་སྟེ། །ཟག་མོད་འདུ་བྱེད་རྐྱེན་བྲལ་ཕྱིར། །ཞེས་རྨི་ལམ་གྱི་སྣང་བ་དང་བར་དོའི་སྣང་བ་ཅུང་ཟད་མཚུངས་པས་ལམ་གྱི་ཚོད་འཛིན་དང་རྨི་ལམ་དེ་ཉིད་དུ་འཁྲུལ་བའི་རང་མཚང་ཤེས་ན་དགེ་སྦྱོར་བོགས་ཆེ་བ་དང་། རྒྱལ་སྲས་འཕགས་པ་ལའང་རྨི་ལམ་འབྱུང་བའི་སྒྲུབ་བྱེད་ཟག་མེད་ཀྱི་ལས་གསོག་པ་ཡོང་ཅིང་དེས་བསྐྱེད་བའི་ཕུང་ཁམས་ཡོད་པ་རྣམས་བསྟན་ནོ། །གསུམ་པ་ཆགས་པའི་གནས་སྐབས་བཤད་པ་ལ། ངོ་བོ། དེ་ལས་འཁོར་བ་འགྲུབ་ཚུལ། མྱང་འདས་སུ་འགྲོ་བའི་གོ་རིམ། གནད་བཅིང་བ་དངོས་དང་བཞི། དང་པོ་ནི། སྙོམས་འཇུག་ཆགས་བཅས་དེ་ཚེ་ནི། །དགའ་བཞིའི་གོ་རིམ་རྣམ་ཤེས་ལྡན། །འདོད་སྲེད་དང་པོ་སྤྱི་བོ་སྟེ། །གཉིས་པ་མགྲིན་པར་གསུམ་པ་ན། །ལྟེ་བར་རྣམ་ཤེས་འདུས་པ་ཡིས། །མེ་དང་ཟླ་བ་གཉིས་འདྲེས་ཚེ། །དུང་ཅན་ནང་དུ་ལྷན་སྐྱེས་མྱོང་། །ཞེས་སྤྱི་བོར་རྣམ་ཤེས་འདུས་པ་གཡོ་བ་ཙམ། མགྲིན་པ་ལྟེ་བར་རྣམ་ཤེས་འདུས་པ་དགའ་བ་དང་མཆོག་དགའ། གཏུམ་མོ་དང་ཟླ་བ་ཕྲད་པའི་ཚེ་དུང་ཅན་ནང་དུ་རྣམ་ཤེས་འདུས་པས་ལྷན་ཅིག་སྐྱེས་དགའ་མྱོང་ཞིང་། དེ་ནི་སྐད་ཅིག་ཤེས་པ་སྟེ། །ཚོགས་བརྒྱད་མ་འགགས་སོ་སོར་གསལ། །བདེ་ལ་མི་རྟོག་ཉོན་མོངས་མིན། །དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད། །ལུས་ཅན་རྣམས་ལ་ནི་གནས་སྐབས་དེ་དུག་གསུམ་གྱིས་བསྒྲིབས་པས་མཐར་དགའ་བྲལ་དུ་འགྱུར་ལ། དག་ན་ཐམས་ཅད་དེ་ཉིད་ཕྱིར། །སྒྲིབ་པ་དེ་གཉེན་པོས་དག་པར་སྦྱངས་ན་བརྟན་གཡོ་ཐམས་ཅད་ལྷན་སྐྱེས་དེ་ཉིད་དུ་འཆར་ཏེ། འགག་མེད་འཛག་བྲལ་སྟོང་དང་ལྡན། །ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་དུས་འཁོར་དང་འདུས་པ་དང་སྡོམ་པ་སོགས་སྐུ་གསུམ་གྱི་རང་བཞིན་ཡིན་པས་དེ་མངོན་དུ་བྱ་བའི་ཐབས་ལ་གནད་དུ་བསྣུན་པར་བྱའོ། །གཉིས་པ་ནི། མ་དག་འཁྲུལ་པའི་སེམས་ཅན་རྣམས། །སྐད་ཅིག་བདེ་ཆེན་མི་ཤེས་པས། །རང་ལ་གནས་པ་གཞན་དུ་བཟུང་། །བདེ་ཉམས་དུག་གསུམ་སྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བར་རྒྱུ། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། །རྗེས་ལ་ཆགས་བྲལ་ཞེ་སྡང་སེམས་བདེ་འདོད་རང་ཆགས་སེར་སྣ་དང་། ཕྲག་དོག་ཀུན་སྐྱེད་མི་དགེ་སྤྱོད། །དེ་ཡིས་ངན་འགྲོ་ཀུན་སྐྱེད་བྱེད། །གསུམ་པ་ནི། དེ་ལས་ཅུང་ཟད་ལོག་བྱས་ནས། །རང་གཞན་ཕན་འདོད་སེར་སྣ་དང་། །ཕྲག་དོག་ཆགས་པ་དོར་བྱས་ནས། །སྦྱིན་དང་ལྡན་ཞིང་ཁྲོ་བ་དོར། །ཚུལ་ལྡན་བདེ་འདོད་མཐོ་རིས་ཏེ། །འདོད་སྲེད་བཅད་ནས་བསམ་གཏན་གྱི། །བདེ་འཚོལ་གཟུགས་དང་གཟུགས་མེད་ལེན། །དེ་ཡང་སྔར་ལྟར་རོ་མྱོང་ནས། །ཆགས་ལྡན་དུག་གསུམ་དབང་གིས་འཁོར། །སེམས་སུ་ཤེས་ནས་ཁམས་གསུམ་གྱི། །ཆགས་སོགས་མཐོང་སྒོམ་གྱིས་བཅོམ་ནས། །མྱ་ངན་འདས་སྲེད་དེ་ཐོབ་པ། །དེར་གནས་ཉན་རང་ཞེས་བརྗོད་དོ། །ཞེས་དེ་མཐའ་དག་རང་རང་གི་སྲིད་ཞིའི་གོ་འཕང་ལ་སྲེད་པ་དང་བཅས་པས་དེ་དག་ལས་ཀྱང་འདའ་དགོས་པར་བསྟན་པ་ནི། སྲིད་དང་ཞི་བ་གཉིས་ཀ་ལ། །སྲེད་སྤངས་འཛག་མེད་དབང་ཐོབ་པ། །རྡོ་རྗེ་ཐེག་པར་གསུངས་པ་ཡིན། །ཞེས་སོ། །བཞི་པ་ནི། དགའ་བཞིའི་ངོ་བོ་གོ་རིམ་དང་། །དབྱེ་བ་འཛག་སྐྱོན་བཅིང་ཐབས་དང་། །ཕན་ཡོན་རྣམ་པར་དག་པ་དང་། །རྒྱུ་འབྲས་ལུགས་འབྱུང་ལུགས་ལྡོག་ཀུན། །རྒྱལ་བས་བླ་མེད་རྒྱུད་ཀུན་གསུངས། །དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་། །འདིར་ནི་རྒྱས་པར་མ་བྲིས་སོ། །ཞེས་མཚོན་བྱེད་དཔེའི་དགའ་བཞི་འཇིག་རྟེན་པའི་མཚན་ཉིད་ཅན་དང་། མཚོན་བྱ་དོན་གྱི་དགའ་བཞི་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་གྱི་ངོ་བོ་དང་། འཛག་པ་ནི་དགའ་བྲལ་བཞི་པ་དང་བརྟན་པ་ན་ལྷན་སྐྱེས་བཞི་པར་འཆར་བའི་གོ་རིམ་དང་། སྤྲུལ་པ་ལོངས་སྤྱོད་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་བཞིར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་དགའ་བ་བཞི་བཞིར་ཕྱེ་བའི་དབྱེ་བ་དང་། དེ་ཁོ་ན་ཉིད་བཅུ་དྲུག་མངལ་སྐྱེས་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་པ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འདོར་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་སྐྱོན་ཡོན་དང་། དབབ་དང་བཟུང་དང་བཟློག་པ་དང་། །གནས་སུ་བསྐྱལ་དང་རྩ་མིག་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོ་བྱ། །ཞེས་བཅིང་ཐབས་དང་། རྒྱུ་ལུགས་འབྱུང་དང་འབྲས་བུ་ལུགས་ལྡོག་ལ་སོགས་པའོ། །དེ་ལྟར་དགའ་བ་བཞི་ལ་རིམ་གྱིས་བྱ་བ་རྣམ་པ་སྣ་ཚོགས་འབྱུང་བ་དང་བདེ་བ་རྣམ་པར་སྨིན་པ་དང་ཡིད་ཁོ་ནས་རོ་མྱང་བས་རྣམ་པར་ཉེད་པ་རང་རྟོག་པའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་བཞི་འབྱུང་བས། སྣ་ཚོགས་དང་ནི་རྣམ་སྨིན་དང་། །རྣམ་ཉེད་དེ་བཞིན་མཚན་ཉིད་བྲལ། །ཅེས་གསུངས་ལ། མས་བརྟན་གྱི་ཚེ་འབྲས་བུ་བཞིར་བརྗོད་དེ། ཨེ་ཝྃ་རྣམ་པར་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལ། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བདེ་བའི་འཁོར་ལོ་དྲི་མེད་ཉིད། །རྒྱུ་མཐུན་སོགས་པས་རབ་ཕྱེ་བའི། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ཅེས་གསུངས་སོ། །དེས་ན་དགའ་བྲལ་ལ་ཉམས་པ་དང་མ་ཉམས་པའི་སྒོ་ནས་བཞག་པ་གཉིས་སུ་འགྱུར་བས་སྔ་མ་ནི། འདོད་ཆགས་ལས་ནི་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ཀྱང་ཞེ་སྡང་སྐྱེ། །ཞེས་པ་ལྟ་བུ་སྤྱིའི་ངེས་པ་དང་ཕྱི་མ་ལ་ཁྱད་པར་གྱི་དགའ་བའམ་དགའ་བྲལ་གྱི་དགའ་བར་འཆད་ཅིང་། རིན་ཆེན་རྒྱན་འདྲར། དང་པོ་དགའ་བ། གཉིས་པ་མཆོག་དགའ། གསུམ་པ་ཐིག་ལེ་ནོར་བུའི་རྩེར་བཟུང་བ་ལྷན་ཅིག་སྐྱེས་དགའ། དེ་ལ་ནཱ་རོ་པ་དོན་གྱི་ལྷན་སྐྱེས་སུ་བཞེད། མཻ་ཏྲི་པ་དཔེའི་ལྷན་སྐྱེས་སུ་བཞེད། བླ་མ་ལྷོ་པའི་ཞལ་ནས་དབང་པོ་རབ་ཀྱིས་དོན་གྱི་ལྷན་སྐྱེས་སུ་གོ །འབྲིང་གིས་དཔེའི་ལྷན་སྐྱེས་སུ་གོ །མཐའ་མས་དཔེ་དོན་གང་དུ་ཡང་མ་ཟིན་གསུང་། ཞེས་གསུངས་སོ། །དབང་པོའི་རིམ་པ་དེ་ལ་དགོངས་ནས་ནཱ་རོ་པས་དབང་བཞི་པའི་དོན་ལྷན་ཅིག་སྐྱེས་དགའ་དང་མཻ་ཏྲི་པས་དགའ་བྲལ་གྱི་དགའ་བ་ལ་མཛད་པར་གྲགས་ཤིང་དུས་ཀྱི་འཁོར་ལོར་ནི་ལྷན་སྐྱེས་ཉིད་ལ་གཉིས་སུ་ཕྱེ་ནས་ཞུ་བདེ་ལྷན་སྐྱེས་འཇིག་རྟེན་པའི་བཞི་པ་དབང་དུས་ཉིད་དུ་དཔེའི་ཚུལ་མངོན་སུམ་དུ་རིག་ནུས་ལ། རང་བཞིན་ལྷན་སྐྱེས་འཇིག་རྟེན་ལས་འདས་པའི་བཞི་པ་ནི་དབང་དུས་སུ་ཚིག་ཙམ་གྱིས་མཚོན་ནས་ཕྱིས་རྫོགས་པའི་རིམ་པ་བསྒོམས་པའི་སྟོབས་ཀྱིས་མངོན་དུ་བྱེད་པར་གསུངས། མདོར་ན་དབང་བཞི་པའི་དོན་ནི་འབྲས་བུ་ཕྱག་ཆེན་ཡིན་ལ་དེ་ཉིད་དཔེ་དང་དོན་གྱི་ཆ་ཤས་ནས་རྟོགས་པར་བྱེད་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཆིངས་སོ། །བཞི་པ་ཐ་མལ་གྱི་གནས་སྐབས་བཤད་པ་ལ། ངོ་བོ་བཤད་པ། རྣམ་དག་བཤད་པ། སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་ནི། ཐ་མལ་དུས་ཀྱི་ཤེས་པ་ནི། །ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། །མིག་སོགས་རྣམ་ཤེས་དྲུག་པོ་རྣམས། །དབང་པོ་དྲུག་དང་འབྲེལ་བྱས་ཏེ། །གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་། །བདེ་དྲུག་བཏང་སྙོམས་ཚོར་བ་གསུམ། །ཆགས་དང་ཞེ་སྡང་གཏི་མུག་བསྐྱེད། །དེ་མ་ཐག་པའི་ཡིད་ཀྱིས་ཁྱེར། །ཀུན་གཞིའི་སྟེང་བཞག་ཡང་འདུ་བྱེད། །ཅེས་དབང་ཤེས་རྣམས་ཡུལ་ལ་ཆེས་ཆེར་སད་པ་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་རྟོག་པ་སྐད་ཅིག་ཀྱང་མི་སྡོད་པར་དགེ་མི་དགེ་ལུང་མ་བསྟན་གྱི་ལས་འདུ་བྱེད་པའི་གནས་སྐབས་ཏེ་རྣམ་ཤེས་རྐྱེན་བཞི་ལས་སྐྱེ་ཚུལ་ལེའུ་དང་པོར་བཤད་པ་ལྟར་རོ། །གཉིས་པ་ནི། འདི་ཉིད་དག་པ་ཡེ་ཤེས་གསུམ། །ཡིད་ནི་མིག་གཡོ་མཉམ་ཉིད་དེ། །ཀུན་རྟོག་དག་པ་སོ་སོར་རྟོག །སྒོ་ལྔའི་ཡུལ་རྣམས་བྱ་བ་སྒྲུབ། །ཅེས་ཉོན་ཡིད་དག་པ་མཉམ་པ་ཉིད། དྲུག་ཡིད་དག་པ་སོ་སོར་རྟོག་པ། སྒོ་ལྔའི་ཤེས་པ་དག་པ་བྱ་སྒྲུབ་ཡེ་ཤེས་ཏེ།གསུམ་དང་། ཀུན་གཞི་དག་བ་མེ་ལོང་། དེ་བཞིའི་རང་བཞིན་ཆོས་དབྱིངས་ཡེ་ཤེས་ཏེ་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་ནི་དེ་ལྔས་བསྡུས་པའོ། །གསུམ་པ་ནི། སྒྲིབ་པ་མཐོང་སྤང་སྒོམ་སྤང་སྟེ། །གཉེན་པོ་མོས་དང་བདག་མེད་དང་། །ཏིང་འཛིན་སྙིང་རྗེ་རྣམ་པ་བཞི། །དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཡིད་དང་རྨི་ལམ་གཅིག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། །དེ་ཕྱིར་ཆོས་ཀྱི་ཕྱག་རྒྱ་བཅིང་། །ཞེས་སྤང་བྱ་སྒྲིབ་པ་ལ་དབྱེ་ན་བདག་མེད་མངོན་སུམ་དུ་མཐོང་བའི་མོད་ལ་སྤང་བ་དང་མཐོང་ཟིན་གོམས་པར་བསྒོམས་པའི་སྟོབས་ཀྱིས་སྤང་བྱར་འཇོག་པ་གཉིས་དང་། གཉེན་པོ་ཆོས་ལ། མོས་པ་སོགས་བཞི་དང་། གནས་སྐབས་བཞིའི་འཁྲུལ་པ་དག་པའི་འབྲས་བུ་གཉིད་འཐུག་ཆོས་སྐུ། རྨི་ལམ་ལོངས་སྐུ། སད་པ་སྤྲུལ་སྐུ། སྙོམས་འཇུག་ཡེ་ཤེས་ཀྱི་སྐུ་ཡིན་ལ། སངས་རྒྱས་ནི་གཞན་དོན་དུ་སངས་རྒྱས་པ་ཡིན་པས་སྐུའི་གཙོ་བོ་སྤྲུལ་པའི་སྐུས་འགྲོ་དོན་མཛད་དོ། །ཆོས་ཀྱི་ཕྱག་རྒྱ་ནི། དཔའ་བོ་རྡོ་རྗེས། གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བ། དེ་ལ་རྟོག་པ་ནི་མཆོག་དགའ། ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པ་ལྷན་ཅིག་སྐྱེས་པ་བསྒོམ་སྟེ། གང་གང་ལ་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་དག་གམ། །ཞེས་པ་ནས། གནས་པ་ཡིད་ཀྱི་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་སྒོམ་པའི་མཆོག །ཅེས་བཤད་པ་ལྟར་རོ། །གསུམ་པ་མཇུག་བསྡུ་བ་ནི། །གནས་སྐབས་བཞི་དང་འཁྲུལ་པ་དང་། །མ་འཁྲུལ་ཡེ་ཤེས་ལམ་རིམ་དང་། །ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། །འབྲེལ་བའི་རྟེན་དང་བརྟེན་པ་ཡིན། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་སྟེ་དྲུག་པའི་འགྲེལ་པའོ།། །།དེ་ནས་ཕྱི་ནང་གཅིག་ཏུ་སྦྱོར་བའི་ཕྱིར་ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚང་བའི་ཚུལ་བཤད་པ་ལ། བསྟན། བཤད། བསྡུ་གསུམ། དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཕྱི་རོལ་ཇི་བཞིན་གནས་པ་ནི། །ཁམས་གསུམ་ནང་གི་བདག་ཉིད་དེ། །ཞེས་ཐུན་མོང་གི་ཐེག་པར་ཡང་བདག་འབྲས་ཡུལ་དུ་སྣང་བ་ཞེས་ཕྱིའི་འཇིག་རྟེན་ནང་ལས་ཀྱི་མཐུ་ལས་སྣང་བར་བསྟན་པ་དང་། ཐེག་པ་ཆེན་པོར་ནི་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ལས་གཞན་དུ་མེད་པར་གསུངས་པས་ཕུག་ཁྲུ་ལྔ་པར་འཁོར་ལོས་བསྒྱུར་བ་དཔུང་དང་བཅས་པ་ཞུགས་ཀྱང་དོག་པའི་སྣང་བ་མེད་ཅིང་གཞན་ངག་ལ་ཕུག་ཁྲུ་ལྔ་པར་ཡང་སྣང་བ་ལྟར་འཇིག་རྟེན་གྱི་ཚད་དང་བཀོད་པ་དུས་འཁོར་དང་མངོན་པ་ནས་བཤད་པ་སོགས་མི་མཐུན་པ་ཇི་སྙེད་ཀྱང་མི་འགལ་ཞིང་། རྣལ་འབྱོར་བའི་ལུས་ལའང་འཇིག་རྟེན་གྱི་ཁམས་ཐམས་ཅད་གདགས་པར་ནུས་ཞེས་དང་། ཁྱད་པར་སྔགས་སུ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་སྲིད་པ་གསུམ་པོ་ཐམས་ཅད་དག་པ་རྡོ་རྗེ་གསུམ་གཅིག་ཏུ་སྦྱོར་བ་ནི་དག་སྦྱོར་ཞེས་བྱ་ལ། དེའི་ཚེ་ཕྱི་རོལ་ཏུ་རི་གླིང་ཆུ་བོ་དཀྱིལ་འཁོར་ནི་སྐུ་རྡོ་རྗེ། དབུགས་ནས་ལོ་བསྐལ་པའི་བར་དུ་དུས་སྦྱོར་བཅུ་གཉིས་སམ་དུས་བཞིའི་དབྱེ་བས་ཡང་ཡང་འཁོར་བའི་དུས་ཀྱི་མཚན་ཉིད་ཅན་ནི་གསུང་རྡོ་རྗེ། གཟའ་སྐར་འཇའ་ཚོན་གློག་དངས་མའི་རླུང་དང་ནམ་མཁའ་རྣམས་ནི་ཐུགས་རྡོ་རྗེ། ཡང་ན་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་མམ་ཁམས་གསུམ་པོ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མོ། །དེ་དག་ནང་གི་རྡོ་རྗེ་གསུམ་སོ་སོ་དང་རེ་རེ་གང་ལའང་ཚང་བར་འཇོག་པས་དང་པོ་སྐུའི་དབང་དུ་བྱས་ཏེ་ལུས་ཁྲུ་བཞི་དང་འཇིག་རྟེན་གྱི་ཁམས་རླུང་དཀྱིལ་གྱི་འོག་ནས་སྲིད་པའི་རྩེ་མོའི་བར་དཔག་ཚད་འབུམ་ཕྲག་བཞི་ལྟ་བུ་ཚད་ཀྱི་སྒོ་ནས་སྦྱར་བ་དང་གཞུང་དུ་འབྱུང་བ་ལྟར་དངོས་པོ་མཚུངས་པ་ཉིད་ཀྱིས་འཇོག་པའོ། །གསུང་གི་སྒོ་ནས་ནང་གི་དབྱངས་མཐའ་དག་ཕྱི་རོལ་གྱི་དངོས་པོ་རྣམས་ལ་བརྗོད་བྱར་འབྲེལ་བའམ་ཁམས་མཐུན་པས་དང་། དེ་བཞིན་རྟེན་ཁུ་རྡུལ་རླུང་གསུམ་དང་བརྟེན་པ་བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པར་གནས་པ་ནི་ནང་གི་ཐུགས་རྡོ་རྗེ་ཡིན་ལ་སེམས་དེའི་སྣང་བ་མ་ལུས་པའང་ཁམས་བདག་པོར་གྱུར་པའི་དབང་གིས་སྣང་བ་ཡིན་པས་ཕྱི་ནང་ཆོས་མཐུན་ཞིང་རྟེན་འབྲེལ་གྱི་འགྲོས་གཅིག་ཏུ་འབྱུང་བ་སོགས་ཤེས་དགོས་སོ། །གཉིས་པ་རྒྱས་བཤད་ལ་དོན་ཚན་དགུ་ལས་དང་པོ་གནས་གཞན་ནང་ལ་སྦྱར་བ་ནི། སྤྱི་བོ་ནས་ནི་སོར་བཞི་པོ། །གཟུགས་མེད་གནས་ཏེ་དེ་འོག་ཏུ། །སོར་ནི་བཅུ་དྲུག་གཟུགས་ཁམས་ཉིད། །དེ་འོག་འདོད་ལྷ་མིར་བཅས་པ། །ལྟེ་བ་ནས་ནི་རྐང་མཐིལ་བར། །ལྷ་མིན་ཀླུ་དང་ཡི་དགས་དང་། །དམྱལ་བ་བརྒྱད་ཀྱི་གནས་རིམ་གསུངས། །དེ་ལྟར་འབྱུང་བ་རིམ་བརྩེགས་ནང་ལ་སྦྱར་བ་ནི། རྐང་ལག་ཚིགས་གསུམ་རིམ་པ་ལྟར། །རླུང་མེ་ཆུ་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ས་སྟེ། ཞེས་དང་། རི་བོ་རྣམས་ནང་ལ་སྦྱར་བ་ནི། སྒལ་ཚིགས་ནི། རི་རབ་དེ་བཞིན་རི་བདུན་ནི། །བརླ་དང་རྗེ་ངར་དེ་འོག་རུས། །དཔུང་བ་ལག་ངར་ལག་པ་དང་། །སེན་མོའི་བར་དུ་རིམ་པ་ལྟར། །སྔོན་པོ་མནྡྷ་ར་མཚན་མོ། །ནོར་བུར་བྱེད་དང་བྲེ་བོ་དང་། །ཁ་བ་ཅན་དང་རྡོ་རྗེའི་རི། །གླིང་བདུན་གླིང་པོ་ནང་ལ་སྦྱར་བ་ནི། གླིང་དྲུག་ནང་ན་བད་ཀན་དང་། །རྒྱུ་མ་ཚིལ་སྙིང་མཆིན་པ་ཤ། །ཟླ་བ་དཀར་པོ་ཀུ་ཤ་དང་། །མིའམ་ཅི་དང་ཁྲུང་ཁྲུང་གླིང་། །དྲུག་པོའི་གླིང་རྣམ་རིམ་པ་སྟེ། །རྐང་ལག་དུམ་བུ་བཅུག་གཅིག་ནི། འཛམ་བུའི་གླིང་སོགས་གླིང་བྲན་བཅས། །འབྱུང་བ་ལྔ་ནང་ལ་སྦྱར་བ་ནི། སྲ་བ་བརླན་དང་དྲོད་དང་དབུགས། །ཁམས་བཞི་བུ་ག་ནམ་མཁའ་ཡིན། །རྒྱ་མཚོ་བདུན་ནང་ལ་སྦྱར་བ་ནི། ཁུ་བ་ཞག་དང་ཀླད་པ་དང་། བད་ཀན་འོ་མ་མཆིལ་མ་རྔུལ། །དྲི་ཆུ་ནང་གི་རྒྱ་མཚོ་བདུན། །སྦྲང་རྩི་མར་ཞོ་འོ་མ་ཆུ། །ཆང་དང་བ་ཚའི་རང་བཞིན་ནོ། །གཟའ་སྐར་སོགས་ནང་ལ་སྦྱར་བ་ནི། དབང་པོ་གཟའ་དགུའི་རང་བཞིན་ཏེ། །སོ་ནི་རྒྱུ་སྐར་རྩ་ཆུའོ། །རྒྱུ་མ་སྤྲིན་དང་ནང་གི་རླུང་། །སྙིང་གའི་སྒྲ་ནི་ཐོག་ཡིན་ཏེ། །ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས། །མེ་གསུམ་ནང་ལ་སྦྱར་བ་ནི། །སྙིང་ག་མགྲིན་པ་ལྟེ་བ་ན། །གློག་དང་ཉི་དྲོད་སྲེག་བྱེད་མེ། འགྲེལ་ཆེན་དུ། འདིར་ལུས་ལ་ལྷའི་མེ་དང་ཁྱིམ་བདག་གི་མེ་དང་བསྲེག་བྱ་ཟ་བའི་མེའོ། །ཞེས་གསུངས་ལ། སྙིང་གའི་མེས་ཞེ་སྡང་བསྐྱེད། མགྲིན་པའི་མེས་ཟས་སྐོམ་གྱི་བྱ་བ་བྱེད། ལྟེ་བའི་མེས་ཟས་བསྲེག་བཞུ་བྱེད་དོ། །སྐྱེ་གནས་དང་དུས་སྦྱོར་སོགས་ནང་