རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་་་: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི...")
 
No edit summary
Line 1: Line 1:
༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་མ་ཧཱ་ཤྲཱི་སིཾ་ཧེ་ཤྭ་ར་ཡ། ཐིག་ལེ་ཀུན་ཁྱབ་རང་བཞིན་ལྷུན་གྱིས་རྫོགས། །འོདྃ་གསྃལ་གྲོལ་བ་རྣམ་བཞིའི་འཁོར་ལོས་སྒྱུར། །གདོན་མའི་མགོན་པོ་འགྲོ་འདུལ་སྤྲུལྃ་པའིྃ་སྐུ། །རྡོྃ་རྗེྃ་གཟི་བརྗིད་གཙུག་གི་ནོར་བུར་བསྙེན། །འཕགས་ནོར་གྲངས་ལྡན་བཀའ་བབས་རིན་ཆེན་མཛོད། །དྲུག་པ་རྗེས་དྲན་གསང་བ་ཀུན་གྱི་བཅུད། །ལྕེ་བཙུན་སྙིང་ཐིག་ཟབ་ཁྲིད་བདུད་རྩིའི་རྒྱུན། །སྐལ་བཟང་ཐར་པའི་སྲོག་འཚོར་བརྟེན་པར་གྱིས། །དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམ་ངག་བསྩལ་ཅིང་བྱིན་གྱིས་བརླབས་པ་ལས། སྐུ་ཚེ་དེ་ཉིད་ཀྱིས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་ཞབས་ཀྱིས་གནས་སྐབས་དེ་དང་ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་ཏུ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་མཁའ་འགྲོའི་འདུས་པ་རྒྱ་མཚོ་ལ་འདའ་ཁའི་ཞལ་ཆེམས་དོན་བསྡུས་གནད་གཟེར་གྱི་ཚུལ་དུ་གདམ་པ་བི་མ་ལའི་ཟབ་ཏིག་གི་གདམས་ངག་ཁྲིད་ཀྱི་ལུགས་སུ་འདེབས་པ་ལ། ཐོག་མར་ཁྲིད་འཆད་པ་པོ་སློབ་དཔོན་དང་འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། གནས་དུས་ཡོ་བྱད་གྲོགས་ཀྱི་མཐུན་རྐྱེན་ཚོགས་པས་གཞི་བཟུང་བའི་ཚུལ་རྣམས་ཨ་ཏི་བཀོད་པ་ཆེན་པོ་དང་། རང་ཤར་སོགས་རྒྱུད་དང་གདམ་ངག་རྣམས་ལས་ཇི་སྐད་གསུངས་པ་ཐམས་ཅད་འདིར་ཡང་ཚོགས་དགོས་པ་གཞིར་བྱས་ནས། ཁྲིད་དངོས་བཤད་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམ་ངག་གི་སྒོ་ནས་གྲོལ་བར་བྱ་བའོ། །དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། ཞེས་གསུངས་ཏེ། དེ་ལ་གཉིས། སྔོན་ཇི་ལྟར་བྱུང་བ་དང་། ཕྱིས་གང་ལྟར་འབྱུང་བའོ། །དང་པོ་ནི། རྩ་བའི་གཞུང་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན་ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པའང་དེ་ཉིད་ལས། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་གཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པའི་དོན་བཞིན། གངས་ཅན་ལྗོངས་ཀྱི་བསྟན་འགྲོ་རིས་སུ་མ་ཆད་པ་མཐའ་དག་གི་གཙུག་རྒྱན། མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབས་བདུན་གྱི་གསང་མཛོད་འཆང་བའི་ངོ་མཚར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར། འུ་ཡུག་གི་མཐིལ། རམ་སྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཅིང་མན་ངག་གི་གཞུང་བཀའ་བསྩལ་པ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་བ་ལྟར། ཐོག་མར་ཁོ་བོ་ཅག་ལ་སྨིན་གྲོལ་ཚངས་སྤྲུགས་སུ་བསྩལ། རིམ་གྱིས་སྐལ་པའི་སྣོད་དང་ལྡན་པ་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ་ནས་གདོད་མའི་གྲོལ་སར་བསྐྱེལ་བར་མཛད་པའོ། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་རྣོན་ཐོག་མ་ཉིད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་རིགས་ཅན་ལ་དབང་བཞི་པ་ཉིད་ལ་ནང་གསེས་སུ་དབྱེ་བའི་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་རྣམ་པ་བཞི་བསྐུར་བ་སྟེ། དེའང་རྫོགས་པ་རང་བྱུང་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །ཞེས་འབྱུང་བའི་དོན་སྨིན་གྲོལ་ཟུང་འཇུག་གདམས་ངག་དབང་གི་ལུགས་སུ་གདམས་པ་ནི་འདི་ཉིད་ལས། དེ་ལ་ཐོག་མར་རིམ་པ་བྱ་སྟེ༔ ཞེས་སོགས་ཀྱིས་རྒྱས་པར་བསྟན་པ་ལྟར་སྔོན་དུ་ལེགས་པར་གྲུབ་པ་ལགས། གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱ་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཁྲིད་རིམ་མོ། །དང་པོ་སྔོན་འགྲོའི་ཁྲིད་ལ་གསུམ། ཐུན་སྤྱིའི་སྔོན་འགྲོ །ཐུན་མོང་བློ་སྦྱོང་བདུན། ཁྱད་པར་བསག་སྦྱོང་རྣམ་པ་ལྔའོ། །དེའི་དང་པོ་འདི་ཕྱིན་ཆད་ཀྱི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་སྟེ། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་གཅོད་ཐམས་ཅད་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ་ལ་ཅི་བདེར་བཞག །སེམས་རྣམ་གཡེང་གི་རྟོག་པའི་རྗེས་སུ་མི་འབྲངས་བར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཟབ་གསང་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་སྙིང་ཐག་པ་ནས་མ་བྲལ་བས། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེའི་ཀློང་དུ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་ཕྱག་མཉམ་གཞག་ཐོད་ཞལ་བདུད་རྩིས་བཀང་བ་བསྣམས་པ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་རང་ལ་དགྱེས་པས་དགོངས་པར་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་རིག་པ་འཛིན་མེད་དུ་འཇོག་གོ །གཉིས་པ་བློ་སྦྱོང་བའི་རིམ་པ་བདུན་ལས། དང་པོ་འདུས་བྱས་མི་རྟག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་ལས། ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་གསུངས་ཏེ། དེའང་དོན་དྲན། དཔེ་བསམ། དཔེ་དོན་ཟུང་དུ་སྦྲེལ་ནས་བསྒོམ་དགོས་ཏེ། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ད་ལྟ་ཡོད་པ་ལྟར་སྣང་ཡང་མྱུར་དུ་འཇིག་པའི་ཆོས་ཅན་ཤ་སྟག་ཡིན་པས་ཡུན་རིང་མི་རྟག་སྟེ། དཔེར་ན་ཆུ་ནང་གི་ལྦུ་བ་རྐྱེན་ལས་གློ་བུར་དུ་བྱུང་ཡང་སྐད་ཅིག་གཉིས་པར་ཡལ་བ་བཞིན་ནོ། །དེས་ན་ཕྱི་ནམ་ཟླ་དུས་བཞི། ཉིན་མཚན་སྐད་ཅིག་ཐང་ཅིག །ནང་ལུས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི། གསང་བ་ཕུང་པོ་ལྔས་བསྡུས་ཀྱི་ཚོགས་པ་མཐའ་དག་སྐད་ཅིག་སྐད་ཅིག་གིས་རྙིང་ཞིང་འགྱུར་ནས་གཞན་དུ་འཕོ་བའི་ཕྱིར། སྤྱིར་འདུས་བྱས་ཐམས་ཅད་ལ་རྟག་པ་ཡེ་མེད། ཁྱད་པར་འགྲོ་བའི་ཚེ་ལ་ངེས་པ་མེད་པས་དེ་རིང་སང་ཙམ་ལའང་འཆི་བ་མི་འབྱུང་བའི་གདེངས་ཅིའང་མེད་པ་ལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་རྙེད་ནས་བློ་སྣ་ཐུང་། དོན་ལ་ཡིད་ཆེས་ནས་འཆི་བ་སྙིང་ནས་དྲན་པར་འགྱུར་རོ། །དཔེ་དོན་ཟུང་དུ་སྦྲེལ་ཚུལ་འདི་ལྟར་འོག་མ་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་འཕྲལ་དང་ཡུན་གྱི་བདེ་བ་ལ་བསམ་ནས་སེམས་སྦྱོང་བ་ནི། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་གནས་འདིར་ལུས་སེམས་ལ་གནས་སྐབས་ཀྱི་བདེ་བ་བག་ཙམ་མྱོང་བ་འདིའང་འཕྲལ་གྱི་ལྟར་སྣང་ཙམ་ལས་དོན་ལ་སྡུག་བསྔལ་གྱི་འབྲས་བུ་ཁོ་ན་སྨིན་པའི་རྒྱུ་ཡིན་ཏེ། དཔེར་ན་དུག་གི་སྡོང་པོ་དང་མེ་ཏོག་མཛེས་ཤིང་ཁ་དོག་ལེགས་ལ་འབྲས་བུ་མངར་བ་ལྟར་སྣང་ཡང་ཁོང་དུ་སོང་ན་དུག་ནད་ཀྱིས་འཆི་བར་བྱེད་པ་ལྟ་བུའོ། །དེས་ན་སྲིད་པའི་རྩེ་མོ་ནས་དམྱལ་ཁམས་ཡན་ཆད་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་པ་སྟེ། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཐོག་མ་མེད་པ་ནས་མནར་བ་ཡིན་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེའང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ། དུག་གསུམ་གྱི་དབང་གིས་མི་དགེ་བ་སྤྱད་པས་ངན་སོང་གསུམ། ཟག་བཅས་ཀྱི་དགེ་བས་བདེ་འགྲོར་སྐྱེས་ཀྱང་སླར་ངན་སོང་དུ་འཁོར། ཐར་པའི་ལམ་དུ་ཞུགས་ན་དེ་དག་ལས་ལྡོག་སྟེ་འཕྲལ་དང་ཡུན་གྱི་བདེ་བ་དམ་པ་ཐོབ་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་སྐྱེས་ཏེ་སྲིད་པའི་བདེ་འབྱོར་ལ་ཞེན་པ་ལོག །དོན་ལ་ཡིད་ཆེས་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེ་བར་འགྱུར་རོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་སྟེ་སེམས་སྦྱོང་བ་ནི། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁྲུལ་པས་གཡེངས་པའི་སྐབས་འདིར་བཟང་ངན་གྱི་རྐྱེན་སྣང་སྣ་ཚོགས་པ་འདི་རྣམས་ལ་སྤང་བླང་ཇི་ཙམ་འབད་ཀྱང་ཟིན་པའི་དུས་སྐབས་མེད་པ་སྟེ། དཔེར་ན་སྐོམ་པས་གདུང་བའི་རི་དྭགས་སོས་ཀའི་མྱ་ངམ་ཐང་གི་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་བསྙེགས་ཀྱང་ཆུ་ནམ་ཡང་མི་རྙེད་པས་སླར་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ། དེས་ན་འཁོར་བའི་གནས་འདིར་གཉེན་གྲོགས་འཁོར་འབངས། སྙན་གྲགས་མངའ་ཐང་། འདོད་ཡོན་ལོངས་སྤྱོད་སོགས་མཐུན་པ་བསྒྲུབ་པ་དང་མི་མཐུན་པ་སྤོང་བའི་འབད་རྩོལ་གྱིས་མཚོན་བྱ་བ་མཐའ་དག་རེ་རེ་ཟིན་ཀྱང་སླར་དེ་ལས་བྱ་རྒྱུ་ཇེ་མང་དུ་འགྲོ་བས་ནམ་ཡང་ཟིན་པའི་དུས་མེད་ཅིང་ཟིན་པ་ལའང་སྙིང་པོ་ཅི་ཡང་མེད་པ་དང་། གང་ལའང་མཐའ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་མཐོ་དམན། དྲག་ཞན། དགྲ་གཉེན། ཕྱུགས་དབུལ་ཐམས་ཅད་འགྱུར་ནས་འགྲོ་བས་རེ་བ་ཆེན་པོས་རིང་ནས་བསྒྲུབས་པའི་གྲུབ་འབྲས་ལོག་པར་འགྱུར་བ་དང་། འགའ་ཞིག་མགུ་ཡང་ལ་ལ་མི་མགུ །བྱ་བ་སྣ་རེས་དགའ་ཡང་སྣ་རེས་མི་དགའ། གནོད་པ་མ་བྱས་པ་དང་ཕན་བཏགས་པའི་ལན་དུའང་གནོད་པ་ཆེན་པོ་འབྱུང་བ་སོགས་ཟིན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཅམ་གྱིས་བཞག་ནས། བླ་མ་དཀོན་མཆོག་ལ་ཕྱག་བསྐོར་མཆོད་འབུལ་གྱིས་མཚོན་དགེ་བའི་བྱ་བ་སྣ་རེ་འགྲུབ་ནའང་འདི་ཕྱིར་བསོད་ནམས་རླབས་པོ་ཆེའི་རྒྱུར་འགྱུར་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་རྣམ་གཡེང་ལ་ཁོ་ཐག་ཆོད། དོན་ལ་ཡིད་ཆེས་ཏེ་འདིར་སྣང་བྱ་བཞག་བློས་ཐོང་བར་འགྱུར་རོ། །བཞི་པ་བྱས་པ་དོན་མེད་པ་ལ་བརྟག་སྟེ་སེམས་སྦྱོང་བ་ནི། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་གསུངས་ཏེ། འཇིག་རྟེན་ཚེ་འདིར་ལྟོས་པའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ནི་གསོན་པའི་དུས་སུ་བྱ་དཀའ་ཞིང་འཆི་བའི་དུས་ཕན་པ་སྤུ་ཙམ་མི་ཐོགས་པས་རྣམ་པ་ཀུན་ཏུ་དོན་མེད་པའི་རྣམ་གཡེང་འབའ་ཞིག་པ་སྟེ། དཔེར་ན། གཉིད་ཐུན་གཅིག་ལོག་པའི་སྐབས་སུ་རྨི་ལམ་བཟང་བ་ལ་སེམས་དགའ་བ་དང་ངན་པ་ལ་མི་དགའ་བའི་སྣང་བ་འཆར་ཡང་སད་ནས་གཉིས་ཀ་དོན་ལ་མ་གྲུབ་པས་ཕན་གནོད་ཅིའང་མེད་པ་དང་མཚུངས་སོ། །དེས་ན་ད་ལྟའི་སྐབས་སུ་དགྲ་འདུལ་གཉེན་སྐྱོང་། ཚོང་ཁེ་སྤོགས། སོ་ནམ་ཞིང་ལས། ཁང་ཁྱིམ་མཁར་ལས་ལ་སོགས་པའི་བྱ་བ་དུ་མ་ཞིག་སྒྲུབ། འདོད་པ་ཐོག་ཏུ་གྲུབ་པའི་ཚེ་དགའ་བ་དང་མ་གྲུབ་པ་ལ་སྡུག་བསྔལ་བའི་སྤང་བླང་གི་རྣམ་པར་རྟོག་པས་རང་གིས་རང་བཅིངས། རང་ཉིད་མཐོ་ཞིང་ཕྱུག་ལ་སྙན་པར་བརྗོད་པ་སོགས་ལ་དགའ་བ་དང་། དམའ་ཞིང་དབུལ་ལ་མི་ཁ་གཏམ་ངན་སོགས་ལ་མི་དགའ་བས་མཚོན་ཆགས་སྡང་གི་ལས་མང་པོ་ཤུགས་ཀྱིས་བསགས་པ་འདི་ཐམས་ཅད་འཆི་བའི་ཚེ་ན་ཕན་ཅུང་ཟད་ཀྱང་མི་ཐོགས། རྣམ་པར་ཤེས་པ་ལས་ཁོ་ནའི་རྗེས་སུ་འབྲངས་བས། འཁྲུལ་པའི་བྱ་བཞག་སྒྱུ་མའི་འཁྲུལ་འཁོར་གྱིས་དུས་རྟག་ཏུ་བསླུས་པ་འདི་མཚངས་ཤིན་ཏུ་ཆེ་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་བཟང་ངན་རོ་སྙོམས། དོན་ལ་ཡིད་ཆེས་ཏེ་ཚེ་འདིའི་རྣམ་གཡེང་སྤོང་ནུས་པར་འགྱུར་རོ། །ལྔ་པ་ཐར་པའི་ཕན་ཡོན་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་སྡུག་བསྔལ་དེ་དག་ལས་འདས་པ་ནི་ཐར་པ་ཞི་བ་དམ་པ་བླ་ན་མེད་པ་ལམ་སྒོམ་པའི་སྟོབས་ལས་ཐོབ་པའི་འབྲས་བུ་སྟེ། དེ་ཐོབ་ཟིན་ནས་ནམ་ཡང་སྡུག་བསྔལ་ཅན་གྱི་འཁོར་བའི་གནས་སུ་ལྡོག་མི་སྲིད་པ་ནི་དཔེར་ན་འབྲུམ་པའི་ནད་ལན་གཅིག་འབྱངས་ཟིན་པའི་སྐྱེས་བུ་ལ་ཕྱིས་འབྲུམ་ནད་འབྱུང་མི་སྲིད་པ་ལྟ་བུའོ། །ཐར་པ་ལའང་གསུམ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ལས་རྣམ་པར་གྲོལ་ནའང་ཤེས་སྒྲིབ་མ་སྤང་བས་གནས་སྐབས་ཀྱི་ཐར་པ་ཙམ་ཡིན་ལ། སྒྲིབ་གཉིས་བག་ཆགས་བཅས་སྤངས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་བསྒྲུབ་དགོས། སངས་རྒྱས་ཆོས་སྐུ་ནི་སྤྲོས་པ་ཀུན་ལས་གྲོལ། ལོངས་སྐུ་ནི་སྐུ་དང་ཞིང་ཁམས་ནམ་མཁའ་ལྟར་ཁྱབ། སྤྲུལ་སྐུ་ནི་འགྲོ་བ་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་བ་དེ་ལྟ་བུའི་གོ་འཕང་མ་ཐོབ་ཐབས་མེད་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ། དོན་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་གོ་འཕང་ཅིས་ཀྱང་བསྒྲུབ་འདོད་པར་འགྱུར་རོ། །དྲུག་པ་བླ་མའི་གདམ་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཐབས་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་གདམ་ངག་ཟབ་མོ་ཁོ་ན་ལ་ལྟོས་ཏེ། ཕྱིན་ཅི་མ་ལོག་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་བགྲོད་པ་ལ་འཇུག་པ་བདེ་ཞིང་ནོར་འཁྲུལ་མེད་པའི་ལམ་བཟང་པོ་ཡིན་ཏེ། དཔེར་ན། ཐེམ་སྐས་བཟང་པོ་ལ་བརྟེན་ནས་ཕྱིན་ན་ཇི་ལྟར་མཐོ་བའི་ཁང་བཟང་སུམ་བརྩེགས་ལ་སོགས་པར་བདེ་བླག་ཏུ་བགྲོད་ནུས་པ་བཞིན་ནོ། །དེའི་ཕྱིར་ཐོག་མར་ཅལ་སྒྲོག་གི་རྗེས་སུ་མི་རྒྱུག་པར་ཡིད་ཆེས་ཁུངས་བཙུན་སེལ་མེད་ཀྱི་བརྒྱུད་པ་ལས་འོངས་ཤིང་ཆོས་བརྒྱད་དང་རྟོག་གེ་ལ་འཐས་པ་མིན་པའི་ཉམས་མྱོང་དང་རྟོགས་པ་ལྡན་ངེས་པའི་བླ་མ་མཚན་ལྡན་བཙལ། བར་དུ་མཉེས་པ་གསུམ་གྱིས་དཀའ་བ་སྤྱད་ལ་གདམས་ངག་ཕུ་ཐག་ཆོད་པར་ཞུ། ཐ་མར་བློ་སྣ་མང་པོས་དོན་གཅིག་ཀྱང་མི་འགྲུབ་པས་བླ་མ་ལས་ཐོབ་པའི་གདམས་ངག་དེ་ནད་པ་ལ་སྨན་དང་། སྲོག་འཚོ་བའི་བདུད་རྩི། དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་ཤེས་པར་བྱས་ནས་རྐྱེན་ཅིས་ཀྱང་མི་འཕྲོག་པར་རྩེ་གཅིག་ཏུ་ཉམས་སུ་བླང་ནུས་ན། ནད་པས་ལྷ་རྗེ་མཁས་པའི་སྨན་ཡུན་ཏུ་བརྟེན་ན་ནད་ཆེན་པོའང་གཞི་མེད་དུ་དྭངས་པ་བཞིན་མྱུར་དུ་སྒྲིབ་པ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ཚུལ་ལེགས་པར་བསམས་པས། །དཔེ་ལ་བརྟེན་ནས་བླ་མའི་གདམས་ངག་མེད་ཀ་མེད་དུ་གོ །དོན་ལ་ཡིད་ཆེས་ཏེ་ཉམས་ལེན་ལ་འཇུག་སྤྲོ་ཞིང་བསྲན་ཚུགས་པར་འགྱུར་རོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་གསུངས་ཏེ། སེམས་བྱུང་རྒྱལ་དུ་གཡེང་བའི་གཞན་དབང་ལས་དུག་གསུམ་གཙོར་གྱུར་པའི་བྱུང་ཚོར་གྱི་རྣམ་པར་རྟོག་པ་འཛད་དུ་མེད་པ་འདི་དག་གང་ཡང་ཡིད་ལ་མི་བྱེད་པར་རྣམ་པར་མི་རྟོག་པའི་ངང་ལ་རྒྱུན་དུ་གནས་པའི་བསམ་གཏན་ནི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་སྐྱེ་བའི་གཞི་རྟེན་མེད་དུ་མི་རུང་བ་སྟེ། དཔེར་ན། ལོ་ཏོག་གི་འབྲས་བུ་སྨིན་པར་འདོད་པ་ལ་ཞིང་ས་དུལ་བ་མེད་ན་མི་འབྱུང་བའི་གཞིར་གྲུབ་པ་ལྟ་བུའོ། །དེའང་ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་གཉིས་འཛིན་རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་དུ་གཡོས་པ་ལ་བརྟེན་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་དང་ཡང་དུ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ནར་ལོངས་སྤྱོད། ད་དུང་འདིའི་རྗེས་སུ་འབྲངས་ན་ནམ་ཡང་བདེ་བའི་གོ་སྐབས་མེད་པས། ད་ནི་རྣམ་པར་མི་རྟོག་པའི་བསམ་གཏན་བསྒྲུབས་ལ་མྱུར་དུ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་མངོན་དུ་བྱའོ་སྙམས་པས། ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅའ། རང་ལུས་ཡི་དམ་ལྷར་བསྒོམ་པའམ་ཐ་མལ་ཡང་རུང་སྟེ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་བདེ་བའི་ཉམས་དང་ལྡན་པ་ལ་སེམས་གཏད་པ་ནི། བདེ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེ་ངང་དུ་ལུས་སེམས་ཁོང་ཀློད། ལག་གཉིས་པུས་སྟེང་བཞག །མིག་བར་སྣང་དུ་ཧར་རེ་གསལ་མདངས་དང་བཅས་བཞག་པ་ནི། གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེའི་ཚེ་སེམས་ཀྱི་དྲན་བསམ་འཕྲོ་འདུ་ཅི་ཡང་མི་བྱ་བར་བཟོ་མེད་རང་བབ་ཀྱི་ངང་དུ་ཡེངས་མེད་འཛིན་མེད་ལྷུག་པར་བཞག་པས་རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ཉམས་སྐྱེ་བ་ནི། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་སྟེ། སྔ་མ་གཉིས་མཚན་བཅས་དང་ཕྱི་མ་མཚན་མེད་ཞི་གནས་ཡིན་ལ། དེ་ལྟར་ལེགས་པར་སྦྱངས་པས་དཔེ་ལ་བརྟེན་ནས་བསམ་གཏན་མེད་དུ་མི་རུང་བར་གོ །དོན་གྱིས་སྒོམ་པ་གོམས་པས་ཉམས་མྱོང་བཟང་པོ་རྒྱུད་ལ་སྐྱེས་ཏེ་ཏིང་ངེ་འཛིན་གྱི་གཞི་ཐིངས་པར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་བསག་སྦྱོང་གི་རིམ་པ་ནི། གཞུང་ལས། སྐྱབས་འགྲོ་དང་སེམས་བསྐྱེད༔ སྒྲིབ་སྦྱོང་ཚོགས་བསག་རྣམས་ཀྱི་ཐབས་ཀྱིས་བཟུང་ངོ༔ ཞེས་གསུངས་པའི་དོན་ཏེ། དེ་ལ་ལྔ། སྐྱབས་འགྲོ །སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་གསོག །བླ་མའི་བྱིན་རླབས་ལམ་དུ་བྱ་བའོ། །དང་པོ་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། རྒྱུ་ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བར་འདོད་པའི་དད་པས་ཡུལ་དབྱིངས་ཀ་དག་ཆོས་སྐུ །ལྷུན་གྲུབ་ཡེ་ཤེས་ལོངས་སྐུ །རིག་རྩལ་འགག་མེད་སྤྲུལ་པའི་སྐུ །གསུམ་ཀའང་རང་རིག་བླ་མ་དབྱེར་མེད་པའི་ངོ་བོར་རྫོགས་པ་ལ། ཚུལ་ཡིན་ལུགས་གསལ་འདེབས་ཙམ་གྱིས་གཉིས་མེད་རོ་མཉམ་དུ་རྟོགས་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པ་དོན་དམ་པའི་སྐྱབས་འགྲོ་སྟེ་དེ་ཉིད་གཞིར་བྱས། ཀུན་རྫོབ་ཀྱི་རྟོག་ངོར་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཆེན་སེང་གེ་དབང་ཕྱུག་དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པས་བརྒྱན་པ། ཕྱག་གཉིས་མཉམ་གཞག་དང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་མེ་འོད་ཀྱི་ཀློང་ན་བཞུགས་པ་ལ། བརྒྱུད་གསུམ་རིག་འཛིན་བླ་མ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་བླ་མ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་གསལ་བའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ཁྱེད་མཁྱེན་གྱི་བློ་གཏད་ལིང་བསྐྱུར་བྱས་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་འབུམ་ཕྲག་སོགས་མང་ཉུང་ཇི་ཙམ་གསོག་པའི་གྲངས་མ་ཐེམས་བར་འདི་ཉིད་བརྗོད། ཐུན་མཐར་ཡུལ་སེམས་གཉིས་མེད་དུ་ཤེས་པས་རིག་པ་ཁྱབ་གདལ་ཆེན་པོར་ཆམས་ཀྱིས་འཇོག་པའམ། མི་ནུས་ན་སླར་མོས་གུས་བྱས་པས་བླ་མ་དགྱེས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་འཇོག་གོ །གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའང་། བློ་ཆེན་རྣམས་ཀྱིས་རང་ལུགས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དག་པའི་དབྱིངས་ལས་མ་གཡོས་པའི་སངས་རྒྱས་ཁོ་ན་ཡིན་པ་ལ། གནས་སྐབས་མེད་སྣང་གློ་བུར་བའི་འཁྲུལ་པས་བསྒྲིབས་ཀྱང་དོན་ལ་བཅིངས་གྲོལ་གང་ཡང་མེད་པས། རིག་པ་ཡེ་ཤེས་རང་གསལ་གྱི་ངང་དུ་འཁོར་འདས་མཉམ་ཉིད་ཆེན་པོར་ཅོག་གེར་གཞག་པས་རང་ཤར་རང་གྲོལ་ཀ་དག་གི་དབྱིངས་སུ་ལ་བཟླ་བར་སེམས་བསྐྱེད་པ་དང་། ལས་དང་པོ་བ་བློ་ནུས་དམན་པས། ཀུན་རྫོབ་ཏུ་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་མ་གྱུར་པ་གཅིག་ཀྱང་མེད། དེ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མཐའ་མེད་པར་བྱིང་ཞིང་སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བ་ལ་བྱམས་པ་དང་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། སྐྱབས་མེད་པའི་མ་རྒན་ཉམ་ཐག་དེ་ཐམས་ཅད་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཕྱིར་དུ་ཚུལ་ཁྲིམས་གསུམ་ཕར་ཕྱིན་དྲུག་བསྡུ་དངོས་བཞི་ཟབ་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་དང་། ཡུལ་ཡུལ་ཅན་བྱ་བྱེད་ཐམས་ཅད་གདོད་ནས་མི་དམིགས་ཏེ་སྤྲོས་པ་ཉེ་བར་ཞི་བར་ཤེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་ལེགས་པར་བསྒོམས་ལ། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ཅི་འགྲུབ་བརྗོད་པར་བྱའོ། །གསུམ་པ་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་ནི། སྡིག་སྒྲིབ་ཀྱི་ཕུང་པོ་གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ་སྤྱི་ལ་གྲགས་མོད། འདིར་ཐུན་མོང་མ་ཡིན་པ་ནང་གི་རྣལ་འབྱོར་ཟབ་མོ་བསྟན་པ་སྟེ། རང་ཉིད་ཡི་དམ་དུ་གསལ་བ་འམ། ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་གྱི་དབུས་སུ་རྩའི་གཙོ་མོ་གསུམ་ལ་སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་བཅས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྤྱི་ལྟར་གསལ་བའི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་དུ་པད་ཟླའི་གདན་ལ། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བདེ་དྲོད་ཀྱི་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ་ལ། སྡིག་སྒྲིབ་སྦྱོང་བའི་གསོལ་བ་སྙིང་ནས་བཏབ་ཅིང་ཡིག་བརྒྱ་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། ལྟེ་བའི་འཁོར་ལོ་གང་། སྙོམས་འཇུག་གི་གནས་སྐབས་དང་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་འཁོར་ལོ་གང་། གཉིད་འཐུག་གི་གནས་སྐབས་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་གནས་སྐབས་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་འཁོར་ལོ་གང་། སད་པའི་གནས་སྐབས་དང་ཞེ་སྡང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས་པས་ཕྱི་ནང་མེད་པ་དྭངས་གསལ་འོད་ཕུང་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས། དེ་ཉིད་ངག་འདོན་གྱིས་གསལ་འདེབས་བྱེད་ན། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྤྱངས་རང་ལུས་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཅེས་བརྗོད་ཅིང་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། བཟླས་སྒོམ་འདི་ཇི་ཙམ་མང་བཞིན་མཆོག་ཏུ་འགྱུར་ལ་ཐ་ནའང་འབུམ་ཐེར་ཙམ་རེ་ངེས་པར་གལ་ཆེའོ། །ཐུན་མཐར་རུ་ཏྲའི་སྨྲེ་བཤགས་ཀྱང་བརྗོད་ལ་བསྒོམ་བྱ་སྒོམ་བྱེད་གཉིས་ཀའང་གདོད་ནས་ཡེ་དག་རོ་མཉམ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ནི་བཤགས་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དྲང་པོར་འདུག་ལ་ཡང་དག་ལྟོས། དེ་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་སོ། །བཞི་པ་ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་པ་ནི། ཚོགས་གསོག་གི་ཐབས་སྤྱི་དང་བྱེ་བྲག་མང་མོད། སྐབས་འདིར་ནང་གི་རྣལ་འབྱོར་ཁྱད་པར་ཅན་ལ་བརྟེན་པ་སྟེ། དེའང་སྔར་ལྟར་རང་ལུས་གཉུག་མའི་ལྷ་ཡི་དམ་གང་ཡིན་ནམ། སྤྱིར་བཏང་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ལྟེ་འོག་རྡོར་སེམས་ཡབ་ཡུམ་བཤད་མ་ཐག་པ་ལྟར་དང་། དབུ་མའི་ཡར་སྣར་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན། སྤྱི་བོའི་འཁོར་ལོར་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་ཡབ་ཡུམ་དམར་པོ། སྙིང་གར་ཐུགས་རྡོ་རྗེ་ཡབ་ཡུམ་སྔོན་པོ། ལྟེ་བར་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་སེར་པོ་རྡོར་དྲིལ་འཛིན་ཅིང་སོ་སོའི་རྩ་འདབ་གྲངས་མཉམ་ཌཱ་ཀིས་བསྐོར་བ་གསལ་གདབ། མོས་གུས་བྱས་ཏེ་འཇམ་རླུང་བཟུང་བས་རྡོར་སེམས་སྐུ་ལས་མེ་འབར་བའི་མེ་ལྕེ་རིམ་པར་གྱེན་དུ་སོང་། སྤྱི་བོའི་ཧྃ་ལ་རེག་པས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་བབས་སྤྱི་བོའི་བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། ལུས་རྩའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། སྣང་སྟོང་སྐུ་རྡོ་རྗེ་དང་དབྱེར་མེད་དུ་གྱུར། སླར་མགྲིན་པར་བབས། བླ་མ་གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་མཆོག་དགའི་མཆོད་པས་མཉེས། ངག་རླུང་གི་སྒྲིབ་པ་དག་ཅིང་ཚོགས་རྫོགས། གྲགས་སྟོང་གསུང་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་སྙིང་གར་བབས། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ཁྱད་དགའི་མཆོད་པས་མཉེས། ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། རིག་སྟོང་ཐུགས་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་ཀྱང་ལྟེ་བར་བབས། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ལྷན་སྐྱེས་དགའ་བའི་མཆོད་པས་མཉེས། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། བདེ་སྟོང་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ་མཐར་གོང་སྨོས་ལྟར་མཉམ་པར་འཇོག་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་ནུས་བཟླ། ནང་གི་གསག་སྦྱོང་གཉིས་པོ་སྦྲེལ་མར་ཉམས་སུ་ལེན་པའི་སྐབས་ཡིག་བརྒྱ་བཟླས་གྲུབ་པའི་རྗེས་ཁོ་ནར་མེ་ལྕེས་ཧྃ་ལས་བདུད་རྩི་དྲང་བའི་དམིགས་པ་ལ་འཇུག་ཅིང་། གཉིས་ཀ་གྲུབ་པའི་རྗེས་མཉམ་གཞག་བྱ། དེ་ཉིད་ངག་འདོན་དུ། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བསམས་ལ་རྗེས་སྔགས་བརྗོད་པ་སོགས་སྔར་ལྟར་བྱའོ། །ལྔ་པ་ཉམས་རྟོགས་སྐྱེ་བའི་ཐབས་ཀྱི་དངོས་གཞི་བླ་མའི་བྱིན་རླབས་ལམ་དུ་བྱ་བ་ལ་གཉིས། བྱིན་རླབས་བླ་མའི་བསྐྱེད་རིམ་དང་། ཟབ་མོ་རྫོགས་པའི་རིམ་པའོ། །དང་པོ་ནི། གཞུང་ལས། དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ ཞེས་སོགས་ཀྱིས་བསྟན་པའི་དོན་ཏེ། དེའང་སྔོན་འགྲོ་གཞན་རྣམས་གྲངས་གསོག་ལྟ་བུ་སྔོན་དུ་སོང་ཟིན་པའི་དབང་དུ་བྱས་ནས་ཉམས་ལེན་འདིའི་སྐབས་སུ་བབ་པ་ན། མཚམས་དམ་དུ་བཅད། རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ། ཐུན་གྱི་སྔོན་འགྲོ་མ་བྱས་ཀྱང་ཆོག་པས་སྐྱབས་སེམས་གསག་སྦྱོང་སྦྲེལ་མར་ཁྱུག་ཙམ་བཏང་ལ། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུའི་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་། དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་པ་དཀར་པོ་འོད་འབར་བ། དེའི་ཐད་ཀ་ལས་ཅུང་ཟད་མཐོ་ཙམ་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་གསོལ་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་བསམས་ལ་ལེགས་པར་གསལ་གདབ། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་བླ་མ་ལ་མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་དེ། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་རྩེ་གཅིག་ཏུ་བྱ། དེའང་ཉམས་རྟོགས་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་འདི་ཁོ་ན་ལ་ནན་ཏན་དུ་བྱ་དགོས་ལ། སྔོན་འགྲོ་སྔ་མ་རྣམས་འབུམ་ཐེར་བསགས་པ་ཡིན་ན་གསོལ་འདེབས་ཀྱང་དེ་ལས་མི་ཉུང་བ་བྱ། བཟླས་པ་འབུམ་ཕྲག་བཅུ་གཉིས་ཀྱི་གྲངས་ཐེམས་ངེས་དགོས་པས་ཐུན་རེ་ལ་ཇི་ཙམ་འོས་པ་བཟླས་པའི་མཐར་དབང་བླང་བ་ནི། སླར་ཡང་མོས་གུས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་མོས། དབང་ལེན་འདི་ཐུན་གྱི་དངོས་གཞི་བཟླས་པ་ལ་བྱེད་པའི་སྐབས་སུའང་ཡང་ཡང་བསྒོམས་ན་བྱིན་རླབས་ཤིན་ཏུ་ཆེ་གསུངས། མཐར་བླ་མ་ཉིད་དགྱེས་པས་འོད་དུ་ཞུ་སྟེ་སྨིན་མཚམས་ཀྱི་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམས་ལ་སེམས་གཏད། འདི་བྱིན་རླབས་ཤིན་ཏུ་བརྟན་པར་བྱེད་པའི་གནད་དོ། །ཐོག་མར་གསོལ་འདེབས་གཙོར་བྱེད་པའི་སྐབས་སུ་འདིའི་མཚམས་འོག་ནས་འབྱུང་བ་ལྟར་དམིགས་བཟླས་ཁྱུག་ཙམ་བྱས་ལ་བསྡུ་རིམ་དང་བསྔོ་སྨོན་གྱིས་མཐར་དབྱུང་ངོ་། །དེས་གསོལ་འདེབས་བླ་མའི་རྣལ་འབྱོར་གྲུབ་ནས་བསྐྱེད་བཟླས་སེམས་འཛིན་གཙོར་བཏོན་པའི་སྐབས་སྔ་མའི་འགྲོས་སྦྱར་བས་ཀྱང་ཆོག་མོད། འདི་ལ་ཀུན་བཟང་དོན་གྱི་ཕྲིན་ལས་དང་སྦྲེལ་ན་ལེགས་པས་སྨན་རག་གཏོར་མཆོད་སོགས་ཚོགས་གསོག་པའི་ཡན་ལག་ཡིན་ཕྱིར་སྤྱི་ལྟར་བཤམ། མ་འབྱོར་ཡང་དགོངས་པ་གསལ་འདེབས་ཙམ་ཁོ་ནས་ཆོག་པའོ། །དེའང་དོན་ཕྲིན་གྱི་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་གསག་སྦྱོང་སྦྲེལ་མ་སྔར་བཞིན་སྦྱར་ལ་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་བཏང་། སྤྱན་འདྲེན་དང་བཞུགས་གསོལ་གྲུབ་རྗེས་མདུན་མཁར་བླ་མ་ལ་གསོལ་འདེབས་དང་བཟླས་པ་ཁྱུག་ཙམ་བྱས་ལ་དབང་བཞི་བླངས་ནས་བསྟིམ། ལས་བྱང་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་ལྷ་སྐུའི་གསལ་སྣང་འདོན་བསྐྱོར་བྱས་ལ། དང་པོ་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་བཟུང་། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག །དེ་ལ་སེམས་ཟིན་པ་ན་སྨིན་མཚམས་ཆོས་འབྱུང་དགའ་འཁྱིལ་དབུས་ཀྱི་ཐིག་ལེ་དཀར་པོ་ཨས་མཚན་པ་སྲན་མ་ཙམ་ལ་སེམས་བཟུང་བ་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་ངེ་འཛིན་ནོ། །དེ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པ་ན། ཕྲིན་ལས་ལྟར། ཨ༔ ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ སོགས་ཀྱིས་དགོངས་པའི་གཟེར་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ། ཇི་ལྟར་རིགས་པ་བཟླ། མཐར་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའམ་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་བྱས་ལ་སེམས་འཛིན། དེས་སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱད་པར་བསམ། ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་སྒྱུར་བར་བསམས་ལ་ངག་བཟླས་ཡིད་བཟླས་ཇི་ལྟར་རིགས་པར་བྱས་ཏེ་འཕྲོ་འདུའི་རྩལ་སྦྱོང་བ་ནི་གསུང་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། བསྐྱེད་བཟླས་གྲུབ་པའི་མཐར་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག །དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ། །མཐར་དེ་ཡང་གཞའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་སྣོད་བཅུད་དག་པའི་འཁོར་ལོར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་བྱ་སྟེ་གསལ་འདེབས་པའི་ཚིག་ནི་ལས་བྱང་ལས་འབྱུང་བ་ལྟར་རོ། །དེའང་ཐིག་ལེ་ལ་སེམས་འཛིན་པ་ཡན་ཆད་རྟེན་ཅན་ཞི་གནས། དམིགས་མེད་དུ་འཇོག་པ་རྟེན་མེད་ཞི་གནས་ཏེ་འདི་ནི་གཙོ་བོར་སྔགས་ཀྱི་བསྐྱེད་རིམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། རེ་ཞིག་འདི་ཙམ་ལས་མི་ལྕོགས་ན་ལྷག་མཐོང་སྒྲུབ་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་འོག་ཏུ་འབྱུང་བ་ཉིད་འདིར་སྦྱར་བས་བསྐྱེད་རྫོགས་རྐང་ཚང་བ་གཅིག་ཏུ་འགྱུར་རོ། །སྔ་ཕྱི་སྦྲེལ་ན་ཀུན་བཟང་དོན་ཕྲིན་མི་སྦྱོར་བར་གསོལ་འདེབས་དབང་ལེན་གྲུབ་ནས་ལྷ་སྐུའི་སེམས་འཛིན་ལ་འཇུག་གོ། ༈ །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་གཅོད། དངོས་གཞི་འཁྲུལ་པ་རང་གྲོལ། རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད་ནི༔ ཞེས་པ་སྟེ། དེ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་པས་འདི་ཕྱིན་ཆད་རྣམས་ལ་ཐོག་མར་བླ་མའི་རྣལ་འབྱོར་རེ་སྔོན་དུ་འགྲོ་དགོས་པས། བྱིན་རླབས་བླ་མའི་གསོལ་འདེབས་ལྟར་རམ། བསྡུ་ན་ཐུན་གྱི་སྔོན་འགྲོར་བཤད་པ་ལྟར་བྱས་ལ། གདན་འབོལ་ཞིང་རྒྱ་ཆེ་བར་བཏིང་པའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་ལ་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས། མགོ་ལ་མ་རེག་པར་ཐལ་མོ་སྤྱི་བོར་སྦྱར་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། མིག་བར་སྣང་ལ་ཧར་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ནས་རྣམ་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཡང་སྤངས་ཏེ་མི་རྟོག་པ་ཁོ་ནའི་ངང་དུ་ལུས་རང་ཤུགས་ཀྱིས་མ་འགྱེལ་བར་དུ་མི་འགྱུར་བར་བཞག །ཧལ་གྱིས་འགྱེལ་བ་ན་དེ་ཐོག་འགུལ་བསྐྱོད་བཟོ་བཅོས་ཅིའང་མི་བྱ་བར་རྟོག་མེད་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་འབད་པ་ཉི་མ་གསུམ་དུ་སྦྱངས་པས་ལུས་ཀྱི་མངོན་ཞེན་ལྡོག་པ་དང་སྤྲུལ་སྐུར་གྲོལ་བར་བྱེད་པས་ལུས་སྦྱོང་དང་ལུས་ཀྱི་རུ་ཤན་དབྱེ་བ་དུས་གཅིག་ཏུ་འགྲུབ་པའོ། །གཉིས་པ་ནི། ངག་མི་སྨྲ་བ་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་གསུངས་པའི་དོན། སྙིང་ཐིག་ཆེན་མོ་ལྟར་རྒྱས་གདབ་རྩལ་སྦྱོང་མཉེན་བཙལ་ལམ་གཞུག་རྣམས་རེ་རེ་བཞིན་བྱས་ཀྱང་ཆོག་མོད། སྐབས་འདིར་གནད་བསྡུས་ཏེ། ལུས་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད་ལ། རང་གི་སྙིང་གར་གཞིར་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་ཞིག་བསམ། ཧཱུྃ་གི་གླུ་ཆེ་ཆུང་རན་པ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་བྱུང་ཉེ་སྐོར་ཐམས་ཅད་གང་། རིམ་པར་ཕྱི་རོལ་སྣོད་བཅུད་རྣམས་གང་སྟེ་ཐམས་ཅད་ཀྱང་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་ཏུ་གྱུར། དེ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པ་མང་པོ་འཕྲོས། རང་ལུས་དང་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཁྲོལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་མཐར་ཕྱི་ནང་བརྟན་གཡོ་ཐམས་ཅད་ཧཱུྃ་འབའ་ཞིག་གི་རྣམ་པར་གྱུར་པར་བསམ། རྗེས་སུ་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག །དེ་ལྟར་བསྐྱར་ཏེ་ཉི་མ་གསུམ་ཙམ་ལ་འབད་པས་ངག་གི་མངོན་ཞེན་ལྡོག་ཅིང་ལོངས་སྐུར་གྲོལ་བར་བྱེད་པས་ངག་སྦྱོང་དང་རུ་ཤན་དབྱེ་བ་དུས་གཅིག་འབྱུང་བའོ། །གསུམ་པ་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་གསུངས་པའི་དོན་བླ་མའི་རྣལ་འབྱོར་དང་ལུས་གནད་སྔ་མ་ལྟར་བྱས་ལ་གཞན་དུ་མ་ཡེངས་པར། རང་ཉིད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་མཁན་དང་མཐར་སངས་རྒྱས་ཐོབ་མཁན་སོགས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་འདི་ལུས་ངག་ཡིད་གསུམ་གང་ཡིན་ལེགས་པར་བརྟགས་ཤིང་དཔྱད་པས། ལུས་སྐྱེ་འཆི་མང་པོར་གྱུར་པས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ནམ་དུའང་མེད་པར་མི་འགྱུར་བས་སེམས་ཁོ་ན་གཙོ་བར་ཤེས་པ་ན། སེམས་ཞེས་པ་ད་ལྟའི་རྣམ་རྟོག་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་ལས་ཅིའང་མེད། འདི་ཉིད་དང་པོ་ཕྱི་ནང་གི་དངོས་པོ་འམ་དངོས་མེད་གང་ལས་བྱུང་། འདི་ནས་བྱུང་སྙམ་པ་འདུག་ན་བྱུང་ཁུངས་དང་བྱུང་ལུགས་ཇི་ལྟ་བུ། ད་ལྟ་ཕྱི་ནང་དང་ལུས་ཀྱི་སྟོད་སྨད་བར་གསུམ་གང་དུ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་སྙིང་དེའི་ཡང་སྟོད་སྨད་མཐའ་དབུས་གར་གནས་པ་དེའི་ངོ་བོ་ཁ་དོག་དབྱིབས་ཇི་ལྟ་བུས་གནས། མཐར་འགག་པའི་ཡུལ་ལམ་འགྲོ་བའི་གནས་ཅི་འདྲ་བ་ཞིག་འདུག །བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་གཅིག་གམ་ཐ་དད་ཡིན་སོགས་སྐད་ཅིག་ཀྱང་མ་ཡེངས་པར་རྩད་བཅད་ལ་ལྷོད་ཀྱིས་ཀློད། དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་མ་ཐག་དྲན་པས་བཟུང་ལ་དེ་ཉིད་གང་ལས་བྱུང་། རྣམ་པ་ཇི་ལྟ་བུ། ཡལ་དུས་གང་དུ་འགྲོ །དེ་དང་རྟོག་བྱེད་གཉིས་གཅིག་ཡིན་མིན་སོགས་རིག་པ་རྐྱང་འདེད་ཀྱིས་ཕུ་ཐག་མ་ཆོད་བར་བརྟགས་ཤིང་དཔྱད་པས་ཅིའང་མ་རྙེད་གང་དུའང་མ་གྲུབ། ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་ནས། དང་པོ་བྱུང་བར་སྙམ་ཡང་འོང་མཁན་གཞི་རྩ་མ་གྲུབ་པས་སྐྱེ་བ་མེད་པ་ཆོས་སྐུའི་བཞུགས་ཚུལ། བར་དུ་གནས་པ་སྙམ་ཡང་དངོས་པོ་དངོས་མེད་གང་གི་ཚུལ་དུའང་མི་གནས་པས་གནས་པ་མེད་པ་ལོངས་སྐུའི་གཤིས་ལུགས། མཐར་འགག་པར་སྙམ་ཡང་གང་དུའང་འགྲོ་མཁན་དང་འགྲོ་ཡུལ་མ་དམིགས་པས་འགག་པ་མེད་པ་སྤྲུལ་སྐུའི་རང་བཞིན་དུ་ངོ་འཕྲོད་པས། ཡིད་ཀྱི་མངོན་ཞེན་ལྡོག་པ་དང་ཆོས་ཀྱི་སྐུར་གྲོལ་བར་བྱེད་པས་སེམས་སྦྱོང་དང་སེམས་ཀྱི་རུ་ཤན་དབྱེ་བ་ཕྲུགས་གཅིག་ལ་རྫོགས་པའོ། །བཞི་པ་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྒོ་གསུམ་གྱི་སྔོན་འགྲོ་དེ་རྣམས་ལ་འབད་པའི་སྐབས་ཐམས་ཅད་དུ་ཨ་འཐས་གཉིས་འཛིན་མཚན་མར་རྟོག་པའི་བློས་མི་བཅིང་བར་ཐོག་མ་ཉིད་ནས་ལྟ་བ་ཀ་དག་ནམ་མཁའ་ལྟ་བུའི་རྩིས་ཟིན་པ་གལ་ཆེ་སྟེ། བྱ་བྱེད་ལས་གསུམ་གའང་ཐོག་མར་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བ་ལས་མེད་སྣང་གློ་བུར་བ་ནམ་མཁའ་སྟོང་པ་ལས་སྤྲིན་བརྡོལ་བ་ལྟ་བུར་བྱུང་ཡང་རང་བཞིན་མེད་པར་ཤེས་པ་དང་། མཐར་དེ་དག་ཐམས་ཅད་ཀྱང་དབྱིངས་ཀ་དག་གི་ངང་དུ་སྤྲོས་པ་ཉེ་བར་ཞི་བ་སྤྲིན་ནམ་མཁའ་ལ་རང་དེངས་སུ་འགྲོ་བ་བཞིན་བསམ་བརྗོད་འཛིན་བྲལ་ཆེན་པོར་བསྐྱལ་བ་དང་། སྒོ་གསུམ་གྱི་རྣམ་འགྱུར་ཇི་ལྟ་བུ་ཞིག་བྱས་ཀྱང་དབྱིངས་ཀ་དག་གི་རང་བཞིན་ལས་གཞན་དུ་རྡུལ་ཙམ་ཡང་གཡོ་བ་མེད་པ་རྩོལ་བཅས་སམ་རྩོལ་མེད་ཀྱི་དྲན་པ་བློ་ནུས་དང་སྦྱར་བས་བཟུང་སྟེ་ལམ་དུ་གཏོང་བ་ཁོ་ན་གནད་དུ་ཆེའོ། །གཉིས་པ་དངོས་གཞིའི་ཁྲིད་ནི། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་གསུངས་ཏེ། དེ་ལ་བཞི། རི་བོ་ཅོག་གཞག །རྒྱ་མཚོ་ཅོག་གཞག །རིག་པ་ཅོག་གཞག །དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ༔ ཞེས་པ་སྟེ། སྔོན་འགྲོ་ལེགས་པར་འབྱོངས་ནས་དངོས་གཞིའི་ཐོག་མར་གཞི་ཀ་དག་ཁྲེགས་ཆོད་ཀྱི་དོན་ཉམས་སུ་ལེན་པ་ནི། ལུང་ལས། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །ཅེས་གསུངས་པ་ལྟར། ལུས་སོག་ཕོན་ཐག་པ་ཆད་པ་ལྟར་རང་བབས་བདེ་ལུགས་ཀྱི་ངང་དུ། འགྲོ་འདུག་བྱ་བྱེད་གཡོ་སྐྱོད་སོགས་ཀྱིས་ནམ་ཡང་མི་འགྱུར་བ་རི་བོ་ལྷུན་ཆགས་པ་ལྟར་རང་བཞིན་བབ་གཤིས་སུ་ཅོག་གེར་བཞག །ལས་དང་པོ་པ་ལ་སྒོ་གསུམ་གློད་ཆེས་ན་ཐ་མལ་དུ་འབྱམས་ཉེན་ཡོད་པས་སྐབས་སུ་རྣམ་སྣང་ཆོས་བདུན་ལས་མི་གཡོ་བར་བྱ། དེའང་ལྟ་སྒོམ་ལ་གནད་དུ་གང་འགྲོ་དང་བསྟུན་པའི་སྒྲིམ་གློད་སྤེལ་མར་བྱས་ཏེ་ཏིང་ངེ་འཛིན་གྱི་གཞི་གཟུང་ངོ་། །གཉིས་པ་ནི། ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ ཞེས་པ་སྟེ། དེའང་ལུང་ལས། མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཅེས་གསུངས་པས། ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་སྨྲ་བརྗོད་རླུང་རྩོལ་ཐམས་ཅད་སྤངས་ཏེ། ཕྱི་ལྟར་མིག་མི་འགུལ་བར་ལྟ་སྟངས་ཅུང་ཟད་གྱེན་ཏུ་ཕྱོགས་པའི་ནམ་མཁར་ཧྲིག་གེར་གཏད། ནང་ལྟར་ཤེས་པ་བཟོ་མེད་རྗེན་པའང་དེར་གཏད་པས་དབྱིངས་དང་རིག་པ་ཟུང་འབྲེལ་ཡུལ་དང་ཡུལ་ཅན་དབྱེར་མེད་གསལ་དྭངས་ངོས་བཟུང་དང་བྲལ་བའི་ངང་། ཕྱི་ནང་གཉིས་རྒྱ་མཚོ་ཆེན་པོ་བཞིན་མི་གཡོ་བར་འཁྱིལ་ལེར་གནས་པ་ལ་རྩེ་གཅིག་ཏུ་གཟིར་ཏེ་ཨར་ལ་གཏད་པར་བྱའོ། །གསུམ་པ་ནི། སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ ཞེས་པ་སྟེ། སེམས་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་ཕྱི་ནང་གང་དུའང་མ་ཡེངས་པར་རིག་པ་ཁེར་འདེད་ཀྱི་ཅོག་གཞག་ཆེན་པོས་གདོད་མའི་དབྱིངས་སུ་ལ་བཟླ་བར་བྱ་དགོས་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུའི་རྟགས་འཆར་བའི་ཚུལ་ལོ། །དང་པོ་ནི། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་གསུངས་ཏེ། འདི་ལྟར་ཕྱི་རོལ་ཡུལ་གྱི་སྣང་བ་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་བློས་ཕར་བརྟགས་ཤིང་བཀོད་པ་ཁོ་ན་མ་གཏོགས་རང་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད། ནང་གཟུང་འཛིན་འཁྲུལ་པའི་གཞན་དབང་གིས་མཚན་རྟོག་བྱུང་ཚོར་གྱི་འདུ་ཤེས་སྣ་ཚོགས་པ་དང་བཅས་པའི་བློ་སེམས་འདི་ནི་རྨི་ལམ་བཞིན་དུ་མེད་པ་གསལ་བར་སྣང་བ་ཙམ་ཡིན་ལ། སེམས་ཀྱི་ངོ་བོའམ་དབྱིངས་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ལ་རྒྱར་མ་ཆད་པ། ཀུན་ལ་ཁྱབ་ཅིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་བརྟག་དཔྱད་ཀྱི་བློས་དོན་སྤྱི་ཙམ་གོ་བ་ལས་དོན་ཇི་བཞིན་པ་མི་མཚོན། འོན་ཀྱང་བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་སྒོམ་སྟོབས་ལ་བརྟེན་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། སྣང་སྟོང་ཡོད་མེད་ཉེ་རིང་གང་དུའང་མ་རྟེན་པའི་གཤིས་ལུགས་གཞི་མེད་རྩ་བྲལ་མཐོང་མེད་ནམ་མཁའ་ལྟ་བུ་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དབྱིངས་ཀ་དག་དང་རིག་པ་གཏིང་གསལ་དབྱེར་མེད་པ་སུས་ཀྱང་འདུས་མ་བྱས་པ་སྟེ། ཉམས་ལེན་དུ་ཧྲིལ་དྲིལ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཉེན་པོས་མ་བཅོས་ཤིང་མཚན་མས་མ་བསླད་པ། རང་བྱུང་ཡེ་ཤེས་སྟོང་གསལ་བློ་འདས་ཆེན་པོར་ཝ་ལེར་གསལ་བ་འདི་ཉིད་གདོད་མའི་ཆོས་སྐུ་རིག་སྟོང་རྗེན་པར་རང་ངོ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་སྟེ་ལྟ་བས་ཐག་བཅད་པའོ། །གཉིས་པ་ནི། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་གསུངས་ཏེ། ཀ་དག་ལྟ་བའི་གནས་ལུགས་དེ་ལྟར་ཁོང་དུ་ཆུད་ནས་དེའི་དོན་སྒོམ་པས་ཉམས་སུ་ལེན་པ་ན། ལུང་ལས། ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་ལྟར། སྔར་ངོ་འཕྲོད་པའི་ལྟ་བ་ནམ་མཁའ་ལྟ་བུ་དེ་ལ་རྣལ་འབྱོར་དུ་བྱ་སྟེ། དེའང་། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་ཚུལ་བཞིན་བསྒོམ་པར་བྱ་རྒྱུ་རྡུལ་ཙམ་མེད་པས་ཅིའང་མི་སྒོམ་པའི་ཚུལ་གྱིས་སྤང་ཐོབ་ཡེངས་འཁྲུལ་གདོད་མ་ནས་མ་གྲུབ་པས་ནམ་ཡང་གནས་ལུགས་ཀྱི་དོན་དང་མི་འབྲལ་བ་ལ་བསླབ་བོ། །དེའི་དོན་མདོར་དྲིལ་ན། བཞི་ཆ་གསུམ་བྲལ་བློ་འདས་ཆོས་སྐུའི་དགོངས་པ་ལས་མི་གཡོ་བར་གནས་པ་སྟེ། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་ཤེས་པ་སྐད་ཅིག་མ་བཟོ་བཅོས་མ་བྱས་པ་སྟེ་རྟོག་པ་གསུམ་དང་བྲལ་བའི་བཞི་པའི་ཆ་རང་བྱུང་རིག་པའི་ཡེ་ཤེས་གསལ་ཧྲིག་རྗེན་ནེ་བ། ཡངས་པ་ཕྱལ་ལེ་བའི་ངང་དུ་ཆེད་དུ་རྩོལ་བས་མ་བསྒྲུབས། ཡེངས་པ་ཕྱལ་བར་མ་འབྱམས་པར་སེམས་ཀྱི་རྟོག་པའི་འཕྲོ་འདུ་ཅི་ཞིག་བྱུང་ཡང་ནམ་མཁའ་ལ་སྤྲིན་གྱིས་ཕན་གནོད་མེད་པ་ལྟར་རིག་པ་ལ་ཅིས་ཀྱང་མ་གོས་པས་རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་བཞིན་གཉེར་ཁ་མེད་པར་ཁ་ཡན་རང་བབ་ཏུ་གློད་ཅིང་བཞག་པ་ནི་ཐག་གཅིག་ཐོག་ཏུ་བཅད་དེ་སྒོམ་པས་ཉམས་སུ་བླང་བའོ། །དེས་ན་འཁོར་འདས་ཀྱི་སྣང་བའི་ཆོ་འཕྲུལ་བཟང་ངན་ཅི་ལྟ་བུ་ཞིག་ཤར་ཡང་རང་གི་རིག་པའི་རྩལ་ལས་མ་འདས་པས་རིག་པ་ཉིད་རང་སོ་ཟིན་པ་ཁོ་ནས་ཆོག་སྟེ། ལུང་ལས། ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་སོ། །གསུམ་པ་ནི། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་མིག་གི་ཡུལ་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གི་སྣང་བ་དབང་པོ་ལ་བཀྲ་ལམ་གྱིས་ཤར་བ་ན། རྣམ་པར་ཤེས་པ་ཁ་ཕྱིར་བལྟས་ཀྱིས་དེ་ལ་ཡེངས་ན་དྲན་ཤེས་དང་བྲལ་ནས་ཆགས་སྡང་གིས་ལས་སོགས་ཏེ་སྒོམ་པ་དོན་མེད་པར་འགྱུར་བས། ཤར་མ་ཐག་པ་ནས་དྲན་པས་བཟུང་སྟེ་དེ་ལ་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་འཛིན་པའི་སེམས་ཀྱི་ཁང་བུ་བཤིགས་ལ་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རང་བབ་ཏུ་འཇོག་ཅིང་རྩོལ་བ་ཀློད་དེ། དཔེར་ན་བསྒྲུབ་བྱའི་ལས་གང་ཞིག་བྱས་ཟིན་པའི་སྐྱེས་བུས་ལུས་སེམས་རྩོལ་མེད་དལ་བར་གནས་པ་ལྟར་ཅིའང་སྤྱད་དུ་མེད་པའི་སྤྱོད་པ་ལ་གནས་པར་བྱའོ། །དེའང་གནས་ལུགས་རང་བབ་ཀྱི་ངང་དུ་འཇོག་པའི་དུས། ཐ་མལ་ཤེས་པ་ཡུལ་ལ་འཕྲོ་འཇུག་བྱེད་ཀྱང་འཕྲོ་བའི་རྗེས་སུ་མ་ཡེངས་ཤིང་བཅོས་བསླད་མེད་པར་ཀློད་པས་ཆུ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་རང་ཤར་རང་གྲོལ་ལས་མ་གཡོས་པ་ནི་གདིང་གྲོལ་ཐོག་ཏུ་འཆོས་པ་ཞེས་འབྲས་བུ་གཏན་ལ་ཕེབ་པའོ། །བཞི་པ་ནི། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་པ་སྟེ། དེ་ལྟར་ཅོག་གཞག་རྣམ་པ་གསུམ་གྱིས་རྩེ་གཅིག་ཉམས་ལེན་ལ་བརྩོན་པའི་ཚེ་རླུང་སེམས་དབུ་མར་ཞུགས་པའི་རྟགས་སུ་སྣང་ཉམས་ཅི་རིགས་པ་དང་ཤེས་ཉམས་སྣ་ཚོགས་པ་རྣམས་ཀྱང་འབད་རྩོལ་མེད་པར་ཤུགས་ཀྱིས་འབྱུང་ལ། རིམ་པར་གོམས་འདྲིས་བརྟན་པ་ཐོབ་པ་ན། རང་བྱུང་གདོད་མའི་ཆོས་སྐུ་གནས་ལུགས་འོད་གསལ་གྱི་རིག་པ་དྲི་མ་ཐམས་ཅད་དང་བྲལ་བའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བླག་ཏུ་གྲུབ་ནས་ཆོས་ཉིད་དབྱིངས་ཀྱི་ངང་དུ་ཆོས་ཅན་མཚན་མའི་སྤྲོས་པ་ཉེ་བར་ཞི་བས་སྲིད་ཞིའི་ཁྱབ་བདག་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྤྱིར་ཅོག་གཞག་གང་ཡིན་པ་བྱའོ་སྙམ་པ་ལྟ་བུའི་སྙམ་བྱེད་ཀྱི་རྟོག་པའང་ངོ་ཤེས་བཞིན་པའི་ངང་སྦྱང་བྱ་དེ་ཉིད་རྩོལ་བ་མི་དགོས་པའི་རྩལ་རྫོགས་པ་དང་མཐར་གོམས་ཤིང་འདྲིས་ནས་གདིང་དུ་གྱུར་ཏེ་བརྟན་པ་ཐོབ་པར་བྱ་དགོས་པའང་ཡིན་ལ། ཁྱད་པར་ཉམས་ལེན་དེ་རྣམས་ཀྱི་སྐབས་ཐམས་ཅད་དུ་སྒོ་གསུམ་དང་འབྲེལ་བའི་རྣམ་རྟོག་གི་འཕྲོ་འདུ་མཐའ་ཡས་པ་ཞིག་འབྱུང་བར་འགྱུར་ལ། བྱུང་བ་དེ་ཉིད་མ་བྱུང་ན་ལེགས་སོ་སྙམ་པས་བཀག་ཀྱང་མི་བཀག །རྟོག་པ་ངན་པ་བཟང་པོར་བསྒྱུར་བ་ལྟ་བུའི་བཅོས་བསླད་ཀྱང་མི་བྱ། རྟོག་པ་མ་སྐྱེས་ན་ཆེད་དུ་སྐྱེར་ཡང་མི་གཞུག་ལ། གློ་བུར་ཤུགས་འབྱུང་དུ་བཟང་ངན་བར་མའི་རྟོག་པ་ཇི་ལྟ་བུ་ཞིག་སྐྱེས་ཀྱང་དེ་མ་ཐག་དྲན་པས་ཙིར་གྱིས་གཟུང་ལ་ངོ་ཤེས་པར་བྱ། ཤེས་མ་ཐག་གཉེན་པོས་གློ་རྡེག་མི་བྱ་བར་རྩལ་རྫོགས་སུ་འཇུག །རྫོགས་མ་ཐག་ཁ་ཡན་ཏུ་མི་བཏང་བར་རྟོག་པ་རང་གི་ངོ་བོ་ཆོས་ཉིད་དུ་ཀློད་ལ་རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ་ཏེ། ཐོག་མར་རྣམ་རྟོག་རང་བཞིན་མེད་པར་གྲོལ་བ་བུ་ཆུང་གིས་ལྷ་ཁང་བལྟ་བ་ལྟ་བུ། བར་དུ་རྣམ་རྟོག་གཉེན་པོ་མེད་པར་གྲོལ་བ་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟ་བུ། མཐར་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་རྐུན་པོ་ཁང་སྟོང་དུ་ཕྱིན་པ་ལྟ་བུ་ལ་གདིང་འཆོས་ཏེ་བརྟན་པ་ཐོབ་པར་བྱ་བ་ནི་གནད་ཀྱི་སྙིང་པོའོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་ནི༔ ཞེས་པས་བསྟན་ཏེ། དེ་ལ་གཉིས། གཞུང་དོན་དང་། འཕྲོས་དོན་ནོ། །དང་པོ་ལ་བཞི། བཞུགས་སྟངས། གཟིགས་སྟངས། དམིགས་གནད། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞི་བཟུང་ངོ༔ ཞེས་པ་སྟེ། དེ་ལྟར་ཁྲེགས་ཆོད་ཀྱི་ལྟ་སྒོམ་ལ་བརྟན་པ་ཐོབ་ནས་ལམ་ལྷུན་གྲུབ་ཐོད་རྒལ་ཉམས་སུ་ལེན་པ་ལ་སྒོ་ཡུལ་རླུང་རིག་གི་གནད་གཅུན་པ་གལ་ཆེ་བས། ལུས་འགུལ་སྐྱོད་ལ་སོགས་པས་ཅུང་ཟད་ཀྱང་མི་གཡོ་བར་བཞུགས་སྟངས་གསུམ་ལ་རྟག་ཏུ་གནས་པས་ཡེ་ཤེས་འཆར་བའི་གཞི་བཟུང་དགོས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་དང་ངག་ཡིད་རབ་ཏུ་གཅུན། །ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་པ་དག་ནི་མཉམ་པ་ཡིན། །ཞེས་ཕན་ཡོན་བཅས་གསུངས་པ་ལྟར། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་ངར་དྲང་པོར་བསྲང་། རོ་སྟོད་གསེངས་ཏེ་དཔུང་པ་གྱེན་ཏུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས་ཏེ་མགོ་ཐད་ཀར་གཏོད་པའོ། །དེ་གསུམ་གྱིས་འབྱུང་བ་རང་སར་དག །གཡོ་བྱེད་ཀྱི་རླུང་ཟིན། དྲོད་སྐྱེད་ཅིང་འབྱུང་བཞི་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་བར་བྱེད་དོ། །གཉིས་པ་ནི། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ ཞེས་པ་སྟེ། ངག་གིས་སྨྲ་བརྗོད་ཅུང་ཟད་ཀྱང་མི་བྱ་བར་རླུང་དལ་བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་བཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་སྟེ། སྔ་མ་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །དེའི་ངང་ལས་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་དབྱིངས་རིག་གི་སྣང་བ་ཨར་ལ་གཏད་པར་བྱ་སྟེ། དེའང་གཟིགས་སྟངས་ཀུན་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེབ། ཧ་ཅང་རྩོལ་བས་མི་བསྡམ་པར་ལྟ་སྟངས་ཀློད་ཅིང་བལྟ་བ་ནི་གནད་ཡིན་ལ། ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་ལ་ལྡོག་པ་གཙུག་གཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་ལྟ་བུས་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། དེ་ལྟར་གཟིགས་སྟངས་གསུམ་པོ་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ཏེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་ནི། སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ ཞེས་པ་སྟེ། སེམས་ཕྱིའི་སྣང་བ་ལ་མི་གཡེང་། ནང་འཛིན་རྟོག་དང་བྲལ་བ་ཁྲེགས་ཆོད་ཀ་དག་གི་དགོངས་པ་ལས་མ་གཡོས་ཤིང་མ་འཁྲུལ་པའི་ངང་དུ། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་དྭངས་པ་ལ་རྟེན་བྱས། འོད་གསལ་འཆར་སླ་བའི་ཆེད་དུ་སྔ་དྲོ་ཤར་དང་དགོང་མོ་ནུབ་ཏུ་ཁ་ཕྱོགས་པས་ཉི་མའི་དཀྱིལ་འཁོར་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་ཟིམ་བུས་མིག་དང་རིག་པ་ཡུལ་སྣང་གསུམ་དབྱེར་མེད་པར་བྱས་ལ་བལྟས་པས། དབྱིངས་སྣང་གི་རྭ་བར་རིག་པའི་གདངས་རྩལ་རྡོ་རྗེ་ལུ་གུ་རྒྱུད་དུ་འཆར་བའི་ལྷུན་གྲུབ་འོད་གསལ་གྱི་སྦུབས་སུ་ཡུལ་སེམས་ཀྱི་འཁྲུལ་པ་ཐམས་ཅད་གཞུག་ཅིང་བསྟིམ་པར་བྱ་སྟེ། རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པ་ཡིན། །ཞེས་སོ། །གོང་དུ་ཨར་གཏད་དང་འདིར་སྦུབས་འཇུག་རྣམས་དོན་གཅིག་སྟེ་སྣང་རིག་དབྱེར་མེད་ལ་རྩེ་གཅིག་ཏུ་གཟིར་བའི་དོན་ཏོ། །དེའང་མཐོང་ཡུལ་ལ་གངས་དང་ཁ་བ་ཡོད་ན་མིག་ལ་གནོད་པས་བྱོལ་དགོས་ཤིང་། ཐོག་མར་ཐག་རིང་བ་ལས་རིམ་པར་ཇེ་ཐུང་དུ་ཁྲིད། བཞུགས་སྟངས་དང་གཟིགས་སྟངས་གསུམ་པོའང་རིམ་པར་སྔ་དྲོ་ཉིན་གུང་གསུམ་ལ་གཙོར་བྱ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་ཉིད་སྟབས་བདེའོ། །ཅུང་ཟད་གོམས་ནས་དབྱིངས་སྣང་འཇའ་ཚོན་དང་ཐིག་ལེ་ལེགས་པར་འཆར་བའི་ཚེ་དེ་དག་འགུལ་འཕྲིག་བྱེད་པའི་རྗེས་སུ་རྟོག་པ་འབྲངས་ན་འཕེལ་བརྟན་ཏུ་མི་འགྱུར་བས་ལྟ་སྟངས་དང་རིག་པ་ཐོག་མར་གཏོད་ས་དེ་ལས་མ་གཡོས་པ་གནད་ཡིན་ལ། རེས་འཆར་སྒོ་མི་གསལ་བ་དང་ཕྱོགས་གཞན་དུ་ཡལ་ཡོལ་བྱེད་ན་དེ་རྗེས་ཅར་ཕོག་ཏུ་མི་འབྲངས་བར་བལྟ་སྟངས་དལ་བུས་ཁྲིད་པས་སྔར་བཞིན་དུ་འཆར་བར་འགྱུར་རོ། བཞི་པ་ནི། དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་པ་སྟེ། སྒོ་གསུམ་དང་འབྲེལ་བའི་གནད་དེ་ཐམས་ཅད་ཀྱང་སྤྱི་ལྟར་ན་ཐུན་བཞིའི་ཉམས་ལེན་ཆ་མཉམ་པར་སྦྱོར་ཏེ་བརྟན་པ་མ་ཐོབ་བར་དེ་ལས་མི་གཡོ་བ་དང་། ནང་ལྟར་དབྱིངས་ཀ་དག་དང་རིག་པ་འོད་གསལ་བཞི་ཆ་གསུམ་བྲལ་གདོད་ནས་དབྱེར་མེད་པ་ལ་གཟུང་འཛིན་གྱིས་རིས་སུ་མི་བཅད་པར་མཉམ་པར་སྦྱོར་བ་དང་། གསང་བ་དབྱིངས་སྣང་འཇའ་ཐིག་གི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གསལ་ཅིང་འགུལ་འཕྲིག་ཅན་དེ་ལ་རྟོག་དཔྱོད་ཀྱིས་མ་བསླད་པར་བལྟ་མཁན་རིག་པའི་རང་ངོ་ལས་མ་ཡེངས་ཙམ་གྱིས་སྨིན་མཚམས་འཇའ་ཚོན་ཕྲ་མོ་ལ་རྩེ་གཅིག་ཏུ་གཏོད་པས་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ན། སྣང་བ་བཞིའི་སྣང་ཉམས་དང་ཤེས་ཉམས་ཐམས་ཅད་ཟད་སར་སྐྱེལ་ཏེ་གདོད་མའི་ཐིག་ལེ་ཆེན་པོར་མཉམ་པར་སྦྱར་བ་གནད་དུ་ཆེའོ། །སྤྱིར་འདི་ལྟར་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས། ནང་གི་འཛིན་པས་མ་བསླད། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བ་ལས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་སྣང་བ་སྨིན་མཚམས་ནས་དྲལ་ཏེ་ཕྱི་ནང་དང་གསལ་འགྲིབ་མེད་པར་འཆར་བ་ན། རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་བར། །དྲལ་བའི་སྐྱེས་བུ་སྐལ་པ་བཟང་། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་སོ། །གཉིས་པ་དེ་ལས་འཕྲོས་པའི་སྨོན་དོན་ལ་གཉིས། སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ །དང་པོ་ལའང་བཞི་ལས། ཐོག་མར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྒོ་ཡུལ་རླུང་རིག་གི་གནད་བཅིངས་པས། ཕྱིའི་ནམ་མཁའ་སྟོང་པས་སྣང་བའི་གོ་ཕྱེས་ཏེ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་རྨ་བྱའི་མདོངས་ལྟར་བཀྲ་བའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་རྫིང་ལ་རྡོ་བོར་བའམ་ཕུབ་ཀྱི་སྦ་བསྐོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་གཉིས་སྦྲེལ་དང་སུམ་སྦྲེལ་ཅན། དེ་ནང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བརྟ་རྔ་ལ་མདུད་པ་བརྒྱབ་པ་ལྟ་བུའམ་གསེར་སྐུད་དང་མུ་ཏིག་གི་ཕྲེང་བ། ལྕགས་ཚག །མེ་ཏོག་གི་ཆུན་པོ་དང་དྲྭ་བ་ལྟ་བུ་ཐོག་མར་འལ་འོལ་འགུལ་འཕྲིག་ཅན་རེས་སྣང་རེས་མི་སྣང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་ནི། འཇའ་འོད་ཐིག་ལེ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་འང་ཟ་འོག་གི་གུར་ཁྱིམ་ལྟ་བུ་རྩིབས་ཤར་གྱེན་འགྲེང་སོགས་མ་ངེས་པར་འཆར། སྨིན་མཚམས་ལས་དྲལ་ཏེ་མཐོང་བའི་ཡུལ་ཙམ་དུ་ཁྱབ་པའི་ཟླུམ་སྐོར་གྱི་ནང་དུ་པད་འདབ་བཞི་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དེ། རིག་པའང་ཤ་ར་ཎ་དལ་གྱིས་རྒྱུ་བ་ཙམ་དུའོ། །གསུམ་པ་རིག་པ་ཚད་ཕེབ་ནི། འོད་ལྔའི་སྣང་བས་སྣང་ཡུལ་ཐམས་ཅད་ཁེངས་པའི་དབུས་ན་ཐིག་ལེ་མུ་ཁྱུད་ལྔ་ལྡན་ཚོམ་བུར་འབྲེལ་བའི་ནང་དུ་དང་པོར་ལྷའི་གཙུག་གཏོར་དང་དབུ་སོགས་ནས་རིམ་པར་ཕྱེད་སྐུ། སྐུ་རྐྱང་། ལྔ་ཚོམ་སོགས་གྲངས་མེད་པར་འཆར་བའི་བར་ཏེ། རིག་པ་བུང་བ་བཅུད་ལ་འཁོར་བ་ལྟ་བུའོ། །བཞི་པ་ཆོས་ཉིད་ཟད་པ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་ཆ་ཐམས་ཅད་ཟད་ནས། ལུས་འོད་སྐུ །ངག་ནཱ་ད། སེམས་ཆོས་སྐུར་གྲོལ་བའོ། །གཉིས་པ་མཐའ་རྟེན་ལའང་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བས་རྩ་རླུང་རང་སོར་གནས་པས་རྟོག་པ་འགགས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་དབྱིངས་རིག་མངོན་སུམ་མཐོང་སྟེ་ཡིད་དཔྱོད་ཀྱི་སྒྲོ་སྐུར་བྲལ། རླུང་རིག་དལ་བར་བརྟན་ནས་མི་འགུལ་བས་ཆོས་ཉིད་རང་ངོར་གནས་པས་དབྱིངས་རིག་མ་བུ་འདྲེས་པའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། དེ་ལྟར་བྱས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། འདིའི་སྐབས་སུ་བརྩོན་འགྲུས་རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་པོས་ངོ་ཤེས། ཐ་མ་ལའང་བཟང་པོ་ཤ་སྟག་རྨི་བ་ནི་ཚད་རྨི་ལམ་གྱིས་བཟུང་བ་དང་། ལུས་མི་གཡོ། ངག་མི་སྨྲ། སེམས་མི་རྟོག་པ་རྣམས་སྣང་བཞི་འཆར་རིམ་གྱིས་ཇེ་བརྟན་དུ་འགྲོ་བ་ནི་རྟགས་ལུས་ངག་ལ་ཤར་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྣང་བཞི་མཐར་ཕྱིན་པའི་ཡོན་ཏན་ཏེ། ཕྱི་སྣང་བ། ནང་ཕུང་པོ། གསང་བ་དབྱིངས་རིག་རྣམས་ལ་དབང་ཐོབ་པས། སྣང་རྐྱེན་ཞིང་ཁམས་སུ་ཤར། སྒྱུ་ལུས་འོད་གསལ་དུ་གྲོལ། འཁྲུལ་རྟོག་རང་བཞིན་དུ་འགགས་པའོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། ཉམས་ལེན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ། ཡར་སངས་རྒྱས་ཨེ་ཐོབ་ཀྱི་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེ་ཡི་དོགས་པ་མེད་པར་གདིང་ཐོབ་པའོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་བར་དོར་ཡེ་ཤེས་གོང་འཕོའི་མན་ངག་དང་། ཆོས་ཉིད་བར་དོར་མི་འགྱུར་བ་གསེར་ཀྱི་ཐུར་མ་ལྟ་བུའི་མན་ངག་གོ །དང་པོ་ལའང་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་དུ་འཕོ་བའོ། །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པའི་རིམ་པ་རྣམས་ལེགས་པར་ཉམས་སུ་བླངས་ཀྱང་སྐལ་པ་དམན་པས་ལམ་མཐར་མ་ཕྱིན་པའམ། བརྩོན་འགྲུས་ཆུང་ཞིང་གཡེང་བ་ཆེ་བས་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་ཚེ་འདི་ཉིད་ལ་གདོད་མའི་གྲོལ་སར་སྙོགས་པའི་གོ་འཕང་མཆོག་མ་འགྲུབ་ན། འཆི་ཁའི་བར་དོ་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམ་པའི་སྐབས་སུ་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་སྲིད་པའི་མྱ་ངན་ལས་འདའ་བར་བྱ་སྟེ། དེའང་ཉམས་ལེན་ཅན་གྱི་གང་ཟག་འཆི་ཀ་མ་དེས་འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་སྤང་། དེའི་ཕྱོགས་སུ་བློ་སྐད་ཅིག་ཙམ་ཡང་མི་འཕྲེང་བར་སྔར་ཐོས་གོམས་སུ་གྱུར་པའི་གདམ་པ་རྣམས་རང་ངམ་གྲོགས་ཀྱིས་བློ་ལ་གསལ་འདེབས། བླ་མ་ལ་མོས་གུས་དྲག་པོས་གདོད་མའི་གྲོལ་སར་སྙེག་པའི་གསོལ་བ་རྩེ་གཅིག་ཏུ་གདབ། བཞུགས་སྟངས་གསུམ་གང་རུང་དང་འབྲེལ་བར་ཕྱིའི་ནམ་མཁའ་དབྱིངས་ཤིན་ཏུ་དྭངས་པ་ལ། ནང་གི་ནམ་མཁའ་རྩ་དབུ་མའི་བྱེ་བྲག་རྒྱ་མཚོ་གསེར་གྱི་ཉི་མ་ལས་གྱེས་པའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་མིག་དང་འབྲེལ་ནས་ཡོད་པས་མིག་མདུང་ཚུགས་སུ་གཏད། དེ་ལ་གསང་བའི་ནམ་མཁའ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྙིང་དབུས་མི་ཤིགས་པའི་ཐིག་ལེའམ་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པའི་རིག་པ་སྐད་ཅིག་མ་ཉིད་བསྲེ་སྟེ། མདོར་ན་ནམ་མཁའ་ལ་མིག །མིག་ལ་རིག་པ་གཏད་དེ་ཕྱི་ནང་གསང་བའི་ནམ་མཁའ་གསུམ་དབྱེར་མེད་དུ་བཞག་པའམ། ཐོད་རྒལ་ལ་གོམས་པ་བརྟན་ན། མིག་འོད་སྣང་ལ་གཏད། རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་གཞིའི་འོད་གསལ་མ་ལྟ་བུ་དང་ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་ཆུ་ལ་ཆུ་ཐིམ་པ་ལྟར་འདྲེས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གཞི་ཐོག་ཏུ་རང་གྲོལ་བར་འགྱུར་རོ། །འདི་ནི་ཁྲེགས་ཐོད་གཉིས་ཀའམ་གང་རུང་གི་ཉམས་མྱོང་བརྟན་པོ་ཡོད་པའི་དབང་དུ་མཛད་པའོ། །གཉིས་པ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་སྟེ། ཡང་ན་རྣལ་འབྱོར་པ་རྟོགས་གོམས་དམན་པས་རླུང་སེམས་གོང་འཕོའི་མན་ངག་ཉམས་སུ་བླང་སྟེ། དེའང་དེ་ལ་བློ་གཏོད་པ་པོས་ད་ལྟའི་སྐབས་སུ་འབྱོངས་ངེས་པར་སྦྱངས་ནས་ནམ་དགོས་པའི་དུས་སུ་ལས་ལ་སྦྱར་བ་གལ་ཆེ་བས། བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ། རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་འོད་ལྔའི་མདངས་ཅན་ལ་ཨ་དཀར་པོ་སྲན་ཆུང་ཙམ་གྱིས་མཚན་པ་འོད་འཚེར་བ་ཞིག་བསྒོམས་ལ་སེམས་ཟིན་ཟིན་དུ་གཏད། སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་ཉིད་ལྕེ་བཙུན་ཆེན་པོའི་རྣམ་པར་གསལ་བཏབ་ལ་མོས་གུས་བསྐྱེད་ཅིང་གསོལ་བ་འདེབས། དེ་ནས་རླུང་སྦྱོར་གང་ནུས་དང་ལྡན་པས་སྙིང་གའི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ་བརྗོད་པས་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ་པར་བསམས་ལ་ཅུང་ཟད་མཉམ་པར་གཞག །སླར་ཐིག་ལེ་ཨ་ཡིག་བཅས་ཐུགས་ཀ་ནས་མར་བབས་ཚངས་བུ་གནས་སྙིང་གར་འཁོད་པར་དམིགས་ལ་རླུང་སེམས་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་མང་དུ་སྦྱང་། འཕྲོ་འཇོག་པ་ན། རང་སེམས་ཀྱི་ཐིག་ལེ་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར། བླ་མ་ཇེ་མཐོར་གཤེགས་ཤིང་ཇེ་ཕྲར་གྱུར་ནས་ཡལ་ཏེ་དམིགས་མེད་དུ་འཇོག་པའམ། འོག་མིན་དུར་ཁྲོད་མེ་རི་འབར་བ་སོགས་གང་འདོད་པའི་ཞིང་ཁམས་སུ་གཤེགས་པར་མོས། རྟོགས་པས་མ་ཆུན་པའམ་གེགས་ཆུང་ཁྱད་དུ། ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲིལ་ལེ་ལྕི་ཐིང་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧྃ་གིས་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱ་བ་འདིའང་སྐབས་སུ་སྦྲེལ་ལོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་པའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པས་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམ་པ་ལས་མར་མི་འབེབ་པར། སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྦར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །གཉིས་པ་ཆོས་ཉིད་བར་དོའི་མན་ངག་ནི། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་པ་སྟེ། གལ་ཏེ་འཆི་ཁའི་བར་དོར་གདིང་མ་ཐོབ་ན་ཀ་དག་གི་གཞི་ལས་གཞི་སྣང་གཡོས་ཏེ་ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་འཁྲུལ་སྣང་སྣ་ཚོགས་རིམ་པར་འཆར་ནས་སླར་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། དེའང་རིག་པ་རང་ངོ་མ་རིག་པའི་སྐྱོན་གྱིས་རང་ཚོ་མ་ཟིན་པར་ཡུལ་གྱི་དབང་དུ་ཤོར་ཏེ་འཁྲུལ་སྣང་ལུ་གུ་རྒྱུད་དུ་ཤར་བ་ཡིན་པས། དེ་དག་གི་སྣང་བ་ཅི་དང་ཅི་ལྟ་བུ་ཤར་ཡང་རང་གི་རིག་པའི་རྩལ་ལས་གཞན་དུ་མེད་པ་ཐག་བཅད་དེ། རིག་པ་ཆོས་ཉིད་ཀྱི་རང་མལ་ལས་ནམ་ཡང་མ་གཡོས་པ་དཔེར་ན་རྐྱེན་ཅིས་ཀྱང་རང་གཤིས་འགྱུར་བ་མེད་པ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དྲན་པར་བྱ་དགོས་སོ། །དེས་ན་ཆོས་ཉིད་བར་དོ་ལ་ཀ་དག་གི་འོད་གསལ་སྟོན་གནམ་ལྟ་བུ། འོད་ལྔའི་སྣང་བ་སོགས་སྒྲ་འོད་ཟེར་གསུམ། རིགས་ལྔའི་ཚོམ་བུ། ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ། སྐུ་གསུམ་གྱི་ཞིང་སྣང་རྣམས་རིམ་པར་འཆར་བའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་གང་ལའང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་པས་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ་ནས་སེམས་ཅན་གྱི་དོན་བྱེད་ཅིང་ནང་གསལ་བུམ་པ་སྐུར་བྱང་ཆུབ་པར་འགྱུར་རོ། །དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོར་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ། །དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོ་གསུམ་གྱི་གྲོལ་ཚད་དང་མི་ལྡན་པ་རྣམས་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་ན། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཆོས་ཉིད་ཟབ་མོའི་སྟོབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རིམ་པར་ཐོབ་ནས་ཉོན་མོངས་པའི་འཆིང་བ་སྤངས་ཏེ་སྐད་ཅིག་གིས་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །དེ་ལའང་སྲིད་པ་བར་དོར་གདམས་ངག་གཞན་གྱིས་མ་གྲོལ་བའི་ཚེ་དག་པའི་ཞིང་ཡིད་ལ་བྱས་ཏེ། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ། འདུན་པ་དྲགས་པོ་དང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གང་དུ་འདོད་པའི་ཞིང་དུ་ཆོས་འབྱུང་སྐར་མདའ་འཕང་པ་བཞིན་སོང་བར་བསམ་སྟེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་ཞིང་དེར་ངེས་པར་གྲོལ་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། དགེ་སྦྱོར་སྲང་དུ་གཞུག་པའི་མན་ངག་བྱེ་བྲག་ཏུ་བསྟན་པ། དེ་ལས་མི་འགྱུར་བའི་འབྲས་བུ་མངོན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་བཟུང༔ དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་བཟུང་ལ་གནད་དུ་གཏོང་ངོ༔ ཞེས་གསུངས་ཏེ། དེ་ལྟར་དངོས་གཞིའི་ཁྲིད་རིམ་ཉམས་སུ་ལེན་པའི་གནས་སྐབས་གང་ལའང་གེགས་སེལ་བོགས་འདོན་རྒྱུན་སྤྱོད་ཀྱི་གནད་རྣམས་སྤྱི་ལྟར་མ་འཆུག་པར་ཤེས་ནས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་གདམས་ངག་ཐམས་ཅད་ཀྱི་འགག་དོན་བསྡུས་པ་ནི། བླ་མ་ལ་མི་རུ་བཟུང་ཞིང་མོས་གུས་ཆུང་ན་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཕྲ་མོའང་མི་སྐྱེ། ལྷག་པར་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པས། འདི་ལྟ་བུའི་ལམ་ཟབ་མོ་སྟོན་ཅིང་ཆོས་ཉིད་རང་ངོ་སྤྲོད་པའི་རྩ་བའི་བླ་མ་དེ་རང་ཉིད་ལ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཚུལ་ལ་བསམ་ཞིང་དེ་ལས་ལྷག་པའི་སངས་རྒྱས་གུད་ན་མེད་པར་ཐག་བཅད་ལ། ཐོག་མར་བཅོས་མའི་མོས་གུས་ཅི་སྐྱེ་བྱ། གོམས་ནས་བཅོས་མིན་གྱི་མོས་གུས་དྲགས་པོས་གསོལ་བ་སྙིང་ནས་འདེབས་པ་ལ་དགེ་སྦྱོར་གྱི་དངོས་གཞི་བྱས་པས་དེ་ཁོ་ནས་གེགས་སེལ་བོགས་འདོན་སོགས་ཀྱི་ཡོན་ཏན་སྐྱེད་པའི་ཐབས་གཅིག་ཆོག་རྒྱལ་པོར་འགྱུར། འདིར་སྣང་ལ་ཞེན་ན་ཉམས་ལེན་གྱི་རྩ་བ་ཤོར་བས་རྟག་ཏུ་འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དྲགས་པོས་གཞི་བཟུང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟོར་བས་འཁོར་བའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་མ་རྒན་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་དང་མི་འབྲལ། རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་རྣམས་ཀྱིས་ཐེག་པ་འོག་མ་བཞིན་དུ་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་མི་བྱ་བར་གདོད་ནས་རང་གྲོལ་ཆེན་པོའི་བདུད་རྩི་བརྟེན་པ་སྟེ་མིག་ལ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་། ཕྱི་རུ་མི་དགག །ནང་དུ་མི་འཛིན་པར་སྣང་ལ་ཞེན་པ་མེད་པར་ལམ་དུ་ཁྱེར་བས་ཡུལ་སྣང་ཉིད་ཤེས་རིག་གི་གྲོགས་སུ་གྱུར་ནས་ཅིར་སྣང་ཐམས་ཅད་རིག་རྩལ་ཡེ་ཤེས་ཀྱི་འཁོར་ལོར་གྲོལ་བར་འགྱུར་བ་དང་། མི་ཚེ་ཡུད་ཙམ་པ་འདི་ལ་སྤྱིར་རྒྱལ་བསྟན་རིན་པོ་ཆེ། སྒོས་རྡོ་རྗེ་ཐེག་པ། ཡང་སྒོས་ཐེག་དགུའི་རྩེ་རྒྱལ་ཚེ་གཅིག་ལ་འཚང་རྒྱ་ངེས་པའི་ཟབ་ལམ་འདི་ལྟ་བུ་དང་འཕྲད་པའི་སྐབས། འཇིག་རྟེན་གྱི་གཡེང་བ་ཐམས་ཅད་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པ་གཞིར་བཞག །ཐོས་བསམ་སྒོམ་པ་ཉི་ཚེ་བ་ཆོས་ལ་བསྙད་པའི་རྣམ་གཡེང་རྣམས་ཀྱང་དོན་མེད་པ་ཁོ་ནར་ཤེས་ནས་ཐག་ཆོད་ཀྱི་བློས་སྤྲོས་པ་ནང་དུ་བསྡུས་ཏེ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ནར་དྲིལ། དེའི་གྲོགས་སུ་ལུས་གནད་གང་རུང་དང་མི་འབྲལ་བ་ལས་ཐ་མལ་དུ་མི་བསྡད། དབང་པོའི་དྭངས་མ་མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་བཙུམས་ནས་སྡོད་པ་སོགས་མི་བྱ་བར་ལྟ་སྟངས་དང་མ་བྲལ་བས་དབྱིངས་དང་རིག་གདངས་ལ་གཟིར། རླུང་གི་རྟ་ལ་སེམས་ཀྱི་སྐྱེས་བུས་ཞོན་ཏེ་རྟག་ཏུ་ཡུལ་ལ་རྒྱུག་ཅིང་ལས་དང་བག་ཆགས་གསོག་པས་རླུང་རྩོལ་མེད་རྒྱ་ཡན་དུ་བཞག་པའི་ཉམས་ལེན་སྟོབས་ཀྱིས་དབྱིངས་སུ་འགག་པ་ན་རྣམ་པར་རྟོག་པའི་སེམས་རང་བབ་ཏུ་ཟད་པར་འགྱུར་བ་མན་ངག་འདིའི་གནད་ཡིན་པས་ལམ་ཐུན་མོང་བ་ལྟར་རླུང་སེམས་ལ་ལས་མི་འཆོལ། སྐབས་སྐབས་སུ་འཇམ་རླུང་བུམ་པ་ཅན་ཅུང་ཟད་རེ་བཟུང་བས་རྨི་ལམ་དང་འོད་གསལ་གཟུང་བ་སོགས་ལ་གྲོགས་སུ་འགྲོ །རྣམ་པར་རྟོག་པ་ཕྲ་རགས་དང་སྟོང་མི་སྟོང་རྟོགས་མ་རྟོགས་སོགས་བློའི་འཛིན་སྟངས་ཐམས་ཅད་སེམས་ཡིན་ཞིང་དོན་ལ་སྒྲིབ་པས་དེ་ཐམས་ཅད་དགག་སྒྲུབ་མེད་པར་ཅི་བདེར་བཞག་ནས། གདོད་མ་ནས་རང་བྱུང་གི་གཤིས་ལུགས་དབྱིངས་སྟོང་པ་ཉིད་དང་རང་གསལ་རིག་པ་ཟུང་འཇུག་བློ་བྲལ་ཆོས་སྐུ་རྗེན་པ་ཉིད་སྒོམ་བློས་བཟོ་བཅོས་མ་བྱས་པར་རང་བབས་ཀྱི་ངང་བསྐྱངས་ལ་ལྟ་སྒོམ་སྤྱོད་འབྲས་མདུད་དྲིལ་གྱི་གནད་དུ་གཏང་བར་བྱའོ། །གཞན་ཡང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔ ཞེས་གསུངས་པས། བསོད་ནམས་གསོག་པ་ལ་ཚོགས་འཁོར་ལས་རླབས་ཆེ་བ་ནི་གཅིག་ཀྱང་མི་སྲིད་པ་ཡེ་ཤེས་རྔམ་གློག་གི་མདོ་སོགས་ལས་དཔེ་དང་བཅས་ཏེ་ཤིན་ཏུ་གསལ་རྒྱས་སུ་གསུངས་པ་ལྟར། དེང་སང་ཚོགས་ཀྱི་འཁོར་ལོའི་འདུ་བ་དངོས་ལ་སྤྱོད་ནུས་པའི་བརྟུལ་ཞུགས་ཅན་གྱི་གང་ཟག་དཀོན་ཀྱང་རྗེས་མཐུན་པ་ཙམ་མམ། ཅི་འབྱོར་བའི་དམ་ཚིག་གི་རྫས་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་ཡང་བསོད་ནམས་ཚད་མེད་པ་ཐོབ་ཅིང་ཉམས་རྟོགས་སྐྱེ་བའི་གེགས་སེལ་བོགས་འདོན་ལའང་ཁྱད་པར་ཆེ་བས། ཡར་མར་གྱི་ཚེས་བཅུའི་མཚོན་པའི་གནས་དུས་ཁྱད་པར་ཅན་རྣམས་སུ་འདི་ཉིད་ཀྱི་དོན་ཕྲིན་ནམ། རྩ་གསུམ་གཞན་ཡང་རུང་སྟེ་ཕྲིན་ལས་རྒྱས་བསྡུས་གང་རུང་དང་འབྲེལ་བར་ཕྱི་ནང་གསང་བའི་ཚོགས་མཆོད་ལའང་བརྩོན་པར་བྱའོ། །གཉིས་པ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་པ། མཚན་མོ་ཤེས་པ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ། རྒྱུན་དུ་རིག་པ་ལམ་དུ་ཁྱེར་བའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་གསུངས་ཏེ། འདི་རྣམས་ནི་སྙིང་ཐིག་གི་གཞུང་རྣམས་སུ་དུས་བཞི་སངས་རྒྱས་མཉམ་སྦྱོར་ཞེས་རྣལ་འབྱོར་ཁོར་ཡུག་གི་གནད་དུ་གསུངས་པ་ཡིན་ལ། དེའང་ཉིན་མོར་མཉམ་རྗེས་ཐམས་ཅད་དུ། ཁྲེགས་ཆོད་གཙོར་བྱེད་པའི་སྐབས་འོག་ནས་འབྱུང་བ་ལྟར་རིག་པ་ཁོ་ན་ལམ་དུ་ཁྱེར། ཐོད་རྒལ་གཙོར་བྱེད་པའི་སྐབས་རིག་གདངས་ཉིད་ལས་མ་གཡོས་པར་བྱ་དགོས་པས། སྒོ་ཡུལ་རླུང་རིག་གི་གནད་གོང་གསལ་རྣམས་ལ་བརྟེན་ཏེ་དུས་རྟག་ཏུ་རླུང་སེམས་ཁ་ཡན་དུ་མི་གཏོང་བར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བསྡུས་ཤིང་བཙུད་ནས་ལུག་རྒྱུད་ཉིད་ཀྱང་ཨར་ལ་གཏད་དེ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཁོ་ན་ལ་སྦྱངས་པས་འཁྲུལ་སྣང་བཙན་ཐབས་སུ་གཅོད་པ་ལ་སྟོང་ཉིད་སྤྲོས་བྲལ་དང་སྒྱུ་མ་རྨི་ལམ་སོགས་བློས་བྱས་ཀྱི་ལམ་ཁྱེར་གང་གིས་ཀྱང་ཟླ་མེད་པའོ། །གཉིས་པ་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་པ་སྟེ། མཚན་མོ་ཉལ་བ་ལ་ཕྱོགས་པའི་ཚེ། འོད་གསལ་གཟུང་ན་སྙིང་གི་དབུས་དང་རྨི་ལམ་གཟུང་ན་སྨིན་མཚམས་ཀྱི་དབུས་སུ་བླ་མ་རང་རིག་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་པོ་ཨ་ཡིག་དཀར་པོས་མཚན་པ་དྭངས་ཤིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་ཐོ་ཕྱི་ཀུན་ཏུ་གསལ་ལྷམ་མེར་ཁྱབ་པར་བསྒོམ་པ་ལ་སེམས་ཡུན་རིང་དུ་བཟུང་། འོད་གསལ་ལམ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་དྲན་འདུན་དྲགས་པོ་དང་། དམིགས་པའི་རྣམ་པའང་གསལ་ཞིང་གང་དུའང་མི་རྟོག་ལ་མ་ཡེངས་པའི་ངང་དུ་གཉིད་ལོག་པས། གོམས་ནས་འབྱོངས་པའི་ཚེ་ལེགས་པར་ཟིན་པར་འགྱུར་བས་དེ་ལ་ཡུན་རིང་དུ་སྦྱང་། བརྟན་པ་ཐོབ་པ་ན་རྨི་ལམ་སྤེལ་སྤྲུལ་སྦྱོང་བའི་ཚུལ་སོགས་ཁྲིད་རིམ་སྤྱི་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུངས་སུ་གཞུག་གོ༔ ཞེས་པ་སྟེ། ནངས་པར་ཐོ་རངས་གཉིད་སད་མ་ཐག་ལུས་གནད་སེང་གེའི་འདུག་སྟངས་བྱ། རླུང་རོ་ཁ་ནས་ཧ་སྒྲ་བཅས་ལན་གསུམ་བཏུད་མར་བསལ། སྤྱི་བོའི་གཞུ་གང་ཙམ་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཤིན་ཏུ་གསལ་ལ་འཚེར་ཞིང་འོད་འབར་བ་གསལ་བཏབ་ལ་བལྟ་སྟངས་གྱེན་དུ་ཕྱོགས་པས་ཡིད་དང་མིག་དང་རླུང་གསུམ་ཀ་གཅིག་དྲིལ་དུ་བྱས་ལ་ཡུན་རིང་དུ་གཏད་ནས་སེམས་བཟུང་བས་དྭངས་སྙིགས་ཕྱེད་དེ་རིག་པ་གྲུངས་ཐོན་པར་འགྱུར་རོ། །བཞི་པ་ནི། རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་སྟེ། མཉམ་རྗེས་དང་སྤྱོད་ལམ་བཞི་སོགས་དུས་དང་རྣམ་པ་ཐམས་ཅད་དུ་ལམ་ཁྱེར་གྱི་གཙོ་བོ་རང་བྱུང་གི་རིག་པ་སྐད་ཅིག་མ་གསལ་སྟོང་རྗེན་པའི་ངང་རང་བབ་ཏུ་སྐྱོང་བ་ལ་ཡིན་མིན་དགག་སྒྲུབ་སོགས་བློ་ཡིས་བཟོ་ཅུང་ཟད་ཀྱང་མ་འཆོས་པར་རང་ཚུགས་མ་ཤོར་བ་བྱས་པས། ཚོགས་དྲུག་གི་མཚོན་སེམས་ཀྱིས་བསླད་པའི་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་སྤྲིན་ཚོགས་ནམ་མཁའི་དབྱིངས་ལས་རང་བྱུང་ཞིང་མཁའ་དབྱིངས་སུ་རང་དེངས་འགྱུར་བ་ལྟར་གཞི་མེད་རྩ་བྲལ་ཆེན་པོར་རང་གྲོལ་དུ་འགྱུར་བ་སྟེ། ལོ་ཆེན་བཻ་རོའི་ཞལ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །རྣམ་རྟོག་སྐྱེས་ན་རང་ཤར་རང་གྲོལ་འགྱུར། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་གསུངས་པ་སོགས་སྙིང་ཐིག་གི་སྲོག་གནད་ཐུན་མོང་མ་ཡིན་པ་ལགས་པས་རྟག་ཏུ་བསླབ་པར་བྱའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང༔ ངག་དང༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ ཞེས་གསུངས་ཏེ། དེ་ལའང་འབྲས་བུ་ཐོབ་པའི་དུས་བརྩོན་འགྲུས་དང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་ལྟར་ཡུན་རིང་ཐུང་གི་ཁྱད་པར་བསྟན་པ་དང་། ཇི་ལྟར་ཐོབ་པའི་ཚུལ་སྙིང་ཐིག་གི་གཞུང་རྣམས་སུ་གྲོལ་ལུགས་གསུམ། འཆི་ལུགས་བཞི། ལྷག་མེད་དང་ལྷག་བཅས་ཀྱི་མྱང་འདས་གཉིས་རྣམས་བཤད་པའི་དོན་བསྡུས་ཏེ་སྒོ་གསུམ་ལྷག་མེད་དུ་གྲོལ་བའི་ཚུལ་བསྟན་པ་དང་། དེ་ལས་ཀྱང་གཞན་དོན་རྒྱུན་མི་འཆད་པར་འདོད་ན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་གསལ་བར་བསྟན་པ་ཡིན་ནོ། །གཞན་ཡང་། མདོར་བསྡུས་པའོ༔ སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔ ཞེས་གསུངས་ཏེ། འདི་ནི་འདས་རྗེས་ཐོག་བབས་སྙིང་པོ་བསྡུས་པའི་ཚུལ་གྱིས་གསུངས་པས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་རྣམས་དང་དབྱེར་མེད་པར་དོན་གྱི་གནད་ཐམས་ཅད་གསལ་ལ་རྫོགས་པར་ཚང་ཡང་ཚིག་གི་སྤྲོས་པ་ཤིན་ཏུ་མདོར་བསྡུས་པའི་ཕྱིར། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུའི་འབྲེལ། ཐེག་པ་ཀུན་ལས་འཕགས་པའི་དོན་ཁྱད། ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བའི་གནད། ལམ་གྱི་གེགས་སེལ་བོགས་འདོན་དང་ཉམས་ཀྱི་རྟགས་ཚད་ངོས་བཟུང་གཙོ་བོར་གྱུར་པའི་སྤྲོས་པའི་སྒྲོ་འདོགས་ཐམས་ཅད་རྩ་བའི་མན་ངག་བི་མའི་སྙིང་ཐིག་ཆེན་མོ་སོགས་ལས་གཅོད་པར་བྱ་དགོས་ཤིང་། ཤིན་ཏུ་ཟབ་པའི་གནད་དཔེ་དང་ཚིག་གི་གོ་བས་ཇི་བཞིན་མི་རྟོགས་པ་རྣམས་ནི་ཉམས་མྱོང་དང་རྟོགས་གོམས་གདིང་དུ་གྱུར་པའི་བླ་མ་དམ་པའི་ཞལ་ལས་མཉན་པར་བྱ་བ་ཁོ་ན་གལ་ཆེ་བ་རྗེས་སུ་གདམ་པར་མཛད་པའོ། །ཐོག་མེད་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་སེམས་རྒྱུད་ལ་རླན་ཕོག་སྟེ་ལྟར་སྣང་ཚིག་གི་སྤུན་པ་ལ་མི་གཡེང་བར་རྣམ་གྲོལ་གྱི་འབྲས་བུ་ལ་མྱུར་དུ་སྤྱོད་པར་འདོད་པ་རྣམས་ཀྱིས། འདི་ལྟ་བུའི་ཐོས་སྒོམ་བདེ་ཞིང་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བ། འཇིག་རྟེན་ན་སངས་རྒྱས་འབྱུང་བ་ལྟ་བུའི་ནོར་བུ་བོར་ནས་མཆིང་བུ་མི་ཚོལ་བར། ཚེ་ཐུང་ལོངས་མེད་ཀྱི་དུས་ལ་ཆེད་དུ་དགོངས་པའི་ཟབ་ཆོས་འདི་ལ་ངེས་ཤེས་རྙེད་དེ་འདི་ཁོ་ན་ལ་ཉམས་ལེན་གྱི་སྙིང་པོར་གཟུང་བར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་སོ། །རྩོལ་མེད་ཐེག་མཆོག་བགྲོད་པ་གཅིག་པའི་ལམ། །ཡིད་ཅན་ཀུན་གྱིས་བདེ་བླག་ཉིད་དུ་བགྲོད། །གདོད་མའི་ས་ལ་གཏན་གྱི་སྲིད་ཟིན་ནས། །ལྷུན་གྲུབ་ཕྲིན་ལས་མཁའ་ཁྱབ་བརྡལ་གྱུར་ཅིག །ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས། ཐོག་མའི་སྣོད་ལྡན་དང་བཀའ་བབ་ཏུ་དབུགས་དབྱུང་སྟེ་སྨིན་གྲོལ་བདུད་རྩི་ཆིག་རྫོགས་སུ་བསྩལ་ཅིང་ཁྲིད་ཡིག་འབྲི་བར་འོས་པའི་རྗེས་སུ་གནང་བ་དམིགས་བསལ་དུ་ཐོབ་ཀྱང་རིང་ཞིག་འགྱང་བ། སླར་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་མོར་དབྱིག་མཆོག་ཀུན་གྱི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
༄༅། །ན་མོ་གུ་རུ་མ་ཧཱ་ཤྲཱི་སིཾ་ཧེ་ཤྭ་ར་ཡ། ཐིག་ལེ་ཀུན་ཁྱབ་རང་བཞིན་ལྷུན་གྱིས་རྫོགས། །འོདྃ་གསྃལ་གྲོལ་བ་རྣམ་བཞིའི་འཁོར་ལོས་སྒྱུར། །གདོན་མའི་མགོན་པོ་འགྲོ་འདུལ་སྤྲུལྃ་པའིྃ་སྐུ། །རྡོྃ་རྗེྃ་གཟི་བརྗིད་གཙུག་གི་ནོར་བུར་བསྙེན། །འཕགས་ནོར་གྲངས་ལྡན་བཀའ་བབས་རིན་ཆེན་མཛོད། །དྲུག་པ་རྗེས་དྲན་གསང་བ་ཀུན་གྱི་བཅུད། །ལྕེ་བཙུན་སྙིང་ཐིག་ཟབ་ཁྲིད་བདུད་རྩིའི་རྒྱུན། །སྐལ་བཟང་ཐར་པའི་སྲོག་འཚོར་བརྟེན་པར་གྱིས། །དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམ་ངག་བསྩལ་ཅིང་བྱིན་གྱིས་བརླབས་པ་ལས། སྐུ་ཚེ་དེ་ཉིད་ཀྱིས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་ཞབས་ཀྱིས་གནས་སྐབས་དེ་དང་ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་ཏུ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་མཁའ་འགྲོའི་འདུས་པ་རྒྱ་མཚོ་ལ་འདའ་ཁའི་ཞལ་ཆེམས་དོན་བསྡུས་གནད་གཟེར་གྱི་ཚུལ་དུ་གདམ་པ་བི་མ་ལའི་ཟབ་ཏིག་གི་གདམས་ངག་ཁྲིད་ཀྱི་ལུགས་སུ་འདེབས་པ་ལ། ཐོག་མར་ཁྲིད་འཆད་པ་པོ་སློབ་དཔོན་དང་འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། གནས་དུས་ཡོ་བྱད་གྲོགས་ཀྱི་མཐུན་རྐྱེན་ཚོགས་པས་གཞི་བཟུང་བའི་ཚུལ་རྣམས་ཨ་ཏི་བཀོད་པ་ཆེན་པོ་དང་། རང་ཤར་སོགས་རྒྱུད་དང་གདམ་ངག་རྣམས་ལས་ཇི་སྐད་གསུངས་པ་ཐམས་ཅད་འདིར་ཡང་ཚོགས་དགོས་པ་གཞིར་བྱས་ནས། ཁྲིད་དངོས་བཤད་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམ་ངག་གི་སྒོ་ནས་གྲོལ་བར་བྱ་བའོ། །དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། ཞེས་གསུངས་ཏེ། དེ་ལ་གཉིས། སྔོན་ཇི་ལྟར་བྱུང་བ་དང་། ཕྱིས་གང་ལྟར་འབྱུང་བའོ། །དང་པོ་ནི། རྩ་བའི་གཞུང་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན་ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པའང་དེ་ཉིད་ལས། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་གཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པའི་དོན་བཞིན། གངས་ཅན་ལྗོངས་ཀྱི་བསྟན་འགྲོ་རིས་སུ་མ་ཆད་པ་མཐའ་དག་གི་གཙུག་རྒྱན། མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབས་བདུན་གྱི་གསང་མཛོད་འཆང་བའི་ངོ་མཚར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར། འུ་ཡུག་གི་མཐིལ། རམ་སྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཅིང་མན་ངག་གི་གཞུང་བཀའ་བསྩལ་པ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་བ་ལྟར། ཐོག་མར་ཁོ་བོ་ཅག་ལ་སྨིན་གྲོལ་ཚངས་སྤྲུགས་སུ་བསྩལ། རིམ་གྱིས་སྐལ་པའི་སྣོད་དང་ལྡན་པ་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ་ནས་གདོད་མའི་གྲོལ་སར་བསྐྱེལ་བར་མཛད་པའོ། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་རྣོན་ཐོག་མ་ཉིད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་རིགས་ཅན་ལ་དབང་བཞི་པ་ཉིད་ལ་ནང་གསེས་སུ་དབྱེ་བའི་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་རྣམ་པ་བཞི་བསྐུར་བ་སྟེ། དེའང་རྫོགས་པ་རང་བྱུང་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །ཞེས་འབྱུང་བའི་དོན་སྨིན་གྲོལ་ཟུང་འཇུག་གདམས་ངག་དབང་གི་ལུགས་སུ་གདམས་པ་ནི་འདི་ཉིད་ལས། དེ་ལ་ཐོག་མར་རིམ་པ་བྱ་སྟེ༔ ཞེས་སོགས་ཀྱིས་རྒྱས་པར་བསྟན་པ་ལྟར་སྔོན་དུ་ལེགས་པར་གྲུབ་པ་ལགས། གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱ་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཁྲིད་རིམ་མོ། །དང་པོ་སྔོན་འགྲོའི་ཁྲིད་ལ་གསུམ། ཐུན་སྤྱིའི་སྔོན་འགྲོ །ཐུན་མོང་བློ་སྦྱོང་བདུན། ཁྱད་པར་བསག་སྦྱོང་རྣམ་པ་ལྔའོ། །དེའི་དང་པོ་འདི་ཕྱིན་ཆད་ཀྱི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་སྟེ། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་གཅོད་ཐམས་ཅད་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ་ལ་ཅི་བདེར་བཞག །སེམས་རྣམ་གཡེང་གི་རྟོག་པའི་རྗེས་སུ་མི་འབྲངས་བར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཟབ་གསང་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་སྙིང་ཐག་པ་ནས་མ་བྲལ་བས། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེའི་ཀློང་དུ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་ཕྱག་མཉམ་གཞག་ཐོད་ཞལ་བདུད་རྩིས་བཀང་བ་བསྣམས་པ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་རང་ལ་དགྱེས་པས་དགོངས་པར་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་རིག་པ་འཛིན་མེད་དུ་འཇོག་གོ །གཉིས་པ་བློ་སྦྱོང་བའི་རིམ་པ་བདུན་ལས། དང་པོ་འདུས་བྱས་མི་རྟག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་ལས། ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་གསུངས་ཏེ། དེའང་དོན་དྲན། དཔེ་བསམ། དཔེ་དོན་ཟུང་དུ་སྦྲེལ་ནས་བསྒོམ་དགོས་ཏེ། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ད་ལྟ་ཡོད་པ་ལྟར་སྣང་ཡང་མྱུར་དུ་འཇིག་པའི་ཆོས་ཅན་ཤ་སྟག་ཡིན་པས་ཡུན་རིང་མི་རྟག་སྟེ། དཔེར་ན་ཆུ་ནང་གི་ལྦུ་བ་རྐྱེན་ལས་གློ་བུར་དུ་བྱུང་ཡང་སྐད་ཅིག་གཉིས་པར་ཡལ་བ་བཞིན་ནོ། །དེས་ན་ཕྱི་ནམ་ཟླ་དུས་བཞི། ཉིན་མཚན་སྐད་ཅིག་ཐང་ཅིག །ནང་ལུས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི། གསང་བ་ཕུང་པོ་ལྔས་བསྡུས་ཀྱི་ཚོགས་པ་མཐའ་དག་སྐད་ཅིག་སྐད་ཅིག་གིས་རྙིང་ཞིང་འགྱུར་ནས་གཞན་དུ་འཕོ་བའི་ཕྱིར། སྤྱིར་འདུས་བྱས་ཐམས་ཅད་ལ་རྟག་པ་ཡེ་མེད། ཁྱད་པར་འགྲོ་བའི་ཚེ་ལ་ངེས་པ་མེད་པས་དེ་རིང་སང་ཙམ་ལའང་འཆི་བ་མི་འབྱུང་བའི་གདེངས་ཅིའང་མེད་པ་ལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་རྙེད་ནས་བློ་སྣ་ཐུང་། དོན་ལ་ཡིད་ཆེས་ནས་འཆི་བ་སྙིང་ནས་དྲན་པར་འགྱུར་རོ། །དཔེ་དོན་ཟུང་དུ་སྦྲེལ་ཚུལ་འདི་ལྟར་འོག་མ་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་འཕྲལ་དང་ཡུན་གྱི་བདེ་བ་ལ་བསམ་ནས་སེམས་སྦྱོང་བ་ནི། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་གནས་འདིར་ལུས་སེམས་ལ་གནས་སྐབས་ཀྱི་བདེ་བ་བག་ཙམ་མྱོང་བ་འདིའང་འཕྲལ་གྱི་ལྟར་སྣང་ཙམ་ལས་དོན་ལ་སྡུག་བསྔལ་གྱི་འབྲས་བུ་ཁོ་ན་སྨིན་པའི་རྒྱུ་ཡིན་ཏེ། དཔེར་ན་དུག་གི་སྡོང་པོ་དང་མེ་ཏོག་མཛེས་ཤིང་ཁ་དོག་ལེགས་ལ་འབྲས་བུ་མངར་བ་ལྟར་སྣང་ཡང་ཁོང་དུ་སོང་ན་དུག་ནད་ཀྱིས་འཆི་བར་བྱེད་པ་ལྟ་བུའོ། །དེས་ན་སྲིད་པའི་རྩེ་མོ་ནས་དམྱལ་ཁམས་ཡན་ཆད་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་པ་སྟེ། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཐོག་མ་མེད་པ་ནས་མནར་བ་ཡིན་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེའང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ། དུག་གསུམ་གྱི་དབང་གིས་མི་དགེ་བ་སྤྱད་པས་ངན་སོང་གསུམ། ཟག་བཅས་ཀྱི་དགེ་བས་བདེ་འགྲོར་སྐྱེས་ཀྱང་སླར་ངན་སོང་དུ་འཁོར། ཐར་པའི་ལམ་དུ་ཞུགས་ན་དེ་དག་ལས་ལྡོག་སྟེ་འཕྲལ་དང་ཡུན་གྱི་བདེ་བ་དམ་པ་ཐོབ་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་སྐྱེས་ཏེ་སྲིད་པའི་བདེ་འབྱོར་ལ་ཞེན་པ་ལོག །དོན་ལ་ཡིད་ཆེས་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེ་བར་འགྱུར་རོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་སྟེ་སེམས་སྦྱོང་བ་ནི། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁྲུལ་པས་གཡེངས་པའི་སྐབས་འདིར་བཟང་ངན་གྱི་རྐྱེན་སྣང་སྣ་ཚོགས་པ་འདི་རྣམས་ལ་སྤང་བླང་ཇི་ཙམ་འབད་ཀྱང་ཟིན་པའི་དུས་སྐབས་མེད་པ་སྟེ། དཔེར་ན་སྐོམ་པས་གདུང་བའི་རི་དྭགས་སོས་ཀའི་མྱ་ངམ་ཐང་གི་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་བསྙེགས་ཀྱང་ཆུ་ནམ་ཡང་མི་རྙེད་པས་སླར་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ། དེས་ན་འཁོར་བའི་གནས་འདིར་གཉེན་གྲོགས་འཁོར་འབངས། སྙན་གྲགས་མངའ་ཐང་། འདོད་ཡོན་ལོངས་སྤྱོད་སོགས་མཐུན་པ་བསྒྲུབ་པ་དང་མི་མཐུན་པ་སྤོང་བའི་འབད་རྩོལ་གྱིས་མཚོན་བྱ་བ་མཐའ་དག་རེ་རེ་ཟིན་ཀྱང་སླར་དེ་ལས་བྱ་རྒྱུ་ཇེ་མང་དུ་འགྲོ་བས་ནམ་ཡང་ཟིན་པའི་དུས་མེད་ཅིང་ཟིན་པ་ལའང་སྙིང་པོ་ཅི་ཡང་མེད་པ་དང་། གང་ལའང་མཐའ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་མཐོ་དམན། དྲག་ཞན། དགྲ་གཉེན། ཕྱུགས་དབུལ་ཐམས་ཅད་འགྱུར་ནས་འགྲོ་བས་རེ་བ་ཆེན་པོས་རིང་ནས་བསྒྲུབས་པའི་གྲུབ་འབྲས་ལོག་པར་འགྱུར་བ་དང་། འགའ་ཞིག་མགུ་ཡང་ལ་ལ་མི་མགུ །བྱ་བ་སྣ་རེས་དགའ་ཡང་སྣ་རེས་མི་དགའ། གནོད་པ་མ་བྱས་པ་དང་ཕན་བཏགས་པའི་ལན་དུའང་གནོད་པ་ཆེན་པོ་འབྱུང་བ་སོགས་ཟིན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཅམ་གྱིས་བཞག་ནས། བླ་མ་དཀོན་མཆོག་ལ་ཕྱག་བསྐོར་མཆོད་འབུལ་གྱིས་མཚོན་དགེ་བའི་བྱ་བ་སྣ་རེ་འགྲུབ་ནའང་འདི་ཕྱིར་བསོད་ནམས་རླབས་པོ་ཆེའི་རྒྱུར་འགྱུར་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་རྣམ་གཡེང་ལ་ཁོ་ཐག་ཆོད། དོན་ལ་ཡིད་ཆེས་ཏེ་འདིར་སྣང་བྱ་བཞག་བློས་ཐོང་བར་འགྱུར་རོ། །བཞི་པ་བྱས་པ་དོན་མེད་པ་ལ་བརྟག་སྟེ་སེམས་སྦྱོང་བ་ནི། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་གསུངས་ཏེ། འཇིག་རྟེན་ཚེ་འདིར་ལྟོས་པའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ནི་གསོན་པའི་དུས་སུ་བྱ་དཀའ་ཞིང་འཆི་བའི་དུས་ཕན་པ་སྤུ་ཙམ་མི་ཐོགས་པས་རྣམ་པ་ཀུན་ཏུ་དོན་མེད་པའི་རྣམ་གཡེང་འབའ་ཞིག་པ་སྟེ། དཔེར་ན། གཉིད་ཐུན་གཅིག་ལོག་པའི་སྐབས་སུ་རྨི་ལམ་བཟང་བ་ལ་སེམས་དགའ་བ་དང་ངན་པ་ལ་མི་དགའ་བའི་སྣང་བ་འཆར་ཡང་སད་ནས་གཉིས་ཀ་དོན་ལ་མ་གྲུབ་པས་ཕན་གནོད་ཅིའང་མེད་པ་དང་མཚུངས་སོ། །དེས་ན་ད་ལྟའི་སྐབས་སུ་དགྲ་འདུལ་གཉེན་སྐྱོང་། ཚོང་ཁེ་སྤོགས། སོ་ནམ་ཞིང་ལས། ཁང་ཁྱིམ་མཁར་ལས་ལ་སོགས་པའི་བྱ་བ་དུ་མ་ཞིག་སྒྲུབ། འདོད་པ་ཐོག་ཏུ་གྲུབ་པའི་ཚེ་དགའ་བ་དང་མ་གྲུབ་པ་ལ་སྡུག་བསྔལ་བའི་སྤང་བླང་གི་རྣམ་པར་རྟོག་པས་རང་གིས་རང་བཅིངས། རང་ཉིད་མཐོ་ཞིང་ཕྱུག་ལ་སྙན་པར་བརྗོད་པ་སོགས་ལ་དགའ་བ་དང་། དམའ་ཞིང་དབུལ་ལ་མི་ཁ་གཏམ་ངན་སོགས་ལ་མི་དགའ་བས་མཚོན་ཆགས་སྡང་གི་ལས་མང་པོ་ཤུགས་ཀྱིས་བསགས་པ་འདི་ཐམས་ཅད་འཆི་བའི་ཚེ་ན་ཕན་ཅུང་ཟད་ཀྱང་མི་ཐོགས། རྣམ་པར་ཤེས་པ་ལས་ཁོ་ནའི་རྗེས་སུ་འབྲངས་བས། འཁྲུལ་པའི་བྱ་བཞག་སྒྱུ་མའི་འཁྲུལ་འཁོར་གྱིས་དུས་རྟག་ཏུ་བསླུས་པ་འདི་མཚངས་ཤིན་ཏུ་ཆེ་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་བཟང་ངན་རོ་སྙོམས། དོན་ལ་ཡིད་ཆེས་ཏེ་ཚེ་འདིའི་རྣམ་གཡེང་སྤོང་ནུས་པར་འགྱུར་རོ། །ལྔ་པ་ཐར་པའི་ཕན་ཡོན་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་སྡུག་བསྔལ་དེ་དག་ལས་འདས་པ་ནི་ཐར་པ་ཞི་བ་དམ་པ་བླ་ན་མེད་པ་ལམ་སྒོམ་པའི་སྟོབས་ལས་ཐོབ་པའི་འབྲས་བུ་སྟེ། དེ་ཐོབ་ཟིན་ནས་ནམ་ཡང་སྡུག་བསྔལ་ཅན་གྱི་འཁོར་བའི་གནས་སུ་ལྡོག་མི་སྲིད་པ་ནི་དཔེར་ན་འབྲུམ་པའི་ནད་ལན་གཅིག་འབྱངས་ཟིན་པའི་སྐྱེས་བུ་ལ་ཕྱིས་འབྲུམ་ནད་འབྱུང་མི་སྲིད་པ་ལྟ་བུའོ། །ཐར་པ་ལའང་གསུམ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ལས་རྣམ་པར་གྲོལ་ནའང་ཤེས་སྒྲིབ་མ་སྤང་བས་གནས་སྐབས་ཀྱི་ཐར་པ་ཙམ་ཡིན་ལ། སྒྲིབ་གཉིས་བག་ཆགས་བཅས་སྤངས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་བསྒྲུབ་དགོས། སངས་རྒྱས་ཆོས་སྐུ་ནི་སྤྲོས་པ་ཀུན་ལས་གྲོལ། ལོངས་སྐུ་ནི་སྐུ་དང་ཞིང་ཁམས་ནམ་མཁའ་ལྟར་ཁྱབ། སྤྲུལ་སྐུ་ནི་འགྲོ་བ་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་བ་དེ་ལྟ་བུའི་གོ་འཕང་མ་ཐོབ་ཐབས་མེད་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ། དོན་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་གོ་འཕང་ཅིས་ཀྱང་བསྒྲུབ་འདོད་པར་འགྱུར་རོ། །དྲུག་པ་བླ་མའི་གདམ་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཐབས་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་གདམ་ངག་ཟབ་མོ་ཁོ་ན་ལ་ལྟོས་ཏེ། ཕྱིན་ཅི་མ་ལོག་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་བགྲོད་པ་ལ་འཇུག་པ་བདེ་ཞིང་ནོར་འཁྲུལ་མེད་པའི་ལམ་བཟང་པོ་ཡིན་ཏེ། དཔེར་ན། ཐེམ་སྐས་བཟང་པོ་ལ་བརྟེན་ནས་ཕྱིན་ན་ཇི་ལྟར་མཐོ་བའི་ཁང་བཟང་སུམ་བརྩེགས་ལ་སོགས་པར་བདེ་བླག་ཏུ་བགྲོད་ནུས་པ་བཞིན་ནོ། །དེའི་ཕྱིར་ཐོག་མར་ཅལ་སྒྲོག་གི་རྗེས་སུ་མི་རྒྱུག་པར་ཡིད་ཆེས་ཁུངས་བཙུན་སེལ་མེད་ཀྱི་བརྒྱུད་པ་ལས་འོངས་ཤིང་ཆོས་བརྒྱད་དང་རྟོག་གེ་ལ་འཐས་པ་མིན་པའི་ཉམས་མྱོང་དང་རྟོགས་པ་ལྡན་ངེས་པའི་བླ་མ་མཚན་ལྡན་བཙལ། བར་དུ་མཉེས་པ་གསུམ་གྱིས་དཀའ་བ་སྤྱད་ལ་གདམས་ངག་ཕུ་ཐག་ཆོད་པར་ཞུ། ཐ་མར་བློ་སྣ་མང་པོས་དོན་གཅིག་ཀྱང་མི་འགྲུབ་པས་བླ་མ་ལས་ཐོབ་པའི་གདམས་ངག་དེ་ནད་པ་ལ་སྨན་དང་། སྲོག་འཚོ་བའི་བདུད་རྩི། དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་ཤེས་པར་བྱས་ནས་རྐྱེན་ཅིས་ཀྱང་མི་འཕྲོག་པར་རྩེ་གཅིག་ཏུ་ཉམས་སུ་བླང་ནུས་ན། ནད་པས་ལྷ་རྗེ་མཁས་པའི་སྨན་ཡུན་ཏུ་བརྟེན་ན་ནད་ཆེན་པོའང་གཞི་མེད་དུ་དྭངས་པ་བཞིན་མྱུར་དུ་སྒྲིབ་པ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ཚུལ་ལེགས་པར་བསམས་པས། །དཔེ་ལ་བརྟེན་ནས་བླ་མའི་གདམས་ངག་མེད་ཀ་མེད་དུ་གོ །དོན་ལ་ཡིད་ཆེས་ཏེ་ཉམས་ལེན་ལ་འཇུག་སྤྲོ་ཞིང་བསྲན་ཚུགས་པར་འགྱུར་རོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་གསུངས་ཏེ། སེམས་བྱུང་རྒྱལ་དུ་གཡེང་བའི་གཞན་དབང་ལས་དུག་གསུམ་གཙོར་གྱུར་པའི་བྱུང་ཚོར་གྱི་རྣམ་པར་རྟོག་པ་འཛད་དུ་མེད་པ་འདི་དག་གང་ཡང་ཡིད་ལ་མི་བྱེད་པར་རྣམ་པར་མི་རྟོག་པའི་ངང་ལ་རྒྱུན་དུ་གནས་པའི་བསམ་གཏན་ནི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་སྐྱེ་བའི་གཞི་རྟེན་མེད་དུ་མི་རུང་བ་སྟེ། དཔེར་ན། ལོ་ཏོག་གི་འབྲས་བུ་སྨིན་པར་འདོད་པ་ལ་ཞིང་ས་དུལ་བ་མེད་ན་མི་འབྱུང་བའི་གཞིར་གྲུབ་པ་ལྟ་བུའོ། །དེའང་ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་གཉིས་འཛིན་རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་དུ་གཡོས་པ་ལ་བརྟེན་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་དང་ཡང་དུ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ནར་ལོངས་སྤྱོད། ད་དུང་འདིའི་རྗེས་སུ་འབྲངས་ན་ནམ་ཡང་བདེ་བའི་གོ་སྐབས་མེད་པས། ད་ནི་རྣམ་པར་མི་རྟོག་པའི་བསམ་གཏན་བསྒྲུབས་ལ་མྱུར་དུ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་མངོན་དུ་བྱའོ་སྙམས་པས། ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅའ། རང་ལུས་ཡི་དམ་ལྷར་བསྒོམ་པའམ་ཐ་མལ་ཡང་རུང་སྟེ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་བདེ་བའི་ཉམས་དང་ལྡན་པ་ལ་སེམས་གཏད་པ་ནི། བདེ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེ་ངང་དུ་ལུས་སེམས་ཁོང་ཀློད། ལག་གཉིས་པུས་སྟེང་བཞག །མིག་བར་སྣང་དུ་ཧར་རེ་གསལ་མདངས་དང་བཅས་བཞག་པ་ནི། གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེའི་ཚེ་སེམས་ཀྱི་དྲན་བསམ་འཕྲོ་འདུ་ཅི་ཡང་མི་བྱ་བར་བཟོ་མེད་རང་བབ་ཀྱི་ངང་དུ་ཡེངས་མེད་འཛིན་མེད་ལྷུག་པར་བཞག་པས་རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ཉམས་སྐྱེ་བ་ནི། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་སྟེ། སྔ་མ་གཉིས་མཚན་བཅས་དང་ཕྱི་མ་མཚན་མེད་ཞི་གནས་ཡིན་ལ། དེ་ལྟར་ལེགས་པར་སྦྱངས་པས་དཔེ་ལ་བརྟེན་ནས་བསམ་གཏན་མེད་དུ་མི་རུང་བར་གོ །དོན་གྱིས་སྒོམ་པ་གོམས་པས་ཉམས་མྱོང་བཟང་པོ་རྒྱུད་ལ་སྐྱེས་ཏེ་ཏིང་ངེ་འཛིན་གྱི་གཞི་ཐིངས་པར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་བསག་སྦྱོང་གི་རིམ་པ་ནི། གཞུང་ལས། སྐྱབས་འགྲོ་དང་སེམས་བསྐྱེད༔ སྒྲིབ་སྦྱོང་ཚོགས་བསག་རྣམས་ཀྱི་ཐབས་ཀྱིས་བཟུང་ངོ༔ ཞེས་གསུངས་པའི་དོན་ཏེ། དེ་ལ་ལྔ། སྐྱབས་འགྲོ །སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་གསོག །བླ་མའི་བྱིན་རླབས་ལམ་དུ་བྱ་བའོ། །དང་པོ་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། རྒྱུ་ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བར་འདོད་པའི་དད་པས་ཡུལ་དབྱིངས་ཀ་དག་ཆོས་སྐུ །ལྷུན་གྲུབ་ཡེ་ཤེས་ལོངས་སྐུ །རིག་རྩལ་འགག་མེད་སྤྲུལ་པའི་སྐུ །གསུམ་ཀའང་རང་རིག་བླ་མ་དབྱེར་མེད་པའི་ངོ་བོར་རྫོགས་པ་ལ། ཚུལ་ཡིན་ལུགས་གསལ་འདེབས་ཙམ་གྱིས་གཉིས་མེད་རོ་མཉམ་དུ་རྟོགས་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པ་དོན་དམ་པའི་སྐྱབས་འགྲོ་སྟེ་དེ་ཉིད་གཞིར་བྱས། ཀུན་རྫོབ་ཀྱི་རྟོག་ངོར་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཆེན་སེང་གེ་དབང་ཕྱུག་དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པས་བརྒྱན་པ། ཕྱག་གཉིས་མཉམ་གཞག་དང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་མེ་འོད་ཀྱི་ཀློང་ན་བཞུགས་པ་ལ། བརྒྱུད་གསུམ་རིག་འཛིན་བླ་མ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་བླ་མ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་གསལ་བའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ཁྱེད་མཁྱེན་གྱི་བློ་གཏད་ལིང་བསྐྱུར་བྱས་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་འབུམ་ཕྲག་སོགས་མང་ཉུང་ཇི་ཙམ་གསོག་པའི་གྲངས་མ་ཐེམས་བར་འདི་ཉིད་བརྗོད། ཐུན་མཐར་ཡུལ་སེམས་གཉིས་མེད་དུ་ཤེས་པས་རིག་པ་ཁྱབ་གདལ་ཆེན་པོར་ཆམས་ཀྱིས་འཇོག་པའམ། མི་ནུས་ན་སླར་མོས་གུས་བྱས་པས་བླ་མ་དགྱེས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་འཇོག་གོ །གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའང་། བློ་ཆེན་རྣམས་ཀྱིས་རང་ལུགས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དག་པའི་དབྱིངས་ལས་མ་གཡོས་པའི་སངས་རྒྱས་ཁོ་ན་ཡིན་པ་ལ། གནས་སྐབས་མེད་སྣང་གློ་བུར་བའི་འཁྲུལ་པས་བསྒྲིབས་ཀྱང་དོན་ལ་བཅིངས་གྲོལ་གང་ཡང་མེད་པས། རིག་པ་ཡེ་ཤེས་རང་གསལ་གྱི་ངང་དུ་འཁོར་འདས་མཉམ་ཉིད་ཆེན་པོར་ཅོག་གེར་གཞག་པས་རང་ཤར་རང་གྲོལ་ཀ་དག་གི་དབྱིངས་སུ་ལ་བཟླ་བར་སེམས་བསྐྱེད་པ་དང་། ལས་དང་པོ་བ་བློ་ནུས་དམན་པས། ཀུན་རྫོབ་ཏུ་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་མ་གྱུར་པ་གཅིག་ཀྱང་མེད། དེ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མཐའ་མེད་པར་བྱིང་ཞིང་སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བ་ལ་བྱམས་པ་དང་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། སྐྱབས་མེད་པའི་མ་རྒན་ཉམ་ཐག་དེ་ཐམས་ཅད་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཕྱིར་དུ་ཚུལ་ཁྲིམས་གསུམ་ཕར་ཕྱིན་དྲུག་བསྡུ་དངོས་བཞི་ཟབ་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་དང་། ཡུལ་ཡུལ་ཅན་བྱ་བྱེད་ཐམས་ཅད་གདོད་ནས་མི་དམིགས་ཏེ་སྤྲོས་པ་ཉེ་བར་ཞི་བར་ཤེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་ལེགས་པར་བསྒོམས་ལ། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ཅི་འགྲུབ་བརྗོད་པར་བྱའོ། །གསུམ་པ་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་ནི། སྡིག་སྒྲིབ་ཀྱི་ཕུང་པོ་གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ་སྤྱི་ལ་གྲགས་མོད། འདིར་ཐུན་མོང་མ་ཡིན་པ་ནང་གི་རྣལ་འབྱོར་ཟབ་མོ་བསྟན་པ་སྟེ། རང་ཉིད་ཡི་དམ་དུ་གསལ་བ་འམ། ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་གྱི་དབུས་སུ་རྩའི་གཙོ་མོ་གསུམ་ལ་སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་བཅས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྤྱི་ལྟར་གསལ་བའི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་དུ་པད་ཟླའི་གདན་ལ། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བདེ་དྲོད་ཀྱི་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ་ལ། སྡིག་སྒྲིབ་སྦྱོང་བའི་གསོལ་བ་སྙིང་ནས་བཏབ་ཅིང་ཡིག་བརྒྱ་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། ལྟེ་བའི་འཁོར་ལོ་གང་། སྙོམས་འཇུག་གི་གནས་སྐབས་དང་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་འཁོར་ལོ་གང་། གཉིད་འཐུག་གི་གནས་སྐབས་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་གནས་སྐབས་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་འཁོར་ལོ་གང་། སད་པའི་གནས་སྐབས་དང་ཞེ་སྡང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས་པས་ཕྱི་ནང་མེད་པ་དྭངས་གསལ་འོད་ཕུང་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས། དེ་ཉིད་ངག་འདོན་གྱིས་གསལ་འདེབས་བྱེད་ན། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྤྱངས་རང་ལུས་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཅེས་བརྗོད་ཅིང་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། བཟླས་སྒོམ་འདི་ཇི་ཙམ་མང་བཞིན་མཆོག་ཏུ་འགྱུར་ལ་ཐ་ནའང་འབུམ་ཐེར་ཙམ་རེ་ངེས་པར་གལ་ཆེའོ། །ཐུན་མཐར་རུ་ཏྲའི་སྨྲེ་བཤགས་ཀྱང་བརྗོད་ལ་བསྒོམ་བྱ་སྒོམ་བྱེད་གཉིས་ཀའང་གདོད་ནས་ཡེ་དག་རོ་མཉམ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ནི་བཤགས་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དྲང་པོར་འདུག་ལ་ཡང་དག་ལྟོས། དེ་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་སོ། །བཞི་པ་ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་པ་ནི། ཚོགས་གསོག་གི་ཐབས་སྤྱི་དང་བྱེ་བྲག་མང་མོད། སྐབས་འདིར་ནང་གི་རྣལ་འབྱོར་ཁྱད་པར་ཅན་ལ་བརྟེན་པ་སྟེ། དེའང་སྔར་ལྟར་རང་ལུས་གཉུག་མའི་ལྷ་ཡི་དམ་གང་ཡིན་ནམ། སྤྱིར་བཏང་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ལྟེ་འོག་རྡོར་སེམས་ཡབ་ཡུམ་བཤད་མ་ཐག་པ་ལྟར་དང་། དབུ་མའི་ཡར་སྣར་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན། སྤྱི་བོའི་འཁོར་ལོར་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་ཡབ་ཡུམ་དམར་པོ། སྙིང་གར་ཐུགས་རྡོ་རྗེ་ཡབ་ཡུམ་སྔོན་པོ། ལྟེ་བར་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་སེར་པོ་རྡོར་དྲིལ་འཛིན་ཅིང་སོ་སོའི་རྩ་འདབ་གྲངས་མཉམ་ཌཱ་ཀིས་བསྐོར་བ་གསལ་གདབ། མོས་གུས་བྱས་ཏེ་འཇམ་རླུང་བཟུང་བས་རྡོར་སེམས་སྐུ་ལས་མེ་འབར་བའི་མེ་ལྕེ་རིམ་པར་གྱེན་དུ་སོང་། སྤྱི་བོའི་ཧྃ་ལ་རེག་པས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་བབས་སྤྱི་བོའི་བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། ལུས་རྩའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། སྣང་སྟོང་སྐུ་རྡོ་རྗེ་དང་དབྱེར་མེད་དུ་གྱུར། སླར་མགྲིན་པར་བབས། བླ་མ་གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་མཆོག་དགའི་མཆོད་པས་མཉེས། ངག་རླུང་གི་སྒྲིབ་པ་དག་ཅིང་ཚོགས་རྫོགས། གྲགས་སྟོང་གསུང་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་སྙིང་གར་བབས། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ཁྱད་དགའི་མཆོད་པས་མཉེས། ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། རིག་སྟོང་ཐུགས་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་ཀྱང་ལྟེ་བར་བབས། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ལྷན་སྐྱེས་དགའ་བའི་མཆོད་པས་མཉེས། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། བདེ་སྟོང་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ་མཐར་གོང་སྨོས་ལྟར་མཉམ་པར་འཇོག་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་ནུས་བཟླ། ནང་གི་གསག་སྦྱོང་གཉིས་པོ་སྦྲེལ་མར་ཉམས་སུ་ལེན་པའི་སྐབས་ཡིག་བརྒྱ་བཟླས་གྲུབ་པའི་རྗེས་ཁོ་ནར་མེ་ལྕེས་ཧྃ་ལས་བདུད་རྩི་དྲང་བའི་དམིགས་པ་ལ་འཇུག་ཅིང་། གཉིས་ཀ་གྲུབ་པའི་རྗེས་མཉམ་གཞག་བྱ། དེ་ཉིད་ངག་འདོན་དུ། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བསམས་ལ་རྗེས་སྔགས་བརྗོད་པ་སོགས་སྔར་ལྟར་བྱའོ། །ལྔ་པ་ཉམས་རྟོགས་སྐྱེ་བའི་ཐབས་ཀྱི་དངོས་གཞི་བླ་མའི་བྱིན་རླབས་ལམ་དུ་བྱ་བ་ལ་གཉིས། བྱིན་རླབས་བླ་མའི་བསྐྱེད་རིམ་དང་། ཟབ་མོ་རྫོགས་པའི་རིམ་པའོ། །དང་པོ་ནི། གཞུང་ལས། དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ ཞེས་སོགས་ཀྱིས་བསྟན་པའི་དོན་ཏེ། དེའང་སྔོན་འགྲོ་གཞན་རྣམས་གྲངས་གསོག་ལྟ་བུ་སྔོན་དུ་སོང་ཟིན་པའི་དབང་དུ་བྱས་ནས་ཉམས་ལེན་འདིའི་སྐབས་སུ་བབ་པ་ན། མཚམས་དམ་དུ་བཅད། རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ། ཐུན་གྱི་སྔོན་འགྲོ་མ་བྱས་ཀྱང་ཆོག་པས་སྐྱབས་སེམས་གསག་སྦྱོང་སྦྲེལ་མར་ཁྱུག་ཙམ་བཏང་ལ། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུའི་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་། དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་པ་དཀར་པོ་འོད་འབར་བ། དེའི་ཐད་ཀ་ལས་ཅུང་ཟད་མཐོ་ཙམ་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་གསོལ་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་བསམས་ལ་ལེགས་པར་གསལ་གདབ། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་བླ་མ་ལ་མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་དེ། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་རྩེ་གཅིག་ཏུ་བྱ། དེའང་ཉམས་རྟོགས་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་འདི་ཁོ་ན་ལ་ནན་ཏན་དུ་བྱ་དགོས་ལ། སྔོན་འགྲོ་སྔ་མ་རྣམས་འབུམ་ཐེར་བསགས་པ་ཡིན་ན་གསོལ་འདེབས་ཀྱང་དེ་ལས་མི་ཉུང་བ་བྱ། བཟླས་པ་འབུམ་ཕྲག་བཅུ་གཉིས་ཀྱི་གྲངས་ཐེམས་ངེས་དགོས་པས་ཐུན་རེ་ལ་ཇི་ཙམ་འོས་པ་བཟླས་པའི་མཐར་དབང་བླང་བ་ནི། སླར་ཡང་མོས་གུས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་མོས། དབང་ལེན་འདི་ཐུན་གྱི་དངོས་གཞི་བཟླས་པ་ལ་བྱེད་པའི་སྐབས་སུའང་ཡང་ཡང་བསྒོམས་ན་བྱིན་རླབས་ཤིན་ཏུ་ཆེ་གསུངས། མཐར་བླ་མ་ཉིད་དགྱེས་པས་འོད་དུ་ཞུ་སྟེ་སྨིན་མཚམས་ཀྱི་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམས་ལ་སེམས་གཏད། འདི་བྱིན་རླབས་ཤིན་ཏུ་བརྟན་པར་བྱེད་པའི་གནད་དོ། །ཐོག་མར་གསོལ་འདེབས་གཙོར་བྱེད་པའི་སྐབས་སུ་འདིའི་མཚམས་འོག་ནས་འབྱུང་བ་ལྟར་དམིགས་བཟླས་ཁྱུག་ཙམ་བྱས་ལ་བསྡུ་རིམ་དང་བསྔོ་སྨོན་གྱིས་མཐར་དབྱུང་ངོ་། །དེས་གསོལ་འདེབས་བླ་མའི་རྣལ་འབྱོར་གྲུབ་ནས་བསྐྱེད་བཟླས་སེམས་འཛིན་གཙོར་བཏོན་པའི་སྐབས་སྔ་མའི་འགྲོས་སྦྱར་བས་ཀྱང་ཆོག་མོད། འདི་ལ་ཀུན་བཟང་དོན་གྱི་ཕྲིན་ལས་དང་སྦྲེལ་ན་ལེགས་པས་སྨན་རག་གཏོར་མཆོད་སོགས་ཚོགས་གསོག་པའི་ཡན་ལག་ཡིན་ཕྱིར་སྤྱི་ལྟར་བཤམ། མ་འབྱོར་ཡང་དགོངས་པ་གསལ་འདེབས་ཙམ་ཁོ་ནས་ཆོག་པའོ། །དེའང་དོན་ཕྲིན་གྱི་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་གསག་སྦྱོང་སྦྲེལ་མ་སྔར་བཞིན་སྦྱར་ལ་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་བཏང་། སྤྱན་འདྲེན་དང་བཞུགས་གསོལ་གྲུབ་རྗེས་མདུན་མཁར་བླ་མ་ལ་གསོལ་འདེབས་དང་བཟླས་པ་ཁྱུག་ཙམ་བྱས་ལ་དབང་བཞི་བླངས་ནས་བསྟིམ། ལས་བྱང་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་ལྷ་སྐུའི་གསལ་སྣང་འདོན་བསྐྱོར་བྱས་ལ། དང་པོ་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་བཟུང་། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག །དེ་ལ་སེམས་ཟིན་པ་ན་སྨིན་མཚམས་ཆོས་འབྱུང་དགའ་འཁྱིལ་དབུས་ཀྱི་ཐིག་ལེ་དཀར་པོ་ཨས་མཚན་པ་སྲན་མ་ཙམ་ལ་སེམས་བཟུང་བ་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་ངེ་འཛིན་ནོ། །དེ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པ་ན། ཕྲིན་ལས་ལྟར། ཨ༔ ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ སོགས་ཀྱིས་དགོངས་པའི་གཟེར་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ། ཇི་ལྟར་རིགས་པ་བཟླ། མཐར་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའམ་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་བྱས་ལ་སེམས་འཛིན། དེས་སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱད་པར་བསམ། ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་སྒྱུར་བར་བསམས་ལ་ངག་བཟླས་ཡིད་བཟླས་ཇི་ལྟར་རིགས་པར་བྱས་ཏེ་འཕྲོ་འདུའི་རྩལ་སྦྱོང་བ་ནི་གསུང་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། བསྐྱེད་བཟླས་གྲུབ་པའི་མཐར་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག །དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ། །མཐར་དེ་ཡང་གཞའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་སྣོད་བཅུད་དག་པའི་འཁོར་ལོར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་བྱ་སྟེ་གསལ་འདེབས་པའི་ཚིག་ནི་ལས་བྱང་ལས་འབྱུང་བ་ལྟར་རོ། །དེའང་ཐིག་ལེ་ལ་སེམས་འཛིན་པ་ཡན་ཆད་རྟེན་ཅན་ཞི་གནས། དམིགས་མེད་དུ་འཇོག་པ་རྟེན་མེད་ཞི་གནས་ཏེ་འདི་ནི་གཙོ་བོར་སྔགས་ཀྱི་བསྐྱེད་རིམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། རེ་ཞིག་འདི་ཙམ་ལས་མི་ལྕོགས་ན་ལྷག་མཐོང་སྒྲུབ་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་འོག་ཏུ་འབྱུང་བ་ཉིད་འདིར་སྦྱར་བས་བསྐྱེད་རྫོགས་རྐང་ཚང་བ་གཅིག་ཏུ་འགྱུར་རོ། །སྔ་ཕྱི་སྦྲེལ་ན་ཀུན་བཟང་དོན་ཕྲིན་མི་སྦྱོར་བར་གསོལ་འདེབས་དབང་ལེན་གྲུབ་ནས་ལྷ་སྐུའི་སེམས་འཛིན་ལ་འཇུག་གོ། ༈ །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་གཅོད། དངོས་གཞི་འཁྲུལ་པ་རང་གྲོལ། རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད་ནི༔ ཞེས་པ་སྟེ། དེ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་པས་འདི་ཕྱིན་ཆད་རྣམས་ལ་ཐོག་མར་བླ་མའི་རྣལ་འབྱོར་རེ་སྔོན་དུ་འགྲོ་དགོས་པས། བྱིན་རླབས་བླ་མའི་གསོལ་འདེབས་ལྟར་རམ། བསྡུ་ན་ཐུན་གྱི་སྔོན་འགྲོར་བཤད་པ་ལྟར་བྱས་ལ། གདན་འབོལ་ཞིང་རྒྱ་ཆེ་བར་བཏིང་པའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་ལ་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས། མགོ་ལ་མ་རེག་པར་ཐལ་མོ་སྤྱི་བོར་སྦྱར་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། མིག་བར་སྣང་ལ་ཧར་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ནས་རྣམ་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཡང་སྤངས་ཏེ་མི་རྟོག་པ་ཁོ་ནའི་ངང་དུ་ལུས་རང་ཤུགས་ཀྱིས་མ་འགྱེལ་བར་དུ་མི་འགྱུར་བར་བཞག །ཧལ་གྱིས་འགྱེལ་བ་ན་དེ་ཐོག་འགུལ་བསྐྱོད་བཟོ་བཅོས་ཅིའང་མི་བྱ་བར་རྟོག་མེད་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་འབད་པ་ཉི་མ་གསུམ་དུ་སྦྱངས་པས་ལུས་ཀྱི་མངོན་ཞེན་ལྡོག་པ་དང་སྤྲུལ་སྐུར་གྲོལ་བར་བྱེད་པས་ལུས་སྦྱོང་དང་ལུས་ཀྱི་རུ་ཤན་དབྱེ་བ་དུས་གཅིག་ཏུ་འགྲུབ་པའོ། །གཉིས་པ་ནི། ངག་མི་སྨྲ་བ་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་གསུངས་པའི་དོན། སྙིང་ཐིག་ཆེན་མོ་ལྟར་རྒྱས་གདབ་རྩལ་སྦྱོང་མཉེན་བཙལ་ལམ་གཞུག་རྣམས་རེ་རེ་བཞིན་བྱས་ཀྱང་ཆོག་མོད། སྐབས་འདིར་གནད་བསྡུས་ཏེ། ལུས་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད་ལ། རང་གི་སྙིང་གར་གཞིར་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་ཞིག་བསམ། ཧཱུྃ་གི་གླུ་ཆེ་ཆུང་རན་པ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་བྱུང་ཉེ་སྐོར་ཐམས་ཅད་གང་། རིམ་པར་ཕྱི་རོལ་སྣོད་བཅུད་རྣམས་གང་སྟེ་ཐམས་ཅད་ཀྱང་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་ཏུ་གྱུར། དེ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པ་མང་པོ་འཕྲོས། རང་ལུས་དང་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཁྲོལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་མཐར་ཕྱི་ནང་བརྟན་གཡོ་ཐམས་ཅད་ཧཱུྃ་འབའ་ཞིག་གི་རྣམ་པར་གྱུར་པར་བསམ། རྗེས་སུ་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག །དེ་ལྟར་བསྐྱར་ཏེ་ཉི་མ་གསུམ་ཙམ་ལ་འབད་པས་ངག་གི་མངོན་ཞེན་ལྡོག་ཅིང་ལོངས་སྐུར་གྲོལ་བར་བྱེད་པས་ངག་སྦྱོང་དང་རུ་ཤན་དབྱེ་བ་དུས་གཅིག་འབྱུང་བའོ། །གསུམ་པ་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་གསུངས་པའི་དོན་བླ་མའི་རྣལ་འབྱོར་དང་ལུས་གནད་སྔ་མ་ལྟར་བྱས་ལ་གཞན་དུ་མ་ཡེངས་པར། རང་ཉིད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་མཁན་དང་མཐར་སངས་རྒྱས་ཐོབ་མཁན་སོགས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་འདི་ལུས་ངག་ཡིད་གསུམ་གང་ཡིན་ལེགས་པར་བརྟགས་ཤིང་དཔྱད་པས། ལུས་སྐྱེ་འཆི་མང་པོར་གྱུར་པས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ནམ་དུའང་མེད་པར་མི་འགྱུར་བས་སེམས་ཁོ་ན་གཙོ་བར་ཤེས་པ་ན། སེམས་ཞེས་པ་ད་ལྟའི་རྣམ་རྟོག་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་ལས་ཅིའང་མེད། འདི་ཉིད་དང་པོ་ཕྱི་ནང་གི་དངོས་པོ་འམ་དངོས་མེད་གང་ལས་བྱུང་། འདི་ནས་བྱུང་སྙམ་པ་འདུག་ན་བྱུང་ཁུངས་དང་བྱུང་ལུགས་ཇི་ལྟ་བུ། ད་ལྟ་ཕྱི་ནང་དང་ལུས་ཀྱི་སྟོད་སྨད་བར་གསུམ་གང་དུ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་སྙིང་དེའི་ཡང་སྟོད་སྨད་མཐའ་དབུས་གར་གནས་པ་དེའི་ངོ་བོ་ཁ་དོག་དབྱིབས་ཇི་ལྟ་བུས་གནས། མཐར་འགག་པའི་ཡུལ་ལམ་འགྲོ་བའི་གནས་ཅི་འདྲ་བ་ཞིག་འདུག །བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་གཅིག་གམ་ཐ་དད་ཡིན་སོགས་སྐད་ཅིག་ཀྱང་མ་ཡེངས་པར་རྩད་བཅད་ལ་ལྷོད་ཀྱིས་ཀློད། དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་མ་ཐག་དྲན་པས་བཟུང་ལ་དེ་ཉིད་གང་ལས་བྱུང་། རྣམ་པ་ཇི་ལྟ་བུ། ཡལ་དུས་གང་དུ་འགྲོ །དེ་དང་རྟོག་བྱེད་གཉིས་གཅིག་ཡིན་མིན་སོགས་རིག་པ་རྐྱང་འདེད་ཀྱིས་ཕུ་ཐག་མ་ཆོད་བར་བརྟགས་ཤིང་དཔྱད་པས་ཅིའང་མ་རྙེད་གང་དུའང་མ་གྲུབ། ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་ནས། དང་པོ་བྱུང་བར་སྙམ་ཡང་འོང་མཁན་གཞི་རྩ་མ་གྲུབ་པས་སྐྱེ་བ་མེད་པ་ཆོས་སྐུའི་བཞུགས་ཚུལ། བར་དུ་གནས་པ་སྙམ་ཡང་དངོས་པོ་དངོས་མེད་གང་གི་ཚུལ་དུའང་མི་གནས་པས་གནས་པ་མེད་པ་ལོངས་སྐུའི་གཤིས་ལུགས། མཐར་འགག་པར་སྙམ་ཡང་གང་དུའང་འགྲོ་མཁན་དང་འགྲོ་ཡུལ་མ་དམིགས་པས་འགག་པ་མེད་པ་སྤྲུལ་སྐུའི་རང་བཞིན་དུ་ངོ་འཕྲོད་པས། ཡིད་ཀྱི་མངོན་ཞེན་ལྡོག་པ་དང་ཆོས་ཀྱི་སྐུར་གྲོལ་བར་བྱེད་པས་སེམས་སྦྱོང་དང་སེམས་ཀྱི་རུ་ཤན་དབྱེ་བ་ཕྲུགས་གཅིག་ལ་རྫོགས་པའོ། །བཞི་པ་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྒོ་གསུམ་གྱི་སྔོན་འགྲོ་དེ་རྣམས་ལ་འབད་པའི་སྐབས་ཐམས་ཅད་དུ་ཨ་འཐས་གཉིས་འཛིན་མཚན་མར་རྟོག་པའི་བློས་མི་བཅིང་བར་ཐོག་མ་ཉིད་ནས་ལྟ་བ་ཀ་དག་ནམ་མཁའ་ལྟ་བུའི་རྩིས་ཟིན་པ་གལ་ཆེ་སྟེ། བྱ་བྱེད་ལས་གསུམ་གའང་ཐོག་མར་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བ་ལས་མེད་སྣང་གློ་བུར་བ་ནམ་མཁའ་སྟོང་པ་ལས་སྤྲིན་བརྡོལ་བ་ལྟ་བུར་བྱུང་ཡང་རང་བཞིན་མེད་པར་ཤེས་པ་དང་། མཐར་དེ་དག་ཐམས་ཅད་ཀྱང་དབྱིངས་ཀ་དག་གི་ངང་དུ་སྤྲོས་པ་ཉེ་བར་ཞི་བ་སྤྲིན་ནམ་མཁའ་ལ་རང་དེངས་སུ་འགྲོ་བ་བཞིན་བསམ་བརྗོད་འཛིན་བྲལ་ཆེན་པོར་བསྐྱལ་བ་དང་། སྒོ་གསུམ་གྱི་རྣམ་འགྱུར་ཇི་ལྟ་བུ་ཞིག་བྱས་ཀྱང་དབྱིངས་ཀ་དག་གི་རང་བཞིན་ལས་གཞན་དུ་རྡུལ་ཙམ་ཡང་གཡོ་བ་མེད་པ་རྩོལ་བཅས་སམ་རྩོལ་མེད་ཀྱི་དྲན་པ་བློ་ནུས་དང་སྦྱར་བས་བཟུང་སྟེ་ལམ་དུ་གཏོང་བ་ཁོ་ན་གནད་དུ་ཆེའོ། །གཉིས་པ་དངོས་གཞིའི་ཁྲིད་ནི། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་གསུངས་ཏེ། དེ་ལ་བཞི། རི་བོ་ཅོག་གཞག །རྒྱ་མཚོ་ཅོག་གཞག །རིག་པ་ཅོག་གཞག །དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ༔ ཞེས་པ་སྟེ། སྔོན་འགྲོ་ལེགས་པར་འབྱོངས་ནས་དངོས་གཞིའི་ཐོག་མར་གཞི་ཀ་དག་ཁྲེགས་ཆོད་ཀྱི་དོན་ཉམས་སུ་ལེན་པ་ནི། ལུང་ལས། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །ཅེས་གསུངས་པ་ལྟར། ལུས་སོག་ཕོན་ཐག་པ་ཆད་པ་ལྟར་རང་བབས་བདེ་ལུགས་ཀྱི་ངང་དུ། འགྲོ་འདུག་བྱ་བྱེད་གཡོ་སྐྱོད་སོགས་ཀྱིས་ནམ་ཡང་མི་འགྱུར་བ་རི་བོ་ལྷུན་ཆགས་པ་ལྟར་རང་བཞིན་བབ་གཤིས་སུ་ཅོག་གེར་བཞག །ལས་དང་པོ་པ་ལ་སྒོ་གསུམ་གློད་ཆེས་ན་ཐ་མལ་དུ་འབྱམས་ཉེན་ཡོད་པས་སྐབས་སུ་རྣམ་སྣང་ཆོས་བདུན་ལས་མི་གཡོ་བར་བྱ། དེའང་ལྟ་སྒོམ་ལ་གནད་དུ་གང་འགྲོ་དང་བསྟུན་པའི་སྒྲིམ་གློད་སྤེལ་མར་བྱས་ཏེ་ཏིང་ངེ་འཛིན་གྱི་གཞི་གཟུང་ངོ་། །གཉིས་པ་ནི། ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ ཞེས་པ་སྟེ། དེའང་ལུང་ལས། མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཅེས་གསུངས་པས། ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་སྨྲ་བརྗོད་རླུང་རྩོལ་ཐམས་ཅད་སྤངས་ཏེ། ཕྱི་ལྟར་མིག་མི་འགུལ་བར་ལྟ་སྟངས་ཅུང་ཟད་གྱེན་ཏུ་ཕྱོགས་པའི་ནམ་མཁར་ཧྲིག་གེར་གཏད། ནང་ལྟར་ཤེས་པ་བཟོ་མེད་རྗེན་པའང་དེར་གཏད་པས་དབྱིངས་དང་རིག་པ་ཟུང་འབྲེལ་ཡུལ་དང་ཡུལ་ཅན་དབྱེར་མེད་གསལ་དྭངས་ངོས་བཟུང་དང་བྲལ་བའི་ངང་། ཕྱི་ནང་གཉིས་རྒྱ་མཚོ་ཆེན་པོ་བཞིན་མི་གཡོ་བར་འཁྱིལ་ལེར་གནས་པ་ལ་རྩེ་གཅིག་ཏུ་གཟིར་ཏེ་ཨར་ལ་གཏད་པར་བྱའོ། །གསུམ་པ་ནི། སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ ཞེས་པ་སྟེ། སེམས་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་ཕྱི་ནང་གང་དུའང་མ་ཡེངས་པར་རིག་པ་ཁེར་འདེད་ཀྱི་ཅོག་གཞག་ཆེན་པོས་གདོད་མའི་དབྱིངས་སུ་ལ་བཟླ་བར་བྱ་དགོས་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུའི་རྟགས་འཆར་བའི་ཚུལ་ལོ། །དང་པོ་ནི། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་གསུངས་ཏེ། འདི་ལྟར་ཕྱི་རོལ་ཡུལ་གྱི་སྣང་བ་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་བློས་ཕར་བརྟགས་ཤིང་བཀོད་པ་ཁོ་ན་མ་གཏོགས་རང་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད། ནང་གཟུང་འཛིན་འཁྲུལ་པའི་གཞན་དབང་གིས་མཚན་རྟོག་བྱུང་ཚོར་གྱི་འདུ་ཤེས་སྣ་ཚོགས་པ་དང་བཅས་པའི་བློ་སེམས་འདི་ནི་རྨི་ལམ་བཞིན་དུ་མེད་པ་གསལ་བར་སྣང་བ་ཙམ་ཡིན་ལ། སེམས་ཀྱི་ངོ་བོའམ་དབྱིངས་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ལ་རྒྱར་མ་ཆད་པ། ཀུན་ལ་ཁྱབ་ཅིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་བརྟག་དཔྱད་ཀྱི་བློས་དོན་སྤྱི་ཙམ་གོ་བ་ལས་དོན་ཇི་བཞིན་པ་མི་མཚོན། འོན་ཀྱང་བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་སྒོམ་སྟོབས་ལ་བརྟེན་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། སྣང་སྟོང་ཡོད་མེད་ཉེ་རིང་གང་དུའང་མ་རྟེན་པའི་གཤིས་ལུགས་གཞི་མེད་རྩ་བྲལ་མཐོང་མེད་ནམ་མཁའ་ལྟ་བུ་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དབྱིངས་ཀ་དག་དང་རིག་པ་གཏིང་གསལ་དབྱེར་མེད་པ་སུས་ཀྱང་འདུས་མ་བྱས་པ་སྟེ། ཉམས་ལེན་དུ་ཧྲིལ་དྲིལ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཉེན་པོས་མ་བཅོས་ཤིང་མཚན་མས་མ་བསླད་པ། རང་བྱུང་ཡེ་ཤེས་སྟོང་གསལ་བློ་འདས་ཆེན་པོར་ཝ་ལེར་གསལ་བ་འདི་ཉིད་གདོད་མའི་ཆོས་སྐུ་རིག་སྟོང་རྗེན་པར་རང་ངོ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་སྟེ་ལྟ་བས་ཐག་བཅད་པའོ། །གཉིས་པ་ནི། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་གསུངས་ཏེ། ཀ་དག་ལྟ་བའི་གནས་ལུགས་དེ་ལྟར་ཁོང་དུ་ཆུད་ནས་དེའི་དོན་སྒོམ་པས་ཉམས་སུ་ལེན་པ་ན། ལུང་ལས། ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་ལྟར། སྔར་ངོ་འཕྲོད་པའི་ལྟ་བ་ནམ་མཁའ་ལྟ་བུ་དེ་ལ་རྣལ་འབྱོར་དུ་བྱ་སྟེ། དེའང་། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་ཚུལ་བཞིན་བསྒོམ་པར་བྱ་རྒྱུ་རྡུལ་ཙམ་མེད་པས་ཅིའང་མི་སྒོམ་པའི་ཚུལ་གྱིས་སྤང་ཐོབ་ཡེངས་འཁྲུལ་གདོད་མ་ནས་མ་གྲུབ་པས་ནམ་ཡང་གནས་ལུགས་ཀྱི་དོན་དང་མི་འབྲལ་བ་ལ་བསླབ་བོ། །དེའི་དོན་མདོར་དྲིལ་ན། བཞི་ཆ་གསུམ་བྲལ་བློ་འདས་ཆོས་སྐུའི་དགོངས་པ་ལས་མི་གཡོ་བར་གནས་པ་སྟེ། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་ཤེས་པ་སྐད་ཅིག་མ་བཟོ་བཅོས་མ་བྱས་པ་སྟེ་རྟོག་པ་གསུམ་དང་བྲལ་བའི་བཞི་པའི་ཆ་རང་བྱུང་རིག་པའི་ཡེ་ཤེས་གསལ་ཧྲིག་རྗེན་ནེ་བ། ཡངས་པ་ཕྱལ་ལེ་བའི་ངང་དུ་ཆེད་དུ་རྩོལ་བས་མ་བསྒྲུབས། ཡེངས་པ་ཕྱལ་བར་མ་འབྱམས་པར་སེམས་ཀྱི་རྟོག་པའི་འཕྲོ་འདུ་ཅི་ཞིག་བྱུང་ཡང་ནམ་མཁའ་ལ་སྤྲིན་གྱིས་ཕན་གནོད་མེད་པ་ལྟར་རིག་པ་ལ་ཅིས་ཀྱང་མ་གོས་པས་རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་བཞིན་གཉེར་ཁ་མེད་པར་ཁ་ཡན་རང་བབ་ཏུ་གློད་ཅིང་བཞག་པ་ནི་ཐག་གཅིག་ཐོག་ཏུ་བཅད་དེ་སྒོམ་པས་ཉམས་སུ་བླང་བའོ། །དེས་ན་འཁོར་འདས་ཀྱི་སྣང་བའི་ཆོ་འཕྲུལ་བཟང་ངན་ཅི་ལྟ་བུ་ཞིག་ཤར་ཡང་རང་གི་རིག་པའི་རྩལ་ལས་མ་འདས་པས་རིག་པ་ཉིད་རང་སོ་ཟིན་པ་ཁོ་ནས་ཆོག་སྟེ། ལུང་ལས། ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་སོ། །གསུམ་པ་ནི། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་མིག་གི་ཡུལ་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གི་སྣང་བ་དབང་པོ་ལ་བཀྲ་ལམ་གྱིས་ཤར་བ་ན། རྣམ་པར་ཤེས་པ་ཁ་ཕྱིར་བལྟས་ཀྱིས་དེ་ལ་ཡེངས་ན་དྲན་ཤེས་དང་བྲལ་ནས་ཆགས་སྡང་གིས་ལས་སོགས་ཏེ་སྒོམ་པ་དོན་མེད་པར་འགྱུར་བས། ཤར་མ་ཐག་པ་ནས་དྲན་པས་བཟུང་སྟེ་དེ་ལ་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་འཛིན་པའི་སེམས་ཀྱི་ཁང་བུ་བཤིགས་ལ་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རང་བབ་ཏུ་འཇོག་ཅིང་རྩོལ་བ་ཀློད་དེ། དཔེར་ན་བསྒྲུབ་བྱའི་ལས་གང་ཞིག་བྱས་ཟིན་པའི་སྐྱེས་བུས་ལུས་སེམས་རྩོལ་མེད་དལ་བར་གནས་པ་ལྟར་ཅིའང་སྤྱད་དུ་མེད་པའི་སྤྱོད་པ་ལ་གནས་པར་བྱའོ། །དེའང་གནས་ལུགས་རང་བབ་ཀྱི་ངང་དུ་འཇོག་པའི་དུས། ཐ་མལ་ཤེས་པ་ཡུལ་ལ་འཕྲོ་འཇུག་བྱེད་ཀྱང་འཕྲོ་བའི་རྗེས་སུ་མ་ཡེངས་ཤིང་བཅོས་བསླད་མེད་པར་ཀློད་པས་ཆུ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་རང་ཤར་རང་གྲོལ་ལས་མ་གཡོས་པ་ནི་གདིང་གྲོལ་ཐོག་ཏུ་འཆོས་པ་ཞེས་འབྲས་བུ་གཏན་ལ་ཕེབ་པའོ། །བཞི་པ་ནི། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་པ་སྟེ། དེ་ལྟར་ཅོག་གཞག་རྣམ་པ་གསུམ་གྱིས་རྩེ་གཅིག་ཉམས་ལེན་ལ་བརྩོན་པའི་ཚེ་རླུང་སེམས་དབུ་མར་ཞུགས་པའི་རྟགས་སུ་སྣང་ཉམས་ཅི་རིགས་པ་དང་ཤེས་ཉམས་སྣ་ཚོགས་པ་རྣམས་ཀྱང་འབད་རྩོལ་མེད་པར་ཤུགས་ཀྱིས་འབྱུང་ལ། རིམ་པར་གོམས་འདྲིས་བརྟན་པ་ཐོབ་པ་ན། རང་བྱུང་གདོད་མའི་ཆོས་སྐུ་གནས་ལུགས་འོད་གསལ་གྱི་རིག་པ་དྲི་མ་ཐམས་ཅད་དང་བྲལ་བའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བླག་ཏུ་གྲུབ་ནས་ཆོས་ཉིད་དབྱིངས་ཀྱི་ངང་དུ་ཆོས་ཅན་མཚན་མའི་སྤྲོས་པ་ཉེ་བར་ཞི་བས་སྲིད་ཞིའི་ཁྱབ་བདག་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྤྱིར་ཅོག་གཞག་གང་ཡིན་པ་བྱའོ་སྙམ་པ་ལྟ་བུའི་སྙམ་བྱེད་ཀྱི་རྟོག་པའང་ངོ་ཤེས་བཞིན་པའི་ངང་སྦྱང་བྱ་དེ་ཉིད་རྩོལ་བ་མི་དགོས་པའི་རྩལ་རྫོགས་པ་དང་མཐར་གོམས་ཤིང་འདྲིས་ནས་གདིང་དུ་གྱུར་ཏེ་བརྟན་པ་ཐོབ་པར་བྱ་དགོས་པའང་ཡིན་ལ། ཁྱད་པར་ཉམས་ལེན་དེ་རྣམས་ཀྱི་སྐབས་ཐམས་ཅད་དུ་སྒོ་གསུམ་དང་འབྲེལ་བའི་རྣམ་རྟོག་གི་འཕྲོ་འདུ་མཐའ་ཡས་པ་ཞིག་འབྱུང་བར་འགྱུར་ལ། བྱུང་བ་དེ་ཉིད་མ་བྱུང་ན་ལེགས་སོ་སྙམ་པས་བཀག་ཀྱང་མི་བཀག །རྟོག་པ་ངན་པ་བཟང་པོར་བསྒྱུར་བ་ལྟ་བུའི་བཅོས་བསླད་ཀྱང་མི་བྱ། རྟོག་པ་མ་སྐྱེས་ན་ཆེད་དུ་སྐྱེར་ཡང་མི་གཞུག་ལ། གློ་བུར་ཤུགས་འབྱུང་དུ་བཟང་ངན་བར་མའི་རྟོག་པ་ཇི་ལྟ་བུ་ཞིག་སྐྱེས་ཀྱང་དེ་མ་ཐག་དྲན་པས་ཙིར་གྱིས་གཟུང་ལ་ངོ་ཤེས་པར་བྱ། ཤེས་མ་ཐག་གཉེན་པོས་གློ་རྡེག་མི་བྱ་བར་རྩལ་རྫོགས་སུ་འཇུག །རྫོགས་མ་ཐག་ཁ་ཡན་ཏུ་མི་བཏང་བར་རྟོག་པ་རང་གི་ངོ་བོ་ཆོས་ཉིད་དུ་ཀློད་ལ་རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ་ཏེ། ཐོག་མར་རྣམ་རྟོག་རང་བཞིན་མེད་པར་གྲོལ་བ་བུ་ཆུང་གིས་ལྷ་ཁང་བལྟ་བ་ལྟ་བུ། བར་དུ་རྣམ་རྟོག་གཉེན་པོ་མེད་པར་གྲོལ་བ་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟ་བུ། མཐར་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་རྐུན་པོ་ཁང་སྟོང་དུ་ཕྱིན་པ་ལྟ་བུ་ལ་གདིང་འཆོས་ཏེ་བརྟན་པ་ཐོབ་པར་བྱ་བ་ནི་གནད་ཀྱི་སྙིང་པོའོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་ནི༔ ཞེས་པས་བསྟན་ཏེ། དེ་ལ་གཉིས། གཞུང་དོན་དང་། འཕྲོས་དོན་ནོ། །དང་པོ་ལ་བཞི། བཞུགས་སྟངས། གཟིགས་སྟངས། དམིགས་གནད། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞི་བཟུང་ངོ༔ ཞེས་པ་སྟེ། དེ་ལྟར་ཁྲེགས་ཆོད་ཀྱི་ལྟ་སྒོམ་ལ་བརྟན་པ་ཐོབ་ནས་ལམ་ལྷུན་གྲུབ་ཐོད་རྒལ་ཉམས་སུ་ལེན་པ་ལ་སྒོ་ཡུལ་རླུང་རིག་གི་གནད་གཅུན་པ་གལ་ཆེ་བས། ལུས་འགུལ་སྐྱོད་ལ་སོགས་པས་ཅུང་ཟད་ཀྱང་མི་གཡོ་བར་བཞུགས་སྟངས་གསུམ་ལ་རྟག་ཏུ་གནས་པས་ཡེ་ཤེས་འཆར་བའི་གཞི་བཟུང་དགོས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་དང་ངག་ཡིད་རབ་ཏུ་གཅུན། །ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་པ་དག་ནི་མཉམ་པ་ཡིན། །ཞེས་ཕན་ཡོན་བཅས་གསུངས་པ་ལྟར། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་ངར་དྲང་པོར་བསྲང་། རོ་སྟོད་གསེངས་ཏེ་དཔུང་པ་གྱེན་ཏུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས་ཏེ་མགོ་ཐད་ཀར་གཏོད་པའོ། །དེ་གསུམ་གྱིས་འབྱུང་བ་རང་སར་དག །གཡོ་བྱེད་ཀྱི་རླུང་ཟིན། དྲོད་སྐྱེད་ཅིང་འབྱུང་བཞི་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་བར་བྱེད་དོ། །གཉིས་པ་ནི། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ ཞེས་པ་སྟེ། ངག་གིས་སྨྲ་བརྗོད་ཅུང་ཟད་ཀྱང་མི་བྱ་བར་རླུང་དལ་བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་བཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་སྟེ། སྔ་མ་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །དེའི་ངང་ལས་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་དབྱིངས་རིག་གི་སྣང་བ་ཨར་ལ་གཏད་པར་བྱ་སྟེ། དེའང་གཟིགས་སྟངས་ཀུན་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེབ། ཧ་ཅང་རྩོལ་བས་མི་བསྡམ་པར་ལྟ་སྟངས་ཀློད་ཅིང་བལྟ་བ་ནི་གནད་ཡིན་ལ། ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་ལ་ལྡོག་པ་གཙུག་གཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་ལྟ་བུས་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། དེ་ལྟར་གཟིགས་སྟངས་གསུམ་པོ་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ཏེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་ནི། སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ ཞེས་པ་སྟེ། སེམས་ཕྱིའི་སྣང་བ་ལ་མི་གཡེང་། ནང་འཛིན་རྟོག་དང་བྲལ་བ་ཁྲེགས་ཆོད་ཀ་དག་གི་དགོངས་པ་ལས་མ་གཡོས་ཤིང་མ་འཁྲུལ་པའི་ངང་དུ། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་དྭངས་པ་ལ་རྟེན་བྱས། འོད་གསལ་འཆར་སླ་བའི་ཆེད་དུ་སྔ་དྲོ་ཤར་དང་དགོང་མོ་ནུབ་ཏུ་ཁ་ཕྱོགས་པས་ཉི་མའི་དཀྱིལ་འཁོར་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་ཟིམ་བུས་མིག་དང་རིག་པ་ཡུལ་སྣང་གསུམ་དབྱེར་མེད་པར་བྱས་ལ་བལྟས་པས། དབྱིངས་སྣང་གི་རྭ་བར་རིག་པའི་གདངས་རྩལ་རྡོ་རྗེ་ལུ་གུ་རྒྱུད་དུ་འཆར་བའི་ལྷུན་གྲུབ་འོད་གསལ་གྱི་སྦུབས་སུ་ཡུལ་སེམས་ཀྱི་འཁྲུལ་པ་ཐམས་ཅད་གཞུག་ཅིང་བསྟིམ་པར་བྱ་སྟེ། རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པ་ཡིན། །ཞེས་སོ། །གོང་དུ་ཨར་གཏད་དང་འདིར་སྦུབས་འཇུག་རྣམས་དོན་གཅིག་སྟེ་སྣང་རིག་དབྱེར་མེད་ལ་རྩེ་གཅིག་ཏུ་གཟིར་བའི་དོན་ཏོ། །དེའང་མཐོང་ཡུལ་ལ་གངས་དང་ཁ་བ་ཡོད་ན་མིག་ལ་གནོད་པས་བྱོལ་དགོས་ཤིང་། ཐོག་མར་ཐག་རིང་བ་ལས་རིམ་པར་ཇེ་ཐུང་དུ་ཁྲིད། བཞུགས་སྟངས་དང་གཟིགས་སྟངས་གསུམ་པོའང་རིམ་པར་སྔ་དྲོ་ཉིན་གུང་གསུམ་ལ་གཙོར་བྱ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་ཉིད་སྟབས་བདེའོ། །ཅུང་ཟད་གོམས་ནས་དབྱིངས་སྣང་འཇའ་ཚོན་དང་ཐིག་ལེ་ལེགས་པར་འཆར་བའི་ཚེ་དེ་དག་འགུལ་འཕྲིག་བྱེད་པའི་རྗེས་སུ་རྟོག་པ་འབྲངས་ན་འཕེལ་བརྟན་ཏུ་མི་འགྱུར་བས་ལྟ་སྟངས་དང་རིག་པ་ཐོག་མར་གཏོད་ས་དེ་ལས་མ་གཡོས་པ་གནད་ཡིན་ལ། རེས་འཆར་སྒོ་མི་གསལ་བ་དང་ཕྱོགས་གཞན་དུ་ཡལ་ཡོལ་བྱེད་ན་དེ་རྗེས་ཅར་ཕོག་ཏུ་མི་འབྲངས་བར་བལྟ་སྟངས་དལ་བུས་ཁྲིད་པས་སྔར་བཞིན་དུ་འཆར་བར་འགྱུར་རོ། བཞི་པ་ནི། དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་པ་སྟེ། སྒོ་གསུམ་དང་འབྲེལ་བའི་གནད་དེ་ཐམས་ཅད་ཀྱང་སྤྱི་ལྟར་ན་ཐུན་བཞིའི་ཉམས་ལེན་ཆ་མཉམ་པར་སྦྱོར་ཏེ་བརྟན་པ་མ་ཐོབ་བར་དེ་ལས་མི་གཡོ་བ་དང་། ནང་ལྟར་དབྱིངས་ཀ་དག་དང་རིག་པ་འོད་གསལ་བཞི་ཆ་གསུམ་བྲལ་གདོད་ནས་དབྱེར་མེད་པ་ལ་གཟུང་འཛིན་གྱིས་རིས་སུ་མི་བཅད་པར་མཉམ་པར་སྦྱོར་བ་དང་། གསང་བ་དབྱིངས་སྣང་འཇའ་ཐིག་གི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གསལ་ཅིང་འགུལ་འཕྲིག་ཅན་དེ་ལ་རྟོག་དཔྱོད་ཀྱིས་མ་བསླད་པར་བལྟ་མཁན་རིག་པའི་རང་ངོ་ལས་མ་ཡེངས་ཙམ་གྱིས་སྨིན་མཚམས་འཇའ་ཚོན་ཕྲ་མོ་ལ་རྩེ་གཅིག་ཏུ་གཏོད་པས་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ན། སྣང་བ་བཞིའི་སྣང་ཉམས་དང་ཤེས་ཉམས་ཐམས་ཅད་ཟད་སར་སྐྱེལ་ཏེ་གདོད་མའི་ཐིག་ལེ་ཆེན་པོར་མཉམ་པར་སྦྱར་བ་གནད་དུ་ཆེའོ། །སྤྱིར་འདི་ལྟར་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས། ནང་གི་འཛིན་པས་མ་བསླད། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བ་ལས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་སྣང་བ་སྨིན་མཚམས་ནས་དྲལ་ཏེ་ཕྱི་ནང་དང་གསལ་འགྲིབ་མེད་པར་འཆར་བ་ན། རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་བར། །དྲལ་བའི་སྐྱེས་བུ་སྐལ་པ་བཟང་། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་སོ། །གཉིས་པ་དེ་ལས་འཕྲོས་པའི་སྨོན་དོན་ལ་གཉིས། སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ །དང་པོ་ལའང་བཞི་ལས། ཐོག་མར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྒོ་ཡུལ་རླུང་རིག་གི་གནད་བཅིངས་པས། ཕྱིའི་ནམ་མཁའ་སྟོང་པས་སྣང་བའི་གོ་ཕྱེས་ཏེ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་རྨ་བྱའི་མདོངས་ལྟར་བཀྲ་བའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་རྫིང་ལ་རྡོ་བོར་བའམ་ཕུབ་ཀྱི་སྦ་བསྐོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་གཉིས་སྦྲེལ་དང་སུམ་སྦྲེལ་ཅན། དེ་ནང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བརྟ་རྔ་ལ་མདུད་པ་བརྒྱབ་པ་ལྟ་བུའམ་གསེར་སྐུད་དང་མུ་ཏིག་གི་ཕྲེང་བ། ལྕགས་ཚག །མེ་ཏོག་གི་ཆུན་པོ་དང་དྲྭ་བ་ལྟ་བུ་ཐོག་མར་འལ་འོལ་འགུལ་འཕྲིག་ཅན་རེས་སྣང་རེས་མི་སྣང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་ནི། འཇའ་འོད་ཐིག་ལེ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་འང་ཟ་འོག་གི་གུར་ཁྱིམ་ལྟ་བུ་རྩིབས་ཤར་གྱེན་འགྲེང་སོགས་མ་ངེས་པར་འཆར། སྨིན་མཚམས་ལས་དྲལ་ཏེ་མཐོང་བའི་ཡུལ་ཙམ་དུ་ཁྱབ་པའི་ཟླུམ་སྐོར་གྱི་ནང་དུ་པད་འདབ་བཞི་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དེ། རིག་པའང་ཤ་ར་ཎ་དལ་གྱིས་རྒྱུ་བ་ཙམ་དུའོ། །གསུམ་པ་རིག་པ་ཚད་ཕེབ་ནི། འོད་ལྔའི་སྣང་བས་སྣང་ཡུལ་ཐམས་ཅད་ཁེངས་པའི་དབུས་ན་ཐིག་ལེ་མུ་ཁྱུད་ལྔ་ལྡན་ཚོམ་བུར་འབྲེལ་བའི་ནང་དུ་དང་པོར་ལྷའི་གཙུག་གཏོར་དང་དབུ་སོགས་ནས་རིམ་པར་ཕྱེད་སྐུ། སྐུ་རྐྱང་། ལྔ་ཚོམ་སོགས་གྲངས་མེད་པར་འཆར་བའི་བར་ཏེ། རིག་པ་བུང་བ་བཅུད་ལ་འཁོར་བ་ལྟ་བུའོ། །བཞི་པ་ཆོས་ཉིད་ཟད་པ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་ཆ་ཐམས་ཅད་ཟད་ནས། ལུས་འོད་སྐུ །ངག་ནཱ་ད། སེམས་ཆོས་སྐུར་གྲོལ་བའོ། །གཉིས་པ་མཐའ་རྟེན་ལའང་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བས་རྩ་རླུང་རང་སོར་གནས་པས་རྟོག་པ་འགགས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་དབྱིངས་རིག་མངོན་སུམ་མཐོང་སྟེ་ཡིད་དཔྱོད་ཀྱི་སྒྲོ་སྐུར་བྲལ། རླུང་རིག་དལ་བར་བརྟན་ནས་མི་འགུལ་བས་ཆོས་ཉིད་རང་ངོར་གནས་པས་དབྱིངས་རིག་མ་བུ་འདྲེས་པའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། དེ་ལྟར་བྱས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། འདིའི་སྐབས་སུ་བརྩོན་འགྲུས་རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་པོས་ངོ་ཤེས། ཐ་མ་ལའང་བཟང་པོ་ཤ་སྟག་རྨི་བ་ནི་ཚད་རྨི་ལམ་གྱིས་བཟུང་བ་དང་། ལུས་མི་གཡོ། ངག་མི་སྨྲ། སེམས་མི་རྟོག་པ་རྣམས་སྣང་བཞི་འཆར་རིམ་གྱིས་ཇེ་བརྟན་དུ་འགྲོ་བ་ནི་རྟགས་ལུས་ངག་ལ་ཤར་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྣང་བཞི་མཐར་ཕྱིན་པའི་ཡོན་ཏན་ཏེ། ཕྱི་སྣང་བ། ནང་ཕུང་པོ། གསང་བ་དབྱིངས་རིག་རྣམས་ལ་དབང་ཐོབ་པས། སྣང་རྐྱེན་ཞིང་ཁམས་སུ་ཤར། སྒྱུ་ལུས་འོད་གསལ་དུ་གྲོལ། འཁྲུལ་རྟོག་རང་བཞིན་དུ་འགགས་པའོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། ཉམས་ལེན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ། ཡར་སངས་རྒྱས་ཨེ་ཐོབ་ཀྱི་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེ་ཡི་དོགས་པ་མེད་པར་གདིང་ཐོབ་པའོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་བར་དོར་ཡེ་ཤེས་གོང་འཕོའི་མན་ངག་དང་། ཆོས་ཉིད་བར་དོར་མི་འགྱུར་བ་གསེར་ཀྱི་ཐུར་མ་ལྟ་བུའི་མན་ངག་གོ །དང་པོ་ལའང་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་དུ་འཕོ་བའོ། །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པའི་རིམ་པ་རྣམས་ལེགས་པར་ཉམས་སུ་བླངས་ཀྱང་སྐལ་པ་དམན་པས་ལམ་མཐར་མ་ཕྱིན་པའམ། བརྩོན་འགྲུས་ཆུང་ཞིང་གཡེང་བ་ཆེ་བས་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་ཚེ་འདི་ཉིད་ལ་གདོད་མའི་གྲོལ་སར་སྙོགས་པའི་གོ་འཕང་མཆོག་མ་འགྲུབ་ན། འཆི་ཁའི་བར་དོ་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམ་པའི་སྐབས་སུ་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་སྲིད་པའི་མྱ་ངན་ལས་འདའ་བར་བྱ་སྟེ། དེའང་ཉམས་ལེན་ཅན་གྱི་གང་ཟག་འཆི་ཀ་མ་དེས་འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་སྤང་། དེའི་ཕྱོགས་སུ་བློ་སྐད་ཅིག་ཙམ་ཡང་མི་འཕྲེང་བར་སྔར་ཐོས་གོམས་སུ་གྱུར་པའི་གདམ་པ་རྣམས་རང་ངམ་གྲོགས་ཀྱིས་བློ་ལ་གསལ་འདེབས། བླ་མ་ལ་མོས་གུས་དྲག་པོས་གདོད་མའི་གྲོལ་སར་སྙེག་པའི་གསོལ་བ་རྩེ་གཅིག་ཏུ་གདབ། བཞུགས་སྟངས་གསུམ་གང་རུང་དང་འབྲེལ་བར་ཕྱིའི་ནམ་མཁའ་དབྱིངས་ཤིན་ཏུ་དྭངས་པ་ལ། ནང་གི་ནམ་མཁའ་རྩ་དབུ་མའི་བྱེ་བྲག་རྒྱ་མཚོ་གསེར་གྱི་ཉི་མ་ལས་གྱེས་པའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་མིག་དང་འབྲེལ་ནས་ཡོད་པས་མིག་མདུང་ཚུགས་སུ་གཏད། དེ་ལ་གསང་བའི་ནམ་མཁའ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྙིང་དབུས་མི་ཤིགས་པའི་ཐིག་ལེའམ་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པའི་རིག་པ་སྐད་ཅིག་མ་ཉིད་བསྲེ་སྟེ། མདོར་ན་ནམ་མཁའ་ལ་མིག །མིག་ལ་རིག་པ་གཏད་དེ་ཕྱི་ནང་གསང་བའི་ནམ་མཁའ་གསུམ་དབྱེར་མེད་དུ་བཞག་པའམ། ཐོད་རྒལ་ལ་གོམས་པ་བརྟན་ན། མིག་འོད་སྣང་ལ་གཏད། རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་གཞིའི་འོད་གསལ་མ་ལྟ་བུ་དང་ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་ཆུ་ལ་ཆུ་ཐིམ་པ་ལྟར་འདྲེས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གཞི་ཐོག་ཏུ་རང་གྲོལ་བར་འགྱུར་རོ། །འདི་ནི་ཁྲེགས་ཐོད་གཉིས་ཀའམ་གང་རུང་གི་ཉམས་མྱོང་བརྟན་པོ་ཡོད་པའི་དབང་དུ་མཛད་པའོ། །གཉིས་པ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་སྟེ། ཡང་ན་རྣལ་འབྱོར་པ་རྟོགས་གོམས་དམན་པས་རླུང་སེམས་གོང་འཕོའི་མན་ངག་ཉམས་སུ་བླང་སྟེ། དེའང་དེ་ལ་བློ་གཏོད་པ་པོས་ད་ལྟའི་སྐབས་སུ་འབྱོངས་ངེས་པར་སྦྱངས་ནས་ནམ་དགོས་པའི་དུས་སུ་ལས་ལ་སྦྱར་བ་གལ་ཆེ་བས། བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ། རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་འོད་ལྔའི་མདངས་ཅན་ལ་ཨ་དཀར་པོ་སྲན་ཆུང་ཙམ་གྱིས་མཚན་པ་འོད་འཚེར་བ་ཞིག་བསྒོམས་ལ་སེམས་ཟིན་ཟིན་དུ་གཏད། སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་ཉིད་ལྕེ་བཙུན་ཆེན་པོའི་རྣམ་པར་གསལ་བཏབ་ལ་མོས་གུས་བསྐྱེད་ཅིང་གསོལ་བ་འདེབས། དེ་ནས་རླུང་སྦྱོར་གང་ནུས་དང་ལྡན་པས་སྙིང་གའི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ་བརྗོད་པས་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ་པར་བསམས་ལ་ཅུང་ཟད་མཉམ་པར་གཞག །སླར་ཐིག་ལེ་ཨ་ཡིག་བཅས་ཐུགས་ཀ་ནས་མར་བབས་ཚངས་བུ་གནས་སྙིང་གར་འཁོད་པར་དམིགས་ལ་རླུང་སེམས་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་མང་དུ་སྦྱང་། འཕྲོ་འཇོག་པ་ན། རང་སེམས་ཀྱི་ཐིག་ལེ་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར། བླ་མ་ཇེ་མཐོར་གཤེགས་ཤིང་ཇེ་ཕྲར་གྱུར་ནས་ཡལ་ཏེ་དམིགས་མེད་དུ་འཇོག་པའམ། འོག་མིན་དུར་ཁྲོད་མེ་རི་འབར་བ་སོགས་གང་འདོད་པའི་ཞིང་ཁམས་སུ་གཤེགས་པར་མོས། རྟོགས་པས་མ་ཆུན་པའམ་གེགས་ཆུང་ཁྱད་དུ། ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲིལ་ལེ་ལྕི་ཐིང་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧྃ་གིས་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱ་བ་འདིའང་སྐབས་སུ་སྦྲེལ་ལོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་པའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པས་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམ་པ་ལས་མར་མི་འབེབ་པར། སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྦར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །གཉིས་པ་ཆོས་ཉིད་བར་དོའི་མན་ངག་ནི། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་པ་སྟེ། གལ་ཏེ་འཆི་ཁའི་བར་དོར་གདིང་མ་ཐོབ་ན་ཀ་དག་གི་གཞི་ལས་གཞི་སྣང་གཡོས་ཏེ་ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་འཁྲུལ་སྣང་སྣ་ཚོགས་རིམ་པར་འཆར་ནས་སླར་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། དེའང་རིག་པ་རང་ངོ་མ་རིག་པའི་སྐྱོན་གྱིས་རང་ཚོ་མ་ཟིན་པར་ཡུལ་གྱི་དབང་དུ་ཤོར་ཏེ་འཁྲུལ་སྣང་ལུ་གུ་རྒྱུད་དུ་ཤར་བ་ཡིན་པས། དེ་དག་གི་སྣང་བ་ཅི་དང་ཅི་ལྟ་བུ་ཤར་ཡང་རང་གི་རིག་པའི་རྩལ་ལས་གཞན་དུ་མེད་པ་ཐག་བཅད་དེ། རིག་པ་ཆོས་ཉིད་ཀྱི་རང་མལ་ལས་ནམ་ཡང་མ་གཡོས་པ་དཔེར་ན་རྐྱེན་ཅིས་ཀྱང་རང་གཤིས་འགྱུར་བ་མེད་པ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དྲན་པར་བྱ་དགོས་སོ། །དེས་ན་ཆོས་ཉིད་བར་དོ་ལ་ཀ་དག་གི་འོད་གསལ་སྟོན་གནམ་ལྟ་བུ། འོད་ལྔའི་སྣང་བ་སོགས་སྒྲ་འོད་ཟེར་གསུམ། རིགས་ལྔའི་ཚོམ་བུ། ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ། སྐུ་གསུམ་གྱི་ཞིང་སྣང་རྣམས་རིམ་པར་འཆར་བའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་གང་ལའང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་པས་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ་ནས་སེམས་ཅན་གྱི་དོན་བྱེད་ཅིང་ནང་གསལ་བུམ་པ་སྐུར་བྱང་ཆུབ་པར་འགྱུར་རོ། །དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོར་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ། །དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོ་གསུམ་གྱི་གྲོལ་ཚད་དང་མི་ལྡན་པ་རྣམས་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་ན། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཆོས་ཉིད་ཟབ་མོའི་སྟོབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རིམ་པར་ཐོབ་ནས་ཉོན་མོངས་པའི་འཆིང་བ་སྤངས་ཏེ་སྐད་ཅིག་གིས་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །དེ་ལའང་སྲིད་པ་བར་དོར་གདམས་ངག་གཞན་གྱིས་མ་གྲོལ་བའི་ཚེ་དག་པའི་ཞིང་ཡིད་ལ་བྱས་ཏེ། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ། འདུན་པ་དྲགས་པོ་དང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གང་དུ་འདོད་པའི་ཞིང་དུ་ཆོས་འབྱུང་སྐར་མདའ་འཕང་པ་བཞིན་སོང་བར་བསམ་སྟེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་ཞིང་དེར་ངེས་པར་གྲོལ་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། དགེ་སྦྱོར་སྲང་དུ་གཞུག་པའི་མན་ངག་བྱེ་བྲག་ཏུ་བསྟན་པ། དེ་ལས་མི་འགྱུར་བའི་འབྲས་བུ་མངོན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་བཟུང༔ དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་བཟུང་ལ་གནད་དུ་གཏོང་ངོ༔ ཞེས་གསུངས་ཏེ། དེ་ལྟར་དངོས་གཞིའི་ཁྲིད་རིམ་ཉམས་སུ་ལེན་པའི་གནས་སྐབས་གང་ལའང་གེགས་སེལ་བོགས་འདོན་རྒྱུན་སྤྱོད་ཀྱི་གནད་རྣམས་སྤྱི་ལྟར་མ་འཆུག་པར་ཤེས་ནས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་གདམས་ངག་ཐམས་ཅད་ཀྱི་འགག་དོན་བསྡུས་པ་ནི། བླ་མ་ལ་མི་རུ་བཟུང་ཞིང་མོས་གུས་ཆུང་ན་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཕྲ་མོའང་མི་སྐྱེ། ལྷག་པར་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པས། འདི་ལྟ་བུའི་ལམ་ཟབ་མོ་སྟོན་ཅིང་ཆོས་ཉིད་རང་ངོ་སྤྲོད་པའི་རྩ་བའི་བླ་མ་དེ་རང་ཉིད་ལ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཚུལ་ལ་བསམ་ཞིང་དེ་ལས་ལྷག་པའི་སངས་རྒྱས་གུད་ན་མེད་པར་ཐག་བཅད་ལ། ཐོག་མར་བཅོས་མའི་མོས་གུས་ཅི་སྐྱེ་བྱ། གོམས་ནས་བཅོས་མིན་གྱི་མོས་གུས་དྲགས་པོས་གསོལ་བ་སྙིང་ནས་འདེབས་པ་ལ་དགེ་སྦྱོར་གྱི་དངོས་གཞི་བྱས་པས་དེ་ཁོ་ནས་གེགས་སེལ་བོགས་འདོན་སོགས་ཀྱི་ཡོན་ཏན་སྐྱེད་པའི་ཐབས་གཅིག་ཆོག་རྒྱལ་པོར་འགྱུར། འདིར་སྣང་ལ་ཞེན་ན་ཉམས་ལེན་གྱི་རྩ་བ་ཤོར་བས་རྟག་ཏུ་འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དྲགས་པོས་གཞི་བཟུང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟོར་བས་འཁོར་བའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་མ་རྒན་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་དང་མི་འབྲལ། རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་རྣམས་ཀྱིས་ཐེག་པ་འོག་མ་བཞིན་དུ་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་མི་བྱ་བར་གདོད་ནས་རང་གྲོལ་ཆེན་པོའི་བདུད་རྩི་བརྟེན་པ་སྟེ་མིག་ལ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་། ཕྱི་རུ་མི་དགག །ནང་དུ་མི་འཛིན་པར་སྣང་ལ་ཞེན་པ་མེད་པར་ལམ་དུ་ཁྱེར་བས་ཡུལ་སྣང་ཉིད་ཤེས་རིག་གི་གྲོགས་སུ་གྱུར་ནས་ཅིར་སྣང་ཐམས་ཅད་རིག་རྩལ་ཡེ་ཤེས་ཀྱི་འཁོར་ལོར་གྲོལ་བར་འགྱུར་བ་དང་། མི་ཚེ་ཡུད་ཙམ་པ་འདི་ལ་སྤྱིར་རྒྱལ་བསྟན་རིན་པོ་ཆེ། སྒོས་རྡོ་རྗེ་ཐེག་པ། ཡང་སྒོས་ཐེག་དགུའི་རྩེ་རྒྱལ་ཚེ་གཅིག་ལ་འཚང་རྒྱ་ངེས་པའི་ཟབ་ལམ་འདི་ལྟ་བུ་དང་འཕྲད་པའི་སྐབས། འཇིག་རྟེན་གྱི་གཡེང་བ་ཐམས་ཅད་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པ་གཞིར་བཞག །ཐོས་བསམ་སྒོམ་པ་ཉི་ཚེ་བ་ཆོས་ལ་བསྙད་པའི་རྣམ་གཡེང་རྣམས་ཀྱང་དོན་མེད་པ་ཁོ་ནར་ཤེས་ནས་ཐག་ཆོད་ཀྱི་བློས་སྤྲོས་པ་ནང་དུ་བསྡུས་ཏེ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ནར་དྲིལ། དེའི་གྲོགས་སུ་ལུས་གནད་གང་རུང་དང་མི་འབྲལ་བ་ལས་ཐ་མལ་དུ་མི་བསྡད། དབང་པོའི་དྭངས་མ་མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་བཙུམས་ནས་སྡོད་པ་སོགས་མི་བྱ་བར་ལྟ་སྟངས་དང་མ་བྲལ་བས་དབྱིངས་དང་རིག་གདངས་ལ་གཟིར། རླུང་གི་རྟ་ལ་སེམས་ཀྱི་སྐྱེས་བུས་ཞོན་ཏེ་རྟག་ཏུ་ཡུལ་ལ་རྒྱུག་ཅིང་ལས་དང་བག་ཆགས་གསོག་པས་རླུང་རྩོལ་མེད་རྒྱ་ཡན་དུ་བཞག་པའི་ཉམས་ལེན་སྟོབས་ཀྱིས་དབྱིངས་སུ་འགག་པ་ན་རྣམ་པར་རྟོག་པའི་སེམས་རང་བབ་ཏུ་ཟད་པར་འགྱུར་བ་མན་ངག་འདིའི་གནད་ཡིན་པས་ལམ་ཐུན་མོང་བ་ལྟར་རླུང་སེམས་ལ་ལས་མི་འཆོལ། སྐབས་སྐབས་སུ་འཇམ་རླུང་བུམ་པ་ཅན་ཅུང་ཟད་རེ་བཟུང་བས་རྨི་ལམ་དང་འོད་གསལ་གཟུང་བ་སོགས་ལ་གྲོགས་སུ་འགྲོ །རྣམ་པར་རྟོག་པ་ཕྲ་རགས་དང་སྟོང་མི་སྟོང་རྟོགས་མ་རྟོགས་སོགས་བློའི་འཛིན་སྟངས་ཐམས་ཅད་སེམས་ཡིན་ཞིང་དོན་ལ་སྒྲིབ་པས་དེ་ཐམས་ཅད་དགག་སྒྲུབ་མེད་པར་ཅི་བདེར་བཞག་ནས། གདོད་མ་ནས་རང་བྱུང་གི་གཤིས་ལུགས་དབྱིངས་སྟོང་པ་ཉིད་དང་རང་གསལ་རིག་པ་ཟུང་འཇུག་བློ་བྲལ་ཆོས་སྐུ་རྗེན་པ་ཉིད་སྒོམ་བློས་བཟོ་བཅོས་མ་བྱས་པར་རང་བབས་ཀྱི་ངང་བསྐྱངས་ལ་ལྟ་སྒོམ་སྤྱོད་འབྲས་མདུད་དྲིལ་གྱི་གནད་དུ་གཏང་བར་བྱའོ། །གཞན་ཡང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔ ཞེས་གསུངས་པས། བསོད་ནམས་གསོག་པ་ལ་ཚོགས་འཁོར་ལས་རླབས་ཆེ་བ་ནི་གཅིག་ཀྱང་མི་སྲིད་པ་ཡེ་ཤེས་རྔམ་གློག་གི་མདོ་སོགས་ལས་དཔེ་དང་བཅས་ཏེ་ཤིན་ཏུ་གསལ་རྒྱས་སུ་གསུངས་པ་ལྟར། དེང་སང་ཚོགས་ཀྱི་འཁོར་ལོའི་འདུ་བ་དངོས་ལ་སྤྱོད་ནུས་པའི་བརྟུལ་ཞུགས་ཅན་གྱི་གང་ཟག་དཀོན་ཀྱང་རྗེས་མཐུན་པ་ཙམ་མམ། ཅི་འབྱོར་བའི་དམ་ཚིག་གི་རྫས་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་ཡང་བསོད་ནམས་ཚད་མེད་པ་ཐོབ་ཅིང་ཉམས་རྟོགས་སྐྱེ་བའི་གེགས་སེལ་བོགས་འདོན་ལའང་ཁྱད་པར་ཆེ་བས། ཡར་མར་གྱི་ཚེས་བཅུའི་མཚོན་པའི་གནས་དུས་ཁྱད་པར་ཅན་རྣམས་སུ་འདི་ཉིད་ཀྱི་དོན་ཕྲིན་ནམ། རྩ་གསུམ་གཞན་ཡང་རུང་སྟེ་ཕྲིན་ལས་རྒྱས་བསྡུས་གང་རུང་དང་འབྲེལ་བར་ཕྱི་ནང་གསང་བའི་ཚོགས་མཆོད་ལའང་བརྩོན་པར་བྱའོ། །གཉིས་པ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་པ། མཚན་མོ་ཤེས་པ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ། རྒྱུན་དུ་རིག་པ་ལམ་དུ་ཁྱེར་བའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་གསུངས་ཏེ། འདི་རྣམས་ནི་སྙིང་ཐིག་གི་གཞུང་རྣམས་སུ་དུས་བཞི་སངས་རྒྱས་མཉམ་སྦྱོར་ཞེས་རྣལ་འབྱོར་ཁོར་ཡུག་གི་གནད་དུ་གསུངས་པ་ཡིན་ལ། དེའང་ཉིན་མོར་མཉམ་རྗེས་ཐམས་ཅད་དུ། ཁྲེགས་ཆོད་གཙོར་བྱེད་པའི་སྐབས་འོག་ནས་འབྱུང་བ་ལྟར་རིག་པ་ཁོ་ན་ལམ་དུ་ཁྱེར། ཐོད་རྒལ་གཙོར་བྱེད་པའི་སྐབས་རིག་གདངས་ཉིད་ལས་མ་གཡོས་པར་བྱ་དགོས་པས། སྒོ་ཡུལ་རླུང་རིག་གི་གནད་གོང་གསལ་རྣམས་ལ་བརྟེན་ཏེ་དུས་རྟག་ཏུ་རླུང་སེམས་ཁ་ཡན་དུ་མི་གཏོང་བར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བསྡུས་ཤིང་བཙུད་ནས་ལུག་རྒྱུད་ཉིད་ཀྱང་ཨར་ལ་གཏད་དེ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཁོ་ན་ལ་སྦྱངས་པས་འཁྲུལ་སྣང་བཙན་ཐབས་སུ་གཅོད་པ་ལ་སྟོང་ཉིད་སྤྲོས་བྲལ་དང་སྒྱུ་མ་རྨི་ལམ་སོགས་བློས་བྱས་ཀྱི་ལམ་ཁྱེར་གང་གིས་ཀྱང་ཟླ་མེད་པའོ། །གཉིས་པ་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་པ་སྟེ། མཚན་མོ་ཉལ་བ་ལ་ཕྱོགས་པའི་ཚེ། འོད་གསལ་གཟུང་ན་སྙིང་གི་དབུས་དང་རྨི་ལམ་གཟུང་ན་སྨིན་མཚམས་ཀྱི་དབུས་སུ་བླ་མ་རང་རིག་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་པོ་ཨ་ཡིག་དཀར་པོས་མཚན་པ་དྭངས་ཤིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་ཐོ་ཕྱི་ཀུན་ཏུ་གསལ་ལྷམ་མེར་ཁྱབ་པར་བསྒོམ་པ་ལ་སེམས་ཡུན་རིང་དུ་བཟུང་། འོད་གསལ་ལམ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་དྲན་འདུན་དྲགས་པོ་དང་། དམིགས་པའི་རྣམ་པའང་གསལ་ཞིང་གང་དུའང་མི་རྟོག་ལ་མ་ཡེངས་པའི་ངང་དུ་གཉིད་ལོག་པས། གོམས་ནས་འབྱོངས་པའི་ཚེ་ལེགས་པར་ཟིན་པར་འགྱུར་བས་དེ་ལ་ཡུན་རིང་དུ་སྦྱང་། བརྟན་པ་ཐོབ་པ་ན་རྨི་ལམ་སྤེལ་སྤྲུལ་སྦྱོང་བའི་ཚུལ་སོགས་ཁྲིད་རིམ་སྤྱི་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུངས་སུ་གཞུག་གོ༔ ཞེས་པ་སྟེ། ནངས་པར་ཐོ་རངས་གཉིད་སད་མ་ཐག་ལུས་གནད་སེང་གེའི་འདུག་སྟངས་བྱ། རླུང་རོ་ཁ་ནས་ཧ་སྒྲ་བཅས་ལན་གསུམ་བཏུད་མར་བསལ། སྤྱི་བོའི་གཞུ་གང་ཙམ་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཤིན་ཏུ་གསལ་ལ་འཚེར་ཞིང་འོད་འབར་བ་གསལ་བཏབ་ལ་བལྟ་སྟངས་གྱེན་དུ་ཕྱོགས་པས་ཡིད་དང་མིག་དང་རླུང་གསུམ་ཀ་གཅིག་དྲིལ་དུ་བྱས་ལ་ཡུན་རིང་དུ་གཏད་ནས་སེམས་བཟུང་བས་དྭངས་སྙིགས་ཕྱེད་དེ་རིག་པ་གྲུངས་ཐོན་པར་འགྱུར་རོ། །བཞི་པ་ནི། རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་སྟེ། མཉམ་རྗེས་དང་སྤྱོད་ལམ་བཞི་སོགས་དུས་དང་རྣམ་པ་ཐམས་ཅད་དུ་ལམ་ཁྱེར་གྱི་གཙོ་བོ་རང་བྱུང་གི་རིག་པ་སྐད་ཅིག་མ་གསལ་སྟོང་རྗེན་པའི་ངང་རང་བབ་ཏུ་སྐྱོང་བ་ལ་ཡིན་མིན་དགག་སྒྲུབ་སོགས་བློ་ཡིས་བཟོ་ཅུང་ཟད་ཀྱང་མ་འཆོས་པར་རང་ཚུགས་མ་ཤོར་བ་བྱས་པས། ཚོགས་དྲུག་གི་མཚོན་སེམས་ཀྱིས་བསླད་པའི་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་སྤྲིན་ཚོགས་ནམ་མཁའི་དབྱིངས་ལས་རང་བྱུང་ཞིང་མཁའ་དབྱིངས་སུ་རང་དེངས་འགྱུར་བ་ལྟར་གཞི་མེད་རྩ་བྲལ་ཆེན་པོར་རང་གྲོལ་དུ་འགྱུར་བ་སྟེ། ལོ་ཆེན་བཻ་རོའི་ཞལ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །རྣམ་རྟོག་སྐྱེས་ན་རང་ཤར་རང་གྲོལ་འགྱུར། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་གསུངས་པ་སོགས་སྙིང་ཐིག་གི་སྲོག་གནད་ཐུན་མོང་མ་ཡིན་པ་ལགས་པས་རྟག་ཏུ་བསླབ་པར་བྱའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང༔ ངག་དང༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ ཞེས་གསུངས་ཏེ། དེ་ལའང་འབྲས་བུ་ཐོབ་པའི་དུས་བརྩོན་འགྲུས་དང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་ལྟར་ཡུན་རིང་ཐུང་གི་ཁྱད་པར་བསྟན་པ་དང་། ཇི་ལྟར་ཐོབ་པའི་ཚུལ་སྙིང་ཐིག་གི་གཞུང་རྣམས་སུ་གྲོལ་ལུགས་གསུམ། འཆི་ལུགས་བཞི། ལྷག་མེད་དང་ལྷག་བཅས་ཀྱི་མྱང་འདས་གཉིས་རྣམས་བཤད་པའི་དོན་བསྡུས་ཏེ་སྒོ་གསུམ་ལྷག་མེད་དུ་གྲོལ་བའི་ཚུལ་བསྟན་པ་དང་། དེ་ལས་ཀྱང་གཞན་དོན་རྒྱུན་མི་འཆད་པར་འདོད་ན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་གསལ་བར་བསྟན་པ་ཡིན་ནོ། །གཞན་ཡང་། མདོར་བསྡུས་པའོ༔ སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔ ཞེས་གསུངས་ཏེ། འདི་ནི་འདས་རྗེས་ཐོག་བབས་སྙིང་པོ་བསྡུས་པའི་ཚུལ་གྱིས་གསུངས་པས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་རྣམས་དང་དབྱེར་མེད་པར་དོན་གྱི་གནད་ཐམས་ཅད་གསལ་ལ་རྫོགས་པར་ཚང་ཡང་ཚིག་གི་སྤྲོས་པ་ཤིན་ཏུ་མདོར་བསྡུས་པའི་ཕྱིར། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུའི་འབྲེལ། ཐེག་པ་ཀུན་ལས་འཕགས་པའི་དོན་ཁྱད། ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བའི་གནད། ལམ་གྱི་གེགས་སེལ་བོགས་འདོན་དང་ཉམས་ཀྱི་རྟགས་ཚད་ངོས་བཟུང་གཙོ་བོར་གྱུར་པའི་སྤྲོས་པའི་སྒྲོ་འདོགས་ཐམས་ཅད་རྩ་བའི་མན་ངག་བི་མའི་སྙིང་ཐིག་ཆེན་མོ་སོགས་ལས་གཅོད་པར་བྱ་དགོས་ཤིང་། ཤིན་ཏུ་ཟབ་པའི་གནད་དཔེ་དང་ཚིག་གི་གོ་བས་ཇི་བཞིན་མི་རྟོགས་པ་རྣམས་ནི་ཉམས་མྱོང་དང་རྟོགས་གོམས་གདིང་དུ་གྱུར་པའི་བླ་མ་དམ་པའི་ཞལ་ལས་མཉན་པར་བྱ་བ་ཁོ་ན་གལ་ཆེ་བ་རྗེས་སུ་གདམ་པར་མཛད་པའོ། །ཐོག་མེད་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་སེམས་རྒྱུད་ལ་རླན་ཕོག་སྟེ་ལྟར་སྣང་ཚིག་གི་སྤུན་པ་ལ་མི་གཡེང་བར་རྣམ་གྲོལ་གྱི་འབྲས་བུ་ལ་མྱུར་དུ་སྤྱོད་པར་འདོད་པ་རྣམས་ཀྱིས། འདི་ལྟ་བུའི་ཐོས་སྒོམ་བདེ་ཞིང་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བ། འཇིག་རྟེན་ན་སངས་རྒྱས་འབྱུང་བ་ལྟ་བུའི་ནོར་བུ་བོར་ནས་མཆིང་བུ་མི་ཚོལ་བར། ཚེ་ཐུང་ལོངས་མེད་ཀྱི་དུས་ལ་ཆེད་དུ་དགོངས་པའི་ཟབ་ཆོས་འདི་ལ་ངེས་ཤེས་རྙེད་དེ་འདི་ཁོ་ན་ལ་ཉམས་ལེན་གྱི་སྙིང་པོར་གཟུང་བར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་སོ། །རྩོལ་མེད་ཐེག་མཆོག་བགྲོད་པ་གཅིག་པའི་ལམ། །ཡིད་ཅན་ཀུན་གྱིས་བདེ་བླག་ཉིད་དུ་བགྲོད། །གདོད་མའི་ས་ལ་གཏན་གྱི་སྲིད་ཟིན་ནས། །ལྷུན་གྲུབ་ཕྲིན་ལས་མཁའ་ཁྱབ་བརྡལ་གྱུར་ཅིག །ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས། ཐོག་མའི་སྣོད་ལྡན་དང་བཀའ་བབ་ཏུ་དབུགས་དབྱུང་སྟེ་སྨིན་གྲོལ་བདུད་རྩི་ཆིག་རྫོགས་སུ་བསྩལ་ཅིང་ཁྲིད་ཡིག་འབྲི་བར་འོས་པའི་རྗེས་སུ་གནང་བ་དམིགས་བསལ་དུ་ཐོབ་ཀྱང་རིང་ཞིག་འགྱང་བ། སླར་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་མོར་དབྱིག་མཆོག་ཀུན་གྱི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།</div>
 
View PDF [[Media:CHETSUN.16.pdf | Chetsun 16]]
 
==Notes==
<references />
 
[[Category:ལྕེ་བཙུན་སྙིང་ཏིག]]

Revision as of 06:41, 24 March 2013

༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་མ་ཧཱ་ཤྲཱི་སིཾ་ཧེ་ཤྭ་ར་ཡ། ཐིག་ལེ་ཀུན་ཁྱབ་རང་བཞིན་ལྷུན་གྱིས་རྫོགས། །འོདྃ་གསྃལ་གྲོལ་བ་རྣམ་བཞིའི་འཁོར་ལོས་སྒྱུར། །གདོན་མའི་མགོན་པོ་འགྲོ་འདུལ་སྤྲུལྃ་པའིྃ་སྐུ། །རྡོྃ་རྗེྃ་གཟི་བརྗིད་གཙུག་གི་ནོར་བུར་བསྙེན། །འཕགས་ནོར་གྲངས་ལྡན་བཀའ་བབས་རིན་ཆེན་མཛོད། །དྲུག་པ་རྗེས་དྲན་གསང་བ་ཀུན་གྱི་བཅུད། །ལྕེ་བཙུན་སྙིང་ཐིག་ཟབ་ཁྲིད་བདུད་རྩིའི་རྒྱུན། །སྐལ་བཟང་ཐར་པའི་སྲོག་འཚོར་བརྟེན་པར་གྱིས། །དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམ་ངག་བསྩལ་ཅིང་བྱིན་གྱིས་བརླབས་པ་ལས། སྐུ་ཚེ་དེ་ཉིད་ཀྱིས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་ཞབས་ཀྱིས་གནས་སྐབས་དེ་དང་ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་ཏུ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་མཁའ་འགྲོའི་འདུས་པ་རྒྱ་མཚོ་ལ་འདའ་ཁའི་ཞལ་ཆེམས་དོན་བསྡུས་གནད་གཟེར་གྱི་ཚུལ་དུ་གདམ་པ་བི་མ་ལའི་ཟབ་ཏིག་གི་གདམས་ངག་ཁྲིད་ཀྱི་ལུགས་སུ་འདེབས་པ་ལ། ཐོག་མར་ཁྲིད་འཆད་པ་པོ་སློབ་དཔོན་དང་འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། གནས་དུས་ཡོ་བྱད་གྲོགས་ཀྱི་མཐུན་རྐྱེན་ཚོགས་པས་གཞི་བཟུང་བའི་ཚུལ་རྣམས་ཨ་ཏི་བཀོད་པ་ཆེན་པོ་དང་། རང་ཤར་སོགས་རྒྱུད་དང་གདམ་ངག་རྣམས་ལས་ཇི་སྐད་གསུངས་པ་ཐམས་ཅད་འདིར་ཡང་ཚོགས་དགོས་པ་གཞིར་བྱས་ནས། ཁྲིད་དངོས་བཤད་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམ་ངག་གི་སྒོ་ནས་གྲོལ་བར་བྱ་བའོ། །དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། ཞེས་གསུངས་ཏེ། དེ་ལ་གཉིས། སྔོན་ཇི་ལྟར་བྱུང་བ་དང་། ཕྱིས་གང་ལྟར་འབྱུང་བའོ། །དང་པོ་ནི། རྩ་བའི་གཞུང་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན་ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པའང་དེ་ཉིད་ལས། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་གཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པའི་དོན་བཞིན། གངས་ཅན་ལྗོངས་ཀྱི་བསྟན་འགྲོ་རིས་སུ་མ་ཆད་པ་མཐའ་དག་གི་གཙུག་རྒྱན། མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབས་བདུན་གྱི་གསང་མཛོད་འཆང་བའི་ངོ་མཚར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར། འུ་ཡུག་གི་མཐིལ། རམ་སྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཅིང་མན་ངག་གི་གཞུང་བཀའ་བསྩལ་པ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་བ་ལྟར། ཐོག་མར་ཁོ་བོ་ཅག་ལ་སྨིན་གྲོལ་ཚངས་སྤྲུགས་སུ་བསྩལ། རིམ་གྱིས་སྐལ་པའི་སྣོད་དང་ལྡན་པ་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ་ནས་གདོད་མའི་གྲོལ་སར་བསྐྱེལ་བར་མཛད་པའོ། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་རྣོན་ཐོག་མ་ཉིད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་རིགས་ཅན་ལ་དབང་བཞི་པ་ཉིད་ལ་ནང་གསེས་སུ་དབྱེ་བའི་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་རྣམ་པ་བཞི་བསྐུར་བ་སྟེ། དེའང་རྫོགས་པ་རང་བྱུང་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །ཞེས་འབྱུང་བའི་དོན་སྨིན་གྲོལ་ཟུང་འཇུག་གདམས་ངག་དབང་གི་ལུགས་སུ་གདམས་པ་ནི་འདི་ཉིད་ལས། དེ་ལ་ཐོག་མར་རིམ་པ་བྱ་སྟེ༔ ཞེས་སོགས་ཀྱིས་རྒྱས་པར་བསྟན་པ་ལྟར་སྔོན་དུ་ལེགས་པར་གྲུབ་པ་ལགས། གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱ་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཁྲིད་རིམ་མོ། །དང་པོ་སྔོན་འགྲོའི་ཁྲིད་ལ་གསུམ། ཐུན་སྤྱིའི་སྔོན་འགྲོ །ཐུན་མོང་བློ་སྦྱོང་བདུན། ཁྱད་པར་བསག་སྦྱོང་རྣམ་པ་ལྔའོ། །དེའི་དང་པོ་འདི་ཕྱིན་ཆད་ཀྱི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་སྟེ། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་གཅོད་ཐམས་ཅད་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ་ལ་ཅི་བདེར་བཞག །སེམས་རྣམ་གཡེང་གི་རྟོག་པའི་རྗེས་སུ་མི་འབྲངས་བར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཟབ་གསང་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་སྙིང་ཐག་པ་ནས་མ་བྲལ་བས། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེའི་ཀློང་དུ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་ཕྱག་མཉམ་གཞག་ཐོད་ཞལ་བདུད་རྩིས་བཀང་བ་བསྣམས་པ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་རང་ལ་དགྱེས་པས་དགོངས་པར་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་རིག་པ་འཛིན་མེད་དུ་འཇོག་གོ །གཉིས་པ་བློ་སྦྱོང་བའི་རིམ་པ་བདུན་ལས། དང་པོ་འདུས་བྱས་མི་རྟག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་ལས། ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་གསུངས་ཏེ། དེའང་དོན་དྲན། དཔེ་བསམ། དཔེ་དོན་ཟུང་དུ་སྦྲེལ་ནས་བསྒོམ་དགོས་ཏེ། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ད་ལྟ་ཡོད་པ་ལྟར་སྣང་ཡང་མྱུར་དུ་འཇིག་པའི་ཆོས་ཅན་ཤ་སྟག་ཡིན་པས་ཡུན་རིང་མི་རྟག་སྟེ། དཔེར་ན་ཆུ་ནང་གི་ལྦུ་བ་རྐྱེན་ལས་གློ་བུར་དུ་བྱུང་ཡང་སྐད་ཅིག་གཉིས་པར་ཡལ་བ་བཞིན་ནོ། །དེས་ན་ཕྱི་ནམ་ཟླ་དུས་བཞི། ཉིན་མཚན་སྐད་ཅིག་ཐང་ཅིག །ནང་ལུས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི། གསང་བ་ཕུང་པོ་ལྔས་བསྡུས་ཀྱི་ཚོགས་པ་མཐའ་དག་སྐད་ཅིག་སྐད་ཅིག་གིས་རྙིང་ཞིང་འགྱུར་ནས་གཞན་དུ་འཕོ་བའི་ཕྱིར། སྤྱིར་འདུས་བྱས་ཐམས་ཅད་ལ་རྟག་པ་ཡེ་མེད། ཁྱད་པར་འགྲོ་བའི་ཚེ་ལ་ངེས་པ་མེད་པས་དེ་རིང་སང་ཙམ་ལའང་འཆི་བ་མི་འབྱུང་བའི་གདེངས་ཅིའང་མེད་པ་ལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་རྙེད་ནས་བློ་སྣ་ཐུང་། དོན་ལ་ཡིད་ཆེས་ནས་འཆི་བ་སྙིང་ནས་དྲན་པར་འགྱུར་རོ། །དཔེ་དོན་ཟུང་དུ་སྦྲེལ་ཚུལ་འདི་ལྟར་འོག་མ་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་འཕྲལ་དང་ཡུན་གྱི་བདེ་བ་ལ་བསམ་ནས་སེམས་སྦྱོང་བ་ནི། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་གནས་འདིར་ལུས་སེམས་ལ་གནས་སྐབས་ཀྱི་བདེ་བ་བག་ཙམ་མྱོང་བ་འདིའང་འཕྲལ་གྱི་ལྟར་སྣང་ཙམ་ལས་དོན་ལ་སྡུག་བསྔལ་གྱི་འབྲས་བུ་ཁོ་ན་སྨིན་པའི་རྒྱུ་ཡིན་ཏེ། དཔེར་ན་དུག་གི་སྡོང་པོ་དང་མེ་ཏོག་མཛེས་ཤིང་ཁ་དོག་ལེགས་ལ་འབྲས་བུ་མངར་བ་ལྟར་སྣང་ཡང་ཁོང་དུ་སོང་ན་དུག་ནད་ཀྱིས་འཆི་བར་བྱེད་པ་ལྟ་བུའོ། །དེས་ན་སྲིད་པའི་རྩེ་མོ་ནས་དམྱལ་ཁམས་ཡན་ཆད་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་པ་སྟེ། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཐོག་མ་མེད་པ་ནས་མནར་བ་ཡིན་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེའང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ། དུག་གསུམ་གྱི་དབང་གིས་མི་དགེ་བ་སྤྱད་པས་ངན་སོང་གསུམ། ཟག་བཅས་ཀྱི་དགེ་བས་བདེ་འགྲོར་སྐྱེས་ཀྱང་སླར་ངན་སོང་དུ་འཁོར། ཐར་པའི་ལམ་དུ་ཞུགས་ན་དེ་དག་ལས་ལྡོག་སྟེ་འཕྲལ་དང་ཡུན་གྱི་བདེ་བ་དམ་པ་ཐོབ་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་སྐྱེས་ཏེ་སྲིད་པའི་བདེ་འབྱོར་ལ་ཞེན་པ་ལོག །དོན་ལ་ཡིད་ཆེས་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེ་བར་འགྱུར་རོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་སྟེ་སེམས་སྦྱོང་བ་ནི། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁྲུལ་པས་གཡེངས་པའི་སྐབས་འདིར་བཟང་ངན་གྱི་རྐྱེན་སྣང་སྣ་ཚོགས་པ་འདི་རྣམས་ལ་སྤང་བླང་ཇི་ཙམ་འབད་ཀྱང་ཟིན་པའི་དུས་སྐབས་མེད་པ་སྟེ། དཔེར་ན་སྐོམ་པས་གདུང་བའི་རི་དྭགས་སོས་ཀའི་མྱ་ངམ་ཐང་གི་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་བསྙེགས་ཀྱང་ཆུ་ནམ་ཡང་མི་རྙེད་པས་སླར་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ། དེས་ན་འཁོར་བའི་གནས་འདིར་གཉེན་གྲོགས་འཁོར་འབངས། སྙན་གྲགས་མངའ་ཐང་། འདོད་ཡོན་ལོངས་སྤྱོད་སོགས་མཐུན་པ་བསྒྲུབ་པ་དང་མི་མཐུན་པ་སྤོང་བའི་འབད་རྩོལ་གྱིས་མཚོན་བྱ་བ་མཐའ་དག་རེ་རེ་ཟིན་ཀྱང་སླར་དེ་ལས་བྱ་རྒྱུ་ཇེ་མང་དུ་འགྲོ་བས་ནམ་ཡང་ཟིན་པའི་དུས་མེད་ཅིང་ཟིན་པ་ལའང་སྙིང་པོ་ཅི་ཡང་མེད་པ་དང་། གང་ལའང་མཐའ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་མཐོ་དམན། དྲག་ཞན། དགྲ་གཉེན། ཕྱུགས་དབུལ་ཐམས་ཅད་འགྱུར་ནས་འགྲོ་བས་རེ་བ་ཆེན་པོས་རིང་ནས་བསྒྲུབས་པའི་གྲུབ་འབྲས་ལོག་པར་འགྱུར་བ་དང་། འགའ་ཞིག་མགུ་ཡང་ལ་ལ་མི་མགུ །བྱ་བ་སྣ་རེས་དགའ་ཡང་སྣ་རེས་མི་དགའ། གནོད་པ་མ་བྱས་པ་དང་ཕན་བཏགས་པའི་ལན་དུའང་གནོད་པ་ཆེན་པོ་འབྱུང་བ་སོགས་ཟིན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཅམ་གྱིས་བཞག་ནས། བླ་མ་དཀོན་མཆོག་ལ་ཕྱག་བསྐོར་མཆོད་འབུལ་གྱིས་མཚོན་དགེ་བའི་བྱ་བ་སྣ་རེ་འགྲུབ་ནའང་འདི་ཕྱིར་བསོད་ནམས་རླབས་པོ་ཆེའི་རྒྱུར་འགྱུར་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་རྣམ་གཡེང་ལ་ཁོ་ཐག་ཆོད། དོན་ལ་ཡིད་ཆེས་ཏེ་འདིར་སྣང་བྱ་བཞག་བློས་ཐོང་བར་འགྱུར་རོ། །བཞི་པ་བྱས་པ་དོན་མེད་པ་ལ་བརྟག་སྟེ་སེམས་སྦྱོང་བ་ནི། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་གསུངས་ཏེ། འཇིག་རྟེན་ཚེ་འདིར་ལྟོས་པའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ནི་གསོན་པའི་དུས་སུ་བྱ་དཀའ་ཞིང་འཆི་བའི་དུས་ཕན་པ་སྤུ་ཙམ་མི་ཐོགས་པས་རྣམ་པ་ཀུན་ཏུ་དོན་མེད་པའི་རྣམ་གཡེང་འབའ་ཞིག་པ་སྟེ། དཔེར་ན། གཉིད་ཐུན་གཅིག་ལོག་པའི་སྐབས་སུ་རྨི་ལམ་བཟང་བ་ལ་སེམས་དགའ་བ་དང་ངན་པ་ལ་མི་དགའ་བའི་སྣང་བ་འཆར་ཡང་སད་ནས་གཉིས་ཀ་དོན་ལ་མ་གྲུབ་པས་ཕན་གནོད་ཅིའང་མེད་པ་དང་མཚུངས་སོ། །དེས་ན་ད་ལྟའི་སྐབས་སུ་དགྲ་འདུལ་གཉེན་སྐྱོང་། ཚོང་ཁེ་སྤོགས། སོ་ནམ་ཞིང་ལས། ཁང་ཁྱིམ་མཁར་ལས་ལ་སོགས་པའི་བྱ་བ་དུ་མ་ཞིག་སྒྲུབ། འདོད་པ་ཐོག་ཏུ་གྲུབ་པའི་ཚེ་དགའ་བ་དང་མ་གྲུབ་པ་ལ་སྡུག་བསྔལ་བའི་སྤང་བླང་གི་རྣམ་པར་རྟོག་པས་རང་གིས་རང་བཅིངས། རང་ཉིད་མཐོ་ཞིང་ཕྱུག་ལ་སྙན་པར་བརྗོད་པ་སོགས་ལ་དགའ་བ་དང་། དམའ་ཞིང་དབུལ་ལ་མི་ཁ་གཏམ་ངན་སོགས་ལ་མི་དགའ་བས་མཚོན་ཆགས་སྡང་གི་ལས་མང་པོ་ཤུགས་ཀྱིས་བསགས་པ་འདི་ཐམས་ཅད་འཆི་བའི་ཚེ་ན་ཕན་ཅུང་ཟད་ཀྱང་མི་ཐོགས། རྣམ་པར་ཤེས་པ་ལས་ཁོ་ནའི་རྗེས་སུ་འབྲངས་བས། འཁྲུལ་པའི་བྱ་བཞག་སྒྱུ་མའི་འཁྲུལ་འཁོར་གྱིས་དུས་རྟག་ཏུ་བསླུས་པ་འདི་མཚངས་ཤིན་ཏུ་ཆེ་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་བཟང་ངན་རོ་སྙོམས། དོན་ལ་ཡིད་ཆེས་ཏེ་ཚེ་འདིའི་རྣམ་གཡེང་སྤོང་ནུས་པར་འགྱུར་རོ། །ལྔ་པ་ཐར་པའི་ཕན་ཡོན་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་སྡུག་བསྔལ་དེ་དག་ལས་འདས་པ་ནི་ཐར་པ་ཞི་བ་དམ་པ་བླ་ན་མེད་པ་ལམ་སྒོམ་པའི་སྟོབས་ལས་ཐོབ་པའི་འབྲས་བུ་སྟེ། དེ་ཐོབ་ཟིན་ནས་ནམ་ཡང་སྡུག་བསྔལ་ཅན་གྱི་འཁོར་བའི་གནས་སུ་ལྡོག་མི་སྲིད་པ་ནི་དཔེར་ན་འབྲུམ་པའི་ནད་ལན་གཅིག་འབྱངས་ཟིན་པའི་སྐྱེས་བུ་ལ་ཕྱིས་འབྲུམ་ནད་འབྱུང་མི་སྲིད་པ་ལྟ་བུའོ། །ཐར་པ་ལའང་གསུམ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ལས་རྣམ་པར་གྲོལ་ནའང་ཤེས་སྒྲིབ་མ་སྤང་བས་གནས་སྐབས་ཀྱི་ཐར་པ་ཙམ་ཡིན་ལ། སྒྲིབ་གཉིས་བག་ཆགས་བཅས་སྤངས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་བསྒྲུབ་དགོས། སངས་རྒྱས་ཆོས་སྐུ་ནི་སྤྲོས་པ་ཀུན་ལས་གྲོལ། ལོངས་སྐུ་ནི་སྐུ་དང་ཞིང་ཁམས་ནམ་མཁའ་ལྟར་ཁྱབ། སྤྲུལ་སྐུ་ནི་འགྲོ་བ་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་བ་དེ་ལྟ་བུའི་གོ་འཕང་མ་ཐོབ་ཐབས་མེད་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ། དོན་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་གོ་འཕང་ཅིས་ཀྱང་བསྒྲུབ་འདོད་པར་འགྱུར་རོ། །དྲུག་པ་བླ་མའི་གདམ་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཐབས་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་གདམ་ངག་ཟབ་མོ་ཁོ་ན་ལ་ལྟོས་ཏེ། ཕྱིན་ཅི་མ་ལོག་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་བགྲོད་པ་ལ་འཇུག་པ་བདེ་ཞིང་ནོར་འཁྲུལ་མེད་པའི་ལམ་བཟང་པོ་ཡིན་ཏེ། དཔེར་ན། ཐེམ་སྐས་བཟང་པོ་ལ་བརྟེན་ནས་ཕྱིན་ན་ཇི་ལྟར་མཐོ་བའི་ཁང་བཟང་སུམ་བརྩེགས་ལ་སོགས་པར་བདེ་བླག་ཏུ་བགྲོད་ནུས་པ་བཞིན་ནོ། །དེའི་ཕྱིར་ཐོག་མར་ཅལ་སྒྲོག་གི་རྗེས་སུ་མི་རྒྱུག་པར་ཡིད་ཆེས་ཁུངས་བཙུན་སེལ་མེད་ཀྱི་བརྒྱུད་པ་ལས་འོངས་ཤིང་ཆོས་བརྒྱད་དང་རྟོག་གེ་ལ་འཐས་པ་མིན་པའི་ཉམས་མྱོང་དང་རྟོགས་པ་ལྡན་ངེས་པའི་བླ་མ་མཚན་ལྡན་བཙལ། བར་དུ་མཉེས་པ་གསུམ་གྱིས་དཀའ་བ་སྤྱད་ལ་གདམས་ངག་ཕུ་ཐག་ཆོད་པར་ཞུ། ཐ་མར་བློ་སྣ་མང་པོས་དོན་གཅིག་ཀྱང་མི་འགྲུབ་པས་བླ་མ་ལས་ཐོབ་པའི་གདམས་ངག་དེ་ནད་པ་ལ་སྨན་དང་། སྲོག་འཚོ་བའི་བདུད་རྩི། དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་ཤེས་པར་བྱས་ནས་རྐྱེན་ཅིས་ཀྱང་མི་འཕྲོག་པར་རྩེ་གཅིག་ཏུ་ཉམས་སུ་བླང་ནུས་ན། ནད་པས་ལྷ་རྗེ་མཁས་པའི་སྨན་ཡུན་ཏུ་བརྟེན་ན་ནད་ཆེན་པོའང་གཞི་མེད་དུ་དྭངས་པ་བཞིན་མྱུར་དུ་སྒྲིབ་པ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ཚུལ་ལེགས་པར་བསམས་པས། །དཔེ་ལ་བརྟེན་ནས་བླ་མའི་གདམས་ངག་མེད་ཀ་མེད་དུ་གོ །དོན་ལ་ཡིད་ཆེས་ཏེ་ཉམས་ལེན་ལ་འཇུག་སྤྲོ་ཞིང་བསྲན་ཚུགས་པར་འགྱུར་རོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་གསུངས་ཏེ། སེམས་བྱུང་རྒྱལ་དུ་གཡེང་བའི་གཞན་དབང་ལས་དུག་གསུམ་གཙོར་གྱུར་པའི་བྱུང་ཚོར་གྱི་རྣམ་པར་རྟོག་པ་འཛད་དུ་མེད་པ་འདི་དག་གང་ཡང་ཡིད་ལ་མི་བྱེད་པར་རྣམ་པར་མི་རྟོག་པའི་ངང་ལ་རྒྱུན་དུ་གནས་པའི་བསམ་གཏན་ནི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་སྐྱེ་བའི་གཞི་རྟེན་མེད་དུ་མི་རུང་བ་སྟེ། དཔེར་ན། ལོ་ཏོག་གི་འབྲས་བུ་སྨིན་པར་འདོད་པ་ལ་ཞིང་ས་དུལ་བ་མེད་ན་མི་འབྱུང་བའི་གཞིར་གྲུབ་པ་ལྟ་བུའོ། །དེའང་ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་གཉིས་འཛིན་རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་དུ་གཡོས་པ་ལ་བརྟེན་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་དང་ཡང་དུ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ནར་ལོངས་སྤྱོད། ད་དུང་འདིའི་རྗེས་སུ་འབྲངས་ན་ནམ་ཡང་བདེ་བའི་གོ་སྐབས་མེད་པས། ད་ནི་རྣམ་པར་མི་རྟོག་པའི་བསམ་གཏན་བསྒྲུབས་ལ་མྱུར་དུ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་མངོན་དུ་བྱའོ་སྙམས་པས། ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅའ། རང་ལུས་ཡི་དམ་ལྷར་བསྒོམ་པའམ་ཐ་མལ་ཡང་རུང་སྟེ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་བདེ་བའི་ཉམས་དང་ལྡན་པ་ལ་སེམས་གཏད་པ་ནི། བདེ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེ་ངང་དུ་ལུས་སེམས་ཁོང་ཀློད། ལག་གཉིས་པུས་སྟེང་བཞག །མིག་བར་སྣང་དུ་ཧར་རེ་གསལ་མདངས་དང་བཅས་བཞག་པ་ནི། གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེའི་ཚེ་སེམས་ཀྱི་དྲན་བསམ་འཕྲོ་འདུ་ཅི་ཡང་མི་བྱ་བར་བཟོ་མེད་རང་བབ་ཀྱི་ངང་དུ་ཡེངས་མེད་འཛིན་མེད་ལྷུག་པར་བཞག་པས་རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ཉམས་སྐྱེ་བ་ནི། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་སྟེ། སྔ་མ་གཉིས་མཚན་བཅས་དང་ཕྱི་མ་མཚན་མེད་ཞི་གནས་ཡིན་ལ། དེ་ལྟར་ལེགས་པར་སྦྱངས་པས་དཔེ་ལ་བརྟེན་ནས་བསམ་གཏན་མེད་དུ་མི་རུང་བར་གོ །དོན་གྱིས་སྒོམ་པ་གོམས་པས་ཉམས་མྱོང་བཟང་པོ་རྒྱུད་ལ་སྐྱེས་ཏེ་ཏིང་ངེ་འཛིན་གྱི་གཞི་ཐིངས་པར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་བསག་སྦྱོང་གི་རིམ་པ་ནི། གཞུང་ལས། སྐྱབས་འགྲོ་དང་སེམས་བསྐྱེད༔ སྒྲིབ་སྦྱོང་ཚོགས་བསག་རྣམས་ཀྱི་ཐབས་ཀྱིས་བཟུང་ངོ༔ ཞེས་གསུངས་པའི་དོན་ཏེ། དེ་ལ་ལྔ། སྐྱབས་འགྲོ །སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་གསོག །བླ་མའི་བྱིན་རླབས་ལམ་དུ་བྱ་བའོ། །དང་པོ་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། རྒྱུ་ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བར་འདོད་པའི་དད་པས་ཡུལ་དབྱིངས་ཀ་དག་ཆོས་སྐུ །ལྷུན་གྲུབ་ཡེ་ཤེས་ལོངས་སྐུ །རིག་རྩལ་འགག་མེད་སྤྲུལ་པའི་སྐུ །གསུམ་ཀའང་རང་རིག་བླ་མ་དབྱེར་མེད་པའི་ངོ་བོར་རྫོགས་པ་ལ། ཚུལ་ཡིན་ལུགས་གསལ་འདེབས་ཙམ་གྱིས་གཉིས་མེད་རོ་མཉམ་དུ་རྟོགས་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པ་དོན་དམ་པའི་སྐྱབས་འགྲོ་སྟེ་དེ་ཉིད་གཞིར་བྱས། ཀུན་རྫོབ་ཀྱི་རྟོག་ངོར་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཆེན་སེང་གེ་དབང་ཕྱུག་དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པས་བརྒྱན་པ། ཕྱག་གཉིས་མཉམ་གཞག་དང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་མེ་འོད་ཀྱི་ཀློང་ན་བཞུགས་པ་ལ། བརྒྱུད་གསུམ་རིག་འཛིན་བླ་མ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་བླ་མ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་གསལ་བའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ཁྱེད་མཁྱེན་གྱི་བློ་གཏད་ལིང་བསྐྱུར་བྱས་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་འབུམ་ཕྲག་སོགས་མང་ཉུང་ཇི་ཙམ་གསོག་པའི་གྲངས་མ་ཐེམས་བར་འདི་ཉིད་བརྗོད། ཐུན་མཐར་ཡུལ་སེམས་གཉིས་མེད་དུ་ཤེས་པས་རིག་པ་ཁྱབ་གདལ་ཆེན་པོར་ཆམས་ཀྱིས་འཇོག་པའམ། མི་ནུས་ན་སླར་མོས་གུས་བྱས་པས་བླ་མ་དགྱེས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་འཇོག་གོ །གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའང་། བློ་ཆེན་རྣམས་ཀྱིས་རང་ལུགས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དག་པའི་དབྱིངས་ལས་མ་གཡོས་པའི་སངས་རྒྱས་ཁོ་ན་ཡིན་པ་ལ། གནས་སྐབས་མེད་སྣང་གློ་བུར་བའི་འཁྲུལ་པས་བསྒྲིབས་ཀྱང་དོན་ལ་བཅིངས་གྲོལ་གང་ཡང་མེད་པས། རིག་པ་ཡེ་ཤེས་རང་གསལ་གྱི་ངང་དུ་འཁོར་འདས་མཉམ་ཉིད་ཆེན་པོར་ཅོག་གེར་གཞག་པས་རང་ཤར་རང་གྲོལ་ཀ་དག་གི་དབྱིངས་སུ་ལ་བཟླ་བར་སེམས་བསྐྱེད་པ་དང་། ལས་དང་པོ་བ་བློ་ནུས་དམན་པས། ཀུན་རྫོབ་ཏུ་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་མ་གྱུར་པ་གཅིག་ཀྱང་མེད། དེ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མཐའ་མེད་པར་བྱིང་ཞིང་སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བ་ལ་བྱམས་པ་དང་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། སྐྱབས་མེད་པའི་མ་རྒན་ཉམ་ཐག་དེ་ཐམས་ཅད་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཕྱིར་དུ་ཚུལ་ཁྲིམས་གསུམ་ཕར་ཕྱིན་དྲུག་བསྡུ་དངོས་བཞི་ཟབ་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་དང་། ཡུལ་ཡུལ་ཅན་བྱ་བྱེད་ཐམས་ཅད་གདོད་ནས་མི་དམིགས་ཏེ་སྤྲོས་པ་ཉེ་བར་ཞི་བར་ཤེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་ལེགས་པར་བསྒོམས་ལ། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ཅི་འགྲུབ་བརྗོད་པར་བྱའོ། །གསུམ་པ་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་ནི། སྡིག་སྒྲིབ་ཀྱི་ཕུང་པོ་གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ་སྤྱི་ལ་གྲགས་མོད། འདིར་ཐུན་མོང་མ་ཡིན་པ་ནང་གི་རྣལ་འབྱོར་ཟབ་མོ་བསྟན་པ་སྟེ། རང་ཉིད་ཡི་དམ་དུ་གསལ་བ་འམ། ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་གྱི་དབུས་སུ་རྩའི་གཙོ་མོ་གསུམ་ལ་སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་བཅས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྤྱི་ལྟར་གསལ་བའི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་དུ་པད་ཟླའི་གདན་ལ། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བདེ་དྲོད་ཀྱི་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ་ལ། སྡིག་སྒྲིབ་སྦྱོང་བའི་གསོལ་བ་སྙིང་ནས་བཏབ་ཅིང་ཡིག་བརྒྱ་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། ལྟེ་བའི་འཁོར་ལོ་གང་། སྙོམས་འཇུག་གི་གནས་སྐབས་དང་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་འཁོར་ལོ་གང་། གཉིད་འཐུག་གི་གནས་སྐབས་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་གནས་སྐབས་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་འཁོར་ལོ་གང་། སད་པའི་གནས་སྐབས་དང་ཞེ་སྡང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས་པས་ཕྱི་ནང་མེད་པ་དྭངས་གསལ་འོད་ཕུང་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས། དེ་ཉིད་ངག་འདོན་གྱིས་གསལ་འདེབས་བྱེད་ན། ཨ༔ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྤྱངས་རང་ལུས་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཅེས་བརྗོད་ཅིང་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། བཟླས་སྒོམ་འདི་ཇི་ཙམ་མང་བཞིན་མཆོག་ཏུ་འགྱུར་ལ་ཐ་ནའང་འབུམ་ཐེར་ཙམ་རེ་ངེས་པར་གལ་ཆེའོ། །ཐུན་མཐར་རུ་ཏྲའི་སྨྲེ་བཤགས་ཀྱང་བརྗོད་ལ་བསྒོམ་བྱ་སྒོམ་བྱེད་གཉིས་ཀའང་གདོད་ནས་ཡེ་དག་རོ་མཉམ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ནི་བཤགས་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དྲང་པོར་འདུག་ལ་ཡང་དག་ལྟོས། དེ་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་སོ། །བཞི་པ་ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་པ་ནི། ཚོགས་གསོག་གི་ཐབས་སྤྱི་དང་བྱེ་བྲག་མང་མོད། སྐབས་འདིར་ནང་གི་རྣལ་འབྱོར་ཁྱད་པར་ཅན་ལ་བརྟེན་པ་སྟེ། དེའང་སྔར་ལྟར་རང་ལུས་གཉུག་མའི་ལྷ་ཡི་དམ་གང་ཡིན་ནམ། སྤྱིར་བཏང་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ལྟེ་འོག་རྡོར་སེམས་ཡབ་ཡུམ་བཤད་མ་ཐག་པ་ལྟར་དང་། དབུ་མའི་ཡར་སྣར་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན། སྤྱི་བོའི་འཁོར་ལོར་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་ཡབ་ཡུམ་དམར་པོ། སྙིང་གར་ཐུགས་རྡོ་རྗེ་ཡབ་ཡུམ་སྔོན་པོ། ལྟེ་བར་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་སེར་པོ་རྡོར་དྲིལ་འཛིན་ཅིང་སོ་སོའི་རྩ་འདབ་གྲངས་མཉམ་ཌཱ་ཀིས་བསྐོར་བ་གསལ་གདབ། མོས་གུས་བྱས་ཏེ་འཇམ་རླུང་བཟུང་བས་རྡོར་སེམས་སྐུ་ལས་མེ་འབར་བའི་མེ་ལྕེ་རིམ་པར་གྱེན་དུ་སོང་། སྤྱི་བོའི་ཧྃ་ལ་རེག་པས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་བབས་སྤྱི་བོའི་བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། ལུས་རྩའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། སྣང་སྟོང་སྐུ་རྡོ་རྗེ་དང་དབྱེར་མེད་དུ་གྱུར། སླར་མགྲིན་པར་བབས། བླ་མ་གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་མཆོག་དགའི་མཆོད་པས་མཉེས། ངག་རླུང་གི་སྒྲིབ་པ་དག་ཅིང་ཚོགས་རྫོགས། གྲགས་སྟོང་གསུང་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་སྙིང་གར་བབས། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ཁྱད་དགའི་མཆོད་པས་མཉེས། ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། རིག་སྟོང་ཐུགས་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་ཀྱང་ལྟེ་བར་བབས། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ལྷན་སྐྱེས་དགའ་བའི་མཆོད་པས་མཉེས། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། བདེ་སྟོང་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ་མཐར་གོང་སྨོས་ལྟར་མཉམ་པར་འཇོག་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་ནུས་བཟླ། ནང་གི་གསག་སྦྱོང་གཉིས་པོ་སྦྲེལ་མར་ཉམས་སུ་ལེན་པའི་སྐབས་ཡིག་བརྒྱ་བཟླས་གྲུབ་པའི་རྗེས་ཁོ་ནར་མེ་ལྕེས་ཧྃ་ལས་བདུད་རྩི་དྲང་བའི་དམིགས་པ་ལ་འཇུག་ཅིང་། གཉིས་ཀ་གྲུབ་པའི་རྗེས་མཉམ་གཞག་བྱ། དེ་ཉིད་ངག་འདོན་དུ། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བསམས་ལ་རྗེས་སྔགས་བརྗོད་པ་སོགས་སྔར་ལྟར་བྱའོ། །ལྔ་པ་ཉམས་རྟོགས་སྐྱེ་བའི་ཐབས་ཀྱི་དངོས་གཞི་བླ་མའི་བྱིན་རླབས་ལམ་དུ་བྱ་བ་ལ་གཉིས། བྱིན་རླབས་བླ་མའི་བསྐྱེད་རིམ་དང་། ཟབ་མོ་རྫོགས་པའི་རིམ་པའོ། །དང་པོ་ནི། གཞུང་ལས། དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ ཞེས་སོགས་ཀྱིས་བསྟན་པའི་དོན་ཏེ། དེའང་སྔོན་འགྲོ་གཞན་རྣམས་གྲངས་གསོག་ལྟ་བུ་སྔོན་དུ་སོང་ཟིན་པའི་དབང་དུ་བྱས་ནས་ཉམས་ལེན་འདིའི་སྐབས་སུ་བབ་པ་ན། མཚམས་དམ་དུ་བཅད། རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ། ཐུན་གྱི་སྔོན་འགྲོ་མ་བྱས་ཀྱང་ཆོག་པས་སྐྱབས་སེམས་གསག་སྦྱོང་སྦྲེལ་མར་ཁྱུག་ཙམ་བཏང་ལ། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུའི་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་། དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་པ་དཀར་པོ་འོད་འབར་བ། དེའི་ཐད་ཀ་ལས་ཅུང་ཟད་མཐོ་ཙམ་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་གསོལ་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་བསམས་ལ་ལེགས་པར་གསལ་གདབ། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་བླ་མ་ལ་མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་དེ། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་རྩེ་གཅིག་ཏུ་བྱ། དེའང་ཉམས་རྟོགས་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་འདི་ཁོ་ན་ལ་ནན་ཏན་དུ་བྱ་དགོས་ལ། སྔོན་འགྲོ་སྔ་མ་རྣམས་འབུམ་ཐེར་བསགས་པ་ཡིན་ན་གསོལ་འདེབས་ཀྱང་དེ་ལས་མི་ཉུང་བ་བྱ། བཟླས་པ་འབུམ་ཕྲག་བཅུ་གཉིས་ཀྱི་གྲངས་ཐེམས་ངེས་དགོས་པས་ཐུན་རེ་ལ་ཇི་ཙམ་འོས་པ་བཟླས་པའི་མཐར་དབང་བླང་བ་ནི། སླར་ཡང་མོས་གུས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་མོས། དབང་ལེན་འདི་ཐུན་གྱི་དངོས་གཞི་བཟླས་པ་ལ་བྱེད་པའི་སྐབས་སུའང་ཡང་ཡང་བསྒོམས་ན་བྱིན་རླབས་ཤིན་ཏུ་ཆེ་གསུངས། མཐར་བླ་མ་ཉིད་དགྱེས་པས་འོད་དུ་ཞུ་སྟེ་སྨིན་མཚམས་ཀྱི་དགའ་བ་འཁྱིལ་པའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམས་ལ་སེམས་གཏད། འདི་བྱིན་རླབས་ཤིན་ཏུ་བརྟན་པར་བྱེད་པའི་གནད་དོ། །ཐོག་མར་གསོལ་འདེབས་གཙོར་བྱེད་པའི་སྐབས་སུ་འདིའི་མཚམས་འོག་ནས་འབྱུང་བ་ལྟར་དམིགས་བཟླས་ཁྱུག་ཙམ་བྱས་ལ་བསྡུ་རིམ་དང་བསྔོ་སྨོན་གྱིས་མཐར་དབྱུང་ངོ་། །དེས་གསོལ་འདེབས་བླ་མའི་རྣལ་འབྱོར་གྲུབ་ནས་བསྐྱེད་བཟླས་སེམས་འཛིན་གཙོར་བཏོན་པའི་སྐབས་སྔ་མའི་འགྲོས་སྦྱར་བས་ཀྱང་ཆོག་མོད། འདི་ལ་ཀུན་བཟང་དོན་གྱི་ཕྲིན་ལས་དང་སྦྲེལ་ན་ལེགས་པས་སྨན་རག་གཏོར་མཆོད་སོགས་ཚོགས་གསོག་པའི་ཡན་ལག་ཡིན་ཕྱིར་སྤྱི་ལྟར་བཤམ། མ་འབྱོར་ཡང་དགོངས་པ་གསལ་འདེབས་ཙམ་ཁོ་ནས་ཆོག་པའོ། །དེའང་དོན་ཕྲིན་གྱི་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་གསག་སྦྱོང་སྦྲེལ་མ་སྔར་བཞིན་སྦྱར་ལ་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་བཏང་། སྤྱན་འདྲེན་དང་བཞུགས་གསོལ་གྲུབ་རྗེས་མདུན་མཁར་བླ་མ་ལ་གསོལ་འདེབས་དང་བཟླས་པ་ཁྱུག་ཙམ་བྱས་ལ་དབང་བཞི་བླངས་ནས་བསྟིམ། ལས་བྱང་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་ལྷ་སྐུའི་གསལ་སྣང་འདོན་བསྐྱོར་བྱས་ལ། དང་པོ་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་བཟུང་། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག །དེ་ལ་སེམས་ཟིན་པ་ན་སྨིན་མཚམས་ཆོས་འབྱུང་དགའ་འཁྱིལ་དབུས་ཀྱི་ཐིག་ལེ་དཀར་པོ་ཨས་མཚན་པ་སྲན་མ་ཙམ་ལ་སེམས་བཟུང་བ་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་ངེ་འཛིན་ནོ། །དེ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པ་ན། ཕྲིན་ལས་ལྟར། ཨ༔ ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ སོགས་ཀྱིས་དགོངས་པའི་གཟེར་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ། ཇི་ལྟར་རིགས་པ་བཟླ། མཐར་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའམ་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་བྱས་ལ་སེམས་འཛིན། དེས་སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱད་པར་བསམ། ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་སྒྱུར་བར་བསམས་ལ་ངག་བཟླས་ཡིད་བཟླས་ཇི་ལྟར་རིགས་པར་བྱས་ཏེ་འཕྲོ་འདུའི་རྩལ་སྦྱོང་བ་ནི་གསུང་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། བསྐྱེད་བཟླས་གྲུབ་པའི་མཐར་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག །དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ། །མཐར་དེ་ཡང་གཞའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་སྣོད་བཅུད་དག་པའི་འཁོར་ལོར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་བྱ་སྟེ་གསལ་འདེབས་པའི་ཚིག་ནི་ལས་བྱང་ལས་འབྱུང་བ་ལྟར་རོ། །དེའང་ཐིག་ལེ་ལ་སེམས་འཛིན་པ་ཡན་ཆད་རྟེན་ཅན་ཞི་གནས། དམིགས་མེད་དུ་འཇོག་པ་རྟེན་མེད་ཞི་གནས་ཏེ་འདི་ནི་གཙོ་བོར་སྔགས་ཀྱི་བསྐྱེད་རིམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། རེ་ཞིག་འདི་ཙམ་ལས་མི་ལྕོགས་ན་ལྷག་མཐོང་སྒྲུབ་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་འོག་ཏུ་འབྱུང་བ་ཉིད་འདིར་སྦྱར་བས་བསྐྱེད་རྫོགས་རྐང་ཚང་བ་གཅིག་ཏུ་འགྱུར་རོ། །སྔ་ཕྱི་སྦྲེལ་ན་ཀུན་བཟང་དོན་ཕྲིན་མི་སྦྱོར་བར་གསོལ་འདེབས་དབང་ལེན་གྲུབ་ནས་ལྷ་སྐུའི་སེམས་འཛིན་ལ་འཇུག་གོ། ༈ །གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་གཅོད། དངོས་གཞི་འཁྲུལ་པ་རང་གྲོལ། རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད་ནི༔ ཞེས་པ་སྟེ། དེ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་པས་འདི་ཕྱིན་ཆད་རྣམས་ལ་ཐོག་མར་བླ་མའི་རྣལ་འབྱོར་རེ་སྔོན་དུ་འགྲོ་དགོས་པས། བྱིན་རླབས་བླ་མའི་གསོལ་འདེབས་ལྟར་རམ། བསྡུ་ན་ཐུན་གྱི་སྔོན་འགྲོར་བཤད་པ་ལྟར་བྱས་ལ། གདན་འབོལ་ཞིང་རྒྱ་ཆེ་བར་བཏིང་པའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་ལ་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས། མགོ་ལ་མ་རེག་པར་ཐལ་མོ་སྤྱི་བོར་སྦྱར་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། མིག་བར་སྣང་ལ་ཧར་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ནས་རྣམ་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཡང་སྤངས་ཏེ་མི་རྟོག་པ་ཁོ་ནའི་ངང་དུ་ལུས་རང་ཤུགས་ཀྱིས་མ་འགྱེལ་བར་དུ་མི་འགྱུར་བར་བཞག །ཧལ་གྱིས་འགྱེལ་བ་ན་དེ་ཐོག་འགུལ་བསྐྱོད་བཟོ་བཅོས་ཅིའང་མི་བྱ་བར་རྟོག་མེད་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་འབད་པ་ཉི་མ་གསུམ་དུ་སྦྱངས་པས་ལུས་ཀྱི་མངོན་ཞེན་ལྡོག་པ་དང་སྤྲུལ་སྐུར་གྲོལ་བར་བྱེད་པས་ལུས་སྦྱོང་དང་ལུས་ཀྱི་རུ་ཤན་དབྱེ་བ་དུས་གཅིག་ཏུ་འགྲུབ་པའོ། །གཉིས་པ་ནི། ངག་མི་སྨྲ་བ་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་གསུངས་པའི་དོན། སྙིང་ཐིག་ཆེན་མོ་ལྟར་རྒྱས་གདབ་རྩལ་སྦྱོང་མཉེན་བཙལ་ལམ་གཞུག་རྣམས་རེ་རེ་བཞིན་བྱས་ཀྱང་ཆོག་མོད། སྐབས་འདིར་གནད་བསྡུས་ཏེ། ལུས་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད་ལ། རང་གི་སྙིང་གར་གཞིར་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་ཞིག་བསམ། ཧཱུྃ་གི་གླུ་ཆེ་ཆུང་རན་པ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་བྱུང་ཉེ་སྐོར་ཐམས་ཅད་གང་། རིམ་པར་ཕྱི་རོལ་སྣོད་བཅུད་རྣམས་གང་སྟེ་ཐམས་ཅད་ཀྱང་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་ཏུ་གྱུར། དེ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པ་མང་པོ་འཕྲོས། རང་ལུས་དང་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཁྲོལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་མཐར་ཕྱི་ནང་བརྟན་གཡོ་ཐམས་ཅད་ཧཱུྃ་འབའ་ཞིག་གི་རྣམ་པར་གྱུར་པར་བསམ། རྗེས་སུ་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག །དེ་ལྟར་བསྐྱར་ཏེ་ཉི་མ་གསུམ་ཙམ་ལ་འབད་པས་ངག་གི་མངོན་ཞེན་ལྡོག་ཅིང་ལོངས་སྐུར་གྲོལ་བར་བྱེད་པས་ངག་སྦྱོང་དང་རུ་ཤན་དབྱེ་བ་དུས་གཅིག་འབྱུང་བའོ། །གསུམ་པ་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་གསུངས་པའི་དོན་བླ་མའི་རྣལ་འབྱོར་དང་ལུས་གནད་སྔ་མ་ལྟར་བྱས་ལ་གཞན་དུ་མ་ཡེངས་པར། རང་ཉིད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་མཁན་དང་མཐར་སངས་རྒྱས་ཐོབ་མཁན་སོགས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་འདི་ལུས་ངག་ཡིད་གསུམ་གང་ཡིན་ལེགས་པར་བརྟགས་ཤིང་དཔྱད་པས། ལུས་སྐྱེ་འཆི་མང་པོར་གྱུར་པས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ནམ་དུའང་མེད་པར་མི་འགྱུར་བས་སེམས་ཁོ་ན་གཙོ་བར་ཤེས་པ་ན། སེམས་ཞེས་པ་ད་ལྟའི་རྣམ་རྟོག་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་ལས་ཅིའང་མེད། འདི་ཉིད་དང་པོ་ཕྱི་ནང་གི་དངོས་པོ་འམ་དངོས་མེད་གང་ལས་བྱུང་། འདི་ནས་བྱུང་སྙམ་པ་འདུག་ན་བྱུང་ཁུངས་དང་བྱུང་ལུགས་ཇི་ལྟ་བུ། ད་ལྟ་ཕྱི་ནང་དང་ལུས་ཀྱི་སྟོད་སྨད་བར་གསུམ་གང་དུ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་སྙིང་དེའི་ཡང་སྟོད་སྨད་མཐའ་དབུས་གར་གནས་པ་དེའི་ངོ་བོ་ཁ་དོག་དབྱིབས་ཇི་ལྟ་བུས་གནས། མཐར་འགག་པའི་ཡུལ་ལམ་འགྲོ་བའི་གནས་ཅི་འདྲ་བ་ཞིག་འདུག །བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་གཅིག་གམ་ཐ་དད་ཡིན་སོགས་སྐད་ཅིག་ཀྱང་མ་ཡེངས་པར་རྩད་བཅད་ལ་ལྷོད་ཀྱིས་ཀློད། དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་མ་ཐག་དྲན་པས་བཟུང་ལ་དེ་ཉིད་གང་ལས་བྱུང་། རྣམ་པ་ཇི་ལྟ་བུ། ཡལ་དུས་གང་དུ་འགྲོ །དེ་དང་རྟོག་བྱེད་གཉིས་གཅིག་ཡིན་མིན་སོགས་རིག་པ་རྐྱང་འདེད་ཀྱིས་ཕུ་ཐག་མ་ཆོད་བར་བརྟགས་ཤིང་དཔྱད་པས་ཅིའང་མ་རྙེད་གང་དུའང་མ་གྲུབ། ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་ནས། དང་པོ་བྱུང་བར་སྙམ་ཡང་འོང་མཁན་གཞི་རྩ་མ་གྲུབ་པས་སྐྱེ་བ་མེད་པ་ཆོས་སྐུའི་བཞུགས་ཚུལ། བར་དུ་གནས་པ་སྙམ་ཡང་དངོས་པོ་དངོས་མེད་གང་གི་ཚུལ་དུའང་མི་གནས་པས་གནས་པ་མེད་པ་ལོངས་སྐུའི་གཤིས་ལུགས། མཐར་འགག་པར་སྙམ་ཡང་གང་དུའང་འགྲོ་མཁན་དང་འགྲོ་ཡུལ་མ་དམིགས་པས་འགག་པ་མེད་པ་སྤྲུལ་སྐུའི་རང་བཞིན་དུ་ངོ་འཕྲོད་པས། ཡིད་ཀྱི་མངོན་ཞེན་ལྡོག་པ་དང་ཆོས་ཀྱི་སྐུར་གྲོལ་བར་བྱེད་པས་སེམས་སྦྱོང་དང་སེམས་ཀྱི་རུ་ཤན་དབྱེ་བ་ཕྲུགས་གཅིག་ལ་རྫོགས་པའོ། །བཞི་པ་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྒོ་གསུམ་གྱི་སྔོན་འགྲོ་དེ་རྣམས་ལ་འབད་པའི་སྐབས་ཐམས་ཅད་དུ་ཨ་འཐས་གཉིས་འཛིན་མཚན་མར་རྟོག་པའི་བློས་མི་བཅིང་བར་ཐོག་མ་ཉིད་ནས་ལྟ་བ་ཀ་དག་ནམ་མཁའ་ལྟ་བུའི་རྩིས་ཟིན་པ་གལ་ཆེ་སྟེ། བྱ་བྱེད་ལས་གསུམ་གའང་ཐོག་མར་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བ་ལས་མེད་སྣང་གློ་བུར་བ་ནམ་མཁའ་སྟོང་པ་ལས་སྤྲིན་བརྡོལ་བ་ལྟ་བུར་བྱུང་ཡང་རང་བཞིན་མེད་པར་ཤེས་པ་དང་། མཐར་དེ་དག་ཐམས་ཅད་ཀྱང་དབྱིངས་ཀ་དག་གི་ངང་དུ་སྤྲོས་པ་ཉེ་བར་ཞི་བ་སྤྲིན་ནམ་མཁའ་ལ་རང་དེངས་སུ་འགྲོ་བ་བཞིན་བསམ་བརྗོད་འཛིན་བྲལ་ཆེན་པོར་བསྐྱལ་བ་དང་། སྒོ་གསུམ་གྱི་རྣམ་འགྱུར་ཇི་ལྟ་བུ་ཞིག་བྱས་ཀྱང་དབྱིངས་ཀ་དག་གི་རང་བཞིན་ལས་གཞན་དུ་རྡུལ་ཙམ་ཡང་གཡོ་བ་མེད་པ་རྩོལ་བཅས་སམ་རྩོལ་མེད་ཀྱི་དྲན་པ་བློ་ནུས་དང་སྦྱར་བས་བཟུང་སྟེ་ལམ་དུ་གཏོང་བ་ཁོ་ན་གནད་དུ་ཆེའོ། །གཉིས་པ་དངོས་གཞིའི་ཁྲིད་ནི། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་གསུངས་ཏེ། དེ་ལ་བཞི། རི་བོ་ཅོག་གཞག །རྒྱ་མཚོ་ཅོག་གཞག །རིག་པ་ཅོག་གཞག །དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ༔ ཞེས་པ་སྟེ། སྔོན་འགྲོ་ལེགས་པར་འབྱོངས་ནས་དངོས་གཞིའི་ཐོག་མར་གཞི་ཀ་དག་ཁྲེགས་ཆོད་ཀྱི་དོན་ཉམས་སུ་ལེན་པ་ནི། ལུང་ལས། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །ཅེས་གསུངས་པ་ལྟར། ལུས་སོག་ཕོན་ཐག་པ་ཆད་པ་ལྟར་རང་བབས་བདེ་ལུགས་ཀྱི་ངང་དུ། འགྲོ་འདུག་བྱ་བྱེད་གཡོ་སྐྱོད་སོགས་ཀྱིས་ནམ་ཡང་མི་འགྱུར་བ་རི་བོ་ལྷུན་ཆགས་པ་ལྟར་རང་བཞིན་བབ་གཤིས་སུ་ཅོག་གེར་བཞག །ལས་དང་པོ་པ་ལ་སྒོ་གསུམ་གློད་ཆེས་ན་ཐ་མལ་དུ་འབྱམས་ཉེན་ཡོད་པས་སྐབས་སུ་རྣམ་སྣང་ཆོས་བདུན་ལས་མི་གཡོ་བར་བྱ། དེའང་ལྟ་སྒོམ་ལ་གནད་དུ་གང་འགྲོ་དང་བསྟུན་པའི་སྒྲིམ་གློད་སྤེལ་མར་བྱས་ཏེ་ཏིང་ངེ་འཛིན་གྱི་གཞི་གཟུང་ངོ་། །གཉིས་པ་ནི། ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ ཞེས་པ་སྟེ། དེའང་ལུང་ལས། མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཅེས་གསུངས་པས། ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་སྨྲ་བརྗོད་རླུང་རྩོལ་ཐམས་ཅད་སྤངས་ཏེ། ཕྱི་ལྟར་མིག་མི་འགུལ་བར་ལྟ་སྟངས་ཅུང་ཟད་གྱེན་ཏུ་ཕྱོགས་པའི་ནམ་མཁར་ཧྲིག་གེར་གཏད། ནང་ལྟར་ཤེས་པ་བཟོ་མེད་རྗེན་པའང་དེར་གཏད་པས་དབྱིངས་དང་རིག་པ་ཟུང་འབྲེལ་ཡུལ་དང་ཡུལ་ཅན་དབྱེར་མེད་གསལ་དྭངས་ངོས་བཟུང་དང་བྲལ་བའི་ངང་། ཕྱི་ནང་གཉིས་རྒྱ་མཚོ་ཆེན་པོ་བཞིན་མི་གཡོ་བར་འཁྱིལ་ལེར་གནས་པ་ལ་རྩེ་གཅིག་ཏུ་གཟིར་ཏེ་ཨར་ལ་གཏད་པར་བྱའོ། །གསུམ་པ་ནི། སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ ཞེས་པ་སྟེ། སེམས་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་ཕྱི་ནང་གང་དུའང་མ་ཡེངས་པར་རིག་པ་ཁེར་འདེད་ཀྱི་ཅོག་གཞག་ཆེན་པོས་གདོད་མའི་དབྱིངས་སུ་ལ་བཟླ་བར་བྱ་དགོས་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུའི་རྟགས་འཆར་བའི་ཚུལ་ལོ། །དང་པོ་ནི། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་གསུངས་ཏེ། འདི་ལྟར་ཕྱི་རོལ་ཡུལ་གྱི་སྣང་བ་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་བློས་ཕར་བརྟགས་ཤིང་བཀོད་པ་ཁོ་ན་མ་གཏོགས་རང་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད། ནང་གཟུང་འཛིན་འཁྲུལ་པའི་གཞན་དབང་གིས་མཚན་རྟོག་བྱུང་ཚོར་གྱི་འདུ་ཤེས་སྣ་ཚོགས་པ་དང་བཅས་པའི་བློ་སེམས་འདི་ནི་རྨི་ལམ་བཞིན་དུ་མེད་པ་གསལ་བར་སྣང་བ་ཙམ་ཡིན་ལ། སེམས་ཀྱི་ངོ་བོའམ་དབྱིངས་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ལ་རྒྱར་མ་ཆད་པ། ཀུན་ལ་ཁྱབ་ཅིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་བརྟག་དཔྱད་ཀྱི་བློས་དོན་སྤྱི་ཙམ་གོ་བ་ལས་དོན་ཇི་བཞིན་པ་མི་མཚོན། འོན་ཀྱང་བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་སྒོམ་སྟོབས་ལ་བརྟེན་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། སྣང་སྟོང་ཡོད་མེད་ཉེ་རིང་གང་དུའང་མ་རྟེན་པའི་གཤིས་ལུགས་གཞི་མེད་རྩ་བྲལ་མཐོང་མེད་ནམ་མཁའ་ལྟ་བུ་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དབྱིངས་ཀ་དག་དང་རིག་པ་གཏིང་གསལ་དབྱེར་མེད་པ་སུས་ཀྱང་འདུས་མ་བྱས་པ་སྟེ། ཉམས་ལེན་དུ་ཧྲིལ་དྲིལ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཉེན་པོས་མ་བཅོས་ཤིང་མཚན་མས་མ་བསླད་པ། རང་བྱུང་ཡེ་ཤེས་སྟོང་གསལ་བློ་འདས་ཆེན་པོར་ཝ་ལེར་གསལ་བ་འདི་ཉིད་གདོད་མའི་ཆོས་སྐུ་རིག་སྟོང་རྗེན་པར་རང་ངོ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་སྟེ་ལྟ་བས་ཐག་བཅད་པའོ། །གཉིས་པ་ནི། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་གསུངས་ཏེ། ཀ་དག་ལྟ་བའི་གནས་ལུགས་དེ་ལྟར་ཁོང་དུ་ཆུད་ནས་དེའི་དོན་སྒོམ་པས་ཉམས་སུ་ལེན་པ་ན། ལུང་ལས། ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་ལྟར། སྔར་ངོ་འཕྲོད་པའི་ལྟ་བ་ནམ་མཁའ་ལྟ་བུ་དེ་ལ་རྣལ་འབྱོར་དུ་བྱ་སྟེ། དེའང་། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་ཚུལ་བཞིན་བསྒོམ་པར་བྱ་རྒྱུ་རྡུལ་ཙམ་མེད་པས་ཅིའང་མི་སྒོམ་པའི་ཚུལ་གྱིས་སྤང་ཐོབ་ཡེངས་འཁྲུལ་གདོད་མ་ནས་མ་གྲུབ་པས་ནམ་ཡང་གནས་ལུགས་ཀྱི་དོན་དང་མི་འབྲལ་བ་ལ་བསླབ་བོ། །དེའི་དོན་མདོར་དྲིལ་ན། བཞི་ཆ་གསུམ་བྲལ་བློ་འདས་ཆོས་སྐུའི་དགོངས་པ་ལས་མི་གཡོ་བར་གནས་པ་སྟེ། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་ཤེས་པ་སྐད་ཅིག་མ་བཟོ་བཅོས་མ་བྱས་པ་སྟེ་རྟོག་པ་གསུམ་དང་བྲལ་བའི་བཞི་པའི་ཆ་རང་བྱུང་རིག་པའི་ཡེ་ཤེས་གསལ་ཧྲིག་རྗེན་ནེ་བ། ཡངས་པ་ཕྱལ་ལེ་བའི་ངང་དུ་ཆེད་དུ་རྩོལ་བས་མ་བསྒྲུབས། ཡེངས་པ་ཕྱལ་བར་མ་འབྱམས་པར་སེམས་ཀྱི་རྟོག་པའི་འཕྲོ་འདུ་ཅི་ཞིག་བྱུང་ཡང་ནམ་མཁའ་ལ་སྤྲིན་གྱིས་ཕན་གནོད་མེད་པ་ལྟར་རིག་པ་ལ་ཅིས་ཀྱང་མ་གོས་པས་རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་བཞིན་གཉེར་ཁ་མེད་པར་ཁ་ཡན་རང་བབ་ཏུ་གློད་ཅིང་བཞག་པ་ནི་ཐག་གཅིག་ཐོག་ཏུ་བཅད་དེ་སྒོམ་པས་ཉམས་སུ་བླང་བའོ། །དེས་ན་འཁོར་འདས་ཀྱི་སྣང་བའི་ཆོ་འཕྲུལ་བཟང་ངན་ཅི་ལྟ་བུ་ཞིག་ཤར་ཡང་རང་གི་རིག་པའི་རྩལ་ལས་མ་འདས་པས་རིག་པ་ཉིད་རང་སོ་ཟིན་པ་ཁོ་ནས་ཆོག་སྟེ། ལུང་ལས། ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་སོ། །གསུམ་པ་ནི། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་མིག་གི་ཡུལ་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གི་སྣང་བ་དབང་པོ་ལ་བཀྲ་ལམ་གྱིས་ཤར་བ་ན། རྣམ་པར་ཤེས་པ་ཁ་ཕྱིར་བལྟས་ཀྱིས་དེ་ལ་ཡེངས་ན་དྲན་ཤེས་དང་བྲལ་ནས་ཆགས་སྡང་གིས་ལས་སོགས་ཏེ་སྒོམ་པ་དོན་མེད་པར་འགྱུར་བས། ཤར་མ་ཐག་པ་ནས་དྲན་པས་བཟུང་སྟེ་དེ་ལ་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་འཛིན་པའི་སེམས་ཀྱི་ཁང་བུ་བཤིགས་ལ་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རང་བབ་ཏུ་འཇོག་ཅིང་རྩོལ་བ་ཀློད་དེ། དཔེར་ན་བསྒྲུབ་བྱའི་ལས་གང་ཞིག་བྱས་ཟིན་པའི་སྐྱེས་བུས་ལུས་སེམས་རྩོལ་མེད་དལ་བར་གནས་པ་ལྟར་ཅིའང་སྤྱད་དུ་མེད་པའི་སྤྱོད་པ་ལ་གནས་པར་བྱའོ། །དེའང་གནས་ལུགས་རང་བབ་ཀྱི་ངང་དུ་འཇོག་པའི་དུས། ཐ་མལ་ཤེས་པ་ཡུལ་ལ་འཕྲོ་འཇུག་བྱེད་ཀྱང་འཕྲོ་བའི་རྗེས་སུ་མ་ཡེངས་ཤིང་བཅོས་བསླད་མེད་པར་ཀློད་པས་ཆུ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་རང་ཤར་རང་གྲོལ་ལས་མ་གཡོས་པ་ནི་གདིང་གྲོལ་ཐོག་ཏུ་འཆོས་པ་ཞེས་འབྲས་བུ་གཏན་ལ་ཕེབ་པའོ། །བཞི་པ་ནི། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་པ་སྟེ། དེ་ལྟར་ཅོག་གཞག་རྣམ་པ་གསུམ་གྱིས་རྩེ་གཅིག་ཉམས་ལེན་ལ་བརྩོན་པའི་ཚེ་རླུང་སེམས་དབུ་མར་ཞུགས་པའི་རྟགས་སུ་སྣང་ཉམས་ཅི་རིགས་པ་དང་ཤེས་ཉམས་སྣ་ཚོགས་པ་རྣམས་ཀྱང་འབད་རྩོལ་མེད་པར་ཤུགས་ཀྱིས་འབྱུང་ལ། རིམ་པར་གོམས་འདྲིས་བརྟན་པ་ཐོབ་པ་ན། རང་བྱུང་གདོད་མའི་ཆོས་སྐུ་གནས་ལུགས་འོད་གསལ་གྱི་རིག་པ་དྲི་མ་ཐམས་ཅད་དང་བྲལ་བའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བླག་ཏུ་གྲུབ་ནས་ཆོས་ཉིད་དབྱིངས་ཀྱི་ངང་དུ་ཆོས་ཅན་མཚན་མའི་སྤྲོས་པ་ཉེ་བར་ཞི་བས་སྲིད་ཞིའི་ཁྱབ་བདག་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྤྱིར་ཅོག་གཞག་གང་ཡིན་པ་བྱའོ་སྙམ་པ་ལྟ་བུའི་སྙམ་བྱེད་ཀྱི་རྟོག་པའང་ངོ་ཤེས་བཞིན་པའི་ངང་སྦྱང་བྱ་དེ་ཉིད་རྩོལ་བ་མི་དགོས་པའི་རྩལ་རྫོགས་པ་དང་མཐར་གོམས་ཤིང་འདྲིས་ནས་གདིང་དུ་གྱུར་ཏེ་བརྟན་པ་ཐོབ་པར་བྱ་དགོས་པའང་ཡིན་ལ། ཁྱད་པར་ཉམས་ལེན་དེ་རྣམས་ཀྱི་སྐབས་ཐམས་ཅད་དུ་སྒོ་གསུམ་དང་འབྲེལ་བའི་རྣམ་རྟོག་གི་འཕྲོ་འདུ་མཐའ་ཡས་པ་ཞིག་འབྱུང་བར་འགྱུར་ལ། བྱུང་བ་དེ་ཉིད་མ་བྱུང་ན་ལེགས་སོ་སྙམ་པས་བཀག་ཀྱང་མི་བཀག །རྟོག་པ་ངན་པ་བཟང་པོར་བསྒྱུར་བ་ལྟ་བུའི་བཅོས་བསླད་ཀྱང་མི་བྱ། རྟོག་པ་མ་སྐྱེས་ན་ཆེད་དུ་སྐྱེར་ཡང་མི་གཞུག་ལ། གློ་བུར་ཤུགས་འབྱུང་དུ་བཟང་ངན་བར་མའི་རྟོག་པ་ཇི་ལྟ་བུ་ཞིག་སྐྱེས་ཀྱང་དེ་མ་ཐག་དྲན་པས་ཙིར་གྱིས་གཟུང་ལ་ངོ་ཤེས་པར་བྱ། ཤེས་མ་ཐག་གཉེན་པོས་གློ་རྡེག་མི་བྱ་བར་རྩལ་རྫོགས་སུ་འཇུག །རྫོགས་མ་ཐག་ཁ་ཡན་ཏུ་མི་བཏང་བར་རྟོག་པ་རང་གི་ངོ་བོ་ཆོས་ཉིད་དུ་ཀློད་ལ་རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ་ཏེ། ཐོག་མར་རྣམ་རྟོག་རང་བཞིན་མེད་པར་གྲོལ་བ་བུ་ཆུང་གིས་ལྷ་ཁང་བལྟ་བ་ལྟ་བུ། བར་དུ་རྣམ་རྟོག་གཉེན་པོ་མེད་པར་གྲོལ་བ་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟ་བུ། མཐར་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་རྐུན་པོ་ཁང་སྟོང་དུ་ཕྱིན་པ་ལྟ་བུ་ལ་གདིང་འཆོས་ཏེ་བརྟན་པ་ཐོབ་པར་བྱ་བ་ནི་གནད་ཀྱི་སྙིང་པོའོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་ནི༔ ཞེས་པས་བསྟན་ཏེ། དེ་ལ་གཉིས། གཞུང་དོན་དང་། འཕྲོས་དོན་ནོ། །དང་པོ་ལ་བཞི། བཞུགས་སྟངས། གཟིགས་སྟངས། དམིགས་གནད། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞི་བཟུང་ངོ༔ ཞེས་པ་སྟེ། དེ་ལྟར་ཁྲེགས་ཆོད་ཀྱི་ལྟ་སྒོམ་ལ་བརྟན་པ་ཐོབ་ནས་ལམ་ལྷུན་གྲུབ་ཐོད་རྒལ་ཉམས་སུ་ལེན་པ་ལ་སྒོ་ཡུལ་རླུང་རིག་གི་གནད་གཅུན་པ་གལ་ཆེ་བས། ལུས་འགུལ་སྐྱོད་ལ་སོགས་པས་ཅུང་ཟད་ཀྱང་མི་གཡོ་བར་བཞུགས་སྟངས་གསུམ་ལ་རྟག་ཏུ་གནས་པས་ཡེ་ཤེས་འཆར་བའི་གཞི་བཟུང་དགོས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་དང་ངག་ཡིད་རབ་ཏུ་གཅུན། །ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་པ་དག་ནི་མཉམ་པ་ཡིན། །ཞེས་ཕན་ཡོན་བཅས་གསུངས་པ་ལྟར། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་ངར་དྲང་པོར་བསྲང་། རོ་སྟོད་གསེངས་ཏེ་དཔུང་པ་གྱེན་ཏུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས་ཏེ་མགོ་ཐད་ཀར་གཏོད་པའོ། །དེ་གསུམ་གྱིས་འབྱུང་བ་རང་སར་དག །གཡོ་བྱེད་ཀྱི་རླུང་ཟིན། དྲོད་སྐྱེད་ཅིང་འབྱུང་བཞི་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་བར་བྱེད་དོ། །གཉིས་པ་ནི། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ ཞེས་པ་སྟེ། ངག་གིས་སྨྲ་བརྗོད་ཅུང་ཟད་ཀྱང་མི་བྱ་བར་རླུང་དལ་བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་བཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་སྟེ། སྔ་མ་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །དེའི་ངང་ལས་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་དབྱིངས་རིག་གི་སྣང་བ་ཨར་ལ་གཏད་པར་བྱ་སྟེ། དེའང་གཟིགས་སྟངས་ཀུན་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེབ། ཧ་ཅང་རྩོལ་བས་མི་བསྡམ་པར་ལྟ་སྟངས་ཀློད་ཅིང་བལྟ་བ་ནི་གནད་ཡིན་ལ། ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་ལ་ལྡོག་པ་གཙུག་གཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་ལྟ་བུས་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། དེ་ལྟར་གཟིགས་སྟངས་གསུམ་པོ་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ཏེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་ནི། སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ ཞེས་པ་སྟེ། སེམས་ཕྱིའི་སྣང་བ་ལ་མི་གཡེང་། ནང་འཛིན་རྟོག་དང་བྲལ་བ་ཁྲེགས་ཆོད་ཀ་དག་གི་དགོངས་པ་ལས་མ་གཡོས་ཤིང་མ་འཁྲུལ་པའི་ངང་དུ། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་དྭངས་པ་ལ་རྟེན་བྱས། འོད་གསལ་འཆར་སླ་བའི་ཆེད་དུ་སྔ་དྲོ་ཤར་དང་དགོང་མོ་ནུབ་ཏུ་ཁ་ཕྱོགས་པས་ཉི་མའི་དཀྱིལ་འཁོར་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་ཟིམ་བུས་མིག་དང་རིག་པ་ཡུལ་སྣང་གསུམ་དབྱེར་མེད་པར་བྱས་ལ་བལྟས་པས། དབྱིངས་སྣང་གི་རྭ་བར་རིག་པའི་གདངས་རྩལ་རྡོ་རྗེ་ལུ་གུ་རྒྱུད་དུ་འཆར་བའི་ལྷུན་གྲུབ་འོད་གསལ་གྱི་སྦུབས་སུ་ཡུལ་སེམས་ཀྱི་འཁྲུལ་པ་ཐམས་ཅད་གཞུག་ཅིང་བསྟིམ་པར་བྱ་སྟེ། རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པ་ཡིན། །ཞེས་སོ། །གོང་དུ་ཨར་གཏད་དང་འདིར་སྦུབས་འཇུག་རྣམས་དོན་གཅིག་སྟེ་སྣང་རིག་དབྱེར་མེད་ལ་རྩེ་གཅིག་ཏུ་གཟིར་བའི་དོན་ཏོ། །དེའང་མཐོང་ཡུལ་ལ་གངས་དང་ཁ་བ་ཡོད་ན་མིག་ལ་གནོད་པས་བྱོལ་དགོས་ཤིང་། ཐོག་མར་ཐག་རིང་བ་ལས་རིམ་པར་ཇེ་ཐུང་དུ་ཁྲིད། བཞུགས་སྟངས་དང་གཟིགས་སྟངས་གསུམ་པོའང་རིམ་པར་སྔ་དྲོ་ཉིན་གུང་གསུམ་ལ་གཙོར་བྱ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་ཉིད་སྟབས་བདེའོ། །ཅུང་ཟད་གོམས་ནས་དབྱིངས་སྣང་འཇའ་ཚོན་དང་ཐིག་ལེ་ལེགས་པར་འཆར་བའི་ཚེ་དེ་དག་འགུལ་འཕྲིག་བྱེད་པའི་རྗེས་སུ་རྟོག་པ་འབྲངས་ན་འཕེལ་བརྟན་ཏུ་མི་འགྱུར་བས་ལྟ་སྟངས་དང་རིག་པ་ཐོག་མར་གཏོད་ས་དེ་ལས་མ་གཡོས་པ་གནད་ཡིན་ལ། རེས་འཆར་སྒོ་མི་གསལ་བ་དང་ཕྱོགས་གཞན་དུ་ཡལ་ཡོལ་བྱེད་ན་དེ་རྗེས་ཅར་ཕོག་ཏུ་མི་འབྲངས་བར་བལྟ་སྟངས་དལ་བུས་ཁྲིད་པས་སྔར་བཞིན་དུ་འཆར་བར་འགྱུར་རོ། བཞི་པ་ནི། དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་པ་སྟེ། སྒོ་གསུམ་དང་འབྲེལ་བའི་གནད་དེ་ཐམས་ཅད་ཀྱང་སྤྱི་ལྟར་ན་ཐུན་བཞིའི་ཉམས་ལེན་ཆ་མཉམ་པར་སྦྱོར་ཏེ་བརྟན་པ་མ་ཐོབ་བར་དེ་ལས་མི་གཡོ་བ་དང་། ནང་ལྟར་དབྱིངས་ཀ་དག་དང་རིག་པ་འོད་གསལ་བཞི་ཆ་གསུམ་བྲལ་གདོད་ནས་དབྱེར་མེད་པ་ལ་གཟུང་འཛིན་གྱིས་རིས་སུ་མི་བཅད་པར་མཉམ་པར་སྦྱོར་བ་དང་། གསང་བ་དབྱིངས་སྣང་འཇའ་ཐིག་གི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གསལ་ཅིང་འགུལ་འཕྲིག་ཅན་དེ་ལ་རྟོག་དཔྱོད་ཀྱིས་མ་བསླད་པར་བལྟ་མཁན་རིག་པའི་རང་ངོ་ལས་མ་ཡེངས་ཙམ་གྱིས་སྨིན་མཚམས་འཇའ་ཚོན་ཕྲ་མོ་ལ་རྩེ་གཅིག་ཏུ་གཏོད་པས་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ན། སྣང་བ་བཞིའི་སྣང་ཉམས་དང་ཤེས་ཉམས་ཐམས་ཅད་ཟད་སར་སྐྱེལ་ཏེ་གདོད་མའི་ཐིག་ལེ་ཆེན་པོར་མཉམ་པར་སྦྱར་བ་གནད་དུ་ཆེའོ། །སྤྱིར་འདི་ལྟར་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས། ནང་གི་འཛིན་པས་མ་བསླད། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བ་ལས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་སྣང་བ་སྨིན་མཚམས་ནས་དྲལ་ཏེ་ཕྱི་ནང་དང་གསལ་འགྲིབ་མེད་པར་འཆར་བ་ན། རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་བར། །དྲལ་བའི་སྐྱེས་བུ་སྐལ་པ་བཟང་། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་སོ། །གཉིས་པ་དེ་ལས་འཕྲོས་པའི་སྨོན་དོན་ལ་གཉིས། སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ །དང་པོ་ལའང་བཞི་ལས། ཐོག་མར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྒོ་ཡུལ་རླུང་རིག་གི་གནད་བཅིངས་པས། ཕྱིའི་ནམ་མཁའ་སྟོང་པས་སྣང་བའི་གོ་ཕྱེས་ཏེ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་རྨ་བྱའི་མདོངས་ལྟར་བཀྲ་བའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་རྫིང་ལ་རྡོ་བོར་བའམ་ཕུབ་ཀྱི་སྦ་བསྐོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་གཉིས་སྦྲེལ་དང་སུམ་སྦྲེལ་ཅན། དེ་ནང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བརྟ་རྔ་ལ་མདུད་པ་བརྒྱབ་པ་ལྟ་བུའམ་གསེར་སྐུད་དང་མུ་ཏིག་གི་ཕྲེང་བ། ལྕགས་ཚག །མེ་ཏོག་གི་ཆུན་པོ་དང་དྲྭ་བ་ལྟ་བུ་ཐོག་མར་འལ་འོལ་འགུལ་འཕྲིག་ཅན་རེས་སྣང་རེས་མི་སྣང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་ནི། འཇའ་འོད་ཐིག་ལེ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་འང་ཟ་འོག་གི་གུར་ཁྱིམ་ལྟ་བུ་རྩིབས་ཤར་གྱེན་འགྲེང་སོགས་མ་ངེས་པར་འཆར། སྨིན་མཚམས་ལས་དྲལ་ཏེ་མཐོང་བའི་ཡུལ་ཙམ་དུ་ཁྱབ་པའི་ཟླུམ་སྐོར་གྱི་ནང་དུ་པད་འདབ་བཞི་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དེ། རིག་པའང་ཤ་ར་ཎ་དལ་གྱིས་རྒྱུ་བ་ཙམ་དུའོ། །གསུམ་པ་རིག་པ་ཚད་ཕེབ་ནི། འོད་ལྔའི་སྣང་བས་སྣང་ཡུལ་ཐམས་ཅད་ཁེངས་པའི་དབུས་ན་ཐིག་ལེ་མུ་ཁྱུད་ལྔ་ལྡན་ཚོམ་བུར་འབྲེལ་བའི་ནང་དུ་དང་པོར་ལྷའི་གཙུག་གཏོར་དང་དབུ་སོགས་ནས་རིམ་པར་ཕྱེད་སྐུ། སྐུ་རྐྱང་། ལྔ་ཚོམ་སོགས་གྲངས་མེད་པར་འཆར་བའི་བར་ཏེ། རིག་པ་བུང་བ་བཅུད་ལ་འཁོར་བ་ལྟ་བུའོ། །བཞི་པ་ཆོས་ཉིད་ཟད་པ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་ཆ་ཐམས་ཅད་ཟད་ནས། ལུས་འོད་སྐུ །ངག་ནཱ་ད། སེམས་ཆོས་སྐུར་གྲོལ་བའོ། །གཉིས་པ་མཐའ་རྟེན་ལའང་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བས་རྩ་རླུང་རང་སོར་གནས་པས་རྟོག་པ་འགགས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་དབྱིངས་རིག་མངོན་སུམ་མཐོང་སྟེ་ཡིད་དཔྱོད་ཀྱི་སྒྲོ་སྐུར་བྲལ། རླུང་རིག་དལ་བར་བརྟན་ནས་མི་འགུལ་བས་ཆོས་ཉིད་རང་ངོར་གནས་པས་དབྱིངས་རིག་མ་བུ་འདྲེས་པའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། དེ་ལྟར་བྱས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། འདིའི་སྐབས་སུ་བརྩོན་འགྲུས་རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་པོས་ངོ་ཤེས། ཐ་མ་ལའང་བཟང་པོ་ཤ་སྟག་རྨི་བ་ནི་ཚད་རྨི་ལམ་གྱིས་བཟུང་བ་དང་། ལུས་མི་གཡོ། ངག་མི་སྨྲ། སེམས་མི་རྟོག་པ་རྣམས་སྣང་བཞི་འཆར་རིམ་གྱིས་ཇེ་བརྟན་དུ་འགྲོ་བ་ནི་རྟགས་ལུས་ངག་ལ་ཤར་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྣང་བཞི་མཐར་ཕྱིན་པའི་ཡོན་ཏན་ཏེ། ཕྱི་སྣང་བ། ནང་ཕུང་པོ། གསང་བ་དབྱིངས་རིག་རྣམས་ལ་དབང་ཐོབ་པས། སྣང་རྐྱེན་ཞིང་ཁམས་སུ་ཤར། སྒྱུ་ལུས་འོད་གསལ་དུ་གྲོལ། འཁྲུལ་རྟོག་རང་བཞིན་དུ་འགགས་པའོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། ཉམས་ལེན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ། ཡར་སངས་རྒྱས་ཨེ་ཐོབ་ཀྱི་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེ་ཡི་དོགས་པ་མེད་པར་གདིང་ཐོབ་པའོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་བར་དོར་ཡེ་ཤེས་གོང་འཕོའི་མན་ངག་དང་། ཆོས་ཉིད་བར་དོར་མི་འགྱུར་བ་གསེར་ཀྱི་ཐུར་མ་ལྟ་བུའི་མན་ངག་གོ །དང་པོ་ལའང་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་དུ་འཕོ་བའོ། །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པའི་རིམ་པ་རྣམས་ལེགས་པར་ཉམས་སུ་བླངས་ཀྱང་སྐལ་པ་དམན་པས་ལམ་མཐར་མ་ཕྱིན་པའམ། བརྩོན་འགྲུས་ཆུང་ཞིང་གཡེང་བ་ཆེ་བས་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་ཚེ་འདི་ཉིད་ལ་གདོད་མའི་གྲོལ་སར་སྙོགས་པའི་གོ་འཕང་མཆོག་མ་འགྲུབ་ན། འཆི་ཁའི་བར་དོ་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམ་པའི་སྐབས་སུ་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་སྲིད་པའི་མྱ་ངན་ལས་འདའ་བར་བྱ་སྟེ། དེའང་ཉམས་ལེན་ཅན་གྱི་གང་ཟག་འཆི་ཀ་མ་དེས་འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་སྤང་། དེའི་ཕྱོགས་སུ་བློ་སྐད་ཅིག་ཙམ་ཡང་མི་འཕྲེང་བར་སྔར་ཐོས་གོམས་སུ་གྱུར་པའི་གདམ་པ་རྣམས་རང་ངམ་གྲོགས་ཀྱིས་བློ་ལ་གསལ་འདེབས། བླ་མ་ལ་མོས་གུས་དྲག་པོས་གདོད་མའི་གྲོལ་སར་སྙེག་པའི་གསོལ་བ་རྩེ་གཅིག་ཏུ་གདབ། བཞུགས་སྟངས་གསུམ་གང་རུང་དང་འབྲེལ་བར་ཕྱིའི་ནམ་མཁའ་དབྱིངས་ཤིན་ཏུ་དྭངས་པ་ལ། ནང་གི་ནམ་མཁའ་རྩ་དབུ་མའི་བྱེ་བྲག་རྒྱ་མཚོ་གསེར་གྱི་ཉི་མ་ལས་གྱེས་པའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་མིག་དང་འབྲེལ་ནས་ཡོད་པས་མིག་མདུང་ཚུགས་སུ་གཏད། དེ་ལ་གསང་བའི་ནམ་མཁའ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྙིང་དབུས་མི་ཤིགས་པའི་ཐིག་ལེའམ་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པའི་རིག་པ་སྐད་ཅིག་མ་ཉིད་བསྲེ་སྟེ། མདོར་ན་ནམ་མཁའ་ལ་མིག །མིག་ལ་རིག་པ་གཏད་དེ་ཕྱི་ནང་གསང་བའི་ནམ་མཁའ་གསུམ་དབྱེར་མེད་དུ་བཞག་པའམ། ཐོད་རྒལ་ལ་གོམས་པ་བརྟན་ན། མིག་འོད་སྣང་ལ་གཏད། རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་གཞིའི་འོད་གསལ་མ་ལྟ་བུ་དང་ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་ཆུ་ལ་ཆུ་ཐིམ་པ་ལྟར་འདྲེས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གཞི་ཐོག་ཏུ་རང་གྲོལ་བར་འགྱུར་རོ། །འདི་ནི་ཁྲེགས་ཐོད་གཉིས་ཀའམ་གང་རུང་གི་ཉམས་མྱོང་བརྟན་པོ་ཡོད་པའི་དབང་དུ་མཛད་པའོ། །གཉིས་པ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་སྟེ། ཡང་ན་རྣལ་འབྱོར་པ་རྟོགས་གོམས་དམན་པས་རླུང་སེམས་གོང་འཕོའི་མན་ངག་ཉམས་སུ་བླང་སྟེ། དེའང་དེ་ལ་བློ་གཏོད་པ་པོས་ད་ལྟའི་སྐབས་སུ་འབྱོངས་ངེས་པར་སྦྱངས་ནས་ནམ་དགོས་པའི་དུས་སུ་ལས་ལ་སྦྱར་བ་གལ་ཆེ་བས། བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ། རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་འོད་ལྔའི་མདངས་ཅན་ལ་ཨ་དཀར་པོ་སྲན་ཆུང་ཙམ་གྱིས་མཚན་པ་འོད་འཚེར་བ་ཞིག་བསྒོམས་ལ་སེམས་ཟིན་ཟིན་དུ་གཏད། སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་ཉིད་ལྕེ་བཙུན་ཆེན་པོའི་རྣམ་པར་གསལ་བཏབ་ལ་མོས་གུས་བསྐྱེད་ཅིང་གསོལ་བ་འདེབས། དེ་ནས་རླུང་སྦྱོར་གང་ནུས་དང་ལྡན་པས་སྙིང་གའི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ་བརྗོད་པས་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ་པར་བསམས་ལ་ཅུང་ཟད་མཉམ་པར་གཞག །སླར་ཐིག་ལེ་ཨ་ཡིག་བཅས་ཐུགས་ཀ་ནས་མར་བབས་ཚངས་བུ་གནས་སྙིང་གར་འཁོད་པར་དམིགས་ལ་རླུང་སེམས་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་མང་དུ་སྦྱང་། འཕྲོ་འཇོག་པ་ན། རང་སེམས་ཀྱི་ཐིག་ལེ་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར། བླ་མ་ཇེ་མཐོར་གཤེགས་ཤིང་ཇེ་ཕྲར་གྱུར་ནས་ཡལ་ཏེ་དམིགས་མེད་དུ་འཇོག་པའམ། འོག་མིན་དུར་ཁྲོད་མེ་རི་འབར་བ་སོགས་གང་འདོད་པའི་ཞིང་ཁམས་སུ་གཤེགས་པར་མོས། རྟོགས་པས་མ་ཆུན་པའམ་གེགས་ཆུང་ཁྱད་དུ། ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲིལ་ལེ་ལྕི་ཐིང་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧྃ་གིས་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱ་བ་འདིའང་སྐབས་སུ་སྦྲེལ་ལོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་པའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པས་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམ་པ་ལས་མར་མི་འབེབ་པར། སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྦར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །གཉིས་པ་ཆོས་ཉིད་བར་དོའི་མན་ངག་ནི། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་པ་སྟེ། གལ་ཏེ་འཆི་ཁའི་བར་དོར་གདིང་མ་ཐོབ་ན་ཀ་དག་གི་གཞི་ལས་གཞི་སྣང་གཡོས་ཏེ་ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་འཁྲུལ་སྣང་སྣ་ཚོགས་རིམ་པར་འཆར་ནས་སླར་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། དེའང་རིག་པ་རང་ངོ་མ་རིག་པའི་སྐྱོན་གྱིས་རང་ཚོ་མ་ཟིན་པར་ཡུལ་གྱི་དབང་དུ་ཤོར་ཏེ་འཁྲུལ་སྣང་ལུ་གུ་རྒྱུད་དུ་ཤར་བ་ཡིན་པས། དེ་དག་གི་སྣང་བ་ཅི་དང་ཅི་ལྟ་བུ་ཤར་ཡང་རང་གི་རིག་པའི་རྩལ་ལས་གཞན་དུ་མེད་པ་ཐག་བཅད་དེ། རིག་པ་ཆོས་ཉིད་ཀྱི་རང་མལ་ལས་ནམ་ཡང་མ་གཡོས་པ་དཔེར་ན་རྐྱེན་ཅིས་ཀྱང་རང་གཤིས་འགྱུར་བ་མེད་པ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དྲན་པར་བྱ་དགོས་སོ། །དེས་ན་ཆོས་ཉིད་བར་དོ་ལ་ཀ་དག་གི་འོད་གསལ་སྟོན་གནམ་ལྟ་བུ། འོད་ལྔའི་སྣང་བ་སོགས་སྒྲ་འོད་ཟེར་གསུམ། རིགས་ལྔའི་ཚོམ་བུ། ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ། སྐུ་གསུམ་གྱི་ཞིང་སྣང་རྣམས་རིམ་པར་འཆར་བའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་གང་ལའང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་པས་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ་ནས་སེམས་ཅན་གྱི་དོན་བྱེད་ཅིང་ནང་གསལ་བུམ་པ་སྐུར་བྱང་ཆུབ་པར་འགྱུར་རོ། །དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོར་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ། །དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོ་གསུམ་གྱི་གྲོལ་ཚད་དང་མི་ལྡན་པ་རྣམས་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་ན། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཆོས་ཉིད་ཟབ་མོའི་སྟོབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རིམ་པར་ཐོབ་ནས་ཉོན་མོངས་པའི་འཆིང་བ་སྤངས་ཏེ་སྐད་ཅིག་གིས་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །དེ་ལའང་སྲིད་པ་བར་དོར་གདམས་ངག་གཞན་གྱིས་མ་གྲོལ་བའི་ཚེ་དག་པའི་ཞིང་ཡིད་ལ་བྱས་ཏེ། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ། འདུན་པ་དྲགས་པོ་དང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གང་དུ་འདོད་པའི་ཞིང་དུ་ཆོས་འབྱུང་སྐར་མདའ་འཕང་པ་བཞིན་སོང་བར་བསམ་སྟེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་ཞིང་དེར་ངེས་པར་གྲོལ་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། དགེ་སྦྱོར་སྲང་དུ་གཞུག་པའི་མན་ངག་བྱེ་བྲག་ཏུ་བསྟན་པ། དེ་ལས་མི་འགྱུར་བའི་འབྲས་བུ་མངོན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་བཟུང༔ དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་བཟུང་ལ་གནད་དུ་གཏོང་ངོ༔ ཞེས་གསུངས་ཏེ། དེ་ལྟར་དངོས་གཞིའི་ཁྲིད་རིམ་ཉམས་སུ་ལེན་པའི་གནས་སྐབས་གང་ལའང་གེགས་སེལ་བོགས་འདོན་རྒྱུན་སྤྱོད་ཀྱི་གནད་རྣམས་སྤྱི་ལྟར་མ་འཆུག་པར་ཤེས་ནས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་གདམས་ངག་ཐམས་ཅད་ཀྱི་འགག་དོན་བསྡུས་པ་ནི། བླ་མ་ལ་མི་རུ་བཟུང་ཞིང་མོས་གུས་ཆུང་ན་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཕྲ་མོའང་མི་སྐྱེ། ལྷག་པར་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པས། འདི་ལྟ་བུའི་ལམ་ཟབ་མོ་སྟོན་ཅིང་ཆོས་ཉིད་རང་ངོ་སྤྲོད་པའི་རྩ་བའི་བླ་མ་དེ་རང་ཉིད་ལ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཚུལ་ལ་བསམ་ཞིང་དེ་ལས་ལྷག་པའི་སངས་རྒྱས་གུད་ན་མེད་པར་ཐག་བཅད་ལ། ཐོག་མར་བཅོས་མའི་མོས་གུས་ཅི་སྐྱེ་བྱ། གོམས་ནས་བཅོས་མིན་གྱི་མོས་གུས་དྲགས་པོས་གསོལ་བ་སྙིང་ནས་འདེབས་པ་ལ་དགེ་སྦྱོར་གྱི་དངོས་གཞི་བྱས་པས་དེ་ཁོ་ནས་གེགས་སེལ་བོགས་འདོན་སོགས་ཀྱི་ཡོན་ཏན་སྐྱེད་པའི་ཐབས་གཅིག་ཆོག་རྒྱལ་པོར་འགྱུར། འདིར་སྣང་ལ་ཞེན་ན་ཉམས་ལེན་གྱི་རྩ་བ་ཤོར་བས་རྟག་ཏུ་འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དྲགས་པོས་གཞི་བཟུང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟོར་བས་འཁོར་བའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་མ་རྒན་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་དང་མི་འབྲལ། རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་རྣམས་ཀྱིས་ཐེག་པ་འོག་མ་བཞིན་དུ་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་མི་བྱ་བར་གདོད་ནས་རང་གྲོལ་ཆེན་པོའི་བདུད་རྩི་བརྟེན་པ་སྟེ་མིག་ལ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་། ཕྱི་རུ་མི་དགག །ནང་དུ་མི་འཛིན་པར་སྣང་ལ་ཞེན་པ་མེད་པར་ལམ་དུ་ཁྱེར་བས་ཡུལ་སྣང་ཉིད་ཤེས་རིག་གི་གྲོགས་སུ་གྱུར་ནས་ཅིར་སྣང་ཐམས་ཅད་རིག་རྩལ་ཡེ་ཤེས་ཀྱི་འཁོར་ལོར་གྲོལ་བར་འགྱུར་བ་དང་། མི་ཚེ་ཡུད་ཙམ་པ་འདི་ལ་སྤྱིར་རྒྱལ་བསྟན་རིན་པོ་ཆེ། སྒོས་རྡོ་རྗེ་ཐེག་པ། ཡང་སྒོས་ཐེག་དགུའི་རྩེ་རྒྱལ་ཚེ་གཅིག་ལ་འཚང་རྒྱ་ངེས་པའི་ཟབ་ལམ་འདི་ལྟ་བུ་དང་འཕྲད་པའི་སྐབས། འཇིག་རྟེན་གྱི་གཡེང་བ་ཐམས་ཅད་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པ་གཞིར་བཞག །ཐོས་བསམ་སྒོམ་པ་ཉི་ཚེ་བ་ཆོས་ལ་བསྙད་པའི་རྣམ་གཡེང་རྣམས་ཀྱང་དོན་མེད་པ་ཁོ་ནར་ཤེས་ནས་ཐག་ཆོད་ཀྱི་བློས་སྤྲོས་པ་ནང་དུ་བསྡུས་ཏེ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ནར་དྲིལ། དེའི་གྲོགས་སུ་ལུས་གནད་གང་རུང་དང་མི་འབྲལ་བ་ལས་ཐ་མལ་དུ་མི་བསྡད། དབང་པོའི་དྭངས་མ་མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་བཙུམས་ནས་སྡོད་པ་སོགས་མི་བྱ་བར་ལྟ་སྟངས་དང་མ་བྲལ་བས་དབྱིངས་དང་རིག་གདངས་ལ་གཟིར། རླུང་གི་རྟ་ལ་སེམས་ཀྱི་སྐྱེས་བུས་ཞོན་ཏེ་རྟག་ཏུ་ཡུལ་ལ་རྒྱུག་ཅིང་ལས་དང་བག་ཆགས་གསོག་པས་རླུང་རྩོལ་མེད་རྒྱ་ཡན་དུ་བཞག་པའི་ཉམས་ལེན་སྟོབས་ཀྱིས་དབྱིངས་སུ་འགག་པ་ན་རྣམ་པར་རྟོག་པའི་སེམས་རང་བབ་ཏུ་ཟད་པར་འགྱུར་བ་མན་ངག་འདིའི་གནད་ཡིན་པས་ལམ་ཐུན་མོང་བ་ལྟར་རླུང་སེམས་ལ་ལས་མི་འཆོལ། སྐབས་སྐབས་སུ་འཇམ་རླུང་བུམ་པ་ཅན་ཅུང་ཟད་རེ་བཟུང་བས་རྨི་ལམ་དང་འོད་གསལ་གཟུང་བ་སོགས་ལ་གྲོགས་སུ་འགྲོ །རྣམ་པར་རྟོག་པ་ཕྲ་རགས་དང་སྟོང་མི་སྟོང་རྟོགས་མ་རྟོགས་སོགས་བློའི་འཛིན་སྟངས་ཐམས་ཅད་སེམས་ཡིན་ཞིང་དོན་ལ་སྒྲིབ་པས་དེ་ཐམས་ཅད་དགག་སྒྲུབ་མེད་པར་ཅི་བདེར་བཞག་ནས། གདོད་མ་ནས་རང་བྱུང་གི་གཤིས་ལུགས་དབྱིངས་སྟོང་པ་ཉིད་དང་རང་གསལ་རིག་པ་ཟུང་འཇུག་བློ་བྲལ་ཆོས་སྐུ་རྗེན་པ་ཉིད་སྒོམ་བློས་བཟོ་བཅོས་མ་བྱས་པར་རང་བབས་ཀྱི་ངང་བསྐྱངས་ལ་ལྟ་སྒོམ་སྤྱོད་འབྲས་མདུད་དྲིལ་གྱི་གནད་དུ་གཏང་བར་བྱའོ། །གཞན་ཡང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔ ཞེས་གསུངས་པས། བསོད་ནམས་གསོག་པ་ལ་ཚོགས་འཁོར་ལས་རླབས་ཆེ་བ་ནི་གཅིག་ཀྱང་མི་སྲིད་པ་ཡེ་ཤེས་རྔམ་གློག་གི་མདོ་སོགས་ལས་དཔེ་དང་བཅས་ཏེ་ཤིན་ཏུ་གསལ་རྒྱས་སུ་གསུངས་པ་ལྟར། དེང་སང་ཚོགས་ཀྱི་འཁོར་ལོའི་འདུ་བ་དངོས་ལ་སྤྱོད་ནུས་པའི་བརྟུལ་ཞུགས་ཅན་གྱི་གང་ཟག་དཀོན་ཀྱང་རྗེས་མཐུན་པ་ཙམ་མམ། ཅི་འབྱོར་བའི་དམ་ཚིག་གི་རྫས་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་ཡང་བསོད་ནམས་ཚད་མེད་པ་ཐོབ་ཅིང་ཉམས་རྟོགས་སྐྱེ་བའི་གེགས་སེལ་བོགས་འདོན་ལའང་ཁྱད་པར་ཆེ་བས། ཡར་མར་གྱི་ཚེས་བཅུའི་མཚོན་པའི་གནས་དུས་ཁྱད་པར་ཅན་རྣམས་སུ་འདི་ཉིད་ཀྱི་དོན་ཕྲིན་ནམ། རྩ་གསུམ་གཞན་ཡང་རུང་སྟེ་ཕྲིན་ལས་རྒྱས་བསྡུས་གང་རུང་དང་འབྲེལ་བར་ཕྱི་ནང་གསང་བའི་ཚོགས་མཆོད་ལའང་བརྩོན་པར་བྱའོ། །གཉིས་པ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་པ། མཚན་མོ་ཤེས་པ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ། རྒྱུན་དུ་རིག་པ་ལམ་དུ་ཁྱེར་བའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་གསུངས་ཏེ། འདི་རྣམས་ནི་སྙིང་ཐིག་གི་གཞུང་རྣམས་སུ་དུས་བཞི་སངས་རྒྱས་མཉམ་སྦྱོར་ཞེས་རྣལ་འབྱོར་ཁོར་ཡུག་གི་གནད་དུ་གསུངས་པ་ཡིན་ལ། དེའང་ཉིན་མོར་མཉམ་རྗེས་ཐམས་ཅད་དུ། ཁྲེགས་ཆོད་གཙོར་བྱེད་པའི་སྐབས་འོག་ནས་འབྱུང་བ་ལྟར་རིག་པ་ཁོ་ན་ལམ་དུ་ཁྱེར། ཐོད་རྒལ་གཙོར་བྱེད་པའི་སྐབས་རིག་གདངས་ཉིད་ལས་མ་གཡོས་པར་བྱ་དགོས་པས། སྒོ་ཡུལ་རླུང་རིག་གི་གནད་གོང་གསལ་རྣམས་ལ་བརྟེན་ཏེ་དུས་རྟག་ཏུ་རླུང་སེམས་ཁ་ཡན་དུ་མི་གཏོང་བར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བསྡུས་ཤིང་བཙུད་ནས་ལུག་རྒྱུད་ཉིད་ཀྱང་ཨར་ལ་གཏད་དེ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཁོ་ན་ལ་སྦྱངས་པས་འཁྲུལ་སྣང་བཙན་ཐབས་སུ་གཅོད་པ་ལ་སྟོང་ཉིད་སྤྲོས་བྲལ་དང་སྒྱུ་མ་རྨི་ལམ་སོགས་བློས་བྱས་ཀྱི་ལམ་ཁྱེར་གང་གིས་ཀྱང་ཟླ་མེད་པའོ། །གཉིས་པ་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་པ་སྟེ། མཚན་མོ་ཉལ་བ་ལ་ཕྱོགས་པའི་ཚེ། འོད་གསལ་གཟུང་ན་སྙིང་གི་དབུས་དང་རྨི་ལམ་གཟུང་ན་སྨིན་མཚམས་ཀྱི་དབུས་སུ་བླ་མ་རང་རིག་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་པོ་ཨ་ཡིག་དཀར་པོས་མཚན་པ་དྭངས་ཤིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་ཐོ་ཕྱི་ཀུན་ཏུ་གསལ་ལྷམ་མེར་ཁྱབ་པར་བསྒོམ་པ་ལ་སེམས་ཡུན་རིང་དུ་བཟུང་། འོད་གསལ་ལམ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་དྲན་འདུན་དྲགས་པོ་དང་། དམིགས་པའི་རྣམ་པའང་གསལ་ཞིང་གང་དུའང་མི་རྟོག་ལ་མ་ཡེངས་པའི་ངང་དུ་གཉིད་ལོག་པས། གོམས་ནས་འབྱོངས་པའི་ཚེ་ལེགས་པར་ཟིན་པར་འགྱུར་བས་དེ་ལ་ཡུན་རིང་དུ་སྦྱང་། བརྟན་པ་ཐོབ་པ་ན་རྨི་ལམ་སྤེལ་སྤྲུལ་སྦྱོང་བའི་ཚུལ་སོགས་ཁྲིད་རིམ་སྤྱི་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུངས་སུ་གཞུག་གོ༔ ཞེས་པ་སྟེ། ནངས་པར་ཐོ་རངས་གཉིད་སད་མ་ཐག་ལུས་གནད་སེང་གེའི་འདུག་སྟངས་བྱ། རླུང་རོ་ཁ་ནས་ཧ་སྒྲ་བཅས་ལན་གསུམ་བཏུད་མར་བསལ། སྤྱི་བོའི་གཞུ་གང་ཙམ་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཤིན་ཏུ་གསལ་ལ་འཚེར་ཞིང་འོད་འབར་བ་གསལ་བཏབ་ལ་བལྟ་སྟངས་གྱེན་དུ་ཕྱོགས་པས་ཡིད་དང་མིག་དང་རླུང་གསུམ་ཀ་གཅིག་དྲིལ་དུ་བྱས་ལ་ཡུན་རིང་དུ་གཏད་ནས་སེམས་བཟུང་བས་དྭངས་སྙིགས་ཕྱེད་དེ་རིག་པ་གྲུངས་ཐོན་པར་འགྱུར་རོ། །བཞི་པ་ནི། རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་སྟེ། མཉམ་རྗེས་དང་སྤྱོད་ལམ་བཞི་སོགས་དུས་དང་རྣམ་པ་ཐམས་ཅད་དུ་ལམ་ཁྱེར་གྱི་གཙོ་བོ་རང་བྱུང་གི་རིག་པ་སྐད་ཅིག་མ་གསལ་སྟོང་རྗེན་པའི་ངང་རང་བབ་ཏུ་སྐྱོང་བ་ལ་ཡིན་མིན་དགག་སྒྲུབ་སོགས་བློ་ཡིས་བཟོ་ཅུང་ཟད་ཀྱང་མ་འཆོས་པར་རང་ཚུགས་མ་ཤོར་བ་བྱས་པས། ཚོགས་དྲུག་གི་མཚོན་སེམས་ཀྱིས་བསླད་པའི་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་སྤྲིན་ཚོགས་ནམ་མཁའི་དབྱིངས་ལས་རང་བྱུང་ཞིང་མཁའ་དབྱིངས་སུ་རང་དེངས་འགྱུར་བ་ལྟར་གཞི་མེད་རྩ་བྲལ་ཆེན་པོར་རང་གྲོལ་དུ་འགྱུར་བ་སྟེ། ལོ་ཆེན་བཻ་རོའི་ཞལ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །རྣམ་རྟོག་སྐྱེས་ན་རང་ཤར་རང་གྲོལ་འགྱུར། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་གསུངས་པ་སོགས་སྙིང་ཐིག་གི་སྲོག་གནད་ཐུན་མོང་མ་ཡིན་པ་ལགས་པས་རྟག་ཏུ་བསླབ་པར་བྱའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང༔ ངག་དང༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ ཞེས་གསུངས་ཏེ། དེ་ལའང་འབྲས་བུ་ཐོབ་པའི་དུས་བརྩོན་འགྲུས་དང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་ལྟར་ཡུན་རིང་ཐུང་གི་ཁྱད་པར་བསྟན་པ་དང་། ཇི་ལྟར་ཐོབ་པའི་ཚུལ་སྙིང་ཐིག་གི་གཞུང་རྣམས་སུ་གྲོལ་ལུགས་གསུམ། འཆི་ལུགས་བཞི། ལྷག་མེད་དང་ལྷག་བཅས་ཀྱི་མྱང་འདས་གཉིས་རྣམས་བཤད་པའི་དོན་བསྡུས་ཏེ་སྒོ་གསུམ་ལྷག་མེད་དུ་གྲོལ་བའི་ཚུལ་བསྟན་པ་དང་། དེ་ལས་ཀྱང་གཞན་དོན་རྒྱུན་མི་འཆད་པར་འདོད་ན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་གསལ་བར་བསྟན་པ་ཡིན་ནོ། །གཞན་ཡང་། མདོར་བསྡུས་པའོ༔ སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔ ཞེས་གསུངས་ཏེ། འདི་ནི་འདས་རྗེས་ཐོག་བབས་སྙིང་པོ་བསྡུས་པའི་ཚུལ་གྱིས་གསུངས་པས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་རྣམས་དང་དབྱེར་མེད་པར་དོན་གྱི་གནད་ཐམས་ཅད་གསལ་ལ་རྫོགས་པར་ཚང་ཡང་ཚིག་གི་སྤྲོས་པ་ཤིན་ཏུ་མདོར་བསྡུས་པའི་ཕྱིར། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུའི་འབྲེལ། ཐེག་པ་ཀུན་ལས་འཕགས་པའི་དོན་ཁྱད། ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བའི་གནད། ལམ་གྱི་གེགས་སེལ་བོགས་འདོན་དང་ཉམས་ཀྱི་རྟགས་ཚད་ངོས་བཟུང་གཙོ་བོར་གྱུར་པའི་སྤྲོས་པའི་སྒྲོ་འདོགས་ཐམས་ཅད་རྩ་བའི་མན་ངག་བི་མའི་སྙིང་ཐིག་ཆེན་མོ་སོགས་ལས་གཅོད་པར་བྱ་དགོས་ཤིང་། ཤིན་ཏུ་ཟབ་པའི་གནད་དཔེ་དང་ཚིག་གི་གོ་བས་ཇི་བཞིན་མི་རྟོགས་པ་རྣམས་ནི་ཉམས་མྱོང་དང་རྟོགས་གོམས་གདིང་དུ་གྱུར་པའི་བླ་མ་དམ་པའི་ཞལ་ལས་མཉན་པར་བྱ་བ་ཁོ་ན་གལ་ཆེ་བ་རྗེས་སུ་གདམ་པར་མཛད་པའོ། །ཐོག་མེད་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་སེམས་རྒྱུད་ལ་རླན་ཕོག་སྟེ་ལྟར་སྣང་ཚིག་གི་སྤུན་པ་ལ་མི་གཡེང་བར་རྣམ་གྲོལ་གྱི་འབྲས་བུ་ལ་མྱུར་དུ་སྤྱོད་པར་འདོད་པ་རྣམས་ཀྱིས། འདི་ལྟ་བུའི་ཐོས་སྒོམ་བདེ་ཞིང་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བ། འཇིག་རྟེན་ན་སངས་རྒྱས་འབྱུང་བ་ལྟ་བུའི་ནོར་བུ་བོར་ནས་མཆིང་བུ་མི་ཚོལ་བར། ཚེ་ཐུང་ལོངས་མེད་ཀྱི་དུས་ལ་ཆེད་དུ་དགོངས་པའི་ཟབ་ཆོས་འདི་ལ་ངེས་ཤེས་རྙེད་དེ་འདི་ཁོ་ན་ལ་ཉམས་ལེན་གྱི་སྙིང་པོར་གཟུང་བར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་སོ། །རྩོལ་མེད་ཐེག་མཆོག་བགྲོད་པ་གཅིག་པའི་ལམ། །ཡིད་ཅན་ཀུན་གྱིས་བདེ་བླག་ཉིད་དུ་བགྲོད། །གདོད་མའི་ས་ལ་གཏན་གྱི་སྲིད་ཟིན་ནས། །ལྷུན་གྲུབ་ཕྲིན་ལས་མཁའ་ཁྱབ་བརྡལ་གྱུར་ཅིག །ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས། ཐོག་མའི་སྣོད་ལྡན་དང་བཀའ་བབ་ཏུ་དབུགས་དབྱུང་སྟེ་སྨིན་གྲོལ་བདུད་རྩི་ཆིག་རྫོགས་སུ་བསྩལ་ཅིང་ཁྲིད་ཡིག་འབྲི་བར་འོས་པའི་རྗེས་སུ་གནང་བ་དམིགས་བསལ་དུ་ཐོབ་ཀྱང་རིང་ཞིག་འགྱང་བ། སླར་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་མོར་དབྱིག་མཆོག་ཀུན་གྱི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

View PDF Chetsun 16

Notes