ལ་སྦྱར་བ་ནི། གཞན་ཡང་པགས་པ་དྲོད་དང་སྤུ། །མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི། །ཆར་ནི་ལྕེ་ཆུང་བདུད་རྩི་སྟེ། །ཐུན་ནས་སྐད་ཅིག་བར་གྱི་ནི། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། །རྩ་རླུང་ཐིག་ལེ་སེམས་བཅས་སོ། །སྲོག་རླུང་དཀར་དམར་སྦྱོར་བ་ནི། །ཟླ་ཉི་འཛིན་པར་སྣང་བ་དང་། །དེ་སོགས་རྣམ་བཤད་དུ་མ་རྣམས། །ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །སྦྱོར་ཕྱིར་དཔག་ཏུ་མེད་པ་གསུངས། །ཞེས་ཕྱི་ནང་གི་སྒོ་ང་དང་མངལ་དང་དྲོད་གཤེར་དང་རྫུས་སྐྱེས་བཞི་རླུང་མེ་ཆུ་དང་ནམ་མཁའི་ཁམས་སུ་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་རྟེན་འབྲེལ་རྟོགས་པ་ན། །ཐབས་དང་ཤེས་རབ་སྦྱོར་ཤེས་པས། །སྣ་ཚོགས་ཡོན་ཏན་འགྱུར་ཕྱིར་རོ། །འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའི་འགྲེལ་པའོ།། །།དེ་ནས་ལེའུ་བརྒྱད་པ་དང་དགུ་པས་གཞན་ལམ་དང་འབྲས་བུའི་ཆོས་ནང་གི་ལུས་སེམས་ལ་ཚང་བར་སྟོན་པ་ལས་ཐོག་མར་ཀུན་རྟོག་གིས་བརྟགས་པའི་བསྐྱེད་རིམ་གྱི་གདགས་གཞི་ཚང་བའི་ཚུལ་དང་བསྐྱེད་རིམ་ཉིད་སོགས་སྟོན་པ་ལ། བསྟན་བཤད། བསྡུ་གསུམ། །དང་པོ་ནི། དེ་ནས་སེམས་ཅན་ཀུན་རྟོག་ལ། །ཀུན་བརྟགས་ལྷ་རྣམས་སྒོམ་པའི་དོན། །སེམས་འཛིན་ཕྱི་ནང་དོན་ཤེས་དང་། །དབང་འབྱོར་གཞན་དོན་གཟུགས་སྟོན་ཕྱིར། །དཔའ་བོ་གཅིག་ནས་མཐའ་ཡས་བར། །གསུངས་པའི་ངེས་པ་འདི་ལྟ་སྟེ། ཞེས་ལས་དང་པོ་པ་རྣམས་ཞི་གནས་ལ་སེམས་འཛིན་པ་དང་། ལམ་དུ་ཕྱིའི་དཀྱིལ་འཁོར་དང་ནང་གི་དཀྱིལ་འཁོར་གྱི་ལྷའི་དོན་ཤེས་པ་དང་། འབྲས་དུས་སུ་སྣང་བ་ལ་དབང་འབྱོར་བས་གཞན་དོན་གཟུགས་སྐུ་སྟོན་པའི་ཕྱིར། ལྷ་དཔའ་བོ་གཅིག་པ་ནས་མཐའ་ཡས་པའི་བར་སྒོམ་པའི་ངེས་པ་ནི་འདི་ལྟ་སྟེ་ཞེས་མཚམས་སྦྱར་བའོ། །གཉིས་བ་རྒྱས་བཤད་ལ་བཞི་ལས། དང་པོ་ལྷའི་གྲངས་ཀྱི་ངེས་པ་ནི་དུས་ཀྱི་འཁོར་ལོར་རྩ་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བའི་རིམ་པ་གསུམ་པ་ལྟར། དབུ་མ་ཀུན་གཞི་ཡང་དག་དོན། །ཡེ་ཤེས་རླུང་དང་ཐིག་ལེ་ནི། །དཔའ་བོ་གཅིག་པ་ཧེ་རུ་ཀའོ། །སྐུ་གཉིས་ཐབས་དང་ཤེས་རབ་དང་། །སྟེང་འོག་དཀར་དམར་བདེན་གཉིས་དང་། །དེ་སོགས་ཡབ་ཡུམ་གཉིས་པའོ། །ལུས་ངག་ཡིད་དང་ཐིག་ལེ་རྩ། །སྟེང་འོག་བར་གསུམ་ཡི་གེ་གསུམ། །རླུང་གསུམ་སོགས་ཕྱིར་ལྷ་གསུམ་སྟེ། །ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། ཡེ་ཤེས་ལྔ་དང་ཕུང་པོ་ལྔ། །འཁོར་ལོ་རླུང་དང་ཁྱབ་བྱེད་བཅས། །ལྷ་ལྔ་བསྟན་ཏེ་དུ་མར་གསུངས། །ནམ་མཁའ་ཡེ་ཤེས་རྣམ་ཤེས་དྲུག །ལྷ་དྲུག་ཉོན་ཡིད་དང་བཅས་བདུན། །ཚོགས་བརྒྱད་སོགས་ཕྱི་བརྒྱད་པ་དང་། །སྙིང་གའི་རྩ་རླུང་ས་བཅུ་སྟོབས། །དེ་སོགས་དགུ་དང་བཅུ་པ་དང་། །ཕུང་པོ་ཁམས་བཅུ་དབང་པོ་ཡུལ། །དྲུག་དྲུག་དེ་བཞིན་ལས་བྱེད་པ། །དབང་དྲུག་དང་བཅས་དཀྱིལ་འཁོར་ནི། །ལྷ་ལྔ་དགུ་དང་བཅུ་གསུམ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་པ། །སོ་བདུན་རིགས་བརྒྱ་དུ་མའི་བར། རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས། །རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། །ཞལ་དང་ཕྱག་མཚན་དེ་དང་མཚུངས། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། རྐང་མཐིལ་རྩོམ་བྱེད་རླུང་ཡིན་པ་ནས་གསུམ་མདོ་ས་ཡིན་པའི་བར་དང་། སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ་དང་། ལུས་འདོམ་གང་གྲུ་བཞིར་མཉམ་པ་དང་། །གཡས་གཡོན་མདུན་རྒྱབ་ཟུར་བཞི་དང་། སྟེང་འོག་གི་བུ་ག་སྒོ་བཞི་དང་། སྣ་རྩེ་བཞི་རྟ་བབས་ཡིན་པ་སོགས་ཏེ། ལུས་ལ་དཀྱིལ་འཁོར་བཤད་བ་ནི། ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་དང་བཅས་པ་བསྡུས་པ་ནི། །ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། །གསུམ་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་བཤད་པ་ནི། ཕན་ཚུན་ཐབས་དང་ཤེས་རབ་དང་། །གཡས་གཡོན་ལུས་སེམས་དཀར་དམར་དང་། རྟེན་དང་བརྟེན་པ་མ་ལུས་པ། །ཐབས་དང་ཤེས་རབ་རང་བཞིན་གསུངས། །དེ་ལྟའི་ཐབས་ཤེས་སུ་བཞག་པ་ལྔ་པོ་དེ་དག་ལུས་བསམ་གྱི་སྒོ་ནས་གོ་ལྡོག་པ་ལྔ་དང་བཅུར་འགྱུར་ལ། ཕ་མའི་རྒྱུད་ཀྱི་ཁྱད་པར་བཤད་པ་ནི། ཤེས་རབ་གཙོར་བསྟན་ཤེས་རབ་རྒྱུད། །ཐབས་གཙོར་བསྟན་པ་ཕ་རྒྱུད་དེ། །ཀུན་ཀྱང་གཉིས་མེད་རང་བཞིན་ཡིན། །ཞེས་བརྗོད་བྱ་ཐབས་ཤེས་གཙོ་ཆེ་ཆུང་ཙམ་མ་གཏོགས་གཉིས་ག་ཟུང་འཇུག་མ་བསྟན་ན་རྣལ་འབྱོར་གྱི་སྒྲ་མི་འཇུག་སྟེ། །རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་བུ་དག་གིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་གསངས་བ་འདུས་པའི་རྒྱུད་ལས་གསུངས་པ་ལྟར་རོ། །གཞན་ཡང་ཡན་ལག་གི་སྒོ་ནས་ཐབས་ཤེས་ཀྱི་འཇོག་ཚུལ་ནི། མིག་ནི་ཐབས་ཏེ་གཟུགས་ཤེས་རབ། །གཟུགས་ནི་ཐབས་གྱུར་མིག་ཤེས་རབ། །རོ་མ་ཐབས་ཏེ་རླུང་ཤེས་རབ། །རྐྱང་མ་ཤེས་རབ་རླུང་ནི་ཐབས། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི། །ཤེས་རབ་དེ་བཞིན་བཟློག་པའང་ཡིན། །དེ་སོགས་དཔག་མེད་ཤེས་པར་བྱ། །ཁ་དོག་ཡོན་ཏན་རིམ་པ་རྣམས། །རླུང་དུ་ཇི་སྐད་བསྟན་བཞིན་གསུངས། །བཞི་པ་བསྐྱེད་རྫོགས་ཀྱི་ངེས་པ་ནི། དབྱིབས་སྐུ་རླུང་དང་བརྗོད་པ་སྔགས། །ཡིད་ནི་ཐིག་ལེ་རྫོགས་རིམ་བརྗོད། །སྐྱེ་བ་བསྐྱེད་རིམ་བསྟན་པ་སྟེ། །འཆི་བ་རྫོགས་རིམ་ཉིད་ཡིན་ནོ། །ཀུན་བརྟགས་བསྐྱེད་རིམ་ཤེས་བྱ་སྟེ། །གཞན་དབང་འབྲེལ་པ་རྫོགས་རིམ་བཤད། །ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ། །དོན་དམ་བདེན་པ་རྫོགས་རིམ་བཤད། བདེན་གཉིས་ཐབས་རྣམས་བསྐྱེད་རིམ་སྟེ། །དབྱེར་མེད་ཤེས་རབ་རྫོགས་རིམ་གསུངས། །གསུམ་པ་མཇུག་བསྡུ་བ་ནི། དེ་ལ་སོགས་པ་ཐམས་ཅད་ཀྱང་། །ཕྱི་དང་ནང་དང་གཞན་གྱི་རིམ། །ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི། །རྩ་བ་མདོར་བསྡུས་བརྗོད་པ་ཡིན། །ཇི་ལྟར་ཨེ་ཝྃ་བཤད་པ་བཞིན། །ཤེས་བྱ་འཛིན་མེད་དང་དུ་སྦྱང་། །ཞེས་པས་མདོར་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཨེ་ཝྃ་གཉིས་སུ་བསྡུས་པ་བཞིན་ཟུང་འཇུག་གི་ཡེ་ཤེས་གཅིག་ཏུ་འདུ་ལ། ཡེ་ཤེས་དེ་ཡང་སྤྲོས་བྲལ་ཡིན་པས་འཛིན་མེད་ལྷུག་པའི་ངང་དུ་སྦྱང་བར་བྱའོ། །ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་ཀུན་བརྟགས་ཀྱི་ལྷ་འབྱུང་བའི་ཚུལ་བསྟན་པ་སྟེ་བརྒྱད་པའི་འགྲེལ་པའོ།། །།དགུ་པ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་ལ། བསྟན། བཤད། བསྡུ་གསུམ། དང་པོ་ནི། དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པ་འདིར་ནི་བསྟན་པར་བྱ། །ཞེས་གཞི་བདེན་གཉིས་ཟུང་འཇུག་ལ་ལམ་ཚོགས་གཉིས་ཟུང་འཇུག་ཏུ་བསགས་པས་འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་བོ། །དེ་ཡང་སྣང་ཚུལ་ཀུན་རྫོབ་ལྟར་ཐབས་བསོད་ནམས་བསགས་པས་ཤེས་རབ་ཀྱི་དབང་པོ་འཕེལ། །ཤེས་རབ་དེས་གནས་ཚུལ་དོན་དམ་དང་མཐུན་པར་ཡེ་ཤེས་ཀྱི་ཚོགས་ལ་མཉམ་པར་བཞག་པས་སྒོམ་བྱུང་གི་ཤེས་རབ་སྐྱེ་ཞིང་བསོད་ནམས་ཀྱང་ལྷག་པར་སྤེལ་ནུས་ཏེ། དཔེར་ན། རྨི་ལམ་དུ་རྨི་ལམ་རང་བཞིན་མེད་པར་ཤེས་པས་སྤྲུལ་བསྒྱུར་ནུས་པ་ལྟ་བུའོ། །གཉིས་པ་རྒྱས་བཤད་ལ། ཡང་དག་པའི་བདེན་གཉིས་བཤད་པ། དེའི་ཚུལ་མ་རྟོགས་པའི་ལོག་རྟོག་སྤོང་བ། རྡོ་རྗེ་ཐེག་པའི་སྤང་གཉེན་གྱི་རྩ་བ་བཤད་པ། བྱེ་བྲག་ཏུ་བླ་མེད་རྒྱུད་ཀྱི་སྤང་གཉེན་བཤད་པ། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའོ། །དང་པོ་ནི། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །ཞེས་སེམས་ཅན་གྱི་ཁམས་སམ་རང་བཞིན་ལས་གཞན་དུ་སངས་རྒྱས་མེད་ལ་འདི་ནི་སངས་རྒྱས་ཀྱི་སྙིང་པོ་རང་ངོ་ལ་དྲི་མ་མེད་ཅིང་སྣང་བ་དང་སྟོང་པ་བདེན་གཉིས་དབྱེར་མེད་དུ་ལྡན་པ་གློ་བུར་གྱི་དྲི་མ་སྦྱང་བའི་གཞིའོ། །བདེན་པ་གཉིས་ངོས་བཟུང་བ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་རུ། །ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །བདེན་པ་ཆུ་ཟླ་ལྟ་བུའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །ཅེས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་པ་ལྟར་ཀུན་རྫོབ་ནི་གཟུང་འཛིན་གྱི་སྣང་བ་མཐའ་དག་སྟེ། དེ་ལ་བདེན་པར་འཇོག་པ་ནི་རྒྱུ་རྐྱེན་ཚོགས་ན་སྣང་བ་ཆུའི་ཟླ་བ་ལྟ་བུའི་ཆ་ནས་སོ། །དོན་དམ་ནི་སྣང་བ་མཐའ་དག་རང་རང་གི་ངོ་བོས་སྟོང་པ་ཡིན་ལ་བདེན་པར་འཇོག་པ་ནི་གཟུང་འཛིན་གཉིས་མེད་རང་རིག་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་སོ། །སྟོང་ཉིད་དེ་ཡང་ཆོས་ཅན་གྱི་སྒོ་ནས་རྣམ་གྲངས་བཅོ་བརྒྱད་དུ་བསྡུས་ཏེ། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་། །ཞེས་སོགས་སོ། །ཟུང་འཇུག་གི་དོན་ནི། བདེན་པ་གཉིས་ཀྱང་ཕན་ཚུན་བལྟོས་པའི་བརྟགས་བཞག་ཙམ་ལས་རང་བཞིན་མ་གྲུབ་པས་ཆུ་ཟླ་ལ་སྣང་སྟོང་གཉིས་མི་འགལ་བ་ལྟར་བརྗོད་ཀྱང་གཅིག་ཐ་དད་ནི་གང་དུའང་མི་བརྗོད་དེ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ཀྱང་བདེན་གཉིས་མཚན་ཉིད་གཅིག་ན་གཟུགས་མཐོང་བས་ཀྱང་དོན་དམ་མཐོང་ཞིང་དེ་ལྟ་ན་འབད་མེད་དུ་གྲོལ་བར་འགྱུར་བ་སོགས་སྐྱོན་བཞི་དང་། ཐ་དད་ན་དོན་དམ་མཐོང་བས་ཀུན་རྫོབ་ལ་མངོན་ཞེན་མི་བཟློག་ཅིང་དེ་ལྟ་ན་མྱང་ངན་ལས་འདའ་མི་ནུས་པ་སོགས་སྐྱོན་བཞི་བསྟན་ནས་དུང་དང་དུང་གི་དཀར་པོ་ལྟར་མངོན་སུམ་གྱི་ཡུལ་རྫས་སུ་ཐ་དད་མ་ཡིན་ལ། དཀར་པོ་ངེས་ཀྱང་དུང་དུ་མ་ངེས་པ་འབྱུང་བ་ལྟར་རྟོག་པའི་ཡུལ་གོ་བྱར་གཅིག་མ་ཡིན་པར་གསུངས་ཤིང་ཚུལ་གཞན་ཡང་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་དགོས་པས་རང་བཞིན་སྐྱེ་བ་མེད་པའི་སྟོང་ཉིད་དང་། རང་བཞིན་བདེན་པར་ཡོད་ན་འགྱུར་དུ་མི་རུང་བ་ལ་རྒྱུ་རྐྱེན་རྟེན་འབྲེལ་ལས་ཅིར་ཡང་འཆར་བ་ཟུང་འཇུག་སྟེ། འཕགས་པ་ཀླུས། བརྟེན་ནས་སྐྱེས་པ་མ་སྐྱེས་པར། དེ་ཉིད་མཁྱེན་པ་མཆོག་གིས་གསུངས། ཞེས་དང་། གང་དག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་རོ་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟའི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་སྔགས་བདེ་ཆེན་གྱི་རང་བཞིན་རྣམ་དག་ནི་རྡོ་རྗེ་ཐེག་པའི་སྦྱང་གཞིའོ། །སྦྱོང་བྱེད་ནི། དེ་རྟོག་བྱེད་པའི་རྟོག་པས་བསྐྱེད། །གཉེན་པོ་སྦྱོང་བྱེད་ཡིན་པར་བཤད། །སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། །ཞེས་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་ལ་བརྟེན་ནས་སྐྱེས་པའི་དོན་དམ་རྟོགས་པའི་ཤེས་རབ་དེ་ཡིན་པས་བདེན་གཉིས་ཐབས་དང་ཐབས་བྱུང་དུ་འབྲེལ་བ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་རོ། །གཉིས་པ་དེའི་ཚུལ་མ་རྟོགས་པའི་ལོག་རྟོག་སྤོང་བ་ནི། ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །རྣམ་རྟོག་གིས་བྱས་ཤེས་བྱ་ཡིན། རྒྱུ་རྐྱེན་ལྡན་དང་མེད་འཛིན་སོགས། སྣ་ཚོགས་ལྟ་བ་ལུས་སེམས་ཀྱི། གཟུང་འཛིན་ལ་བརྟེན་འབྱུང་བར་གསུངས། །ཞེས་ཕྱི་རོལ་པ་ལ་དབྱེ་སྒོ་མང་ཡང་ཐམས་ཅད་ལུས་སེམས་ལ་བརྟེན་པའི་འཁྲུལ་པས་བདག་ཏུ་སྨྲ་བར་མཚུངས་ཤིང་། རྒྱང་འཕེན་པས་ཤི་ནས་བདག་ཆད་པས་ཚེ་ཕྱི་མ་མི་འདོད་པར་ཚེ་འདིའི་གྲགས་པ་དང་ལོངས་སྤྱོད་ལ་ཆགས་ནས་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་མང་དུ་བྱེད། གཞན་རྣམས་ཚེ་ཕྱི་མ་དང་ཐར་པ་ཁས་ལེན་ཡང་ཐར་པའི་གོ་འཕང་ནོར་བས་སྤང་དགོས་སོ། །ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཀུན་གཞི་ཡིད་བཅས་ཡུལ་སྣང་གི། ནུས་པ་མ་རྟོགས་དབང་གིས་ཏེ། །འོན་ཀྱང་བདག་སོགས་བྱེད་པ་པོ། །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད། །བདག་དང་གང་ཟག་བཏགས་པར་བརྗོད། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཡོད་ན་འབད་མེད་ཐར་པའམ། །ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། །དེ་སོགས་སེམས་ལ་སྣང་བ་ཡི། །སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། །ཞེས་རང་སྡེའི་ཉན་ཐོས་གནས་མ་བུ་པས་ཀྱང་གང་ཟག་གི་བདག་ཁས་ལེན་ཅིང་། གཞན་བྱེ་སྨྲ་དང་མདོ་སྡེ་པས་ཕྱི་དོན་རྡུལ་ཕྲན་བདེན་པར་འདོད་པ་དང་། སེམས་ཙམ་པས་ཤེས་པ་བདེན་པར་འདོད་པའི་ཆོས་ཀྱི་བདག་འཛིན་རྣམས་དབུ་མ་པས་རིགས་པ་དུ་མས་བཀག་གོ །དེ་ལྟར་སྤང་གཉེན་གྱི་ཆོས་ནད་ཀྱི་གཉེན་པོའི་སྨན་ལྟར་སྣ་ཚོགས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་གང་འགྲོ་ནས་ཉམས་སུ་བླང་བར་བྱའོ། །གསུམ་པ་རྡོ་རྗེ་ཐེག་པའི་སྤང་གཉེན་གྱི་རྩ་བ་བཤད་པ་ནི། འདིར་ནི་ཡུལ་སྣང་ལུས་འདི་ལ། རྩ་རླུང་ཐིག་ལེའི་ངེས་པ་ཡི། །སྤང་གཉེན་དེ་བཞིན་གཤེགས་པས་གསུངས། །ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། །བསྡོམས་ན་བྱེ་བ་བདུན་ཅུ་བདུན། །ས་ཡ་བདུན་དང་འབུམ་ཕྲག་དྲུག །ཡོད་པས་སྦྱང་གཞི་དེ་སྦྱོང་བའི། །ཆོས་སྒོ་དེ་དང་མཉམ་པ་ཡིན། །བརྒྱད་ཁྲི་བཞི་སྟོང་རགས་རིམ་གྲགས། །བཞི་པ་བྱེ་བྲག་ཏུ་བླ་མེད་རྒྱུད་ཀྱི་སྤང་གཉེན་བཤད་པ་ནི། དེ་ལ་ཡེ་ཤེས་རླུང་ཇི་སྙེད། །རྒྱུ་བ་མྱང་འདས་ལམ་ལྡན་པ། །གཉེན་པོའི་མཆོག་སྟེ་བླ་མེད་རྒྱུད། །དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་། །བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། །ལོ་གསུམ་ཞག་ནི་སྟོང་བརྒྱད་ཅུ། །ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ། །བགྲོད་པ་རིགས་དྲུག་རྒྱུད་དུ་བཤད། །ཟླ་བའི་དབྱེ་བའི་རིགས་རྣམས་ནི། །སུམ་ཅུ་སོ་དྲུག་རྒྱུད་དུ་བཤད། །གཡས་གཡོན་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་ཐབས་དང་ཤེས་རབ་རྒྱུད། །རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། །ཕྱག་གྲངས་དག་པར་གསུངས་པ་ཡིན། །རླུང་དེ་དག་ཀྱང་ངག་གི་བརྗོད་པ་ཨཱ་ལི་དང་ཀཱ་ལི་ཐབས་ཤེས་ཟུང་འཇུག་ཏུ་འཆར་བས་དེའི་སྒོནས་རྒྱས་བཤད་ནི། ཨ་སོགས་དབྱངས་ནི་སུམ་ཅུ་དྲུག །ཀ་སོགས་གསལ་བྱེད་དེ་དང་མཉམ། །རྗོད་བྱེད་ཡི་གེའི་གཙོ་བོར་གསུངས། །རེ་རེའང་རྒྱུད་ཕྲན་སུམ་ཅུ་སྟེ། །སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་པ་སྟེ། །ཐིག་ལེ་ཚེག་དྲག་གྲི་གུག་གི །དབྱེ་བས་ཐུང་རིང་ཤིན་ཏུ་རིང་། །གསལ་བྱེད་སུམ་ཅུ་དབྱངས་དྲུག་བསྒྱུར། །སུམ་བརྒྱ་དྲུག་ཅུ་རྩ་བའི་དབྱངས། །ཉིན་མཚན་དབྱངས་ཀྱང་དྲུག་ཅུ་སྟེ། །དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། ལོ་གཅིག་ཆུ་ཚོད་དབྱངས་མཐུན་ཕྱིར། །གསལ་བྱེད་དེ་དང་མཚུངས་པ་ཡིན། །ཞིབ་ཏུ་དབྱངས་འཆར་ནང་དུ་ལྟོས། །བླ་ན་མེད་པའི་རྒྱུད་ཀྱི་ཚོགས། །རྣམ་དབྱེ་བསྡུས་པར་བསྟན་པ་ཡིན། །ལྔ་པ་དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བ་ལ། ཡེ་ཤེས་ཀྱི་རླུང་ལ་སྦྱར་བ། རྩ་ཁམས་ལ་སྦྱར་བ་གཉིས། དང་པོ་ལ་དོན་ཚན་ལྔ་ཡོད་པས་ཐོག་མར་དུས་འཁོར་ཀྱི་ལྷ་གྲངས་ནི། ད་ནི་ཐབས་ཤེས་གཉིས་མེད་རྒྱུད། །དེ་དག་གཙོ་བོ་ཅུང་ཟད་བརྗོད། །ལོ་གསུམ་ཞག་ལ་བདུན་གྱིས་བགོས། །བརྒྱ་དང་ལྔ་བཅུ་རྩ་བཞི་སྟེ དུས་འཁོར་ཉུང་ངུའི་ལྷ་གྲངས་ཏེ། །ལྷག་གཉིས་ཐབས་ཤེས་བདག་ཉིད་གསུངས། །འཁོར་ལོ་སྡོམ་པ་ཆེ་ཆུང་གི་ལྷ་གྲངས་ནི། ཟླ་བ་ཆ་ནི་བཅོ་ལྔ་སྟེ། །དེས་ཕྱེ་བདུན་ཅུ་རྩ་གཉིས་ཏེ། །བདག་པོ་འཁྲིག་བཅས་རྣལ་འབྱོར་མའི། །ངེས་བརྗོད་རྒྱུད་ཀྱི་ལྷ་རུ་བཤད། །བསྡུས་ན་དཔའ་མོ་སུམ་ཅུ་བདུན། །ཐབས་ཅིག་དང་བཅས་ལུས་ལ་གནས། །སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་ནི། །ཟླ་ཕྱེད་གསུམ་གྱི་ཞག་དེ་དག །ཁྱད་པར་ཐབས་ཀྱི་རྒྱུད་ཡིན་པས། །དུས་སྦྱོར་རྒྱུ་བ་བཅུ་གཉིས་ཀྱི། །དབྱེ་བས་ལྔ་བརྒྱ་བཞི་བཅུ་ཡིན། །དེ་ལ་སྒྱུ་འཕྲུལ་དྲ་བ་ནི། །རྣམ་གསུམ་ཞེ་དགུའི་དཀྱིལ་འཁོར་དང་། །ཞེ་ལྔ་ཞེ་གསུམ་ཟུང་རྣམས་སོ། །ཉིས་བརྒྱ་བདུན་ཅུ་རྩ་བཞི་ཡིན། །གསང་བ་འདུས་པའི་ལྷ་གྲངས་ནི། །དཔལ་ལྡན་འདུས་པ་རྣམ་དྲུག་སྟེ། །དགུ་དང་བཅུ་གསུམ་བཅུ་དགུ་དང་། ཉེར་ལྔ་སོ་གཉིས་སོ་བཞི་སྟེ། །ཐབས་དང་ཤེས་རབ་དབྱེ་བ་ཡིས། །ཉིས་བརྒྱ་དྲུག་ཅུ་རྩ་བཞིའོ། །ཐབས་ཤེས་དང་བཅས་གྲངས་རྣམས་སོ། །རྒྱུད་གཞན་ལས་འབྱུང་བའི་ལྷ་གྲངས་ཐམས་ཅད་འདི་རྣམས་སུ་འདུས་པར་བསྟན་པ་ནི། །ཐོད་པ་རྡོ་རྗེ་བདུད་རྩི་དང་། །དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི། །སྡོམ་པའི་ནང་དུ་འདུས་བར་གསུངས། །གཤིན་རྗེའི་གཤེད་སོགས་གསང་བར་བསྡུ། །ངག་དབང་དུས་ཀྱི་འཁོར་ལོ་སོགས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །རྣལ་འབྱོར་རྒྱུད་ཀུན་ཀྱང་འདུས་ཏེ། །བྱ་སྤྱོད་དེ་ཡི་ཡན་ལག་ཡིན། །དེ་ནི་ཡེ་ཤེས་རླུང་བཤད་དོ། །གཉིས་པ་རྩ་ཁམས་ལ་སྦྱར་བ་ལ་བཞི་ལས། དང་པོ་ནི། རྩ་ཡང་དེ་བཞིན་གསུངས་པ་ནི། །སྙིང་ག་སྲོག་ནི་དུས་འཁོར་ལོ། །རོ་རྐྱང་ཞབས་ཀྱི་རང་བཞིན་ཏེ། །སྙིང་གར་སངས་རྒྱས་ལྷ་མོ་བརྒྱད། །ཡེ་ཤེས་སྣ་ཚོགས་ཡུམ་དུ་བརྗོད། །བུམ་པ་བཤང་གཅི་ཤ་དང་རྐང་། །ཁུ་ཁྲག་ཡིན་ཏེ་གཙུག་གཏོར་ནི། །ནོར་བུ་གཎྜྻི་ཤིང་དང་དུང་། །ཕུང་པོ་ཁམས་རྣམས་སངས་རྒྱས་ཡུམ། །མིག་སོགས་དྲུག་དང་ཡུལ་རྣམས་ནི། །བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །རྐང་སོགས་ལས་དབང་ཁྲོ་བོ་བཅུ། ལྟེ་བའི་རྩ་རྣམས་འཇིགས་མ་སོགས། །གསུང་གི་དཀྱིལ་འཁོར་རང་བཞིན་ཡིན། །ཚིགས་ཆེན་བཅུ་གཉིས་རྩའི་འཁོར་ལོ། །སྐུ་ཡི་དཀྱིལ་འཁོར་གནས་པ་ཡིན། །སོར་ཚིགས་ཀླུ་དང་གཏུམ་མོ་སྟེ། །བ་སྤུ་འབྱུང་པོའི་རང་བཞིན་ནོ། །འདོད་དང་མི་འདོད་རྟོག་པ་ཀུན། །མཆོད་པའི་ལྷ་མོ་དང་བཅས་པ། །རྩ་ཁམས་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་སྟོང་དང་བརྒྱད་ཅུའོ། །གཉིས་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ནི། །རྩ་གསུམ་བདུད་བྲལ་བཅས་པ་དང་། །སྙིང་གར་ཡུམ་བཞི་མཆོད་པ་བཞི། །རྩ་ཆེན་ཉེར་བཞི་རྣལ་འབྱོར་མ། །རབ་གཏུམ་སོགས་ཡིན་དེ་ནང་ཁམས། །ཐོད་པའི་དུམ་སོགས་དཔའ་བོར་གསུངས། །ཁྭ་གདོང་ལ་སོགས་ཁྲོ་བཅུར་མཚུངས། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །ལྷ་ནི་བདུན་ཅུ་གཉིས་རང་བཞིན། །འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ། །ལྷ་རུ་རྡོ་རྗེ་མཁའ་འགྲོར་གསུངས། གསུམ་པ་ནི། དཔལ་ལྡན་འདུས་པ་བཤད་བྱ་བ། །ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཁམས་བཞི་རེག་བཅས་ལྷ་མོ་ལྔ། །མིག་གཉིས་ས་ཡི་སྙིང་པོ་སྟེ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། །ལྕེ་ལ་བཞུགས་པ་འཇིག་རྟེན་དབང་། །ཡིད་ནི་འཇམ་དཔལ་ཁམས་རྣམས་ལ། །སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། །ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། །རྩ་རྒྱུས་བྱམས་པ་ཉིད་ཡིན་ནོ། །ཡན་ལག་ཚིགས་དང་ཁ་གསང་བ། །ཁྲོ་བོ་བཅུ་ཡི་རང་བཞིན་ཏེ། །ལྟེ་བར་ལས་ཀྱི་རིགས་སྐྱེས་པ། །མཁྱེན་དང་གཏུམ་སོགས་ལྷ་མོ་ནི། །དྲུག་ཅུ་རྩ་བཞི་གསུངས་པ་ཡིན། །རྡོ་རྗེ་དབྱིངས་སོགས་སྙིང་གར་དགུ། །རྡོ་རྗེའི་རིགས་སུ་གསུངས་པ་སྟེ། །པདྨའི་སྒྲོན་མ་སོགས་བཅུ་དྲུག །མགྲིན་པར་པདྨའི་རང་བཞིན་ལ། །སྤྱི་བོར་རབ་ཏུ་སང་ལ་སོགས། །འཁོར་ལོའི་རིགས་ལྡན་སུམ་ཅུ་གཉིས། །རྒྱས་པར་རྡོ་རྗེ་འཕྲེང་བར་གསུངས། །བཞི་པ་ནི་དེ་སོགས་དཀྱིལ་འཁོར་དུ་མ་རྣམས། །རྐྱང་པ་ཕྱོགས་རེ་ཆ་ལྡན་པ། །གསུངས་པ་ཐམས་ཅད་འདིར་འདུས་ཏེ། །དཔེར་ན་དགྱེས་རྡོར་ལྷ་དགུ་ནི། །སྙིང་གའི་འཁོར་ལོ་རྐྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། །གསུམ་པ་མཇུག་བསྡུ་བ་ནི། །མདོར་ན་རྩ་ནི་སྐུ་ཡིན་ཏེ། །རླུང་ནི་སྔགས་དང་ཡི་གེའོ། །ཐིག་ལེ་ཕྲ་མོའི་རྫོགས་རིམ་མོ། །དེ་བཞིན་སྦྱིན་སྲེག་ལས་རྣམས་ཀུན། །ནང་གི་སྦྱང་གཞི་སྦྱོང་བྱེད་ཡིན། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ས་དང་ལམ་དང་གཟུངས། །ཏིང་འཛིན་རབ་འབྱམས་ལྷ་དང་སྔགས། །ལུས་སེམས་སྣང་བའི་དབྱེ་བ་ལ། །བརྟེན་ནས་ཐམས་ཅད་གཟིགས་པས་གསུངས། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་སྟེ་དགུ་པའི་འགྲེལ་པའོ།། །།དེ་ནས་སྦྱང་གཞི་བདེར་གཤེགས་སྙིང་པོ་བདེན་གཉིས་ཟུང་འཇུག་གདོད་མ་ནས་དག་པ་དེ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་མངོན་དུ་བྱས་པས་ལམ་དུ་འགྱུར་བའི་ཚུལ་གྱི་རིམ་པ་བཤད་པ་ལ། བསྟན། བཤད། བསྡུ་གསུམ། དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། །དེ་ཕྱིར་འདི་དོན་གནད་འཆིང་བ། །ལམ་རིམ་ཀུན་ལས་ཁྱད་པར་འཕགས། །ཞེས་དེ་ལྟར་རྩ་རླུང་ཐིག་ལེ་འདི་དག་གི་དོན་གྱི་གནད་འཆིང་བའི་ལམ་འདི་ལམ་རིམ་གཞན་ཀུན་ལས་ཁྱད་པར་འཕགས་ཏེ། དེ་གསུམ་སེམས་ལས་སྣང་བའི་སེམས་ཀྱི་རྫས་ཡིན་ལ་སེམས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་མེད་ཀྱང་སྣང་བ་རྩ་རླུང་ཐིག་ལེ་དག་མ་དག་གི་དབང་གིས་གཉིས་སུ་སྣང་བའི་ཕྱིར། །གཉིས་པ་རྒྱས་བཤད་ལ། ཐུན་མོང་གི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་གཉིས། དང་པོ་ལ་གསུམ་ལས། ཐེག་པ་དམན་པ་ཉན་ཐོས་ཀྱི་ལམ་ནི། །གང་ཟག་བདག་མེད་ཞི་བ་ཙམ། །མྱུར་བ་སྲིད་པ་ལན་གསུམ་སྟེ། །རྒྱུན་ཞུགས་འགོར་ནའང་ལན་བདུན་ཡིན། །དེ་ནི་རང་དོན་ཞི་བ་ཙམ། །གཉིས་པ་རང་རྒྱལ་གྱི་ལམ་ནི། །རང་རྒྱལ་བསྐལ་པ་ཉི་ཤུ་ནས། །བསེ་རུ་བསྐལ་པ་བརྒྱ་ཡིས་འགྲུབ། །དེ་དག་ནི་འབྲས་བུ་དམན་པས་རྒྱུ་ཚོགས་གསོག་ལ་ཆེས་འབད་མི་དགོས་པའོ། །གསུམ་པ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་ནི། །སེམས་ཅན་ཐམས་ཅད་ཕན་བྱེད་པ། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །འབྲས་བུ་རྫོགས་པའི་སངས་རྒྱས་ནི་འགྲུབ་བར་དཀའ་བས་དེའི་རྒྱུར་ཚོགས་གསོག་གཞལ་དུ་མེད་པ་དགོས་པར་བསྟན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ལ། །རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། བླ་མེད་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱི་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་ཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །བླ་ན་མེད་པ་ཚེ་གཅིག་གིས། །བརྩོན་ལྡན་ངེས་པར་འགྲུབ་པར་འགྱུར། །དེ་ཡང་ཐབས་བདེ་སྟོང་དབྱེར་མེད་ཀྱི་རྟོགས་པ་སྐྱེད་བྱེད་སྨིན་ལམ་དམ་ཚིག་སྡོམ་པ་དང་བཅས་པ། གྲོལ་ལམ་བོགས་འདོན་སྤྱོད་པ་དང་བཅས་པ་རྣམས་ཡིན་ལ། །དེ་དག་རྒྱུའི་ཐེག་པར་མིང་ཙམ་ཡང་མ་བསྟན་ཅིང་འདིར་ནི་ཐབས་དེ་དག་གི་བྱེད་ལས་ཀྱིས་ལམ་མྱུར་བ་དང་བདེ་བར་བགྲོད་ནས་འབྲས་བུ་ཡང་ཆས་མཆོག་ཏུ་གྱུར་པའི་རྡོ་རྗེ་འཆང་མངོན་དུ་བྱེད་དེ། དཔེར་ན་གསེར་ཙམ་དུ་རིགས་མཚུངས་ཀྱང་སྦྱང་བའི་ཁྱད་པར་གྱིས་མཆོག་དམན་སྣང་བ་ལྟར་མདོ་སྔགས་ཀྱི་འབྲས་བུའི་སངས་རྒྱས་ལའང་མཆོག་དམན་ཡོད་པར་ལུང་དང་རིགས་པ་དུ་མའི་སྒོ་ནས་རྒྱལ་བའི་དབང་པོས་བཀའ་བསྩལ་ཏོ། །གཉིས་པ་བླ་མེད་ཀྱི་ལམ་དངོས་ལ། །ཚོགས་ལམ། །སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལྔ་ལས། དང་པོ་ནི། བསོད་ནམས་ཀྱི་ཚོགས་གཙོ་བོར་གསོག་པའི་སྐབས་ཡིན་པས། དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་སྒྲུབ་ཚོགས་ལམ་སྟེ། ཞེས་མདོའི་ཚོགས་ལམ། ཆེན་པོར་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་ནོད་དུ་ཡོད་པ་ལྟར་འདིར་མོས་གུས་ཀྱི་ཤུགས་དྲག་པོས་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་དབང་ཐོབ་པ་དང་བསྐྱེད་རྫོགས་མོས་པ་ཡིད་བྱེད་ཀྱི་སྒོ་ནས་སྒྲུབ་པའི་སྐབས་སོ། །གཉིས་པ་ནི། འཕགས་ལམ་ལ་དངོས་སུ་སྦྱོར་བར་བྱེད་པའི་ལམ་སྟེ་རྩ་རླུང་ཐིག་ལེའི་གནད་ཤེས་ནས། ཀུན་བཟང་སྤྱོད་གནས་དྲོད་ཐོབ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །ཞེས་རྫོགས་རིམ་གྱི་ཉམས་མྱོང་དཔེའི་ཡེ་ཤེས་རྒྱུན་ཆད་མེད་པར་སྐྱོང་བ་ནི་ཀུན་ཏུ་བཟང་བོའི་སྤྱོད་པ་ཡིན་ཅིང་དེ་ལ་གནས་པས་དྲོད་ཐོབ་པ་ནི་སྦྱོར་ལམ་མོ། །དེ་ལ་ཡང་། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བས་འཚེ་བ་དང་། །ཞེས་དེ་རྣམས་ཟིལ་གྱིས་གནོན་ནུས་པ་དྲོད་ཆུང་ངུ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་དྲོད་འབྲིང་དང་། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་དྲོད་ཆེན་པོ་ཐོབ་པའི་ཚད་གསུམ་མོ། །དེ་དག་ནི་མདོའི་སྦྱོར་ལམ་དང་པོ་གསུམ་དང་མཚུངས་ལ། དྲོད་མ་ཐོབ་བར་ཤིན་ཏུ་གསང་བའི་ཚུལ་གྱིས་མ་བསྒྲུབས་ན་སྐྱོན་དུ་མ་འབྱུང་ཞིང་ཐོབ་ནས་ལམ་མྱུར་དུ་བགྲོད་པར་བྱ་བའི་བོགས་འདོན་དུ། དེ་ཚེ་བརཏལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །ཞེས་གསུངས་ལ། བརཏལ་ཞུགས་དེ་ལ་ཡང་སྤྲོས་བཅས་ཕྱིའི་རྐྱེན་དང་བསྲེ་བ་ཕྱག་རྒྱ་དང་པོ་གསུམ་ལ་བརྟེན་པ་དང་། སྤྲོས་མེད་ནང་གི་སྤྱོད་པ་ཕྱག་རྒྱ་ཆེན་མོ་ཁོ་ནར་བརྟེན་པ་གཉིས་ལས་རང་ཉིད་གང་ལ་མོས་པའི་སྤྱོད་པ་ལ་འཇུག་ཅིང་ཕྱག་རྒྱ་ཆེན་མོ་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བསྙེན་སྒྲུབ་ཡན་ལག་བཞི་ཡིན་པས། །འདི་ནི་སོ་སོར་སྡུད་པ་དང་། བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་འཐོབ་གསུངས། །སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སྐབས་འདི་ནི་སོར་སྡུད་རྣམ་པར་མི་རྟོག་པའི་ཏིང་འཛིན་བསྒོམས་པས་སྟོང་གཟུགས་སྣ་ཚོགས་འཆར་ཞིང་དེ་དག་ལ་ཡང་མི་རྟོག་པར་བསྐྱངས་པ་ན་གཡོ་མེད་བདེ་བའི་བསམ་གཏན་གྱི་དངོས་གཞི་ཤེས་རབ་སོགས་ཡན་ལག་བཞི་ལྡན་དང་ཟག་བཅས་ཀྱི་མངོན་ཤེས་ལྔ་འཆར་ལ་རྩ་དབུ་མ་སྦྱོང་བའི་ལམ་ཡིན་པས་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་པ་ཞེས་བྱའོ། །གསུམ་པ་ནི། དོན་དམ་ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བའི་ལམ་ཡིན་ལ་དེ་ཐོབ་ཚུལ་ནི། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔར་ཡང་དག་འཇུག །རླུང་གི་རྣལ་འབྱོར་ཞེས་བྱའོ། །ཞེས་རོ་རྐྱང་གི་རླུང་དབུ་མར་གཞུག་པའི་སྲོག་རྩོལ་དང་བྱང་ཆུབ་ཀྱི་སེམས་སྐ་སླ་མི་འཕོ་བའི་འཛིན་པ་གྲུབ་པའི་སྟོབས་ཀྱིས་རྡོ་རྗེ་སེམས་དཔའ་དོན་གྱི་ཡེ་ཤེས་སྐད་ཅིག་གིས་མངོན་དུ་བྱེད། འཕགས་ལམ་གྱི་ཐོག་མ་ས་དང་པོ་ཐོབ། དེའི་ཚེ་རགས་ལུས་ལས་གྲོལ་ནས་ཡེ་ཤེས་ཀྱི་སྐུ་འཇའ་ལུས་སུ་འགྱུར་ཞིང་འདི་སྐབས་གཙོ་བོར་རླུང་གི་རྣལ་འབྱོར་ཡིན་པས་གསུང་རྡོ་རྗེའི་ལམ་མོ། །གཞི་པ་ལ་དངོས་དང་། མཐོང་སྒོམ་གྱི་རླུང་འགག་པའི་ཚུལ་ལོ། །དང་པོ་ནི། མཐོང་ཟིན་གོམས་པར་བྱ་བའི་ཕྱིར་སྒོམ་པའི་ལམ་སྟེ། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱིས། །རྗེས་དྲན་ཡན་ལག་སྦྱང་བྱས་ནས། །ཏིང་འཛིན་ཡེ་ཤེས་སྦྱོར་བ་ནི། །ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། །གཞན་དོན་ཚོགས་ཀྱི་སྤྱོད་དང་བཅས། །ཞེས་སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་ཤིན་ཏུ་སྤྲོས་མེད་མཉམ་གཞག་རྣམ་པར་མི་རྟོག་པའི་སྤྱོད་པ་ལ་བརྟེན་ནས་གཏུམ་མོ་སྦར་བས་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་རྗེས་སུ་དྲན་པ་ཐུགས་རྡོ་རྗེའི་རྣལ་འབྱོར་དང་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཡིན་ལ། དེ་དག་ནི་བདུད་དང་ཐེག་པ་དམན་པའི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་འགྲུབ་ནས་གཞན་དོན་ཕུན་ཚོགས་ཚོགས་སྤྱོད་ཆེན་པོ་ལ་ཡང་འཇུག་པའོ། །སྦྱོར་བ་ཡན་ལག་དྲུག་དང་ས་ལམ་སྦྱང་ཚུལ་སེམས་འགྲེལ་ལས་དངོས་སུ་མ་གསུངས་ཀྱང་འདིར་འདས་མ་འདས་ཀྱི་ལམ་གཉིས་ཡན་ལག་དྲུག་ཚར་གཅིག་གིས་བགྲོད་པའི་ཚུལ་ལམ་རྐྱང་པའི་དབང་དུ་མཛད་དོ། །གཉིས་པ་མཐོང་སྒོམ་གྱི་རླུང་འགག་པའི་ཚུལ་ནི། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །རླུང་དང་རྟོག་པ་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། །གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། །གསང་བར་འགགས་པ་མཐོང་བའི་ལམ། །དེ་ཡིས་མ་རིག་སྐྱེ་ཤི་འགག །གསུམ་པར་དེ་ཉིད་དག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ག་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །ཅེས་རྒྱུད་འགྲེལ་དུ་འཁོར་ལོ་དྲུག་ལ་ས་གཉིས་གཉིས་སྦྱར་ཡང་འདིར་གསང་འཁོར་ཕྱིན་དུ་རླུང་དང་རྣམ་རྟོག་རགས་པ་སྟོང་བརྒྱད་བརྒྱ་ལྷན་ཅིག་འགགས་ཤིང་དག་པ་ཚོགས་སྦྱོར་མོས་སྤྱོད་ཀྱིས། དེ་ནས་འཁོར་ལོ་ལྔར་ཐིག་ལེ་དང་ལྷན་ཅིག་པའི་རླུང་དང་རྣམ་རྟོག་ཕྲ་བ་བརྒྱ་ཕྲག་བཅོ་བརྒྱད་པ་གཉིས་གཉིས་དག་པ་འཕགས་ལམ་ས་བཅུར་བཞག་པའོ། །ལྔ་པ་ནི། ལམ་གྱི་མཐར་ཐུག་པས་དེ་ལས་གཞན་དུ་བསླབ་པར་བྱ་བ་མེད་པ་སྟེ། དེ་ནས་གཙུག་ཏོར་རླུང་འགག་པས། །དེ་ཚེ་སངས་རྒྱས་འཐོབ་པར་གསུངས། །ཞེས་གཙུག་ཏོར་དུ་དུས་སྦྱོར་བཅུ་གཉིས་པའི་ཐིག་རླུང་སེམས་གསུམ་དག་པའི་དེ་མ་ཐག་ཏུ་སངས་རྒྱས་ཐོབ་ཅིང་། རྟེན་འབྲེལ་བཅུ་གཉིས་འགགས་པ་དང་། །མས་བརྟན་དགའ་བ་བཅུ་དྲུག་ཡིན། །སྟོང་དང་སྙིང་རྗེ་དབྱེར་མེད་གྲུབ། །ལོ་གསུམ་ཟླ་ཕྱེད་གསུམ་དག་པས། །ཡེ་ཤེས་སྐུ་ཉིད་འགྲུབ་པ་ཉིད། །ཅེས་ནང་དུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་དེ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་བཅིངས་པས་ཕྱི་རོལ་ཏུའང་ཉི་ཟླ་ལ་སོགས་པའི་འཕེལ་འགྲིབ་དུས་ཀྱི་བགྲོད་པ་མཐའ་དག་བཅོམ་ནས་འཆི་མེད་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་རོ་གཅིག་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་ལ། མས་བརྟན་དུ་རྟེན་འབྲེལ་བཅུ་གཉིས་འགགས། དགའ་བ་བཅུ་དྲུག་ཐོབ་ཅིང་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་བཅུ་དྲུག་འགྲུབ་ལ་ས་དེ་རྣམས་བགྲོད་པའི་ཡུན་ནི་དབུ་མའི་རླུང་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་ཡིན་ནོ། །དགའ་བ་བཅུ་དྲུག་ནི་ཕྱི་རོལ་ཏུ་ཟླ་བ་ལ་དཀར་ཕྱོགས་དང་ནག་ཕྱོགས་བཅུ་དྲུག་གི་དག་པས་ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་འགགས་པའི་དགའ་བ་བཅོ་ལྔ། བཅུ་དྲུག་པ་ནི་དེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆ་རྣམས་འགགས་པའི་དགའ་བ་དང་། སྟོང་ཉིད་བཅུ་དྲུག་ནི་ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཅིང་། སྙིང་རྗེ་བཅུ་དྲུག་ནི་སེམས་ཅན་ལ་དམིགས་པ་ལྔ། ཆོས་ལ་དམིགས་པ་ལྔ། དམིགས་པ་མེད་པ་ལྔ། བཅུ་དྲུག་པ་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་རྣམས་ཡིན་ལ་དཀར་ཕྱོགས་ལ་དགའ་བ་དང་སྙིང་རྗེ། ནག་ཕྱོགས་ལ་སྟོང་པ་ཉིད་སྦྱར་རོ། །གསུམ་པ་མཇུག་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ཡིན། །དབྱེར་བ་དཔག་མེད་འདིར་མ་བརྗོད། །ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་དང་མཚུངས་འཐོབ། །ཅེས་མདོར་ན་རྩ་རླུང་ཐིག་ལེ་གསུམ་འཆིང་བའི་སྦྱོར་བ་ཡན་ལག་དྲུག་མཐར་ཕྱིན་པའི་འབྲས་བུ་ཡིན་ཅིང་ལམ་གྱི་རྣམ་གཞག་དང་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱེ་བ་དཔག་ཏུ་མེད་ཀྱང་སྔར་བསྟན་པའི་སྦྱང་གཞི་གནས་སྐབས་བཞི་དང་ཕུང་པོ་ལྔའི་སྒོ་ནས་སྐུ་བཞི་ཡེ་ཤེས་ལྔར་འདུས་སོ། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་བཤད་པ་ལས་ལམ་དང་རིམ་པ་སྦྱར་བ་སྟེ་བཅུ་པའི་འགྲེལ་པའོ།། །།དེ་ནས་རྫོགས་རིམ་འོད་གསལ་གྱི་སྦྱང་གཞི་སྡུད་རིམ་ནི་གཞན་དུ་གསལ་ཞིང་། གསུམ་པ་མཇུག་གི་དོན་དུམ་བུ་བཅུ་གཅིག་གི་དོན་བསྡུ་བ་སོགས་འཆད་པ་ལ། སྡེ་སྣོད་གསུམ་སྤྱིར་བཤད་པ། སྡེ་སྣོད་སོ་སོ་ལ་སྦྱར་བ། སྔགས་ཀྱི་ཚུལ་དང་སྦྱར་བའི་དགོས་པ། འབྲས་བུའི་ཚུལ་བསྡུ་བ། འདི་གང་ལ་རྙེད་པ། སངས་རྒྱས་ཀྱི་འཕྲིན་ལས་ལ་གུས་པར་བསྟོད་པ། བསྔོ་བ་དང་བཟོད་གསོལ་ཏེ་བདུན་ལས། དང་པོ་ནི། རྒྱལ་བས་རྒྱུད་རྣམས་ཐམས་ཅད་དུ། །ཕྱི་རོལ་ཐུན་མོང་སྣང་བ་དང་། །ནང་དུ་རྩ་རླུང་ཐིག་ལེ་དང་། །གཞན་དུ་ཀུན་བརྟགས་ལྷ་དང་སྔགས། །དྲི་མ་དང་བཅས་རྟོག་པ་དང་། །དྲི་མེད་ཡེ་ཤེས་རྣམ་པ་གཉིས། །ཐམས་ཅད་དོན་དམ་ཀུན་རྫོབ་དང་། །སྤྲོས་དང་སྤྲོས་མེད་གསུངས་པ་ལ། །ཞེས་ཟབ་མོའི་རྒྱུད་སྡེ་རྣམས་ནི་རིག་པ་འཛིན་པའི་སྡེ་སྣོད་དེ་དེ་དག་གི་བརྗོད་བྱ་ནི་དེ་རྣམས་སུ་འདུས་སོ། །གཉིས་པ་ནི། ཕྱི་རོལ་བྱེད་པོ་གཞན་མེད་པ། །རྟེན་ཅིང་འབྲེལ་སྣང་རང་སྣང་སྟེ། །རྟོག་པས་ལྡན་མིན་འདུ་བྱེད་ཀྱི། །སྣོད་བཅུད་ཕྲ་རགས་མིང་ཚིག་དང་། །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། །ཞེས་མཚན་ཉིད་ཀྱི་ཐེག་པའི་སྐབས་སུ་ཕྱི་རོལ་ཏུ་བདག་དང་དབང་ཕྱུག་སོགས་བྱེད་པ་པོ་མེད་ཀྱི་སྣོད་བཅུད་སོགས་མཐའ་དག་སྒྱུ་མ་ལྟར་རྟེན་འབྲེལ་ཙམ་གྱི་སྣང་བའི་སྒོ་ནས་བསྟན་པ་ལྟར། ཇི་ལྟར་ཕྱི་བཞིན་ནང་ན་གནས། །རྩ་དང་ལུས་དབྱིབས་འཇིག་རྟེན་ལ། །རླུང་གིས་དག་དུས་ཡི་གེ་བསྐྱེད། །ཐིག་ལེ་གཟའ་དང་རྒྱུ་སྐར་དང་། །ཆུ་བོ་མེ་སོགས་ངེས་པ་བསྟན། །ཞེས་སྣོད་བཅུད་འཁོར་འདས་མ་ལུས་པའི་རྩ་བའམ་ས་བོན་དང་བདག་རྐྱེན་དུ་གྱུར་པའི་རྩ་རླུང་ཐིག་ལེའི་ཕྲ་གསང་རྣམས་བསྟན་ལ། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པ་མྱུར་བར་འཆར་བའི་ཐབས་མཁས་ལྡན་ཚུལ་ནི། ཇི་ལྟར་མིག་བཙུམ་གཟུགས་མི་མཐོང་། །ཕྱེ་བས་སྣང་བར་འགྱུར་བ་དང་། །བཙིར་ན་ཟླ་བ་གཉིས་མཐོང་ལྟར། །སྟེན་གྱི་གནང་འཆིང་མ་ཤེས་པས། །དབང་བྱེད་ཡེ་ཤེས་མཐོང་བ་མིན། །རྟེན་བཅིངས་ལམ་གྱི་ཡེ་ཤེས་མཐོང་། །ཕྱི་རོལ་མེད་ཀྱང་གཞན་སྣང་ལ། །ཀུན་བརྟགས་ལྷ་དང་དཀྱིལ་འཁོར་སྟོན། །དེ་ཕྱིར་ནང་དོན་མངོན་པ་ཡིན། །དེ་བཞིན་དུ་ཕྱི་རོལ་གྱི་མདོ་སྡེར་ལྷག་པ་སེམས་ཀྱི་བསླབ་པ་ས་ལམ་གྱི་རིམ་པ་གསུངས་པ་ལྟར་ནང་ལུས་ཀྱི་གནས་ཉེར་བཞིའི་རྩ་ཁམས་ས་བཅུ་དང་། གཞན་དཀྱིལ་འཁོར་བྱང་ཕྱོགས་སོ་བདུན་དུ་བསྟན་པ་སོགས་ནི་ནང་གི་མདོ་སྡེར་འཇོག་པས། གཞན་བཤད་ལྷ་དང་དཀྱིལ་འཁོར་ཡང་། །ས་དང་ལམ་དང་ཕ་རོལ་ཕྱིན། །གཟུངས་དང་སྔགས་བཅས་བྱང་ཆུབ་ཕྱོགས། །ཟད་པར་ཟིལ་གནོད་ལ་སོགས་པ། །བསྒྲུབ་ཕྱིར་ཟབ་དང་རྒྱ་ཆེའི་ཕྱིར། །མདོ་དང་ཕ་རོལ་ཕྱིན་པར་བརྗོད། །དེ་བཞིན་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྔགས་སུ་ཚོགས་གཉིས་ཀྱི་ཁར་ཚུལ་ཁྲིམས་ཀྱི་ཚོགས་ཞེས་གསུམ་དུ་བསྟན་ནས་ལམ་གྱི་གཙོ་བོར་མཛད་པས་འདུལ་བའི་སྡེ་སྣོད་དུ་འཇོག་ཚུལ་ནི། ཕྱི་རོལ་ལུས་ངག་བསྲུང་སྡོམ་དང་། །རང་བཞིན་བཅས་ལྡན་འདུལ་བ་ནི། །ནང་དུ་རང་དང་གཞན་དོན་ལ། །མ་རྨོངས་ཐབས་མཁས་ཁྱད་པར་གྱིས། །ཉོན་མོངས་ཡེ་ཤེས་སྒྱུར་བྱེད་པ། །དེ་ཕྱིར་ནང་གི་འདུལ་བར་གསུངས། །དེ་ཡང་ཕ་རོལ་ཏུ་ཕྱིན་པར། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོགས་གསུངས་པ་ཡོད་མོད། དེ་ནི་ཉོན་མོངས་འགའ་ཞིག་ཡུལ་དུས་ལ་བལྟོས་ནས་སྤང་མི་དགོས་པ་ཙམ་ལ་དགོངས་ཤིང་འདིར་ལམ་གྱི་གནད་དུག་གསུམ་ལྷག་པར་སློང་ནས་དེ་ཉིད་བདེ་གསལ་མི་རྟོག་པའི་ཡེ་ཤེས་སུ་ལྡང་ཚུལ་ཁྱད་པར་བ་ཡོད་དོ། །གསུམ་པ་ནི། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཉན་རང་འབྲས་བུ་ཐོབ་བྱེད་དེ། །ཟབ་མོའི་མདོ་འདུལ་མངོན་པ་རྣམས། །སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། །ཐབས་མཁས་ནང་དོན་རྒྱས་པར་ཤེས། །སངས་རྒྱས་སྙིང་པོའི་ཚུལ་རྟོགས་ནས། །འབྲས་བུ་རྟོགས་པ་ལམ་བྱེད་པ། །བླ་མེད་སངས་རྒྱས་མྱུར་ཐོབ་བྱེད། །ཅེས་ཐབས་ལ་མཁས་པ་ནང་དོན་གྱི་སྡེ་སྣོད་འདིར་ནི་འཁོར་བའི་རང་བཞིན་དེ་ཉིད་མྱང་འདས་ཀྱི་འབྲས་བུར་ཡེ་བཞུགས་མངོན་དུ་བྱེད་པས་འབྲས་བུ་ལམ་བྱེད་ཅེས་བྱ་ལ། དེ་ཡང་རང་རྒྱུད་ལ་གཉིད་སྙོམས་སོགས་དྲི་བཅས་ཀྱི་ཡེ་ཤེས་འོད་གསལ་ནམ་འཆར་བའི་སྐད་ཅིག་དེ་ལས་མ་ཡོལ་བར་གཞན་རྒྱུད་ལྷ་དང་བླ་མའི་ཡེ་ཤེས་དྲི་བྲལ་དུ་བསྲེས་པས་སྐད་ཅིག་མ་གཅིག་ཙམ་ལའང་གྲོལ་བ་གྲུབ་པའི་རྣལ་འབྱོར་རྣམས་ཀྱི་བྱུང་བ་ལྟར་རོ། །བཞི་པ་ནི། ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། །དེ་སྒྲིབ་འཁྲུལ་རྟོག་གཟུང་འཛིན་གྱི། །ཤེས་པ་གློ་བུར་བར་སྐྱེས་ནས། །འདུ་བྱེད་མངོན་པར་འདུ་བྱས་ནས། །ཡོང་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་པས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །ཞེས་ཤེས་རབ་ཀྱིས་ཡེ་ཤེས་མ་མཐོང་བས་འཁྲུལ་ལ་འཁྲུལ་པ་དེ་བྲལ་ཚུལ་ནི། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །རྟོགས་པས་སངས་རྒྱས་རང་བཞིན་ཏེ། །ཀུན་རྫོབ་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་གཟིགས། །དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། །དབྱེར་མེད་གཅིག་ཏུ་བདེན་གཟིགས་པས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་དང་བྲལ་རང་རིག་ཉིད། །ཇི་ལྟ་ཇི་སྙེད་ཡེ་ཤེས་གསུངས། །ལྔ་པ་ནི། དེ་བས་རྡོ་རྗེ་ཐེག་པ་རུ། །གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། །འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། །རྒྱས་པར་བསྟན་པ་དཔག་མེད་ཀྱང་། །རྒྱལ་སྲས་རྣམས་ཀྱིས་བསྟན་པ་ཡི། །རྒྱུད་འགྲེལ་རྣམས་ལ་ལྟ་བར་གྱིས། །རྒྱས་བཤད་དེ་རྣམས་ལ་འཇུག་པར་མི་སྤྲོ་བའམ་སྤྲོ་ནའང་ཐོག་མར་སྒོ་འབྱེད་ལ་འདི་དགོས་པས། དེ་རྣམས་ཀུན་ལ་འཇུག་པའི་སྒོ། །ཟབ་མོ་ནང་གི་དོན་བཤད་པ། །དེ་ཡང་ཆོས་ལ་དབང་ཟ་བ་སྤངས་ནས། འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །རྒྱལ་བས་གསུངས་པའི་རྒྱུད་སྡེ་རྣམས་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་ཞིང་མཐའ་དྲུག་གི་དབུས་སུ་ཆུད་པས་གོ་དཀའ་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱང་། གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །རྡོ་རྗེ་ཐེག་པ་ཞེས་བྱ་བའི་སྒྲ་དོན་ནི། ཡེ་ཤེས་ཀུན་ནས་གཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་པ་དང་། ཐེག་པ་ནི་གོང་ནས་གོང་དུ་འདེགས་པའི་དོན་གྱིས་འདིས་འགྲོ་བ་ལམ་དང་འདིར་འགྲོ་བ་འབྲས་བུའི་ཐེག་པ་ཞེས་བྱའོ། །དྲུག་པ་ནི། ཐོས་བསམ་སྒོམ་པའི་བྱ་བ་འདི་དག་ལ་བརྟེན་ནས་འབྲས་བུའི་རྒྱུད་རྒྱལ་བ་རྡོ་རྗེ་འཆང་མངོན་དུ་བྱ་ནུས་ལ་དེའི་ཕྲིན་ལས་གསང་བ་བསམ་གྱི་མི་ཁྱབ་པའི་ཡོན་ཏན་ནི་འདི་ལྟ་བུའི་ཞེས་མོས་པ་དང་དོན་གཉེར་སྤྲོ་བ་བསྐྱེད་པའི་ཆེད་དེ། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ཞེས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ནི་རང་དོན་ཕུན་ཚོགས་དོན་དམ་གྱི་སྐུའི་དབང་དུ་བྱས་ནས་ཡུལ་སྟོང་ཉིད་ནམ་མཁའ་ལྟར་དག་པ་ངོ་བོ་ཉིད་ཀྱི་སྐུ་དང་ཡུལ་ཅན་ཇི་ལྟ་ཇི་སྙེད་མཐའ་དག་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ལྟར་གསལ་བའི་ངང་ལས་གཞན་དོན་ཕུན་ཚོགས་ཀུན་རྫོབ་ཀྱི་སྐུའི་དབང་དུ་བྱས་ནས་གཟུགས་སྐུ་གཉིས་འཇིག་རྟེན་ཀུན་ཏུ་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ། ངོ་བོ་མཚན་དཔེས་བརྒྱན་པ། འཁོར་ས་ཐོབ་པ་ལ་སྣང་བ། ཆོས་ཐེག་ཆེན་འབའ་ཞིག་སྟོན་པ། དུས་འཁོར་བ་ཇི་སྲིད་བཞུགས་པ་སྟེ་ངེས་པ་ལྔ་དང་ལྡན་ནོ། །སྤྲུལ་པའི་སྐུ་ནི་དེ་ལྟ་བུའི་ངེས་པ་མེད་པར་སྣ་ཚོགས་སུ་འཆར་བ་མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་དང་། བཟོ་སྤྲུལ་སྐུ་དང་སྐྱེ་བ་སྤྲུལ་སྐུ་གང་ལ་གང་འདུལ་རྒྱུན་ཆད་མེད་པར་སྟོན་པའོ། །གསུང་གི་གསང་བ་ནི། ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོས་པར་མཛད། །ཅེས་དང་། ཐུགས་ཀྱི་གསང་བ་ནི། ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །ཞེས་གསུངས་སོ། །ཕྲིན་ལས་ཀྱི་གསང་བ་ནི། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་སེམས་ཅན་གྱི་ཁམས་དེ་སྦྱོང་བའི་ཕྱིར་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་པ་ནི་ཉི་མའི་འོད་ཟེར་ལྟར་འཇིག་རྟེན་དུ་འཇུག་གོ །ཚུལ་འདིས་དུས་སྐད་ཅིག་མ་གཅིག་ཙམ་དང་། ཡུལ་སེམས་ཅན་གཅིག་ཙམ་དང་། སྤྱོད་པའམ་ཐབས་འདི་ལྟ་བུ་གཅིག་གི་སྒོ་ནས་སེམས་ཅན་གྱི་དོན་མི་མཛད་བྱ་བ་མེད་པར་ཤེས་བྱ་ལ་སྲིད་ཚད་ཀྱིས་ཕྲིན་ལས་རྣམ་པར་དཀར་བའི་བྱ་བ་བྱེད་ནུས་ཤིང་སེམས་ཅན་རྣམས་ཀྱི་སྒོ་གསུམ་དང་ལྷན་ཅིག་བཞུགས་ཀྱང་ཁྱོད་ཀྱི་སྐུ་གསུང་ཐུགས་ལ་ཉེས་ཚོགས་ཀྱིས་ཅུང་ཟད་ཀྱང་མི་གོས་པ་འདི་ལ་ངེས་ཤེས་འཁྲུངས་ཞེས། སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །བདུན་པ་ནི། འདི་ལྟར་ཟབ་མོའི་ནང་གི་དོན་ལྐོག་གྱུར་བསམ་གྱིས་མི་ཁྱབ་པའི་གནས་གསལ་པོར་བསྟན་པ་ནི་ཡེ་ཤེས་ཀྱི་ཚོགས་ཁོ་ནའི་རྒྱུ་ཡིན་པས། ཟབ་མོ་ནང་དོན་བཤད་པ་ལ། དགེ་བའི་མཐུ་ཡང་ཅི་ཡོད་པས། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཅེས་གསུངས་ལ། གཞུང་འདིར་མ་གོ་མ་རྟོགས་བཞིན་དུ་མཁས་པའི་ང་རྒྱལ་དང་རློམ་པས་བརྗོད་པའི་ཚིག་མེད་མོད་ཀྱང་གསང་སྔགས་ཀྱི་སྒྲ་གོ་བདེར་བཅོས་པ་དག་ལ་བརྟེན་ནས། ཅུང་ཟད་འགལ་བར་གྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའོ། །རྫོགས་ས་སོ།། །།མཁས་པར་རློམ་པ་དང་བསྒོམས་ནས་ཉམས་མྱོང་དང་མངོན་ཤེས་ཤར་བར་འདོད་པ་ཀུན་གྱིས་ཀྱང་ཕྱོགས་རེ་ལས་མ་གོ་བར་འདུག་པས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་གསུངས་ཤིང་། དབེན་གནས་བདེ་ཆེན་སྟེང་དུ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ལྟ་བ་བདེན་གཉིས་ཟུང་འཇུག་ལ་གནས་ཤིང་། །སྒོམ་པ་རྩ་རླུང་ཐིག་ལེའི་ཐབས་ཀྱིས་བརྒྱན། །སྤྱོད་པ་རང་གཞན་དོན་གཉིས་བསྒྲུབ་བྱས་ན། །འབྲས་བུ་རང་ལ་གནས་པའི་ཡེ་ཤེས་མཐོང་། །ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །རྒྱལ་བའི་གསུང་ནི་རྣམ་པ་ཐམས་ཅད་དེ། །ཚིག་འབྲུ་གཅིག་ལའང་འཆད་ཚུལ་ཟད་པ་མེད། །བརྗོད་མེད་བརྗོད་པའི་གསང་བ་བསམ་མི་ཁྱབ། །དེ་ཕྱིར་བདག་ནི་བརྗོད་འདོད་ཁོ་ནར་ཟད། །འོན་ཀྱང་ཆ་ཙམ་བརྗོད་ལ་ཉེས་གྱུར་ན། །ཐུགས་བརྩེར་ལྡན་པས་ཅི་ནས་བཟོད་རིགས་ཤིང་། །གང་ལ་འབད་པའི་དགེ་ཚོགས་མཆིས་སོ་འཚལ། །དེ་རིང་ཉིད་དུ་འགྲོ་བས་ཐོབ་གྱུར་ཅིག །ཅེས་ལྷན་ཅིག་གནས་པ་ཀརྨ་མཆོད་སྤྲིན་རྒྱ་མཚོས་གཙོས་པ་དུ་མར་སྨན་པའི་སླད་དུ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པའི་མཚན་གྱི་བྱིན་བརླབས་ཅན་དཀོན་མཆོག་ཡན་ལག་ཅེས་བྱ་བས་ཆོས་ཐུན་དུ་བྲིས་པ་ས་གའི་ཉ་རྒྱས་ལ་གྲུབ་པའོ།། །།ཨོཾ་སྭསྟི། གདུལ་བྱའི་བློ་གྲོས་དྲི་མེད་གསར་པ་ལ། །རྒྱལ་བའི་ཡོན་ཏན་བསམ་ཡས་བཀྲ་བྱའི་ཕྱིར། །ཆོས་ཀྱི་སྦྱིན་པའི་ཕྱི་མོ་པར་ཚོགས་འདི། །ནང་སོ་མཆོད་སྤྲིན་རྒྱ་མཚོ་ཉིད་དང་ནི། །ས་སྐྱོང་སྐུ་རབ་སྡེ་པ་ཁུ་དབོན་གྱིས། །རྒྱུ་རྐྱེན་མཚུངས་པར་སྦྱར་ནས་རབ་བསྒྲུབས་པ། །རིག་པའི་འབྱུང་གནས་ཡུལ་ནས་བློ་གསལ་རིགས། །ཀརྨ་ཚེ་དབང་ཞེས་བྱས་ཡི་གེར་བཀོད། །བསམ་གྲུབ་ཆོས་དབང་རིག་རྒྱལ་ལ་སོགས་པ། །བཅུ་ཕྲག་གཅིག་གིས་རྣམ་པར་འཕྲུལ་ཏེ་བརྐོས། །འདིར་འབད་དགེ་ལེགས་མ་ལ་ཡི་ཡ་རླུང་། །བདེ་བར་རེག་པས་དུབ་པ་ཀུན་བསངས་ཏེ། །ལེགས་པར་སྤྱད་པའི་དྲི་བསུང་གིས་གོས་ཤིང་། །དམ་པའི་ལམ་ལ་སྤྲོ་བ་འཕེལ་གྱུར་ཅི། །ཨེ་མ་ཆུ་བུང་ལྟ་བུའི་སྒོ་གསུམ་པོ། །ཐོག་མེད་སྲིད་འདིར་དོན་མེད་འདས་མོད་ཀྱང་། །དེ་རིང་སྙིང་པོའི་དོན་ལ་འབྲེལ་པ་ཐོབ། །རྣམ་དཀར་ས་བོན་གང་འདི་འགྲོ་བར་བསྔོ། །གཞན་ཡང་ཕྱོགས་འདིར་འབྲེལ་ཐོགས་ཇི་སྙེད་དང་། །ཆོས་སྤྱོད་བཅུ་ཡི་ཚུལ་ལ་འབད་པ་ཀུན། །རྟག་ཏུ་བསམ་སྦྱོར་ཆོས་དང་མཐུན་འགྱུར་ཞིང་། །འདི་དང་ཕྱི་མའི་དོན་གཉིས་མྱུར་འགྲུབ་ཤོག །གང་ཞིག་ཆོས་སྐུའི་རྟེན་གྱུར་ཟབ་མོ་ཡེ་ཤེས་ཚོགས་ཀྱི་རྩ་བ་ནི། །ཡི་གེའི་ལམ་ནས་ཐོས་བསམ་སྒོམ་པ་རྣམ་པར་སྤེལ་བར་གསུངས་པས་ན། །ཚུལ་འདིས་འགྲོ་ཀུན་ཡིད་ལ་ཡོན་ཏན་མི་ཟད་ཆོས་ཀྱི་ཕྱག་རྒྱ་ཐེབས། །ཟུང་འཇུག་རྡོ་རྗེ་འཛིན་ཐོབ་སྲིད་ཞིའི་དཔལ་འབྱོར་ཀུན་ལ་སྤྱོད་པར་ཤོག། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net