དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་གྱི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་པ་་་: Difference between revisions
No edit summary |
m (1 revision: 3rd Karmapa Collected Works) |
(No difference)
|
Latest revision as of 09:39, 18 February 2013
༄༅། །དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་གྱི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །[1]
༄༅། །དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་གྱི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཐོག་མ་ཉིད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱོད་ནི་གང་གིས་མ་བྱས་ཀྱང་། །ཀུན་གྱི་བྱེད་པོ་ཁྱོད་ཉིད་ཏེ། །ཁྱོད་ནི་རྟག་ཆད་མཐའ་ལས་གྲོལ། །དངོས་དང་དངོས་མེད་ཡོད་མེད་དང་། །གཅིག་དང་དུ་མའི་མཚན་ཉིད་སྤངས། །ཁྱོད་ནི་གང་དུ་མ་ཤར་ཀྱང་། །ཅིར་ཡང་འཆར་བའི་སྒྱུ་འཕྲུལ་མཁན། །སེམས་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་བདག་ཉིད་ཅན། །དངོས་གཅིག་དངོས་པོ་ཀུན་རང་བཞིན། །རྡོ་རྗེའི་འཁོར་ལོ་སྣ་ཚོགས་པས། །རྡོ་རྗེའི་ཐེག་སྟོན་དེ་ལ་འདུད། །བཀའ་བབས་ཆུ་བོ་བཞི་འདུས་ཏཻ་ལོ་པ། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་ནཱ་རོ་པ། །དགྱེས་མཛད་རྡོ་རྗེ་ལྷོ་བྲག་མར་པའི་ཞབས། །བཞད་པ་རྡོ་རྗེ་རྣམས་ལ་ཕྱག་འཚལ་ལོ། །ཟླ་འོད་གཞོན་ནུ་དཔལ་ལྡན་སྒམ་པོ་བ། །དུས་གསུམ་ཤེས་བྱ་མ་ལུས་མཁྱེན་པའི་གཏེར། །ཞྭ་ནག་ཅོད་པན་འཛིན་པ་ཐུབ་པའི་གྲངས། །རིམ་པར་བྱོན་པ་རྣམས་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི། །མ་ལུས་རྒྱལ་བ་ཀུན་གྱི་ཆོས་ཀྱི་མཛོད། །གྲགས་པའི་སྒྲ་ཆེན་རྒྱ་མཚོའི་མཐར་ཁྱབ་པ། །འགྲོ་བའི་འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །རྨད་བྱུང་ཚོགས་གཉིས་རིན་ཆེན་རི་དབང་རྩེར། །ཕྱོགས་ལས་རྣམ་པར་རྒྱལ་པའི་ཁང་བཟང་ན། །མི་ཕྱེད་གཉིས་མེད་ཡེ་ཤེས་རྡོ་རྗེ་འཛིན། །མཁྱེན་པའི་སྤྱན་སྟོང་ལྡན་ལ་ཕྱག་འཚལ་ལོ། །རྒྱལ་བས་བླ་མེད་རྒྱུད་རྣམས་སུ། །རྡོ་རྗེ་ཐེག་པའི་གསང་བ་གང་། །གསུངས་པ་ཤིན་ཏུ་རྟོགས་དཀའི་དོན། །ཟབ་མོ་ནང་དོན་འདིར་གསུངས་པ། །རྒྱལ་སྲས་རྣམས་ཀྱིའང་རྟོགས་དཀའ་ན། །བདག་བློ་ངན་པས་སྨོས་ཅི་དགོས། །འོན་ཀྱང་མཁའ་ལྡིང་ཟླ་བཟང་གིས། །འཕུར་བའི་རྗེས་སུ་བྱ་བྲན་བཞིན། །བདག་ཀྱང་རྒྱལ་བའི་དབང་པོ་དང་། །བླ་མ་མཁས་པའི་རྗེས་འབྲངས་ནས། །རང་བྱུང་རྡོ་རྗེའི་དགོངས་པ་བཞིན། །ཟབ་མོ་ནང་དོན་བཤད་པར་བྱ། །འདི་ན་བླ་མའི་ངེས་པ་དང་བྲལ་སྐྱེ་བོ་རྣམས། །ཟབ་མོའི་རྒྱུད་སྡེ་ཆེན་པོར་རང་གར་འཇུག་བྱེད་པ། །ལོང་བས་ཁྲིད་པས་ལོང་བ་གཡང་སར་ལྷུང་བ་ལྟར། །མི་དགེའི་ལམ་དུ་གོལ་ནས་རང་གཞན་མནར་མེད་འགྲོ། །དེ་ཕྱིར་བླ་མ་དམ་པའི་ངེས་པ་ལ་དགའ་བདག་དང་སྐལ་བ་མཉམ་པའི་སློབ་མ་འགའ་ཞིག་ལ། །ཕན་པར་འགྱུར་རོ་སྙམ་པའི་བསམ་པ་བཟང་པོས་བཤད་པ་འདི་ནི་རྒྱུད་སྡེ་རྒྱ་མཚོའི་དཔལ་དོགས་ནས། །འདོད་པའི་འབྲས་བུ་ཀུན་གྱི་འབྱུང་གནས་རྫོགས་སངས་ཡིད་བཞིན་ནོར་བུ་ལེན་འདོད་རྣམས་ཀྱི་གྲུ་མཆོག་སྟེ། །འདི་དག་མཉན་ཕྱིར་ལྷ་དང་མི་སོགས་འགྲོ་ཀུན་དགའ་བའི་བསམ་པས་ཡིད་དད་མྱུར་དུ་འདིར་གཤེགས་ཤིག །སྡེ་སྣོད་ལན་ཚའི་རྒྱ་མཚོ་ལ་འགོངས་པས། །བྱ་སྤྱོད་ནང་གི་རི་གླིང་མཐོང་བ་མིན། །རྣལ་འབྱོར་མནྡྷར་རིའི་རྩེར་སོང་བས། །བླ་མེད་ལྷུན་པོའི་རྩེ་མོ་མ་མཐོང་ན། །སྨིན་གྲོལ་ལྷ་ཡི་དཔལ་འབྱོར་ག་ལ་ཞིག །ནང་དོན་རྣམ་རྒྱལ་ཁང་བཟང་འདིར་ཞུགས་ན། །ཟབ་གནད་བདུད་རྩིའི་དཔལ་ལ་དབང་འབྱོར་ཞིང་། །སེམས་ཉིད་ལྷ་ཡི་དབང་པོའང་མངོན་སུམ་མོ། །ཀྭ་ཡེ་གྲོགས་དག་གཞུང་ལུགས་འདིར་ཞུགས་དང་། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། །མཐའ་དག་མ་ཚང་མེད་པ་འདི་ན་བཞུགས། །ནཱ་རོའི་ཆོས་དྲུག་རིམ་ལྔ་ཕྱག་རྒྱ་ཆེ། །རྣལ་འབྱོར་དབང་པོའི་ལམ་དང་འབྲས་བུའི་ཆོས། །དམ་པའི་ཞི་བྱེད་གཅོད་དང་རྫོགས་པ་ཆེ། །རྣལ་འབྱོར་ཡན་ལག་དྲུག་དང་ནི་གུ་མའི། །གདམས་པའི་གནད་རྣམས་ཕལ་ཆེར་འདི་ན་ཚང་། །གཞུང་འདི་ཆོས་ཀུན་བལྟ་བའི་མེ་ལོང་དང་། །གདམས་པ་འདོད་དགུ་འབྱུང་བའི་མཛོད་ཡིན་ཞེས། །གཞན་ལ་ཕན་པའི་བསམ་པས་འདི་བཤད་ཀྱིས། །བློ་ལྡན་དོན་གཉེར་ཚོགས་རྣམས་དགའ་བར་གྱིས། །དེ་ལ་འདིར། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ལུས་དང་ངག་དང་སེམས་ཀྱི་དེ་ཁོ་ན་ཉིད་བདེ་བར་གཤེགས་པའི་སྙིང་པོ་འདོད་པའི་འབྲས་བུ་སྦྱིན་པར་མཛད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ཉིད་རྡོ་རྗེའི་ཚིག་ཟ་མ་ཏོག་ཏུ་སྦས་པར་མཛད་པ་ནི་མ་འོངས་པ་ན་གདུག་པའི་སློབ་དཔོན་རྣམས་ཀྱིས་ནོར་གྱི་ཕྱིར་སྐལ་བ་དང་བྲལ་བའི་སྐྱེ་བོ་ནོར་དང་ལྡན་པ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་སྟོན་པར་འགྱུར་བ་དང་། མཁས་པ་མངོན་པའི་ང་རྒྱལ་ཅན་དག་རྒྱུད་ཀྱི་གླེགས་བམ་མཐོང་ནས་དབང་བསྐུར་བ་མེད་པར་བདག་ཀྱང་རྒྱུད་ཐམས་ཅད་གྱི་སྟོན་པ་པོ་ཡིན་ནོ་ཞེས་བརྫུན་ཆེན་པོས་སྐྱེ་བོ་རྣམས་བསླུ་ཞིང་རྒྱལ་པོ་ལ་སོགས་པ་ནོར་གྱིས་དྲེགས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་དམ་པའི་ཆོས་འཚོང་བར་འགྱུར་བ་དང་། ནོར་དང་བྲལ་བ་སྣོད་དུ་གྱུར་པ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཁ་ཅིག་ཏུ་ནི་ཐབས་ཀྱི་ཆ་དང་། ཁ་ཅིག་ཏུ་ནི་ཤེས་རབ་དང་། ཁ་ཅིག་ཏུ་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་ཕྱོགས་རེ་ཙམ་གསུངས་ཤིང་གཞན་དག་ལ་ནི་མི་གསལ་བ་ལས། བཅོམ་ལྡན་འདས་སྤྲུལ་པའི་སྐུའི་སྣང་བརྙན་ཆོས་ཀྱི་སྐུར་བསྡུ་བ་ལ་མངོན་པར་ཕྱོགས་པ་དེའི་ཚེ། བཀའ་ཆེམས་ཀྱི་ཚུལ་དུ་དཔལ་མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཕྱི་ནང་གཞན་གསུམ་དུ་བསྡུས་ནས་གསལ་བར་མཛད་དོ། །དེ་ལྟ་ནའང་བརྗོད་བྱེད་ཀྱི་ཚིག་མང་བ་དང་སྡེབ་སྦྱོར་བརླིང་བས་བརྩོན་འགྲུས་ཞན་པ་རྣམས་ཀྱིས་འཇུག་དཀའ་བར་གཟིགས་ནས་དེ་དག་རྣམས་ལ་ཕན་གདགས་པར་བཞེད་ནས་ཇི་སྐད་བཤད་པའི་སྦས་པ་དང་གསལ་བའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་མ་ཚང་བ་མེད་པ་ཚེགས་ཆུང་ངུ་བདེ་བླག་དུ་རྟོགས་པར་བྱ་བའི་ཕྱིར། རྒྱལ་བ་སྤོས་འོད་སེང་གེའི་རྣམ་པར་འཕྲུལ་པ་རྡོ་རྗེ་འཛིན་པ་ཀུན་གྱི་རྗེ་བོ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པ་ཟབ་མོ་ནང་གི་དོན་ཞེས་བྱ་བའི་བསྟན་བཅོས་འདི་ཚིག་ཉུང་ངུས་བསྡུ་བར་མཛད་དོ། །འདི་འཆད་པ་ལ། དང་པོར་དགེ་བ་བསྟན་བཅོས་ཀྱི་སྔོན་འགྲོ། བར་དུ་དགེ་བ་བསྟན་བཅོས་ཀྱི་དངོས་གཞི། ཐ་མར་དགེ་བ་བསྟན་བཅོས་ཀྱི་རྗེས་ཀྱི་བྱ་བའོ། །དང་པོ་ལ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ལ། ཡི་གེ་པའི་དང་། རྩོམ་པ་པོའི་མཆོད་པར་བརྗོད་པའོ། །དང་པོ་ནི། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། །འདིས་ནི་མཆོད་པའི་ཡུལ་དེ་ཉིད་ཤྲཱི་ཧེ་བཛྭ་ཞེས་བྱ་བའི་དོན་དང་ལྡན་པར་བརྗོད་པ་ཡིན་ཏེ། ཇི་སྐད་དུ་ཀྱཻ་རྡོ་རྗེ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་དང་། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཞེས་གསུངས་པས། ཐབས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སམ་དཔལ་དེ་ནི་རྡོ་རྗེ་ཡིན་ཏེ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ངེས་པས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟ་བུའི་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་དེ་ནི་རང་རིག་པའི་ཚུལ་གྱིས་འཛིན་པའམ་འཆང་བ་དེ་ལ་ཕྱག་འཚལ་ལོ། །འདི་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་པར་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་སྟེ། སེམས་ཅན་གྱི་གནས་སྐབས་སུ་ནི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་ཀྱི་གནས་སྐབས་སུ་ནི་སྒྲིབ་པ་དང་བྲལ་བའོ། །དེ་ལས་མཆོད་པའི་ཡུལ་ནི་ཕྱི་མ་གཙོ་བོར་གཟུང་བ་ཡིན་ཏེ་ཕྱག་འཚལ་བ་པོའི་བསམ་པའི་དབང་གིས་སོ། །གཉིས་པ་རྩོམ་པ་པོའི་མཆོད་པར་བརྗོད་པ་ལ། ཡི་གེ་གཉིས་པོ་མདོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པའི་ཚུལ་སྤྱིར་བསྟན་པ། དེ་ཉིད་བསྟན་བཅོས་འདིའི་མཆོད་བརྗོད་ཀྱིས་ཇི་ལྟར་འབྲེལ་བའི་ཚུལ་ལོ། །དང་པོ་ནི། ཨེ་བཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀ་སྨིན་ས་མ་ཡེ། བྷ་ག་བན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་ཧྲྀ་ད་ཡ་བྷ་ཀ་ཤུ་བཛྭ་པོ་ཤིང་ཏྲོ། ཞེས་པའི་ཡི་གེ་སོ་བདུན་ཡོད་པ་ལས། རྩ་བའི་ཡི་གེ་ནི་ཨེ་བཾ་གཉིས་ཡིན་ནོ། །ཡི་གེ་དེ་གཉིས་ཀྱི་བརྗོད་བྱ་ནི་སངས་རྒྱས་ཀྱི་བཀའ་ཐམས་ཅད་ལ་ཁྱབ་པའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་བ་ནི་ཐུགས་རྗེར་གསུངས། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ནི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་དང་། ཡང་དེ་ཉིད་ལས། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པ་རྒྱུ། །ཨེ་བཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས་སོ། །དེ་བཞིན་དུ་ལྷའི་དབང་པོས་ཞུས་པའི་མདོ་ལས་ཀྱང་། ཅི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། །འདི་ཅི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་ཐེ་ཚོམ་འདི་དག་ཀུན། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡི། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །ལྷ་ཡི་དབང་པོས་ཉན་པར་གྱིས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་རབ་ཏུ་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །བ་ནི་ཕ་ཞེས་རབ་གྲགས་པ། །ཐིག་ལེ་དེ་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་པའོ། །ཨེ་ནི་པདྨ་ཞེས་བཤད་ལ། །བ་ནི་རྡོ་རྗེ་ཉིད་ཡིན་ལ། །ཐིག་ལེ་དེ་ནི་ས་བོན་ཏེ། །དེ་ལས་འགྲོ་བ་གསུམ་རྣམས་སྐྱེས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་གླེང་གཞིའི་ཡི་གེ་སུམ་བཅུ་རྩ་བདུན་གྱི་བརྗོད་བྱའི་གཙོ་བོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་པོ་དེ་ཉིད་ཡིན་ལ། དེ་ཉིད་ཀྱི་རྣམ་པར་རོལ་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྣམ་པར་སྣང་བ་ཡིན་ནོ། །འདི་ཡང་གནས་སྐབས་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། གཞི་དང་ལམ་དང་འབྲས་བུའི་གནས་སྐབས་སོ། །གཞི་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ནོ། །ལམ་ནི་གཉིས་ཏེ། སྨིན་བྱེད་དང་གྲོལ་བྱེད་དོ། །འབྲས་བུ་ནི་གཉིས་ཏེ། རང་དོན་དང་གཞན་དོན་གྱི་སྐུའོ། །དེ་ལྟར་ན་གནས་སྐབས་གསུམ་པོ་ཐམས་ཅད་དུ་རྗེས་སུ་ཞུགས་པའི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བརྗོད་པ་གང་ཡིན་པ་དེ་ཉིད་མདོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྲུབ་པ་ཡིན་ནོ། །གཉིས་པ་དེ་ཉིད་བསྟན་བཅོས་འདིའི་མཆོད་བརྗོད་ཀྱིས་ཇི་ལྟར་འགྲེལ་བའི་ཚུལ་ལ། ཨེ་བཾ་གྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བས་ཤང་བའི་ཁོག་ཕུབ། ཨེ་བཾ་གི་གཟུགས་དང་སྒྲ་བསྒྲུབ་པ། ཚིག་དོན་དངོས་བཤད་པའོ། །དང་པོ་ལ། གཞིའི་གནས་སྐབས་ལ་སྦྱར་ནས་བཤད། ལམ་གྱི་གནས་སྐབས་ལ་སྦྱར་ནས་བཤད། འབྲས་བུའི་གནས་སྐབས་ལ་སྦྱར་ནས་བཤད། དེས་ན་ཐམས་ཅད་ཨེ་བཾ་དུ་གྲུབ་པའོ། །དང་པོ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦྱར་ནས་བཤད། ནང་བཅུད་ཀྱི་སེམས་ཅན་ལ་སྦྱར་ནས་བཤད་པའོ། །དང་པོ་ནི། ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་ཞེས་བསྒྲགས་པ་གཟུགས་ཅན་ཐམས་ཅད་ཀྱི་གོ་འབྱེད་པར་སྣང་བ་རྒྱ་དང་ཚད་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ནམ་མཁའི་ཁམས་ནི་ཨེ་ཡིག་གིས་མཚོན་ནས་བསྟན་པའི་དོན་ཡིན་ཏེ། མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཀུན་གྱི་བདེ་བའི་གཞི། །ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །བཾ་ཡིག་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང་། །ཨེ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་གསུངས་ལ། ཡང་དེ་ཉིད་ལས། ཨེ་གསང་མཁའ་དབྱིངས་བྷ་ག་ཡི། ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་བཾ་དང་། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་དང་། །དང་པོའི་སངས་རྒྱས་ལ་སོགས་མིང་། །སྣ་ཚོགས་ཡུལ་གྱི་ཐ་སྙད་ཀྱིས། རྒྱུད་གཞན་དག་དུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང་། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་པ་དག་ཀྱང་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས། །དུས་ཀྱི་འཁོར་ལོའི་སྟོན་པ་པོ། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །ཞེས་གསུངས་སོ། །དྲི་མ་མེད་པའི་འོད་ལས་ཀྱང་། དེ་བཞིན་དུ་ཨེ་ཡིག་དང་གསང་བ་དང་པདྨ་དང་ཆོས་འབྱུང་དང་ནམ་མཁའི་དབྱིངས་དང་བདེ་བ་ཆེན་པོའི་གནས་དང་སེང་གེའི་ཁྲི་དང་བྷ་ག་དང་གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །ནམ་མཁའི་ཁམས་དེ་ལ་བརྟེན་པའི་རླུང་མེ་ཆུ་སའི་དཀྱིལ་འཁོར་རྣམས་དང་རི་གླིང་རྒྱ་མཚོ་ཐམས་ཅད་ནི་བཾ་ཡིག་གིས་མཚོན་ནས་བསྟན་པའི་དོན་ཡིན་ལ། དེ་གཉིས་ཟུང་དུ་འཇུག་པར་གནས་པ་ནི་ཐིག་ལེས་མཚོན་ནས་བསྟན་པའི་དོན་ཡིན་ནོ། །གཉིས་པ་བཅུད་ཀྱི་སེམས་ཅན་ལ་སྦྱར་ནས་བཤད་པ་ལ། དང་པོར་ལུས་འགྲུབ་པའི་རྒྱུའི་གཙོ་བོ་ནི་ཕ་མའི་རྡོ་རྗེ་པདྨ་ཁུ་བ་དང་ཁྲག་བར་དོའི་རྣམ་པར་ཤེས་པ་རྣམས་ཡིན་ལ། དེ་ཡང་མའི་པདྨ་དང་ཁྲག་ཨེ་ཡིག་ཡིན་པ་དེའི་ཚེ་ཕའི་རྡོ་རྗེ་དང་ཁུ་བ་བཾ་ཡིག་དང་། བར་དོའི་རྣམ་པར་ཤེས་པ་ནི་དེ་གཉིས་གཅིག་དུ་སྦྱོར་བའི་ཐིག་ལེ་སྟེ་ཨེ་བཾ་ཞེས་བྱའོ། །དེ་ཡང་མངལ་དུ་དཀར་དམར་རྣམ་པར་ཤེས་པ་གསུམ་རོ་གཅིག་ཏུ་གྱུར་པ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ལུས་རྣམས་རིམ་གྱིས་རྫོགས་པར་འགྱུར་ལ།དེའི་ཚེ་ཕུང་པོ་དྲུག་དང་དབང་པོ་དྲུག་དང་ལས་ཀྱི་དབང་པོ་དྲུག་རྣམས་བཾ་ཡིག་དང་། ཁམས་དྲུག་དང་ཡུལ་དྲུག་དང་བྱ་བ་དྲུག་རྣམས་ཨེ་ཡིག་གོ །ཡང་ལུས་ནི་གསུམ་སྟེ། རྩ་དང་རླུང་དང་ཐིག་ལེའོ། །དེ་ལ་རྩ་ནི་གཙོ་བོ་གསུམ་དང་འཁོར་ལོ་བཞི་དང་དྲུག་དང་ཡན་ལག་གི་འཁོར་ལོ་བཅུ་གཉིས་དང་ཉིང་ལག་གི་འཁོར་ལོ་དྲུག་བཅུ་རྣམས་ཨེ་ཡིག་དང་། དེ་ལ་བརྟེན་པའི་རླུང་དང་ཐིག་ལེ་དཀར་དམར་རྣམས་བཾ་ཡིག་གོ་ཞེས་ཀྱང་ཤེས་པར་བྱའོ། །རླུང་ནི་བཅུ་སྟེ། རྩ་བའི་ལྔ་དང་ཡན་ལག་གི་ལྔའོ། །དེ་ཡང་ངག་ཐམས་ཅད་རླུང་གི་བདག་ཉིད་དུ་གྱུར་པའི་ཨཱ་ལི་དང་ཀཱ་ལི་གཉིས་སུ་འདུས་ལ། དེ་ལ་ཀ་སོགས་གསལ་བྱེད་ཐམས་ཅད་ནི་ཨེ་ཡིག་དང་། ཨ་སོགས་དབྱངས་ཡིག་ཐམས་ཅད་བཾ་ཡིག་གོ །ཐིག་ལེ་ལ་ཡང་གཉིས་ཏེ། དམར་ཆ་དང་དཀར་ཆའོ། །དམར་ཆ་ནི་ཨེ་ཡིག་དང་དཀར་ཆ་བཾ་ཡིག་གོ །མདོར་ན་སྣོད་ཨེ་ཡིན་པ་དེའི་ཚེ་བཅུད་བཾ་ཡིག་དང་། བཅུད་ལ་ཡང་ལུས་ཨེ་ཡིན་པ་དེའི་ཚེ་སེམས་བཾ་དང་། བུད་མེད་ཨེ་ཡིན་པ་དེའི་ཚེ་སྐྱེས་པ་བཾ་དང་། སྐྱེས་པ་ལ་ལུས་བཾ་དང་བསམ་པ་ཨེ་ཡིན་པ་ལ་སོགས་པ་ལུས་སེམས་ཀྱི་དབྱེ་བ་ཡང་ཤེས་པར་བྱའོ། །གཉིས་པ་ལམ་གྱི་གནས་སྐབས་ལ་སྦྱར་ནས་བཤད་པ་ལ། སྨིན་བྱེད་དབང་ལ་སྦྱར་ནས་བཤད། གྲོལ་བྱེད་རིམ་པ་གཉིས་ལ་སྦྱར་ནས་བཤད་པའོ། །དང་པོ་ལ། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ངོ་། །བུམ་པའི་དབང་ནི་བདུན་ཏེ། ཆུ་ཅོད་པཎ་དར་དཔྱངས་རྡོ་དྲིལ་མཐེ་བོའི་རྡོ་དྲིལ་གདུབ་བུ་རྗེས་གནང་དང་བདུན་ནོ། །དེ་རྣམས་ནི་སྦྱང་གཞི་དང་སྦྱོང་བྱེད་དང་སྦྱངས་འབྲས་གསུམ་གྱིས་ཤེས་པར་བྱ་སྟེ། དེ་ཡང་ཡུམ་ལྔའི་ངོ་བོར་གྱུར་པའི་ཁམས་ལྔ་ལ་ཡུམ་ལྔའི་ངོ་བོར་གྱུར་པའི་ཆུའི་དབང་བསྐུར་བ་ལ་བརྟེན་ནས་ཁམས་ལྔའི་དྲི་མ་སྦྱངས་པས་འབྲས་བུ་ཡུམ་ལྔ་མངོན་དུ་གྱུར་པ་ནི་ཨེ་ཡིག་གོ་དེ་བཞིན་དུ་སངས་རྒྱས་ལྔའི་ངོ་བོར་གྱུར་པའི་ཕུང་པོ་ལྔ་ལ་དེའི་ངོ་བོར་གྱུར་པའི་ཅོད་པཎ་གྱི་དབང་བསྐུར་བ་ལ་བརྟེན་ནས་ཕུང་པོ་ལྔའི་དྲི་མ་སྦྱངས་པས་འབྲས་བུ་སངས་རྒྱས་ལྔ་མངོན་དུ་གྱུར་པ་ནི་བཾ་ཡིག་གོ །དེ་བཞིན་དུ་ནུས་མ་བཅུའི་ངོ་བོར་གྱུར་པའི་རླུང་བཅུ་ལ་དེའི་ངོ་བོར་གྱུར་པའི་དར་དཔྱངས་ཀྱི་དབང་བསྐུར་ཏེ་རླུང་བཅུའི་དྲི་མ་སྦྱངས་པས་འབྲས་བུ་ནུས་མ་བཅུ་མངོན་དུ་གྱུར་པ་ནི་ཨེ་ཡིག་གོ །དེ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་གྱུར་པའི་རྩ་རོ་རྐྱང་ལ་དེའི་ངོ་བོར་གྱུར་པའི་རྡོར་དྲིལ་གྱི་དབང་བསྐུར་ཏེ་རྩ་རོ་རྐྱང་གི་དྲི་མ་སྦྱངས་པས་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པ་ནི་བཾ་ཡིག་གོ །དེ་བཞིན་དུ་སེམས་དཔའ་དྲུག་དང་སེམས་མ་དྲུག་གི་ངོ་བོར་གྱུར་པའི་དབང་པོ་དྲུག་ཡུལ་དྲུག་ལ་མཐེ་བོའི་རྡོར་དྲིལ་གྱི་དབང་བསྐུར་སྟེ་དབང་པོ་དྲུག་ཡུལ་དང་བཅས་པའི་དྲི་མ་སྦྱངས་པས་སེམས་དཔའ་སེམས་མའི་སྐུ་མངོན་དུ་གྱུར་པ་ནི་ཨེ་བཾ་མོ། །དེ་བཞིན་དུ་ཁྲོ་བོ་ཁྲོ་མོའི་ངོ་བོར་གྱུར་པའི་ལས་ཀྱི་དབང་པོ་བྱ་བ་དང་བཅས་པ་ལ་གདུབ་བུའི་དབང་བསྐུར་ཏེ་ལས་ཀྱི་དབང་པོ་བྱ་བ་དང་བཅས་པའི་དྲི་མ་སྦྱངས་པས་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་གྱུར་པ་ནི་ཨེ་བཾ་མོ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ངོ་བོར་གྱུར་པའི་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཁམས་ལ་རིགས་ལྔའི་ཕྱག་མཚན་གྱི་དབང་བསྐུར་ཏེ་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཁམས་ཀྱི་དྲི་མ་སྦྱངས་པས་རྣམ་པར་ཤེས་པའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པ་ནི་ཨེ་བཾ་མོ་ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོ་ལས་བྱིས་པ་འཇུག་པའི་དབང་བདུན་ཞེས་གང་གསུངས་པ་དེ་ཉིད་དོ། །རྒྱུད་གཞན་ལས་རིག་པའི་དབང་ལྔ་ཞེས་གྲགས་པ་ལས། དེ་ནི་རིགས་ལྔའི་ངོ་བོར་གྱུར་པའི་ཕུང་པོ་ལྔ་ལ་རིགས་ལྔའི་ངོ་བོར་གྱུར་པའི་ཆུ་དང་ཅོད་པཎ་རྡོ་རྗེ་དང་དྲིལ་བུ་མིང་གི་དབང་དང་ལྔ་བསྐུར་བས་དྲི་མ་ལྔ་དག་རིགས་ལྔ་དང་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ནི་ཨེ་བཾ་མོ། །གཉིས་པ་གསང་བའི་དབང་ལ་ཡང་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་པའི་འབྲས་བུའོ། །དེ་ལ་གང་སྦྱང་བར་བྱ་བའི་གཞི་ནི་གདོད་མ་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོར་བཞུགས་ཀྱང་བློ་འཁྲུལ་བའི་ངོ་ན་དྲི་མ་དང་བཅས་པར་སྣང་བའི་དག་པ་འདི་ཡིན་ལ། དེ་ལའང་ཐབས་ཤེས་ཀྱི་དབྱེ་བས་ཨཱ་ལི་དང་ཀཱ་ལི་གཉིས་ལས་ཀཱ་ལི་ཨེ་དང་ཨཱ་ལི་བཾ་ཡིག་གོ་ཞེས་གྲུབ་བོ། །དེའི་སྦྱོང་བྱེད་ལམ་གྱི་རིམ་པ་ནི་འདི་ཡིན་ཏེ། །བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་ཨཱ་ལི་དང་ཀཱ་ལིའི་རང་བཞིན་དུ་གྱུར་པའི་སློབ་མའི་ངག་ལ་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་དབང་བསྐུར་བས་ངག་གི་དྲི་མ་དག་སྟེ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྡོ་རྗེ་མངོན་དུ་གྱུར་ནས་ཨཱ་ལི་དང་ཀཱ་ལའི་རིང་སྒྲ་རྒྱུན་མི་འཆད་པར་འབྱུང་བ་ནི་ཨེ་བཾ་ཞེས་གྲུབ་སྟེ། བླ་མའི་གསང་བའི་རྡོ་རྗེ་དང་དབང་རྫས་བྱང་སེམས་དཀར་པོ་བཾ་དང་། ཡུམ་གྱི་པདྨ་དང་བྱང་སེམས་དམར་པོ་ཨེ་ཡིག་གོ །སྦྱངས་པའི་འབྲས་བུ་ཡང་ཤིན་ཏུ་རྣམ་པར་དག་པའི་ཨཱ་ལི་དང་ཀཱ་ལི་གཉིས་ཡིན་ལ།ཀཱ་ལི་ཨེ་དང་ཨཱ་ལི་བཾ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་པའི་འབྲས་བུ་དང་གསུམ་གྱིས་རིག་པར་བྱ་སྟེ། དེ་ལ་གང་སྦྱང་བར་བྱ་བའི་གཞི་ནི་གདོད་མ་ནས་སངས་རྒྱས་ཀྱི་ཐུགས་རྡོ་རྗེའི་ངོ་བོར་བཞུགས་ཀྱང་བློ་འཁྲུལ་བའི་ངོ་ན་དྲི་མ་དང་བཅས་པའི་སེམས་ཉིད་འདི་ཡིན་ལ། དེ་ལ་ཡང་ཐབས་ཤེས་ཀྱི་དབྱེ་བས་གཟུང་བ་དང་འཛིན་པ་གཉིས་ལས་གཟུང་བ་ཨེ་དང་འཛིན་པ་བཾ་ཡིག་གོ །དེ་ཉིད་སྦྱོང་བར་བྱེད་པའི་ལམ་གྱི་རིམ་པ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་གསུམ་པོ་གང་ཡང་རུང་བ་ལ་བརྟེན་ནས་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་རིམ་པས་ཉམས་སུ་མྱོང་བར་བྱེད་པའོ། །དེ་ལས་ཀྱི་ཕྱག་རྒྱ་ནི་སྔགས་སྐྱེས་དང་ཞིང་སྐྱེས་ལ་སོགས་པའི་མཚན་དང་ལྡན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་སངས་རྒྱས་སྤྱན་མ་ལ་སོགས་པར་སེམས་ཀྱིས་མངོན་པར་སྤྲུལ་པའི་ལྷ་མོའོ། །དམ་ཚིག་གི་ཕྱག་རྒྱ་ནི་གཏུམ་མོའི་གནས་སྐབས་ཀྱི་ལྟེ་བའི་ཨ་ཐུང་གི་མེ་སྟེ་ཨེ་དང་། དེ་དག་ལ་བརྟེན་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་རྩ་འཁོར་ལོ་བཞི་ལ་སོགས་པར་བརྒྱུད་ནས་དགའ་བ་བཞི་ཉམས་སུ་མྱོང་བ་ནི་བཾ་ཡིག་གོ །ལམ་ངེས་སེམས་ཀྱི་དྲི་མ་སྦྱངས་པའི་འབྲས་བུ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཞེས་བྱ་སྟེ་འདི་ལའང་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་གཞན་དོན་ཀུན་རྫོབ་པ་ལོངས་སྤྲུལ་གཉིས་ལས་སྔ་མ་ནི་ཨེ་ཡིག་དང་ཕྱི་མ་ནི་བཾ་ཡིག་གོ །ད་ནི་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་དང་སྦྱར་བར་བྱ་སྟེ། འདི་ལ་ཡང་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་པའི་འབྲས་བུ་གསུམ་གྱིས་རིག་པར་བྱ་སྟེ། དེ་ལ་གང་སྦྱང་བར་བྱ་བའི་གཞི་ནི་སྔར་བཤད་པ་ལྟར་གནས་སྐབས་གསུམ་དུ་རྗེས་སུ་ཞུགས་པའི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་བློ་འཁྲུལ་བའི་ངོ་ན་འཕོ་བའི་བག་ཆགས་ཀྱི་དྲི་མ་དང་བཅས་པ་གང་ཡིན་པ་དེ་ཉིད་དོ། །དེ་ཉིད་སྤྱོད་པར་བྱེད་པའི་ལམ་གྱི་རིམ་པ་ནི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་གྱུར་པའོ། །དེས་སྦྱངས་པའི་འབྲས་བུ་ནི་སྐུ་སྔ་མ་གསུམ་དབྱེར་མེད་པའི་བདེ་བ་ཆེན་པོའི་སྐུ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅན་ནི་འདི་ཉིད་ཀྱི་རྣམ་པར་རོལ་པའོ་ཞེས་གྲུབ་ལ། །འདི་ནི་བཾ་ཡིག་དང་ཕྱག་རྒྱ་ཆེན་མོ་ནི་ཨེ་ཡིག་གོ་ཞེས་ཀྱང་ཤེས་པར་བྱའོ། །གཉིས་པ་གྲོལ་བྱེད་རིམ་པ་གཉིས་ལ་སྦྱར་ནས་བཤད་པ་ལ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ནི། འབྱུང་བ་རིམ་བརྩེགས་རྟེན་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་ནི་ཨེ་ཡིག་དང་། བརྟེན་པ་ལྷ་བསྐྱེད་པ་ནི་བཾ་ཡིག་གོ །དེ་ཡང་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྐྱེད་པའི་ཚེ་ཨཱ་ལི་སུམ་བཅུ་རྩ་གཉིས་ཀྱིས་མཚན་པའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ནི་བཾ་ཡིག་དང་། ཀཱ་ལི་བརྒྱད་བཅུས་མཚན་པའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཨེ་ཡིག་གོ །དེ་ཡང་ཟླ་བ་ཉི་མའི་དབུས་སུ་ཧཱུྃ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་རྟོག་པའི་ཡེ་ཤེས་བཾ་དུ་གྱུར་པའི་ཚེ་ཟླ་བ་དང་ཉི་མའི་གདན་ཨེ་ཡིག་ཏུ་འགྱུར་རོ། །དེ་གསུམ་རོ་གཅིག་ཏུ་འདྲེས་པར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ཨེ་དང་། དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ་བཾ་ཡིག་གོ །ཡུམ་ཐམས་ཅད་ཨེ་དང་ཡབ་ཐམས་ཅད་བཾ་ཡིན་ལ། ཡབ་ཡུམ་ཐམས་ཅད་ཀྱི་པདྨ་དང་རྡོ་རྗེ་ཡང་ཨེ་བཾ་སྟེ། དེ་ལ་བརྟེན་ནས་ལྟེ་བའི་གཏུམ་མོའི་མེ་ཨེའི་རང་བཞིན་དེས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ནས་སྤྱི་བོའི་ཧཾ་བཾ་གྱི་རང་བཞིན་ཞུ་ནས་སྤྱི་བོ་ནས་མགྲིན་པར་བབས་པ་དགའ་བ། མགྲིན་པ་ནས་སྙིང་གར་མཆོག་དགའ། སྙིང་གནས་ལྟེ་བར་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་གནས་སུ་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ནི་ཐིག་ལེའི་རྣལ་འབྱོར་ཏེ་ཨེ་བཾ་ཟུང་འཇུག་གོ །ཨ་བ་དྷཱུ་ཏཱིར་ཐིག་ལེ་ཡུངས་འབྲུའི་ཚད་ཙམ་བསྒོམས་ལ། གསང་བ་ནས་ལྟེ་བར་བྱོན་པ་དགའ་བ། ལྟེ་བ་ནས་སྙིང་གར་མཆོག་དགའ། སྙིང་ག་ནས་མགྲིན་པར་ཁྱད་པར་གྱི་དགའ་བ། མགྲིན་པ་ནས་སྤྱི་བོར་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་བའི་ཐིག་ལེ་དེས་པྲ་ཕབ་པ་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་སྤྲོས་ཏེ་མི་འཕོ་བའི་བདེ་བའི་འོད་ཟེར་གྱིས་སྲིད་གསུམ་མཐའ་དག་དུས་གསུམ་གཅིག་ཅར་དུ་ཤེས་པའི་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོ་བ་ནི་ཕྲ་མོའི་རྣལ་འབྱོར་ཏེ་ཨེ་བཾ་ཟུང་འཇུག་གོ །གཉིས་པ་རྫོགས་པའི་རིམ་པ་ལའང་སོར་སྡུད་དང་བསམ་གཏན་གཉིས་ཨེ་དང་། སྲོག་རྩོལ་དང་འཛིན་པ་གཉིས་བཾ་དང་། རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཨེ་བཾ་ཟུང་དུ་འཇུག་པའོ། །ནཱ་རོའི་ཆོས་དྲུག་ལྟ་བུ་ལའང་ཤེས་པར་བྱ་སྟེ། ལྷ་སྐུའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་ལ་སོགས་པ་ཨེ་དང་། རླུང་གི་སྦྱོར་བ་ལ་བརྟེན་ནས་ཐིག་ལེ་དཀར་དམར་གྱི་འབར་འཛག་གི་སྒོ་ནས་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བ་ནི་བཾ་དང་། དེ་ཉིད་སྒྱུ་མའི་ལྷ་སྐུར་ལངས་པ་ནི་ཨེ་བཾ་ཟུང་དུ་འཇུག་པའོ། །གཉིད་ཐུག་གི་འོད་གསལ་ཨེ་དང་རྨི་ལམ་གྱི་རྣལ་འབྱོར་བཾ་དང་། དེ་ཉིད་རྨི་ལམ་གྱི་ལྷ་སྐུར་ལངས་པ་ནི་ཨེ་བཾ་ཟུང་དུ་འཇུག་པའོ། །གང་དུ་འཕོ་བའི་ཡུལ་ཨེ་དང་འཕོ་བྱེད་ཀྱི་རྣམ་པར་ཤེས་པ་བཾ་དང་། འཕོ་བྱ་རང་འཕོ་བྱེད་གཉིས་སུ་མེད་པ་ནི་ཨེ་བཾ་ཟུང་འཇུག་གོ །འཆི་བ་འོད་གསལ་ཨེ་དང་སྲིད་པ་བར་དོ་བཾ་དང་འཆི་བ་འོད་གསལ་བར་དོར་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་པ་ནི་ཨེ་བཾ་ཟུང་འཇུག་གོ །བླ་མ་དམ་པའི་གདམས་ངག་ལས་མའི་མངལ་ཨེ་དང་ཁུ་རྡུལ་རླུང་གསུམ་རྣམ་པར་ཤེས་པ་དང་བཅས་པ་བཾ་དང་། དེ་ལས་སྐྱེ་བ་སྤྲུལ་པའི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྲུབ་པ་ནི་ཨེ་བཾ་ཟུང་དུ་འཇུག་པའོ། །གསུམ་པ་འབྲས་བུའི་གནས་སྐབས་ལ་སྦྱར་བ་ལ། རང་དོན་གྱི་སྐུ་དང་གཞན་དོན་གྱི་སྐུ་གཉིས་ལས། དང་པོ་ལ་སྤངས་པ་དང་རྟོགས་པ་གཉིས་ཀྱི་སྤངས་པ་ཨེ་དང་རྟོགས་པ་བཾ་ཡིན་ལ། རྟོགས་པ་ལ་ཡང་ཡེ་ཤེས་དང་ཐུགས་རྗེ་གཉིས་ལས་ཡེ་ཤེས་ཨེ་དང་ཐུགས་རྗེ་བཾ་ཡིག་གོ །གཞན་དོན་གྱི་སྐུ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ལས། ལོངས་སྐུ་ཨེ་དང་སྤྲུལ་སྐུ་བཾ་ཡིག་སྟེ། དེ་ལྟར་ན་རང་དོན་དང་གཞན་དོན་གྱི་སྐུ་དབྱེར་མེད་པ་ནི་ཨེ་བཾ་ཟུང་དུ་འཇུག་པའོ། །བཞི་པ་དེས་ན་ཐམས་ཅད་ཨེ་བཾ་དུ་གྲུབ་པའི་ཚུལ་ནི། ཇི་སྐད་བཤད་པའི་གཞི་ལམ་འབྲས་བུ་གསུམ་མམ། ཕྱི་ནང་གཞན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཨེ་བཾ གཉིས་སུ་འདུས་པར་བསྒྲུབས་ཟིན་པ་དེའི་ཕྱིར། ཆོས་ཐམས་ཅད་ཨེ་བཾ་གཉིས་སུ་བསྡུས་ནས་བཤད་པ་ཡིན་ནོ། །གཉིས་པ་ཨེ་བཾ་གྱི་གཟུགས་དང་སྒྲ་བསྒྲུབ་པ་ལ། གཟུགས་བསྒྲུབ་པ་དང་། སྒྲ་བསྒྲུབ་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ་ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་བཾ་ཡིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྟན་པ་ཡིན་ལ། དེ་ཡང་སྟོང་པ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་ཀྱིས་རྡོ་རྗེ་ཐེག་པའི་སྦྱང་གཞི་ཁམས་དྲུག་རགས་པར་ལྡན་པའི་སྐྱེས་བུ་ཆེན་པོའི་གང་ཟག་འདི་བསྡུས་པ་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས་དང་ཡིད་དང་རྣ་བ་དང་སྒྲ་དང་ཆོས་དང་མཆོག་གི་དབང་པོ་དང་བྷ་ག་དང་དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བ་འདི་རྣམས་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་གཞོམ་དུ་མེད་པར་གསུངས་ཤིང་། འདིའི་མིང་གི་མཚན་མ་ནི་དབུས་སུ་གྲི་གུག་གི་རྣམ་པ་བརྗོད་དུ་མེད་པའི་རི་མོ་ཞིག་བྲི་བར་བྱའོ། །ཡེ་ཤེས་ཞེས་པའི་མིང་འདིས་སྟོང་པ་ཆེན་པོ་གསུམ་པ་རྟོགས་པར་བྱ་སྟེ། ཚོར་བའི་ཕུང་པོ་དང་མེའི་ཁམས་དང་མིག་དང་རོ་དང་ལག་པ་དང་འགྲོ་བ་འདི་རྣམས་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་ཡེ་ཤེས་ཏེ་སྟོང་པ་ཆེན་པོ་འགྱུར་མེད་གསུམ་པ་སྟེ། འདིའི་མིང་གི་མཚན་མའི་དབུས་མ་གཞོམ་དུ་མེད་པ་གྲི་གུག་གི་རྣམ་པ་ཅན་དེའི་ལྷོར་བརྗོད་དུ་མེད་པའི་རི་མོ་ཐིག་ལེ་གཉིས་བྲི་བར་བྱའོ། །ཐིག་ལེ་ཞེས་པའི་མིང་གིས་སྟོང་པ་ཆེན་པོ་བཞི་པ་རྟོགས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་འདི་རྣམས་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་ཐིག་ལེ་སྟོང་པ་ཆེན་པོ་འགྱུར་མེད་བཞི་པའོ། །འདིའི་མིང་གི་མཚན་མ་ནི་གྲི་གུག་གི་རྣམ་པའི་བྱང་དུ་ཐིག་ལེ་གཅིག་བྲི་བར་བྱའོ། །མཆོག་དང་པོའི་མིང་གིས་སྟོང་པ་ཆེན་པོ་འགྱུར་མེད་གཉིས་པ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་སྣ་དང་རེག་བྱ་དང་ངག་གི་དབང་པོ་དང་བཤང་བ་འཛག་པ་འདི་རྣམས་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་གཉིས་པའོ། །འདིའི་མིང་གི་མཚན་མ་ནི་སྣ་དང་རེག་བྱ་དང་ངག་གི་དབང་པོ་དང་བཤང་བ་འཛག་པ་འདི་རྣམས་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་གཉིས་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གྲི་གུག་གི་རྣམ་པ་ཅན་གྱི་ཤར་དུ་བརྗོད་དུ་མེད་པའི་རི་མོ་དབྱུག་པའི་རྣམ་པ་ཅན་བྲི་བར་བྱའོ། །མཆོག་གཉིས་པའི་མིང་གིས་སྟོང་པ་ཆེན་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་སའི་ཁམས་དང་ལུས་ཀྱི་དབང་པོ་དང་དྲི་དང་བཤང་ལམ་དང་སྨྲ་བའོ། །འདི་རྣམས་ཀྱི་སྒྲིབ་པ་མེད་པ་དང་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གྲི་གུག་གི་རྣམ་པ་ཅན་གྱི་ནུབ་ཏུ་བརྗོད་དུ་མེད་པའི་རི་མོ་ཐོང་གཤོལ་གྱི་རྣམ་པ་ཅན་བྲི་བར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་ལྔ་པོ་གཅིག་ཏུ་འདྲེས་པར་གྱུར་པ་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་བཾ་ཡིག་དང་། རྡོ་རྗེ་སེམས་དཔའ་དང་བདེ་བ་ཆེན་པོ་དང་རྡོ་རྗེར་བརྗོད་དོ། །འདིར་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་གསུངས་པ་ལས། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པ་དང་། ལྷོར་རྀ་ཡིག་སྟོང་པ་ཐིག་ལེ་གཉིས་དང་། བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག་དང་། ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པ་ཅན་དང་། ནུབ་ཏུ་ལྀ་ཡིག་སྟོང་པ་ཐོང་གཤོལ་གྱི་རྣམ་པ་ཅན་ཏེ། དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ཡ་ཎ་ར་བསྒྱུར་བ་རྣམས་ལའང་སྦྱར་ནས་ཤེས་པར་བྱའོ། །དེ་ལྟར་བཾ་ཡིག་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པོ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་པྲ་ཕབ་པའི་རང་བཞིན་དང་མཚུངས་པ་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་ཁམས་སོ་དྲུག་དང་དབྱངས་རྣམས་སྦྱར་ཚུལ་ཡང་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་ཨཾ། རྣམ་པར་ཤེས་པའི་ཕུང་པོ་ཨ། ཡེ་ཤེས་ཀྱི་ཁམས་ཨཿ ནམ་མཁའི་ཁམས་ཨཱ། ཡིད་ཀྱི་དབང་པོ་ཨཾ། རྣ་བའི་དབང་པོ་ཨ། སྒྲ་ཨཿ ཆོས་ཀྱི་ཁམས་ཨཱ། བྷ་ག་ཧ། དྲི་ཆུ་འཛག་པ་ཧཿ མཆོག་གི་དབང་པོ་ཧཾ། ཁུ་བ་འཕོ་བ་ཧཱ། འདི་རྣམས་སྒྲིབ་པ་མེད་པ་ནི་དབུས་མ་གཞོམ་དུ་མེད་པ་སྟེ་གྲི་གུག་གི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཨི། རླུང་གི་ཁམས་ཨཱི། སྣའི་དབང་པོ་ཨེ། རེག་བྱ་ཨཻ། ངག་གི་དབང་པོ་ཡ། བཤང་བ་འཛག་པ་ཡཱ། འདི་རྣམས་སྒྲིབ་པ་མེད་པ་ནི་ཤར་དུ་དབྱུག་པའི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །ཚོར་བའི་ཕུང་པ་རྀ། མེའི་ཁམས་རཱྀ། མིག་གི་དབང་པོ་ཨར། རོ་ཨཱར། ལག་པའི་དབང་པོ་ར། འགྲོ་བའི་བྱ་བ་རཱ། འདི་རྣམས་སྒྲིབ་པ་མེད་པ་ནི་ལྷོར་ཐིག་ལེ་གཉིས་ཀྱི་མཚན་མས་རྟོགས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ཨུ། ཆུའི་ཁམས་ཨཱུ། ལྕེའི་དབང་པོ་ཨོ། ཡུལ་གཟུགས་ཨཽ། རྐང་པའི་དབང་པོ་ཝ། ལེན་པའི་བྱ་བ་ཝཱ། འདི་རྣམས་སྒྲིབ་པ་མེད་པ་ནི་བྱང་དུ་ཐིག་ལེའི་མཚན་མས་རྟོགས་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལྀ། སའི་ཁམས་ལཱྀ། ལུས་ཀྱི་དབང་པོ་ཨལ། ཡུལ་དྲི་ཨཱལ། བཤང་ལམ་གྱི་དབང་པོ་ལ། སྣ་བའི་བྱ་བ་ལཱ། འདི་རྣམས་སྒྲིབ་པ་མེད་པ་ནི་ནུབ་ཏུ་ཐོང་གཤོལ་གྱི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །དེ་ལྟར་ན་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་སུམ་བཅུ་རྩ་དྲུག་གི་བདག་ཉིད་ཏེ། དེ་ཉིད་རྒྱལ་བ་རྣམས་ཀྱིས་རྡོ་རྗེར་གསུངས་སོ། །དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་མཚན་ཡང་དག་པར་བརྗོད་པ་ལས། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པ་ལྟར། ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །དེ་ཡང་ཇི་ལྟར་ཞེ་ན། འདི་ལྟ་སྟེ་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་དང་རྣ་བ་དང་ཆོས་ཀྱི་ཁམས་དང་བྷ་ག་དང་ཁུ་བ་འཕོ་བ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་སྟེང་དུ་འདིའི་མིང་གི་མཚན་མ་ཀ་སྡེའི་བདག་ཉིད་ཀ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་འགྱུར་མེད་དང་པོའོ། །འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་སྣའི་དབང་པོ་དང་རེག་བྱ་དང་ངག་དང་བཤེང་བ་འཛག་པ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ཤར་གྱི་མཚན་མའི་ཤར་དུ་འདིའི་མིང་གི་མཚན་མ་ཙ་སྡེའི་བདག་ཉིད་ཙ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་གཉིས་པའོ། །ཚོར་བའི་ཕུང་པོ་དང་མེའི་ཁམས་དང་མིག་དང་རོ་རབ་ལག་པ་དང་འགྲོ་བ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ལྷོའི་མཚན་མའི་ལྷོར་འདིའི་མིང་གི་མཚན་མ་ཊ་སྡེའི་བདག་ཉིད་ཊ་ཡིག་གསལ་བྱེད་བརྗོད་ཏུ་མེད་པ་ཐིག་ལེ་སྟོང་པ་གསུམ་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །བྱང་གི་མཚན་མའི་བྱང་དུ་འདིའི་མིང་གི་མཚན་མ་པ་སྡེའི་བདག་ཉིད་པ་ཡིག་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་བཞི་པའོ། །གཟུགས་ཀྱི་ཕུང་པོ་དང་སའི་ཁམས་དང་ལུས་ཀྱི་དབང་པོ་དང་དྲི་དང་བཤང་ལམ་དང་སྨྲ་བ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ནུབ་ཀྱི་མཚན་མའི་ནུབ་ཏུ་འདིའི་མིང་གི་མཚན་མ་ཏ་སྡེའི་བདག་ཉིད་ཏ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་ལྔ་པའོ། །ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང་དྲི་ཆུ་འཛག་པ་སྟེ་འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་འདིའི་མིང་གི་མཚན་མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་དྲུག་པའོ། །དེ་ལྟར་ན་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་སྟེ་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །འདིར་སྟོང་པ་ཟླ་བ་ཞེས་བྱའོ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བྱའོ། །འདིར་ཁུ་བ་དང་ཟླ་བ་ནི་བཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་པདྨ་འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་ཤེས་པ་དང་ཁུ་བའི་སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་དང་ཤེས་བྱ་དང་ཉི་མ་སྟེ་སྒྲིབ་པ་མེད་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་དང་དེ་ཁོ་ན་ཉིད་དང་འགྲོ་བའི་དོན་མཛད་པ་པོ་ཡིན་ནོ། །དེ་ལྟར་ན་ཀ་སོགས་གསལ་བྱེད་ལ་བརྟེན་ནས་དབྱངས་ཀྱི་ཡི་གེ་ཨེ་གྲུབ་པ་དང་། ཨ་སོགས་དབྱངས་ཀྱི་ཡི་གེ་ལ་བརྟེན་ནས་གསལ་བྱེད་ཀྱི་ཡི་གེ་བཾ་གྲུབ་པས་ཀྱང་དབྱངས་གསལ་གཉིས་མེད། ཐབས་ཤེས་གཉིས་མེད། བདེ་སྟོང་གཉིས་མེད། ཤེས་པ་དང་ཤེས་བྱ་གཉིས་མེད། ཡབ་ཡུམ་གཉིས་སུ་མེད་ཅེས་བྱ་བའི་དོན་ཡིན་ནོ། །འདིར་སྨྲས་པ། ཨེ་བཾ་གཟུགས་སུ་བསྒྲུབ་པ་ཡི། །ལག་ལེན་མ་ནོར་རྒྱུད་འགྲེལ་ལས། །གསུངས་པ་ཇི་བཞིན་འདིར་བཀོད་ལ། །རྣམ་དཔྱོད་ལྡན་རྣམས་དགྱེས་པར་མཛོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཨེ་བཾ་གྱི་སྒྲ་བསྒྲུབ་པ་ནི། དྲི་མ་མེད་པའི་འོད་ལས་ཡི་གེ་གཉིས་པོ་འདིའི་ངེས་པའི་དོན་བརྗོད་པར་བྱ་སྟེ། དང་པོ་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨའོ་ཞེས་པས་ཨ་བཞག །དེའི་འོག་དུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ལོ་ཞེས་པས་རྣམ་བཅད་བཞག །དེ་འོག་ཏུ་ཨ་ཡིག་སྒྲ་ཅན་དང་རྣམ་པར་ཤེས་པ་བདེ་བས་བྱིན་གྱིས་བརླབས་པའོ་ཞེས་པས་སླར་ཡང་ཨ་ཡིག་བཞག །དེའི་འོག་ཏུ་རྗེས་སུ་ང་རོ་ཟླ་བ་དང་ཁུ་བའོ་ཞེས་པས་རྗེས་སུ་ང་རོ་བཞག །ཨ་ཡིག་ནམ་མཁའི་ཁམས་དང་སྒྲ་གཅན་རྣམ་ཤེས་འདི་གཉིས་ཀྱི་བར་དུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ནི་ཨུ་ཉིད་ཐོབ་སྟེ་ཞེས་དང་། ཀ་ལཱ་པ་ལས། ཨ་ཡིག་དག་གི་བར་དུ་ཨུའོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར། །དེའི་ཕྱིར་རྣམ་པར་བཅད་པ་ཉི་མ་དང་རྡུལ་ཨུ་ཉིད་ཐོབ་པར་གྱུར་པ་ན་དོན་དམ་པའི་བདེན་པ་ལས་ཡོན་ཏན་མེད་དོ། །ཡོན་ཏན་མེད་པའི་ཕྱིར་ཡ་ནར་བསྒྱུར་བར་འགྱུར་ཞེས་དང་། ཀ་ལཱ་པ་ལས། ཨུ་ཝའོ་ཞེས་པས་ཨུ་ཡིག་ཝ་རུ་བསྒྱུར། དེ་ཕྱི་མའི་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་དང་ལྷན་ཅིག་ཝ་ཉིད་ཅེས་དང་། ཀ་ལཱ་པ་ལས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས་ཝ་ཕ་རོལ་གྱི་ཨ་ཡིག་དང་སྦྱར་བས་ཝ་ཞེས་སོ། །རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་ཡང་དག་པར་སྦྱར་ཏེ་དེའི་ཕྱིར་ཝཾ་ཡིག་གོ་ཞེས་པས་རྗེས་སུ་ང་རོ་ཝ་ཡིག་གི་སྟེང་དུ་དྲངས་པས་ཝཾ་ཞེས་གྲུབ་བོ། །དང་པོའི་ཨ་ཡིག་ལ་རྣམ་དབྱེ་བདུན་པའི་གཅིག་ཚིག་འདི་བྱིན། ང་མཚན་མའི་དོན་ཡིན་པས་ཕྱིས་ནས་ཨི་བཞག །དེ་བཞིན་དུ་དང་པོའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨ་ནི་བདུན་པའི་མཐའ་ཅན་ཏེ་ཨ་ཡིག་ཕ་རོལ་གྱི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་ཨི་ཡིག་གོ་ཞེས་དང་། ཀ་ལཱ་པ་ལས། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཕ་རོལ་ཡང་དབྱེའོ་ཞེས་པས་དང་པོའི་ཨ་ཡིག་གིས་ཕ་རོལ་གྱི་ཨི་མཐོང་བས་ཨེ་རུ་འགྱུར་ཞིང་ཕ་རོལ་གྱི་ཨི་དབྱེའོ། །དེ་ལྟར་ན་ཨེ་ཝཾ་གྲུབ་པའི་ཚུལ་ནི་དེ་ལྟ་བུའོ། །ཨེ་ཡིག་ནམ་མཁའི་ཁམས་རྟེན་འདིའི་དབུས་སུ་བཾ་ཡིག་རྣམ་པར་བཅད་པ་དང་ཨ་ཡིག་དང་རྗེས་སུ་ང་རོ་དང་ཉི་མ་དང་སྒྲ་གཅན་དང་ཟླ་བ་དང་རྡུལ་དང་ཀུན་གཞིའི་རྣམ་པར་ཤེས་པ་དང་ཁུ་བའི་བདག་ཉིད་བརྟེན་པ་ཡིན་པར་ཕྱི་དང་ལུས་དང་གཞན་ལ་ཡང་རྟོགས་པར་བྱ་སྟེ། ཕྱི་རོལ་ཏུ་ནམ་མཁའ་ལ་ཉི་ཟླ་སྒྲ་གཅན་གནས། ནང་དུ་གསང་བའི་པདྨ་ལ་ཁུ་ཁྲག་རྣམ་པར་ཤེས་པ་གནས། གཞན་བསྐྱེད་པའི་རིམ་པར་ཆོས་འབྱུང་ལ་གཞལ་ཡས་ཁང་ལྷ་དང་བཅས་པ་གནས། ཕྲ་ཐིག་གི་རྣལ་འབྱོར་ལ་རྩའི་ནང་དུ་ཐིག་ལེ་གནས། །ཡི་གེ་ཨེ་ལ་བཾ་གནས། དེ་ཁོ་ན་ཉིད་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གནས་པ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རིག་པར་བྱའོ། །གསུམ་པ་ཚིག་དོན་དངོས་བཤད་པ་ལ། དངོས་གྲུབ་ཀྱི་རྩ་བ་བླ་མ་ལ་ཕྱག་འཚལ་བ། རྣམ་པ་དང་བཅས་པའི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་བ། བདེ་བ་ཆེན་པོ་བསྐྱེད་པའི་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བའོ། །དང་པོ་ནི། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །གནས་སྐབས་བཞི་ཡི་འཁྲུལ་བ་སེལ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཞེས་གསུངས་སྟེ། དེ་ལ་འདིར་སྔགས་འཆང་སེམས་དཔའ་རང་བྱུང་རྡོ་རྗེས་རྡོ་རྗེ་ཐེག་པའི་ཟབ་མོའི་ནང་གི་དོན་གཏན་ལ་འབེབས་པའི་བསྟན་བཅོས་འདི་རྩོམ་པར་བཞེད་ནས། དེ་ཡང་ཐོག་མར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞིའི་དོན་འགྲེལ་བའི་སྒོ་ནས་གཞི་ལམ་འབྲས་གསུམ་སོ་སོར་མ་ཕྱེ་བའི་བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་བ་ནི་ཚིགས་སུ་བཅད་པ་དང་པོས་བསྟན་པ་ཡིན་ལ། སོ་སོར་ཕྱེ་བའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གཉིས་པ་དང་། དེ་ཡང་ལྷན་ཅིག་སྐྱེས་པའི་དངོས་པོ་གཅིག་པོ་དེར་འདུས་པའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གསུམ་པ་གསུངས་པ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་མཆོད་ཡུལ་གྱི་བླ་མ་དེ་ཉིད་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཕྱག་བྱ་བའི་འོས་སུ་བརྗོད་པ་ཡིན་ཏེ། དེ་ཡང་གདུལ་བྱའི་སྣང་ཚུལ་རྒྱུ་དང་བཅས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་མཁྱེན་ཅིང་ཆོས་ཐམས་ཅད་ཀྱི་གནས་ཚུལ་ལམ་མཚན་ཉིད་ཇི་ལྟ་བ་ཐམས་ཅད་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མངའ་བས་རང་དོན་གྱི་ཡོན་ཏན་དང་ལྡན་ལ། གཞན་དོན་གྱི་ཡོན་ཏན་ནི་གདུལ་བྱའི་སྣང་ཚུལ་ཇི་སྙེད་པ་མཁྱེན་ཅིང་གནས་ཚུལ་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཀྱིས་ཆོས་སྟོན་པའི་བདག་རྐྱེན་བྱས་ནས་ཕྱི་འཇིག་རྟེན་གྱི་ཁམས་དང་ནང་རྡོ་རྗེའི་ལུས་དང་གཞན་དབང་བསྐུར་བ་དང་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་སྟེ་ཕྱི་ནང་གཞན་གསུམ་གྱི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་སྣང་སྟོང་དབྱེར་མེད་དམ་བདེན་གཉིས་དབྱེར་མེད་ཀྱི་དོན་མ་ནོར་བར་སྟོན་པར་མཛད་པས་གདུལ་བྱའི་སྐྱེ་བོ་རྣམས་གཉིད་ཐུག་དང་རྨི་ལམ་དང་སྙོམས་འཇུག་དང་ཐ་མལ་གྱི་སྣང་བས་རྒྱུད་དཀྲུགས་པའི་གནས་སྐབས་བཞི་པོ་ཐམས་ཅད་དུ་ཁྱད་པར་མེད་པར་བཞུགས་པའི་དང་པོའི་རྡོ་རྗེ་འཆང་ཆེན་པོ་མཐོང་བ་ལ་སྒྲིབ་པའི་འཁྲུལ་བ་སེལ་བར་མཛད་པ་ཡིན་ལ། དེ་ལྟར་གསལ་ནས་གནས་སྐབས་བཞི་རྣམ་པར་དག་པའི་འབྲས་བུ་སྐུ་བཞི་ཐོབ་པར་མཛད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་བླ་མ་སྟེ་སངས་རྒྱས་དང་དབྱེར་མེད་པ་དེ་ལ་ཕྱག་འཚལ་བ་ཡིན་ནོ། །འགྲེལ་པར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཡིན་པའི་ཕྱིར་ཞེས་གསུངས་པ་ནི་སྤྱི་དོན་གྱི་བཤད་པ་ཡིན་ལ། གཉིས་མེད་ཀྱི་ཡེ་ཤེས་ལ་དཔལ་དུ་བཤད་པ་ནི་མཐར་ཐུག་གི་དོན་ནོ། །འདིར་མཁས་པ་བྱིས་པའི་ངང་ཚུལ་ཅན་རྣམས་ཀྱི་བསམ་པ་འདི་འབྱུང་སྟེ། ཐམས་ཅད་མཁྱེན་པ་དེ་ཉིད་ཐམས་ཅད་གཟིགས་པ་མ་ཡིན་ནམ་ཅིའི་དོན་དུ་གཟིགས་པ་སྨོས་ཤེ་ན། འདིར་བྱིས་པའི་བློ་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་དང་གང་མཁྱེན་པ་དེ་དང་དེ་ཐམས་ཅད་མངོན་པར་གཟིགས་པར་བརྗོད་པ་ནི་མ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་སྣང་ཚུལ་འཁྲུལ་རྒྱུ་དང་བཅས་པ་ཐམས་ཅད་མ་གཟིགས་ཀྱང་དེ་དག་རྣམས་མཁྱེན་པ་ནི་ཡིན་ཏེ། སེམས་ཅན་རྣམས་འཁྲུལ་བའི་རྒྱུ་དང་ཇི་ལྟར་འཁྲུལ་བའི་ཚུལ་དང་འཁྲུལ་བ་སྡུག་བསྔལ་གྱི་རང་བཞིན་ལ་སྤྱོད་པའི་ཚུལ་མངོན་པར་མཁྱེན་ནས་འཁྲུལ་རྒྱུ་བཟློག་པའི་གཉེན་པོར་ཐབས་ལ་མཁས་པའི་ལམ་ཡང་དག་པར་སྟོན་པར་མཛད་པས། འཁྲུལ་བའི་རྒྱུ་ལོག་ན་འབྲས་བུ་འཁྲུལ་བ་ཡང་ལྡོག་པའི་ཕྱིར་དང་། གཉིས་སྣང་གི་འཁྲུལ་བ་ལོག་པ་ན་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་པ་དེ་མཐོང་བར་འགྱུར་བའི་ཕྱིར་རོ། །དེ་ན་འཁོར་བ་པ་རྣམས་ཀྱི་གཉིས་སྣང་འཁྲུལ་བའི་སྣང་ཚུལ་འདི་ནི་ཡང་དག་པར་མེད་བཞིན་དུ་སྣང་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མངོན་པར་གཟིགས་པ་ནི་མ་ཡིན་ནོ། །དཔེར་ན་སྨན་པ་མཁས་པས་རིམས་ནད་དྲག་པོས་གཟིར་བའི་འཁྲུལ་བའི་སྣང་ཚུལ་རྒྱུད་དང་བཅས་པ་ལེགས་པར་ཤེས་ནས་ནད་ཀྱི་རྒྱུ་ལྡོག་པའི་ཐབས་ལ་མཁས་པས་སྨན་སྦྱིན་པ་ན་འབྲས་བུ་འཁྲུལ་སྣང་དང་བཅས་པའི་ནད་གང་ཡིན་པ་དེ་ལྡོག་པར་འགྱུར་ལ། དེའི་ཚེ་དུང་སེར་པོར་སྣང་བའི་འཁྲུལ་བ་ལོག་པ་ན་དུང་དཀར་པོ་མཐོང་བར་འགྱུར་རོ། །དེའི་ཕྱིར་འཁྲུལ་བའི་སྣང་བ་དེ་ཡང་ནང་པ་ཁོ་ནའི་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་དང་། མཐོང་རུང་གི་ཡུལ་ན་མེད་པའི་ཕྱིར་སྨན་པས་མཐོང་བ་ནི་མེད་དོ། །དེ་ལ་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱི་བསམ་པ་འདི་འབྱུང་སྟེ། འཁོར་བ་པ་རྣམས་ཀྱི་སེམས་ཀྱི་སྣང་བ་ནི་ཀུན་རྫོབ་ཏུ་བདེན་ལ། རིམས་ནད་དྲག་པོས་བཏབ་པའི་སེམས་ཀྱི་སྣང་བ་ནི་ཐ་སྙད་ཙམ་དུ་ཡང་མེད་པའི་དཔེ་དང་དོན་འདྲ་བ་མ་ཡིན་ནོ་ཞེ་ན། དེས་ནི་ལེགས་པར་སྨྲས་པ་ཡིན་ཏེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་འབྱུང་བས། ཀུན་རྫོབ་ནི་བློ་འཁྲུལ་བའི་མིང་ཡིན་ལ། དེའི་ངོར་བདེན་ནོ་ཞེས་བརྗོད་པ་ཉིད་ཀྱིས་བློ་མ་འཁྲུལ་བའི་ངོར་མེད་དོ་ཞེས་དོན་གྱིས་སྨྲས་པའི་ཕྱིར་ཁོ་བོའི་ཕྱོགས་ལེགས་པར་བཟུང་བ་ཡིན་ནོ། །ཡང་ཀུན་རྫོབ་འཁྲུལ་བའི་སྣང་བ་ཐམས་ཅད་མེད་བཞིན་དུ་སྣང་བ་ཡིན་ན། དེ་ཁོ་ན་ཉིད་ལ་སྒྲིབ་བྱེད་ཀྱང་མེད་པར་འགྱུར་བས་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་འབད་པ་མེད་པར་མཐོང་བར་འགྱུར་རོ་ཞེ་ན། འདིར་བློ་གྲོས་གཞོན་ནུ་རྣམས་ཀྱིས་སྒྲིབ་བྱེད་མེད་པས་སེམས་ཅན་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་འབད་པ་མེད་པར་མཐོང་བར་བརྗོད་པ་དེ་ནི་མ་ཡིན་ཏེ། ཅི་མིག་གི་རྣམ་པར་ཤེས་པ་འཁྲུལ་བའི་སྐྱེས་བུ་ལ་དུང་སེར་པོར་སྣང་བའི་ཚེ་དུང་གི་དཀར་པོ་ལ་སྒྲིབ་བྱེད་ཅི་ཞིག་ཡོད་ནས་མ་མཐོང་། གལ་ཏེ་སེར་པོར་སྣང་བས་བསྒྲིབས་སོ་ཞེ་ན། དུང་དཀར་པོའི་སྟེང་དུ་སེར་པོ་ཡོད་ནས་སྣང་བ་འམ་འོན་ཏེ་མེད་ཀྱང་སྣང་། ཕྱོགས་དང་པོ་ལྟར་ན་མཐོང་རུང་གི་ཡུལ་ན་གནས་པའི་སྐྱེས་བུ་གཞན་གྱིས་ཀྱང་མཐོང་བར་འགྱུར་རོ། །གཉིས་པ་ལྟར་ན་དེའི་ཚེ་སེར་པོར་སྣང་བ་ནི་མེད་བཞིན་དུ་སྣང་བར་ཁྱོད་ཀྱིས་ཀྱང་འདོད་པའི་ཕྱིར། དུང་གི་དཀར་པོ་ལ་སྒྲིབ་བྱེད་མེད་པས་ཁྱོད་ལ་ཡང་དུང་སེར་སྣང་གི་སྐྱེས་བུ་དེས་དུང་གི་དཀར་པོ་འབད་པ་མེད་པར་མཐོང་བར་འགྱུར་རོ། །ཅི་སྟེ་ཡང་དུང་དཀར་པོའི་སྟེང་ན་སེར་པོ་ལ་སོགས་པའི་སྒྲིབ་བྱེད་མེད་མོད་ཀྱིས་འོན་ཀྱང་ནད་ལ་སོགས་པའི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་ཁ་ཕྱིན་ཅི་ལོག་ཏུ་ཕྱོགས་པས་ཡོད་པའི་དུང་གི་དཀར་པོ་མཐོང་བར་མེད་པའི་དུང་སེར་པོར་མཐོང་ངོ་ཞེ་ན། ཁྱོད་ནི་ལེགས་པར་སྨྲ་བ་སྟེ། ཁོ་བོའི་ཕྱོགས་ལེགས་པར་བཟུང་བས་ལེགས་སོ་ལེགས་སོ། །དེ་བཞིན་དུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་སྒྲིབ་བྱེད་གཞན་ཅི་ཡང་མེད་མོད་ཀྱི། འོན་ཀྱང་སེམས་རང་གི་ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཡང་རང་བཞིན་གསལ་བའི་ངང་དུ་ཅིར་ཡང་ཤར་བ་དེ་ཉིད་ཉོན་མོངས་པ་ཅན་གྱི་ཡིད་གཡོ་བའི་རང་བཞིན་ཅན་དེས་གཡོས་པའི་རྐྱེན་གྱིས་གཟུང་འཛིན་གཉིས་ལ་ཁ་ཕྱིན་ཅི་ལོག་ཏུ་ཕྱོགས་པས་ཡོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་མ་མཐོང་བར་མེད་པའི་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་འཁྲུལ་སྣང་སྣ་ཚོགས་པ་འདི་མཐོང་བ་ཡིན་ནོ་ཞེས་ངེས་པར་བྱོས་ཤིག །དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་འདི་ལྟ་སྟེ། གང་ཞིག་ཡོད་པ་མ་མཐོང་མེད་མཐོང་བ། །བྱིས་པ་རྣམས་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། འདི་དག་འཁྲུལ་བའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་བའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྣང་བ་དང་སྟོང་པ་ཐ་དད་མེད་པའི་སེམས་ཉིད་འདི་ལ་འཁྲུལ་ངོར་སྒྲིབ་བྱེད་དང་ཡོན་ཏན་དག་གོ་རིམ་བཞིན་ཏུ་ཡོད་པ་དང་མེད་པ་ལྟར་སྣང་ཡང་མ་འཁྲུལ་བའི་ངོར་བསལ་བར་བྱ་བའི་སྒྲིབ་བྱེད་ཅི་ཡང་མེད་ཅིང་། སྔར་མེད་ཀྱི་ཡོན་ཏན་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་སྟེ། གཉིས་སྣང་གི་འཕྲུལ་པ་ཟད་པའི་ཚེ་སེམས་ཉིད་སྟོང་གསལ་གྱི་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བ་ནི་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་རོ། །འཁྲུལ་བ་སེལ་བའི་ཚུལ་ཡང་རྒྱུད་སྡེ་དང་མཐུན་པར་གཞུང་ལུགས་ཆེན་པོ་འདི་ཉིད་ནས་འབྱུང་བའི་ངེས་པས་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་རླུང་དབུ་མར་ཚུད་པ་ན་ཉོན་མོངས་པ་ཅན་གྱི་ཡིད་བྱ་བྱེད་དང་བྲལ་བ་ལས་སེམས་ཀྱི་དག་པ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་འགྱུར་ལ། དེའི་ཚེ་གཟུང་འཛིན་གྱི་འཁྲུལ་བ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དཔེར་ན་ཐག་པ་ལ་སྦྲུལ་ཏུ་འཁྲུལ་བའི་ཚེ་འདི་ནི་ཐག་པའོ་ཞེས་བསྟན་པ་ན་ཐག་པ་ལ་ཐག་པར་མཐོང་བས་སྦྲུལ་འཛིན་གྱི་བློ་ལས་གྲོལ་བ་བཞིན་ནོ། །དེའི་ཚེ་ན་ཡང་བསལ་བར་བྱ་བའི་སྦྲུལ་དང་གསར་དུ་བཞག་པར་བྱ་བའི་ཐེག་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ། །དོན་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །གངས་ཅན་པའི་མཁས་པ་ཕལ་མོ་ཆེ་དག་གིས་གཞུང་འདི་ཕྱིན་ཅི་ལོག་ཏུ་བཤད་པས་ནོངས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་ལ།འཁོར་བ་འཁྲུལ་བའི་སྣང་ཚུལ་གྱི་ཆོས་ཐམས་ཅད་ནི་མཁྱེན་ཀྱང་མ་གཟིགས་པ་ཞེས་བྱ་སྟེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དེ་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་གཟུང་བ་དང་འཛིན་པའི་ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དོ། །དེ་ལྟར་ཐམས་ཅད་ཡོངས་སུ་མཁྱེན་ནས་དྲང་སྲོང་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལུས་ཀྱི་ཚད་དཀྱིལ་འཁོར་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་གསུངས་སོ། །དེ་ལྟ་ན། སེམས་ཅན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་དུ་ནི་སོ་སོར་གཟིགས། །ཞེས་དང་། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་བདེན་མོད་ཀྱི་བདེ་བར་གཤེགས་པའི་སྙིང་པོ་ལ་གནས་སྐབས་གསུམ་གྱི་སྒོ་ནས་མིང་གསུམ་འདོགས་པར་མཛད་དེ་མ་དག་པའི་གནས་སྐབས་ལ་སེམས་ཅན་དུ་གསུང་པ་གང་ཡིན་པ་དེ་གཟིགས་པའི་ཕྱིར་འགལ་བ་མེད་དོ། །གཞན་ཡང་མཁྱེན་པའི་སྒྲ་ཙམ་ནི་གཞན་གྱི་སྒྲ་ལ་བརྟེན་ནས་དོན་དེ་རྟོགས་པ་ལ་ཡང་འཇུག་པས་དེ་ཙམ་གྱིས་རྟོགས་པར་འདོད་པ་སྤང་བའི་དོན་དུ་མཁྱེན་གཟིགས་བརྗོད་པ་མཛད་པ་ནི་ཞར་ལ་བྱུང་བའི་ཟློས་པ་སྤངས་པ་ཙམ་ཡིན་ནོ། །མཁས་པ་ཆེན་པོ་དག་ཆོས་ཐམས་ཅད་མཁྱེན་ནས་གཟིགས་དགོས་སོ་སྙམ་དུ་ཐུགས་ལ་བཞག་ནས་མཁྱེན་གཟིགས་ཀྱི་ཟློས་པ་སྤོང་བར་མཛད་མོད་ཀྱི་བརྒྱ་ཕྲག་དུ་མས་བཟློས་པ་སྤངས་ཀྱང་མ་སྤངས་པ་ཁོ་ན་ཡིན་ཏེ། །ཐམས་ཅད་མཁྱེན་པ་ཞེས་བརྗོད་པ་ན་གཞན་གྱི་བརྡ་དང་རྣམ་རིག་ལ་བརྟེན་ནས་ཐམས་ཅད་མཁྱེན་པར་ངོགས་ན་ཐམས་ཅད་གཟིགས་པ་ཞེས་བརྗོད་པ་ན་ཡང་གཞན་གྱི་བརྡ་དང་རྣམ་རིག་ལ་བརྟེན་ནས་ཐམས་ཅད་གཟིགས་པར་དོགས་པར་མཚུངས་པའི་ཕྱིར། དེར་ཡང་ཁྱད་པར་གཞན་བསྟན་དགོས་པར་འགྱུར་རོ། །མཁྱེན་པ་ཙམ་དུ་མ་ཟད་ཅེས་གསུངས་པ་ཡང་འགལ་ཏེ། སངས་རྒྱས་ཀྱིས་མ་གཟིགས་ན་མི་མཁྱེན་དགོས་པར་ཁྱེད་རང་བཞེད་པ་དང་འགལ་བའི་ཕྱིར་དང་། གཟིགས་པ་ཙམ་དུ་མ་ཟད་ཆོས་ཐམས་ཅད་ཀྱི་མཚན་ཉིད་སྒྲིབ་པ་དང་བྲལ་བ་མཁྱེན་པའི་ཕྱིར་ཞེས་ཀྱང་མཚུངས་པའི་ཕྱིར་རོ། །འདིར་སྨྲས་པ། དུང་དཀར་ཆུང་ངུས་སྒྲ་བསྒྲགས་པས། །ཆུ་སྲིན་ཆེན་པོའང་སྐྲག་པར་བྱས། །བདག་འདྲ་ངན་པའི་བློ་གྲོས་ཀྱིས། །ཆེན་པོའི་མཁྱེན་པའང་ཟིལ་གྱིས་མནན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཕྱི་ནང་གཞན་གསུམ་གྱི་དེ་ཁོ་ན་ཉིད་བསྟན་པས་གནས་སྐབས་བཞིའི་འཁྲུལ་བ་སེལ་བར་ཇི་ལྟར་ནུས་ཏེ། དུང་གི་དཀར་པོ་བསྟན་པས་ཐག་ཁྲ་ལ་སྦྲུལ་འཛིན་གྱི་འཁྲུལ་བ་མི་ལྡོག་པ་བཞིན་ནོ་ཞེ་ན། གང་དག་སྡེ་སྣོད་གསུམ་གྱི་རྒྱ་མཚོ་ཆེན་པོ་ལས་ཐ་སྙད་ཀྱི་ནོར་བུ་འཆིང་བུ་ལེན་པའི་ངལ་བས་རྒྱུད་སྡེ་ཆེན་པོ་བཞིའི་བང་རིམ་མངོན་པར་མཐོ་བའི་ངེས་པའི་དོན་གྱི་ལྷུན་པོའི་སྤོ་ལ་གནས་པ་བདེ་བར་གཤེགས་པའི་སྙིང་པོ་ལྷའི་ནོར་བུ་རིན་པོ་ཆེ་ལེན་པའི་ལམ་ཆ་མེད་པ་ཁྱེད་ཅག་དེ་སྐད་དུ་སྨྲ་བ་ནི་བདེན་ཏེ། དེ་ཕྱིར་བཤད་པ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་དབྱིབས་ཀྱི་བཀོད་པ་སྣ་ཚོགས་པ་གསུངས་པ་ནི་སེམས་ཅན་རྣམས་ཀྱི་རང་གི་བསོད་ནམས་དང་སྡིག་པའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་དང་མཐུན་པར་གསུངས་པ་མ་གཏོགས་ཡང་དག་པར་ཡོད་ནས་གསུངས་པ་ནི་མ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ད་ནི་བཅོམ་ལྡན་འདས་ཀྱིས་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་གསུངས་པ། །ཞེས་དང་། འདིར་འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་རྣམས་ལ་གསུངས་ཞིང་རབ་ཏུ་སྣང་ངོ་། །དོན་དམ་པར་ནི་འཇིག་རྟེན་གྱི་ཁམས་ལ་ཚད་བཞག་ཏུ་མེད་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་སྡིག་པའི་དབང་གིས་སོ། །འདིར་ཕུག་ཁྲུ་ལྔ་པའི་ཚད་གང་དུ་འདོད་ཆགས་དང་བྲལ་བ་འམ་བྱང་ཆུབ་སེམས་དཔའ་གནས་པའི་ཕུག་དེར་བསོད་ནམས་དང་ཡེ་ཤེས་བརྟེན་པ་དེའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་སྡེ་དང་བཅས་པ་འོངས་ཤིང་རབ་ཏུ་འཇུག་སྟེ། དེ་སུས་ཀྱང་མ་བསྐྱེད་ཅིང་ཕུག་དེར་ཞུགས་པའི་འཁོར་ལོས་བསྒྱུར་བའི་སྡེ་ཡང་དོགས་པ་ཉིད་མ་ཡིན་ནོ། །དོན་དམ་པར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ནང་དུ་ལུས་ཀྱི་ཚད་གསུངས་པའི་དགོས་པ་ཡང་ཕྱི་རོལ་ཀྱི་དཀྱིལ་འཁོར་དང་ནང་གི་དཀྱིལ་འཁོར་གྱི་རྣམ་དག་ཤེས་པར་བྱ་བའི་སླད་དུ་གསུངས་པ་ཡིན་ཏེ། ཕྱི་རོལ་ཏུ་ལྷུན་པོའི་དཔངས་འབུམ་ཕྲག་གཅིག་ཡིན་པ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་ཁྲུ་གཅིག་ཡིན་ལ། ཚད་དེས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞི་དང་ལུས་ལ་ཁྲུ་བཞིར་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་དྲི་མ་མེད་པའི་འོད་ལས། འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་གང་ཡིན་པ་དེ་ནི་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དོན་དང་ལུས་ཀྱི་ཚད་ནི་ལུས་ཀྱི་དཀྱིལ་འཁོར་གྱི་དོན་དུ་སྟེ། ལུས་ནི་དཀྱིལ་འཁོར་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱིས་ལྷུན་པོའི་དཔངས་དཔག་ཚད་འབུམ་ཡིན་པ་དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་ཁྲུ་གང་སྟེ། ཁྲུའི་ཚད་དེས་ལུས་ནི་ཁྲུ་བཞིའོ། །ལྷུན་པོའི་དཔངས་དཔག་ཚད་འབུམ་གྱི་ཚད་ཀྱིས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞིའོ། །ཞེས་ལུང་སྦྱོར་དང་བཅས་ཏེ་གསུངས་སོ། །དེའི་ཕྱིར་རྡོ་རྗེའི་ལུས་ལས་གཞན་དུ་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ན་རྡོ་རྗེའི་ལུས་དེ་རང་གང་ཞེ་ན། སྤྱིར་གྱི་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡིན་མོད་ཀྱི་གཙོ་བོར་གྱུར་པ་ནི་ཁམས་སུམ་བཅུ་རྩ་དྲུག་རགས་པར་ལྡན་པའི་སྐྱེས་བུ་ཆེན་པོའི་གང་ཟག་ཞེས་བསྒྲགས་པ་ཇོ་རྗེ་ཐེག་པའི་ལམ་གྱི་སྦྱངས་གཞིར་བཤད་པ་དེ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདུ་བྱེད་དང་ཚོར་བ་དང་འདུ་ཤེས་དང་གཟུགས་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཏེ་ཕུང་པོ་དྲུག་དང་རླུང་དང་མེ་དང་ཆུ་དང་ས་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་ཁམས་དྲུག་དང་། སྣ་དང་མིག་དང་ལྕེ་དང་ལུས་དང་རྣ་བ་དང་ཡིད་ཏེ་དབང་པོ་དྲུག་དང་། དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲ་དང་ཆོས་ཏེ་ཡུལ་དྲུག་དང་། ཁ་དང་ལག་པ་དང་རྐང་པ་དང་བཤང་ལམ་དང་གཅི་བའི་ལམ་དང་ཁུ་བ་འབབ་པའི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་དང་། སྨྲ་བ་དང་ལེན་པ་དང་འགྲོ་བ་དང་བཤང་བ་འདོར་བ་དང་གཅི་བ་འདོར་བ་དང་ཁུ་བ་འཕོ་བའི་བྱ་བ་སྟེ་ལས་ཀྱི་དབང་པོའི་བྱ་བ་དྲུག་གོ །འདི་དག་གི་གནས་ཚུལ་ནི་གདོད་མ་ནས་ཐིག་ལེ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཞོམ་དུ་མེད་པར་བཞུགས་ཀྱང་བློ་འཁྲུལ་བའི་ངོར་དྲི་མ་དང་བཅས་པ་སྟེ། སེམས་ཅན་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །དེ་ཡང་དྲི་མ་དང་བཅས་པའི་ཐིག་ལེ་ཆེན་པོ་ལས་རླུང་དང་རླུང་ལས་རྩ་དང་རྩ་ལས་ལུས་མངོན་པར་གྲུབ་པ་ཡིན་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ཚོགས་པའི་རྟེན་དང་བརྟེན་པ་གསུངས་པ། ཕུང་པོ་ལ་སོགས་པ་སྟེ། འདིར་ལུས་ལ་ཕུང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་འབྱུང་བ་རྣམས་ཏེ་ས་ལ་སོགས་པ་འབྱུང་བའི་རྟེན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ས་ལ་སོགས་པའི་རང་བཞིན་མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་ཏེ། གང་གི་ཕྱིར་འབྱུང་བ་བཞིའི་བདག་ཉིད་ཀྱི་གཟུགས་དང་ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ཡོད་པ་དེའི་ཕྱིར། ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་རོ། །ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྟེན་ནི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་གྲངས་རྣམས་སུ་འགྱུར་རོ། །རྩ་དེ་དག་རྣམས་ཀྱི་ཡང་རྟེན་ནི་སྲོག་གི་རླུང་སྟེ་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཅུ་སྟེ་འཆང་བར་འགྱུར་བ་ལས་བརྗོད་པར་བྱའོ། །སྲོག་གི་རླུང་རྣམ་དག་གི་རྟེན་ནི་སེམས་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་རླུང་སེམས་གཉིས་ལྟེ་བ་དང་མགྲིན་པ་དང་སྙིང་ག་དང་སྤྱི་བོའི་འཁོར་ལོ་རྣམས་སུ་འདུས་པའི་དབང་གིས་གོ་རིམ་བཞིན་དུ་རྣམ་པར་རྟོག་པ་དུ་མས་དངོས་པོར་འདུ་ཤེས་པ་སད་པའི་སེམས་དང་། སྲོག་རླུང་གིས་བསྐྱེད་པ་དང་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་དང་།མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་མཐུག་པོའི་སེམས་དང་། ལྡོག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བཞི་པའི་གནས་སྐབས་ཀྱི་སེམས་ཀྱི་འཁྲུལ་བ་རྣམས་བྱུང་བ་ཡིན་ནོ། །དེ་དག་བསལ་བའི་ལམ་གྱི་རིམ་པ་ཡང་གཉིས་ཏེ། གཞན་སྨིན་བྱེད་ཀྱི་དབང་བཞི་དང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ཡིན་ལ། དེ་ཡང་ལུས་ལ་བུམ་པའི་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་ལྷའི་རང་བཞིན་དུ་བཞུགས་པ་ངོ་སྤྲད་ཏེ་བསྒོམ་པ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ལ་སོར་བསྡུད་དང་བསམ་གཏན་ནམ་སྒྱུ་ལུས་ཀྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་ཀྱི་སེམས་ལ་ཕྱི་རོལ་ལྟར་སྣང་བའི་ཕྱིན་ཅི་ལོག་གི་དྲི་མ་ཕྲ་རགས་རྣམས་དག་ཅིང་གཟུང་བར་བྱ་བའི་སྣང་བ་འཛིན་པར་བྱེད་པའི་སེམས་དང་རོ་གཅིག་ཏུ་གྱུར་ནས་སད་པའི་གནས་སྐབས་རྣམ་པར་དག་སྟེ་སྤྲུལ་སྐུའི་དགོངས་པར་འཆར་བ་ཡིན་ནོ། །དེ་བཞིན་དུ་ངག་ལ་གསང་བའི་དབང་བསྐུར་ནས་ལམ་སྲོག་རྩོལ་དང་འཛིན་པ་འམ་རྨི་ལམ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་རྨི་ལམ་གྱི་གནས་སྐབས་ཀྱི་སེམས་རྣམ་པར་དག་སྟེ་ལོངས་སྐུའི་དགོངས་པར་འཆར་ལ། དེ་བཞིན་དུ་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་ལམ་རྗེས་དྲན་ནམ་གཏུམ་མོའི་རྣལ་འབྱོར་ལ་གནད་དུ་བསྣུན་པས་སྙོམས་འཇུག་གི་གནས་སྐབས་ཀྱི་སེམས་ཀྱི་དྲི་མ་རྣམ་པར་དག་སྟེ་ཆོས་ཀྱི་སྐུའི་དགོངས་པར་འཆར་ཞིང་། ཡེ་ཤེས་ཀྱི་ཁམས་ལ་བཞི་པའི་དབང་བསྐུར་ནས་ལམ་ཏིང་ངེ་འཛིན་གྱི་ཡན་ལག་གམ་འོད་གསལ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་པས་གཉིད་མཐུག་པོའི་གནས་སྐབས་ཀྱི་སེམས་རྣམ་པར་དག་སྟེ་བདེ་བ་ཆེན་པོའི་སྐུ་འམ་ངོ་བོ་ཉིད་སྐུའི་དགོངས་པར་འཆར་བ་ཡིན་ནོ་ཞེས་བྱ་བ་ནི་བླ་ན་མེད་པའི་རྒྱུད་སྡེ་རྣམས་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའོ། །དེ་ལྟར་ན་དཔལ་ལྡན་བླ་མ་མཆོག་གིས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕྱི་ནང་གཞན་གསུམ་གྱི་སྣང་ཚུལ་ནི་སྣང་བ་ལྟར་མ་གྲུབ་ལ། གནས་ཚུལ་ནི་སངས་རྒྱས་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་ནི་གནས་པ་ཉིད་དོ་ཅེས་པའི་ཚུལ་གྱིས་བསྟན་པས་སྦྱང་གཞི་དང་སྦྱང་བྱ་དང་སྦྱོང་བྱེད་དང་སྦྱངས་པའི་འབྲས་བུའི་བཞུགས་ཚུལ་ལེགས་པར་ཤེས་པར་འགྱུར་ལ། དེ་ལྟར་ཤེས་པས་དྲི་མ་སྦྱོང་བའི་ཐབས་ལ་བརྩོན་པ་ཆེན་པོས་འབད་ཏེ་སྦྱངས་པའི་འབྲས་བུ་མངོན་དུ་བྱེད་པ་ནི་དཔལ་ལྡན་བླ་མ་མཆོག་གི་བཀའ་དྲིན་ཡིན་པས་ན་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་གཞུང་འདིའི་དགོངས་པར་བདག་ཁོ་ན་སྨྲ་བར་བྱེད་དོ། །འདིར་སྨྲས་པ། བགྲང་ཡས་སྐར་ཚོགས་དབུས་བཞུགས་མཚན་མོའི་མགོན། །དཀར་གསལ་མཛེས་ཀྱང་པདྨོ་འཛུམ་མ་ནུས། །གཞུང་ལུགས་རབ་འབྱམས་མ་བའི་ལྕེ་བརྒྱ་ཅན། །མཁས་ཀྱང་གཞུང་འདི་ཇི་བཞིན་སྨྲ་མ་ནུས། །དེ་ལྟ་ནའང་བདག་འདྲ་ཡིས། །རྣམ་དཔྱོད་ཚ་ཟེར་འདི་འཕྲོས་པའི། །ལེགས་བཤད་འདམ་སྐྱེས་འཛུམ་ཕྲེང་ལ། །སྐལ་ལྡན་བུང་བའི་ཚོགས་རྣམས་རོལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྣམ་པ་དང་བཅས་པའི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་བ་ནི། ལྷན་སྐྱེས་གཅིག་དངོས་གཉིས་ཀྱི་བདག །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། །གནས་སྐབས་བཞི་པོ་སྐུ་བཞི་ཉིད། །སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་ཇི་སྐད་བཤད་པའི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཇི་སྙེད་པ་དང་ཇི་ལྟ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཀུན་ཁྱབ་གཅིག་པུའི་དངོས་པོ་དེ་ཉིད་རིགས་དང་སྐུ་ཐམས་ཅད་ཀྱི་དབྱེ་གཞིར་བསྟན་པ་ཡིན་ལ། དེ་ལ་ཐབས་ཤེས་ཀྱི་དབྱེ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་དོན་དམ་པའི་སྐུ་དང་། དེའི་རྒྱུ་མཐུན་པ་ཀུན་རྫོབ་པའི་སྐུ་གཉིས་ཀྱི་བདག་ཉིད་དུ་འགྱུར་ལ། དེ་ལས་སྐུ་གསུམ་དུ་ཡང་འགྱུར་ཏེ། བཤད་མ་ཐག་པའི་དོན་དམ་ཆོས་ཀྱི་སྐུ་ནི་ཀུན་གཞི་རྣམ་པར་དག་པ་ཡིན་ལ། དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་སྐུ་དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་རླུང་རྨི་ལམ་དང་བཅས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སད་པའི་སྣང་བ་སྣ་ཚོགས་ལ་འཇུག་པའི་རྣམ་ཤེས་ཚོགས་དྲུག་རྣམ་པར་དག་པ་སྤྲུལ་པའི་སྐུ་དང་གཉིས་སུ་ཕྱེ་བས་སྐུ་གསུམ་དུ་འགྱུར་ཞིང་། འདི་ཡང་རྩ་རླུང་ཐིག་ལེ་གསུམ་གྱི་དྲི་མ་སྦྱངས་པས་རྣམ་པར་དག་པ་ཅན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་གསུངས་པ་དེ་ཡིན་ནོ། །དེ་ལས་སྐུ་བཞིར་ཡང་འགྱུར་ཏེ་གཉིད་མཐུག་པོ་དང་རྨི་ལམ་དང་སད་པ་དང་བཞི་པའི་གནས་སྐབས་བཞི་པོ་རྣམ་པར་དག་པ་དང་སྐུ་བཞི་ཉིད་དུ་འགྱུར་རོ། །འདི་ཡང་དོན་དམ་པའི་སྐུ་ལ་ཆོས་ཀྱི་སྐུ་དང་ལྷན་ཅིག་སྐྱེས་པའི་སྐུ་གཉིས་སུ་ཕྱེ་བས་བཞིར་རྣམ་པར་གཞག་པའོ། །དེ་ལས་སྐུ་ལྔར་ཡང་འགྱུར་ཏེ། ཕུང་པོ་ལྔ་རྣམ་པར་དག་པས་ཡེ་ཤེས་ལྔ་མངོན་དུ་བྱེད་ལ། དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཀྱི་སྐུའི་རིགས་ལྔའི་བདག་ཉིད་དུ་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ་ཞེས་གུས་པས་འདུད་པའོ། །དེ་ལྟར་ན་བདེ་བ་ཆེན་པོའི་སྐུ་གཅིག་པུའི་རྣམ་པར་དབྱེ་བ་ལས་སྐུ་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བཅུ་གཉིས་དང་བཅུ་དྲུག་དང་བརྒྱ་ལ་སོགས་པ་གྲགས་མེད་པའི་བར་དུ་ཡང་འགྱུར་རོ། །འདིར་བཾ་ཡིག་གིས་བསྟན་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ཕྱག་རྒྱ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དང་པོའི་སངས་རྒྱས་དང་ཐོག་མའི་མགོན་པོ་དང་བདེ་བ་ཆེན་པོ་དང་བདེ་བར་གཤེགས་པའི་སྙིང་པོ་དང་ཐིག་ལེ་ཆེན་པོ་དང་དེ་ཁོ་ན་ཉིད་དང་རྣམ་པར་དག་པའི་སེམས་ཞེས་བྱ་བ་ལ་སོགས་པ་མིང་སྣ་ཚོགས་པས་བསྟན་ཀྱང་དོན་གཅིག་ལ་འདུ་བ་ཡིན་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དེ་བཞིན་དུ་བཾ་ཡིག་དང་བདེ་བ་ཆེན་པོ་དང་ཆགས་པ་ཆེན་པོ་དང་ལྷན་ཅིག་སྐྱེས་པ་དང་མཆོག་དུ་མི་འགྱུར་བ་དང་ཐིག་ལེ་དང་དེ་ཁོ་ན་དང་ཡེ་ཤེས་དང་རྣམ་པར་དག་པའི་སེམས་ཀྱི་མིང་རྣམས་ཀྱི་ནང་ནས་བཾ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འགྱུར་བ་མེད་པའི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་ནི་ལྷན་ཅིག་སྐྱེས་པའི་དངོས་པོ་གཅིག་པུ་དེ་ཉིད་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་པས་གསུངས་པ་འདི་ལྟ་སྟེ། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆད་པ། །ཞེས་གསུངས་ལ། དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་དྲུག་བཅུ་པ་ལ་སོགས་པ་གཉིས་ཀྱིས་གསུངས་པ། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་མི་རྣམས་དང་། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །སྟོང་པའི་ཆ་ཡིས་སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་སྟེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་བྱེད། །དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་འཆི་བར་ཡང་ནི་མི་འགྱུར་རོ། །ཞེས་དང་། ཀྱཻ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། མཁའ་འགྲོ་མ་ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མས་གར་མཛད་དོ། །ཞེས་དང་། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་ཐོག་མར་གླིང་གཞིར་བཀོད་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ་མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་མི་ཟད་པ། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པའི་བདག །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །མི་ཕྱེད་རྡོ་རྗེའི་རྣལ་འབྱོར་འདི། །དུས་ཀྱི་འཁོར་ལོ་མི་འགྱུར་བདེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཀུན་ནས་རྡོ་རྗེ་སྐལ་བཟང་ཉིད། །བདེན་དོན་རྣམ་པ་བཅུ་གཉིས་དང་། །དེ་ཉིད་རྣམ་པ་བཅུ་དྲུག་འཛིན། །ཞེས་བཞུགས་པའི་གནས་དང་བཅས་པ་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་བཅུ་རྩ་དྲུག་པ་ལས། ལྷག་པའི་ལྷ་ནི་གཅིག་པུ་འདི། །རྡོ་རྗེ་མཁའ་འགྲོའི་པདྨར་གནས། །ལྷན་སྐྱེས་དགའ་བའི་གཟུགས་ཀྱིས་ནི། །སྲིད་གསུམ་བདག་ཉིད་ལ་གནས་སོ། །ཞེས་བཞུགས་པའི་གནས་དང་བཅས་པ་གསུངས་སོ། །མངོན་པར་བརྗོད་པ་འབུམ་པ་ལས་ཀྱང་། ཕོ་ཉ་ཀུན་གྱི་གསང་བ་ལ། །སེམས་དཔའ་ཀུན་གྱི་བདག་ཉིད་གནས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་བཞུགས་པའི་གནས་དང་བཅས་པ་གསུངས་སོ། །དཔལ་འདུས་པ་ལ་སོགས་པ་རྣམས་སུ་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་བཞུགས་པའི་གནས་དང་བཅས་པ་གསུངས་སོ། །དེ་ལས་ཐབས་དང་ཤེས་རབ་གཉིས་སུ་འགྱུར་བའི་ཚུལ་ཡང་། ཇི་སྐད་བཤད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་འཆར་སྒོ་མ་འགགས་པའི་རྩལ་ལས་ཇི་ལྟར་གཞོན་ནུ་མ་ལ་པྲ་ཕབ་པ་ལྟར་སྟོང་པ་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་པ་སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་བཀོད་པ་ཚད་མེད་པ་ལ་སོགས་པ་དག་པའི་སྣང་བ་རབ་འབྱམས་འཆར་བར་འགྱུར་ལ། དེའི་ཕྱིར་ཐབས་དང་ཤེས་རབ། བདེ་བ་དང་སྟོང་པ། སྙིང་རྗེ་དང་སྟོང་ཉིད། ཤེས་པ་དང་ཤེས་བྱ། དུས་དང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་མིང་སྣ་ཚོགས་པས་བརྗོད་ཀྱང་དོན་གཅིག་ལ་འདུ་བ་ཡིན་ཏེ། ཐམས་ཅད་ཀྱིས་ཐབས་དང་ཤེས་རབ་གོ་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དུས་ནི་འགྱུར་མེད་བདེ་ཞེས་པ། །ཐབས་དང་སྙིང་རྗེའི་བདག་ཉིད་ཏེ། །འཁོར་ལོ་ཤེས་བྱ་རྣམ་གྲོལ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ནི་དཔལ་ལྡན་དུས་འཁོར་ལོ། །ཞེས་དང་། ཀྱཻ་རྡོ་རྗེ་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་གསུངས་སོ། །དེ་ཉིད་སྐུ་གསུམ་དུ་འགྱུར་བའི་ཚུལ་ཡང་། སོར་སྡུད་དང་བསམ་གཏན་གྱི་རྣལ་འབྱོར་གྱིས་རྩ་སྦྱངས་པའི་འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་། སྲོག་རྩོལ་དང་འཛིན་པའི་རྣལ་འབྱོར་གྱིས་རླུང་སྦྱངས་པའི་འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྗེས་དྲན་དང་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས་ཐིག་ལེ་སྦྱངས་པའི་འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་དང་གསུམ་དུ་འགྱུར་ཏེ། དྲི་མ་མེད་པའི་འོད་ལས། རྣམ་པར་བཅས་དང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་བསྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །ཞེས་གསུངས་སོ། །དེ་ཉིད་སྐུ་བཞིར་ཡང་འགྱུར་ཏེ་སྦྱང་གཞི་རྡོ་རྗེའི་ལུས་ལ་རྩ་འཁོར་ལོ་བཞི་དང་། དེ་ལ་བརྟེན་པའི་གནས་སྐབས་བཞི་དང་། སྦྱང་བྱ་འཁྲུལ་བ་བཞི་དང་། སྦྱོང་བྱེད་དབང་བཞིའི་དོན་ནཱ་རོ་ཆེན་པོའི་རྩ་བའི་ཆོས་བཞི་འམ། སྐུ་རྡོ་རྗེའི་བསྒྲུབ་པ་སོར་བསམ། གསུང་རྡོ་རྗེའི་བསྒྲུབ་པ་སྲོག་འཛིན། ཐུགས་རྡོ་རྗེའི་བསྒྲུབ་པ་རྗེས་དྲན། ཡེ་ཤེས་རྡོ་རྗེའི་བསྒྲུབ་པ་ཏིང་ངེ་འཛིན་ཏེ། སྦྱོང་བྱེད་ཀྱི་ལམ་དེ་དག་གིས་སྦྱང་གཞིའི་དྲི་མ་རྣམས་སྦྱངས་པས་འབྲས་བུ་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་སྐུ་བཞི་མངོན་དུ་འགྱུར་རོ། །དེ་ཡང་མིང་སྣ་ཚོགས་པས་བསྟན་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་དང་། མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་དང་། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྟེ་བཞི་ཚན་གཉིས་པའོ། །ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་རྡོ་རྗེ་སྟེ་བཞི་ཚན་གསུམ་པའོ། །ཐམས་ཅད་མཁྱེན་པ་དང་ཡེ་ཤེས་དང་ཉིན་མོར་བྱེད་པ་དང་པདྨའི་འདབ་མ་རྒྱས་པའི་སྤྱན་གྱི་སྐུ་སྟེ་བཞི་ཚན་བཞི་པའོ། །རྣམ་པར་དག་པའི་རྣལ་འབྱོར་དང་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དང་སྔགས་ཀྱི་རྣལ་འབྱོར་དང་དབྱིབས་ཀྱི་རྣལ་འབྱོར་ཏེ་བཞི་ཚན་ལྔ་པའོ། །ཐམས་ཅད་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཏེ་བཞི་ཚན་དྲུག་པའོ། །སྐད་གཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་དང་རྣམ་པ་ལྔས་དང་རྣམ་པ་ཉི་ཤུས་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ་བཞི་ཚན་བདུན་ནོ། །དེ་ལས་བཞི་ཚན་སོ་སོའི་དང་པོ་རྣམས་དང་གཉིས་པ་རྣམས་དང་གསུམ་པ་རྣམས་དང་བཞི་པ་རྣམས་སོ་སོར་མིང་ཐ་དད་ཀྱང་དོན་གཅིག་ཏུ་འགྱུར་ཏེ། དྲི་མེད་འོད་ལས། དེ་ཉིད་ལྷན་གཅིག་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ཞུས་སོ་ཞེས་གསུངས་སོ། །དེ་ལྟར་ན་ལམ་འོད་གསལ་གྱི་རྣལ་འབྱོར་རམ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་བརྟེན་ནས་གཉིད་མཐུག་གི་གནས་སྐབས་རྣམ་པར་དག་པས་བཞི་ཚན་བདུན་ལས་དོན་དང་པོ་རྣམས་ཐོབ་པ་ལ་ཐམས་ཅད་མཁྱེན་པའི་སྐུ་ཞེས་བྱ་སྟེ། གནས་ཚུལ་ཇི་ལྟ་བའི་ཆོས་ཐམས་ཅད་གཟིགས་པའི་ཕྱིར་རོ། །ལམ་གཏུམ་མོའི་རྣལ་འབྱོར་རམ་རྗེས་དྲན་གྱི་རྣལ་འབྱོར་ལ་བརྟེན་ནས་བཞི་པའི་གནས་སྐབས་རྣམ་པར་དག་པས་དོན་གཉིས་པ་རྣམས་ཐོབ་པ་ལ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། མི་འགྱུར་བའི་བདེ་བ་ཆེན་པོ་ལ་གཡོ་བ་མེད་པར་གནས་པའི་ཕྱིར་རོ། །ལམ་རྨི་ལམ་གྱི་རྣལ་འབྱོར་རམ་སྲོག་འཛིན་གྱི་རྣལ་འབྱོར་ལ་བརྟེན་ནས་རྨི་ལམ་གྱི་གནས་སྐབས་རྣམ་པར་དག་པས་དོན་གསུམ་པ་རྣམས་ཐོབ་པ་ལ་ཉིན་མོར་བྱེད་པའི་སྐུ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཅིག་ཅར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ལམ་སྒྱུ་ལུས་ཀྱི་རྣལ་འབྱོར་རམ་སོར་བསམ་གྱི་རྣལ་འབྱོར་ལ་བརྟེན་ནས་སད་པའི་གནས་སྐབས་རྣམ་པར་དག་པས་དོན་བཞི་པ་རྣམས་ཐོབ་པ་ལ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བྱ་སྟེ། །མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་དུ་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ་ཐམས་ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད། ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ཏེ། མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པས་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་གཟིགས་པའོ་རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་སྟེ་བདེན་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་རྣམས་ཀྱིས་སྤྲོས་པའི་སྐུའོ། །ཞེས་དང་། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། །ལེགས་དག་རྣམ་དག་འགྱུར་བ་མེད། །སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཆོས་བདག་ཉིད། །ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ། །དེ་བཞིན་ལུས་མངོན་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །དབྱིབས་ཏེ་རྫུ་འཕྲུལ་བགྲོད་པ་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཞེས་གསུངས་སོ། །དེ་ལྟར་ན་སྙོམས་འཇུག་དང་གཉིད་མཐུག་དང་རྨི་ལམ་དང་སད་པའི་གནས་སྐབས་ཀྱི་དྲི་མ་བཞི་རྣམ་པར་དག་པའི་སེམས་ཀྱི་རྡོ་རྗེ་བཞི་ནི་མིང་སྣ་ཚོགས་པས་བསྟན་པའི་སྐུ་བཞིར་འགྱུར་བ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་སེམས་ཀྱི་རྡོ་རྗེ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི། དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་པའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ན་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་སྐུ་ཞེས་པའོ། །སྲོག་གི་བསྐྱེད་པ་ཡོད་པ་དག་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉིན་མོར་བྱེད་པའི་སྐུ་ཞེས་པའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །ཞེས་དང་། ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོ་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་པདྨའི་འདབ་མ་རྒྱས་པའི་སྤྱན། །རྣལ་འབྱོར་དག་དང་རྣམ་པར་ཐར་པ་སྲིད་བྲལ་སྲིད་གནས་སྐུ་གསུང་ཐུགས་ཆགས་ཤེས་རབ་དང་། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད། །ཅེས་གསུངས་སོ། །ཡང་ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་སྐུ་ལྔར་ཡང་འགྱུར་ཏེ་འདུ་བྱེད་དང་ཚོར་བ་དང་འདུ་ཤེས་དང་གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ཀྱི་གནས་ཚུལ་ནི་གདོད་མ་ནས་ཡེ་ཤེས་ལྔ་འམ་སངས་རྒྱས་ལྔའི་བདག་ཉིད་དུ་བཞུགས་ཀྱང་བློ་འཁྲུལ་བའི་ངོར་དྲི་མ་དང་བཅས་པ་ཡིན་ལ། དེ་ཉིད་སྦྱོང་བའི་ཚུལ་ཡང་དུས་ཀྱི་འཁོར་ལོ་ནས་ཅོད་པན་གྱི་དབང་དང་སོར་བསམ་གྱི་རྣལ་འབྱོར་གྱིས་སྦྱོང་བར་གསུངས་ཤིང་། གཞན་ལས་ནི་རིག་པའི་དབང་ལྔ་དང་དེ་ལ་བརྟེན་པའི་བསྐྱེད་རིམ་དང་སྒྱུ་ལུས་དང་རྨི་ལམ་གྱི་རྣལ་འབྱོར་གྱིས་སྤྱོད་པར་གསུངས་སོ། །དེ་ལྟར་སྦྱངས་པས་ལྷག་མར་ལུས་པའི་རྣམ་པར་དག་པའི་སེམས་ལྔ་ནི་ཡེ་ཤེས་ལྔ་ཞེས་བྱ་ལ། དེ་ཉིད་ལྷའི་རྣམ་པར་བཞེངས་པ་ནི་སངས་རྒྱས་རིགས་ལྔ་སྟེ་དོན་ཡོད་གྲུབ་པ་ལ་སོགས་པའོ། །དེ་སྐད་དུ་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ལས། འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པའོ། །ཞེས་གསུངས་སོ། །ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་སྐུ་དྲུག་དུ་ཡང་འགྱུར་ཏེ། ཇི་སྐད་བཤད་པའི་ལྔ་དང་དེའི་སྟེང་དུ་ཕུང་པོ་ལྔའི་ཁྱབ་བྱེད་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པས་ཡེ་ཤེས་ལྔ་རོ་གཅིག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ལྷའི་རྣམ་པར་བཞེངས་པ་ནི་རྡོ་རྗེ་སེམས་དཔའི་སྐུ་སྟེ་རིགས་དྲུག་པའོ། །དེ་སྐད་དུ་དྲི་མེད་འོད་ལས། རིགས་དྲུག་ནི་མི་འགྱུར་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་དང་རྣམ་པར་ཤེས་པ་ནམ་མཁའི་ཁམས་དང་འདུ་བྱེད་རླུང་གི་ཁམས་དང་ཚོར་བ་མེའི་ཁམས་དང་འདུ་ཤེས་ཆུའི་ཁམས་དང་གཟུགས་སའི་ཁམས་ཏེ།རིགས་དྲུག་ནི་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བའོ། །ཞེས་གསུངས་སོ། །དེ་ཉིད་བདེན་དོན་ཡན་ལག་བཅུ་གཉིས་སུ་ཡང་འགྱུར་ཏེ། མ་རིག་པ་ལ་སོགས་པ་བཅུ་གཉིས་དང་། ལུག་ལ་སོགས་པ་ནང་གི་འཕོ་བ་བཅུ་གཉིས་འགགས་པའི་ས་བཅུ་གཉིས་མངོན་དུ་བྱས་པ་ནི་བདེན་པ་བཅུ་གཉིས་ཞེས་བྱ་བ་ཡིན་ཏེ། དྲི་མེད་འོད་ལས། བདེན་པ་བཅུ་གཉིས་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་པའོ། །ཞེས་གསུངས་སོ། །ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་སྐུ་བཅུ་དྲུག་དུ་ཡང་འགྱུར་ཏེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་སྟེ་བཞི་པོ་རེ་རེ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་བཞི་སྦྱར་བས་བཅུ་དྲུག་དུ་འགྱུར་ལ། དེ་བཞིན་དུ་དགའ་བ་བཞི་དང་སྦྱར་ནས་ཀྱང་ཤེས་པར་བྱ་སྟེ། དྲི་མེད་འོད་ལས། དེ་ཁོ་ན་ཉིད་བཅུ་དྲུག་ནི་སྤྲུལ་པའི་སྐུ་དང་སྤྲུལ་པའི་གསུང་དང་སྤྲུལ་པའི་ཐུགས་དང་སྤྲུལ་པའི་ཡེ་ཤེས་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་གསུང་དང་ལོངས་སྤྱོད་རྫོགས་པའི་ཐུགས་དང་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང་། ཆོས་ཀྱི་སྐུ་དང་ཆོས་ཀྱི་གསུང་དང་ཆོས་ཀྱི་ཐུགས་དང་ཆོས་ཀྱི་ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་སྐུ་དང་ལྷན་ཅིག་སྐྱེས་པའི་གསུང་དང་ལྷན་ཅིག་སྐྱེས་པའི་ཐུགས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དགའ་བ་དང་མཆོག་དགའ་བ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་དྲུག་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འདོར་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། སངས་རྒྱས་སེང་གེའི་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡིས་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་གནས་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཞེས་གསུངས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་གསུངས་སོ། །དེ་བཞིན་དུ་སྐུ་བརྒྱ་ལ་སོགས་པར་ཡང་འགྱུར་ཏེ། རྩ་བའི་དབྱེ་བ་ནི་རིགས་ལྔ་ཡིན་ལ། དེ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔར་འགྱུར་ཞིང་། དེ་རེ་རེ་ལ་ཡང་ཐབས་དང་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་ལྔ་བཅུ་དང་། དེ་ལ་ཡང་ལུས་དང་བསམ་པའི་དབྱེ་བས་རིགས་བརྒྱར་འགྱུར་བ་ལ་སོགས་པར་རིག་པར་བྱ་སྟེ།དེ་སྐད་དུ་ཀྱཻ་རྡོ་རྗེ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །དེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་གསུངས་སོ། །དེ་ཡང་རིགས་ཐམས་ཅད་ཀྱི་བདག་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ་རིགས་གཅིག་གི་བདག་ཉིད་ཡིན་ལ། དེའི་ཤེས་རབ་ཀྱི་ཆ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་སྣ་ཚོགས་ཡུམ་སྟེ་རིགས་གཉིས་པའོ། །དེ་གཉིས་རོ་མཉམ་པ་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འདི་ཉིད་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཤིང་། སྔགས་ཀྱི་ཐེག་པ་ལས་ནི་ལྷན་གཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བ་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་ཆེན་པོ་མཆོག་དུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། ཇི་སྐད་དུ་ཡང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་རྒྱས་རྣམས་ཀྱི་འདུས་པ་དང་ལྷ་མོ་རྣམས་ཀྱི་སྡོམ་པ་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། །ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་ཀྱི་འགག་པ་མེད་པའི་རྩལ་ལས་སྐུ་གསུང་ཐུགས་གསུམ་དང་། ཕྱི་རོལ་ཏུ་ཟླ་ཉི་སྒྲ་གཅན་གསུམ་དང་། ནང་དུ་ཁུ་རྡུལ་སེམས་གསུམ་སྦྱར་བས་ཞལ་གསུམ་པ་ཅན་རིགས་གསུམ་གྱི་བདག་ཉིད་དང་། དེ་སྟེང་དུ་ཡེ་ཤེས་ཀྱི་ཕུང་པོ་དང་དུས་མེ་དང་ཡེ་ཤེས་ཀྱི་ཁམས་སྦྱར་བས་ཞལ་བཞི་པ་ཅན་རིགས་བཞིའི་བདག་ཉིད་དང་། དེ་བཞིན་དུ་ཕུང་པོ་ལྔ་དང་ཁམས་ལྔའི་དབྱེ་བས་ཞལ་ལྔ་པ་ཅན་རིགས་ལྔའི་བདག་ཉིད་དང་། ཕུང་པོ་དྲུག་དང་ཁམས་དྲུག་གི་དབྱེ་བས་ཞལ་དྲུག་པ་ཅན་རིགས་དྲུག་གི་བདག་ཉིད་དང་། དེ་བཞིན་དུ་ཞལ་བརྒྱའི་དབྱེ་བས་རིགས་བརྒྱ་ལ་སོགས་པའི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། དྲི་མ་མེད་པའི་འོད་ལས་ལུང་སྦྱོར་དང་བཅས་པ་རྒྱ་ཆེར་གསུངས་པ་འདི་ལྟ་སྟེ། འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོར་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཞལ་གསུམ་པ་བརྗོད་པར་བྱའོ། །རིགས་བཞིའི་བདག་ཉིད་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱ་བ་སྟེ། རང་བཞིན་གྱི་རིགས་གཅིག་དང་ལྷན་ཅིག་རིགས་བཞིའི་བདག་ཉིད་ཅན་གྱི་རྒྱུད་དང་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་རིགས་ལྔའི་བདག་ཉིད་རང་བཞིན་གྱི་རིགས་གཅིག་དང་ལྷན་ཅིག་རིགས་དྲུག་གི་བདག་ཉིད་དུ་འགྱུར་རོ། །འདིར་རིགས་བཞིའི་བདག་ཉིད་ཀྱི་རྒྱུད་དུ་རིགས་བཞིའི་བདག་ཉིད་བརྗོད་པར་བྱ་བ་སྟེ། ཉི་མ་དང་ཟླ་བ་དང་སྒྲ་གཅན་དང་དུས་མེ་དང་རྡུལ་དང་ཁུ་བ་དང་སེམས་དང་ཡེ་ཤེས་གཅིག་ཏུ་སྦྱོར་བའོ། །འདིར་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པའི་ཚིགས་སུ་བཅད་པ་སུམ་བཅུ་རྩ་གསུམ་པ་ལ་སོགས་པ་གསུམ་གྱིས་རྡོ་རྗེའི་རྣལ་འབྱོར་གསལ་བར་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་གསུང་གི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །སྒྱུ་འཕྲུལ་སྣ་ཚོགས་འཆང་བ་རྒྱལ། །སངས་རྒྱས་རིགས་སྔགས་ཆེན་པོ་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །རྣམ་དག་འགྱུར་བ་མེད་པ་མཆོག །ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རིགས་བཞིའི་བདག་ཉིད་མངོན་པར་བརྗོད་པ་རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །དེའི་ཕུང་པོ་དང་ཁམས་ཀྱི་དབྱེ་བས་རིགས་ལྔའི་བདག་ཉིད་དོ། །དེ་སྐད་དུ་ཡང་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརཏལ་ཞུགས་ཆེན་པོ་འཆང་། །ཚངས་བར་སྤྱོད་པ་བརཏལ་ཞུགས་མཆོག །ཅེས་གསུངས་སོ། །དེ་བཞིན་དུ་ཕུང་པོ་དང་ཁམས་ཀྱི་དབྱེ་བས་རིགས་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང་། དེ་བཞིན་དུ་ཞལ་གྱི་དབྱེ་བས་རིགས་བརྒྱའི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཐའ་ཚིགས་སུ་བཅད་པའི་རྐང་པ་དང་ལྷན་ཅིག་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པར་ཚིགས་སུ་བཅད་པ་དང་པོས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྒྱུད་དང་རྒྱུད་གཞན་དག་ཏུ་བརྗོད་པར་བྱ་བ་ནི་ཞལ་གསུམ་པ་དང་ཞལ་བཞི་པ་དང་ཞལ་ལྔ་པ་དང་ཞལ་དྲུག་པ་དང་ཞལ་བརྒྱ་པར་རྟོགས་པར་བྱའོ་ཞེས་གསུངས་སོ། །གསུམ་པ་བདེ་བ་ཆེན་པོ་བསྐྱེད་པའི་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བ་ནི། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །དབུ་མའི་རང་བཞིན་བདེ་གཅིག་ཉིད། །གང་མཐར་སྐྱེས་པའི་རང་བཞིན་ཅན། །ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་ཇི་སྐད་བཤད་པའི་ཨེ་ཡིག་གིས་མཚོན་ནས་བསྟན་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཤེས་རབ་མེད་ལ་སོགས་པའི་མཐར་འཛིན་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཇིག་རྟེན་པའི་དཔེ་དང་གཏན་ཚིགས་ཇི་ལྟར་སྤངས་ཞེ་ན། འཇིག་རྟེན་ཀུན་རྫོབ་ཏུ་བུམ་པ་ལ་སོགས་པ་ཡོད་པ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་དོ་སྙམ་དུ་འཛིན་པར་བྱེད་པས་འཇིག་རྟེན་ཀུན་རྫོབ་ཏུ་དེ་གཉིས་ཡོད་པ་དང་མེད་པའི་དཔེར་འགྱུར་རོ། །དེ་བཞིན་དུ་བུམ་པ་དང་ནམ་མཁའི་མེ་ཏོག་ཡོད་མེད་རོ་མཉམ་པ་འདི་ནི་འཇིག་རྟེན་ལས་འདས་པའི་དཔེར་འགྱུར་ཏེ། འཇིག་རྟེན་ཀུན་རྫོབ་ཏུ་དེ་གཉིས་རོ་མཉམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་གཟུགས་མ་ཡིན་ཏེ། རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའང་མ་ཡིན་ཏེ་སྟོང་པའི་གཟུགས་མངོན་སུམ་དུ་གསལ་བར་མཐོང་བའི་ཕྱིར་རོ། །ཕྱོགས་སུ་འཛིན་པ་ཐམས་ཅད་སྤངས་པའི་སྟོང་པ་ཉིད་དེ་ཡང་འཇིག་རྟེན་པའི་དཔེ་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་དཔེར་བུམ་པ་དང་ནམ་མཁའི་མེ་ཏོག་རོ་གཅིག་པ་ཉིད་དུ་འགྱུར་བར་གང་ལས་ཤེས་ཞེ་ན། དྲི་མེད་འོད་ལས་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱིས་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་དང་ཆད་པ་སྤངས་པ་འཇིག་རྟེན་པའི་དཔེ་ལས་འདས་པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ་གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ཅན་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པའི་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་དུ་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་པའི་དཔེ་བུམ་པ་དང་ཆོས་མི་མཐུན་པའི་ཕྱིར་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །དེ་བཞིན་དུ་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ་ཞེས་འདི་གཉིས་ཕན་ཚུན་ཆོས་མི་མཐུན་པའི་དཔེར་འགྱུར་རོ། །དེ་བཞིན་དུ་ཆད་པ་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དཔེ་བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །བུམ་པ་དང་ནམ་མཁའི་མེ་ཏོག་འདི་དག་འཇིག་རྟེན་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །གང་གིས་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང་གང་མེད་པ་དེ་ནི་ཡོད་པར་མི་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་གིས་ཡོད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ་སྟོང་པའི་གཟུགས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ་འཇིག་རྟེན་པའི་དཔེ་ལ་འདས་པ་ཉིད་ཀྱི་ཕྱིར། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ་རྟོག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ་དོན་དམ་པའི་བདེན་པས་སེམས་གཉིས་ཀ་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། དེ་བཞིན་གཤེགས་པའི་གསུང་རིས་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །རྩ་བའི་རྒྱུད་ལས་ཀྱང་། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་གསུངས་སོ། །དེ་ལྟ་ན། དབུ་མའི་རང་བཞིན་བདེ་གཅིག་ཉིད། །ཅེས་ཟེར་བ་ཡང་མི་འཐད་ཏེ་དབུ་མ་དང་བདེ་བ་ཡང་མཐའ་དང་སྡུག་བསྔལ་ལ་ལྟོས་པའི་ཕྱིར་ཕྱོགས་སུ་ལྷུང་བར་འགྱུར་རོ་ཞེ་ན། མཚན་མར་འཛིན་པའི་བློ་ལ་ལྟོས་ན་དེ་ལྟར་འགྱུར་བ་བདེན་མོད་ཀྱི། ཁོ་བོ་ཅག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་བར་གསུངས་པའི་ངེས་པས་དབུ་མ་དང་བདེ་བ་ཉིད་དུ་ཡང་འཛིན་པར་མི་བྱེད་པའི་ཕྱིར་རོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་ནི་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་སྒྲ་དང་རྟོག་པའི་ཡུལ་ལས་འདས་ཤིང་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེས་ན་ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་དབུ་མ་ཞེས་མིང་དུ་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟ་ན་ཕྱོགས་དེ་ཉིད་གང་ཞེ་ན། དྲི་མ་མེད་པའི་འོད་ལས། ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་ཡོད་པ་དང་མེད་པ་དང་ཡིན་པ་དང་མ་ཡིན་པ་དང་གཅིག་པ་དང་གཅིག་མ་ཡིན་པ་དང་རྟག་པ་དང་ཆད་པ་དང་སྲིད་པ་དང་མྱ་ངན་ལས་འདས་པ་དང་གཟུགས་དང་གཟུགས་མ་ཡིན་པ་དང་སྒྲ་དང་སྒྲ་མ་ཡིན་པ་དང་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དང་ཆགས་པ་དང་ཆགས་པ་མ་ཡིན་པ་དང་ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་རོ། །ཕྱོགས་འདི་དག་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དེ་གང་དུ་སྐྱེ་ཞེ་ན། འདི་ལ་ལས་དང་པོ་པ་རྣམས་ཀྱིས་ཚོགས་སྦྱོར་གྱི་གནས་སྐབས་སུ་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་གཟུགས་རྫོགས་པའི་མཐར་སྐྱེས་པ་འགྱུར་བ་མེད་པའི་ཡེ་ཤེས་སྐད་ཅིག་དང་པོ་ཐོབ་བོ། །བརྟན་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་མཐར་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་གཅིག་འཕོ་མེད་དུ་འགགས་ནས་ས་དང་པོ་མཐོང་བའི་ལམ་གྱི་ཡེ་ཤེས་ཐོབ་བོ། །དེ་བཞིན་དུ་ས་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པའི་མཐར་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་རེ་འཕོ་མེད་དུ་འགགས་པས་ས་བཅུ་གཅིག་པའི་བར་གྱི་ཡེ་ཤེས་རྣམས་རིམ་པས་ཐོབ་བོ། །སངས་རྒྱས་རྣམས་ཀྱིས་ནི་ས་བཅུ་གཅིག་པའི་མཐར་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འཕོ་མེད་དུ་འགགས་པས་ས་བཅུ་གཉིས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡོངས་སུ་རྫོགས་པར་ཐོབ་པ་ཡིན་ནོ། །དེས་ན་གཞུང་འདིའི་བསྟན་བྱའི་གཙོ་བོ་ནི་ཕྱི་མ་བཟུང་ངོ་། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དོན་དམ་པའི་རྡོ་རྗེའི་ཚིག་ནི། །བཞི་པ་དེ་ཡང་དེ་བཞིན་ཏེ། །ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་དེ་དག་ཉིད་རབ་ཏུ་གསལ་བར་བསྟན་པ་དང་བཤད་པ་དང་རབ་ཏུ་བཤད་པ་དག་གིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་བསྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་མ་ལ་སོགས་པ་མཚན་མའི་ལམ་རབ་ཏུ་གསལ་བར་མཛད་ཏེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་སྒོམ་པའི་ལམ་དུ་མ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་ལ། བླ་མའི་བཀས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ལ་ནི་ཡིད་ཆེས་པ་ཡོད་ཏེ། ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་བསྒྲུབ་ཐབས་ཉི་མ་གཅིག་གི་རྣལ་འབྱོར་པས་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང་བར་པའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་དུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་འཇིག་རྟེན་པའི་དངོས་གྲུབ་ཐོབ་བའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་ཏེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་གསུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་ལྷ་མོ་ཞེས་པ་ཇི་ལྟར་ཞེ་ན། དེ་བི་གསལ་བ་དང་བཀྲ་བ་ལ་ཡང་ངོ་ཞེས་པའི་བྱིངས་ལས་དེ་བི་ལྷ་མོའི་སྐད་དོད་དུ་གྲུབ་ཅིང་གཞིའི་གནས་སྐབས་སུ་རྩ་བ་དང་ཡན་ལག་གི་རླུང་བཅུའི་གནས་ཚུལ་བློ་འཁྲུལ་བའི་ངོར་དྲི་མ་དང་བཅས་པར་བཞུགས་པ་ལས་དྲི་མ་སྦྱོང་བའི་ལམ་ཡང་སྨིན་གྲོལ་གཉིས་ཡིན་ལ། །དེ་ཡང་རླུང་བཅུ་ལ་དར་དཔྱངས་ཀྱི་དཔར་བསྐུར་ཏེ་རླུང་བཅུ་ལ་བརྟེན་པའི་བསྐྱེད་རྫོགས་ལ་གནད་དུ་བསྣུན་པས་ཉིན་མཚན་གྱི་རྟགས་བཅུ་འགག་མེད་དུ་འཆར་ལ། དེ་ཉིད་གཞན་དཀྱིལ་འཁོར་གྱི་འཁོར་ལ་ལ་ནག་མོ་འབར་མ་ལ་སོགས་པའི་ལྷ་མོ་བཅུའི་རྣམ་པར་བཞེངས་པ་གཅིག་ཏུ་འདུས་པའི་བདག་ཉིད་ནི་སྣ་ཚོགས་ཡུམ་ཞེས་བྱའོ། །གཞན་ལས་ནི་རྡོ་རྗེ་ཕག་མོ་དང་རྡོ་རྗེ་བདག་མེད་མ་ལ་སོགས་པ་མིང་སྣ་ཚོགས་པས་བསྟན་པ་ཡིན་ནོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །རྒྱལ་བས་བླ་ན་མེད་པར་ཕྱེ། །མཐའ་དྲུག་གིས་བཅིངས་ནང་གི་དོན། །ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཕ་རོལ་ཕྱིན་པར་རབ་གསང་བ། །ལུས་སེམས་ནང་གི་བདག་ཉིད་བཤད། །ཅེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་ཟབ་མོའི་ནང་གི་དོན་དེ་ཉིད་གདུལ་བྱ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་གྱིས་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་དང་། དེར་མ་ཟད་ཕ་དང་མའི་རྒྱུད་ཕལ་ཆེ་བ་ཀུན་ཏུ་གསངས་ནས་མ་སྟེན་པ་གང་ཡིན་པ་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེའི་བཞུགས་ཚུལ་དང་། དེ་དག་གི་གནད་བཅིང་བའི་ཐབས་ལ་མཁས་པའི་ཁྱད་པར་དང་། དབང་གསུམ་པ་དང་བཞི་པའི་དོན་དུ་བ་ལ་སོགས་པ་རྟགས་དང་རྟགས་ཅན་གྱི་ལམ་འབྲས་བུ་དང་བཅས་པ་རྣམས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ལྟ་བུའི་ཚིག་གིས་སྦས་ནས་གསལ་བར་མ་གསུངས་ལ། དེ་ལྟ་ནའང་རྒྱལ་པས་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་བླ་ན་མེད་པའི་རྩ་བའི་རྒྱུད་ཁ་ཅིག་ཏུ་གསལ་བར་ཕྱི་མོད་ཀྱི་དེ་ཡང་མཐའ་དྲུག་དང་ཚུལ་བཞིས་བཅིངས་ནས་གསུངས་པས་གདུལ་བྱ་རྣམས་ཀྱིས་རྟོགས་པར་དཀའོ། །ཇི་ལྟར་རྟོགས་པར་དཀའ་ཞེ་ན་དེ་ལྟ་བུའི་ཟབ་མོ་ནང་གི་དོན་དེ་ནི་ཕྱི་རོལ་པའི་ཉན་ཐོས་ཀུན་ཏུ་རྒྱུ་དང་ཙ་ར་ཀ་པ་ལ་སོགས་པ་དང་། ནང་པའི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཕྱོགས་རེ་ལ་ཞུགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་རྣམས་ལ་རབ་ཏུ་ཆེས་གསང་བར་བྱ་བའི་དོན་ལུས་ངག་སེམས་གསུམ་གྱི་ནང་གི་བདག་ཉིད་ཤིན་ཏུ་ལྐོག་དུ་གྱུར་པ་དག་མངོན་སུམ་དུ་བྱ་བའི་ཕྱིར་བཤད་པར་བྱའོ་ཞེས་དམ་བཅའ་བའོ། །དེ་ལྟ་ན་ལུས་ངག་ཡིད་གསུམ་གྱི་ནང་གི་བདག་ཉིད་དེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་འོག་མ་རྣམས་དང་ཕྱི་ནང་གི་ཉན་ཐོས་རྣམས་ལ་གསངས་ནས་དབང་པོ་མཆོག་དུ་གྱུར་པ་ཁ་ཅིག་ལ་སྟོན་པར་མཛད་ན་བཅོམ་ལྡན་འདས་ཀྱིས་ཆོས་ལ་དཔེ་མཁྱུད་མཛད་པ་མ་ཡིན་ནམ་ཞེ་ན་དེ་ལྟར་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་ནི་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྐད་དང་དབང་པོ་དང་ཁམས་དང་བག་ལ་ཉལ་དང་སྐལ་བ་དང་འཚམ་པར་འབྱུང་བས་རང་གསང་དུ་གནས་པའི་ཕྱིར་དང་། དབང་པོ་མཆོག་ཏུ་མ་གྱུར་པ་ཁ་ཅིག་ཟབ་མོའི་གནས་ཐོས་ནས་ཤིན་ཏུ་སྐྲག་སྟེ་དམ་པའི་ཆོས་སྤོང་བར་འགྱུར་བ་དང་། སྔགས་པ་ངན་པ་རྣམས་རྫས་ལ་ལྷག་པར་ཆགས་པའི་དབང་གིས་རྒྱལ་པོ་ལ་སོགས་པ་ནོར་གྱིས་མངོན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་དམ་པའི་ཆོས་འཚོང་བར་འགྱུར་བ་དང་། མཁས་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་ཀྱང་རྒྱུད་ཀྱི་དོན་མི་ཤེས་ཤིང་དབང་བསྐུར་བ་མེད་པར་རྒྱུད་ཀྱི་སྟོན་པ་པོ་བྱེད་པའི་བདུད་ཀྱི་རིགས་ཆེན་པོ་རྣམས་མ་འོངས་པ་ན་འབྱུང་བའི་འཇུག་པ་མཁྱེན་ནས་ཟབ་མོའི་དོན་དེ་དག་མཐའ་དྲུག་དང་ཚུལ་བཞིའི་ཟ་མ་ཏོག་ཏུ་སྦ་བར་མཛད་པ་ཡིན་ནོ། །དོན་འདི་ནི་དྲི་མ་མེད་པའི་འོད་ལས་གསུངས་ཏེ། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་སྟེ། ཕྱུག་པོ་རྫས་ཀྱིས་མངོན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་འཚོང་བར་འགྱུར་བ་དང་། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར་པར་འགྱུར་བ་དང་། དང་པོ་རྒྱལ་པོ་ལ་སོགས་པའི་མངག་གཞུག་པ་ཕྱི་ནས་བླ་མར་འགྱུར་བ་དང་། རྫས་ཀྱིས་དམན་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་ཞིང་སེམས་ཅན་སྐལ་བ་ལྡན་པར་གྱུར་པ་གཞན་རྣམས་ལ་ཡང་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་འགྱུར་བ་དང་། དེ་རྣམས་ལ་ཉོན་མོངས་པ་སྐྱེ་བར་འགྱུར་བ་དང་རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང་། གཞན་ཡང་རྡོ་རྗེའི་ཚིག་མི་ཤེས་པ་དག་ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང་མཁས་པའི་མངོན་པར་ཁེངས་བས་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པར་འགྱུར་བ་དང་། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དབང་པོ་ལྔ་ལས་སྐྱེས་པའི་བདེ་བ་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང་། གསུམ་པ་ཤེས་རབ་ཡེ་ཤེས་དེ་ནི་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང་། འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་པར་ཁེངས་པས་གླེགས་བམ་མཐོང་ནས་དབང་བསྐུར་བ་མེད་པར་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱིས་འཇུག་པ་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་ཏེ། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་སྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་སྦས་ཤིང་རྩ་བའི་རྒྱུད་འགའ་ཞིག་ལས་རབ་ཏུ་གསལ་ལོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །དེ་ལ་མཐའ་དྲུག་ནི་གང་ཚུལ་བཞི་ནི་ཇི་ལྟ་བུ་ཞེ་ན། མཆོག་གི་དང་པོའི་སངས་རྒྱས་ལས། །དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་པའི་དོན། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་གསུངས་པ་ལས། འདི་ལ་བརྗོད་བྱ་དོན་གྱི་རྒྱུད་དང་བརྗོད་བྱེད་ཚིག་གི་རྒྱུད་གཉིས་ལས། བརྗོད་བྱ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་དྲང་བའི་དོན་དང་དགོངས་པ་ཅན་གཉིས། དོན་དམ་པའི་བདེན་པ་ལ་ལྟོས་ནས་ངེས་པའི་དོན་དང་དགོངས་པ་ཅན་མ་ཡིན་པ་གཉིས། བརྗོད་བྱེད་ཚིག་གི་རྒྱུད་ལ་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས་རྣམ་པར་གཞག་པའོ། །དེ་ལ་ཡང་དུས་ལ་དགོངས་པ་དང་དོན་ལ་དགོངས་པ་དང་བསམ་པ་ལ་དགོངས་པའོ། །དུས་ལ་དགོངས་པ་ནི་དཔེར་ན་རླུང་འཕོ་བ་བཅུ་གཉིས་འགགས་ནས་ས་བཅུ་གཅིག་པའི་མཐར་སྐད་ཅིག་གིས་སངས་རྒྱས་པ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །དོན་ལ་དགོངས་པ་ནི་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ལྷ་མཆོག་དབང་པོ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་ལ་ལོངས་སྤྱོད་པ་བཞིན་དུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པས་དེ་དང་མཉམ་པར་སྦྱོར་བ་ལ་དགོངས་ནས། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་སྒྱུ་མ་ཆེན་མོ་ལས་གསུངས་པ་ལྟ་བུའོ། །བསམ་པ་ལ་དགོངས་པ་ནི་ཕྱི་ཞིང་བཅུ་ནང་རླུང་བཅུ་གསང་བ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བསད་བར་བྱ་བ་ལ་དགོངས་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ལ་གནས་སྐབས་ཀྱི་དོན་དམ་པ་དང་མཐར་ཐུག་གི་དོན་དམ་པ་གཉིས་ལས། གནས་སྐབས་སུ་མི་དགེ་བ་སྤྱད་ན་ངན་སོང་དུ་སྐྱེ་པས། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་དང་། མཐར་ཐུག་གི་དོན་དམ་པའི་དབང་དུ་བྱས་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་ཏེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དྲང་བའི་དོན་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པ་དང་བརྡ་དང་ཕྱག་རྒྱ་དང་ཕྱིའི་སྦྱིན་སྲེག་དང་སྐྱེད་རིམ་དང་འབྲེལ་བའི་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་སྣ་ཚོགས་པ་གསུངས་པ་རྣམས་ཏེ། ཇི་སྐད་དུ་ཀྱཻ་རྡོ་རྗེ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་གསུང་སྦྱིན་བསྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེད་པ་དང་། །སྔགས་རབ་སྐུ་གཟུགས་སྦྱང་བ་དང་། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་དང་། ཞི་ལ་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་ལ་ནི་གྲུ་བཞི་པ། །བསད་པ་ལ་ནི་གྲུ་གསུམ་བརྗོད། །ཅེས་གསུངས་པ་ལྟ་བུའོ། །ངེས་པའི་དོན་ནི། རང་བཞིན་གྱིས་འོད་གསལ་བའི་དེ་བཞིན་གཤེགས་པའི་སྙིང་པོ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་། དེ་རྟོགས་པའི་ཐབས་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་འཕོ་མེད་དུ་འཆིང་པ་ལ་སོགས་པ་གསུངས་པ་རྣམས་ཏེ། ཀྱཻ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་པ་ལྟ་བུའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་ནི། ཀོ་ཊ་ཁྱ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་བསྟན་བཅོས་ལ་མ་གྲགས་པ་དེ་བཞིན་གཤེགས་པའི་གསང་བའི་སྐད་ཀྱིས་བརྗོད་པ་བཤད་པ་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཇི་སྐད་དུ་སྒྲོན་གསལ་ལས། ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་སྒྲར་གྱུར་པ། །འདི་ནི་ཇི་བཞིན་མིན་པར་སྒྲགས། །ཞེས་གསུངས་པ་ལྟ་བུའོ། །སྒྲ་ཇི་བཞིན་པ་ནི། མིང་དོན་འཇིག་རྟེན་པའི་བསྟན་བཅོས་ལ་གྲགས་པ་དང་མཐུན་པར་གསུངས་པ་རྣམས་ཏེ། །ཇི་སྐད་དུ་དུས་ཀྱི་འཁོར་ལོ་ལས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་ནོར་ལེན་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །ཞེས་གསུངས་པ་ལྟ་བུའོ། །ཚུལ་བཞི་ནི། ཡི་གེའི་དོན་དང་སྤྱིའི་དོན་དང་སྦས་པའི་དོན་དང་མཐར་ཐུག་གི་དོན་དང་བཞི་སྟེ། ཇི་སྐད་དུ་སྒྲོན་གསལ་ལས། ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་གསུངས་པ་ལྟར་རོ། །མཁས་པ་ཁ་ཅིག་ཕྱི་རོལ་པའི་ཉན་ཐོས་ཀུན་ཏུ་རྒྱུ་དང་ཙ་ར་ཀ་པ་ལ་སོགས་པ་ཞེས་འགྲེལ་བར་འབྱུང་བ་ནི། ཡི་གེ་ཉམས་པའི་ཐ་སྙད་ནོར་བ་སྟེ། ཕྱི་རོལ་པ་ལ་ཉན་ཐོས་ཀྱི་ཐ་སྙད་མི་རིགས་པའི་ཕྱིར་རོ་སྙམ་དུ་སེམས་པ་དེ་ནི་མ་ཡིན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པར་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་ཤེས་པ་འཕོ་བ་ཞེས་བྱ་བར་བཟུང་ཤིག །བཟང་སྐྱོང་གིས་ཞུས་པ་ཞེས་བྱ་བར་ཡང་བཟུང་ཤིག །ཅེས་གསུངས་པའི་འཕྲོས་ལས། དགེ་སློང་དག་ཁྱེད་ཀྱིས་དེང་ཕན་ཆད་མ་དད་པ་རྣམས་ལ་བཤད་པར་མི་བྱའོ། །ཀླན་ཀ་ཚོལ་བ་རྣམས་ལ་མ་ཡིན། གཅེར་བུ་པ་རྣམས་ལ་མ་ཡིན། གཅེར་བུ་པའི་ཉན་ཐོས་རྣམས་ལ་མ་ཡིན། གནས་གཞན་ལ་ཞུགས་པ་རྣམས་ལ་བཤད་པར་མི་བྱའོ། །མ་དྲིས་པར་ཡང་བཤད་པར་མི་བྱའོ། །དེ་བས་ན་གལ་ཏེ་ལ་ལ་འཁྲུལ་བར་གྱུར་ན་དེ་བཞིན་གཤེགས་པ་ལ་འཁྲུལ་བ་བྱས་པར་འགྱུར་རོ། །དགེ་སློང་ངམ་ཁྱིམ་ན་གནས་པ་གང་ལ་ལས་འདི་རྟོགས་པ་དེ་ནི་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་བྱ་བ་བཞིན་དུ་གུས་པ་བསྐྱེད་པར་བྱ་ཞིང་འདི་མཛོད་འཛིན་པ་ཡིན་ནོ་སྙམ་དུ་གཟུང་བར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། འདུལ་བ་ལུང་སྨན་གྱི་གཞི་ལས་ཀྱང་། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་སྟོན་པ་མིག་མཛེས་ཞེས་བྱ་བ་ཕྱི་རོལ་པའི་མུ་སྟེགས་རྫུ་འཕྲུལ་དང་ལྡན་པ་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཞིག་བྱུང་སྟེ། སྟོན་པ་མིག་མཛེས་ཀྱི་ཉན་ཐོས་བརྒྱ་ཕྲག་དུ་མ་དང་སྟོང་ཕྲག་དུ་མ་དང་བརྒྱ་སྟོང་ཕྲག་དུ་མ་བྱུང་ངོ་། །སྟོན་པ་མིག་མཛེས་ཉན་ཐོས་རྣམས་ལ་ཆོས་སྟོན་པ་ནི་ཤིན་ཏུ་ཟབ་པར་འགྱུར་བ་མ་ཡིན་ཤིན་ཏུ་དྲི་མ་མེད་པར་འགྱུར་བ་མ་ཡིན་ཞེས་གསུངས་སོ། །ཉན་ཐོས་ཀྱི་སྐད་དོད་ལ་ཤྲ་ཝ་ཀ་ཞེས་པ་ཡོད་ཅིང་ཚིག་འགྱུར་ཐོས་པ་སྒྲོགས་པ་དང་དོན་འགྱུར་ཉན་ཐོས་ཞེས་པ་ལོ་ཙཱ་བ་ཆེན་པོ་རྣམས་ལ་གྲགས་པའི་ཕྱིར་དང་། ཕྱི་རོལ་པ་ལ་ཐོས་པ་སྒྲོགས་པ་མེད་པར་འགྱུར་བའི་ཕྱིར་དང་། དེ་བཞིན་དུ་དྲང་སྲོང་དང་ཐུབ་པ་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་རྣམས་ལ་སངས་རྒྱས་པའི་མུ་སྟེགས་པ་ཞེས་དྲི་མ་མེད་པའི་འོད་ལས་གང་གསུངས་པ་དེ་ཡང་ཁྱེད་ལ་མ་གྲགས་པའི་ཕྱིར་ཐ་སྙད་ནོར་བར་འགྱུར་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ད་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་འདོད་པ་སུན་དབྱུང་བ་གསུངས་པ། གང་ཞིག་དེ་ཉིད་ཅེས་པ་ལ་སོགས་པ་སྟེ། འདིར་སངས་རྒྱས་པའི་མུ་སྟེགས་པ་གང་དག་ཕྱོགས་ཡོངས་སུ་འཛིན་ཏེ། རང་གི་ཕྱོགས་འཛིན་པ་དེས་གཞན་གྱི་ཕྱོགས་ཀྱང་འཛིན་པར་བྱེད་པར་འགྱུར་ཏེ། བྱིས་པའི་བློ་ཅན་དེ་རྣམས་ཀྱིས་དེའི་ཆོས་ཀྱི་ལམ་དེའི་ཆོས་མི་མཐུན་པས་སོ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་ལུས་སེམས་ནང་གི་བདག་ཉིད་དེ་གང་ཞེ་ན། ལུས་བདེ་བར་གཤེགས་པའི་སྙིང་པོ་དང་ངག་བདེ་བར་གཤེགས་པའི་སྙིང་པོ་དང་སེམས་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་དག་ཀྱང་ལུས་ངག་ཡིད་གསུམ་གྱི་ནང་དུ་ཆུད་པའི་སྙིང་པོ་ཡིན་པས་ནང་གི་བདག་ཉིད་ཡིན་ལ། དེ་དག་ཀྱང་། དྲི་མེད་རྒྱལ་བའི་སྙིང་པོ་ནི། ཞེས་བྱ་བ་ལ་སོགས་པ་བསྟན་བཅོས་མཐའ་དག་གིས་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བཤད་པ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་གཞག་པ། དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པའོ། །དང་པོ་ནི། དྲི་མེད་རྒྱལ་བའི་སྙིང་པོ་ནི། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་གསུངས་ཏེ། གཞུང་འདིའི་འབྲེལ་ནི། ལུས་སེམས་ནང་གི་བདག་ཉིད་བཤད། །ཅེས་པར་ལུས་བདེ་གཤེགས་སྙིང་པོ་དང་ངག་བདེ་གཤེགས་སྙིང་པོ་དང་སེམས་བདེ་གཤེགས་སྙིང་པོ་ཞེས་བཤད་པ་དེ་གང་ཞེ་ན། དྲི་མེད་རྒྱལ་བའི་སྙིང་པོ་ནི་ཞེས་འབྲེལ་ལོ། །འདི་ནི་མཆོག་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱའི་གཙོ་བོ་ན་བསམ་གྱིས་མི་ཁྱབ་པའི་གནས་བཞིས་མཁྱུད་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེ་ཉིད་བསྟན་བཅོས་འདིར་གཏན་ལ་འབེབས་ཤིང་རྟོགས་པར་བྱ་བ་ཡིན་པ་ལས། རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མས་ནམ་ཡང་གོས་པ་མེད་པའི་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་དུ་གྱུར་པའི་སྙིང་པོ་ནི་དྲི་མས་མ་དག་པའི་གནས་སྐབས་ལ་སེམས་ཅན་ཞེས་དང་། མ་དག་པ་དང་དག་པ་གཉིས་ལྡན་གྱི་གནས་སྐབས་ལ་ལམ་ལ་གནས་པ་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་དེ་བཞིན་གཤེགས་པ་རྣམས་རིམ་པ་བཞིན་དུ་སྦྱར་ནས་གཞི་ལམ་འབྲས་བུ་གསུམ་དང་། རྒྱུད་གསུམ་དང་། གཞི་དངོས་པོའི་གནས་ཚུལ། ལམ་སྐྱེ་བའི་རིམ་པ། འབྲས་བུ་མངོན་དུ་འགྱུར་ཚུལ་རྣམས་ཟབ་མོའི་མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་ཕྱིར་ན། བདེ་བར་གཤེགས་པའི་སྙིང་པོ་དེའི་དོན་རྟོགས་པར་བྱའོ། །དེ་ལ་རྡོ་རྗེ་ནི་འགྱུར་བ་མེད་པའི་སངས་རྒྱས་ཡིན་ལ། དེའི་ལམ་དུ་འགྲོ་བ་ནི་ཐེག་པ་སྟེ་རྒྱལ་བའི་སྲས་པོ་རྣམས་འགྲོ་བར་བྱེད་པ་འམ། སངས་རྒྱས་ཀྱི་སྙིང་པོ་ན་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་ཏེ་རྡོ་རྗེ་ཐེག་པའོ། །བསམ་གྱིས་མི་ཁྱབ་པའི་གནས་བཞི་པོ་གང་ཞེ་ན། སྙིང་པོ་དེ་གདོད་ནས་དྲི་མས་གོས་པ་མེད་པས་རང་བཞིན་གྱིས་རྣམ་པར་དག་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་ལྡན་པའི་ཕྱིར་སྒྲིབ་གཉིས་མ་སྤངས་བར་དུ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། གདོད་མ་ནས་ཀུན་ནས་ཉོན་མོངས་པ་དང་ལྡན་པས་དྲི་མ་དང་འབྲལ་མ་མྱོང་ཡང་རང་བཞིན་ལ་དྲི་མས་གོས་པ་མེད་པའི་ཕྱིར་དྲི་མ་དེ་གློ་བུར་བ་ཡིན་པས་རྫས་སུ་མ་གྲུབ་པ་བྱང་ཆུབ་ཀྱི་དོན་དང་། ཡེ་ནས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རྩ་བཞི་སྙིང་པོ་དང་དབྱེར་མེད་པར་གནས་ཀྱང་དཀར་ཆོས་ཀྱིས་སད་པར་མ་བྱས་ན་ནུས་པ་མི་འབྱིན་པ་ཡོན་ཏན་གྱི་དོན་དང་། སྐལ་བ་དང་དབང་པོ་ཇི་ལྟ་བར་འཇུག་པའི་ཕྲིན་ལས་ལྷུན་གྱིས་གྲུབ་ཀྱང་བྱ་བྱེད་ཀྱི་རྟོག་པ་མེད་པ་ཕྲིན་ལས་ཀྱི་དོན་ཏེ། དེ་དག་ནི་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ནོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པ་ནི། གང་བྱང་ཆུབ་པ་རྒྱུའི་རྒྱུད། གང་གིས་བྱང་ཆུབ་པ་ལམ་གྱི་རྒྱུད། གང་དུ་བྱང་ཆུབ་པ་འབྲས་བུའི་རྒྱུད་ཏེ་སྙིང་པོ་ཉིད་ལ་བརྟེན་པ་ཡིན་ནོ། །ཚུལ་འདི་ཉིད་མདོ་རྒྱུད་བསྟན་བཅོས་གང་ལས་གསུངས་ཞེ་ན། ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལྭ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྤངས་ནས་རས་སྲབ་མོས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བའི་བཻ་ཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་དང་ཡིད་འབྱུང་བའི་གཏམ་གྱིས་འཁོར་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་ཏེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་བས་ཞུས་པའི་མདོ་ལས་ཀྱང་གསལ་བར་གསུངས་ཤིང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་འབྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། འབྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱ་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་། །ཞེས་གསུངས་ལ། ཡང་དེ་ཉིད་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ཡིན་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་དང་དཔལ་ཕྲེང་གི་མདོ་ལས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ལགས་སོ། །ཞེས་གསུངས་ཞིང་། དེར་ལྟ་བའི་སེམས་ཅན་རྣམས་ཡང་དག་པའི་ལྟ་བ་ཅན་དུ་ཡང་གསུངས་ཏེ། དེ་ཉིད་ལས། བཅོམ་ལྡན་འདས་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་དད་པས་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་དེ་དག་ནི་ཡང་དག་པའི་ལྟ་བ་ཅན་དུ་གྱུར་པ་ལགས་སོ་ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་རྟག་པ་དང་བཅས་བདེ་བ་དང་བཅས་བདག་དང་བཅས་ཡོངས་སུ་གྲུབ་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ་ཞེས་དང་། རྔ་པོ་ཆེ་ཆེན་པོའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་རྟག་པ་ཉིད་ཀྱི་མདོ་འདི་ལྟ་བུ་འདི་དག་བོར་ནས་སྟོང་པ་ཉིད་ཀྱི་ལེའུའི་མདོ་དག་ལ་སློབ་པར་བྱེད་ཅིང་། དེ་ལ་ཁ་ཅིག་ནི་ཚིག་དང་ཡི་གེ་འདྲེན་པར་བྱེད། ཁ་ཅིག་ནི་ཕན་ཚུན་ཚིག་དང་ཡི་གེ་དག་སྤོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དོན་མི་ཤེས་པའི་མི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །ཞེས་དང་། སོར་མོའི་ཕྲེང་བའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བ་དག་ནི་བཙུན་པ་གཞན་མ་ཡིན་ཏེ། ངེས་པར་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བ་ཉམ་ཆུང་པ་ཡིན་ནོ། །དེ་དག་སྔོན་ཡང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་གྱུར་ཏེ་ད་ལྟ་ཡང་གང་སེམས་ཅན་ཞན་ཅིང་མཛེ་ན་བར་གྱུར་པ་རྣམས་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་སྐུ་རྟག་པར་ལྟ་བ་མཛེ་ན་བར་གྱུར་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །གང་སྔོན་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་ནི་བོང་ཆེན་པོར་འགྱུར་ཏེ། ད་དུང་ཡང་བོང་ཆེ་ཞིང་ཞན་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། བོང་ཆེན་པོ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་བ་ཞི་བའི་སྐུ་ལ་སུན་འབྱིན་པའོ། །གང་ཕན་ཚུན་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ་ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི། དེ་བཞིན་གཤེགས་པ་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །ད་དུང་ཡང་ཕན་ཚུན་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པ་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །མ་འོངས་པ་ན་ཡང་གང་སེམས་ཅན་ཕན་ཚུན་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པ་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་སྟེ། བཙུན་པ་གང་པོ། དེ་དག་ནི་ངེས་པར་གཞན་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྐུ་མི་གསལ་བའོ་ཞེས་སུན་འབྱིན་པའོ། །སྔོན་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་སྐྱེས་མ་ཐག་ཤི་སྟེ་མི་རྟག་པར་འགྱུར་རོ། །ད་དུང་ཡང་གང་སེམས་ཅན་ལ་ལ་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་དང་གསལ་བ་ལ་སྨོད་པའོ། །མ་འོངས་པ་ན་ཡང་གང་སེམས་ཅན་མི་རྟག་ཅིང་ཚེ་ཐུང་བར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ་དེ་དག་ནི་གཞན་མ་ཡིན་གྱི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་སྨོད་པའོ། །ཞེས་དང་། རྔ་བོ་ཆེ་ཆེན་པོའི་མདོ་ལས་ཀྱང་། ཀྱེ་མ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ། མཁས་པ་ཇི་ལྟར་རྒྱལ་པོ་གསལ་རྒྱལ་འགྲོ་བ་ལ་ཕན་པའི་དོན་དུ་གཡུལ་ངོར་རྔ་བོ་ཆེའི་སྒྲ་འབྱིན་པ་དེ་བཞིན་དུ་རྔ་བོ་ཆེ་ཆེན་པོའི་མདོ་འདི་བསྒྲགས་པ་ན། འགྲོ་བ་ལ་དཀོན་མཆོག་གསུམ་གྱི་བསྔགས་པའི་སྒྲ་བརྗོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་གསང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པའོ་ཞེས་སངས་རྒྱས་ཀྱི་གསང་བ་འདི་བསྒྲགས་སོ་ཞེས་དང་། ཡང་དེ་ཉིད་ལས་འོད་བསྲུངས་དེ་བཞིན་དུ་དེ་བཞིན་གཤེགས་པ་སངས་རྒྱས་པའི་དུས་མྱ་ངན་ལས་འདས་པ་ཉིད་ན་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་བདག་ཅེས་བྱ་བའི་ཚིག་གིས་གཞི་བསྟན་པ་ཡང་འཇིག་རྟེན་ལས་འདས་པའི་དུས་ན་བདག་ཅི་འདྲ་བ་དེ་འདྲ་བར་འགྱུར་ཞིང་། འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བ་གོམས་པར་བྱས་པའི་བདག་ཉིད་ཀྱང་ཟད་པར་འགྱུར་ཏེ། ཞེས་དང་། ཡང་ངས་ཀྱང་ཡུལ་ཙམ་པ་ན་གནས་པའི་མི་བཞིན་དུ་ཐོག་མར་བདག་མེད་པ་བསྟན་ནས་དེའི་འོག་ཏུ་བདག་ཡོད་པ་ཉིད་སྟོན་པར་འགྱུར་ཏེ། དེ་ཉིད་བདག་གིས་དེ་ཁོ་ན་ཉིད་ཀྱང་བཤད་དོ། །འོད་བསྲུངས་དེ་ལྟ་བས་ན་ཐབས་ལ་མཁས་པར་རིག་པར་བྱའོ། །ཞེས་དང་། ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཞི་བ་ཐེར་ཟུག་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས་ཆད་པ་དང་རྟག་པ་ཇི་ལྟར་མ་འཚལ་བར་འགྱུར་བ་ལགས། བཀའ་སྩལ་པ། ཇི་སྲིད་དུ་སེམས་ཅན་འཁོར་བ་ན་འཁྱམ་པ་དེ་སྲིད་དུ་བདག་འཇུག་པ་ཡིན་ཏེ། བདག་མེད་པའི་དོན་ནི་ཐེར་ཟུག་པ་དང་རྟག་པ་ཡིན་ནོ། །གལ་ཏེ་རྟག་པ་བཀག་ན་ཐེར་ཟུག་ཉམས་པར་འགྱུར་རོ། །ཞེས་དང་། ཡང་གལ་ཏེ་ཉོན་མོངས་པ་སྦྱང་བ་བྱས་ནས་དེའི་འོག་ཏུ་བདག་རྙེད་པར་འགྱུར་རོ། །བདག་དེ་ཡང་མདོ་དེ་ལྟ་བུ་ཐོས་པས་རྙེད་པར་མི་འགྱུར་གྱིས་ཐབས་ལ་མཁས་པས་སྐྱོ་བ་མེད་ཅིང་མ་བརྟགས་བརྩོན་འགྲུས་དྲག་པོ་དང་ལམ་རྣམ་པ་གསུམ་གྱིས་ཐོབ་པར་འགྱུར་ཞིང་། དེ་བས་ན་མདོ་འདི་ལྟ་བུ་འདི་དག་ལ་ཡིད་ཆེས་པར་འགྱུར་རོ་ཞེས་དང་། ཡང་དེ་ལྟ་བས་ན་དེ་དག་སྟོང་པ་ཆེན་པོ་ཉིད་ལ་རུང་བ་མིན་པ་ཆད་པ་དང་། རྟག་པས་འགྲིབ་པ་ཉིད་དང་འཕེལ་བ་ཉིད་དུ་སྨྲ་ཞིང་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་སྨོད་པ་དང་། སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཞེས་དང་། ཡང་། དེར་ཡང་གདུལ་བའི་སེམས་ཅན་དག་ཡོད་ན་སེམས་ཅན་དེ་འདྲ་བ་དག་གི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱོན་པ་ལ་ལྟོས་ཞེས་སྨྲ་ཞིང་དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་པ་དེ་ལྟ་བུ་དེ་ལྟོས་ཤིག་ཅེས་དང་། ཡང་། དེ་བཞིན་གཤེགས་པ་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པའོ། །ཞེས་བྱ་བར་ཐེ་ཚོམ་མེད་པར་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པའོ་སྙམ་པ་དང་། ཉིན་མཚན་རྟག་ཏུ་དེ་བཞིན་གཤེགས་པའི་ཡོན་ཏན་འདི་ལྟ་བུ་རྗེས་སུ་དྲན་པར་བྱེད་ན་དེ་བཞིན་གཤེགས་པ་རྟག་པ་མི་ཕྱེད་པའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་དང་། ཡང་། དེང་ཕྱིན་ཆད་སུ་ཞིག་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལ་ཡང་སྒྲོག་པར་བྱེད་ཅིང་། འདི་སྐད་ཅེས་དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པའོ་ཞེས་ཤེས་པར་བྱེད་པ་དང་། ཞེས་གསུངས་སོ། །སོར་མོའི་ཕྲེང་བ་ཅན་གྱི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བར་བྱེད་པ་དེ་དག་ནི་དཔེར་ན་གདོལ་པ་རྒྱལ་པོའི་བན་གླང་ལྟ་བུ་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་དབྱིངས་སྐྱེས་པ་མ་རྙེད་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་རང་ཉིད་ཀྱིས་བཙལ་ཡང་དབྱིངས་འབྱུང་བ་མ་རྙེད་ཏེ། སེམས་ཅན་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་མི་རྟག་པ་མ་རྙེད་ཏེ། སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་མ་རྙེད་ཏེ། སེམས་ཅན་ཐམས་ཅད་ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །ཞེས་དང་། ཡང་། སངས་རྒྱས་ཐམས་ཅད་ཀྱིས་མ་རྙེད་ཅེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་རྙེད་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་རྣམས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཡང་མ་རྙེད་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་ཡོད་དོ། །ཞེས་དང་། ཡང་། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་ཝ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་བསྐྱེད་ན་དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྷུང་བར་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མདོ་དེ་དག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་རྟག་བརྟན་ཐེར་ཟུག་ཡོད་པར་མཐོང་བ་ལ་ཕན་ཡོན་དང་། མེད་པར་ལྟ་བ་རྣམས་ཀྱི་སྐྱེ་གནས་ཀྱང་ལུང་བསྟན་ནས་འདུག་གོ །ཇི་སྐད་དུ་སྤྲིན་ཆེན་པོའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྟག་པ་དང་ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཐེར་ཟུག་པ་ཡང་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་དང་ཞི་བའོ་ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་བ་དང་། ཞེས་དང་། དཔལ་ཕྲེང་གི་མདོ་ལས་ཀྱང་། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་བསླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་བསླུ་བའི་ཆོས་ཅན་ནི་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ་ཞེས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་འདུས་མ་བྱས་ཀྱི་ཡོན་ཏན་ཅན་ཡོད་པར་གསུངས་ལ། རྗེ་བཙུན་བྱམས་པ་དཔོན་སློབ་ཀྱིས་ཀྱང་མདོ་འདི་རྣམས་ཁུངས་སུ་མཛད་ནས་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ་ཞེས་སྒྲ་ཇི་བཞིན་པར་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གྲུབ་ཅིང་། དེ་ཡོད་པར་ཤེས་པའི་ཕན་ཡོན་དང་མེད་པར་སྨྲ་བའི་འབྲས་བུ་དང་སྐྱེ་གནས་ལུང་བསྟན་པས། སེམས་ཅན་ལ་བདེ་གཤེགས་སྙིང་པོ་མེད་པར་འདོད་པ་དང་། དེ་དྲང་དོན་དུ་འདོད་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་རྒྱང་རིང་དུ་སྤང་བར་བྱའོ། །རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ་ཡང་དུས་ཀྱི་འཁོར་ལོ་ལས། ཐེར་ཟུག་དུ་གནས་སྙན་དང་ཤངས་དང་ཞབས་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་བསྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གི་བགྲོད་བྱ་ཐེར་ཟུག་གནས།ཞེས་དང་། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། ཞེས་དང་། རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་མཐུ་ལས་སོ། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། དེའི་འགྲེལ་པར་རྡོ་རྗེ་སྙིང་པོས། ཨེ་ཝཾ་ཡེ་ཤེས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ཤེས་ཆེན་པོ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པ་དང་བྲལ་བའོ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ཕུང་པོ་དྲུག་རྣམས་དང་དབང་པོ་དྲུག་རྣམས་དང་ཡུལ་དྲུག་རྣམས་དང་ལས་ཀྱི་དབང་པོ་དྲུག་རྣམས་ཏེ་དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ་ཞེས་དང་། དྲི་མ་མེད་པའི་འོད་ལས། སྟོང་པ་ཆེན་པོ་འགྱུར་མེད་ལྔ་གཅིག་ཏུ་འདྲེས་པར་གྱུར་པའི་རྣལ་འབྱོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། ཞེས་དང་། ཡང་དེ་ཉིད་ལས། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཆོག་ཏུ། མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་བཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་མཐར་ཐུག་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་བཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་ཕྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ་ཞེས་དང་། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་དང་། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་དང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་དང་། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་དང་། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང་། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་དང་། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་དང་། ཡང་དག་མཐར་གྱུར་ཁྱོད་ལ་འདུད། །ཅེས་གསུངས་ཤིང་། དབུས་མཐར། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ་ཡང་། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །སྟོང་པ་ཉིད་ཅེས་བརྗོད་པ་ཡིན། །ཞེས་གསུངས་སོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པར་སྟོན་པ་དཔལ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཀྱི་བར་དུ་དེ་བཞིན་གཤེགས་པའི་སྙིང་པོའི་དོན་དམ་པའི་མཚན་ཀྱི་རྣམ་གྲངས་འབའ་ཞིག་སྟོན་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་རྩེ་མོ་ལས་ཀྱང་། །དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །ཞེས་དང་། པདྨ་ཆུ་ཡིས་མ་གོས་ཤིང་། །འདམ་གྱི་ཉེས་པས་གོས་མི་འགྱུར། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །ཆོས་ཉིད་གཟོད་ནས་མ་སྐྱེས་པའི། །དེ་བཞིན་གཤེགས་སྙིང་འདི་གང་གི། །ཆོས་དང་ཆོས་ཉིད་སྟོང་གང་ཡིན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །ཅེས་དང་། དག་པ་དེ་བཞིན་གཤེགས་སྙིང་པོ། །སེམས་དཔའ་སྙིང་པོ་ཞེས་བྱར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །སེམས་ཅན་ཐམས་ཅད་བདག་དང་མཚུངས། །ཞེས་དང་། དབང་མདོར་བསྟན་ལས། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོང་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཞེས་གསུངས་སོ། །གཞན་ཡང་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་ལ་དགོངས་ནས་རྒྱུད་ཀྱི་རྒྱལ་པོ་ལས་སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ཡིན། །ཞེས་དང་། སེམས་དེ་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། སཾ་བཱུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ལུས་མུན་པའི་སྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་བྱ་བ་ལ་སོགས་པ་རྒྱུད་སྡེ་ཕལ་མོ་ཆེ་ནས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་སོ། །བསྟན་བཅོས་ལས་ཇི་ལྟར་གསུངས་པའི་ཚུལ་ཡང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། ཁམས་ནི་གནས་སྐབས་གསུམ་དག་ཏུ། མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་དཔེ་དབུ་དང་དོན་དགུ་སྦྱར་ནས་རྒྱ་ཆེར་གསུངས་ལ། དེའི་དོན་ནི་འདི་ཡིན་ཏེ། སངས་རྒྱས་ཀྱི་སྙིང་པོ་དྲི་མས་ཡེ་མ་དག་པའི་གནས་སྐབས་ལ་རྟེན་གྱི་སྒོ་ནས་སེམས་ཅན་ཞེས་དང་། དག་པ་དང་མ་དག་པ་གཉིས་ལྡན་གྱི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་ཞེས་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་དེ་བཞིན་གཤེགས་པ་ཞེས་རྟེན་གྱི་སྒོ་ནས་མིང་འདོགས་པར་མཛད་ལ། ཆོས་ཉིད་ཀྱི་སྒོ་ནས་དང་པོ་ལ་སེམས་ཅན་གྱི་ཁམས་གཞི་ཞེས་དང་། བར་པ་ལ་ལམ་ཞེས་དང་། ཕྱི་མ་ལ་འབྲས་བུ་ཞེས་པའི་མིང་འདོགས་པར་མཛད་དོ། །སྔ་མ་དང་ཕྱི་མ་ལ་དེ་ལྟར་རུང་དུ་ཆུག་མོད། བར་པ་ལ་དེ་ལྟར་རུང་བ་མ་ཡིན་ནོ་ཞེ་ན་ཤིན་ཏུ་ཡང་རུང་སྟེ། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་མཚན་བརྗོད་ཀྱི་བརྗོད་བྱ་སྒྱུ་འཕྲུལ་དྲ་བ་ཡང་ནམ་མཁའ་ལྟར་ཁྱབ་པས་དེ་གནས་སྐབས་གསུམ་ཡང་གཞི་ལམ་འབྲས་བུ་གསུམ་དུ་འགྱུར་རོ། །དཔེར་ན་ཡི་གེ་དང་ལྷ་རིས་སློབ་པའི་ཚེ་ཡི་གེ་དང་ལྷ་རིས་ཉིད་ལམ་དུ་བྱེད་པ་བཞིན་དུ་སངས་རྒྱས་དང་ཤེར་ཕྱིན་དང་རྡོ་རྗེའི་རྣལ་འབྱོར་ལ་སློབ་ཅིང་འདྲིས་པར་བྱེད་པ་ན། སངས་རྒྱས་དང་ཤེར་ཕྱིན་དང་རྡོ་རྗེའི་རྣལ་འབྱོར་ཉིད་ལམ་དུ་བྱེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་དང་། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་གསུངས་སོ། །ཡུམ་གྱི་འགྲེལ་པ་སྣོད་འཇོམས་ལས་ཀྱང་། གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་ཏེ། འོན་ཀྱང་སྔོན་གྱི་གནས་སྐབས་ན་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ་ལ། ཕྱི་མའི་གནས་སྐབས་ན་བྱང་ཆུབ་ཅེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་རྗེ་བཙུན་བྱམས་པ་དང་འཕགས་པ་ཐོགས་མེད་དཔོན་སློབ་ཀྱིས་གོང་དུ་དྲངས་པའི་མདོ་རྣམས་ཁུངས་སུ་མཛད་ནས་ངེས་པའི་དོན་དུ་བཀྲལ་བ་ཡིན་ནོ། །བྲམ་ཟེ་ཆེན་པོ་ས་ར་ཧས་ཀྱང་། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། མཁས་པ་བསྟན་བཅོས་ཐམས་ཅད་འཆང་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །གླང་ཆེན་རློམ་ནས་སེམས་ཚགས་ཚུད་པ་དེ། །དེ་ནི་འགྲོ་འོད་ཆད་ནས་ངང་ངལ་ཏེ། །འདི་ལྟར་རྟོགས་ན་གང་དུའང་དྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་དང་། བླ་མེད་སྙིང་པོ་ཐེག་པ་ཆེན་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་ནས་གདོད་ནས་འབྲས་བུར་གནས། །ཞེས་དང་། འབྲས་བུ་ཐོགས་པ་མེད་པར་གདོད་ནས་རང་ལ་གནས། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་སུ་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་སྐུ་ཡང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་དང་། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་ནུས་པ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོང་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་དང་། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐར་དྲི་མ་མེད། །ཇི་ལྟར་རིན་ཆེན་བཻ་ཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར་ཞེས་དང་། །ཇི་ལྟར་སྦུན་པས་གཡོགས་གྱུར་པས། །སོ་བ་འབྲས་བུ་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མ་བརྟག །ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང་། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་དང་། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱི་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་དང་། ཇི་ལྟར་སོ་ཀའི་དུས་སུ་ཆུ། །དྲོ་འོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པས་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་དང་། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། དད་པས་འོ་མ་འཐུང་བྱེད་ཅིང་། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ནས། །ཡེ་ཤེས་ལུས་ནི་གཅིག་གནས་ཀྱང་། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱང་། །ཅེས་དང་། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་དགེ་བའི་གཞི། །ཞེས་དང་། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཡིས་འོད་གསལ་མ་ཡིན་ནོ། །ཞེས་གསུངས་སོ། །མ་གཅིག་ལབ་ཀྱི་སྒྲོན་མེས་ན་ཉི་ཤུ་པར། ཡེ་ནས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་གསར་བུ་འདིས་ཀྱང་མི་ཡོང་ན། །ཞེས་གསུངས་སོ། །ཡང་དྲི་མ་མེད་པའི་འོད་ལས་མཚན་བརྗོད་ཀྱི་དོན་འཆད་པ་ན། ཉོན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་དོན་མི་ཤེས་པ། བླ་མ་དམ་པ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ་ཞེས་གསུངས་ལ། དེ་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དྲང་དོན་དུ་བཞེད་པ་རྣམས་ནི་ཡང་དག་པའི་ལྟ་བ་ཉམས་པ་ཡིན་ལ། རབ་ཏུ་ཉམས་པ་དེ་རྣམས་ཀྱིས་སངས་རྒྱས་གང་ཡིན་ལམ་ལས་སྐྱེས་པའི་སངས་རྒྱས་ཡིན་པས་འདུས་བྱས་སུ་སྨྲ་བ་དང་། སེམས་ཅན་ལ་བདེ་གཤེགས་སྙིང་པོ་རང་ཆས་སུ་མེད་ཅེས་པ་དང་། ཤེས་པ་ཐམས་ཅད་ལ་འདུས་བྱས་ཀྱིས། ཁྱབ་པས་ཤེར་ཕྱིན་དང་རྣམ་མཁྱེན་དང་ཡེ་ཤེས་དང་ཚད་མ་གང་ཡིན་ལ་འདུས་མ་བྱས་མི་སྲིད་དོ་ཞེས་དོན་དམ་པ་ལ་སྐུར་པ་འདེབས་པ་ལྟ་བའི་སྙིགས་མ་བདོ་བར་བྱས་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལས་ཉམས་པར་བྱེད་དོ་ཞེས་སོ། །དེས་ན་མཐར་ཐུག་གི་རྒྱུད་དང་ལྷ་དང་སངས་རྒྱས་རྣམས་འདུས་བྱས་སུ་འདོད་པ་དང་། ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་མ་ཡིན་པར། །འདོད་པའི་སྔགས་པ་དང་། ཕར་ཕྱིན་པ་རྣམས་ནི་མི་ཚེ་ལུག་རྫི་ལ་སྐྱེལ་ནས་ལུག་ངོ་མི་ཤེས་པ་དང་ཁྱད་པར་མེད་དོ། །འདིར་སྨྲས་པ། ཐབས་ལ་མཁས་པའི་དེད་དཔོན་གྱིས། །རྒྱ་མཚོའི་ཕ་རོལ་ནོར་བུ་ལེན། །གངས་རིའི་ཁྲོད་ནས་སྐལ་ལྡན་འགའ། །འཕགས་ཡུལ་མཁས་པའི་དབང་པོ་འཚོལ། །དབུལ་པོ་འགའ་ཡིས་རང་ཁྱིམ་གྱི། །ས་འོག་ནོར་བུ་མཐོང་བ་མེད། །རྟོག་དཔྱོད་མེད་པའི་སྐྱེ་བོ་རྣམས། །མཁས་པ་ཉེ་ཡང་མ་མཐོང་ངོ་། །གཞུང་འདི་རྟོགས་པའི་བློ་གྲོས་ཀྱིས། །ཟབ་དོན་མ་ལུས་སྣང་བར་བྱས། །ཉི་མའི་དཀྱིལ་འཁོར་འོད་འབར་བས། །དངོས་ཀུན་སྣང་བར་བྱས་ལ་ལྟོས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པ་ནི། ཐོག་མར་རྒྱུ་རྐྱེན་བསྟན་པ་དང་། །མངལ་སྐྱེ་བ་ལུས་ནི་འགྲུབ་པའི་ཚུལ། །དེ་ཉིད་རྩ་ཡི་རྣམ་བཤད་དང་། །རླུང་ནི་གནས་དང་རྒྱུ་བའི་ཚུལ། །ཐིག་ལེ་ཇི་ལྟར་རྒྱུ་བ་དང་། །རྣམ་ཤེས་ལ་སོགས་འབྲེལ་བའི་དོན། དེ་དག་སྣོད་ལ་སྦྱར་བ་དང་། །བསྐྱེད་པའི་ལྷ་རྣམས་གང་ཡིན་དང་། །ཆོས་ཀྱི་སྦྱང་གཞིར་བསྟན་པ་དང་། །ལམ་གྱི་རིམ་པར་བསྟན་པ་དང་། །དེ་རྣམས་འཇིག་ཅིང་བསྡུད་པའི་ཚུལ། །རྒྱལ་བས་བསྟན་པ་བཞིན་བཤད་བྱ། །ཞེས་གསུངས་ཏེ། ཐོག་མར་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་མངལ་སྐྱེས་ཀྱི་ལུས་ཇི་ལྟར་འགྲུབ་པའི་ཚུལ་བྱེ་བྲག་ཏུ་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་ལུས་དེ་ཉིད་ཀྱང་རྩའི་རྣམ་པར་བཤད་པའི་དུམ་བུ་དང་། དེའི་འོག་ཏུ་རྩའི་ནང་དུ་རྩ་བ་དང་ཡན་ལག་གི་རླུང་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་རླུང་དང་ལྷན་ཅིག་ཏུ་འཇུག་པའི་ཐིག་ལེ་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་རྩ་རླུང་ཐིག་ལེ་དང་གནས་སྐབས་བཞིའི་རྣམ་ཤེས་ལ་སོགས་པ་འབྲེལ་བའི་དོན་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་ནང་གི་དོན་དེ་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦྱར་ནས་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་གཞན་བསྐྱེད་པའི་རིམ་པར་ལྷ་རྣམས་ཀྱི་སྦྱང་གཞི་གང་ཡིན་པའི་གྲངས་དང་མཐུན་པར་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་རིམ་པར་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་རྩ་རླུང་ཐིག་ལེའི་གནང་འཆིང་བ་ལམ་གྱི་རིམ་པར་བསྟན་པའི་དུམ་བུ་དང་། དེའི་འོག་ཏུ་རྩ་རླུང་ཐིག་ལེ་དེ་རྣམས་འཇིག་ཅིང་བསྡུད་པའི་ཚུལ་བསྟན་པའི་དུམ་བུ་སྟེ་བཅུ་གཅིག་པོ་རྒྱལ་བས་ཐབས་དང་ཤེས་རབ་ཀྱི་རྒྱུད་རྣམས་སུ་ཕྱོགས་རེ་བ་དང་འདྲེས་མ་དང་། རྫོགས་པར་བསྟན་པ་བཞིན་དུ་བསྡུས་ཏེ་བཤད་པར་བྱའོ། །འདི་དག་གི་གོ་རིམ་གྱི་ངེས་པ་དུམ་བུ་སོ་སོའི་ཐོག་མར་འཆད་པར་འགྱུར་རོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། དུམ་བུ་བཅུ་གཅིག་གི་དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པ་ལ་སེམས་འཁྲུལ་བ་དང་མ་འཁྲུལ་བའི་ངོ་བོ་བཤད་པ། ཇི་ལྟར་འཁྲུལ་བའི་ཚུལ་རྒྱུ་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བ་དང་བཞི་ལས། དང་པོ་ལ། ངོ་བོ་དང་རྣམ་པ་གཉིས་ལས། དང་པོ་ནི། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་གསུངས་ཏེ། དེ་ལ་ཐོག་མར་རྒྱུ་རྐྱེན་བསྟན་པ་ནི་འཁོར་འདས་གཉིས་ཀའི་ཐུན་མོང་གི་གཞི་ཡིན་པའི་ཕྱིར་དང་པོ་ཁོ་ནར་བསྟན་པ་ཡིན་ནོ། །དེ་ཡང་ཐེག་པ་ཐམས་ཅད་ཀྱི་སྤྱི་སྐད་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་བདག་པོའམ་དབང་གི་རྒྱུ་ནི་སེམས་ཉིད་ཡིན་ནོ་ཞེས་གྲགས་ལ། དེ་ལ་དག་པའི་སེམས་དང་མ་དག་པའི་སེམས་གཉིས་ལས་དག་པའི་སེམས་ནི། །རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །ཆུ་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་པ་མེད། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ན། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། །ཅེས་གསུངས་པའི་སེམས་ཀྱི་དག་པ་དེ་ནི་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ལ་ནི་ཐོག་མ་མེད་ཏེ། དུས་ཀྱི་ཐོག་མ་དང་ཐ་མ་ལ་སོགས་པ་ནི་རྟོག་པས་སྒྲོ་བཏགས་པའི་ཕྱིར་དང་། དོན་དམ་པའི་རྟེན་འབྲེལ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅིང་རྟག་ཆད་ཀྱི་མཐའ་ལས་རྣམ་པར་གྲོལ་བའི་ཕྱིར། ཇི་སྐད་དུ་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། །འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དང་བྲལ་བའི་མཚན་ཉིད་ཏེ། །ཞེས་གསུངས་པ་ལྟར། སེམས་ཀྱི་དག་པ་དེ་ནི་སངས་རྒྱས་དང་སེམས་ཅན་གྱི་ཁམས་ལ་གཅིག་དང་ཐ་དད་དུ་བྱ་བའི་དབྱེ་བ་དང་རིས་མེད་པར་ཁྱབ་པས་རྒྱ་ཆད་པ་མེད་ཅིང་། རྟག་པ་དང་ཆད་པའི་ཕྱོགས་སུ་ལྷུང་བ་མ་མཆིས་སོ། །དག་པ་ཀུན་གཞིའི་ཡེ་ཤེས་ནི་མྱང་འདས་ཀྱི་རིགས་འདྲའི་རྒྱུ་དང་འཁོར་བའི་དབང་ངམ་བདག་པོའི་རྒྱུ་ཡིན་ལ། །མ་དག་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཁོར་བའི་དངོས་ཀྱི་རྒྱུ་ཡིན་ཀྱང་མྱ་ངན་ལས་འདས་པའི་ནི་མ་ཡིན་ནོ། །དེས་སངས་རྒྱས་ཀྱི་སྙིང་པོ་ཉིད་ལ་སེམས་སུ་བཞག་ཅིང་། འཁོར་འདས་ཐམས་ཅད་ཀྱི་མེད་ན་མི་འབྱུང་བའི་གཞིའི་དོན་དུ་བྱས་ནས། ཀྱཻ་རྡོ་རྗེ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །དེ་ཉིད་མྱ་ངན་འདས་པ་ཉིད། །ཅེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བྲམ་ཟེ་ཆེན་པོས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་དང་། རྒྱལ་བའི་ཡུམ་ལས་ཀྱང་། སེམས་ནི་སེམས་མ་མཆིས་པ་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོགས་མདོ་རྒྱུད་བསྟན་བཅོས་ལས་མང་དུ་གསུངས་པ་ནི་དག་པའི་སེམས་ལ་དགོངས་པ་ཡིན་ནོ། །སེམས་མ་དག་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི། མངོན་པ་ཀུན་ལས་བཏུས་པ་ལས། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསུངས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁྱུད་པ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བས་བསྡུས་པ་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །འདི་ལ་དགོངས་ནས་ལང་ཀར་གཤེགས་པ་ལས། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པ་དང་། དབུས་མཐའ་ལས་ཀྱང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་སོ། །འདི་ཉིད་ཀྱི་ཁྱད་པར་ནི་སློབ་དཔོན་དབྱིག་གཉེན་གྱིས་སུམ་བཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་ཏེ། དེ་བཞིན་ཉིད་ལ་ཡང་ཀུན་གཞིར་གསུངས་པས་དེ་དང་ཁྱད་པར་ཤེས་པའི་ཕྱིར་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་རྣམ་པར་ཤེས་པའི་སྒྲ་སྨོས་པ་ཡིན་ནོ། །རྐྱེན་ཉེ་བར་གནས་པའི་འཁོར་བའི་ཆོས་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པ་ཞེས་བྱ་ལ། རེག་པ་དང་ཡིད་བྱེད་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་སྟེ་ཀུན་འགྲོ་ལྔ་པོས་དུས་རྟག་ཏུ་བསྐོར་བའོ། །དེ་ཡང་ཚོར་བ་བཏང་སྙོམས་པ་ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། རྒྱུན་དུ་འབབ་པའི་ཆུ་བོ་བཞིན་དུ་དབང་པོ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་འཁོར་དང་བཅས་པའི་ས་བོན་ཐམས་ཅད་རྒྱུན་ཆད་པ་མེད་པར་འབབ་པ་ཡིན་ནོ། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ་ཞེས་པ་ནི་ཐེག་ཆེན་དགྲ་བཅོམ་པ་ལ་དགོངས་པ་ཡིན་གྱི་ཉན་ཐོས་དགྲ་བཅོམ་པ་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཉིད་དོ། །དེ་བཞིན་དུ་ཐེག་སྡུས་ལས་ཀུན་གཞི་ལ་མ་དག་པའི་ཀུན་གཞི་དང་དག་པའི་ཀུན་གཞི་གཉིས་སུ་བྱས་ནས་མ་དག་པའི་དབང་དུ་བྱས་ནས། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་མངོན་པའི་མདོའི་གཞུང་། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་པ་སྟེ། དེ་ལ་ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོ་དེར་སྦྱོར་བ་འམ། དེ་ཡང་དེ་དག་ཏུ་རྒྱུའི་དངོས་པོར་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡང་ན་སེམས་ཅན་དག་དེའི་བདག་ཉིད་དུ་སྦྱོར་བས་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པ་ལྟ་བུ་སྟེ། དེ་ནི་དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་བར་རྗེས་སུ་འཇུག་གི་བར་དུ་དེ་དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་བར་ཉེ་བར་བཟུང་བ་དང་། ལུས་ཉིད་མཚམས་སྦྱོར་བ་འབྲེལ་བ་ན་ཡང་དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་ཏེ། དེ་ལྟ་བས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་དང་། ཡང་མཚན་ཉིད་རྣམ་པར་གཞག་པ་ནི་གསུམ་སྟེ། ཀུན་གཞིའི་རྣམ་ཤེས་རང་གི་མཚན་ཉིད་ནི། ཡང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་འབྲས་བུའི་མཚན་ཉིད་དུ་རྣམ་པར་གཞག་པ་ནི། གང་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །ཞེས་དང་། བག་ཆགས་དེ་ཡང་དཀར་བ་དང་གནག་པའི་ཆོས་དེ་དག་ལྷན་ཅིག་ཏུ་འབྱུང་ཞིང་། འགག་ཀྱང་སེམས་ནི་དེའི་རྒྱུ་ཉིད་དུ་འབྱུང་ཞིང་། དེ་ལས་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་རྐྱེན་དུ་རྣམ་པར་གཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །སྣ་ཚོགས་པའི་བག་ཆགས་སྣ་ཚོགས་སུ་མ་དམིགས་པར་གནས་ཀྱང་ཕྱིས་ལས་སོ་སོར་བསྐྱེད་པ་ན། ཐ་དད་དུ་སྣང་བ་ནི་ཚིག་གུའི་རྐྱེན་དང་ལྡན་པའི་རས་མཚོན་གྱིས་བསྒྱུར་བས་སྣ་ཚོགས་སུ་འགྱུར་བ་བཞིན་ཏེ། འདི་ནི་མཆོག་ཏུ་ཟབ་པའི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་ཀུན་གཞིའི་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་དང་རྐྱེན་གྱི་མཚན་ཉིད་དུ་ལྟའོ། །དེ་ཡང་། གཅིག་ནི་རྐྱེན་གྱི་རྣམ་ཤེས་པ། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ལོངས་སྤྱོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་དབུས་མཐའ་ལས་འབྱུང་བ་བཞིན་དུ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐེག་བསྡུས་ཀྱི་གཞུང་འདིས་ཀུན་གཞིའི་རྣམ་པར་ཤེས་པ་ནི་སེམས་ཅན་གྱི་གནས་ཁྱད་པར་ཅན་དུ་བརྗོད་ལ། མྱ་ངན་ལས་འདས་པའི་རྒྱུ་ནི་མ་ཡིན་པར་བརྗོད་དོ། །འདི་ལ་ཁ་ཅིག་ན་རེ། ཀུན་གཞིའི་རྣམ་ཤེས་མྱང་འདས་ཀྱི་རྒྱུ་མ་ཡིན་ན་རྣམ་པར་བྱང་པའི་ཆོས་དེ་དག་གང་གིས་བསྐྱེད་ཅེ་ན། རྣམ་པར་བྱང་བའི་ཆོས་ཇི་སྙེད་པ་ནི་སྔར་བརྗོད་པའི་དག་པའི་སེམས་ཀུན་གཞི་ཡེ་ཤེས་ལ་བརྟེན་པ་སྟེ། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་ཉིད་ཡིན་ནོ། །རིགས་དེ་གཉིས་ལ་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོའི་སྐུ་ནི་དང་པོ་སྟེ། །ཞེས་གསུངས་ཅིང་། དེ་བཞིན་དུ་ཐེག་བསྡུས་ལས་ཀྱང་། དག་པའི་སེམས་ཀུན་གཞི་ཡེ་ཤེས་ཀྱི་ཆ་དེ་ལ་མིང་ཐོས་པའི་བག་ཆགས་ཞེས་བྱ་བ་ཐོས་པའི་རྐྱེན་གྱིས་གསོས་བཏབ་པ་ལས་མངོན་དུ་འགྱུར་བ་སྟེ། བྱང་སེམས་རྣམས་ཀྱི་ཆོས་སྐུའི་ཉེར་ལེན་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་གྲོལ་གྱི་རྒྱུར་གྱུར་པ་དེ་ནི་ཀུན་གཞིའི་རྣམ་ཤེས་མ་ཡིན་པར་དེའི་གཉེན་པོར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་ཇི་ལྟར་རུང་། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པས་དེའི་བག་ཆགས་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་བྱུང་བ་བརྗོད་དགོས་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་སོན་པ་ལས་དེ་བྱུང་ངོ་། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་། ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཡིན་ན་ནི་ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང་། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི་ཐོས་པའི་བག་ཆགས་དེའི་ས་བོན་གྱི་གནས་གང་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་ནི། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འགྱུར་ཏེ། ཐོས་བསམ་བསྒོམ་པ་ལན་མང་དུ་བྱས་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐུའི་ས་བོན་དུ་ལྟ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས། འཇིག་རྟེན་ལས་འདས་པའི་སེམས་ཆོས་ཀྱི་ས་བོན་དུ་གྱུར་པའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་། ངན་འགྲོ་དང་ཉེས་པ་ཐམས་ཅད་དངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་བལྟའོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱིས་བསྡུས་པས་ཆུང་ངུ་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལྟར་རྣམ་པར་སྨིན་པའི་ཤེས་པ་འབྲི་ཞིང་གནས་རྣམ་པ་ཐམས་ཅད་དུ་གྱུར་པ་དང་། ས་བོན་ཐམས་ཅད་བ་ཡང་མེད་པར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ན་དྲངས་མ་ཐག་པའི་ཐེག་བསྡུས་ཀྱི་ལུང་སྔ་ཕྱི་གཉིས་པོ་མ་མཐོང་ཞིང་མ་ཐོས་པའི་ལམ་འབྲས་པ་ཁ་གཅིག་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀུན་གཞི་རྒྱུ་རྒྱུད་དུ་ཁས་ལེན་པས་ནི་རང་གི་ནང་མཚང་ཐམས་ཅད་ངོམ་པར་བྱེད་པ་སྟེ། སྡེ་སྣོད་དང་རྒྱུད་སྡེ་རྣམས་ལ་སྦྱངས་པའི་མཁས་པ་རྣམས་ལ་ངོ་ཚ་བའི་གནས་ཡིན་ནོ། །ཡང་ལ་ལ་དག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞལ་གྱིས་མི་བཞེས་པ་སྐད་དུ་བྱས་ཏེ། ཀུན་གཞི་རྣམ་པར་ཤེས་པ་མེད་པར་ཁས་བླངས་ནས་བདག་ཏུ་འཛིན་པ་འཁོར་བའི་རྩ་བར་འདོད་པས་ཀྱང་ཆོས་མངོན་པའི་སྡེ་སྣོད་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་རིང་དུ་སྤངས་པས་གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་གསུངས་པའི་དོན་ལ་ཉམས་ལེན་དུ་བགྱིས་པ་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཇི་སྐད་དུ་བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བ་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །ཞེས་གསུངས་པའང་ཁྱེད་ཀྱིས་མ་གཟིགས་པས་ལན་ནོ། །ཡང་རང་བཞིན་གནས་རིགས་གསར་དུ་བྱུང་བ་མ་ཡིན་མོད། རྒྱས་འགྱུར་གྱི་རིགས་གསར་དུ་བྱུང་བ་ཡིན་ནོ་སྙམ་ན་དེ་ལྟར་ཡང་མ་ཡིན་ཏེ། ཚོགས་བརྒྱད་པོ་དེ་རྣམས་ལ་ཡང་རྣམ་ཤེས་ཀྱི་ཆ་དང་ཡེ་ཤེས་ཀྱི་ཆ་གཉིས་སུ་ཡོད་ལ། དེ་རྣམས་ཀྱི་དྲི་མ་མེད་པའི་ཡེ་ཤེས་བཞིའི་རང་བཞིན་དུ་བཞུགས་པ་དེ་ཉིད་རྒྱས་འགྱུར་གྱི་རིགས་དངོས་ཡིན་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་རྣམས་ལ་ཡང་རྒྱས་འགྱུར་གྱི་རིགས་མིང་གདགས་སུ་རུང་སྟེ། དེས་ཚོགས་བརྒྱད་པོའི་རྣམ་ཤེས་ཀྱི་ཆ་བཅོམ་པ་ལས་རྣམ་ཤེས་ཀྱི་འཁྲུལ་བ་མེད་པ་ན་གནས་གྱུར་པའི་ཡེ་ཤེས་ཀྱི་མིང་ཐོབ་པ་ཡིན་ཏེ། དབུས་མཐའ་ལས། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་གསུངས་པའི་ཕྱིར། དྲི་མ་མེད་པའི་ཆ་ནི་ཡེ་ཤེས་ཡིན་ལ། དྲི་མ་དང་བཅས་པའི་ཆ་ནི་རྣམ་ཤེས་ཡིན་ནོ། །ཇི་སྐད་དུ་མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་སོ། །འདིར་སྨྲས་པ། སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་། །རྒྱུད་སྡེའི་རི་དབང་རྩེར་སོན་མང་ན་ཡང་། །གཞུང་འདིའི་དགོངས་པ་ཇི་བཞིན་སྨྲ་བ་ནི། །ཁོ་བོ་མིན་པ་གཞན་གང་སུ་ཞིག་ཡོད། །ཅེས་སོ། །གཉིས་པ་རྣམ་པ་བཤད་པ་ནི། དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་ཏེ། རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་དེ་ཉིད་རྣམ་པར་རིག་པ་སྐད་ཅིག་མའི་རང་ངོ་མ་འགགས་པའི་རྣམ་པར་རོལ་པའི་སྣང་བ་ལས། རང་གི་ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཡང་རང་བཞིན་ནམ་རྣམ་པ་གསལ་བར་སྣང་བའི་སྟོང་པ་ཉིད་དང་གསལ་བ་གཉིས་སུ་མེད་པའི་སེམས་དེ་ནི་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེའི་རྣམ་པའམ་འཛིན་སྟངས་ནི་འཁོར་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་ཚོགས་དང་གཙོ་བོ་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པར་འགག་པ་མེད་པར་ཅིར་ཡང་འཆར་ཏེ། དེ་ཉིད་འཁོར་བའི་གནས་སྐབས་སུ་སེམས་ཡིད་རྣམ་ཤེས་གསུམ་དང་། སངས་རྒྱས་པའི་གནས་སྐབས་སུ་ནི་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པར་འཆར་བའོ། །ཇི་སྐད་དུ་ཆོས་ཀྱི་དབྱིངས་སུ་བསྟོད་པར། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཞེས་བྱ་བར་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བ་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་སོ། །གཉིས་པ་ཇི་ལྟར་འཁྲུལ་བའི་ཚུལ་ལ། །ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་དང་བཅས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ཉིད་རང་གིས་རང་མ་རིག །འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །ཞེས་གསུངས་ཏེ། སེམས་དེ་ཉིད་རང་གིས་རང་མ་རིག་པ་ཡང་གང་མ་རིག་ན། སེམས་དེ་ཉིད་རང་གི་ངོ་བོ་ཡེ་ནས་དག་པ་དེ་རང་གིས་རང་མ་རིག་པའོ། །གང་གིས་མ་རིག་ན་སེམས་ཀྱི་རང་ངོ་དེ་ཉིད་ལ་ཡུལ་ཡུལ་ཅན་གཉིས་མེད་ཀྱང་གཉིས་ལྟར་སྣང་བའི་མ་འགགས་པའི་རྩལ་གྱིས་མ་རིག །ཇི་ལྟར་མ་རིག་ན་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་རྒྱུ་རྐྱེན་ལྟར་སྣང་བའི་ཡིད་དང་། དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་དུ་བྱེད་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་མ་རིག་པ་བསྐྱེད། དེ་ལས་འདུ་བྱེད་ཀྱི་ལས་བསགས་པས་འཁོར་བ་འགྲུབ་སྟེ། དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཁོར་བའི་གཞིའམ་རྒྱུ་ཡིན་ལ། ཡིད་གཉིས་ནི་རྐྱེན་ཡིན་ནོ། །དེ་གཉིས་རྒྱུ་རྐྱེན་དུ་འགྱུར་བའི་ཚུལ་ཡང་། ཀུན་གཞིའི་རྒྱ་མཚོ་ལས་ཡིད་དེ་ཆུ་ལས་རླབས་གཡོ་བ་ལྟ་བུར་རྒྱུན་ཆད་མེད་པར་གཡོས་ཤིང་འདུས་བྱས་པ་ལས་འཁོར་བ་གྲུབ་པ་ཡིན་ནོ། །ཡིད་འདི་གཉིས་ལ་དགོངས་ནས་སུམ་བཅུ་པ་ལས། དེ་ལ་གནས་ཏེ་རབ་བྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་གསུངས་པ་སྟེ། ཡིད་སྔ་མ་འདི་ནི་ཀུན་གཞི་ལ་གནས་ནས་བྱུང་ཞིང་། ཚོགས་གཞན་དྲུག་པོ་སྐྱེ་ཞིང་འགག་པ་ན་ནུས་པ་ཀུན་གཞི་ལ་འཇོག་པར་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །འདིའི་ངོ་བོ་ནི་རྣམ་ངེས་ལས། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཞེས་གསུངས་པའི་དོན་རིག་ཡིད་ཀྱི་མངོན་སུམ་དུ་གྲགས་པ་དེ་ཡིན་ནོ། །ཡིད་གཉིས་པ་ནི་ཀུན་གཞི་ལ་དམིགས་ནས་ངར་འཛིན་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་རྟག་ཏུ་འགྲོགས་པ་དེ་ལ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། འདི་ལ་ནི་ཚད་མར་གྱུར་པ་མེད་ཅིང་། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བློ་ཐམས་ཅད་འདིས་བསྐྱེད་པར་བྱེད་པ་ཡིན་ནོ། །ཡང་སྔ་མ་དྲུག་ཡིད་དུ་འདོད་པ་དང་དོན་ལ་མེད་པར་འཆད་པ་ཐམས་ཅད་ནི་ཉན་ཐོས་པའི་ལུགས་ཀྱི་ཚོགས་དྲུག་ལ་ཞོན་ཅིང་། ཐེག་པ་ཆེན་པོའི་ཚོགས་བརྒྱད་ཀྱི་རྣམ་པར་གཞག་པ་མ་ཤེས་པར་ཟད་དོ། །ཡིད་འདི་གཉིས་ཀྱི་རྣམ་པར་དབྱེ་བ་ནི་ཐེག་བསྡུས་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། དེ་ལ་ཡིད་ནི་རྣམ་པར་གཉིས་ཏེ། དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་བདག་ལ་ཆགས་པ་དང་མ་རིག་པ་དང་རྟག་ཏུ་མཚུངས་པར་ལྡན་པ་སྟེ། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ། གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་ཏེ། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་འཁོར་བའི་འཁྲུལ་བ་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་འདི་ཡིན་ལ། འགོག་པའི་སྙོམས་འཇུག་གི་གནས་སྐབས་ན་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་གི་གནས་སྐབས་ན་ཡོད་པའི་ཁྱད་པར་ཡང་ཤེས་དགོས་སོ། །དེས་ན་ཡིད་སྔ་མ་ནི་ཀུན་གཞི་ལས་ཚོགས་དྲུག་སྐྱེ་བའི་གནས་སུ་གྱུར་པ་དང་། དཀར་ཆོས་དང་འགྲོགས་པ་ལས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་གྱི་རྒྱུར་གྱུར་པ་དང་། ཡིད་ཕྱི་མ་ནི་ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བ། ངའོ་སྙམ་པའི་ང་རྒྱལ། བདག་ཆགས་མ་རིག་པ་དང་མཚུངས་ལྡན་ཏེ་བཞིས་རྟག་ཏུ་འཁྱུད་པས་འཁོར་བ་བསྐྱེད་པའོ། །རྣམ་ཤེས་ཚོགས་བརྒྱད་དུ་བྱེད་པའི་ཚེ་ཡིད་གཉིས་པོ་ཉོན་ཡིད་གཅིག་པུར་བསྡུའོ། །དེ་ལྟར་ཡིད་གཉིས་ཀྱི་རྣམ་པར་དབྱེ་བ་འདི་མེད་ན། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་པར་ཤེས་པ་དེ་ཡིད་ཏེ། །ཞེས་ཚོགས་དྲུག་འགགས་མ་ཐག་པའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་ཡིད་ཅེས་བྱ་བ་ཚོགས་དྲུག་གི་རྣམ་ཤེས་སྐྱེ་པ་དང་འགགས་པ་ན་ནུས་པ་ཀུན་གཞི་ལ་འཇོག་པར་གསུངས་པ་དང་། ཀུན་གཞི་ལ་ཐིམ་ཞིང་དེ་ལས་སླར་ལྡང་བའི་ཚུལ་ནི་ཤེས་ཤིང་། དེ་མ་ཤེས་པས་མིག་གི་རྣམ་པར་ཤེས་པའི་རིགས་འདྲ་སྔ་མ་འགགས་པ་ལས་རྣམ་པའི་རྣམ་ཤེས་སྐྱེ་པ་ལྟ་བུར་རྒྱུ་འབྲས་རིགས་མི་མཐུན་དུ་ཁས་ལེན་དགོས་པ་དང་། དྲུག་པོ་འགགས་ཙམ་དེ་ནི་མེད་དགག་ཡིན་པས། རྒྱུ་མེད་ལས་སྐྱེ་བ་སོགས་ཁས་བླང་དགོས་པའི་ཉེས་པས་རེག་གོ །དེས་ན་ཡིད་སྔ་མ་ནི་ཀུན་གཞི་ལས་ཚོགས་དྲུག་སྐྱེ་ཞིང་སྡུད་པའི་མཚམས་སྦྱོར་གྱི་བྱེད་ལས་ཅན་དག་སྟེ་གཞན་ལ་མེད་པའི་ལེགས་པར་བཤད་པའོ། །གཉིས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ནི། དོན་དང་འཛིན་པ་གཉིས་སྣང་བ། །རང་གིས་རང་ལ་གཏད་ཅིང་གཟུང་། །ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་གཟུང་རྣམ་ཤེས་བྱུང་། །བླང་དོར་བྱེད་ལས་ཚོར་བ་སྐྱེ། །དེ་ལས་མཚན་འཛིན་འདུ་ཤེས་ཏེ། །འདུས་བྱས་ཡུལ་སྣང་གཞན་དུ་བརྟགས། །ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་ཅེས་གསུངས་ཏེ། སྔར་བཤད་པའི་སེམས་དང་ཡིད་ཆུ་རླབས་ལྟར་གཡོས་པ་ལས་ཇི་ལྟར་འབྱུང་ཞེ་ན། དོན་གཟུགས་སོགས་ཡུལ་དྲུག་དང་འཛིན་པ་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་དྲུག་དོན་ལ་ཐ་དད་མེད་ཀྱང་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་གཉིས་སྣང་གི་ཤེས་པ་སྐྱེ། ཤེས་པའི་ཆ་ཡུལ་རང་གིས་རང་ལ་རྣམ་པ་གཏད་ཅིང་གཟུང་བ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྟེན་འབྲེལ་གྱིས་སྣང་བ་སྐྱེ། དེ་ལས་སྣང་བ་དེ་ཡུལ་ལ་མཆེད་པའི་མཆོད་པ་སྐྱེ། དེ་རྣམ་པར་རྟོག་པ་དང་འབྲེལ་བ་ལས་དོན་མཐོང་བར་བྱེད་པས་ཡུལ་ལ་ཐོབ་པ་སྐྱེའོ། །དེ་ལྟར་ཚོགས་དྲུག་གི་སྣང་བ་སྐད་ཅིག་མ་དེའི་རང་ངོ་ལ་འཁྲུལ་པ་མེད་ཀྱང་སྐད་ཅིག་མ་དེ་ལས་མུ་མཐུད་ནས་ཡིད་དེ་ཕྱི་རོལ་དུ་འགྱུས་པའི་སྣང་ཆ་ལས་ཡུལ་དེ་ཉིད་ལ་དོན་དུ་བཟུང་བ་བྱུང་ཞིང་དེ་ལས་རྣམ་ཤེས་ཚོགས་དྲུག་བྱུང་བ་ཡིན་ནོ། །འདི་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཡུལ་དབང་རྣམ་ཤེས་གསུམ་གྱི་ས་བོན་རྒྱུན་ཆད་མེད་པར་རྒྱུ་དང་འབྲས་བུའི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ། རྡོ་རྗེ་རྩེ་མོ་ལས། ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་ལ། དཔལ་ཕྱོགས་ཀྱི་གླང་པོས་ཀྱང་། ནང་གི་ཤེས་བྱ་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་དང་། དེའི་འགྲེལ་པར། ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་ཕྱི་རོལ་གྱི་དོན་ལྟ་བུར་སྣང་བ་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང་དེ་ལས་སྐྱེས་པ་ཡིན་པས་ཆོས་གཉིས་དང་ལྡན་པའི་ཕྱིར་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །ཞེས་དང་། ཡང་ལྷན་ཅིག་སྐྱེས་པ་ཡིན་ཀྱང་རྐྱེན་དུ་འཐད་པ་དང་། ནུས་པ་འཇོག་པས་རིམ་གྱིས་ཀྱང་མི་འགལ་བ་དང་། ནུས་པ་ལ་དབང་པོ་ཡང་ཡིན་པས་མི་འགལ་བ་བསྟན་པའི་ཕྱིར། ཅི་ཡང་མི་འཁྲུལ་ཕྱིར་ན་རྐྱེན། །ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ལྷན་ཅིག་བྱེད་དབང་ནུས་པ་ཡིས། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་བྱ་བ་ལ་སོགས་པ་དམིགས་པ་བརྟག་པར་གསུངས་སོ། །དོན་རྣམ་པར་འབྱེད་པའི་རྟེན་འབྲེལ་གྱིས་ངོ་བོ་ཕུང་པོ་ལྔའི་འགྲུབ་རིམ་ནི། སྔར་བཤད་པའི་སེམས་དེ་ཉིད་རྣམ་པར་ཤེས་པའི་ཕུང་པོ་དང་། འདུ་བྱེད་ཡིད་ཀྱི་གཡོ་བ་ནི་འདུ་བྱེད་ཀྱི་ཕུང་པོ་དང་། དེ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་ཐོབ་པ་ངེས་བདེ་སྡུག་པར་མ་གསུམ་ཉམས་སུ་མྱོང་བའི་ཡུལ་ཡིད་འོང་ལ་བླང་བྱ་དང་ཡིད་མི་འོང་ལ་དོར་བྱ་དང་། བར་མ་ལ་བཏང་སྙོམས་སུ་བྱེད་པ་ལས་ཚོར་བ་སྐྱེ་ཞིང་། དེ་ལས་ཡུལ་དེ་ལ་ངོ་བོ་དང་ཁྱད་པར་དུ་མཚན་མར་འཛིན་པའི་འདུ་ཤེས་སྐྱེ། འདུ་ཤེས་ངེས་འདུས་བྱས་པའི་ཡུལ་དུ་སྣང་བ་གཞན་དུ་བརྟགས་ཤིང་མངོན་པར་ཞེན་པ་ལས་གཟུགས་ཀྱི་ཕུང་པོ་གྲུབ་པ་ཡིན་ནོ། །གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་བཤད་པ་ལ། རྒྱུ་དྲུག་དང་རྐྱེན་བཞི་ལས། དང་པོ་ནི། ཁམས་ལྔ་རྣམ་པར་ཤེས་དང་དྲུག །རྒྱུ་ཞེས་རྟོག་པས་ཐ་སྙད་བྱས། །ཞེས་གསུངས་ཏེ། ཐེག་པ་སྤྱི་སྐད་ལ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་རྣམ་པར་ཤེས་པའི་ཁམས་དང་དྲུག་པོ་ནི་ཕྱི་ནང་གི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞེས་དོན་མཐུན་གྱི་རྟོག་པས་ཐ་སྙད་བྱས་པ་ཡིན་ལ། ས་ལ་སོགས་པའི་ངོ་བོ་ནི་སྲ་ཞིང་བརྟན་པ། བརླན་ཞིང་གཤེར་བ། ཚ་ཞིང་བསྲེག་པ་ཡང་ཞིང་གཡོ་བ་སྟོང་ཞིང་གོ་འབྱེད་པ་རྣམས་རིམ་པ་བཞིན་ས་ལ་སོགས་པའི་ཁམས་ལྔའི་མཚན་ཉིད་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ནི་སྔར་བཤད་ཟིན་ཏོ། །གཉིས་པ་རྐྱེན་བཞི་བཤད་པ་ནི། དེ་ཡི་བག་ཆགས་ཀུན་གཞི་ལ། །བསགས་པ་རྒྱུ་ཡི་རྐྱེན་ཞེས་བྱ། །བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བའི་རིག་བྱ་སྟེ། །དེ་མ་ཐག་པའི་རྐྱེན་ཞེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་དྲུག་པའི་ཡིད་དང་བཅས། །ཞེས་གསུངས་ཏེ། དེ་ཡང་ཕྱི་ནང་གི་ཆོས་དེའི་བག་ཆགས་ཀུན་གཞི་ལ་བསགས་པའི་ས་བོན་ཐམས་ཅད་པ་ལ་ནི་རྒྱུའི་རྐྱེན་ཞེས་བྱ་སྟེ། དེ་མེད་ན་སྣོད་བཅུད་རྣམས་སྣང་བར་བྱེད་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཐེག་བསྡུས་ལས། ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་། སྨིག་སྒྱུ་དང་རྨི་ལམ་དང་རབ་རིབ་ལྟ་བུའི་ཕྱིར། །དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ས་བོན་དུ་དེ་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་བས་ཡོད་དགོས་སོ་ཞེས་གསུངས་སོ། །བདག་པོའི་རྐྱེན་ནི་ཡུལ་ཤེས་གཉིས་ཀྱི་བར་དུ་སྣང་བའི་མིག་ལ་སོགས་པའི་དབང་པོ་ལྔ་དང་། དྲུག་པ་ཡིད་ཀྱི་ཤེས་པའི་བདག་རྐྱེན་ཡིད་དབང་སྟེ་དྲུག་པོ་ཡིན་ལ། བར་དུ་སྣང་བའི་ཚུལ་ཡང་ཡིད་ཀྱི་དབང་པོ་མ་གཏོགས་པ་རྣམས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་གྱུར་པས་ན་གཟུགས་ཅན་དང་། མཚན་གཞི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལ་སོགས་པ་ནང་གི་བདག་ཉིད་ཀྱི་དད་པའི་རྡུལ་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་མི་ཤེས་སྔ་མའི་སྟེང་ན་མིག་གཟུགས་ལ་འཇུག་པའི་ནུས་པ་ཁྱད་པར་བ་ཡོད་པ་ལ་མིག་དབང་ལ་སོགས་པར་བཞེད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་ཚོགས་དྲུག་སྐྱེ་བའི་གནས་སུ་གྱུར་པའི་ཡིད་དེ་སྟེང་ན་མིག་ཤེས་ཡུལ་ལ་འཇུག་པ་ལ་སོགས་པའི་ནུས་པ་ཁྱད་པར་ཅན་ཡོད་པ་ལ་བྱེད་པ་ཡིན་ནོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ཏུ་སྣང་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཚོགས་དྲུག་གིས་རིག་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་དབྱེ་བ་དང་། སྒྲ་ནི་རྣ་བའི་ཡུལ་བ་ཏེ་ཟིན་པ་ལ་སོགས་པ་བརྒྱད་དང་། དྲི་ནི་སྣའི་ཡུལ་ཏེ་ཞིམ་པ་ལ་སོགས་པ་བཞི་དང་། རོ་ནི་ལྕེའི་ཡུལ་ཏེ་མངར་པ་ལ་སོགས་པ་དྲུག་དང་། རེག་བྱ་ནི་ལུས་ཀྱི་ཡུལ་ཏེ་འཇམ་པ་ལ་སོགས་བཅུ་གཅིག་དང་། ཆོས་ནི་ཡིད་ཀྱི་ཡུལ་ཏེ་འདུས་བྱས་དང་འདུས་མ་བྱས་པ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་ལྔ་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པ་གང་དང་གང་འགགས་པའི་དེ་མ་ཐག་ཏུ་བྱུང་བའི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་གནས་དེ་ཡིན་ཏེ། འགགས་མ་ཐག་པ་ནི་མེད་དགག་ཡིན་པ་སོགས་སྔར་བཤད་པ་ལྟར་རོ། །དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་ཀྱི་རྣམ་གཞག་བྱེད་པའི་ཚེ། །དུ་མ་སྤུངས་པ་ལ་ཕུང་པོ་དང་། བྱེད་པ་པོ་དོན་གཞན་མེད་ཅིང་རང་གི་མཚན་ཉིད་འཛིན་པ་ཁམས་ཏེ། བཅོ་བརྒྱད་ཀྱི་དབྱེ་བ་དང་བཅས་པ་དང་། རྣམ་པར་ཤེས་པ་སྐྱེ་བའི་སྒོ་ཡིན་པས་ན་སྐྱེ་མཆེད་ཏེ་བཅུ་གཉིས་ཀྱི་དབྱེ་བ་དང་བཅས་པ་རྣམས་ཡིན་ནོ། །དེ་དག་ནི་ཡི་གེའི་དོན་དང་སྤྱིའི་དོན་གྱི་ཚུལ་དུ་བཤད་པ་ཡིན་ལ། མཐར་ཐུག་གི་དོན་ནི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་ནི་རྣམ་ཤེས་ཚོགས་བརྒྱད་དུ་མ་འདུས་པ་མེད་ལ། དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལ་འདུས་ཤིང་། དེ་ཡང་ཀུན་གཞིའི་ཡེ་ཤེས་ཉིད་ལ་འདུས་པས་ཆོས་ཐམས་ཅད་ནི་ཀུན་གཞིའི་ཡེ་ཤེས་སམ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་གཞོལ་ཞིང་འབབ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །སྦས་པའི་ཚུལ་དུ་བཤད་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལ་ཡང་དངས་མ་ཡེ་ཤེས་ཀྱི་ཆ་རེ་དང་སྙིགས་མ་རྣམ་ཀྱི་རྣམ་ཤེས་ཀྱི་ཆ་རེ་ཡོད་ལ། དྭངས་སྙིགས་གཉིས་ཀ་ཚོགས་པ་སྦྱང་གཞི་དང་སྙིགས་མ་སྤྱད་བྱར་བྱས་ནས་སྦྱོང་བྱེད་སྨིན་གྲོལ་གཉིས་ཀྱིས་སྦྱངས་པས་སྦྱངས་འབྲས་ཆོས་སྐུ་མངོན་དུ་བྱེད་པ་ཡིན་པ་ལས། སྨིན་བྱེད་དབང་གིས་དྲི་མ་སྦྱོང་བའི་ཚུལ་ནི། རང་གི་ལུས་ཀྱི་ནམ་མཁའ་རླུང་མེ་ཆུ་སའི་ཁམས་ལྔ་དང་བུམ་པ་བཅུ་པོའི་ཆུ་རྣམས་རིམ་པ་བཞིན་དུ་རྡོ་རྗེ་དབྱིངས་ཕྱུག་མ་སྒྲོལ་མ་གོས་དཀར་མོ་མཱ་མ་ཀཱི་སངས་རྒྱས་སྤྱན་མ་རྣམས་སུ་བསྐྱེད་ཡེ་ཤེས་པ་གཞུག་རྒྱས་གདབ་དབང་བསྐུར་མཆོད་ཏེ་ཞུ་བ་ལས་བྱུང་བའི་དབང་རྫས་བུམ་པའི་ཆུར་གྱུར་པ་ཡུམ་ལྔས་ཐོགས་ནས་ཁམས་ལྔ་ལ་དབང་བསྐུར་བར་བསམས་ནས་ཁམས་ལྔ་ཡུམ་ལྔར་བསྒྱུར་ཞིང་ཁམས་ལྔའི་དྲི་མ་འཁྲུད་ཡུམ་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་། ཡུམ་ལྔའི་ནུས་པའམ་ས་བོན་འཇོག །འབྲས་བུ་ས་དང་པོ་ཐོབ་པར་བྱེད་པ་ཆུའི་དབང་ངོ་། །ཡང་རང་གི་ལུས་ཀྱི་རྣམ་པར་ཤེས་པ་འདུ་བྱེད་ཚོར་བ་འདུ་ཤེས་གཟུགས་ཀྱི་ཕུང་པོ་ལྔ་དང་དབང་རྫས་ཅོད་པཎ་ལྔ་རིམ་པ་བཞིན་དུ་མི་བསྐྱོད་པ་དོན་ཡོད་གྲུབ་པ་རིན་ཆེན་འབྱུང་གནས་འོད་དཔག་མེད་རྣམ་པར་སྣང་མཛད་ལྔར་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར་པ་སངས་རྒྱས་ལྔས་ཐོགས་ནས་ཕུང་པོ་ལྔ་ལ་དབང་བསྐུར་བར་བསམས་ལ་ཕུང་པོ་ལྔ་སངས་རྒྱས་ལྔར་བསྒྱུར་བས་ཕུང་པོ་ལྔའི་དྲི་མ་འཁྲུད་སངས་རྒྱས་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་སངས་རྒྱས་ལྔའི་ས་བོན་བཞག །འབྲས་བུ་ས་གཉིས་པ་ཐོབ་པར་བྱེད་པ་ཅོད་པན་གྱི་དབང་ངོ་། །ཡང་རང་གི་ལུས་ཀྱི་མཉམ་གནས་གྱེན་རྒྱུ་ཁྱབ་བྱེད་ཀླུ་རུས་སྦལ་རྩངས་པ་ལྷ་སྦྱིན་ནོར་ལས་རྒྱལ་སྲོག་ཐུར་སེལ་གྱི་རླུང་སྟེ་བཅུ་དང་དར་དཔྱངས་བཅུ་པོ་རྣམས་རིམ་པ་བཞིན་དུ་ནག་མོ་འབར་མ་དམར་མོ་འབར་མ་དཀར་མོ་འབར་མ་སེར་མོ་འབར་མ་དུ་བ་མ་སྨིག་རྒྱུ་མ་མཁའ་སྣང་མ་མར་མེ་མ་རྡོ་རྗེ་དབྱིངས་ཕྱག་མ་སྣ་ཚོགས་ཡུམ་རྣམས་སུ་བསྐྱེད་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་དབང་རྫས་དར་དཔྱངས་སུ་གྱུར་པ་ནུས་མ་བཅུས་ཐོགས་ལ་རླུང་བཅུ་ལ་དབང་བསྐུར་བར་བསམས་ནས་རླུང་བཅུ་ནུས་མ་བཅུ་བས་གྱུར་པས་རླུང་བཅུའི་དྲི་མ་འཁྲུད་ནུས་མ་བཅུ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་ཕ་རོལ་ཏུ་ཕྱིན་པ་བཅུའི་ས་བོན་འཇོག །འབྲས་བུ་ས་གསུམ་པ་ཐོབ་པར་བྱེད་པ་དར་དཔྱངས་ཀྱི་དབང་ངོ་། །ཡང་རང་གི་ལུས་ཀྱི་རྩ་རོ་རྐྱང་གཉིས་དང་དབང་རྫས་རྡོར་དྲིལ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོར་དྲིལ་གཉིས་གཙོ་བོ་ཡབ་ཡུམ་གྱིས་ཐོགས་ནས་རྩ་རོ་རྐྱང་གཉིས་ལ་དབང་བསྐུར་བས་རྩ་རོ་རྐྱང་གཙོ་བོ་ཡབ་ཡུམ་དུ་གྱུར་རྩ་རོ་རྐྱང་གི་དྲི་མ་འཁྲུད་གཙོ་བོ་ཡབ་ཡུམ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་མི་འགྱུར་བའི་བདེ་བ་ཆེན་པོ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པའི་ནུས་པ་འམ་ས་བོན་འཇོག །ཉི་ཟླ་གཅིག་ཏུ་དག་ཅིང་འབྲས་བུ་ས་བཞི་པ་ཐོབ་པར་བྱེད་དོ། །ཡང་རང་གི་ལུས་ཀྱི་སྣ་མིག་ལྕེ་ལུས་རྣ་བ་ཡིད་ཀྱི་དབང་པོ་དྲུག་དང་དེའི་ཡུལ་དྲི་གཟུགས་རོ་རེག་བྱ་སྒྲ་ཆོས་དབང་རྫས་མཐེ་བོའི་རྡོར་དྲིལ་དང་བཅས་པ་རྣམས་རིམ་པ་བཞིན་དུ་ནམ་མཁའི་སྙིང་པོ་སའི་སྙིང་པོ་འཇིག་རྟེན་དབང་ཕྱུག་སྒྲིབ་པ་རྣམ་སེལ་ཕྱག་ན་རྡོ་རྗེ་ཀུན་ཏུ་བཟང་པོ་དྲི་རྡོ་མ་གཟུགས་རྡོ་མ་རོ་རྡོ་མ་རེག་བྱ་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་ཆོས་དབྱིངས་རྡོ་རྗེ་མ་རྣམས་སུ་བསྐྱེད་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་དབང་རྫས་མཐེ་བོའི་རྡོར་དྲིལ་དུ་གྱུར་པ་སེམས་དཔའ་སེམས་མ་རྣམས་ཀྱིས་ཐོགས་ནས་དབང་པོ་ཡུལ་དང་བཅས་པ་ལ་དབང་བསྐུར་བས་དབང་པོ་ཡུལ་དང་བཅས་པ་སེམས་དཔའ་སེམས་མར་གྱུར་དབང་པོ་ཡུལ་དང་བཅས་པའི་དྲི་མ་འཁྲུད་སེམས་དཔའ་སེམས་མ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་རྡོ་རྗེ་སྐྱེ་མཆེད་ཀྱི་ནུས་པ་འཇོག །འབྲས་བུ་ས་ལྔ་པ་ཐོབ་པར་བྱེད་དོ། །ཡང་རང་གི་ལུས་ཀྱི་ལས་ཀྱི་དབང་པོ་བྱ་བ་དང་བཅས་པ་དང་དབང་རྫས་གདུབ་བུ་རྣམས་ཁྲོ་བོ་ཁྲོ་མོར་བསྐྱེད་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་དབང་རྫས་གདུབ་བུར་གྱུར་པ་ཁྲོ་བོ་ཁོ་མོས་ཐོགས་ནས་ལས་དབང་བྱ་བ་དང་བཅས་པ་ལ་དབང་བསྐུར་ལ། སློབ་དཔོན་དེ་བཞིན་གཤེགས་པའི་སྤྱོད་ལས་ཀྱི་ཚུལ་དུ་བྱས་ལ་ཆོས་གོས་ཀྱི་གྲྭ་ནས་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང་གཡས་མི་འཇིགས་པའི་ཕྱག་རྒྱས་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་མིང་བཏགས་ཤིང་ལུང་བསྟན་པས་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་བསྒྱུར་ལས་དབང་བྱ་བ་དང་བཅས་པའི་དྲི་མ་འཁྲུད་ཁྲོ་བོ་ཁྲོ་མོ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་བྱམས་སོགས་ཚད་མེད་པ་བཞིས་བདུད་འཇོམས་པའི་ནུས་པ་འཇོག །འབྲས་བུ་ས་དྲུག་པ་ཐོབ་པར་བྱེད་པ་མིང་གི་དབང་ངོ་། །ཡང་རང་གི་ལུས་ཀྱི་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་གཉིས་དང་དབང་རྫས་རིགས་ལྔའི་ཕྱག་མཚན་ལ་སོགས་པ་རྣམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ་མཆོད་དེ་ཞུ་བ་ལས་བྱུང་བའི་ཕྱག་མཚན་ལྔ་ལ་སོགས་པའི་རྗེས་གནང་མ་ལུས་པའི་དབང་བསྐུར་བས་ཆགས་པའི་ཕུང་པོ་དང་ཡུལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར། རྗེས་གནང་གི་དབང་གིས་ཡེ་ཤེས་ཀྱི་དྲི་མ་འཁྲུད་ཡེ་ཤེས་རྡོ་རྗེའི་བྱ་བ་ལ་དབང་། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མི་འཕོ་པའི་བདེ་བ་རྗེས་སུ་རིག་པ་སྟེ་སྟོང་པ་ཉིད་སྟོན་པའི་ནུས་པ་བཞག །འབྲས་བུ་ས་བདུན་པ་ཐོབ་པར་བྱེད་པ་རྗེས་གནང་གི་དབང་ངོ་། །དབང་གོང་མ་བཞིས་ཀྱང་ལུས་ངག་ཡིད་ཡེ་ཤེས་ཀྱི་ཕུང་པོ་རྣམས་ཀྱི་དྲི་མ་སྦྱངས་པས་རྡོ་རྗེ་བཞི་འགྲུབ་པའི་ནུས་པ་བཞག །འབྲས་བུ་ས་བརྒྱད་པ་དགུ་པ་བཅུ་པ་བཅུ་གཅིག་པ་རྣམས་རིམ་པ་བཞིན་དུ་ཐོབ་པར་བྱེད་དོ། །ཇི་སྐད་དུ་དབང་མདོར་བསྟན་ལས། ཆུ་དང་ཅོད་པཎ་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརཏལ་ཞུགས་ཆེ། །མིང་དང་རྗེས་གནང་བཅས་པ་དང་། །རྣམ་བདུན་དབང་ངོ་རྒྱལ་པོ་ཀྱེ། །ལུས་ངག་ཡིད་ནི་དག་བྱེད་པ། །མངོན་པར་དབང་བསྐུར་གཉིས་གཉིས་ཏེ། །རྗེས་གནང་ཡེ་ཤེས་དག་པ་ཡིན། །ཆུ་ཡིས་ཁམས་སོགས་ཡང་དག་དག །ཅོད་པཎ་གྱིས་ནི་ཕུང་པོ་དག །དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གདུང་རྒྱུན་མི་འཆད་རང་། །ཉི་ཟླ་གཅིག་ཏུ་དག་པའོ། །རྡོ་རྗེ་བརཏལ་ཞུགས་མི་འཕོ་བ། །ཡུལ་དང་དབང་པོ་དག་པའོ། །མིར་ནི་བྱམས་པ་ལ་སོགས་དག །གནང་བ་སངས་རྒྱས་ཉིད་དུ་དག །དབང་བདུན་པོ་ནི་འདི་ཡིན་ཏེ། །དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ། །ཞེས་དང་། བུམ་པ་དང་ནི་གསང་བའི་དབང་། །ཤེས་རབ་ཡེ་ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་ནི། །དེ་ཡི་ཡེ་ཤེས་མངོན་པར་བརྗོད། །མངོན་པར་དབང་བསྐུར་རིམ་གསུམ་གྱིས། །ལུས་ངག་ཡིད་ནི་ཡང་དག་དག །བཞི་པ་ཡེ་ཤེས་དག་པའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་། །ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པཎ་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་ཏེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་གསུངས་སོ། །དེ་ལྟར་དབང་བཅུ་གཅིག་གིས་དྲི་མ་རྣམས་སྦྱངས་པས་ཕུང་ཁམས་སྐྱེ་མཆེད་ལ་བརྟེན་པའི་རྣམ་ཤེས་ཀྱི་ཆེས་ཇེ་ཕྲར་གྱུར་པ་ན་ཡེ་ཤེས་ཀྱི་ཆེས་ཇེ་གསལ་དུ་གྱུར་པ་ཡིན་གྱིས་ཡེ་ཤེས་ཀྱི་ཆ་སྔར་མེད་གསར་དུ་བྱུང་བ་ནི་མ་ཡིན་ཏེ། དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པས་རྫོགས་པ་སྟེ། །ཟླ་བ་ཚད་དང་རྫོགས་པ་མིན། །དེ་བཞིན་རིམ་པས་ཡེ་ཤེས་འཆར། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་བཅོམ་རྫོགས་པ། །ཡེ་ཤེས་ཆ་དང་རྫོགས་པ་མིན། །ཞེས་གསུངས་སོ། །དེ་ལྟར་སྨིན་བྱེད་དབང་ལ་བརྟེན་ནས་དྲི་མ་སྦྱོང་བའི་ཚུལ་ཅུང་ཟད་བཤད་པའོ། །གྲོལ་བྱེད་རིམ་པ་གཉིས་ཀྱིས་དྲི་མ་སྦྱོང་བའི་ཚུལ་ཇི་ལྟར་ཞེ་ན། བསྐྱེད་པའི་རིམ་པ་ལ་བརྟེན་ནས་དྲི་མ་སྦྱོང་བའི་ཚུལ་ནི། དུམ་བུ་བརྒྱད་པ་དང་དགུ་པ་ལས་རྒྱ་ཆེར་སྟོན་པར་འགྱུར་ལ། རྫོགས་པའི་རིམ་པ་ལ་བརྟེན་ནས་དྲི་མ་སྦྱོང་བའི་ཚུལ་ཡང་། ཕྱག་རྒྱ་བཞིའི་སྒོ་ནས་གནས་སྐབས་བཞིའི་དྲི་མ་སྦྱངས་པས་འབྲས་བུ་སྐུ་བཞིར་འགྱུར་བའི་ཚུལ་དུམ་བུ་དྲུག་པ་ལས་སྟོན་པར་འགྱུར་རོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་ལ། མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དང་པོ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །འཁོར་འདས་ཆོས་ཀུན་སྣང་བར་འགྱུར། །སྲེད་ལེན་མཚམས་སྦྱར་སྲིད་པ་འགྲུབ། །གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས། །རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཐམས་ཅད་བླང་དོར་རྟོག་པ་ཡིས། །དགེ་དང་མི་དགེ་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་རྐྱེན་ལས་ནི། །བདེ་སྡུག་སྙོམས་འཇུག་བཅས་པ་ཡི། །འབྲས་བུ་བསྐྱེད་པ་ཉོན་མོངས་ཅན། །སེམས་ཉིད་མ་དག་གནས་སྐབས་ཡིན། །ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟར་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་འཁོར་བའི་ཆོས་རྣམས་སྐྱེད་རིམ་དང་། མྱ་ངན་ལས་འདས་པའི་ཆོས་ཀུན་སྡུད་རིམ་དུ་སྣང་བར་འགྱུར་རོ། །རྟེན་འབྲེལ་ཇི་ལྟ་བུའི་ཚུལ་ལས་སྣང་བར་འགྱུར་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ལུགས་འབྱུང་ལས་འཁོར་བ་དང་། མ་རིག་པ་འགགས་པ་ལས་འདུ་བྱེད་འགགས། །ཅེས་བྱ་བ་ལ་སོགས་པ་ལུགས་ལས་བཟློག་པར་རྟོགས་པ་ལས་མྱ་ངན་ལས་འདས་པ་འགྲུབ་པའི་ཚུལ་གྱིས་སོ། །དེ་ཡང་མ་རིག་པས་འདུ་བྱེད་ཀྱི་ལས་བསགས་པ་ཀུན་གཞི་ལ་བཞག་པ་ལས་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་ལ་དེ་ལས་སྐྱེ་བ་སྤྱིར་འགྲུབ་པ་སྲེད་པ་དང་བྱེ་བྲག་ཏུ་འགྲུབ་པ་ལེན་པས་མཚམས་སྦྱར་ནས་སྲིད་པ་འགྲུབ་ཅིང་། སྲིད་པ་དེ་ལ་གཟུགས་མེད་གཟུགས་ཁམས་དང་འདོད་ཁམས་གསུམ་ཡོད་ལ། དེ་དག་ཀྱང་རིམ་པ་བཞིན་དུ་གཟུགས་མེད་ཁམས་པ་ནི་གཟུགས་དང་འདོད་པའི་སྣང་བ་ནུབ་པས་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་དང་། གཟུགས་ཁམས་པ་ནི་འདོད་པ་ལ་ཆགས་པ་དང་བྲལ་ཞིང་བསམ་གཏན་ལ་གནས་པས་མཚན་འཛིན་འབྲིང་དང་། འདོད་ཁམས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཁ་ཕྱིར་ལྟས་ཀྱི་རྣམ་པར་རྟོག་པ་དང་ལྡན་པས་ན་མཚན་འཛིན་ཆེན་པོ་ཡིན་ནོ། །དེ་ལྟར་ན་ཁམས་གསུམ་པོ་ཐམས་ཅད་ཀྱང་རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་པས་བླང་དོར་དུ་རྟོག་པ་ཡིས་དགེ་བ་དང་མེ་དགེ་བ་དང་ལུང་མ་བསྟན་རྣམ་པ་གསུམ་གྱིས་འདུ་བྱེད་པའི་རྐྱེན་ལས་ནི་འབྲས་བུའི་ཁྱད་པར་བདེ་བ་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་སྤྱོད་པ་འདོད་པའི་བདེ་འགྲོ་གསུམ་དང་། སྡུག་བསྔལ་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་སྤྱོད་པ་ངན་འགྲོ་གསུམ་དང་། ཤེས་རབ་དང་བྲལ་བའི་བསམ་གཏན་གྱི་སྙོམས་འཇུག་བཞི་དང་གཟུགས་མེད་ཀྱི་སྙོམས་འཇུག་དང་བཅས་པ་ཡིས་ཁམས་གོང་མ་གཉིས་འགྲུབ་ཅིང་། དེ་ལྟར་འབྲས་བུ་ཁམས་གསུམ་བསྐྱེད་པ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་མ་བྲལ་བས་སེམས་ཉིད་མ་དག་པའི་གནས་སྐབས་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །འཁོར་འདས་ཆོས་ཀུན་སྣང་བར་འགྱུར། །ཞེས་གསུངས་པ་འདི་གཞུང་གོང་མ་རྣམས་ཀྱི་དོན་བསྡུར་སྦྱར་ནའང་འགྲིག་པར་སྣང་ངོ་། །དེ་ལྟ་བས་ན་དུམ་བུ་དང་པོ་འདིས་འཁོར་བའི་རྒྱུ་རྐྱེན་དངོས་སུ་བསྟན་ཀྱང་འཁོར་འདས་ཀུན་གྱི་གཞི་རྒྱུའི་རྒྱུད་དུ་གྲགས་པ་དེ་ཉིད་བརྗོད་བྱའི་གཙོ་བོ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གཉིས་ལྡན་གྱི་གནས་སྐབས་ནི། དྲི་མ་དེ་ཉིད་གློ་བུར་བར། །ཤེས་ནས་ཐབས་དང་བཅས་སྦྱོང་བ། །ལམ་པ་ཞེས་བྱར་རྒྱལ་བས་གསུངས། །ཞེས་གསུངས་ཏེ། ཐེག་པ་སྤྱི་སྐད་ལ་གྲགས་པའི་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་གསང་སྔགས་སུ་བཤད་པའི་འཕོ་བའི་བག་ཆགས་རྣམས་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་ལ་བསྒྲིབས་ཀྱང་དྲི་མ་དེ་ཉིད་གློ་བུར་བ་ཡིན་པས་གནས་ཚུལ་ལ་མ་ཞུགས་ཤིང་འབྲལ་རུང་ཡིན་པར་ཤེས་ནས་ཉན་རང་གི་ལམ་གཉིས་དང་། ཐེག་པ་ཆེན་པོའི་ལམ་སེམས་བསྐྱེད་དང་ཐེག་པ་ཆེན་པོའི་ཆེན་པོ་གསང་སྔགས་སུ་སྨིན་གྲོལ་གཉིས་ཀྱི་ཐབས་དང་བཅས་པས་སྤྱོད་པ་ཡིན་ལ། དེ་ལྟར་ལམ་ལྔ་དང་ས་བཅུའམ་ས་བཅུ་གཅིག་གི་གནས་སྐབས་ཀྱི་བདེ་གཤེགས་སྙིང་པོ་དེ་ལ་ལམ་པ་ཞེས་བྱ་བར་རྒྱལ་བས་སྙིང་པོའི་མདོ་རྣམས་དང་རྒྱུད་སྡེ་རྣམས་སུ་གསུངས་སོ། །དེ་ཡང་དག་ལ་མ་དག་པའི་གནས་སྐབས་ཡིན་ཏེ། ཉན་རང་གི་ལམ་དུ་བདག་མེད་ཕྱེད་དང་གཉིས་ཀྱིས་དག །ལྷག་མ་རྣམས་ཀྱིས་མ་དག་ལ། ས་དང་པོར་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱིས་དག་ཅིང་ལྷག་མ་གཞན་རྣམས་མ་དག་ལ། ས་བརྒྱད་པར་མཚན་རྩོལ་གྱིས་དག་ཅིང་ལྷག་མས་མ་དག་པ་དང་། ས་བཅུ་པའམ་བཅུ་གཅིག་པར་འཕོ་བའི་བག་ཆགས་ཕྲ་ཞིང་ཕྲ་བས་མ་དག་པ་ཡིན་ནོ། །འདིས་ཐབས་ཀྱི་རྒྱུད་གཙོ་བོར་བསྟན་ནོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནི། དྲི་མེད་དག་པ་སངས་རྒྱས་ཏེ། །དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་གསུངས་ཏེ། དེ་ཡང་རང་བཞིན་གྱི་དྲི་མ་མེད་པ་དང་གློ་བུར་གྱི་སྒྲིབ་པ་དང་བྲལ་བ་གཉིས་ལས། རང་བཞིན་གྱིས་དྲི་མ་མེད་པའི་དབང་དུ་བྱས་པ་དེའི་ཕྱིར། འགྲོ་བ་ཀུན་སངས་རྒྱས་ཉིད་དུ་བརྗོད་པ་ཡིན་ཏེ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཅེས་གསུངས་ལ། རང་བཞིན་རྣམ་དག་གི་ངོས་ནས་དེ་ལྟར་ཡིན་ཀྱང་། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རང་བཞིན་གྱིས་དྲི་མ་མེད་པ་དང་གློ་བུར་གྱི་དྲི་མས་དག་པའི་དག་པ་གཉིས་ལྡན་དེ་ཉིད་ལ་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཞེས་བྱ་བ་ཡིན་ནོ། །འདིས་ནི་འབྲས་བུའི་རྒྱུད་གཙོ་བོར་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ལས། གཞི་བདེ་བར་གཤེགས་པའི་སྙིང་པོ་མདོར་བསྟན་པ་དང་། དེ་ལས་འཁོར་བ་འགྲུབ་པའི་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དང་པོའི་རྣམ་པར་བཤད་པའོ། །དེ་ལྟར་སེམས་དངོས་པོའི་གནས་ལུགས་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་སེམས་གཉིས་སམ། རང་བཞིན་དང་རྣམ་འགྱུར་གྱི་སེམས་གཉིས་སམ། རྣམ་ཤེས་དང་ཡེ་ཤེས་ཀྱི་སེམས་གཉིས་ཀྱི་སྒོ་ནས་བཤད་ཟིན་ནས། དུམ་བུ་གཉིས་པ་བྱེ་བྲག་ཏུ་ལུས་འགྲུབ་པའི་ཚུལ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་བཤད་པ། ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྒྱུ་རྐྱེན་བསྟན་པའི་དེ་མ་ཐག་ཏུ་ལུས་འགྲུབ་པའི་ཚུལ་སྟོན་པ་ཅི་ཞེ་ན། ཇི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་རང་བཞིན་ཤེས་པ་ལ། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར། འཁོར་འདས་གཉིས་ཀྱི་གཞི་བདེ་བར་གཤེགས་པའི་སྙིང་པོ་གཅིག་ཉིད་ཡིན་ནོ་ཞེས་དུམ་བུ་དང་པོར་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་། རྡོ་རྗེ་རྩེ་མོའི་རྒྱུད་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་འཁོར་འདས་རྒྱུད་གཅིག་ཏུ་གསུངས་ཤིང་རང་བཞིན་གྱི་དབང་དུ་བྱས་ནས། ཀྱཻ་རྡོ་རྗེ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་གསུངས་སོ། །འོ་ན་འཁོར་འདས་གཉིས་སུ་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་ཉིད་ནི་མྱ་ངན་འདས། །ཞེས་གསུངས་པས་ན། འཁོར་བ་ཉིད་ཅེས་པ་ནི་རང་བཞིན་ཡིན་ལ། དེ་ལ་འཁོར་བ་བྱས་པས་ངན་དུ་མ་སོང་ཞིང་མྱ་ངན་ལས་འདས་པ་བྱས་པས་བཟང་དུ་མ་སོང་བར་འཕོ་འགྱུར་མེད་པར་གནས་པ་ཅིག་ཡིན་པ་ལ། གང་ལས་རྨོངས་པར་འགྱུར་བ་ནི་རྟེན་གྱི་གཞན་དབང་ལས་གྱུར་པ་ཡིན་ཏེ། སེམས་དེ་དཀར་དམར་རླུང་གསུམ་དང་འགྲོགས་པ་དེ་ལ་ཕྲ་བའི་ལུས་ཞེས་བྱ་ཞིང་དེ་ཉིད་དུས་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་གཏོགས་པ་གང་གིས་ཀྱང་གཞིག་པར་མི་ནུས་པས་ན་རྣམ་ཤེས་ཀྱི་མི་ཤིགས་པའི་ཐིག་ལེ་ཞེས་བྱ་ལ། ཕྲ་བའི་ལུས་དེ་ཡང་དམར་ཆས་གཟུང་བའི་ཡུལ་དང་དཀར་ཆས་འཛིན་པ་ཡུལ་ཅན་བསྐྱེད་ཅིང་། དེ་ཉིད་རླུང་གིས་དབྱེ་བ་ཕྱེ་བ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་དང་། དེ་ལ་བརྟེན་ནས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བའི་རིམ་པས་འཁོར་བ་འགྲུབ་པ་ཡིན་ལ། དེ་ལྟ་བུའི་ཕྲ་བའི་ལུས་དེ་ཡང་རགས་པའི་ལུས་ལ་བརྟེན་པ་ཡིན་པས་ན་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་བསྟན་པའི་འོག་ཏུ་དེ་ལས་འཁོར་བའི་ལུས་འགྲུབ་ཚུལ་འཆད་པ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ལུས་ནི་འགྲུབ་པའི་ཚུལ་བཤད་པ། །ཀུན་གཞི་སྲོག་རླུང་དང་བཅས་པ། །ཁམས་གསུམ་སྐྱེ་བར་སྦྱོར་བ་ན། །ཞེས་གསུངས་ཏེ། རྡོ་རྗེའི་ཐེག་པའི་སྤྱི་སྐད་ལ་རྟེན་ལུས་ཀྱི་བྱེད་པ་བཅིངས་པ་ལས་བརྟེན་པ་སེམས་ཀྱི་གནས་ལུགས་མངོན་དུ་འགྱུར་བ་ཡིན་ལ། ལུས་ཀྱི་བྱེད་པ་འཆིང་བ་ཡང་ལུས་འགྲུབ་པའི་ཚུལ་ཤེས་པ་ལ་རག་ལས་པས་དེ་བཤད་པར་བྱའོ། །དེ་ཡང་ཁམས་གསུམ་པོ་གང་དང་གང་དུ་སྐྱེ་འགྱུར་གྱི་ལས་ཀྱི་བག་ཆགས་ཀྱིས་བགོས་པའི་ཀུན་གཞི་ལུང་དུ་མ་བསྟན་པ་དེ་ཉིད་ཉོན་མོངས་ཅན་གྱི་ཡིད་སྲོག་རླུང་དང་བཅས་པས་ཁྲིད་ནས་ཁམས་གསུམ་དུ་སྐྱེ་བར་ཉིང་མཚམས་སྦྱོར་ལ། འདུ་བྱེད་ཡིད་ཀྱིས་གཡོ་བ་འདི་ལ་རྡོ་རྗེ་ཐེག་པ་འདིར་སྲོག་གི་རླུང་ཞེས་བྱ་སྟེ། སྐྱེས་བུའི་སྲོག་འཛིན་པར་བྱེད་པ་དང་ཡང་ཞིང་གཡོ་བ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་ཏེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་སྣང་། །ཞེས་གསུངས་སོ། །གསུམ་ལ་རྒྱས་པར་བཤད་པ་ལ། ཁམས་གསུམ་གྱི་སྐྱེ་བ་འགྲུབ་པའི་ཚུལ་སྤྱིར་བསྟན་པ། སྔགས་ཀྱི་སྦྱང་གཞི་མིའི་ལུས་འགྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཟུགས་མེད། གཟུགས་ཁམས། འདོད་པའི་ཁམས་སོ། །དང་པོ་ནི། འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། །ཡུལ་དུ་བྱས་ནས་དེར་སྐྱེ་བ། །གཟུགས་མེད་ཅེས་བྱ་ཡིད་ལུས་སོ། །ཞེས་གསུངས་ཏེ། གཟུགས་མེད་དུ་ཉིང་མཚམས་སྦྱོར་བའི་ཚེ་འདུ་བྱེད་ནི་ལུས་བསྒྲུབ་པ་དང་། འཕེན་པར་བྱེད་པའི་ལས་ཡིན་པས་དེ་དང་བཅས་པའི་ཀུན་གཞིའི་རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། སོགས་པའི་སྒྲས་བསྟན་པ་རྣམ་ཤེས་མཐའ་ཡས་ཅི་ཡང་མེད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་བཞི་པོ་རྣམས་ཡུལ་དུ་བྱས་ནས། དེ་དང་དེའི་སྙོམས་འཇུག་གི་དངོས་གཞི་ལ་གསལ་སྣང་ཐོབ་ནས་དེ་དང་དེར་སྐྱེ་བ་ཡིན་ལ། དེ་རྣམས་ལ་གཟུགས་མེད་ཅེས་བྱ་བ་ཡང་དེར་སྐྱེས་པའི་འཕགས་པ་མ་གཏོགས་པ་རྣམས་ནི་ཉོན་ཡིད་ཀྱི་ང་རྒྱལ་ཙམ་གྱི་ཡིད་ལུས་སོ། །འོ་ན་ཅིའི་ཕྱིར་གཟུགས་མེད་ཅེས་བྱ་ཞེ་ན། གཟུགས་མེད་པར་བཤད་པ་ནི་རྡུལ་ཕྲན་ཚོགས་པའི་ལུས་རགས་པ་མེད་པ་ལ་དགོངས་པ་ཡིན་གྱི། ཕྲ་བའི་ལུས་ཡོད་པར་ནི་མདོ་སྔགས་གཉིས་ཀ་ནས་གསུངས་སོ། །གཟུགས་མེད་པའི་ཁམས་འདིར་འཕགས་པ་སྐྱེ་བ་ཡོད་ཀྱང་བསམས་བཞིན་དུ་སྐྱེ་བ་ལེན་པ་ནི་མེད་དོ། །ནམ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཁམས་གཞན་དུ་འཕོ་བ་ན་རྣམ་པར་རྟོག་པ་གཞན་འབྱུང་བས་འཆི་བའི་ཐ་སྙད་བྱས་སོ། །གཉིས་པ་གཟུགས་ཁམས་ནི། བསམ་གཏན་བཞིར་བརྟེན་གང་སྐྱེ་བ། །གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། །རགས་པ་བཅོམ་པ་བརྫུས་སྐྱེས་སོ། །ནམ་མཁའ་རླུང་མེ་ཆུ་དང་ས། །འབྱུང་ཆུང་རྣམ་པར་ཕྱེ་བ་ཡིས། །གནས་གཞན་ཉི་ཤུར་གང་སྐྱེས་པ། །དེ་ཡི་འཛག་པ་གོ་རིམ་བཞིན། །ཁམས་གཅིག་ནས་ནི་ལྔ་ཡི་བར། །ལྡན་པས་མ་རིག་སྐྱེ་དང་བཅས། །དྲན་པ་ཉེར་བཞག་དུ་བསྟན་ཏོ། །ཞེས་གསུངས་ཏེ། སྔར་བཤད་པ་བཞིན་དུ་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ཉིད་འདྲེན་པར་བྱེད་པའི་བསམ་གཏན་བཞིའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ཡུལ་དུ་བྱས་པ་ལ་བརྟེན་ནས། དེ་དང་དེའི་དངོས་གཞི་ལ་གསལ་སྣང་ཆེ་འབྲིང་ཆུང་གསུམ་ཐོབ་པ་ལས་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གྱི་གནས་གཞན་རྣམས་སུ་སྐྱེ་ཞིང་བསམ་གཏན་དེ་ཟག་མེད་ཀྱི་ཤེས་རབ་དང་འབྲེལ་བ་ལས་གཙང་གནས་རྣམས་སུ་སྐྱེ་ལ། འདུ་ཤེས་མེད་པའི་གནས་ནི་གནས་གཞན་དུ་མི་བགྲང་སྟེ་འབྲས་བུ་ཆེ་དང་གྲོང་དང་དགོན་པའི་ཚུལ་དུ་གནས་པས་སོ། །དེ་དག་ནི་འདོད་པ་ལས་གྱེན་དུ་འཕགས་པ་དང་། གཟུགས་ཀྱི་ང་རྒྱལ་དང་ལྡན་པས་གཟུགས་ཀྱི་ཁམས་ཞེས་བྱའོ། །སྤངས་པའི་ཁྱད་པར་ཡང་འདོད་སྲེད་རགས་པ་སྟེ་མངོན་འགྱུར་བ་བཅོམ་པ་ཡིན་ལ། སྐྱེ་གནས་ཀྱི་ཁྱད་པར་ནི་བཞི་ལས་བརྫུས་སྐྱེས་ཏེ་ཀུན་རྫོགས་ཀྱི་ལུས་གོས་དང་བཅས་པའོ། །ཡིད་ཞི་གནས་ཀྱིས་འཁྱུད་པས་ཉོན་མོངས་པ་ཅན་གྱི་ཡིད་ཅུང་ཟད་མི་གསལ་བའོ། །སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ནམ་མཁའ་རླུང་མེ་ཆུ་ས་རྣམས་ལ་རིམ་པ་བཞིན་ནམ་མཁའི་རླུང་ནམ་མཁའི་མེ་ནམ་མཁའི་ཆུ་ནམ་མཁའི་ས་ཞེས་འབྱུང་ཆུང་བཞི་བཞིར་རྣམ་པར་ཕྱེ་བའི་འཛག་པའི་དབང་ལས་གཟུགས་མེད་བཞི་དང་གཟུགས་བཅུ། དྲུག་སྟེ། གནས་གཞན་ཉི་ཤུར་སྐྱེ་བ་ཡིན་ལ། གནས་ཉི་ཤུ་པོ་གང་དང་གང་དུ་སྐྱེས་པ་དེ་དང་དེའི་འཛག་པ་ཡང་གོ་རིམ་བཞིན་དུ་ནམ་མཁའི་རླུང་གི་འཛག་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་སྐྱེ་བ་ནས་སའི་འཛག་པས་ཚངས་རིས་སུ་སྐྱེ་བའི་བར་ཡིན་ལ། ཇི་ལྟར་འཛག་པའི་ཚུལ་ཡང་། ཁུ་བ་འཕོ་བ་ལྟ་བུའི་འཛག་པ་ནི་མ་ཡིན་གྱི། གཟུགས་མེད་པ་ན་ཡང་ནམ་མཁས་བསྡུས་པའི་ཁུ་རྡུལ་རླུང་གསུམ་ཡོད་པས་དེའི་ཁུ་རྡུལ་གཉིས་རླུང་གིས་དབྱེས་ཕྱེ་བ་ལས་གཟུང་འཛིན་དུ་འཛག་པ་ཡིན་ཅིང་། ཁམས་དང་དེ་དག་དང་ཇི་ལྟར་ལྡན་པའི་ཚུལ་ཡང་གཟུགས་མེད་ནམ་མཁའི་ཁམས་གཅིག་པུ་དང་ལྡན་པ་ནས་བསམ་གཏན་དང་པོར་ཁམས་ལྔ་དང་ལྡན་པའི་བར་ཡིན་ལ། དེ་དག་ཏུ་སྐྱེ་བ་ཡང་མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་རིམ་པས་སྐྱེ་བ་དང་བཅས་པ་ཡིན་པ་ལས། དེའི་མ་རིག་པ་དེ་ལ་རྩ་བའི་མ་རིག་པ་དང་ཀུན་ནས་སློང་བའི་མ་རིག་པ་གཉིས་ལས། དང་པོ་ནི་སྔར་བཤད་པའི་འཛག་པ་དེ་ཉིད་ཡིན་ལ། ཕྱི་མ་ནི་འཛག་པ་དེ་ལས་ཆགས་སྡང་རྨོངས་གསུམ་སྐྱེ་བ་དེ་ཡིན་ནོ། །གནས་གཞན་དེ་དག་གི་བཀོད་པ་ལ་སོགས་པ་ནི་དྲན་པ་ཉེར་བཞག་གི་མདོ་འགྲེལ་དུ་བསྟན་པས་དེར་བལྟ་བར་བྱའོ། །ཁམས་གོང་མ་གཉིས་ན་ཐིག་ལེ་འཛག་པ་ཡོད་པར་དྲི་མ་མེད་པའི་འོད་ལས་གསུངས་ཏེ། ཇི་སྐད་དུ། ཐིག་ལེ་འཛག་པས་ཁམས་གསུམ་དུ་སྐྱེ་བའི་རྒྱུར་གྱུར་ན། གཟུགས་ཀྱི་ཁམས་ན་ཕོ་དང་མོའི་དབང་པོ་ཡང་མེད་ཅིང་གཟུགས་མེད་པ་ན་ནི་ལུས་ཀྱང་མེད་པ་སྟེ་མི་རིགས་ཞེ་ན། དེ་རྣམས་ན་འཛག་པ་ཡོད་ཏེ། གཟུགས་མེད་བཞི་ནི། ཟད་པར་ནམ་མཁའི་རླུང་དང་མེ་དང་ཆུ་དང་སའི་འཛག་པ་བཞིའོ། །འོག་མིན་པ་བཞི་ནི་ཟད་པར་རླུང་གི་རླུང་དང་མེ་དང་ཆུ་དང་ས་བཞིའོ། །དེ་བཞིན་དུ་ཟད་པར་མེའི་རླུང་དང་མེ་དང་ཆུ་དང་ས་དང་ཟད་པར་ཆུའི་རླུང་དང་མེ་དང་ཆུ་དང་ས་དང་། ཟད་པར་སའི་རླུང་དང་མེ་དང་ཆུ་དང་ས་སྟེ། འབྲས་བུ་ཆེ་ནས་ཚངས་རིས་ཀྱི་བར་དུ་སྟེ། གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་པ་བཞི་སྟེ་གནས་གཞན་ཉི་ཤུ་རྣམས་སུ་ནམ་མཁའ་དང་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་དབྱེ་བས་དེ་དག་གི་འཛག་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་འདོད་པའི་ཁམས་ནི། །འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། །ཁམས་དྲུག་དང་ལྡན་ཕྲ་དང་རགས། །སྐྱེ་གནས་བཞི་ལྡན་གཞན་དག་རྣམས། །ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། །འབྲས་བུ་སྤྱོད་པས་རྒྱུ་དམན་ཏེ། །གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན། །མཆོག་ཡིན་འཛམ་གླིང་ལེགས་སྐྱེས་པ། །ལས་ཀྱི་ས་བར་རབ་ཏུ་གྲགས། །ཞེས་གསུངས་ཏེ། དེ་ཡང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་ཕྱིར་འདོད་པའི་ཁམས་ཞེས་བྱ་ལ། དེ་ལ་ཡང་འདོད་པའི་ལྷ་ལྷ་མ་ཡིན་མི་དུད་འགྲོ་ཡི་དྭགས་དམྱལ་བ་སྟེ་རིགས་དྲུག་པོ་ཐམས་ཅད་ཀྱང་ཡེ་ཤེས་ནམ་མཁའ་རླུང་མེ་ཆུ་ས་སྟེ་ཁམས་དྲུག་དང་ལྡན་པ་ཡིན་ལ། ལུས་ཀྱི་བོངས་ཚོད་ཀྱང་གཅིག་ཏུ་མ་ངེས་ཏེ། ཕྲ་བ་སྲིན་བུ་ནས་རགས་པ་འདོད་ལྷའི་བར་ཡོད་དོ། །སྐྱེ་གནས་ཀྱང་བརྫུས་སྐྱེས་མངལ་སྒོང་དྲོད་གཤེར་ལས་སྐྱེས་པ་བཞི་དང་ལྡན་པ་ཡིན་ལ། དེ་ལ་མི་མ་གཏོགས་པ་གཞན་དག་རྣམས་ལས་ངན་སོང་གསུམ་ན་དགེ་བའི་བློ་འབྱུང་བ་དཀོན་ཞིང་མི་དགེ་བའི་ལས་ཀྱི་འབྲས་བུ་ཆེན་པོ་ཆེ་ལ་སྤྱོད་པས་ན་མི་ཁོམ་པའི་གནས་ཞེས་བྱ་ལ། འདོད་པའི་ལྷ་དང་ལྷ་མ་ཡིན་སྒྲ་མི་སྙན་པ་གསུམ་བསོད་ནམས་ཀྱི་དངོས་འབྲས་ལ་ལོངས་སྤྱོད་པ་ཡིན་པས་གཉེན་པོ་སྟོབས་ཆེན་སྤྱོད་པའི་རྒྱུ་དམན་ཏེ། དེས་ན་སོ་སོ་ཐར་པའི་སྣོད་དུ་ཡང་མི་རུང་ཞིང་གཞན་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་ནི་སྤྱིར་སངས་ཀྱི་བསྟན་པ་དང་། བྱེ་བྲག་ཏུ་སོ་སོ་ཐར་པའི་སྣོད་རུང་ཡིན་ལ། དེ་ལས་ཀྱང་མཆོག་ཡིན་པ་ནི་འཛམ་བུའི་གླིང་འདིར་ལེགས་པར་སྐྱེས་པ་རྣམས་ཏེ། སོ་སོ་ཐར་པ་ནས་རྡོ་རྗེ་ཐེག་པའི་བར་གྱི་བསྟན་པ་མཐའ་དག་གི་སྣོད་རུང་ཡིན་པས་སངས་རྒྱས་རྣམས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཡང་གླིང་འདི་ཉིད་དུ་མཛད་པ་ཡིན་ལ། བྱང་ཆུབ་བསྒྲུབ་པ་ལ་སོགས་པ་དགེ་བ་དང་མི་དགེ་བའི་ལས་ཐམས་ཅད་སྟོབས་དང་ལྡན་པ་ཡིན་པས་ན་ལས་ཀྱི་ས་པར་རབ་ཏུ་གྲགས་སོ། །དེ་ལྟར་ཁམས་གསུམ་པོ་སོ་སོའི་ས་བོན་གྱི་ཡི་གེའི་ཁྱད་པར་དང་ཁམས་ལྔའི་ཟད་པར་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་དང་ཆེ་ཚད་ཀྱི་ཁྱད་པར་རྣམས་ནི་རྒྱུད་ཀྱི་རྒྱལ་པོ་དང་སྤྱན་རས་གཟིགས་ཀྱིས་ཀྱང་དྲི་མ་མེད་པའི་འོད་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། དང་པོར་ཆོས་བཟང་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཚངས་དང་འཇིག་རྟེན་འདས་པ་དང་། །དཔལ་གྱི་བསྐལ་པ་དཀར་པོའི་བསྐལ་པ་ཡང་སྟེ་ཤིན་ཏུ་དབང་གྱུར་གནས་ནས་འདོད་པ་བཅུ་གཅིག་གོ །གཟུགས་མེད་ངག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ་ཨི་ལ་སོགས་པ་བཅུ་དྲུག་གཟུགས། །ཧ་སོགས་ལ་མཐའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་གསལ་ཏེ་བསལ་བྱེད་གཅིག་པ་ཀ་སའོ། །སྲིད་པ་སུམ་བཅུ་རྩ་གཅིག་རྣམས་ཀྱིས་འདིར་ནི་སྲིད་གསུམ་དུ་འགྱུར་ཁམས་ཀྱི་དབྱེ་བས་ཁམས་གསུམ་མོ། །ཞེས་གསུངས་ལ། དེའི་འགྲེལ་པར་ཡང་། ད་ནི་གཟུགས་མེད་པ་ལ་སོགས་པ་སྲིད་པ་སུམ་བཅུ་རྩ་གཅིག་གསུངས་པ། དང་པོར་ཆོས་བཟང་བསྐལ་པ་ཞེས་པ་སྟེ་དང་པོར་ནི་ཐོག་མར་རོ་ཆོས་བཟང་གི་སྒྲས་ནི་གཟུགས་མེད་པའི་སྲིད་པ་ཞེས་བརྗོད་དོ། །བསྐལ་པ་ཞེས་པ་ནི་གང་དུ་ལྷ་རྣམས་ཚེ་བསྐལ་པར་གནས་པའོ། །གནས་དེ་ནི་ཆོས་བཟང་བསྐལ་པ་ཅེས་པ་སྟེ་མཐོ་རིས་ཀྱི་སའོ། །ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཞེས་པ་ལ་ཟུང་ནི་གཉིས་ཡིན་ལ། དེ་དག་ཟུང་དང་ལྡན་པ་ནི་བཞི་སྟེ་ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཞེས་པ་གཟུགས་མེད་པའི་སྲིད་པའི་གནས་རྣམ་པ་བཞི་ཞེས་པའི་དོན་ནོ། །བསྐལ་པ་ཆེན་པོ་གཅིག་དང་བསྐལ་པ་ཆེན་པོ་གཉིས་དང་གསུམ་དང་བཞིའི་ཚེའོ་ཞེས་དགོངས་སོ། །རི་རབ་ཀྱི་གཙུག་ཏོར་གྱི་འོག་སྐུའི་གནས་ཏེ་ཟད་པར་སྟོང་པ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་ཚངས་བའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་དཔྲལ་བའི་གནས་ཏེ་ཟད་པར་རླུང་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་ཚངས་པ་འཇིག་རྟེན་ལས་འདས་པ་ཟུང་ནི་ཟུང་དང་ལྡན་པ་དག་སྣའི་གནས་ཏེ་ཟད་པར་མེ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་དཔལ་གྱི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་སྣའི་འོག་ཀོ་སྐོའི་མཐར་ཏེ་ཟད་པར་ཆུ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་དཀར་པོའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་མགྲིན་པའི་གནས་ཏེ་ཟད་པར་ས་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་ལྟར་ན་གཟུགས་ཅན་རྣམས་ཀྱི་བསྐལ་པ་བཅུ་དྲུག་སྟེ་བསྐལ་པ་བཅུ་དྲུག་ནས་བརྩམས་ཏེ་བསྐལ་པ་རེ་རེའི་བར་གྱི་ཚེའོ། །མགྲིན་པའི་འོག་དེ་ནས་བརྩམས་ནས་འོག་རླུང་གི་དཀྱིལ་འཁོར་གྱི་མཐའི་བར་དུ་འདོད་པའི་སྲིད་པ་བཅུ་གཅིག་སྟེ་ཤིན་ཏུ་དབང་གྱུར་གནས་ནས་འདོད་པ་བཅུ་གཅིག་གོ །ཞེས་གསུངས་ཏེ། འདོད་པ་བཅུ་གཅིག་གི་དབྱེ་བས་ཐ་དད་དོ་ཞེས་པའི་དོན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་། དེ་ཉིད་ལས། འདིར་སྲིད་པ་སུམ་བཅུ་རྩ་གཅིག་ཅེས་པ་ནི་གཟུགས་མེད་པ་ལ་སོགས་པ་སྟེ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ཞེས་པ་ནི་གཟུགས་མེད་པ་བཞིའོ། །འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་སྟེ། འོག་མིན་དང་ཤིན་ཏུ་མཐོང་དང་མི་གདུང་བ་དང་མི་ཆེ་བ་དང་འབྲས་བུ་ཆེ་བ་དང་བསོད་ནམས་སྐྱེས་དང་སྤྲིན་མེད་དང་དགེ་རྒྱས་དང་ཚད་མེད་དགེ་དང་དགེ་ཆུང་དང་འོད་གསལ་དང་ཚད་མེད་འོད་དང་འོད་ཆུང་དང་ཚངས་ཆེན་དང་ཚངས་པ་མདུན་ན་འདོན་དང་ཚངས་རིས་ཞེས་པ་ནི་གཟུགས་བཅུ་དྲུག་གོ །གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པ་བཅུ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་དང་འཕྲུལ་དགའ་དང་དགའ་ལྡན་དང་འཐབ་བྲལ་དང་སུམ་བཅུ་རྩ་གསུམ་རྒྱལ་ཆེན་བཞིའི་རིས་ཞེས་བྱ་བ་སྟེ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ནི་བསྐལ་པ་ཆུང་ངུ་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་བསྐལ་པའི་ཚེ་དང་ལྡན་པའོ། །འདིར་དེའི་ནང་དུ་འདུས་པའི་ལྷ་མ་ཡིན་དང་མི་དང་དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་ལྔ་སྟེ་དེ་ལྟར་ན་སྲིད་པ་སུམ་བཅུ་རྩ་གཅིག་གོ །གཟུགས་མེད་པ་ལ་སོགས་པ་འདི་རྣམས་ཀྱི་མིང་གི་སྔགས་ཨ་ཡིག་ལ་སོགས་པ་རྣམས་བརྗོད་པའི་རིམ་པས་གྲངས་བཞིན་དུ་འདི་ལྟ་སྟེ། ཨ་ཨཱ༔་ཨཾ་ཨཿ ཞེས་པ་ནི་གཟུགས་མེད་པ་སྟེ་ཟད་པར་ནམ་མཁའོ། །ཨི་ཨཱི་ཨེ་ཨཻ་ཞེས་པ་ནི་ཟད་པར་རླུང་དང་། རྀ་རཱྀ་ཨར་ཨཱར་ཞེས་པ་ནི་ཟད་པར་མེ་དང་། ཨུ་ཨཱུ་ཨོ་ཨཽ་ཞེས་པ་ནི། ཟད་པ་ཆུ་དང་། ལྀ་ལཱྀ་ཨལ་ཨཱལ་ཞེས་པ་ནི་ཟད་པར་ས་སྟེ་ཚུལ་ཁྲིམས་ཀྱི་སྟོབས་དང་ཟད་པར་རླུང་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་ཏུ་འགྱུར་རོ། །ཧ་ཧཱ་ཡ་ཡཱ་ར་རཱ་ཞེས་པ་འདོད་པ་ན་སྤྱོད་པ་དྲུག་ཏུ་སྦྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ཀྱིས་འགྱུར་རོ། །ཝ་ཝཱ་ཞེས་པ་ནི་ལྷ་མ་ཡིན་དང་མི་སྟེ་སྦྱིན་པའི་སྟོབས་ཀྱིས་ལྷ་མ་ཡིན་དང་དགེ་བ་དང་མི་དགེ་བའི་སྟོབས་ཀྱིས་མིར་འགྱུར་རོ། །ལ་ལཱ་ཞེས་པ་ནི་དུད་འགྲོ་དང་ཡི་དྭགས་ཏེ་སྡིག་པ་ཆུང་ངུས་དུད་འགྲོ་སྡིག་པ་འབྲིང་གི་ཡི་དྭགས་སོ། །ཀྵ་ཡིག་གིས་དམྱལ་བ་སྟེ་སྡིག་པ་ཆེན་པོས་འགྱུར་རོ། །ཀླུའི་འཇིག་རྟེན་དང་པོར་བསོད་ནམས་ཀྱི་སྟོབས་དང་དམྱལ་བའི་གནས་དང་པོར་སྡིག་པའི་སྟོབས་ཀྱིས་བསྐལ་པ་ཆུང་ངུའི་ཚེའོ། །དམྱལ་བའི་གནས་གཉིས་པ་དང་གསུམ་པར་བསྐལ་པ་བར་མའི་ཚེའོ། །དམྱལ་བའི་གནས་བཞི་པ་དང་ལྔ་པར་བསྐལ་པ་མཆོག་གི་ཚེའོ། །དམྱལ་བའི་གནས་དྲུག་པ་དང་བདུན་པར་བསྐལ་པ་ཆེན་པོའི་ཚེའོ། །བརྒྱད་པར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་སྟེ་དེ་ལྟར་ན་སྲིད་པ་སུམ་བཅུ་རྩ་གཅིག་གིས་སྲིད་པ་གསུམ་མོ། །ཞེས་པའི་དོན་ནོ་ཞེས་གསུངས་ལ། ཡང་དེ་ཉིད་ལས་བསྐལ་པ་ཆུང་ངུ་དང་བར་མ་དང་ཆེན་པོའི་ཚད་ཀྱང་གསུངས་ཏེ། ཇི་སྐད་དུ། བསྐལ་པ་ཆུང་ངུའི་ཚད་ནི་ཆུ་དང་ཞེང་ལ་དཔག་ཚད་གཅིག་པའི་དོད་སྟེ། དེ་ཡང་སྐྲའི་རྩེ་མོ་ཕྲ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས་ལོ་བརྒྱ་ན་སྐྲའི་རྩེ་མོ་རེ་རེ་ཕྱུང་བས་གང་གི་ཚེ་སྟོང་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ །ཉིན་ཞག་དེ་སུམ་བཅུའི་ཚད་ཀྱིས་ཟླ་བ་དང་ཟླ་བ་བཅུ་གཉིས་ཀྱིས་ལོ་དང་ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མའི་སྡེས་མཆོག་གི་བསྐལ་པའོ། །དེ་ལྟར་སེམས་ཅན་རྣམས་སྡིག་པའི་དབང་གིས་བསྐལ་པའི་གྲངས་དུ་མར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བར་འགྱུར་རོ། །ལྷ་རྣམས་བསོད་ནམས་ཀྱི་དབང་གིས་བསྐལ་པ་དུ་མར་མཐོ་རིས་ལ་སོགས་པའི་བདེ་བར་འགྱུར་རོ། །ཞེས་གསུངས་སོ། །ཇི་སྐད་བཤད་པའི་ལྷ་ལ་སོགས་པ་རྣམས་གསང་སྔགས་ཀྱི་སྣོད་དུ་མི་རུང་བ་དང་ལས་ཀྱི་སར་སྐྱེས་པའི་མི་ཉིད་གསང་སྔགས་ཀྱི་སྦྱངས་གཞིའི་མཆོག་ཡིན་པར་ཡང་གསུངས་ཏེ། དྲི་མེད་འོད་ལས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་ཞེས་བྱ་བ་ལ། ངེས་པ་ནི་ཉན་ཐོས་པའི་མཆོག་གི་སྡོམ་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་ཏེ་དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །དེ་དག་གི་རང་གི་སེམས་ཀྱི་བསམ་པ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པ་ནི་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་སྟེ། རང་གི་སེམས་ཀྱི་བསམ་པ་འདིས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདི་མའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །འདིར་ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ལས་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ་ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ་ཞེས་གསུངས་སོ། །གཉིས་པ་མིའི་སྐྱེ་བ་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། བསྐལ་པ་དང་པོའི་སྐྱེ་བ་འགྲུབ་པའི་ཚུལ། མངལ་སྐྱེས་འགྲུབ་པའི་ཚུལ་ལོ། །དང་པོ་ནི། ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་ནི། །དང་པོར་བརྫུས་སྐྱེས་གཟུགས་ཁམས་བཞིན། །དེ་ནས་རིམ་གྱིས་སྲེད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །བླང་དོར་བྱས་ལས་ལུས་ཁམས་ནི། །རགས་སྣང་ཕོ་མོ་སྣང་མུན་པ། །བདེ་སྡུག་འདོད་སྲེད་བརྟས་པར་འགྱུར། །ཞེས་གསུངས་ཏེ། ཀུན་གཞིའི་སྟེང་ན་བསྐལ་པ་དང་པོའི་བག་ཆགས་ཡོད་པས། དེ་དཔལ་གསང་བ་འདུས་པའི་ལྷག་མོས་ཀྱི་ཏིང་ངེ་འཛིན་གྱིས་སྤྱོད་པར་བཤད་པས་ན་རྡོ་རྗེ་ཐེག་པའི་སྦྱང་གཞི་ཡིན་ནོ། །དེ་ཡང་དང་པོར་བར་བསྐལ་གཅིག་གི་རིང་ལ་སྣོད་ཀྱི་འཇིག་རྟེན་ཆགས་ཏེ་དེ་ནས་རིམ་གྱིས་ཡུལ་འདིར་སྐྱེ་བ་འགྲུབ་པའི་ཚུལ་ནི། དང་པོར་མི་ཐམས་ཅད་རྫུས་ཏེ་སྐྱེ་བ་ཡིན་ཞིང་དེ་ཡང་གཟུགས་ཁམས་ཀྱི་འོད་གསལ་གྱི་ལྷ་བཞིན་དུ་འོད་དང་ལུས་ཀྱི་བོད་ཚོད་དང་ཚེ་དང་བསོད་ནམས་དང་དགའ་བའི་ཟས་དང་སྟོབས་ཕུན་སུམ་ཚོགས་པ་ཡིན་པས་རྫོགས་ལྡན་གྱི་དུས་ཞེས་བྱ་བ་ཡིན་ལ། དེ་ནས་གསུམ་ལྡན་སོགས་རིམ་གྱིས་བྲི་བ་ཡང་འདོད་པའི་ས་ཡིན་པའི་དབང་གིས་ནང་དུ་སྲེད་པ་བྱུང་། དེའི་དབང་གིས་དྲི་རོ་འཛིན་པའི་དབང་པོ་གྲུབ་ཅིང་དབང་པོའི་བདག་འབྲས་ཕྱི་རོལ་ཏུ་ས་མོ་ཞག་ཅེས་བྱ་བ་དྲི་དང་རོ་ཕུན་སུམ་ཚོགས་པ་བྱུང་ལ་དེ་ལ་ཆགས་ནས་སྣོམ་ཞིང་མྱངས་པ་ལས་དྲི་རོ་བཟང་ངན་ཡུལ་དུ་སྣང་བའི་རྣམ་ཤེས་ཀྱིས་དྲི་རོ་བཟར་བར་སྣང་བ་ལ་བླང་བྱ་དང་ངན་པར་སྣང་བ་ལ་དོར་བྱར་བྱས་པས་ལུས་ཁམས་དེ་ཡང་རགས་པ་དང་ལྕི་བར་སྣང་བ་ལ་སོགས་པ་བྱུང་ཞིང་དེ་ལ་བརྟེན་ནས་ཕོ་དང་མོའི་དབང་པོ་གྲུབ། དེའི་དབང་གིས་ནང་དུ་ཁམས་དཀར་དམར་གྲུབ། དེའི་དབང་གིས་ཕྱི་རོལ་ཏུ་ཉི་ཟླ་གྲུབ། དེ་ལས་སྣང་བ་དང་མུན་པ་གཉིས་བྱུང་བ་ཡིན་ལ། དེ་ལས་བདེ་བ་ལ་ཆགས་པ་དང་སྡུག་བསྔལ་ལ་སྡང་བའི་ཆགས་སྡང་དང་། དེ་ལས་ཚོར་བ་རྩ་བར་གྱུར་པའི་འཐབ་རྩོད་བྱུང་སྟེ། དེ་ཐམས་ཅད་ཀྱང་འདོད་སྲེད་མཐུ་བརྟས་པ་ཁོ་ན་ལས་འགྱུར་བ་ཡིན་ནོ། །དེ་དག་ནི་གསུམ་ལྡན་དང་གཉིས་ལྡན་དང་རྩོད་ལྡན་བྱུང་བའི་ཚུལ་ཏེ། ཇི་སྐད་དུ་ཆོས་མངོན་པའི་མདོ་ལས། དེའི་ཚེ་ས་ཆེན་པོ་ལ་ས་མོ་ཞག་དྲི་དང་རོ་ཕུན་སུམ་ཚོགས་པ་ཡོད་པ་བྱུང་སྟེ། སེམས་ཅན་དེ་རྣམས་དྲི་སྣོམ་ཞིང་སོར་མོའི་རྩེ་མོས་མྱང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར་སྲིད་དོ། །དེའི་རྒྱས་ལུས་ལྕི་བར་གྱུར་ཏེ་འོད་ཉམས་སོ། །འཇིག་རྟེན་དུ་མུན་པ་བྱུང་བ་དང་། ཉི་མ་དང་ཟླ་བ་འོད་གསལ་བར་འཆར་བ་དང་ནུབ་པ་དག་བྱུང་ངོ་། །དེའི་འོག་ཏུ་ཤི་བའི་རོ་དག་བྱུང་བས་ཆེ་ནུབ་པར་གྱུར་རོ། །ལུས་ཀྱི་ཁམས་བརྟས་པས་ཟག་པ་དང་ཕོ་དང་མོའི་དབང་པོ་ཡང་བྱུང་སྟེ། སེམས་ཅན་ང་ནི་ཚེ་རིང་བ་དང་ཁ་དོག་བཟང་བ་ཡིན་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་རྩོད་པ་དང་འདོད་པའི་སེམས་དང་སྡུག་བསྔལ་བྱུང་སྟེ་ས་ཞག་སའི་འོག་ཏུ་ནུབ་པར་གྱུར་ཏོ། །དེའི་འོག་ཏུ་མྱུ་གུའི་ཚལ་དང་། དེའི་འོག་ཏུ་འབྲས་ས་ལུ་མ་བཏབ་པར་སྐྱེ་བ་དང་བཅས་པ་ཡང་རིམ་གྱིས་ནུབ་པས་ང་ཡིར་བྱ་བ་དང་། དེ་ལ་གཞན་དག་གིས་བླངས་པས་རྩོད་པ་དང་བཅས་པ་བྱུང་བར་གྱུར་ཏོ། །ཞེས་གསུངས་སོ། །དེ་ལྟར་དུས་བཞིའི་འཇོག་ཚུལ་ལ་ཡང་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་དང་ཆོས་ཀྱི་དབང་དུ་བྱས་པ་གཉིས་ལས། ལོངས་སྤྱོད་ཀྱི་དབང་དུ་བྱས་པ་དུས་བཞི་ཆེན་མོ་སྟེ། ལོངས་སྤྱོད་ལ་ཆ་བཞིར་བྱས་པའི་ཆ་ཐམས་ཅད་ས་རྫོགས་པ་ལ་རྫོགས་ལྡན། དེ་ལས་གཅིག་བྲི་བས་གསུམ་ལྡན། གཉིས་བྲི་བ་གཉིས་ལྡན། གསུམ་བྲི་བ་རྩོད་ལྡན་དུ་བཞག་པའོ། །ཆོས་ཀྱི་དབང་དུ་བྱས་པ་ནི་དུས་བཞི་ཆུང་ངུ་སྟེ། དགེ་བ་བཅུའི་རྐང་པ་ཐམས་ཅད་རྫོགས་པ་ལ་རྫོགས་ལྡན། དེ་ལས་རྐང་པ་གཅིག་བྲི་བ་གསུམ་ལྡན། རྐང་པ་གཉིས་བྲི་བ་གཉིས་ལྡན། །གསུམ་བྲི་བ་རྩོད་ལྡན་གྱི་དུས་ཞེས་བྱ་སྟེ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པའི་སྦྱང་གཞི་ཡིན་ནོ། །དྲངས་མ་ཐག་པའི་མདོ་ལས་གསུངས་པ་ནི་དུས་བཞི་ཆེན་མོའི་དབང་དུ་བྱས་པ་ཡིན་ལ། དུས་བཞི་ཆུང་བ་འདི་ཡང་ལོ་གྲངས་དང་བཅས་པ་རྒྱུད་འགྲེལ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར། དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་ཏེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་ཏེ། རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་རྩོད་པའི་དུས་ཀྱང་མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གིས་ལོ་བརྒྱ་གང་ཡིན་པའོ། །ཞེས་གསུངས་ཤིང་། དེའི་འགྲེལ་པར་ཡང་། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར་ཞེས་པ་ནི་འདིར་རྫོགས་ལྡན་ལ་སོགས་པ་དུས་བཞི་གཞན་ཏེ་རྫོགས་ལྡན་ཆེན་པོ་ལ་སོགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་བཞི་འདི་ནི་དུས་ཀྱི་སྦྱོར་བས་འབྱུང་བར་འགྱུར་ཏེ་དུས་ནི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེའི་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ་མཚམས་བཞིའི་དབྱེ་བས་འབྱུང་བར་འགྱུར་རོ། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་ཏེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་ཏེ། །རྫོགས་ལྡན་དུས་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བགྲོད་དོ་ཞེས་པའི་དོན་ནོ། །རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་ཞེས་པ་ནི་རྒྱལ་པོའི་རྒྱབ་ཏུ་རྫོགས་ལྡན་གྱི་མཐར་ཆོས་ཀྱི་རྐང་པ་གཅིག་མེད་པ་དང་གསུམ་ལྡན་གྱི་མཐར་རྐང་པ་གཉིས་མེད་པ་ནི་གསུམ་ལྡན་དུ་འགྱུར་རོ། །རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ་རྩོད་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །གཉིས་ཀྱི་བར་དུ་གཉིས་ལྡན་ནོ་ཞེས་པ་ནི་རྩོད་དུས་དང་གསུམ་ལྡན་གཉིས་ཀྱི་བར་དུ་ཆོས་ཀྱི་རྐང་པ་གསུམ་མེད་པ་ནི་གཉིས་ལྡན་ནོ། །དུས་བཞི་པོ་རྣམས་དག་གི་ལོའི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ་རོ་བརྒྱ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ཚད་དེར་འགྱུར་རོ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་ཞེས་པ་ལ་དུས་ནི་བཞི་དང་མདའ་ནི་ལྔ་སྟེ། ལྔ་བཅུ་རྩ་བཞི་པོ་དེ་དག་གིས་བསྒྱུར་བ་ནི་དུས་དང་མདའ་ཡི་བསྒྱུར་བའོ། །མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ལོ་བརྒྱས་བསྒྱུར་བའི་བཞི་བརྒྱ་ལྷག་པའི་སྟོང་ཕྲག་ལྔར་འགྱུར་ཏེ་དུས་སོ་སོའི་ཚིགས་མཉམ་མོ་ཞེས་གསུངས་སོ། །འདིར་སྐབས་སུ་བབ་པ་དུས་བཞི་ཆེན་མོའི་དབང་དུ་བྱས་པའི་གཉིས་ལྡན་ཡིན་རྫོགས་ནས། གཉིས་པ་རྩོད་དུས་ཀྱི་མངལ་སྐྱེས་འགྲུབ་པའི་ཚུལ་ལ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་རིམ་པ། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། དེ་ལས་སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ནས་མངལ་སྐྱེས་འགྲུབ་པ་ནི། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་རོ་དྲུག་བཟའ་བཏུང་ལས། །འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་དོ། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བའི་ཡེ་ཤེས་ཀྱི། །སྦྱོར་བས་བརྟན་པར་འགྲུབ་པ་ཡིན། །པདྨར་ཆུད་པའི་ས་བོན་ནི། །འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །དེ་ཉིད་སྐྱེ་བར་བྱེད་པ་ཡང་། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོས་རྣམ་པར་ཤེས་པ་བསྐོར། །ཞེས་གསུངས་ཏེ། དེ་ལྟར་བསྐལ་པ་དང་པོའི་མི་རྣམས་ཀྱི་སྐྱེ་བ་འགྲུབ་ཚུལ་བཤད་ཟིན་པ་དེ་ནས་རྩོད་དུས་ཀྱི་མངལ་སྐྱེས་འགྲུབ་པའི་ཚུལ་ནི། དེ་ཡང་མངལ་དུ་ཉིང་མཚམས་སྦྱོར་བའི་ཚེ་སྤྱིར་ལུས་ངག་ཐམས་ཅད་སེམས་ཀྱི་རྣམ་འགྱུར་ཡིན་པས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན་ཀྱང་གཞན་རྟོག་མཐུ་བརྟས་པའི་དབང་གིས་རང་ལས་དོན་གཞན་པའི་ཕ་མའི་དཀར་དམར་དང་དྲི་ཟའི་སེམས་གསུམ་པོ་དེ་ཉེར་ལེན་ཅན་དུ་གྱུར་པའི་ལུས་འདི་ལ་ནི་ནང་གི་སྤུ་དང་ལྤགས་པ་དང་ཤ་དང་རུས་པ་ལ་སོགས་པ་ཁམས་སོ་དྲུག་འགྲུབ་པ་ཡིན་ལ། ཁམས་ཀྱི་ཚོགས་པ་དེ་ཉིད་ཀྱང་མ་གང་ཡིན་པ་དེས་ལུས་ལ་རོ་དྲུག་བཟའ་བ་དང་བཏུང་བར་བྱས་པ་ལས་ནང་གི་སྲ་བ་དང་གཤེར་བ་དང་དྲོ་བ་དང་ཡང་བ་སྟེ་འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་པ་ཡིན་ལ། རོ་དྲུག་པོ་གང་དང་གང་གིས་འབྱུང་བ་ལྔ་པོ་གང་དང་གང་བསྐྱེད་པ་ལས་གྲུབ་ཅེ་ན། སྐྱུར་བ་ཡེ་ཤེས་བསྐལ་པ་ནམ་མཁའ་ཁ་བ་རླུང་ཚ་བ་མེ་མངར་བ་ཆུ་ལན་ཚྭ་བ་ས་སྟེ།དེ་ལྟར་ཁྱབ་བྱའི་འབྱུང་བ་ལྔས་རྐྱེན་བྱས་ཏེ། ནམ་མཁས་སྒོ་ཕྱེ་ཞིང་བདེ་བའི་ཡེ་ཤེས་ཏེ་ཕ་མའི་དཀར་དམར་ཕྲད་པའི་བདེ་བ་དྲི་ཟའི་སེམས་གྱིས་བདག་ཏུ་གཟུང་བ་དེས་དེ་ཐམས་ཅད་ཕྲད་པ་དང་སྦྱོར་བར་བྱས་པ་ལས་ལུས་བརྟན་པར་འགྲུབ་པ་ཡིན་ནོ། །དེ་ཡང་ཇི་ལྟར་འགྲུབ་པའི་ཚུལ་ནི་དཀར་དམར་གཉིས་ཁོ་ནས་མི་འགྲུབ་སྟེ། པདྨར་ཚུད་པའི་ས་བོན་ཁུ་བ་དང་ཁྲག་དེ་ཕྱིར་མི་ལྟུང་བར་འཛིན་པར་བྱེད་པ་ནི་མའི་མངལ་གྱི་སའི་ཁམས་ཀྱི་རང་བཞིན་དང་། ཆུས་བསྐྱེད་པར་བྱེད། མེ་ཡིས་སྨིན་པར་བྱེད། རླུང་གིས་གོང་ནས་གོང་དུ་འཕེལ་བར་བྱེད། ནམ་མཁས་འཕེལ་བ་དེའི་གོ་སྐབས་འབྱེད་པར་བྱེད་པ་ཡིན་ལ། ཐུན་མོང་མ་ཡིན་པའི་ངེས་པ་ལས་ནི་ཡེ་ཤེས་ཀྱིས་དེ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་ནོ། །ཇི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་འགྱུར་བ་སྟེ། རོ་དྲུག་རྣམས་ཀྱང་འབྱུང་བར་སྟེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ། །ཞེས་པ་དང་། ཡང་དེ་ཉིད་ལས། ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་ཏེ་འདི་ཡིས་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་འགྲུབ་པ་སྟེ། །ཞེས་གསུངས་ལ། འགྲེལ་ཆེན་ལས་ཀྱང་། ད་ནི་མིའི་ལུས་སྐྱེད་པ་ལ་རྒྱུ་དང་འབྲས་བུའི་ཚོགས་པ་བསྡུས་པའི་ཚིགས་སུ་བཅད་པ་གསུམ་པ་གསུངས་པ། ལུས་ཞེས་པ་ལ་སོགས་པ་སྟེ་ལུས་འདི་ལ་ནི་ཁམས་ཀྱི་ཚོགས་ཞེས་པ་ནི་སྤུ་དང་ལྤགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི་ཁམས་ཀྱི་ཚོགས་སུ་འགྱུར་ཏེ། མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ཞེས་པ་ནི་ལན་ཚྭ་དང་མངར་བ་དང་ཚ་བ་དང་ཁ་བ་དང་བསྐ་བ་དང་སྐྱུར་བ་ནི་རོ་དྲུག་སྟེ་འདི་དག་ཟོས་ཤིང་འཐུངས་པའི་དབང་གིས་ཁམས་ཀྱི་ཚོགས་སུ་འགྱུར་རོ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལ་སྟེ་ཞེས་པ་ནི་རོ་དྲུག་དུ་ཡང་ས་དང་ཆུ་དང་མེ་དང་རླུང་དང་རོ་རྣམས་ལས་འགྱུར་རོ། །འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རོའི་ཚོགས་ནི་ནམ་མཁའི་ཁམས་ལྔར་བརྗོད་པའི་རྡུལ་ཕྲ་རབ་ཀྱི་ཆོས་ལས་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས་མངལ་འཛིན་པ་ལ་སོགས་པ་གསུངས་པ། ས་བོན་ཞེས་པ་ལ་སོགས་པ་སྟེ་འདིར་དབང་པོ་གཉིས་ཀྱི་སྦྱོར་བ་ལས་གསང་བའི་པདྨར་ལྷུང་བའི་ཁུ་བ་དང་བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ། །ས་བོན་དེ་ནི་འཛིན་མས་འཛིན་ཏེ་གསང་བའི་པདྨ་ལ་སའི་ཁམས་གང་ཡོད་པ་དེ་ཡིས་སོ་ཞེས་པའི་དོན་ཏོ། །པདྨར་གནས་པ་ཞེས་པ་ནི་གསང་བའི་པདྨར་གནས་པའོ། །གསང་བའི་པདྨ་དེ་ལས་ཆུ་ཡིས་སྡུད་དོ། །ཕྱིས་ནས་ནི་མེ་ཡིས་སྨིན་པར་བྱེད་ཅིང་ཞེས་པ་ནི་ཆུ་ཡིས་རབ་ཏུ་བསྡུས་པའི་ས་བོན་འདི་མེ་ཡིས་རབ་ཏུ་སྨིན་པར་བྱེད་དོ། །རོ་དང་རོ་ཟ་བར་བྱེད་ཏེ་ཞེས་པ་ནི་རོ་དྲུག་པོ་མ་ཡིས་ཟོས་པ་དང་འཐུངས་པ་གང་ཡིན་པའི་རོ་དང་རོ་དེ་དག་མ་ཡིས་ཟ་བར་བྱེད་དོ། །ས་བོན་འདིའི་འཕེལ་བ་རླུང་གིས་བྱེད་དོ། །ནམ་མཁའ་སྟོང་པ་དག་ཀྱང་འཕེལ་བའི་སྐབས་སུ་གོ་སྐབས་སྦྱིན་པར་བྱེད་དོ། །མིའི་བདག་པོ་ཞེས་པ་ནི་བོད་པའོ། །དུས་ལས་དེ་ལྟར་འགྲུབ་པས་ཏེ་དེ་ལྟར་རིམ་པ་དེ་དག་གིས་ཉ་ལ་སོགས་པ་གྲུབ་སྟེ་མངལ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །མངལ་དེ་ཉིད་དུ་སྐྱེ་བའི་ཕྲད་སྦྱོར་བྱེད་པ་ཡང་དཔལ་དགྱེས་པ་རྡོ་རྗེ་ལས་གསུངས་པ་ལྟར་ཕ་མ་ཡིས་སྙོམས་འཇུག་བྱེད་པའི་ཁམས་ལྔའི་གནས་སྐབས་ཀྱི་འགྱུར་བ་ལྔ་ཡིན་ཏེ། ཕ་མའི་བོ་ལ་དང་ཀཀྐོ་ལ་སྦྱོར་བའི་གནས་སྐབས་སུ་དཀར་དམར་ཕྲད་པའི་ཚེ་དྲི་ཟའི་སེམས་ཅན་འོངས་ནས་དཀར་དམར་གྱི་དབུས་སུ་རེག་པའི་སྲ་བ་དེ་བདག་ཏུ་གཟུང་བའི་བག་ཆགས་དེ་ཉིད་ལས་རང་གི་སའི་ཁམས་ནི་སྐྱེ་བར་འགྱུར་ལ། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་བའི་རང་བཞིན་དེ་ལ་བདག་ཏུ་གཟུང་བ་ལས་ཆུའི་ཁམས་འབྱུང་ཞིང་། བསྐྱོད་པར་བྱས་པ་ལས་དྲོད་སྐྱེ་སྟེ་དེ་བདག་ཏུ་གཟུང་བ་ལས་མེའི་ཁམས་དང་། ལུས་ཀྱི་རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་གཡོ་བ་དེ་བདག་ཏུ་གཟུང་བ་ལས་རླུང་འབྱུང་བར་རབ་ཏུ་གྲགས་ལ། བདེ་བ་དེ་བདག་ཏུ་གཟུང་བ་ལས་ནམ་མཁའི་ཁམས་འབྱུང་སྟེ། དེ་ལྟར་ཁམས་ལྔ་པོ་དེས་རྣམ་པར་ཤེས་པ་བསྐོར་ནས་གནས་པ་ཡིན་ནོ། །འདིའི་སྦྱང་གཞི་དང་ལྷ་གང་ཡིན་པ་དང་རང་བཞིན་དང་སྦྱར་བ་ཡང་། དཔལ་དགྱེས་པ་རྡོ་རྗེ་ལས། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་རང་བཞིན་ཉིད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་འབྱུང་འགྱུར་ཏེ། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་འགྱུར་གང་། །པདྨར་གང་ཞིག་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲ་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་ཏེ། །ནམ་མཁའ་སེར་སྣ་རྡོ་རྗེར་བརྗོད། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡིས་གཟུགས་ཀྱི་རྣམ་པར་མཚོན། །ཞེས་གསུངས་པ་ལྟར་གཙོ་བོ་སེམས་གཅིག་ལ་འཁོར་སེམས་བྱུང་ལྔས་བསྐོར་བའི་དབང་གིས་རགས་པ་ཕོ་མོ་སྙོམས་འཇུག་གི་དུས་སུ་ཡང་འབྱུང་བ་ལྔའི་འགྲོས་སུ་འཆར་ཞིང་། ཕྲ་བ་སེམས་ཡུལ་གཅིག་ལ་འཇུག་པ་ཡང་འབྱུང་བ་ལྔའི་འགྲོས་སུ་འཆར་ལ། དེའི་དབང་གིས་གཞི་ལ་རྟེན་ཕུང་པོ་ལྔ་ཁམས་འབྱུང་བ་ལྔ་དུག་ལྔ་ལ་སོགས་པར་འཆར་བ་དང་། ལམ་གྱི་གནས་སྐབས་སུ་ཡེ་ཤེས་ལྔ་དང་། འབྲས་བུ་ལ་སྐུ་ལྔ་ལ་སོགས་པར་འཆར་བ་ཡིན་ནོ། །གཉིས་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གིས་ངོ་བོས་གཟུགས་གཞན་མཐོང་། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱི་རྣམ་ཤེས་བཟུང་། །དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལས། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་གསུངས་ཏེ། གཞུང་འདི་ཡང་དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་པ་འདིར་བཀོད་པ་ཡིན་ཏེ། དེ་ཡང་མངལ་དུ་ཉིང་མཚམས་སྦྱོར་བའི་རྒྱུ་ནི་བར་དོའི་རྣམ་པར་ཤེས་པ་སྟེ་དྲི་ཟའི་སེམས་ཅན་དུ་གྲགས་པ་དེ་ཡིན་ལ། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་གཡོ་བའི་མཚན་ཉིད་ཅན་རླུང་གི་ངོ་བོར་གྱུར་པ་དེས་རྨི་ལམ་གྱི་སྣང་བ་བཞིན་དུ་རང་ལས་དོན་གཞན་པའི་ཕ་མའི་གཟུགས་མཐོང་ཞིང་། དེ་ཡང་རྟེན་འབྲེལ་ལ་སོགས་པའི་རྒྱུ་རྐྱེན་གྱི་དོན་དང་རང་གི་ངོ་བོ་ནི་གང་ཡིན་ངེས་པར་མི་ཤེས་ཤིང་གཏི་མུག་གི་རླུང་ཙམ་གཅིག་པུས་རྒྱུད་རྨོངས་པར་བྱས་པའི་སྲིད་པས་མཚམས་སྦྱར་བ་ལས་ལུས་མངོན་པར་འདུ་བྱེད་པ་ཡིན་ལ། དེས་ཀུན་གཞིའི་རྣམ་པར་ཤེས་པ་བཀུག་ནས་མངལ་དུ་འཇུག་གོ །དེ་ཡང་མངལ་སྐྱེས་ཕལ་ཆེར་མངལ་དུ་འཇུག་ཁར་ཆར་རླུང་ལ་སོགས་པས་དེད་ནས་སྐྱབས་བཙལ་བའི་སྣང་བ་བྱུང་སྟེ་ཉིང་མཚམས་སྦྱོར་ལ། དེའི་ཚེ་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་དང་། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་ཆགས་དང་སྡང་བག་ཆགས་ལ་རྣམ་པར་སྤྱོད་པ་ཡིན་ནོ། །འདིར་ཉོན་ཡིད་སྲོག་རླུང་ལ་བྱེད་པས་ན་བག་ཆགས་ཉིད་ཀྱང་ཁམས་ཀྱི་དྭངས་མ་ཡིན་པས་དེས་རྟེན་བྱས་ནས་རྣམ་ཤེས་བརྟེན་པར་གཟུང་ཞིང་། དེའི་ཚེ་ཕ་མའི་ཁུ་་ཁྲག་ཞུ་བའི་ཐིགས་པ་ལས་བར་དོའི་སེམས་ཅན་འདྲེས་པར་གྱུར་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་རྒྱུ་དང་བཅས་པ་བདེ་བ་དམ་པས་བྱིན་གྱིས་བརླབས་ཏེ་ཇི་ལྟར་སྐྱེས་བུ་ཆང་གི་རོ་དང་ནུས་པས་མྱོས་པ་བཞིན་དུ་འགྱུར་རོ། །དུས་ནི་རྩ་མ་ཆགས་པའི་ཟླ་བ་གཅིག་གི་བར་ཡིན་ལ། དེ་ཡང་མངལ་དུ་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་རླུང་དང་བཅས་པ་ཚོགས་པ་གཅིག་ཏུ་གྱུར་པ་ནི་རྒྱུད་སྡེ་སྤྱི་ལ་གྲགས་པའི་རྒྱུའི་རྡོ་རྗེ་འཆང་ངམ། གསང་བ་འདུས་པ་ལ་གྲགས་པའི་དང་པོའི་མགོན་པོ་ཡིན་ཏེ། གསང་བ་འདུས་པ་ཞལ་གསུམ་དུ་འོང་པ་ཡང་དཀར་དམར་རླུང་གསུམ་དག་པ་ཡིན་ལ་ཕྱག་དྲུག་ཏུ་འོང་བ་ཡང་དཀར་དམར་རླུང་གསུམ་པོ་ཟླ་ཉིའི་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བ་ལས་བྱུང་བ་ཡིན་ཞིང་དེ་ལྟར་ཚོགས་པ་ལས་གཞི་དུས་ཀྱི་ལྟར་རྫོགས་པའི་ཚུལ་ཡང་རྒྱས་འབྲིང་བསྡུས་པ་གསུམ་ལས་རྒྱས་པ་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྐྱེད་པ་ཡིན་ཏེ། ཕའི་ཁུ་བ་ནི་གདན་ཟླ་བ་ལས་མངོན་པར་བྱང་ཆུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན། མའི་ཁྲག་ནི་གདན་ཉི་མ་ལས་མངོན་པར་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན། །བར་དོའི་རྣམ་པར་ཤེས་པ་ས་བོན་དང་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན། དཀར་དམར་རྣམ་ཤེས་གསུམ་རོ་གཅིག་ཏུ་གྱུར་པ་ནི་འདྲེས་པ་ལས་མངོན་པར་བྱང་ཆུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན། དེ་ལས་ལུས་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །འབྲིང་ནི་རྡོ་རྗེ་བཞིའི་སྒོ་ནས་བསྐྱེད་པ་སྟེ། འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། བར་དོའི་རྣམ་ཤེས་དཀར་དམར་གྱི་དབུས་སུ་ཞུགས་ཏེ་རྟེན་བརྟེན་པར་གྱུར་པ་ས་བོན་བསྡུ་བ། དེ་ལས་རིམ་གྱིས་ལུས་འགྲུབ་པ་ནི་གཟུགས་རྫོགས་པ། ཕྱི་རོལ་དུ་བཅས་ནས་དབང་པོ་ཡུལ་ལ་འཇུག་པ་ནི་ཡི་གེའོ། །བསྡུས་པ་ནི་རྡོ་རྗེ་ཆོ་ག་གསུམ་བསྐྱེད་སྟེ་བར་དོའི་རྣམ་ཤེས་ས་བོན། དེ་ཕ་མའི་དཀར་དམར་གྱི་དབུས་སུ་ཞུགས་པ་ཕྱག་མཚན། དེ་ལས་ལུས་ཡོངས་སུ་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ཡིན་ནོ། །ཇི་སྐད་དུ་དཔལ་དགྱེས་པ་རྡོ་རྗེ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པས་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་གསུངས་སོ། །དྲི་མ་མེད་པའི་འོད་ལས་ནི། དེ་ནས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས་ཞེས་པ་ནི་དེ་ལ་ཟླ་བ་དང་ཁུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གཟུགས་ཀྱི་ཕུང་པོ་བསྐྱེད་པར་བྱེད་པ་རྣམ་པར་སྣང་མཛད་དོ་ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཚོར་བའི་ཕུང་པོ་བསྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །དྲི་ཟའི་སེམས་ཅན་ཧཱུྃ་ཡིག་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པར་བྱེད་པ་སྣང་བ་མཐའ་ཡས་སོ། །དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཧི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་རྣམ་པར་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་རྣམ་པར་ཤེས་བའི་ཕུང་པོ་བསྐྱེད་པར་བྱེད་པ་མི་བསྐྱོད་པ་སྟེ་ཕྱི་དང་ནང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ། །འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ་དབྱངས་རྣམས་ཀྱི་ཐིག་ལེ་དང་གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་དང་རྣམ་པར་ཤེས་པ་གཞོམ་དུ་མེད་པ་སྲོག་གི་ཨ་ཡིག་གོ །དེ་ལྟར་གསུངས་པའི་རིམ་པས་བཅོམ་ལྡན་འདས་འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་། དྲི་མ་མེད་པའི་འོད་འཕྲོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་པ་སྟེ་ཕྱི་རོལ་དང་མངལ་དུ་སྐུ་རྫོགས་པའི་ངེས་པའོ། །ཞེས་གསུངས་སོ། །འདིར་དེ་ལས་འཕྲོས་པའི་དོན་ནི། མངལ་དུ་འཇུག་པ་དང་གནས་པ་དང་སྐྱེ་བ་གསུམ་ཀ་མི་དྲན་མི་ཤེས་པ་ནི་སེམས་ཅན་ཐ་མལ་པ་དང་། འཇུག་པ་དྲན་ཞིང་ཤེས་ལ་གནས་པ་དང་སྐྱེ་བ་ལ་རྨོངས་པ་ནི་འཇིག་རྟེན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཇིག་རྟེན་ལས་འདས་པ་རྒྱུན་ཏུ་ཞུགས་པ་རྣམས་ཡིན་ལ། འཇུག་པ་དང་སྐྱེ་བ་གཉིས་དྲན་ཞིང་ཤེས་ལ་གནས་པ་ལ་རྨོངས་པ་ནི་བྱང་སེམས་ལས་དང་པོ་པ་དང་རང་སངས་རྒྱས་རྣམས་ཡིན་ཞིང་། གསུམ་ཀ་དྲན་ཞིང་ཤེས་པ་ནི་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལེན་ཚུལ་ཡིན་ནོ། །གསུམ་པ་དེ་ལས་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ལ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ་ལ། ཟླ་བ་བཅུར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་གསུངས་ཏེ། གང་གི་ཚེ་བར་དོའི་རྣམ་ཤེས་མངལ་དུ་དཀར་དམར་གྱི་དབུས་སུ་ཞུགས་པ་དེའི་ཚེ་ཀུན་གཞིའི་རྣམ་ཤེས་དེ་ལས་ཆུ་ལས་རླབས་ལྟར་ལངས་པའི་ཉོན་མོངས་པ་ཅན་གྱི་ཡིད་གཡོ་བའི་མཚན་ཉིད་ཅན་དེ་དང་། དཀར་དམར་གྱི་སྟེང་གི་རླུང་གཉིས་པོ་དེ་རྐྱེན་དང་རྐྱེན་ཅན་དུ་གྱུར་པ་ལས་སྲོག་ཆེན་པོའི་རླུང་དེ་ཉིད་ཐོག་མར་གྲུབ་ལ། དེ་ནས་རང་རང་འགྲོགས་པའི་འབྱུང་བ་བཞི་པོ་རིམ་གྱིས་འཕེལ་བའི་སྐད་ཅིག་རེ་རེ་ལ་ཡང་གོང་ནས་གོང་དུ་ཡང་དག་པར་འཕེལ་ནས་འགྲོའོ། །དེ་ཡང་དམར་ཆ་དང་འགྲོགས་པ་སྟེང་དུ་སོང་བ་ལས་སྲོག་རླུང་དང་དཀར་ཆ་དང་འགྲོགས་པ་འོག་ཏུ་སོང་བ་ལས་ཐུར་སེལ་གྱི་རླུང་བསྐྱེད་པར་བྱས་ཏེ། དེ་ནས་ལས་ཀྱི་རླུང་རྣམས་སྐད་ཅིག་ལ་བསྐྱེད་པར་བྱས་ཏེ་འོ་མ་ལས་ཞོར་འགྱུར་བ་ལྟར་ནུར་ནུར་པོ་ལ་སོགས་པ་དེ་ཉིད་སྡུད་པར་བྱེད་བརྟས་པར་བྱེད་མི་རུལ་བར་བྱེད་ཅིང་བསྐྱེད་ཏེ་གནས་བཅུ་ལ་སོགས་པར་བྱེད་པ་ཡིན་ནོ། །འདི་ཡང་གཞིའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་ལངས་པ་དང་། ལམ་དང་འབྲས་བུའི་གནས་སྐབས་སུ་དཔལ་གསང་བ་འདུས་པ་ལས་གསུངས་པ་ལྟར་དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏེ་ཞེས་གསུངས་པའི་དོན་ཡིན་ནོ། །འདི་ཉིད་དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་བཅས་པ་དག །ཉ་དང་རུས་སྦལ་ཕག་བར་འགྱུར་སྟེ་མི་ཡི་སེང་གེ་མི་ཐུང་རཱ་མ་རཱ་མ་དག་དང་ནི། །ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་ལ། འགྲེལ་ཆེན་ལས་ཀྱང་། གསང་བ་ཞེས་པ་ལ་སོགས་པས་ནང་གི་ཐུགས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་གསུངས་ཏེ། འདིར་གསང་བའི་པདྨར་ཁྲག་གི་ནང་དུ་གང་གི་ཚེ་ལྷུང་བའི་བྱང་ཆུབ་ས་བོན་ཞེས་པ་ནི་ཁུ་བ་སྟེ། སྲོག་དང་བཅས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་པ་དག་གང་གི་ཚེ་གསང་བའི་པདྨར་ལྷུང་བ་དེའི་གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ་ལ། རྩ་བའི་རླུང་ལྔ་ལས་ལུས་ཀྱི་ཇོ་བོ་སྐྱེ་བའི་རིམ་པ་དང་། ཡན་ལག་གི་རླུང་ལྔ་ལས་ལུས་ཀྱི་དབང་པོ་རྣམས་སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ལ། སྲོག་རླུང་ལ་གནས་སྐབས་བཞི་དང་དབུ་མ་སོགས་སྐྱེ་བའི་རིམ་པ་དང་། ཐུར་སེལ་ལ་སོགས་པ་ལས་ལུས་ཀྱི་གནས་གཞན་སྐྱེ་བའི་རིམ་པའོ། །དང་པོ་ནི། ནུར་ནུར་མེར་མེར་ལྟར་ལྟར་པོ། །གོར་གོར་པོ་སྟེ་བདུན་ཕྲག་བཞི། །ལས་རླུང་གིས་དཀྲུགས་སྡུད་པར་བྱེད། །མཁྲང་འགྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །བསྐྱེད་ནས་སྙིང་དང་ལྟེ་བ།ཡི། །འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མ་ཡི་རྩར་འབྲེལ་བས། །རླུང་ཁྲག་རྒྱས་པར་བྱེད་པར་འགྱུར།ཞེས་གསུངས་ཏེ། དེ་ཡང་མངལ་དུ་སྲོག་གྲུབ་ནས་བདུན་ཕྲག་གཅིག་ཏུ་སྲོག་རླུང་ཉིད་དུ་གནས་ཤིང་དེ་ནས་སྲོག་རླུང་དེ་འབྱུང་བ་བཞི་དང་འགྲོགས་པའི་དབང་གིས་གནས་སྐབས་བཞིར་འགྱུར་བ་ལས། དང་པོ་ཀུན་ནས་སྤུང་བ་ཞེས་བྱ་བའི་རླུང་གིས་ཞག་བདུན་ཕྲག་གཉིས་པར་ནུར་ནུར་པོ་དང་། དེ་ནས་བདུན་ཕྲག་གསུམ་པར་མཛོད་ཀ་ཞེས་པའི་རླུང་གིས་མེར་མེར་པོ་དང་། དེ་ནས་བདུན་ཕྲག་བཞི་བར་རབ་ཏུ་འབྱེད་པའི་རླུང་གིས་ལྟར་ལྟར་པོ་དང་། དེ་ནས་བདུན་ཕྲག་ལྔ་པར་ཡང་དག་པར་སྡུད་པའི་རླུང་གིས་གོར་གོར་པོ་སྟེ་བདུན་ཕྲག་བཞིར་འཕེལ་ཞིང་རླུང་དེ་རྣམས་ཀྱང་ལས་རླུང་ཡིན་པའི་དབང་གིས་དཀར་དམར་གྱི་རྡུལ་ཕྲ་རབ་རྣམས་དཀྲུགས་ཤིང་ལུས་ཀྱི་གནས་ཐམས་ཅད་དུ་གཏོར་ནས་འཁོར་ལོ་དྲུག་གི་གནས་སུ་སྡུད་པར་བྱེད་ལ། དེ་ནས་ཟླ་བ་གཉིས་པར་མཁྲང་འགྱུར་ཞེས་བྱ་བའི་ཞག་དང་པོ་ནས་སྲོག་རླུང་གིས་དཀར་དམར་གཉིས་སྟེང་འོག་ཏུ་དེད་ནས་ལུས་ཀྱི་དབུས་སུ་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་རྩ་དབུ་མ་དང་། དེའི་ནང་དུ་སྲོག་གི་རླུང་དང་སྟེང་འོག་གི་སྣ་གཉིས་སུ་ཐིག་ལེ་དཀར་དམར་དང་བཅས་པ་གྲུབ་ཅིང་། དེ་ནས་སྲོག་རླུང་དང་རྐྱེན་འབྱུང་བ་བཞི་དང་མའི་ཁ་ཟས་ཀྱིས་བསྐྱེད་ནས་སྙིང་ཀར་རླུང་བཅུའི་རྟེན་དུ་གྱུར་པའི་རྩ་བཅུ་དང་། ལྟེ་བའི་འཁོར་ལོར་དུས་སྦྱོར་བཅུ་གཉིས་ཀྱི་རྟེན་དུ་གྱུར་པའི་རྩ་ཆགས་ནས་སེམས་ཀྱི་རྡོ་རྗེ་འཆང་ལས་ལུས་འགྲུབ་པ་ལ་ཕྱི་རོལ་ན་ཁྱབ་འཇུག་གི་འཇུག་པ་བཅུ་ཡོད་པར་འདོད་པ་དེ་བཞིན་དུ་ནང་དུ་ཡང་འཇུག་པ་བཅུ་ཡོད་པའི་དང་པོ་ཉའི་རྣམ་པ་ལྟ་བུར་འགྱུར་ཞིང་། དེ་ལྟར་འཕེལ་བ་ཡང་སེམས་ཅན་དེའི་ལྟེ་བར་མའི་རོ་མའི་རྩ་དང་འབྲེལ་བ་ལས་རླུང་དང་ཁྲག་གི་ནུས་པ་རྒྱས་པར་འགྱུར་རོ། །འདིར་སེམས་ཀྱི་རྡོ་རྗེ་འཆང་ལས་ནང་གི་ལུས་འགྲུབ་པའི་ཚུལ་ཁྱབ་འཇུག་གི་འཇུག་པ་བཅུ་ཡོད་པར་འདོད་པ་དང་མིང་མཐུན་པའི་གནས་སྐབས་བཅུ་ཇི་ལྟར་ཡོད་ཅེ་ན། གང་གི་ཚེ་བར་དོའི་རྣམ་པར་ཤེས་པ་རང་དང་ལྷན་ཅིག་ཏུ་འཇུག་པའི་སྲོག་རླུང་དང་བཅས་པ་དེ་ཉིད་མངལ་དུ་དཀར་དམར་དང་རོ་གཅིག་ཏུ་གྱུར་ནས་ཟླ་བ་གཅིག་རྫོགས་པ་དེའི་ཚེ་སྲོག་ཆེན་པོའི་རླུང་དེའི་བྱེད་པ་ལ་བརྟེན་ནས། སེམས་ཅན་དེ་ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་རྩ་ཞིག་དཀར་དམར་གྱི་དབུས་སུ་ཐོག་མར་གྲུབ་ལ་དེ་ཉིད་ནི་ལུས་དང་རྩ་ཐམས་ཅད་ཀྱི་དབུས་སུ་གནས་པས་དབུ་མ་ཞེས་པའམ་སྲོག་རླུང་ལ་གནས་པའི་ཕྱིར་སྲོག་དབུ་རྩ་ཞེས་ཀྱང་བྱའོ། །དེའི་ཡར་སྣ་སྙིང་ཀའི་དབུས་སུ་རྩ་བ་དང་ཡན་ལག་གི་རླུང་བཅུ་རྒྱུ་བའི་གཞི་རྩའི་འདབ་མ་བཅུ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་དང་། ལྟེ་བར་རླུང་འཕོ་ཆུང་དྲུག་བཅུ་རྒྱུ་བའི་རྩ་འདབ་དྲུག་བཅུ་དང་ཡེ་ཤེས་ཀྱི་ཆ་རྒྱུ་བའི་འདབ་མ་བཞི་སྟེ་དྲུག་བཅུ་རྩ་བཞི་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་ཆགས་སོ། །དེ་ལ་ནི་གནས་སྐབས་བཅུའི་དང་པོ་ཉ་ལྟ་བུའི་གནས་སྐབས་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཁྱབ་འཇུག་གི་འཇུག་པ་དང་བསྟུན་པའི་རྒྱུ་མཚན་ཡང་། ཕྱི་རོལ་པ་ཁ་ཅིག་སྣོད་བཅུད་ཚངས་པས་བྱས་པར་འདོད་པ་དང་། ཁ་ཅིག་དབང་ཕྱུག་གིས་བྱས་པར་འདོད་པ་དང་། ཁ་ཅིག་ཁྱབ་འཇུག་གིས་བྱས་པར་འདོད་པ་དང་། སངས་རྒྱས་པ་ཁ་ཅིག་ཀྱང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་ལྟར་ལས་བྱེད་པ་པོར་འདོད་ལ། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར། རྡོ་རྗེ་ཐེག་པ་འདིར་སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང་། ཁྱད་པར་དུ་རྡོ་རྗེ་ལུས་ཀྱི་བྱེད་པ་པོ་ནི་སེམས་ཀྱི་རྡོ་རྗེ་འཆང་ཡིན་པར་བཞེད་པས། དེ་ལ་ཁྱབ་འཇུག་གི་མིང་འདོགས་པར་མཛད་པ་ཡིན་ནོ། །དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་དང་བསྟན་བཅོས་འདི་ཉིད་ནས་གསུངས་པ་ལྟར་མངལ་དུ་དང་པོར་ཟླ་བ་གཅིག་ཏུ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་བཞི་དང་། དེ་ནས་ཟླ་བ་གཉིས་པ་ལ་རྩ་དབུ་མ་ཆགས་པ་ལ་བརྟེན་ནས་ཉ་ལྟ་བུའི་གནས་སྐབས་དང་། དེ་ནས་ཟླ་བ་གསུམ་པ་དང་བཞི་པ་ལ་རིམ་པས་འཕེལ་ཏེ་རྐང་ལག་དང་མགོའི་ཕྱོགས་སུ་འབུར་པོ་ལྔ་དོད་པར་གྱུར་པ་ན་རུས་སྦལ་ལྟ་བུའི་གནས་སྐབས་དང་། དེ་ནས་ཟླ་བ་ལྔ་པ་ནས་དགུ་པའམ་ཁ་ཅིག་ཏུ་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པའི་བར་ལ་ཡན་ལག་དང་དབང་པོ་རྣམས་རྫོགས་པར་གྲུབ་ཅིང་མི་གཙང་བ་ཟ་བས་ཕག་པ་ལྟ་བུའི་གནས་སྐབས་ཏེ་མངལ་དུ་གནས་སྐབས་གསུམ་དང་། དེ་ནས་བཙའ་བའི་དུས་ལ་བབ་པ་ན་ལག་པས་སྐྱེ་གནས་འབྱེད་པར་བྱེད་པས་མིའི་སེང་གེའི་གནས་སྐབས་ཞེས་བྱའོ། །འདི་ལ་མིའི་སེང་གེའི་གནས་སྐབས་སུ་ཇི་ལྟར་འཇོག་ཅེ་ན། སྔོན་འདས་པའི་དུས་ན་འགྲོ་སྐྱབས་གསེར་ཅན་ཞེས་པའི་བླུན་པོ་ཞིག་གིས་འབད་པས་དབང་ཕྱུག་ཆེན་པོ་བསྒྲུབས་པས་འགྲུབ་སྟེ། ལོ་གྲངས་ས་ཡ་ཕྲག་ཕྱེད་དང་བཞིའི་ཚེའི་དངོས་གྲུབ་བྱིན་པ་ན། ཁྱབ་འཇུག་ཆེན་པོས་ཕྲག་དོག་བྱས་ཏེ་ཁྱོད་ཀྱིས་འབད་པ་ཆེ་མོད་ཀྱི་དབང་ཕྱུག་གིས་དངོས་གྲུབ་ཆུ་ངེས་པས་དེ་མ་ཡིན་པའི་དངོས་གྲུབ་སློངས་ཤིག་ཅེས་སོ། །འགྲོ་སྐྱབས་གསེར་ཅན་གྱིས་སྨྲས་པ་ཇི་ལྟ་བུ་སློང་བར་བྱ། ཁྱབ་འཇུག་གིས་སྨྲས་པ། ཁང་པའི་ཕྱིར་རུ་ཡང་མི་འཆི་ནང་དུ་ཡང་མི་འཆི་བ་སློངས་ཤིག །དེས་དེ་ལྟར་བགྱིས་པ་ན་གནད་བཅོས་པའི་ཚིག་དེ་ཡིས་སྔར་གྱི་དངོས་གྲུབ་ཐམས་ཅད་ཡལ་ལོ། །དབང་ཕྱུག་གིས་ཀྱང་ཁང་པའི་ཕྱི་ནང་གང་དུ་ཡང་མི་འཆི་བའི་དངོས་གྲུབ་བྱིན་ནོ། །ཁྱབ་འཇུག་གིས་འགྲོ་སྐྱབས་གསེར་ཅན་ལ་སྨྲས་པ། ཁྱོད་སྒོའི་མ་ཐེམ་གྱི་དབུས་སུ་འདུག་ལ་དབང་ཕྱུག་ལས་ལྷག་པའི་ཁྱབ་འཇུག་ལ་གསོལ་བ་ཐོབ་ཅིག །དེས་དེ་ལྟར་བྱས་པ་ན་ཁྱབ་འཇུག་སྒོའི་ཡ་ཐེམ་གྱི་ཁྲོད་ནས་སེང་གེར་སྤྲུལ་ནས་མ་ཐེམ་གྱི་དབུས་སུ་འགྲོ་སྐྱབས་གསེར་ཅན་གྱི་ལྟོ་བ་སྡེར་མོས་ཕྲལ་ཏེ་བསད་དོ་ཞེས་གྲག་གོ །དེ་དང་མཚུངས་པས་མིའི་སེང་གེའི་གནས་སྐབས་ཞེས་བྱའོ། །བཙས་ནས་སོ་སྐྱེས་ཀྱི་བར་ལ་མིའུ་ཐུང་ལྟ་བུར་གནས་པས་མིའུ་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ་ལྷུང་གི་བར་ལ་སོ་དགྲ་སྟ་ལྟ་བུ་དང་ལྡན་པས་དགྲ་སྟ་རཱ་མའི་གནས་སྐབས་སོ། །སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་ལ་ལུས་ཀྱི་དངས་མ་རྒྱས་པས་རྒྱས་པ་རཱ་མའི་གནས་སྐབས་སོ། །ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་གཡོ་སྒྱུ་བྱེད་ཅིང་སྐྲ་ནག་པོ་དང་ལྡན་པས་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་བར་ནི་དབང་པོ་ཡུལ་ལ་འཇུག་པའི་སྤྲོས་པ་ཞི་བས་སངས་རྒྱས་ཀྱི་གནས་སྐབས་སོ། །འཆི་བའི་ཉེན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ཏུ་བྱེད་པས་རིགས་ལྡན་གྱི་གནས་སྐབས་སོ། །དེ་ལྟར་སེམས་ཀྱི་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་མངལ་དུ་གནས་པ་ནས་འཆི་བའི་ཉིན་ཞག་གི་བར་ཉ་ལ་སོགས་པའི་གནས་སྐབས་བཅུའི་རྣམ་པར་འགྱུར་རོ། །དེར་མ་ཟད་མངལ་དུ་གནས་པའི་དུས་དང་བྱིས་པའི་དུས་དང་གཞོན་ནུ་ལང་ཚོ་དར་ལ་བབ་པ་དང་རྒན་པོ་དང་འཆི་བའི་དུས་ཐམས་ཅད་དུ་སྡུག་བསྔལ་དྲག་པོའི་རྣམ་པར་འགྱུར་རོ། །དེ་ལྟ་མོད་ཀྱི་སེམས་ཀྱི་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་སྡུག་བསྔལ་གྱིས་ནམ་ཡང་ཉམས་པར་བྱས་པ་མེད་དོ། །འོ་ན་ཇི་ལྟར་ཞེ་ན། སྒྱུ་མས་རྨོངས་པར་བྱས་པའི་སྐྱེས་བུ་འགའ་ཞིག་སྒྱུ་མ་མཁན་གྱིས་སྤྲུལ་པའི་མེས་ཚིག་པར་སྣང་བ་ཤར་བའི་ཚེ་སྡུག་བསྔལ་ཆེན་པོར་གྱུར་ཀྱང་སྒྱུ་མའི་མེས་ཅུང་ཟད་ཀྱང་མ་ཚིག་པ་བཞིན་ནོ། །དོན་འདི་དག་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལས་གསལ་བར་གསུངས་པ་རྣམས་བསྟན་བཅོས་འདིར་བཀོད་པ་ཡིན་ཏེ། ཇི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས། མངལ་དུ་གསུམ་སྟེ་དེ་བཞིན་བཙའ་བའི་དུས་སུ་གཅིག་དང་བྱིས་པའི་དུས་དག་དུ་ཡང་རྣམ་པ་གཉིས། །གཞོན་ནུ་ལང་ཚོ་དག་ལ་གཞན་དུ་རབ་ཏུ་འགྱུར་ཏེ་རྒྱས་པ་གཅིག་དང་དེ་བཞིན་ཡང་དག་གཅིག །རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ་མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་ཐ་མའོ། །ཉ་ལ་ཉ་ཡི་རྣམ་པར་འགྱུར་བ་ཉིན་ཞག་འགའ་སྟེ་རུས་སྦལ་ལ་ནི་རུས་སྦལ་དངོས་པོ་ཡང་། །ཕག་པ་ལ་ཡང་དེ་ཡི་སྐྱེ་མཆེད་ཉི་མ་འབྱུང་སྟེ་མི་ཡི་སེང་གེ་ལ་ནི་རབ་ཏུ་སྐྱེ། །མི་ཐུང་ལ་ནི་བྱིས་པའི་དངོས་པོ་རཱ་མ་ལ་ཡང་མི་བདག་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར། །སླར་ཡང་རཱ་མ་ལ་ནི་ལྟུང་བར་འགྱུར་ཏེ་དེ་ཉིད་ནག་པོ་ལ་ནི་གསལ་བར་རྒྱུ་དག་བྱེད། །སངས་རྒྱས་ལ་ཡང་ཞི་བ་དང་ནི་བརཏལ་ཞུགས་ངེས་པར་བྱེད་ཏེ་རིགས་ལྡན་ལ་ནི་འཆི་བར་འགྱུར། །ཁུ་བ་ལས་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་རྡུལ་ལས་ལྤགས་པ་ཁྲག་དང་ཤ་ཉིད་དོ། །མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་གྱུར་རབ་ཏུ་སྐྱེ་བ་སྟེ། །ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་ཀར་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བའོ། །ལྟེ་བ་ལ་ཡང་བརྒྱད་པ་བརྒྱད་ནི་གཞན་ཏེ་རྐང་ལག་གདོང་རྣམས་ལ་ནི་གྱེན་དུ་བསྐྱོད་པར་བྱེད། །ཟླ་བ་གཉིས་པ་རྫོགས་པར་གྱུར་པ་དག་ལ་འདིར་ནི་རྐང་ལག་གདོང་གིས་མཚོན་པ་ཅུང་ཟད་དོ། །ཟླ་བ་གསུམ་པ་རྫོགས་པ་ན་ནི་ལག་པ་རྐང་པ་མགྲིན་པ་རྣམས་ཀྱི་མགོ་བོ་མཉམ་པར་འགྱུར། །ཕྲ་མོའི་རྩ་རྣམས་རྐང་པ་ལག་པ་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་ཟླ་བ་བཞི་པ་ལའོ། །ལྔ་པ་ལ་ནི་ཤ་ལ་བརྟེན་ནས་རུས་པ་མཁའ་རོ་སྲེག་ཟ་རྣམས་ཏེ་ཚིགས་རྣམས་དག་ཀྱང་ངོ་། །ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་ཏུ་འགྱུར་ཏེ་ཚོར་བ་བདེ་བ་དང་ནི་སྡུག་བསྔལ་ཡང་། །སྨིན་མ་སྐྲ་དང་སྤུ་དང་བུག་པ་རྣམས་དང་ཐུབ་མཆོག་ལ་སྟེ་རྩ་ནི་ལྷག་མར་གྱུར་པ་རྣམས། །ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། །གནད་དང་རུས་པ་རྐང་དང་རོ་འཛིན་དང་ནི་གཅི་བ་བཤང་བ་རྣམས་ཀྱང་བརྒྱད་པ་དག་ལ་འགྱུར། །བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་ངག་གིས་སྡུག་བསྔལ་དྲག་པོའོ། །མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་དུ་འཇིགས་སྟེ་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །ཅེས་གསུངས་ལ། དྲི་མ་མེད་པའི་འོད་ལས་ཀྱང་། དེ་རྣམས་ལས་མངལ་གྱི་ནང་དུ་ཉ་དང་རུས་སྦལ་དང་ཕག་པའི་གནས་སྐབས་གསུམ་དུ་འགྱུར་རོ། །དེ་བཞིན་དུ་བཙའ་བའི་དུས་སུ་གཅིག་སྟེ་མི་ཡི་སེང་གེའི་གནས་སྐབས་སོ། །བྱིས་པའི་དུས་དག་དུ་ཡང་རྣམ་པ་གཉིས་ཏེ་སོ་སྐྱེ་བའི་བར་ནི་མིའུ་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ་ལྷུང་བའི་བར་ནི་དགྲ་སྟ་རཱ་མའི་གནས་སྐབས་སོ། །གཞོན་ནུ་ལང་ཚོ་དག་ལ་གཞན་ཞེས་པ་ནི་སོ་ལྷུང་བ་ནས་ལོ་བཅུ་དྲུག་གི་བར་དུ་རྒྱས་པ་དང་པོ་རཱ་མའི་གནས་སྐབས་སོ། །དེ་བཞིན་དུ་ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་རྒྱས་པ་གཞན་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་བར་ནི་སངས་རྒྱས་ཀྱི་གནས་སྐབས་སོ། །འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ་འགྱུར་ཏེ། རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ་མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་མཐའ་མའོ་ཞེས་སོ། །གནས་སྐབས་བཅུའི་ངེས་པའོ། །ཉ་ཞེས་པ་ལ་སོགས་པས་ནང་ལ་ཐུགས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་བྱ་བ་གསུངས་ཏེ། འདིར་ཉའི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་ཉའི་རྣམ་པར་འགྱུར་ཏེ། ཉིན་ཞག་འགའ་ནི་དུས་ཀྱི་ཉིན་ཞག་གི་བར་དུའོ། །དེ་ནས་རུས་སྦལ་གྱི་དངོས་པོ་ལ་ནི་རུས་སྦལ་གྱི་དངོས་པོར་འགྱུར་ཏེ་ཡང་ཡིག་གིས་དུས་གཞན་གྱི་ཉིན་ཞག་གི་བར་དུའོ། །ཕག་པའི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེའི་སྐྱེ་མཆེད་ཉི་མ་ནི་སྐྱེ་མཆེད་བཅུ་གཉིས་འབྱུང་བར་འགྱུར་ཏེ་གསུམ་པའི་དུས་ཀྱི་ཉིན་ཞག་གི་བར་དང་། དེ་བཞིན་ཟླ་བདུན་པ་ནས་སྐྱེ་བའི་ཉིན་ཞག་གི་བར་དུའོ། །མིའི་སེང་གེའི་དངོས་པོ་ལ་རབ་ཏུ་སྐྱེ་བར་འགྱུར་ཏེ་ལག་པ་དག་གིས་སྐྱེ་གནས་རྣམ་པར་འབྱེད་པའི་ཕྱིར་རོ། །མིའུ་ཐུང་གི་དངོས་པོ་ལ་ནི་སྔར་བརྗོད་པའི་བྱིས་པའི་དངོས་པོར་འགྱུར་རོ། །དགྲ་སྟ་རཱ་མ་ལ་ཡང་མི་བདག་གཉིས་ཏེ་སུམ་བཅུ་རྩ་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེ་ཉིད་ནག་པོའི་དངོས་པོ་ལ་ནི་གསལ་བར་སྒྱུ་དག་བྱེད་ཅེས་པར་འགྱུར་རོ། །སངས་རྒྱས་ཀྱི་དངོས་པོ་ལ་ཡང་ཞི་བ་དང་སེམས་ཅན་རྣམས་ལ་བརཏལ་ཞུགས་ངེས་པ་བྱེད་དོ། །རིགས་ལྡན་ལ་ནི་འཆི་བར་འགྱུར་ཏེ་རིགས་ལྡན་གྱི་དངོས་པོ་ལ་སྔར་བརྗོད་པའི་རྣམ་པས་འཆི་བར་འགྱུར་རོ་ཞེས་པ་ནི་འཇུག་པ་བཅུའོ། །འདིར་ཕྱི་རོལ་ཏུ་ཉ་ལ་སོགས་པའི་ལོ་རྒྱུས་ཚངས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་སླད་དུ་བཀོད་པ་གང་ཡིན་པ་དེ་ནི་དམྱལ་བ་ཐོབ་པའི་རྒྱུ་སྟེ་འཆད་པར་འགྱུར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ཁུ་བ་ཞེས་པ་ལ་སོགས་པས་མའི་མངལ་ན་གནས་པའི་ཁུ་བ་དང་རྡུལ་དག་གི་རྣམ་པར་འགྱུར་བ་མངལ་གཟུང་བ་ནས་བརྩམས་ཏེ་བཙའ་བའི་མཐར་ཐུག་པ་གསུངས་པ་འདིར་སྐྱེ་བའི་ལུས་ལ་མཛོད་དྲུག་དུ་འགྱུར་ཏེ། ཁུ་བ་ལས་རྐང་དུ་འགྱུར་བ་དང་རུས་པར་འགྱུར་བ་དང་རྒྱུས་པ་སྟེ་ཆུ་རྒྱུས་རྣམས་སུ་འགྱུར་བའོ། །རྡུལ་ལས་ལྤགས་པ་དང་ཁྲག་ཏུ་འགྱུར་བ་དང་ཤར་འགྱུར་བ་སྟེ། གང་གི་ཕྱིར་བརྗོད་པའི་ས་བོན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ། །ཕྱི་ནས་ས་བོན་མྱུ་གུ་ཞེས་པ་ནི་དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུར་གྱུར་པ་སྙིང་ཀའི་སྐབས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཞིང་དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་དོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་དབྱུག་གུ་དྲུག་བཅུ་རྩ་བཞི་རྒྱུ་བར་འགྱུར་རོ། །མ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་དྲུག་བཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བའི་རྩ་སྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་གནས་ནི་རྒྱུའི་སླད་དུ་གྱེན་དུ་བསྐྱོད་པར་བྱེད་པ་སྟེ་རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་པའི་མཐུ་དེ་ལས་ཟླ་བ་གཉིས་པ་རྫོགས་པར་གྱུར་པའི་རྗེས་ལ་འདིར་ནི་རྐང་ལག་གདོང་གིས་མཚོན་པ་ཅུང་ཟད་དོ། །འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་ན་རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ། །ཟླ་བ་གསུམ་པ་རྫོགས་པ་ན་ལག་པ་རྐང་པ་མགྲིན་པ་རྣམས་ཀྱི་མགོ་བོ་མཉམ་པར་འགྱུར་ཏེ་རུས་སྦལ་ལོ། །ཕྲ་མོའི་རྩ་གཞན་རྣམས་ནི་རྐང་པ་ལག་པ་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་སྟེ་རྐང་པ་དང་ལག་པ་རྣམས་ཀྱི་ཚིགས་དྲུག་དང་གདོང་དང་མགྲིན་པ་ལ་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་སུ་འགྱུར་ཞིང་ཟླ་བ་བཞི་པ་རྫོགས་པར་གྱུར་པ་ན་རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པ་ལ་ནི་ཕག་གི་དངོས་པོ་ལ་ཤ་ལ་བརྟེན་ནས་རུས་པ་མཁའ་རོ་བསྲེག་ཟ་ཞེས་པ་ནི་རུས་པ་གསུམ་བརྒྱ་དྲུག་བཅུ་སྟེ་ཚིགས་རྣམས་ཀྱང་དེ་སྙེད་དོ། །ཟླ་བ་དྲུག་པ་ལ་ཡང་སྟེ་ཡང་ཡིག་གིས་ཕག་པའི་དངོས་པོ་ལ་ཤ་དང་ཁྲག་ཏུ་འགྱུར་རོ། །ཚོར་བར་འགྱུར་ཏེ་བདེ་བ་དང་སྡུག་བསྔལ་ཡང་རིག་གོ །མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་ཡང་འགྱུར་ཏེ། རང་གི་སེམས་ཀྱི་ཆགས་པ་དང་བྲལ་བར་བྱེད་ཅིང་སྲིད་པའི་སྡུག་བསྔལ་ལ་སྨོད་པར་བྱེད་ལ། སངས་རྒྱས་ཀྱི་ལམ་ལ་བསྔགས་པར་བྱེད་དོ། །དེ་ནས་སྨིན་མ་སྐྲ་དང་སྤུ་དང་བུག་པ་མིག་ལ་སོགས་པ་རྣམས་ཀྱང་ཕག་གི་དངོས་པོ་ལ་ཐུབ་པ་མཆོག་ལ་སྟེ་ཟླ་བ་བདུན་པ་རྫོགས་པར་གྱུར་པ་ན་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དུས་ལ་སྟོང་པ་སྟོང་པ་མིག་གི་གྲངས་ཏེ་ཉིས་བརྒྱའི་གྲངས་ཀྱི་རྩ་རྣམས་སུ་ཉིན་ཞག་སོ་སོ་ལ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་བཅུའི་གནད་རྣམས་དང་རུས་པ་རྣམས་ཏེ་དེའི་ནང་དུ་རྐང་དུ་འགྱུར་རོ། །རོ་འཛིན་ནི་ལྕེ་སྟེ་ལྕེའི་དབང་པོ་བསྐྱེད་པའི་སླད་དུའོ། །སྔར་གྱི་མིག་ལ་སོགས་པ་རྣམས་སྲ་བ་ཉིད་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་འདིར་གཅི་བ་བཤང་བ་རྣམས་ཀྱང་ཟླ་བ་བརྒྱད་པ་ཕག་གི་དངོས་པོ་ལ་འགྱུར་རོ། །དེ་ནས་བུག་པ་ཞེས་པ་སྟེ་ཟླ་བ་དགུ་པ་རྫོགས་པར་གྱུར་པའམ་ཁ་ཅིག་ཏུ་བཅུ་པ་དང་བཅུ་གཅིག་པ་དང་ཕག་གི་དངོས་པོའི་མཇུག་ཏུ་སྡུག་བསྔལ་དྲག་པོར་འགྱུར་ཏེ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་ཏེ་མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི་མངལ་ནས་སྐྱེ་བའི་ངེས་པའོ། །འཕགས་པའི་བདེན་པ་བཞི་ལས་སྡུག་བསྔལ་གྱི་བདེན་པ་གསུངས་པ། མངལ་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རེ་ཤིག་འཁོར་བ་པ་མངལ་ན་གནས་པ་རྣམས་ཀྱིས་མངལ་ན་གནས་པའི་སྡུག་བསྔལ་བུམ་པར་འཚེང་པ་དང་མཚུངས་པར་འགྱུར་རོ། །བཙའ་བའི་དུས་སུ་ཐོ་བའི་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། །བྱིས་པའི་དངོས་པོ་ལ་ཡང་བཤང་བ་ཟ་བ་ཕག་པ་བཞིན་ནོ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་ཡང་བུད་མེད་དང་བྲལ་བའི་སྡུག་བསྔལ་དང་ནོར་དང་འབྱོར་པ་ཉམས་པའི་སྡུག་བསྔལ་ཏེ་མེད་པའི་ཕྱིར་རོ། །རྒན་པོ་ཉིད་ལ་ཡང་རྒ་ཤིའི་སྡུག་བསྔལ་ལོ། །སླར་ཡང་ཤི་བའི་མཐར་འགྲོ་བ་དྲུག་ཏུ་འཇིགས་སྟེར་དུ་འབོད་ལ་སོགས་ཏེ། སོགས་པས་ནི་ཡི་དྭགས་དང་དུད་འགྲོའི་འགྲོ་བར་སྡུག་བསྔལ་དྲག་པོར་འགྱུར་ཏེ། དགེ་བ་བཅུ་ཡོངས་སུ་བོར་བ་དང་སྡིག་པའི་དབང་གིས་སོ། །དེ་ལྟར་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་དེ་འདིར་འཁོར་བའི་རྒྱུ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་དོ་ཅེས་རྒྱ་ཆེར་གསུངས་སོ། །ད་ནི་དཀྱུས་མ་ཉིད་བཤད་པར་བྱ་སྟེ། གཉིས་པ་ཐུར་སེལ་ལ་སོགས་པ་ལས་ལུས་ཀྱི་གནས་གཞན་སྐྱེ་བའི་རིམ་པ་བཤད་པ་ནི། དེ་ནས་ཟླ་བ་གཉིས་པ་ནས། །ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །རུས་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི། །རླུང་གིས་སྟོང་རྣམས་བསྒྲུབ་པར་བྱེད། །བཞི་པར་ཁྱབ་བྱེད་རླུང་གིས་ནི། །ཡན་ལག་རྩ་རྣམས་སྣང་བར་བྱེད། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། །ནང་གི་གནས་གཞན་འགྲུབ་པར་བྱེད། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་འགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་བཅུ་ཆགས་པར་འགྱུར། །ཞེས་གསུངས་ཏེ། ལྟེ་བར་མའི་རྩ་དང་འབྲེལ་བའི་དབང་གིས་རླུང་ཁྲག་རྒྱས་པར་བྱེད་པ་དེ་ནས་ཟླ་བ་གཉིས་པ་ནས་ཞག་རེ་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་ཆགས་པར་འགྱུར་ཏེ། དེ་ཡང་སྲོག་རླུང་གིས་མར་སྣ་ལས་ཡེ་ཤེས་དང་སའི་ཁམས་སུ་གྱུར་པའི་ཐུར་སེལ་འོག་ཏུ་འཕྲོས་ནས་གསང་བའི་འཁོར་ལོ་ལ་སོགས་པ་ལུས་ཀྱི་སྨད་རྣམས་གྲུབ་ཅིང་རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་པའི་མགོ་རྩོམ་པ་ཡིན་ནོ། །དེ་ནས་ཟླ་བ་གསུམ་པར་སྲོག་ལས་གྱེན་རྒྱུའི་རླུང་སྟེང་དུ་འཕྲོས་པས་ལུས་ཀྱི་སྟོད་ཀྱི་ཆ་རྣམས་བསྒྲུབ་པར་བྱེད། དེ་ནས་ཟླ་བ་བཞི་པར་ཁྱབ་བྱེད་ཀྱི་རླུང་གིས་སྤྱི་བོ་དང་མགྲིན་པ་དང་ཡན་ལག་དང་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་རྣམས་སྣང་བར་བྱེད་ལ། དེའི་ཚེ་རུས་སྦལ་གྱི་གནས་རྫོགས་པ་ཡིན་ནོ། །ཟླ་བ་ལྔ་པར་མཉམ་གནས་ཀྱི་རླུང་འཕྲོས་ནས་ནང་གི་གནས་གཞན་རུས་པ་དང་དེ་ལ་བརྟེན་པའི་ཤ་ལ་སོགས་པ་བསྒྲུབ་པར་བྱེད་ཏེ། དེ་ནི་ཕག་རྒོད་སེང་གེའི་གནས་སྐབས་ཀྱི་མགོ་རྩོམ་པ་ཡིན་ལ། དེ་ལྟར་མཉམ་གནས་དང་ཁྱབ་བྱེད་གཉིས་ཀྱི་སྟོབས་རྫོགས་ནས་མངལ་དུ་ལུས་འགུལ་བ་དང་འདར་བར་འགྱུར་ཞིང་། དེའི་དུས་སུ་རུས་ཚིགས་ཀྱི་དུམ་བུ་སུམ་བརྒྱ་དྲུག་བཅུ་ཆགས་པར་འགྱུར་རོ། །དེ་ལྟར་ཟླ་བ་ལྔ་ལ་ཕུང་པོ་ལྔ་རྫོགས་པར་འགྱུར་ཏེ། ཟླ་བ་གསུམ་ཕན་ཆད་ལ་རྣམ་ཤེས་དང་འདུ་བྱེད་བཞི་པ་དང་ལྔ་པར་འདུ་ཤེས་དང་ཚོར་བ་དང་གཟུགས་ཀྱི་ཕུང་པོ་རྣམས་རྫོགས་པར་འགྱུར་རོ། །གཉིས་པ་ཡན་ལག་གི་རླུང་ལྔ་ལས་དབང་པོ་རྣམས་སྐྱེ་བའི་རིམ་པ་བསྟན་པ་ནི། དེ་ལྟར་ཕུང་པོ་ལྔ་རྫོགས་ནས། །ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གི་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོང་། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེའི་ནི་བསྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཞེས་གསུངས་ཏེ། དེ་ལྟར་ཕུང་པོ་ལྔ་ཡོངས་སུ་རྫོགས་པར་གྲུབ་ནས་ཟླ་བ་དྲུག་པར་ཕྱིན་པ་ན་ཡན་ལག་གི་རླུང་རྣམས་ཀྱིས་དབང་པོ་རྣམས་བསྐྱེད་པར་བྱེད་ཏེ། དེ་ཡང་ཀླུའི་རླུང་ཡེ་ཤེས་ཀྱི་ཁམས་དེའི་སྟོབས་བསྐྱེད་ནས་ས་ཁམས་ཀྱི་ཆ་ལས་བྱུང་བའི་མིག་གཉིས་གཏི་མུག་རྡོ་རྗེའི་རང་བཞིན་ཅན་བསྐྱེད་ཏེ་དེ་ཕྲ་རགས་ཡིན་པའི་ཕྱིར། དེ་ནས་ཟླ་བ་བདུན་པར་རུས་སྦལ་གྱི་རླུང་རླུང་ཁམས་པ་དེ་སྤྲོས་ནས་ཆུ་ཁམས་པ་ཞེ་སྡང་རྡོ་རྗེའི་རང་བཞིན་ཅན་རྣ་བའི་བུག་པ་དོད་པ་ཡིན་ཏེ་དེ་གཉིས་ཀྱང་ཕྲ་རགས་ཡིན་པའི་ཕྱིར། ཟླ་བ་བརྒྱད་པར་ཕྱིན་པ་དེའི་ཚེ་རྩངས་པའི་རླུང་མེ་ཁམས་པ་སྤོས་ནས་རླུང་ཁམས་པ་སྣ་བུག་སེར་སྣ་རྡོ་རྗེའི་རང་བཞིན་བྱེད་པ་ཡིན་ཏེ་དེ་གཉིས་གྲོགས་དང་གྲོགས་ཅན་ཡིན་པའི་ཕྱིར་རོ། །ཟླ་བ་དགུ་པར་ལྷ་སྦྱིན་གྱི་རླུང་ཆུ་ཁམས་པ་འབྱུང་སྟེ་རོ་ཅན་ལྕེ་མེ་ཁམས་པ་འདོད་ཆགས་རྡོ་རྗེའི་རང་བཞིན་བསྐྱེད་པར་བྱེད་ཏེ་དེ་གཉིས་ཐབས་དང་ཤེས་རབ་ཡིན་པའི་ཕྱིར། ཟླ་བ་བཅུ་པར་ནོར་ལས་རྒྱལ་གྱི་རླུངས་ཁམས་པ་དེས་ལུས་ཀྱི་དབང་པོ་རླུང་ཁམས་པ་ཕྲ་དོག་རྡོ་རྗེའི་ངོ་བོ་ཉིད་བསྐྱེད་ཏེ་དེ་ཡང་ཐབས་ཤེས་ཡིན་པའི་ཕྱིར་རོ། །དེ་ལྟར་རླུང་བཅུའི་ནུས་པ་ཕྲ་རགས་དང་གྲོགས་དང་གྲོགས་ཅན་ཐབས་དང་ཤེས་རབ་ཀྱི་སྒོ་ནས་དབང་པོ་རྣམས་རྫོགས་པར་སྐྱེད་ནས། དེ་དག་གིས་ཡུལ་འཛིན་པ་ཡང་མིག་གིས་ཆུའི་ཡོན་ཏན་གཟུགས་འཛིན། རྣ་བས་ནམ་མཁའི་ཡོན་ཏན་སྒྲ་དང་སྣས་སའི་ཡོན་ཏན་དྲི་དང་ལྕེས་མེའི་ཡོན་ཏན་རོ་དང་ལུས་ཀྱིས་རླུང་གི་ཡོན་ཏན་རེག་བྱ་འཛིན་པར་བྱེད་པ་ཡིན་ནོ། །དེ་ཡང་ལུས་དང་བསམ་པའི་སྒོ་ནས་ཐབས་དང་ཤེས་རབ་ཏུ་སྦྱར་བ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ཇི་ལྟ་བ་བཞིན་དུ་བཤད་པའོ། །དུས་ཀྱི་འཁོར་ལོ་ནས་ནི་དབང་པོ་རྣམས་ཀྱི་ཁམས་གཞན་དུ་གསུངས་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ང་ནི་གཟུང་བ་དང་འཛིན་པའི་འབྲེལ་བ་གསུངས་ཏེ། འདིར་གཞན་གྱི་རིགས་ལ་འཁྱུད་པས་བྱ་བ་འགྲུབ་པར་འགྱུར་ཏེ། རང་གི་རིགས་ལ་འཁྱུད་པས་ནི་བདག་ཉིད་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་རིགས་ལ་འཁྱུད་པ་ནི་ལུས་བསྐྱེད་པའི་རྒྱུར་འགྱུར་རོ། །དེས་ན་སྟོང་པ་ཞེས་པ་སྟོང་པའི་རིགས་ལས་བྱུང་བའི་རྣ་བའི་དབང་པོས་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་འཛིན་པར་བྱེད་དོ། །ངེས་པར་རྒྱལ་བ་བསྐྱེད་མཛད་ཅེས་པ་ནི་གདོན་མི་ཟ་བར་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་ཀྱི་དབང་པོས་ནམ་མཁའི་ཁམས་ལས་བྱུང་བའི་ཡུལ་ཆོས་ཀྱི་ཁམས་འཛིན་པར་བྱེད་དོ། །རླུང་དག་ནི་ཞེས་པ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དབྱེར་མེད་པ་ཉིད་ཀྱིས་ཏེ་རླུང་ལས་བྱུང་བའི་སྣའི་དབང་པོས་སའི་ཁམས་ལས་བྱུང་བའི་ཡུལ་དྲི་འཛིན་པར་བྱེད་དོ། །མེ་ཡང་ཞེས་པ་ནི་མེའི་ཁམས་ལས་བྱུང་བ་མིག་གི་དབང་པོས་ཆུའི་ཁམས་ལས་སྐྱེས་པའི་ཡུལ་གཟུགས་འཛིན་པར་བྱེད་དོ། །ཆུའི་ཁམས་ལས་བྱུང་བའི་ལྕེའི་དབང་པོས་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་འཛིན་པར་བྱེད་དོ། །འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བ་ལུས་ཀྱི་དབང་པོས་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་ཏེ། ཡུལ་དང་ཡུལ་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་མཚན་ཉིད་ངེས་པའོ། །ཞེས་གསུངས་སོ། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ནི། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཟླ་རེ་དྲུག་སྟོང་རྩ་ཆགས་པས། །མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི། །སྐྱེས་ནས་ཟླ་བ་གསུམ་པ་ན། །སྟོང་ཕྲག་བདུན་བཅུ་རྩ་གཉིས་རྫོགས། །དགུ་པ་ནས་ནི་མི་གཙང་ཟ། །དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །བཀྲེས་སྐོམ་རླུང་གི་ཚོར་བ་ཡིས། །སྡུག་བསྔལ་དྲག་པོ་མྱོང་བར་འགྱུར། །དེ་ཚེ་འབྱིན་པའི་རླུང་གིས་ནི། །བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན། །མི་ཡི་སེང་གེའི་གནས་སྐབས་སོ། །ཞེས་གསུངས་ཏེ། ཇི་ལྟར་བཤད་མ་ཐག་པ་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རགས་པ་རྫོགས་ནས་རྩ་ཕྲ་མོ་རྣམས་ནི་རྩ་ཆགས་པའི་ཉིན་ཞག་ནས་གཟུང་སྟེ་ཉིན་ཞག་སོ་སོ་ལ་རྩ་གཉིས་བརྒྱ་ཉིས་བརྒྱ་ཉིས་བརྒྱ་རེ་ཆགས་པ་ལས་ཟླ་བ་རེ་ལ་རྩ་དྲུག་སྟོང་རེ་ཆགས་པས་མངལ་ཀྱི་ཟླ་བ་དགུ་ལ་རྩ་སྟོང་ཕྲག་ལྔ་བཅུ་རྩ་བཞི་འབྱུང་ལ། དེའི་སྟེང་དུ་སྐྱེས་ནས་ཟླ་བ་གསུམ་པ་ན་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་རྫོགས་མ་ཐག་ནས་ཞག་རེ་ལ་རྩ་གཉིས་གཉིས་སྐམ་པར་གསུངས་པ་ཡང་རྩ་དེའི་བྱེད་པ་ཉམས་པ་ལ་དགོངས་པ་ཡིན་གྱི་རྩ་བ་ནས་སྐམས་པ་མ་ཡིན་ཏེ། རྩ་ཕྲ་མོ་འགའ་ཞིག་ནི་ལུས་ཀྱི་སྟོབས་མ་རྫོགས་ཀྱི་བར་དུ་སྐྱེ་བ་ཡིན་པས་ན་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་འབྱུང་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ཟླ་བ་བརྒྱད་པ་ཡན་ཆད་ལ་ལྕེའི་དབང་པོ་མ་རྫོགས་པས་རང་གི་ལྟེ་བའི་རྩ་དང་མའི་རོ་མའི་མར་སྣ་འབྲེལ་བ་ལས་མའི་ཟས་ཀྱི་དངས་མས་ལུས་རྒྱས་པར་བྱེད་ལ། ཟླ་བ་དགུ་པ་ནས་ལྕེའི་དབང་པོ་རྫོགས་པར་སྐྱེས་པ་ནས་མི་གཙང་བ་ཟ་ཞིང་དྲི་ཆུ་ལ་སོགས་པའི་སྙིགས་མའི་ཁམས་རྣམས་ཀྱང་འབྱུང་ངོ་། །བཀྲེས་པ་དང་སྐོམ་པ་ལ་སོགས་པའི་ཚོར་བ་བདེ་བ་དང་སྡུག་བསྔལ་ཡང་ཉམས་སུ་མྱོང་ངོ་། །དེ་མངལ་དུ་གནས་པ་དང་བཙའ་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཀྱི་རླུང་གིས་བསྐྱེད་པའི་ཚོར་བའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་ཏེ། མངལ་གྱི་གནས་སྐབས་ཀྱི་བདུན་ཕྲག་རེ་རེ་ལ་རླུང་མི་གཅིག་པ་རེ་རེས་བསྐྱེད་པར་འགྲེལ་པ་ལས་བཤད་དོ། །བཙའ་བའི་དུས་ལ་བབ་པ་ན་མི་སྡུག་པ་དང་སྡུག་བསྔལ་བའོ། །འདུ་ཤེས་ཀྱིས་སྐྱེ་བར་འདོད་པ་དེའི་ཚེ་འབྱིན་པའི་རླུང་གིས་མགོ་མཇུག་བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན་ལ། དེའི་ཚེ་ལག་པ་གཉིས་ཀྱིས་མའི་ལྟོ་བ་འབྱེད་པར་བྱེད་པས་ན་མིའི་སེང་གེའི་གནས་སྐབས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རགས་པ་དང་ཕྲ་བ་རྩ་རླུང་ཐིག་ལེ་ལས་གྲུབ་པ་ཐམས་ཅད་ཀྱང་ཕྱི་རོལ་རྡུལ་ཕྲན་ལ་སོགས་པ་ལས་བྱུང་བ་མ་ཡིན་གྱི་དྲི་མ་དང་བཅས་པའི་སེམས་ཀྱི་དེ་ཁོ་ན་ཉིད་ལས་བྱུང་བ་ཡིན་ཏེ་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གསང་སྔགས་ཀྱི་ཐེག་པ་ནས་སྐྱེ་བ་སྤྲུལ་པའི་སྐུར་གསུངས་པའི་ངེས་པས་ཕུང་ཁམས་སྐྱེ་མཆེད་རིམ་གྱིས་རྫོགས་པའི་ཚེ་དྲི་མ་དང་བཅས་པའི་གཞི་དུས་ཀྱི་མཆོག་གི་སྤྲུལ་པའི་སྐུ་ཡིན་ནོ། །དེ་ཡང་སྤྲུལ་པའི་སྐུ་ནི་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་པས་ན་མའི་བྷ་ག་ནི་ཆོས་ཀྱི་དབྱིངས་ཟླ་བ་བཅུ་ནི་ས་བཅུ། མ་ནི་མཁན་པོ། ཁྲུ་མ་ཆོས་གོས། ཨ་ཧཾ་གི་སྒྲ་ནི་བཟླས་པ། བཙས་ནས་བཀྲུ་བ་སོགས་ནི་འོད་ཟེར་ཆེན་པོའི་དབང་། དེ་ནས་གནས་སྐབས་བཞི་རྫོགས་པ་ནི་སྐུ་བཞིའི་སངས་རྒྱས་རྣམས་སུ་བཞུགས་ཀྱང་སྣང་ཚུལ་ལ་འཁྲུལ་ནས་གནས་ཚུལ་མ་རྟོགས་པས་འཁོར་བའི་ལུས་སུ་གྱུར་པ་ཡིན་ནོ། །ཇི་སྐད་དུ་དཔལ་དགྱེས་པ་རྡོ་རྗེ་ལས། ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་སོ། །ཕུང་ཁམས་སྐྱེ་མཆེད་འདི་དག་གི་སྦྱང་གཞི་སྦྱོང་བྱེད་འབྲས་བུའི་རིམ་པ་མདོར་བསྡུས་པ་ནི་རྒྱུ་རྐྱེན་བསྟན་པའི་སྐབས་སུ་བསྟན་ཟིན་ལ། འདི་ལྟར་སེམས་དྲི་མ་དང་བཅས་པའི་གཟུགས་སྐུ་བཤད་པས་དྲི་མ་མེད་ཙམ་ན་མཆོག་གི་སྤྲུལ་པ་འཕྲོ་ནུས་པ་གོ་བར་འགྱུར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། བྱང་ཕྱོགས་འདི་ན་རྒྱུད་སྡེ་ལ། །ཉན་བཤད་བྱེད་པ་མང་མོད་ཀྱི། །རྡོ་རྗེ་ལུས་ཀྱི་དེ་ཁོ་ན། །ཇི་བཞིན་མཁྱེན་པ་སྤྲུལ་པའི་སྐུ། །རང་བྱུང་རྡོ་རྗེ་ཁོ་ནར་ཟད། །དེ་གསུང་དྲི་མེད་ཟབ་མོའི་བཅུད། །རང་བྱུང་མཚོ་སྐྱེས་ཟེའུ་འབྲུ་ལས། །རྐང་དྲུག་ལྡན་པ་བདག་གིས་བླངས། །ལེགས་བཤད་དར་དིར་གླུ་དབྱངས་འདི། །ལུང་དང་རིགས་པས་བརྡའ་སྤྲད་ན། །གཞན་ཡིད་འཕྲོག་པར་ཅིས་མི་ནུས། །དེ་ཕྱིར་དོན་གཉེར་འགའ་ཡོད་དམ། །གསུམ་པ་ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ལས། མངལ་དུ་ལུས་འགྲུབ་པའི་ཚུལ་བསྟན་པའི་དུམ་བུ་གཉིས་པའི་བཤད་པའོ། །དེ་ནས་དུམ་བུ་གསུམ་པ་རྩའི་བཀོད་པ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་བཤད་པ། ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་རྡོ་རྗེའི་ལུས་དེ་ཡང་རྩ་ལ་བརྟེན་པ་ཡིན་པས་ན་དེའི་འོག་ཏུ་རྩའི་དུམ་བུ་བསྟན་པར་བྱའོ། །དེ་ལྟ་ན་ལུས་ཀྱི་སྔ་རོལ་ཏུ་རྩ་བསྟན་པར་རིགས་སོ་ཞེ་ན། བདེན་མོད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེ་ཉིད་སྤྱིར་རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞི་ཡིན་པས་བསྟན་བཅོས་འདིའི་ཡང་གླེང་གཞིར་བྱས་ནས། མ་དག་མ་དག་དག་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་བཅོས་ཀྱི་ཐོག་མ་ཉིད་དུ་བཀོད་པ་ཡིན་ལ། འཁོར་འདས་སོ་སོར་བསྒྲུབ་བྱེད་ཀྱི་རྒྱུ་རྐྱེན་ཅི་ལྟ་བུ་ཞེ་ན། དེའི་དབང་དུ་བྱས་ནས་འཁོར་བའི་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དང་པོར་བཤད་པ་ཡིན་ནོ། །རྒྱུ་རྐྱེན་དེ་ལས་འཁོར་བའི་ལུས་ཇི་ལྟར་འགྲུབ་སྙམ་དུ་སེམས་པ་ལ། དེའི་འོག་ཏུ་རྒྱུ་རྐྱེན་ལས་ལུས་གྲུབ་པའི་ཚུལ་བསྟན་པ་ཡིན་ཅིང་། ལུས་དེ་ཡང་རྩ་ཇི་ལྟ་བུ་དང་ལྡན་པ་མ་ཤེས་ན་རྩ་དེའི་ནང་དུ་རླུང་དང་ཐིག་ལེ་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་མི་ཤེས་དེ་མ་ཤེས་ན་ཟབ་མོའི་གནད་མི་ཤེས་པས་ན། ལུས་གྲུབ་ཚུལ་བཤད་པའི་འོག་ཏུ་ཐབས་དང་ཤེས་རབ་ཀྱི་རྒྱུད་ལས་གསུངས་པའི་རྩའི་བཀོད་པ་བཤད་པར་བྱའོ། །ལུས་དང་རྩ་རླུང་ཐིག་ལེའི་གོ་རིམ་ཡང་དྲི་མ་མེད་པའི་འོད་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ།ཚོགས་པའི་རྟེན་དང་བརྟེན་པ་གསུངས་པ། ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་ཕུང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་འབྱུང་བ་རྣམས་ཏེ་ས་ལ་སོགས་པ་འབྱུང་བའི་རྟེན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ས་ལ་སོགས་པའི་རང་བཞིན་མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་ཏེ། གང་གི་ཕྱིར་འབྱུང་བ་བཞིའི་བདག་ཉིད་ཀྱི་གཟུགས་དང་ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ཡོད་པ་དེའི་ཕྱིར་ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་རོ། །ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྟེན་ནི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་གྲངས་རྣམས་སུ་འགྱུར་རོ། །རྩ་དེ་དག་རྣམས་ཀྱི་ཡང་རྟེན་ནི་སྲོག་གི་རླུང་སྟེ་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཅུ་སྟེ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སྲོག་གི་རླུང་རྣམས་དག་གི་རྟེན་ནི་སེམས་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་རྐྱང་གཙོ་མོ་དང་། །འཁོར་ལོ་ནད་བསྐྱེད་རྩར་བཅས་དང་། །སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། །དེ་བས་ཕྲ་བའང་བཤད་པར་བྱ། །ཞེས་གསུངས་ཏེ། རྒྱུ་དང་རྐྱེན་ལས་ལུས་གྲུབ་པའི་ཚུལ་བཤད་ཟིན་པ་དེ་ནས་རགས་པའི་ལུས་དེ་ཡང་གང་ལ་བརྟེན་པ་ཕྲ་བའི་ལུས་རྩ་རྣམས་ཀྱི་གནས་ཚུལ་བཤད་པ་ནི། དབུ་མ་དང་རོ་མ་དང་རྐྱང་མ་དང་གཞན་ཡང་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་། སུམ་བཅུ་རྩ་གཉིས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་རྩ་དང་། འཁོར་ལོ་བཞི་དང་དྲུག་དང་བཅུ་བརྒྱད་ཀྱི་རྩ་དང་། རླུང་མཁྲིས་བད་ཀན་འདུས་པའི་ནད་པ་སྐྱེད་པའི་རྩ་དང་བཅས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། དེ་བས་ཀྱང་ཕྲ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་དང་། རྩ་དེ་དག་ཁམས་གང་གིས་བསྐྱེད་པའང་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། མདོར་བསྟན་གྱི་གོ་རིམ་བཞིན་དུ་དང་པོ་དབུ་མ་བཤད་པ་ལ། རྩའི་ངོ་བོ་བཤད་པ། དེ་ལུང་དང་སྦྱར་བའོ། །དང་པོ་ནི། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། །དབུ་མ་སྲོག་རླུང་བཅས་པ་སྟེ། །འཁོར་ལོ་དྲུག་གི་དབུས་ནས་ནི། །བར་ཐག་རང་སོར་བཅུ་གཉིས་དང་། །ཕྱེད་བཅས་གསང་བ་སྤྱི་གཙུག་པར། །ཡར་སྣ་ཧཾ་གི་རང་བཞིན་གྱིས། །དཀར་ཆའི་དངས་མས་བཀག་པའི་ཚུལ། །ལྟེ་བར་མ་ལས་ཐོབ་པ་ཡི། །དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། །དེ་གཉིས་པར་ན་ཀུན་གཞིའི་རྟེན། །སྲོག་རླུང་གནས་ཏེ་ནམ་མཁའ་འདྲ། །ལྟེ་འོག་མན་ཆེད་དུང་ཅན་ཞེས། །དཀར་ཆ་འབབ་པར་བྱེད་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་ཐོག་མར་རགས་པའི་ཕུང་ཁམས་སྐྱེ་མཆེད་དང་། ཕྲ་བའི་རྩ་ལ་སོགས་པའི་ལུས་བསྐྱེད་པའི་གཞིར་གྱུར་པ་ནི་རྩ་དབུ་མ་ཡིན་ལ། དེ་ངོས་བཟུང་བ་ལ། ཁ་ཅིག་ནི་བསྒོམ་པའི་དབུ་མ་དང་གནས་པའི་དབུ་མ་གཉིས་ལས། སྔ་མ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་ལ། གནས་པའི་དབུ་མ་ནི་མ་ཤིའི་བར་དུ་ལུས་ཀྱི་དབུས་སུ་གནས་ཤིང་ཤི་ནས་ཡལ་འགྲོ་བར་འདོད་པ་དང་། ལ་ལ་གཞུངས་པར་འདོད་པ་དང་། གཞན་དག་གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། དོན་ལ་མེད་པར་འདོད་པ་ཡོད་ཀྱང་དཔྱད་གསུམ་གྱིས་དག་པའི་རྒྱུད་ལུང་དང་མི་མཐུན་པས་རང་གཟོར་ཤེས་པར་བྱའོ། །རང་ལུགས་ཀྱི་དབུ་མ་ནི་སྔར་ལུས་འགྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་དང་བཅས་པའི་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པ་དེ་ཡིན་ནོ། །དེ་ཡང་འཁོར་ལོ་དྲུག་གི་དབུས་ན་དྲང་པོར་གནས་པ་ལས། འཁོར་ལོ་དྲུག་པོ་སོ་སོའི་བར་ཐག་ལ་རང་སོར་བཅུ་གཉིས་ཕྱེད་དང་བཅས་པས་ཕྱེད་དང་བཅུ་གསུམ་ཡོད་ལ། དབུ་མ་དེ་ཡང་གསང་བའི་གནས་ནས་སྤྱི་གཙུག་གི་བར་དྲང་པོར་གནས་པ་ལས་ཡན་ལག་དང་བཅས་ན་མར་སྣ་རྡོ་རྗེ་ནོར་བུ་དང་ཡར་སྣ་སྨིན་མཚམས་ཀྱི་བར་དུ་ཡོད་ལ། དབུ་མའི་ཡར་སྣ་ཧཾ་གི་རང་བཞིན་ཕ་ལས་ཐོབ་པའི་དཀར་ཆའི་དངས་མས་བཀག་པའི་ཚུལ་དུ་གནས་ལ། མར་སྣ་ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་དམར་ཆ་ཁྲག་གི་དངས་མ་ཨ་ཐུང་གི་རྣམ་པར་བརྗོད་ཏེ། དེ་གཉིས་ཀྱི་པར་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་བར་གནས་པ་སྟོང་སང་ངེ་བ་ནམ་མཁའ་དང་འདྲ་བར་གནས་པའོ། །དེ་ལ་དུས་ཀྱི་འཁོར་ལོ་ལས། ལྟེ་བ་ཡན་ཆད་སྒྲ་གཅན་གྱི་རྩ་དང་མན་ཆད་ལ་དུས་མེའི་རྩར་བཤད་པ་ཡིན་ནོ། །འོ་ན་དཔལ་དགྱེས་པ་རྡོ་རྗེ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དར་མར་རབ་གྲགས། །ཞེས་དབུ་མ་ལས་ཁུ་བ་འབབ་པར་བཤད་པ་ཇི་ལྟར་ཞེ་ན་དེ་ནི་བདེན་མོད་གྱི། ལྟེ་བའི་འོག་རྩ་གསུམ་འདུས་མདོ་མན་ཆད་ཀྱི་དབུ་མ་ལ་དུང་ཅན་མ་ཞེས་བྱ་ལ། རྩ་གསུམ་འདུས་མདོར་རྩ་ཐམས་ཅད་ཀྱི་དཀར་ཆ་རྒྱུན་གཅིག་ཏུ་འདྲིལ་ནས་འབབ་ཅིང་བདེ་བ་བསྐྱེད་པར་བྱེད་པས་དེ་སྐད་ཅེས་བྱའོ། །གཉིས་པ་དེ་ལུང་དང་སྦྱར་བ་ནི་འདི་ནི་སྡོམ་པ་འབྱུང་བ་ནས། །སྙིང་ཀའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་པ། །ཧཾ་ནི་འཕྱང་ཞིང་འོག་ཏུ་ལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། །དེ་འོག་བྱང་སེམས་མཉམ་འབབ་པ། །ཨ་ཝ་དྷཱུ་ཏཱིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཞེས་གསུངས་ཏེ། དོན་འདི་ནི་བདེ་མཆོག་སྡོམ་པ་འབྱུང་བ་དང་ཁ་སྦྱོར་ཐིག་ལེ་དང་ནག་པོ་པའི་རྫོགས་རིམ་རྣམས་ནས་གསུངས་ཏེ། དེ་ཡང་རྩ་དབུ་མ་ནི་སྙིང་ཀའི་ཆུ་སྐྱེས་ཀྱི་དབུས་སུ་སོན་པ་ལས་སྟེང་དང་འོག་ཏུ་གྱེས་པ་ཆུ་ཤིང་གི་མེ་ཏོག་ལྟར་དངས་ཤིང་དཀར་དམར་རྒྱུ་བ་མེད་པས་སྟོང་པ། དབུ་མའི་རྩེ་མོར་ཧཾ་ནི་ཐུར་དུ་འཕྱང་ཞིང་ཧཾ་གི་མགོ་བོ་འོག་ཏུ་ལྟ་བ། མར་སྣ་ལྟེ་བའི་འོག་ཏུ་མར་མེ་ལྟ་བུའི་ཨ་བཤད་འབར་བས་བརྒྱན་པ། དམར་ཆ་དེའི་འོག་དུང་ཅན་མ་ནས་རྩ་ཐམས་ཅད་ཀྱི་བྱང་སེམས་མཉམ་དུ་འདྲིལ་ནས་འབབ་པའི་རྩ་ནི་ཨ་ཝ་དྷཱུ་ཏཱིར་ཤེས་པར་བྱ་སྟེ། དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པའོ། །དེ་ལྟར་མདོར་བསྡུ་ན་ལུས་ཅན་རྣམས་ཀྱི་སྲོག་ཆེན་པོའི་རླུང་གནས་པའི་རྩ་ཡིན་པར་བཤད་པ་ཡིན་ནོ། །ཨ་ཝ་དྷཱུ་ཏཱིར་ཞེས་པ་ཀུན་དར་མ་དང་ཀུན་སྤངས་མ་དང་གཉིས་སྤངས་མ་དང་གཉིས་མེད་མ་དང་ཡིད་བཟང་མ་དང་ཕྲ་གཟུགས་མ་དང་དོ་ཧ་དང་ཐར་བའི་ལམ་པོ་ཆེ་དང་གཉིས་ལ་རྒོད་པ་དང་ནང་གི་ཤིང་གཅིག་ཞེས་བྱ་བ་ལ་སོགས་པ་མིང་དུ་མས་བསྟན་པ་ཡིན་པ་ལ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་པས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས། རྒྱ་སྐད་དོ་ཧ་ཞེས་བྱ་བ། །གཉིས་སྤངས་སམ་ནི་ཀུན་དར་ཡིན། །དེ་ཡི་སྒྲ་དོན་མི་ཤེས་པར། །དོ་ནི་གཉིས་ཡིན་ཧ་རྒོད་པ། །གཉིས་ལ་རྒོད་པར་འཆད་པ་དང་། ཞེས་གསུངས་ནས་དངོས་པོ་གཅིག་ལ་མིང་དུ་མ་ཡོད་པ་ཐུགས་ལ་མ་ཤོང་མོད། གཉིས་སྤངས་ཞེས་པ་དང་གཉིས་མེད་ཅེས་པ་གཟུང་བ་དང་འཛིན་པ་གཉིས་སྤངས་པ་དང་མེད་པའི་དོན་དུ་འཆད་དགོས་ལ། དེ་ལྟ་ཡིན་ན་གཉིས་ལ་རྒོད་པ་ཞེས་པ་ཡང་གཟུང་བ་དང་འཛིན་པ་གཉིས་ལ་ཁྲེལ་བའི་དོན་དུ་འཆད་དགོས་པའི་ཕྱིར་རོ། །ཡང་གསང་སྔགས་རྙིང་མའི་གཞུང་ཁ་ཅིག་ཏུ་སྙིང་ཀ་ན་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་དང་དེའི་རྟེན་དུ་གྱུར་པའི་ཐིག་ལེ་སྲན་མའི་ཚད་ཙམ་ཡོད་པར་གསུངས་པ་ཡང་ཤའི་དྭངས་མ་དབུ་མ་ཁྲག་གི་དྭངས་མ་ཨ་ཐུང་རུས་པའི་དྭངས་མ་ཧཾ་ཡིག་རླུང་གྱི་དྭངས་མ་སྲོག་རླུང་དྭངས་མའི་དྭངས་མ་ཀུན་གཞིའི་རྣམ་པར་ཤེས་པ་ལ་དགོངས་པ་ཡིན་གྱི་སྙིང་ཀ་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་སྲན་མ་ཙམ་ཡོད་པར་བསྒོམ་པ་དེ་ནི་གྲངས་ཅན་གྱིས་སྙིང་ཀར་བདག་སྲན་མ་ཙམ་བསྒོམ་པར་འདོད་པ་དང་མཚུངས་ལ། དེ་ནི་སངས་རྒྱས་ཀྱིས་བཀག་པའི་ཕྱིར་མི་འཐད་དོ། །ཡང་དུས་ཕྱིས་བྱོན་པའི་དབུ་མ་པ་ཁ་ཅིག་ཀྱང་ཐོག་མར་དགག་བྱའི་བདག་བསྒོམ་པར་འདོད་པ་ཡང་གྲངས་ཅན་པའི་བསྒོམ་དང་མཚུངས་སོ། །ཡང་སྐྱེ་བདུན་བསྒྲུབ་པའི་སྐབས་སུ་རོ་ཙ་ནའི་ཐིག་ལེ་ཡོད་པར་བཤད་པ་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས་སྙིང་གར་དཀར་དམར་ཕྲད་པའི་ཚེ་བཅུད་ཕུན་སུམ་ཚོགས་པ་འབྱུང་བས་དེ་ལ་དགོངས་པ་ཡིན་གྱི་ཐིག་ལེ་དོན་གཞན་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཇི་སྐད་བཤད་པའི་དབུ་མ་དེ་རྣམ་ཤེས་དང་ཡེ་ཤེས་གང་གི་ཕྱོགས་ཞེ་ན། རོ་རྐྱང་གཉིས་ལ་ལྟོས་ནས་འདིས་རྟོག་མེད་ཀྱི་རྟེན་བྱེད་པས་ཡེ་ཤེས་ལ་ཉེ་བའི་ཕྱིར་དབུ་མར་བཞག་པ་ཡིན་ཀྱང་རང་གི་ངོ་བོ་ནི་ལས་རླུང་གི་རྟེན་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཕྱོགས་ཡིན་པས་ལས་ཀྱི་དབུ་མ་ཞེས་བྱ་ལ། ཡེ་ཤེས་ཀྱི་དབུ་མ་ནི་རྩ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་ཏེ། དཔལ་དགྱེས་པ་རྡོ་རྗེ་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་གསུངས་སོ། །གཉིས་པ་རོ་རྐྱང་བཤད་པ་ལ། ངོ་བོ་བཤད་པ་དང་། དེ་ལུང་དང་སྦྱར་བའོ། །དང་པོ་ནི། གཡས་གཡོན་རོ་རྐྱང་གཉིས་པོ་ནི། །ལྟེ་བ་ནས་གྱེས་མཁལ་མར་འབྲེལ། །དེ་ནས་སྙིང་ཀར་ཅུང་ཟད་འདུས། །མཆན་འོག་བརྒྱུད་ནས་མགྲིན་པར་ཏེ། །རྩེ་ཆུང་ནས་ནི་སྤྱི་བོར་འབྲེལ། །སྣ་བུག་གཉིས་སུ་ཡར་སྣ་འབྱུང་། །འོག་ཏུ་གསུམ་འདུས་ནས་གྱེས་ཏེ། །ཁྲག་དང་དྲི་ཆེན་འབྱིན་སྡོམ་གྱི། །ལས་ནི་གཡས་པ་རོ་མས་བྱེད། །གཡོན་ནས་རྐྱང་མས་དྲི་ཆུ་ཡི། །འབྱིན་སྡོམ་བྱེད་པར་བཤང་བ་ཡིན། །ལྟེ་སྟེང་ཡན་ཆད་རླུང་རྒྱུ་སྟེ། །ལྟེ་བར་རྩ་ནི་དྲུག་བཅུ་བཞི། །ཕྱི་ནང་རླུང་ཀུན་གསོ་བསྐྱེད་བྱེད། །ཅེས་གསུངས་ཏེ། དེ་ཡང་དབུ་མའི་གཡས་དང་གཡོན་དུ་གནས་པའི་རོ་རྐྱང་གཉིས་པོ་ནི་ལྟེ་བའི་འོག་རྩ་གསུམ་འདུས་མདོ་ནས་གྱེས་ཏེ་མཁལ་མའི་རྩ་བོ་ཆེ་ལ་འབྲེལ་དེ་ནས་སྙིང་གར་ཅུང་ཟད་འདུས་ཏེ་སྙིང་གའི་གཡས་སུ་ཁྱབ་བྱེད་ཀྱི་རྟེན་བྱེད་པའི་རྩ་དང་འབྲེལ་ཞིང་གཡོན་དུ་ལྷ་སྦྱིན་གྱི་རྟེན་བྱེད་པའི་རྩ་དང་འབྲེལ་ཏེ་མཆན་འོག་པ་བརྒྱུད་ནས་སྨན་དཔྱད་ནས་བཤད་པའི་རྩ་དངུལ་འདུ་དང་འབྲེལ། དེ་ནས་མགྲིན་པར་འདུས་ཏེ་རྩེ་ཆུང་ངུ་ཟུག་ནས་རྣ་བའི་འོག་གཉིས་ཕུག་སྟེ་ལྗོན་ཤིང་གི་རྩ་དང་འབྲེལ་ཞིང་ཀླད་རྒྱ་ཕུག་ནས་སྤྱི་བོར་འབྲེལ། དེ་ནས་སྣ་བུག་གཉིས་སུ་ཡར་སྣ་འབྱུང་བ་ཡིན་ནོ། །འོག་ཏུ་རྩ་གསུམ་འདུས་མདོ་ནས་གྱེས་ཏེ་ཁྲག་དང་དྲི་ཆེན་གཉིས་ཀྱི་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མས་བྱེད་ཅིང་གཡོན་ནས་རྐྱང་མས་དྲི་ཆུའི་འབྱིན་སྡོམ་བྱེད་པར་བཤད་པ་ཡིན་ནོ། །གང་ལས་བཤད་ན། དཔལ་དགྱེས་པ་རྡོ་རྗེ་ལས། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དར་མ་རབ་གྲགས། །ཞེས་གསུངས་སོ། །ལྟེ་བའི་སྟེང་ཡན་ཆད་དུ་རླུང་རྒྱུ་བ་ཡིན་ཞིང་དེ་ཡང་ལྟེ་བར་རྩ་ནི་དབུ་མ་ལས་གྱེས་པའི་སྟོང་པའི་རྩ་བཞི། དེ་ལས་གསུམ་གསུམ་དུ་གྱེས་པས་བཅུ་གཉིས། དེ་ལས་ལྔ་ལྔར་གྱེས་པས་དྲུག་བཅུ་དང་། སྟོང་པའི་རྩ་བཞི་ནི་དུས་སྦྱོར་གྱི་རྟེན་ཡིན་ལ། གཞན་ཡང་ལྟེ་བར་ཕུང་པོ་སུམ་བཅུ་རྩ་དྲུག་དང་ཁམས་སུམ་བཅུ་རྩ་དྲུག་སྟེ་བདུན་བཅུ་རྩ་གཉིས་ཀྱི་རྩ་ཡོད་པར་བཤད་པ་ཡང་དུས་སྦྱོར་གྱི་རྩའི་ཕྱི་སྐོར་ལ་བཤད་པ་ཡིན་ལ། དེས་ནི་ཕྱི་རོལ་ཏུ་སྟེང་གི་སྣ་བུག་གཉིས་དང་འོག་གི་སྒོ་གསུམ་ནས་རྒྱུ་བའི་རླུང་དང་། ནང་དུ་སྲོག་ཆེན་པོའི་རླུང་ཀུན་གྱི་གསོ་བསྐྱེད་བྱེད་པ་ཡིན་ནོ། །ལྟེ་བའི་རྩ་འདབ་ཀྱི་གྱེས་ཚུལ་དུས་འཁོར་དང་ཅུང་ཟད་མ་མཐུན་ཀྱང་འདིར་རང་འགྲེལ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་ལ། དྲི་མེད་འོད་ལས་གསུངས་པའི་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་དེ་ལུང་དང་སྦྱར་བ་ནི། འདི་ནི་དང་པོའི་སངས་རྒྱས་ལས། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། །བཤང་པ་གཅི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲོག་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་གསུངས་ཏེ། བཤད་པ་འདི་ནི་དང་པོའི་སངས་རྒྱས་ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་དང་མཐུན་པ་ཡིན་ཏེ། རོ་རྐྱང་དབུ་མ་དེ་ནི་ཐུར་དུ་བཤང་གཅི་ཁུ་བ་འབབ་པའི་རྩེ་མོ་གསུམ་སྟེ་དེ་བཞིན་དུ་གྱེན་དུ་ཉི་ཟླ་སྒྲ་གཅན་གསུམ་གྱི་རླུང་རྒྱུ་བའི་རྩེ་མོ་གསུམ་མོ། །དེ་ཡང་སྒྲ་གཅན་ནམ་མཁའི་རང་བཞིན་གྱི་སྲོག་གི་རླུང་རྒྱུ་བ་དབུ་མའི་རྩེ་མོ་དབུས་ན་གནས་ཤིང་། ཉི་མ་མེའི་རང་བཞིན་གྱི་རླུང་རྒྱུ་བ་རོ་མའི་རྩེ་མོ་གཡས་པའོ། །ཟླ་བ་ཆུའི་རང་བཞིན་གྱི་རླུང་རྒྱུ་བ་རྐྱང་མའི་རྩེ་མོ་ནི་གཡོན་པའོ། །གཡས་གཡོན་དབུས་མ་གསུམ་པོའི་མར་སྣ་ནས་གོ་རིམ་བཞིན་དུ་བཤང་པ་གཅི་བ་ཁུ་བ་གསུམ་རྒྱུ་ལ། འཁོར་ལོ་སོ་སོའི་ལྟེ་བར་ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ་རྣམས་འདུད་ཅིང་གནས་ཏེ། དེ་ལྟར་ན་སྟེང་དུ་སྲོག་གི་ལམ་གསུམ་དང་འོག་ཏུ་ཐུར་སེལ་གྱི་ལམ་གསུམ་ཉིད་ཡིན་ཞེས་བྱའོ། །གཞུང་ཁ་ཅིག་ལས། སྲིད་དང་།ཐུར་སེལ་ལམ་གསུམ་ཉིད། ཅེས་བྲིས་པ་ནི་ཡི་གེ་པས་མ་དག་པ་ཡིན་ནམ་སྙམ་མོ། །གསུམ་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ནས་སུམ་བཅུ་རྩ་བདུན་གྱི་བར་རྒྱས་པར་བཤད་པ་ལ། སྤྱིར་བསྟན་པ། ཉི་ཤུ་རྩ་བཞི་ངོས་བཟུང་བ། སྦས་པའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལ་གྱེས་པའི་རྩ་ཆེན་པོ། །ཉི་ཤུ་བཞི་སྟེ་སྙིང་ག་ཡི། །ཡན་ལག་རླུང་ནི་བརྟེན་པའི་རྩེ། །ལྔ་དང་གཙོ་བོ་གསུམ་བཅས་པས། །སུམ་བཅུ་གཉིས་ཏེ་རྩ་བ་ཡི། །རླུང་བརྟེན་རྩ་བཅས་སུམ་བཅུ་བདུན། །ཞེས་གསུངས་ཏེ། དེ་ཡང་འཁོར་ལོ་སོ་སོའི་དབུས་སུ་འདུད་དེ་གནས་པའི་རོ་རྐྱང་དབུ་མ་གསུམ་པོ་འདི་ལས་གྱེས་པའི་རྩ་ནི་ནང་རྡོ་རྗེའི་ལུས་ལ་མི་ཕྱེད་མ་ལ་སོགས་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་སྟེ་ཕྱི་རོལ་ཏུ་ཡུལ་ཉི་ཤུ་རྩ་བཞི་དང་། གཞན་དཀྱིལ་འཁོར་དུ་ཐུགས་གསུང་སྐུའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་རང་བཞིན་ཡིན་ལ། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་དང་། དེའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་བཅས་པས་སུམ་བཅུ་རྩ་གཉིས་ཏེ། འདི་ནི་དཔལ་དགྱེས་པ་རྡོ་རྗེ་ལས། ཟླ་བ་ཡར་ངོའི་ཆ་བཅོ་ལྔ་དང་མར་ངོའི་ཆ་བཅོ་ལྔ་རྣམ་པར་དག་པའི་ལྷ་མོ་བཅོ་ལྔར་གསུངས་ལ། དཀར་ནག་གཉིས་ཀྱི་མཚམས་སུ་བཅུ་དྲུག་པའི་ཆ་རེ་རེ་དང་སོ་གཉིས་ཏེ། དཀར་པོའི་ཆ་བཅུ་དྲུག་པའི་རྟེན་ནི་དུང་ཅན་མ་དང་། ནག་པོའི་ཆ་བཅུ་དྲུག་པའི་རྟེན་ནི་བདུད་བྲལ་མ་ཡིན་ཏེ། དེ་ནི་ལྕེའུ་ཆུང་ལ་ཟུག་པར་དཔལ་གྱེས་པ་རྡོ་རྗེ་ལས་གསུངས་སོ། །དེ་དག་གི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་རྩ་ལྔ་དང་བཅས་པས་སུམ་བཅུ་རྩ་བདུན་ཡོད་དོ། །གཞུང་ཁ་ཅིག་ཏུ་རླུང་རྟེན་རྩ་བཅས་སུམ་བཅུ་དྲུག །ཞེས་བྲིས་པ་ནི་ཡི་གེ་པས་མ་དག་པར་བྱས་མ་སྟེ་གཞུང་འགྲེལ་གཉིས་ཀར་སུམ་བཅུ་རྩ་བདུན་པ་གྲངས་པའི་ཕྱིར་རོ། །རྩ་བའི་རླུང་རྟེན་པའི་རྩའི་ངོ་བོ་ནི་དབུ་མ་ལ་ཆ་གཉིས་སུ་བྱས་པའི་ལྟེ་བའི་འོག་མན་ཆད་ཡེ་ཤེས་ཀྱི་ཁམས་ཐུར་སེལ་འབབ་པའི་རྩ་དུང་ཅན་མ་དང་ལྟེ་བ་ཡན་ཆད་ནམ་མཁའི་ཁམས་སྲོག་རྟེན་པར་བྱེད་པའི་རྩ་ཡིད་བཟང་མ་དང་། སྙིང་གའི་མདུན་ན་མཉམ་གནས་ཀྱི་རླུང་རྟེན་པར་བྱེད་པའི་རྩ་རྣལ་མ་དང་། མེ་མཚམས་ན་གྱེན་རྒྱུའི་རླུང་རྟེན་པར་བྱེད་པའི་རྩ་གླང་ཆེན་ལྕེ་དང་། གཡས་སུ་ཁྱབ་བྱེད་ཀྱི་རླུང་རྟེན་པར་བྱེད་པའི་རྩ་སེར་སྐྱ་སྟེ་རྩ་བའི་རླུང་ལྔའི་རྟེན་ཡིན་ལ། ཡན་ལག་གི་རླུང་ལྔ་རྟེན་པའི་རྩ་ནི། ལྷོ་ནུབ་ཏུ་ཀླུའི་རླུང་རྟེན་པར་བྱེད་པའི་རྩ་རྒྱལ་དང་། ནུབ་དུ་རུས་སྦལ་གྱི་རླུང་རྟེན་པར་བྱེད་པའི་རྩ་རྒྱལ་བ་དང་། ནུབ་བྱང་དུ་རྩངས་པའི་རླུང་རྟེན་པར་བྱེད་པའི་རྩ་ཨ་ལཾ་བུ་ཥ་དང་། བྱང་དུ་ལྷ་སྦྱིན་གྱི་རླུང་རྟེན་པར་བྱེད་པའི་རྩ་ཨི་ཌ་དང་། བྱང་ཤར་དུ་ནོར་ལས་རྒྱལ་གྱི་རླུང་རྟེན་པར་བྱེད་པའི་རྩ་ཀུ་ཧཱ་སྟེ། དེ་དག་ནི་སྙིང་གའི་འདབ་མ་བཅུ་ལ་གནས་པ་ཡིན་ཏེ། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོ་ལས། དེ་སྟེང་སྙིང་གའི་ཕྱོགས་སུ་པདྨ་ནོར་གྱི་འདབ་མ་དག་ལ་རྩ་ཡི་འཁོར་ལོ་ཡང་དག་གནས་སྲོག་ལ་སོགས་པ་རླུང་གི་ཚོགས་ཏེ་ཟླ་བ་ཉི་མ་མེ་རྣམས་གཡོན་དང་གཡས་དང་དབུས་སུའོ། །གཡོན་དུ་རྩ་ནི་རི་བོང་མཚན་མ་འབབ་སྟེ་ངེས་པར་དཀར་པོ་གཡས་སུ་དམར་པོ་ཉི་མའོ། །དབུས་སུ་དུས་མེའི་རང་བཞིན་རབ་ཏུ་འབབ་ཏེ་མཉམ་པ་དག་ལ་དམན་པའི་དབུགས་ནི་དྲུག་བཅུའོ། །སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནོར་གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་ཀླུ་དང་རུས་སྦལ་དག་དང་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ་ཞེས་པ། རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་རྩ་ཡི་འཁོར་ལོ་ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །དུང་ཅན་མཐའ་ཡང་ཨི་ཌ་ལ་སོགས་རང་གི་སྙིང་གའི་པདྨ་རྩ་ཡི་འཁོར་ལོ་མཐའ་དག་གོ །ཞེས་དང་། དེའི་འགྲེལ་པར། ལྟེ་བའི་འཁོར་ལོ་དེ་སྟེང་ནི་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་སྟེང་སྙིང་གའི་ཕྱོགས་སུ་རྩའི་འཁོར་ལོ་རྩིབས་བརྒྱད་ཀྱི་བདག་ཉིད་ཡང་དག་པར་གནས་ཏེ། དེ་རྣམས་ལ་སྲོག་ལ་སོགས་པའི་རླུང་གི་ཚོགས་སོ། །པདྨ་ནོར་གྱི་འདབ་མ་དག་ལ་ཟླ་བ་ཉི་མ་མེ་རྣམས་ཏེ་མེ་ཞེས་པ་ནི་སྒྲ་གཅན་ནོ། །གཡོན་དུ་ཟླ་བའི་རྩ་ནི་རིལ་པོར་མཚན་མ་འབབ་སྟེ་ཁ་དོག་དཀར་པོའོ། །གཡས་སུ་ཁ་དོག་དམར་པོ་སྟེ་ཉི་མའི་རྩ་འབབ་བོ། །འདབ་མ་བརྒྱད་ཀྱི་དབུས་སུ་དུས་ཀྱི་མེའི་རང་བཞིན་སྒྲ་གཅན་གྱི་རྩ་འབབ་སྟེ་མཉམ་པ་དག་ལ་དུས་སྦྱོར་འཆར་བའི་མཚམས་སུ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གོ །སྙིང་གའི་ཆུ་སྐྱེས་རྩིབས་བརྒྱད་པ་འདི་ལ། ཐུན་ཚོད་འཕོ་བའི་རྩ་རྣམས་རིག་པར་བྱ་སྟེ། སྣའི་བུག་པར་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི་འདི་རྣམས་སུ་འགྱུར་རོ། །རྩ་དང་རྩ་ལ་དབུགས་འབྱུང་བ་དང་འཇུག་པ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ། དབྱུ་གུ་ཕྱེད་དང་བཅས་པའི་བདུན་གྱིས་སོ། །དེ་ལ་སྲོག་ནི་སྟེང་དུ་འབབ་བོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་བོ། །མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྟའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལཾ་པུ་ཥ་ལའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨི་ཌ་ལ་འོ། །ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མར་རྩ་ཀུ་ཧཱ་ལའོ། །སྲོག་ནི་རྩ་ཤིན་ཏུ་ཡིད་བཟང་མ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ། །ཞེས་དེ་ལྟར་རླུང་རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་སྟེ། འོན་ཀྱང་གནས་བརྒྱད་ནས་རླུང་བརྒྱད་སྐྱེ་བའི་ཕྱིར་ཏེ་དུང་ཅན་མཐའ་ཡང་ཨི་ཌ་ལ་སོགས་རང་གི་སྙིང་གའི་པདྨ་རྩའི་འཁོར་ལོ་མཐའ་དག་གོ་ཞེས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་སྙིང་གའི་འཁོར་ལོའི་ངེས་པའོ། །ཞེས་དང་། གཞན་ཡང་རྒྱུད་གྱི་རྒྱལ་པོ་ལས། དམར་སེར་ཕྲ་མོ་དག་ཀྱང་ཨི་ཌ་ལ་སོགས་རྣམ་གསུམ་ལམ་བགྲོད་སྣང་མ་དང་ནི་ལག་ལྡན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལཾ་བུ་ཥ་དཔལ་ལྡན་ཀུ་ཧཱའོ། །ཕྱོགས་ཀྱི་གྲངས་ཏེ་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ཟག་བྱེད། །ཅེས་དང་། དེའི་འགྲེལ་བར། ད་ནི་དམར་སེར་ཞེས་པ་ལ་སོགས་པས་རྩའི་མིང་མུ་སྟེགས་པའི་མིང་རྣམས་ཀྱིས་གསུངས་ཏེ། དམར་སེར་ཕྲ་མོ་དག་ཀྱང་ཨི་ལ་སོགས་ནི་ཨི་ཌ་ལ་སོགས་རྩ་གསུམ་མོ། །རྣམ་གསུམ་ལམ་བགྲོད་ཅེས་པ་ལ་ཟླ་བའི་ལམ་ལ་བགྲོད་པ་ནི་ཨི་ཌ་འོ། །ཉི་མའི་ལམ་ལ་བགྲོད་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་ལ་བགྲོད་པ་ནི་ཤིན་ཏུ་ཡིད་བཟང་མའོ། །སྣར་མ་ནི་བཞི་པ་སྟེ། ལག་ལྡན་ལྕེ་ནི་ལྔ་པ་དང་རྒྱལ་ནི་དྲུག་པ་དང་རི་ཡང་རྒྱལ་བ་ཞེས་པ་བདུན་པ་དང་། ཨ་ལཾ་བུ་ཥ་ནི་ནོར་དང་ཞེས་པ་བརྒྱད་པ་དང་ཀུ་ཧཱ་ནི་དགུ་པ་དང་ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་དེ་བཅུ་པ་དུང་ཅན་མས་བྱང་ཆུབ་སེམས་བདེ་བའི་མཐར་ཟག་པར་བྱེད་པའོ། །ཞེས་གསུངས་སོ། །དེ་ལྟར་རྩ་སུམ་བཅུ་རྩ་བདུན་ནི་གཞི་ལ་ཁམས་སུམ་བཅུ་རྩ་དྲུག་ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་དང་སུམ་བཅུ་རྩ་བདུན་ལམ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན། འབྲས་བུ་ལ་འབྲས་དུས་ཀྱི་བྱང་ཕྱོགས་སུམ་བཅུ་རྩ་བདུན་ལ་སྦྱར་ནས་བླ་ན་མེད་པའི་རྒྱུད་སྡེ་རྣམས་ནས་གསུངས་པ་ཡིན་ནོ། །གཉིས་པ་རྩ་ཉི་ཤུ་རྩ་བཞི་ངོས་བཟུང་བ་ནི་འདི་ཡི་གཡོན་པའི་ཆར་སྐྱེས་པ། །མི་ཕྱེད་མ་ཞེས་སོགས་ཏེ། འདི་ལ་ནཱ་རོ་འགྲེལ་ཆེན་དུ་ཟླ་བའི་ཆ་བཅུ་ལྔ་དང་ནག་པོའི་ཆ་བཅུ་ལྔ་དེ་གཉིས་ཀྱི་བཅུ་དྲུག་པའི་ཆ་རེ་རེ་སྟེ་སོ་གཉིས་པོ་དེའི་སྟེང་ནས་ཉི་ཤུ་རྩ་བཞི་ལ་མི་ཕྱེད་མ་ལ་སོགས་པར་བྱས་ནས་ལྷག་མ་རྣམས་སྦས་པ་ཡིན་ལ། འདིར་བདེ་མཆོག་དང་སམ་པཱུ་ཊི་ལ་དབང་པོར་བྱས་ནས་རྐྱང་མ་དང་འབྲེལ་བའི་རྩ་བོ་ཆེ་བཅུ་བཞི་ལུས་ཀྱི་སྟོད་ལ་གནས་པ་དང་། རོ་མ་དང་འབྲེལ་བའི་རྩ་ཆེན་པོ་བཅུ་ལུས་ཀྱི་སྨད་ཀྱི་ཆ་ལ་གནས་པ་དང་། དབུ་མས་བསྐྱེད་པའི་རྩ་བཅུ་སྟེ་སོ་བཞིར་བཤད་པ་ལས། དབུ་མ་དང་འབྲེལ་བའི་རྩ་བཅུ་པོ་སྦས་ནས་གཞན་རྣམས་ལ་མི་ཕྱེད་མ་ལ་སོགས་པར་བཤད་ཏེ། དེ་ཡང་རྩ་དབུ་མ་འདིའི་གཡོན་པ་རྐྱང་མའི་ཆ་ལས་སྐྱེས་པའི་རྩ་བཅུ་བཞི་པོ་ལུས་ཀྱི་ཆ་གང་དུ་གནས་ཞེ་ན། མི་ཕྱེད་མ་ནི་ཚོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། །རྩེ་བ་མ་ནི་རྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩ་འོ། །ཐུང་ངུ་ཞེས་བྱ་རྣ་བ་གཡོན། །རུས་སྦལ་སྐྱེས་མ་སྨིན་དབུས་ཏེ། །མིག་གི་ཕྱི་རོལ་བསྡོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །མཇུག་མ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །ཁ་ལ་གནས་པ་བསིལ་སྦྱིན་མ། །མགྲིན་དབུས་ཆ་བ་མ་གནས་སོ། །རྐྱང་མ་དེ་དག་ཀུན་བརྟེན་པའོ། །འདི་རྣམས་ཤེས་རབ་རང་བཞིན་ནོ། །ཞེས་བྱ་བ་སྟེ་དེ་ལྟར་རྐྱང་མ་ལ་རྩ་བཅུ་བཞི་པོ་དེ་དག་ཀུན་ནས་བརྟེན་པ་ལས་འདི་རྣམས་བསམ་པའི་སྒོ་ནས་ཤེས་རབ་དང་ལུས་ཀྱི་སྒོ་ནས་ཐབས་ཀྱི་རང་བཞིན་ཟླ་བ་ཡར་ངོའི་ཆ་རྣམ་པར་དག་པའོ། །རོ་མ་ལ་བརྟེན་པའི་རྩ་བཅུ་པོ་ཡང་བསམ་པའི་སྒོ་ནས་ཐབས་དང་ལུས་ཀྱི་སྒོ་ནས་ཤེས་རབ་ཀྱི་རང་བཞིན་ཟླ་བ་མར་གྱི་ངོ་རྣམ་པར་དག་པ་ཡིན་པས། རོ་མ་ལ་བརྟེན་ཐབས་ཀྱི་ཆ་ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་ལུས་ཀྱི་ཆ་གང་དུ་གནས་པ་ནི། གཞོལ་མ་བྲང་གི་གཞུང་དུ་གནས། །དབུས་མ་ལྒང་བར་འབྲེལ་བ་སྟེ། །ཤིན་ཏུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་བ་སྟེ། །རྒྱུ་བྱིན་བརླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་བྱིན་པར་གནས། །སྡུ་གུ་རྐང་པའི་སོར་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་ཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་སྤུས་མོའི་གཉན་གོང་གནས། །དེ་ལྟར་ལུས་ཀྱི་གནས་སུ་འདོད། །ཅེས་བྱ་བ་སྟེ། དེ་ལྟར་ལུས་ཀྱི་གནས་དེ་དག་རྣམས་སུ་རྩ་དེ་རྣམས་ཀྱིས་ལུས་ཀྱི་ཁམས་བསྐྱེད་པའི་ནུས་པ་ཁྱད་པར་ཅན་རེ་ཡོད་པར་འདོད་པ་ཡིན་ནོ། །དེ་ལྟར་རྩ་སུམ་བཅུ་རྩ་གཉིས་པོ་འདི་རྣམས་ཀྱི་མིང་ནི་དཔལ་དགྱེས་པ་རྡོ་རྗེ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། ཀྱཻ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་བཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་བཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ། །དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང་རོ་མ་དང་ཀུན་དར་མའོ། །རྐྱང་མ་ཤེས་རབ་རང་བཞིན་གྱི། །ཐབས་ཀྱི་རོ་མ་ཡང་དག་གནས། །ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དར་མ་རབ་གྲགས། །མི་ཕྱེད་མ་དང་ཕྲ་གཟུགས་མ་དང་རྩེ་བ་མ་དང་གཡོན་པ་མ་དང་ཐུང་ངུ་མ་དང་རུས་སྦལ་སྐྱེས་མ་དང་། བསྒོམ་པ་མ་དང་དབང་མ་དང་སྐྱོན་མ་དང་མཇུག་མ་དང་མ་མོ་དང་མཚན་མོ་དང་བསིལ་སྦྱིན་མ་དང་ཚ་བ་མ་དང་རྐྱང་མ་དང་ཀུན་འདར་མ་དང་རོ་མ་དང་གཞོལ་མ་དང་རངས་མ་དང་ཤིན་ཏུ་གཟུགས་ཅན་མ་དང་སྤྱི་མ་དང་རྒྱུ་སྦྱིན་མ་དང་སྦྱོར་བྲེལ་མ་དང་སྡུ་གུ་མ་དང་གྲུབ་མ་དང་འཚེད་མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་གསུམ་བསྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་བདུང་བྲལ་མའོ། །ཞེས་གསུངས་སོ། །གསུམ་པ་སྦས་པའི་རྩ་ལྔ་བཤད་པ་ནི། གསུམ་སྐོར་འདོད་མ་ཁྱིམ་མ་དང་། །གཏུམ་མོ་ཞེས་བྱ་རྩ་བཞི ནི། །མིག་དང་རྣ་བ་སྣ་དང་ལྕེར། །སྙིང་དབུས་ནས་འབྲེལ་རླུང་རྒྱུའི་རྩ། །བདུད་བྲལ་ལྕེའུ་ཆུང་དབུས་སུ་ཟུག །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ནི་ཨ་ཝ་དྷཱུ་ཏཱི་ཏེ། །གཞན་ནི་རྩ་བའི་རླུང་རྒྱུའི་གནས། །ཞེས་གསུངས་ཏེ། སྦས་པའི་རྩ་ལྔ་ནི་གསུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་ཞེས་བྱ་བའི་རྩ་བཞི་ནི་གོ་རིམ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་རྣམས་སུ་རྩེ་མོ་འབྲེལ་ནས་རིམ་པ་བཞིན་དུ་གཟུགས་འཛིན་པ་དང་སྒྲ་ཐོས་པ་དང་དྲི་དང་རོ་མྱོང་བའི་བདག་རྐྱེན་བྱེད་ཅིང་རྩ་བ་རྣམས་སྙིང་གའི་དབུས་ནས་འབྲེལ་ཏེ་རླུང་རྒྱུ་བའི་རྩ་ཡིན་ལ་དབང་པོ་དེ་དག་ཀྱང་རྩ་དེ་རྣམས་དང་དེའི་ནང་དུ་རྒྱུ་བའི་རླུང་དེ་དང་ལྷན་ཅིག་ཏུ་འབྱུང་བའི་ཐིག་ལེ་ལས་བྱུང་བ་ཡིན་ལ། རྩ་བཞི་པོ་དེའི་སྟེང་དུ་བདུད་བྲལ་མ་ནི་རྩེ་མོ་ལྕེའུ་ཆུང་གི་དབུས་སུ་ཟུག་ཀྱང་རྩ་བ་ནི་སྙིང་གི་དབུས་སུ་ཟུག་པས་ཁམས་གྱེན་དུ་འབབ་པའི་བྱ་བ་བྱེད་ཅིང་རེག་བྱའི་ཕྱོགས་གཅིག་འཛིན་པ་དང་ནོར་ལས་རྒྱལ་གྱི་རླུང་བརྟེན་པར་བྱེད་པ་ཡིན་ནོ། །དེར་མ་ཟད་འདིར་ནི་ལུས་ཀྱི་སྙིང་དབུས་སུ་རྩ་བའི་རླུང་ལྔ་བརྟེན་པར་བྱེད་པའི་རྩ་ལྔ་པོ་ནི་ཡང་དག་པར་གནས་པ་དེ་ལ་ཡང་སྦས་པའི་རྩ་ལྔར་བཤད་ཏེ། དེ་ཡང་སྲོག་གི་གནས་ནི་ཨ་ཝ་དྷཱུ་ཏཱི་དང་། གཞན་ཐུར་སེལ་བརྟེན་པའི་དུང་ཅན་མ་ལ་སོགས་པ་ནི་རྩ་བའི་རླུང་རྒྱུ་བའི་གནས་ཡིན་པར་གོང་དུ་བཤད་ཟིན་ཏོ། །དེ་ལྟར་ཡན་ལག་གི་རྟེན་ལ་སྦས་པའི་རྩར་འཇོག་པ་ནི་ཡོན་ཏན་གྱི་སྒོ་ནས་བཞག་ཅིང་། རྩ་བའི་རླུང་ལྔའི་རྟེན་ལ་སྦས་པའི་རྩར་འཇོག་པ་ནི་ཁམས་ལྔའི་སྒོ་ནས་བཞག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་གཞིའི་གནས་སྐབས་སུ་སྙིང་གའི་འོད་གསལ་ལས་ལངས་ནས་མིག་སོགས་སྐྱེ་མཆེད་ཀྱི་སྒོ་ལས་གཟུགས་སོགས་ཡུལ་ལ་མཆེད་པར་བྱེད་པ་དང་། ལམ་གྱི་གནས་སྐབས་སུ་དེ་རྣམས་ཀྱི་བྱེད་པ་བཅིངས་པ་ལས་སོ་སོར་སྡུད་པ་དང་བསམ་གཏན་གྱི་རྣལ་འབྱོར་གྱིས་རྟགས་བཅུ་འཆར་བར་བྱེད་པ་དང་། སྲོག་རྩོལ་དང་འཛིན་པའི་རྣལ་འབྱོར་གྱིས་འཕོ་བ་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་འགོག་པ་དང་། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་ཡས་བརྟན་དང་མས་བརྟན་གྱི་དགའ་བ་བཞི་འཆར་བ་དང་། འབྲས་བུའི་གནས་སྐབས་སུ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བཞི་མངོན་དུ་བྱེད་པའི་རྩ་བ་ཡིན་པའི་ཕྱིར་སྦས་པའི་རྩ་ཞེས་བྱ་བ་ཡིན་ནོ། །བཞི་པ་འཁོར་ལོའི་རྩ་རྣམས་ཀྱི་མིང་རྒྱས་པར་བཤད་པ་ལ། མདོར་བསྟན་པ། ལྟེ་བ་སྙིང་ག །མགྲིན་པ། སྤྱི་བོ། འཁོར་ལོ་དྲུག་གི་ངེས་པ། ཡན་ལག་གི་འཁོར་ལོ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག །བཅུ་བརྒྱད་ལ་སོགས་དབྱེ་བ་ནི། །ཞེས་གསུངས་ཏེ། འདི་ལ་ཁ་ཅིག་འཁོར་ལོ་བཞི་པོ་ཐམས་ཅད་ཀྱང་རྩ་བརྒྱད་བརྒྱད་ཀྱི་གྲངས་སུ་མཚུངས་ཀྱང་སྐྱོག་མར་ཉུང་གི་བྱེ་བྲག་གིས་འདབ་མའི་གྲངས་རྩི་བར་འདོད་ཀྱང་། འདིར་ནི་སེམས་འགྲེལ་སྐོར་གསུམ་དུ་གསུངས་པ་ལྟར་བཤད་པར་བྱ་བ་ལས། རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ལ་སོགས་པ་བཤད་ཟིན་པ་དེ་ནས་འཁོར་ལོ་བཞིའི་བཀོད་པ་ནི། ལྟེ་བར་རྩའི་འདབ་མ་དྲུག་བཅུ་རྩ་བཞི་ལས། དེར་གཏུམ་མོའི་རྣལ་འབྱོར་གྱིས་དུས་སྦྱོར་བཅུ་གཉིས་ཀྱི་བྱེད་པ་བཅིངས་པས་སད་པའི་གནས་སྐབས་དག་པར་བྱེད་ཅིང་སྤྲུལ་པའི་སྐུའི་དགོངས་པར་འཆར་བ་ཡིན་ལ། སྙིང་ག་ན་ཐུན་བརྒྱད་ཀྱི་རང་བཞིན་འདབ་མ་བརྒྱད་ལས། དེར་ལམ་འོད་གསལ་གྱི་རྣལ་འབྱོར་གྱིས་གནད་བཅིངས་པས་གཉིད་ཐུག་གི་གནས་སྐབས་དག་པར་བྱེད་ཅིང་ཆོས་སྐུའི་དགོངས་པར་འཆར་བ་ཡིན་ཅིང་། མགྲིན་པ་ན་འཕོ་བ་བཅུ་དྲུག་གི་བདག་ཉིད་འདབ་མ་བཅུ་དྲུག་ལས། དེར་ལམ་སྒྱུ་ལུས་དང་རྨི་ལམ་གྱི་རྣལ་འབྱོར་གྱིས་གནད་བཅིངས་པ་ལས་རྨི་ལམ་གྱི་གནས་སྐབས་དག་པར་བྱེད་ཅིང་ལོངས་སྐུའི་དགོངས་པར་འཆར་བ་དང་། སྤྱི་བོ་ན་ཆུ་ཚོད་ཀྱི་རང་བཞིན་འདབ་མ་སོ་གཉིས་ལས། དེར་འབར་འཛག་གི་སྒོ་ནས་ཐིག་ལེའི་གནད་བཅིངས་པས་བཞི་པའི་གནས་སྐབས་དག་པར་བྱེད་ཅིང་བདེ་བ་ཆེན་པོའི་སྐུའི་དགོངས་པར་འཆར་བ་ཡིན་ནོ། །འདི་ནི་བདེ་དགྱེས་གསང་གསུམ་ལས་གསུངས་པ་ལྟར་བཤད་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལས་སྤྱི་བོར་ཟླ་བའི་རྐང་པ་རྒྱུ་གྱི་འདབ་མ་བཅུ་དྲུག་དང་མགྲིན་པར་རྒྱུ་སྐར་གྱི་རང་བཞིན་འདབ་མ་གསུམ་བཅུ་རྩ་གཉིས་གསུངས་པ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་ན་ཇི་སྐད་བཤད་པའི་འཁོར་ལོ་བཞིའི་སྟེང་དུ་གསང་གནས་བདེ་སྐྱོང་གི་འཁོར་ལོ་དང་གཙུག་ཏོར་ནམ་མཁའི་འཁོར་ལོ་གཉིས་བསྣན་པས་དྲུག་དང་། དེའི་སྟེང་དུ་ཡན་ལག་གི་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་བཅུ་གཉིས་བསྣན་པས་བཅོ་བརྒྱད་དང་། ཉིང་ལག་གི་འཁོར་ལོ་ལ་སོགས་སུ་དབྱེ་བའི་བར་ཡོད་དོ། །འཁོར་ལོར་བརྗོད་པའི་རྒྱུ་མཚན་དབྱིབས་འཁོར་ལོ་ལྟ་བུར་ཡོད་པ་དང་། དེ་དང་དེར་གནད་བཅིངས་ནས་གནས་སྐབས་བཞིའི་འཁྲུལ་བ་གཅོད་པའི་དོན་གྱིས་འཁོར་ལོ་ཞེས་བྱའོ། །གཉིས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་བཤད་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །དབུ་མ་ལས་གྱེས་རྩ་བཞི་ནི། །འཕོ་བ་བཅུ་གཉིས་རིམ་པ་ཡིས། །ལྔ་ཚན་དུ་གྱེས་དྲུག་བཅུ་སྟེ། །གཡས་དང་གཡོན་པའི་འཕོ་བ་རྟེན། །བཞི་པོ་དབུ་མའི་འཕོ་བ་ཡིན། ཞེས་གསུངས་ཏེ། ལྟེ་བའི་རྩ་འདབ་འདི་ལ་སྤྲུལ་པའི་འཁོར་ལོར་བརྗོད་པའི་རྒྱུ་མཚན་ནི་ཐོག་མར་ལུས་བསྐྱེད་ཅིང་སྤྲུལ་པའི་གནས་ཡིན་པ་དང་། དེར་གནད་བཅིངས་ན་སྤྲུལ་པའི་སྐུ་འགྲུབ་པའི་རྩའི་འཁོར་ལོ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་དབུ་མ་དང་རོ་རྐྱང་ལས་གྱེས་པའི་སྟོང་པ་ཡེ་ཤེས་ཀྱི་ཁམས་ཀྱི་རྩ་བཞི་དང་། དེའི་ཕྱི་རོལ་ཏུ་བཞི་པོ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས་འཕོ་བ་བཅུ་གཉིས་རིམ་པས་རྒྱུ་བའི་རྩ་བཅུ་གཉིས། དེའི་ཕྱི་རོལ་ཏུ་བཅུ་གཉིས་པོ་རེ་རེ་ལ་ཁམས་ལྔའི་རང་བཞིན་ཅན་གྱི་དཀྱིལ་འཁོར་འབབ་པའི་རྩ་ལྔ་ཚན་དུ་གྱེས་པས་དྲུག་བཅུ་སྟེ། གཡས་ཀྱི་རྩ་སུམ་བཅུ་ནི་རོ་མ་དང་འབྲེལ་བ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དང་། གཡོན་པའི་སུམ་བཅུ་ནི་རྐྱང་མ་དང་འབྲེལ་བ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་འཕོ་བའི་རྟེན་ཡིན་ཞིང་། སྟོང་པའི་རྩ་བཞི་པོ་དབུ་མའི་འཕོ་བའི་རྟེན་ཡིན་ནོ། །དེ་ལྟ་ན་རྩ་དྲུག་བཅུ་རྩ་བཞི་པོ་སོ་སོའི་མིང་གང་ཞེ་ན། མིང་ནི་རྡོ་རྗེ་ཕྲེང་བ་ལས། །ཡང་དག་ཤུགས་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །ཞེས་པ་སྟེ། དེ་དག་གི་མིང་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། ཡང་དག་ཤུགས་དང་ཤིན་ཏུ་ཤུགས་གཉིས་ནི་རླུང་དབུ་མར་འཇུག་པའི་སྟོབས་དང་ལྡན་པས་དེ་སྐད་ཅེས་བྱ་ལ། ཤིན་ཏུ་བཟང་དང་བཟང་པོར་འགྲོ་གཉིས་ནི་སྲོག་དབུ་མར་འཛིན་པས་བཟང་པོར་བྱེད་པའི་དོན་ཡིན་ནོ། །དེ་དག་ནི་རོ་རྐྱང་ལས་རླུང་དབུ་མར་འཇུག་པའི་སྟོང་པའི་རྩ་བཞི་པོའི་མིང་ཡིན་ནོ། །ལྷག་མ་དྲུག་བཅུ་པོའི་མིང་རྣམས་ཀྱང་བྱེད་ལས་རྒྱུ་མཚན་དུ་བྱས་ནས་བཏགས་པར་སེམས་སོ། །འཕོ་ཆུང་དྲུག་བཅུ་པོ་རྣམས་དུས་སྦྱོར་བཅུ་གཉིས་དང་སྦྱོར་ཚུལ་མི་འདྲ་བ་གཉིས་མཛད་པ་ལས་ཚུལ་དང་པོ་ནི། སྟོབས་ཆེན་དང་ནི་མི་ཟད་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་དང་། ཞེས་པ་ནི་ལུག་གི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ངོ་། །རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྙོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །ཞེས་པ་ནི་གླང་གི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ངོ་། །རྒྱགས་པའི་བརླན་དང་རྒྱགས་པ་འཆང་། །རྩུབ་དང་ཁ་ཆུ་གླང་པོ་དང་། །ཞེས་པ་ནི་འཁྲིག་པའི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ངོ་། །དབུགས་མི་བདེ་དང་གཡའ་མཁའ་འགྲོ། །འདབ་ཆགས་ཡན་ལག་ཁྲ་ཡི་གདོང་། །ཟ་ཕོད། ཅེས་པ་ནི་ཀརྐ་ཊའི་འཕོ་བ་བརྟེན་པའི་རྩ་ལྔའོ། །མི་བཟད་སྒྲ་སྒྲོགས་དང་། །དྲི་ལྡན་བརྡེག་དང་བརཏལ་བ་དང་། །ཞེས་པ་ནི་སེང་གེའི་འཕོ་བ་བརྟེན་པའི་རྩ་ལྔའོ། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བ་མཐོ་དང་རྒྱ་ལྟར་སྔོ། །ཞེས་པ་ནི་བུ་མོའི་འཕོ་བ་བརྟེན་པའི་རྩ་ལྔའོ། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་དང་ནི། ཞེས་པ་སྲང་གི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ངོ་། །རྙིང་པ་དང་། །ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིགས། །ཚིགས་ཀྱི་ཚད་དང་བརཏལ་བ་དང་། །ཞེས་པ་ནི་སྡིག་པའི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ངོ་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད། ཞེས་པ་གཞུའི་འཕོ་བ་བརྟེན་བའི་རྩ་ལྔའོ། །དུལ་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བའི་སྙེམས་མ་དང་། །ཆུན་ཆང་ལྟོ་དང་། །ཞེས་པ་ཆུ་སྲིན་གྱི་འཕོ་བ་བརྟེན་པའི་རྩ་ལྔའོ། །ཆགས་པ་ཆགས། །ཆུན་ཕྱང་ཆུན་ཕྱང་ཕྱེད་སྦྱང་བུ། །ཕྲུ་གུ་ཕྲུ་གུ་སྟེར། ཞེས་པ་བུམ་པའི་འཕོ་བ་བརྟེན་པའི་རྩ་ལྔའོ། །འགྲོ་བ། །ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །ཞེས་པ་ཉའི་འཕོ་བ་བརྟེན་པའི་རྩ་ལྔའི་མིང་ཡིན་ནོ། །ཡང་ན་སྦྱར་ཚུལ་གཉིས་པ་ལྟར་བྱ་སྟེ། སྟོབས་ཆེན་ནས་རྒྱ་ལྟར་སྔོ་བའི་བར་སུམ་བཅུ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་དྲུག་དང་། ཡུད་ཙམ་ནས་རབ་གསལ་གྱི་བར་སུམ་བཅུ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་ཏུ་འགྱུར་རོ། །དེ་ལྟར་སྦྱར་ཚུལ་གཉིས་ལས་སྔ་མ་ཉིད་ལེགས་པར་སེམས་ཏེ། ཕྱི་རོལ་ཏུ་དུས་སྦྱོར་བཅུ་གཉིས་རིམ་པ་མ་འཆོལ་བར་འཆར་བ་བཞིན་དུ་ནང་གི་དུས་སྦྱོར་ཡང་དེ་བཞིན་དུ་འཆར་བའི་ཕྱིར་རོ། །དེ་ལྟར་ན་ཡང་དག་ཤུགས་ལ་སོགས་པའི་མིང་ཅན་ལྟེ་བའི་རྩ་འདབ་དྲུག་བཅུ་རྩ་བཞིའོ། །གསུམ་པ་སྙིང་ག་ཆོས་ཀྱི་འཁོར་ལོ་བཤད་བ་ནི། སྙིང་གའི་འཁོར་ལོའི་རྩ་བརྒྱད་མིང་། །ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་གའི་རྩ་འདབ་ལ་ཆོས་ཀྱི་འཁོར་ལོར་བསྙད་པའི་རྒྱུ་མཚན་ནི་སྐྱེ་མཆེད་ཀྱི་ཆོས་རྣམས་ལ་རྣམ་པར་ཤེས་པ་མཆེད་ཅིང་རྒྱས་པར་བྱེད་པའི་རྩའི་འཁོར་ལོ་ཡིན་པ་དང་། དེར་གནད་བཅིངས་ན་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་དང་དབྱིབས་ཀྱང་འཁོར་ལོ་ལྟ་བུར་ཡོད་པས་དེ་སྐད་ཅེས་བྱའོ། །དེ་ཡང་དུས་ཀྱི་འཁོར་ལོ་ནས་གསུངས་པའི་རྩ་སྣར་མ་ལ་སོགས་པ་བརྒྱད་པོ་རྣམས་ཀྱི་མིང་བཤད་རྒྱུད་རྡོ་རྗེ་ཕྲེང་བར་རིན་ཆེན་ཅོད་པན་ལ་སོགས་པར་བཏགས་པ་ཡིན་ལ་དེའི་དོན་ཡང་རིན་ཆེན་ཅོད་པན་ཞེས་པ་རིན་པོ་ཆེའི་རིགས་དང་། པདྨ་ཆེ་ཞེས་པ་པདྨའི་རིགས་དང་། རྡོ་རྗེ་ཆེན་པོ་ཞེས་པ་རྡོ་རྗེའི་རིགས་དང་། སྟོབས་པོ་ཆེ་ཞེས་པ་ལས་ཀྱི་རིགས་ཏེ་རིགས་བཞིའི་རྩ་བ་ཡིན་པ་དང་། དེ་དག་གིས་དབང་བྱེད་པའི་དོན་གྱིས་ཐབས་དང་ཤེས་རབ་ཀྱི་ཆར་གྱུར་པའོ། །དེའི་སྟེང་དུ་མགོན་པོ་ཆེ་ནི་གཟུགས་འཛིན་པའི་དོན་དང་། སྒྲ་ཆེ་བ་ནི་སྒྲ་འཛིན་པའི་དོན་དང་། ཉེར་དགའ་ཆེན་པོ་ནི་དྲི་འཛིན་པའི་དོན་དང་། མྱོས་པ་ཆེ་ནི་རོ་འཛིན་པའི་དོན་ཅན་ཏེ་བརྒྱད་པོ་འདི་དག་ནི་རྩ་བ་དང་ཡན་ལག་གི་རླུང་རྟེན་ཡིན་ཞིང་སྟེང་འོག་གི་རྩ་གཉིས་ནི་འདབ་མ་བརྒྱད་པོའི་ལྟེ་བ་ཡིན་པས་འདབ་མར་མ་བགྲངས་པ་ཡིན་ནོ། །སྙིང་གའི་རྩ་འདི་རྣམས་ཀྱི་འཁོར་ལོ་དང་པོར་གྲུབ་སྟེ་དེ་ནས་རླུང་རྒྱུ་བའི་རྩས་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེ་ཉིད་ཀྱི་དབང་དུ་མཛད་ནས། རིན་ཆེན་ཅོད་པན་པདྨ་ཆེ། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །མགོན་པོ་ཆེ་དང་སྒྲ་ཆེ་དང་། །ཉེར་དགའ་ཆེན་པོ་མྱོས་པ་ཆེ། །འདི་རྣམས་འཁོར་ལོས་ལུས་ཀུན་ཁྱབ། །ཅེས་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །བཞི་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བཤད་པ་ནི། མགྲིན་པར་རྩ་འདབ་བཅུ་དྲུག་ན། །ཞེས་བྱ་བ་ལ་སོགས་པ་སྟེ། མགྲིན་པའི་རྩ་འདབ་ལ་ལོངས་སྤྱོད་ཀྱི་འཁོར་ལོར་འདོགས་པའི་རྒྱུ་མཚན་ནི་དེར་རོ་དྲུག་མྱོང་བའི་སྒོ་ནས་ལོངས་སྤྱོད་པ་དང་། དེར་གནད་བཅིངས་ན་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པས་དེ་སྐད་ཅེས་བྱའོ། །འདབ་མ་བཅུ་དྲུག་གི་མིང་རྣམས་ནི་བྱེད་ལས་ཀྱི་སྒོ་ནས་སྤྱི་མིང་བྱེ་བྲག་ལ་བཏགས་པ་སྟེ། ལོངས་སྤྱོད་ལོངས་སྤྱོད་སྟེར་དང་གསང་། །ཉི་འགྲོ་གསལ་དང་བསྐལ་པ་དང་། །བསྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་ཟ་དང་བཀྲེས་པ་དང་། བཅུད་ལེན་རོས་ནི་བཀུར་བ་དང་། །རོ་འཇིག་པ་དེང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །ཞེས་རྡོ་རྗེ་ཕྲེང་བར་གསུངས་སོ། །དུས་ཀྱི་འཁོར་ལོ་ནས་མགྲིན་པར་འདབ་མ་སུམ་བཅུ་རྩ་གཉིས་གསུངས་པ་ནི་རླུང་དང་ཐིག་ལེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་གྲངས་དང་མཚུངས་པར་རྒྱུ་བ་དང་། སྟོང་པའི་རྩ་བཞི་ནི་དབུ་མའི་ཆ་སྟེ་དབྱུ་གུ་ལ་བཞིར་གསུངས་པ་ཡིན་ནོ། །ལྔ་པ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བཤད་པ་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སྤྱི་བོའི་རྩ་འདབ་ལ་བདེ་ཆེན་འཁོར་ལོ་ཞེས་འདོགས་པའི་རྒྱུ་མཚན་ནི་རྟེན་ལ་བརྟེན་པའི་མིང་གིས་བཏགས་པ་སྟེ། བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་ཆ་ལྷག་པར་གནས་པ་དང་། དེར་གནད་བཅིངས་ན་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའི་རྩའི་འཁོར་ལོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །འདབ་མ་སོ་གཉིས་པོ་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ཧཾ་གི་རང་བཞིན་ཅན་དེའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ཏེ། རིས་རིགས་དང་ནི་འདོད་པ་ཅན། འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཅན་མི་སྨྲ་ཀུ་ཤ་དང་། །ཤི་བ་སྤོང་དང་དག་པ་དང་། མེ་དང་མེ་རོ་ནེ་ཙོ་དང་། །ཞེས་པ་བཅོ་ལྔ་ནི་ཟླ་བའི་དཀར་ཆ་བཅོ་ལྔ་འཕེལ་བའི་རང་བཞིན་ཅན་ཡིན་ལ། གང་བ་ནི་དབུ་མའི་ཆའོ། །ཉི་དང་རོ་ལྡན་དང་། །ཀོས་རིང་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་སྣ་དང་། དུང་གི་མིག་དང་དུང་གི་སྣ། །རྒྱགས་དང་དབང་རྒྱགས་བརྐམ་པ་དང་། །རྒྱགས་པས་རྒྱལ་དང་ངོ་མཚར་རྒྱགས། སྙོམ་པ་དང་ནི། ཞེས་པ་བཅོ་ལྔ་ནི་ཟླ་བའི་ནག་པོའི་ཆ་བཅོ་ལྔ་འཕེལ་བའི་རང་བཞིན་ཅན་ཡིན་ཅིང་། ཚིག་ཀྱི་རྟེན། །ཞེས་པ་བཅུ་དྲུག་པ་དབུ་མའི་ཆ་ཡིན་པས། སུམ་བཅུ་རྩ་གཉིས་སོ་ཞེས་ནི་རྡོ་རྗེ་ཕྲེང་བ་ལས་བཤད་དོ། །དུས་ཀྱི་འཁོར་ལོ་ལས། སྤྱི་བོར་ཟླ་བའི་རྐང་པ་བཅུ་བཞིའི་རང་བཞིན་གྱི་རྩ་བཅུ་བཞི་དང་། མཚམས་ཀྱི་རྩ་གཉིས་དང་བཅས་པས་བཅུ་དྲུག་ཏུ་གསུངས་སོ། །འོ་ན་དུས་ཀྱི་འཁོར་ལོ་ལས་སྤྱི་བོ་དང་མགྲིན་པ་གཉིས་གོ་བཟློག་སྟེ་སྤྱི་བོར་བཅུ་དྲུག་དང་མགྲིན་པར་སོ་གཉིས་སུ་བཤད་པ་རྒྱུད་གཞན་དང་འགལ་ལོ་ཞེ་ན་མི་འགལ་ཏེ། གནད་འཆིང་བ་ལ་སོགས་པའི་དབང་གིས་འཁོར་ལོའི་ཕྱི་རིམ་དང་ནང་རིམ་བགྲངས་པ་དང་མ་བགྲངས་པའི་ཁྱད་པར་ཙམ་ཡིན་ནོ། །དེ་ལྟར་ན་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་ཀྱི་རྩ་འཁོར་ལོ་རྩའི་འདབ་མ་བརྒྱ་ཉི་ཤུ་ལས་འཁོར་ལོ་བཞི་ནི་འཁོར་ལོ་ཐམས་ཅད་ཀྱི་གཙོ་བོ་དང་འདབ་མ་བརྒྱ་ཉི་ཤུ་ནི་རྩ་ཐམས་ཅད་ཀྱི་གཙོ་བོ་ཞེས་པ་ནི་བཤད་པ་ཡིན་ནོ། །དྲུག་པ་འཁོར་ལོ་དྲུག་བཤད་པ་ལ། རྡོ་རྗེ་ཕྲེང་བ་ལས་གསུངས་པའི་ཚུལ། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པའོ། །དང་པོ་ནི། གཙུག་ཏོར་རླུང་དང་མགྲིན་པ་མེ། །གནས་པའི་རྩ་ནི་དགུ་ཡོད་ཏེ། སྨིན་མའི་དབུས་ན་རླུང་འཁོར་ལོ། །བྱེ་བ་འཁྱིལ་པ་མི་ཟད་པ། །མིང་བཟང་བརྟན་དང་མཚན་ཉིད་ཅན། །འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་མེད་དང་ལྡན་པའོ། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་གཙུག་ཏོར་བསྐྱེད་པར་བྱེད་པའི་རང་བཞིན་ཅན་སྨིན་མཚམས་དང་གཙུག་ཏོར་གྱི་སྒྲས་གསུངས་པའི་སྨིན་མའི་དབུས་ན་རླུང་ཁམས་ཀྱི་རྩའི་འཁོར་ལོ་དྲུག་དང་། །གཙུག་ཏོར་གྱི་མགྲིན་པར་མེའི་རང་བཞིན་གྱི་རྩ་གསུམ་ཏེ། གཙུག་ཏོར་ན་གནས་པའི་རྩ་དགུ་ཡོད་དོ་ཞེས་གསུངས་ལ། རླུང་གི་རྩ་དྲུག་པོའི་མིང་ནི་བྱེ་བ་དང་འཁྱིལ་པ་དང་མི་ཟད་པ་དང་མིང་བཟང་དང་བརྟན་པ་དང་མཚན་ཉིད་ཅན་ཞེས་བྱའོ། །མགྲིན་པའི་རྩ་གསུམ་གྱི་མིང་ནི་འཛིན་པ་དང་རྟོག་མེད་དང་གང་བ་སྟེ་རྩ་གསུམ་པོ་དེ་ནི་མེའི་ཁམས་དང་ལྡན་པའོ། །གཉིས་པ་རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་ནི། དུས་ཀྱི་འཁོར་ལོར་གང་གསུངས་པ། །འདི་བདུན་གསང་བའི་གནས་སུ་སྟེ། །སྤྱི་བོ་དང་མཚུངས་གསང་འཁོར་ལོ། །སུམ་བཅུ་རྩ་གཉིས་འདབ་མ་ཡིན། །དེ་དག་དབུས་ན་གནས་པ་ནི། །སྟོང་པ་དྲུག་གི་རྩ་ཡིན་ནོ། །འདི་རྣམས་གསུང་གི་སྒོ་ཞེས་བྱ། །ཞེས་གསུངས་ཏེ། དུས་ཀྱི་འཁོར་ལོ་ལས་གསུངས་པ་གང་ཡིན་པ་དེ་ནི་གོང་གི་དགུ་པོ་དེ་ལས་རྡོ་རྗེ་ནོར་བུར་རྩའི་འདབ་མ་བཞི་དང་། རྩ་གསུམ་འདུས་མདོའི་མར་སྣར་བཤང་གཅི་ཁུ་བ་གསུམ་འབབ་པའི་རྩ་གསུམ་སྟེ། རྩ་འདི་བདུན་པོ་གསང་བའི་གནས་སུ་ཡོད་པར་གསུངས་ལ། དེའི་ཕྱི་བསྐོར་དུ་སྔར་བཤད་པའི་སྤྱི་བོའི་འཁོར་ལོ་དང་མཚུངས་པར་གསང་གནས་ཀྱི་འཁོར་ལོ་ཡོང་སུམ་བཅུ་རྩ་གཉིས་ཀྱི་འདབ་མ་དང་ལྡན་པ་ཡིན་ནོ། །གསང་གནས་ཡན་ཆད་ཀྱི་དབུ་མ་ལ་སྒྲ་གཅན་དང་དུས་མེའི་རྩ་གཉིས་སུ་ཕྱེ་བ་གོང་གི་བདུན་པོའི་སྟེང་དུ་བསྣན་པས་དགུའོ། །དེ་ལྟར་རྩ་དགུ་པོ་རྡོ་རྗེ་ཕྲེང་བ་ལས་སྟོད་དུ་ཡོད་པར་བཤད་པ་དང་། དུས་ཀྱི་འཁོར་ལོ་ལས་སྨད་དུ་ཡོད་པར་བཤད་པ་གཉིས་མི་འགལ་ཏེ། །ལུས་དང་བསམ་པའི་དབང་གིས་སོ། །ལུས་དང་བསམ་པ་ཇི་ལྟ་བུ་ཞེ་ན་བཤད་པར་བྱ་སྟེ། གཙུག་ཏོར་ནམ་མཁའི་ཁམས་ཐབས་དང་། གསང་གནས་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཏུ་བྱེད་པ་དེའི་ཚེ་ནམ་མཁའི་ཁམས་ཀྱི་ལུས་ཐབས་ཡིན་པས་ནམ་མཁའི་ཁམས་སུ་འཇོག་པ་ཡིན་ལ། བསམ་པ་ནི་ཡེ་ཤེས་ཀྱི་ཁམས་ལ་འཇུག་པས་ཡེ་ཤེས་ཀྱི་ཁམས་ཡིན་ནོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ལའང་ལུས་དང་བསམ་པ་གཉིས་ལས་ལུས་ཤེས་རབ་ཡིན་པས་ཡེ་ཤེས་ཀྱི་ཁམས་དང་བསམ་པ་ཐབས་ཡིན་པས་ནམ་མཁའི་ཁམས་ཡིན་ནོ། །དེ་ལྟར་ན་གཙུག་ཏོར་གྱི་རྩ་རྣམས་ཀྱི་བསམ་པ་གསང་བའི་གནས་ན་ཡོད་པས་དེའི་དབང་དུ་མཛད་ནས་རྡོ་རྗེ་ཕྲེང་བ་ལས་རྩ་བདུན་པོའི་ལུས་གཙུག་ཏོར་ན་ཡོད་པ་ལ་དགོངས་ནས་གསུངས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལས། རྩ་བདུན་པོའི་བསམ་པ་གསང་བའི་གནས་སུ་ཡོད་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ནོ། །ཡང་ན་སེམས་འགྲེལ་སྐོར་གསུམ་དུ་རྒྱུད་ཐམས་ཅད་དགོངས་པ་གཅིག་ཏུ་བཤད་པ་ལྟར་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་པོ་དེ་དག་གི་དབུས་ན་གནས་པའི་རྩ་ནི་དྲུག་སྟེ་སྨིན་མའི་དབུས་ན་བྱེ་བ་སྤྱི་བོར་འཁྱིལ་པ་མགྲིན་པར་མི་ཟད་པ་སྙིང་གར་མིང་བཟང་ལྟེ་བར་བརྟན་པ་གསང་བར་མཚན་ཉིད་ཅན་རྣམས་སུ་འགྱུར་ཏེ། དུས་ཀྱི་འཁོར་ལོར་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་དེ་ཡིན་ནོ། །དེ་ལྟར་དྲུག་ལས་རྩ་བའི་འཁོར་ལོ་བཞི་པོ་འདི་རྣམས་སྲོག་འབྱུང་འཇུག་བྱེད་པའི་སྒོ་ཡིན་པས་ན་གཞན་དཀྱིལ་འཁོར་ལ་གསུང་གི་དཀྱིལ་འཁོར་གྱི་སྒོ་བཞི་དག་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་རྒྱས་པར་དྲི་མ་མེད་པའི་འོད་ལས་གསུངས་པ་དང་སྦྱར་བར་བྱ་སྟེ། ལུས་ངག་ཡིད་གསུམ་གྱི་ཐིག་ལེ་འཛིན་པའི་དབང་གིས་ལྟེ་བ་དང་གསང་གནས་དང་རྡོ་རྗེ་ནོར་བུ་གསུམ་དུ་རིགས་གསུམ་གྱི་རྩ་གསུམ་དང་། རིགས་དྲུག་གི་སྟེང་དུ་རོ་རྐྱང་དབུ་མ་དང་འོག་ཏུ་བཤང་གཅི་ཁུ་བ་འབབ་པའི་རྩ་གསུམ་སྟེ་དྲུག །དེ་བཞིན་དུ་རིགས་སུམ་བཅུ་རྩ་དྲུག་གི་རྩ་ནི་འཁོར་ལོ་དྲུག་ལ་སྒྲ་འཛིན་པ་གཉིས་རེག་བྱ་འཛིན་པ་གཉིས་རོ་འཛིན་པ་གཉིས་གཟུགས་འཛིན་པ་གཉིས་དྲི་འཛིན་པ་གཉིས་ཏེ་བཅུ། དེའི་སྟེང་དུ་ལྟེ་བའི་དུས་སྦྱོར་གྱི་རྩ་བཅུ་གཉིས་དང་སྙིང་གའི་ཐུན་བརྒྱད་ཀྱི་རྩ་བརྒྱད་ཏེ་ཉི་ཤུ་བསྣན་པས་སུམ་བཅུ། །དེའི་སྟེང་དུ་གསང་གནས་ཀྱི་འཁོར་ལོའི་ལྟེ་བ་ན་འཁོར་ལོ་དྲུག་གི་ནུས་པ་འཛིན་པའི་རྩ་དྲུག་སྟེ་སུམ་བཅུ་རྩ་དྲུག་ཡིན་ལ། དེ་ཡང་ཕུང་པོ་གཟུགས་ཅན་མ་དྲུག །དེ་བཞིན་དུ་ཁམས་ཀྱི། དབང་པོའི། ཡུལ་གྱི། ལས་ཀྱི་དབང་པོའི་ལས་ཀྱི་དབང་པོའི་བྱ་བའི་གཟུགས་ཅན་མ་དྲུག་སྟེ་སུམ་བཅུ་རྩ་དྲུག་དང་། ཕུང་པོའི་དབང་དུ་བྱས་ན་གཟུགས་ལ་འཇུག་པ་དྲུག །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཕུང་པོ་ལ་འཇུག་པ་དྲུག་དྲུག་སྟེ་རིགས་སུམ་བཅུ་རྩ་དྲུག་གོ་དེ་ལྟར་ཐབས་ཤེས་གཉིས་སུ་ཕྱེ་བ་ལས་རིགས་བདུན་བཅུ་རྩ་གཉིས་དང་དེ་རྣམས་ཀྱང་སྟོང་སྟོང་གིས་ཕྱེ་བ་ལས་རིགས་སྟོང་ཕྲག་བདུན་བཅུ་རྩ་གཉིས་སོ། །དེ་ལྟར་དུས་ཀྱི་འཁོར་ལོ་ལས་གསུངས་པའི་འཁོར་ལོའི་གྲངས་ནི་གཙུག་ཏོར་དུ་ཐུན་ཆེན་པོ་བཞིའི་རང་བཞིན་རྩ་འདབ་བཞི། སྤྱི་བོར་ཚེས་བཅུ་དྲུག་གི་རང་བཞིན་རྩ་འདབ་བཅུ་དྲུག །མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུ་བཞིའི་རང་བཞིན་རྩ་འདབ་སོ་གཉིས། སྙིང་གར་གཟའ་བརྒྱད་ཀྱི་རང་བཞིན་སྣར་མ་ལ་སོགས་པའི་རྩ་འདབ་བརྒྱད། ལྟེ་བར་དབྱུག་གུ་དྲུག་བཅུ་རྩ་བཞིའི་རང་བཞིན་རྩ་འདབ་དྲུག་བཅུ་རྩ་བཞི། གསང་གནས་སུ་ཁུ་བ་དང་རྡུལ་གྱི་ཁམས་སོ་གཉིས་ཀྱི་རང་བཞིན་རྩ་འདབ་སུམ་བཅུ་རྩ་གཉིས་ཡོད་པར་གསུངས་སོ། །བདུན་པ་ཡན་ལག་གི་འཁོར་ལོ་བཤད་པ་ནི། ལག་པ་གཡས་པའི་ཚིགས་གསུམ་ལ། །རླུང་གི་ཁམས་ཀྱིས་བསྐྱེད་པ་ཡི། །རྩ་ནི་སུམ་བཅུ་སུམ་བཅུ་གནས། སོར་མོའི་ཚིགས་ནི་རེ་རེ་ལ།། །རྩ་ནི་དྲུག་དྲུག་དུ་འགྱུར་ཏེ། །གྲངས་ནི་གོང་དང་མཚུངས་པའོ། །དེ་བཞིན་ལག་གཡོན་མེ་ཡི་ཁམས། །རྐང་པ་གཡས་པ་ཆུ་ཁམས་ཏེ། །གཡོན་པ་ས་ཁམས་སྔ་མ་བཞིན། །དེ་ལྟར་འཁོར་ལོ་བཅུ་གཉིས་ལ། །རྩ་ནི་སུམ་བརྒྱ་དྲུག་བཅུའོ། །སོར་ཚིགས་རྩ་གྲངས་དེ་དང་མཉམ། །ཞེས་གསུངས་ཏེ། ལག་པ་གཡས་པ་སའི་ཁམས་ཀྱི་ཚིགས་གསུམ་ལ་རླུང་ཁམས་ཀྱིས་བསྐྱེད་པའི་རྩ་འདབ་སུམ་བཅུ་སུམ་བཅུ་སྟེ་དགུ་བཅུ་གནས་ཤིང་། དེ་དང་འབྲེལ་བའི་ཉིང་ལག་གི་སོར་མོའི་ཚིགས་བཅོ་ལྔ་པོ་རེ་རེ་ལ་རྩའི་འདབ་མ་དྲུག་དྲུག་ཏུ་འགྱུར་ཏེ་དྲིལ་བས་གྲངས་ནི་གོང་གི་ཚིགས་ཆེན་གསུམ་གྱི་འཁོར་ལོ་དང་མཚུངས་ཏེ་དགུ་བཅུའོ། །དེ་བཞིན་དུ་ལག་པ་གཡོན་པ་ཆུའི་ཁམས་ཀྱི་ཚིགས་ཆེན་གསུམ་ལ་མེའི་ཁམས་ཀྱིས་བསྐྱེད་པའི་འཁོར་ལོ། །རྐང་པ་གཡས་མེ་ཁམས་ཀྱི་ཚིགས་ཆེན་གསུམ་ལ་ཆུ་ཁམས་ཀྱིས་བསྐྱེད་པའི་འཁོར་ལོ། །གཡོན་པ་རླུང་ཁམས་ཀྱི་ཚིགས་ཆེན་གསུམ་ལ་ས་ཁམས་ཀྱིས་བསྐྱེད་པའི་འདབ་མ་སུམ་བཅུ་སུམ་བཅུ་སྟེ་སྔ་མ་བཞིན་དུ་དགུ་བཅུའོ། །དེ་ལྟར་ཡན་ལག་གི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་ཀྱི་གྲངས་ནི་སུམ་བརྒྱ་དྲུག་བཅུ་དང་། ཉིང་ལག་གི་སོར་ཚིགས་ཐམས་ཅད་ཀྱི་རྩ་འདབ་ཀྱི་གྲངས་ཀྱང་ཚིགས་ཆེན་བཅུ་གཉིས་དང་མཉམ་སྟེ་སུམ་བརྒྱ་དྲུག་བཅུའོ། །ལྔ་པ་ནད་བསྐྱེད་པའི་རྩ་བཤད་པ་ནི། ནད་ནི་བསྐྱེད་པར་བྱེད་པའི་རྩ། །གཙུག་ཏོར་རྩ་བཞི་དཔལ་བ་ཡི། །བཅུ་དྲུག་བད་ཀན་བསྐྱེད་པར་བྱེད། །མགྲིན་པར་རྩ་ནི་སུམ་བཅུ་གཉིས། །སྙིང་གའི་བརྒྱད་རྣམས་མཁྲིས་པ་བསྐྱེད། །ལྟེ་བའི་དྲུག་བཅུ་རྩ་བཞི་དང་། །གསང་བའི་ཕྱི་རོལ་བཅུ་དྲུག་གིས། །རླུང་གི་ཁམས་འཁྲུག་གསང་བ་ཡི། །ནང་རིམ་བཅུ་དྲུག་འདུས་པ་བསྐྱེད། དེ་ལྟར་བརྒྱ་དང་ལྔ་བཅུ་དྲུག །འདི་རྣམས་འཁོར་ལོའི་ཕྱི་རིམ་སྟེ། །གཞན་དག་འཁོར་ལོ་ཉིད་དུ་འདོད། །ཅེས་གསུངས་ཏེ། དེ་ཡང་ནད་བསྐྱེད་པར་བྱེད་པའི་རྩ་ནི་གཙུག་ཏོར་གྱི་རྩ་འདབ་བཞི་དང་། དཔྲལ་བའི་རྩ་འདབ་བཅུ་དྲུག་ལ་བད་ཀན་ལྷག་པར་གནས་ཤིང་སྙིགས་མས་བད་ཀན་གྱི་ནད་བསྐྱེད་པར་བྱེད་ལ། མགྲིན་པར་གནས་པའི་རྩ་འདབ་སུམ་བཅུ་རྩ་གཉིས་དང་སྙིང་གའི་རྩ་འདབ་བརྒྱད་པོ་རྣམས་ལ་མཁྲིས་པ་ལྷག་པར་གནས་ཤིང་སྙིགས་མས་མཁྲིས་པའི་ནད་བསྐྱེད། །ལྟེ་བའི་རྩ་འདབ་དྲུག་བཅུ་རྩ་བཞི་དང་གསང་གནས་ཀྱི་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་ལ་རླུང་ལྷག་པར་གནས་ཤིང་སྙིགས་མས་རླུང་གི་ཁམས་འཁྲུག་པར་བྱེད། གསང་གནས་ཀྱི་ནང་རིམ་བཅུ་དྲུག་གིས་འདུས་པའི་ནད་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་ནད་བསྐྱེད་པར་བྱེད་པའི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་ནི་འཁོར་ལོའི་གཙོ་བོ་རྣམས་ཀྱི་ཕྱི་རོལ་ནས་ཁམས་རྒྱུ་བའི་དབང་གིས་ཡིན་ལ། གཞན་དག་ནི་འཁོར་ལོའི་དངོས་གཞི་ཉིད་ལས་ཡིན་པར་འདོད་པ་ནི་མ་ཡིན་ཏེ། འཁོར་ལོའི་དངོས་གཞི་རྣམས་ལ་དངས་མ་ལྷག་པར་གནས་པས་ནང་བསྐྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དྲུག་པ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་བཤད་པ་ནི། སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི། །རྣམ་དབྱེ་རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །དེ་ཡང་ལུས་ལ་གནས་པས་ན། །རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བར། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །དབྱེ་བས་གསུམ་ཏེ་བདུན་བཅུ་གཉིས། །རེ་རེ་འང་འཁོར་ནི་སྟོང་སྟོང་ངོ་། །ཞེས་གསུངས་ཏེ། དེ་ཡང་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྣམ་པར་དབྱེ་བ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། དེ་ལ་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཟླ་བ་ཁུ་བའི་ཁམས་འབབ་པ་རྐྱང་མའི་རིགས་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མ་ཁྲག་གི་ཁམས་འབབ་པ་རོ་མའི་རིགས་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་སྒྲ་གཅན་རླུང་གི་ཁམས་རྒྱུ་བ་དབུ་མའི་རིགས་སུ་བརྗོད་པ་ཡིན་ལ། དེ་ཡང་རོ་མ་དབུ་མ་རྐྱང་མ་གསུམ་ལས་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་འགྲོ་བའི་ཚུལ་ནི། །ལུས་ལ་གནས་པའི་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ཡིན་པས་ན། དེ་ལས་མི་ཕྱེད་མ་ནས་ཡིད་བཟང་མའི་བར་རེ་རེ་ལ་ཡང་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་བྱེད་པའི་དབྱེ་བས་གསུམ་གསུམ་སྟེ་བདུན་བཅུ་རྩ་གཉིས་སུ་འགྱུར་ལ། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་པ་བྱེད་ལས་ཀྱི་སྒོ་ནས་རྩ་དེ་དག་གི་བར་དུ་རླུང་དང་ཐིག་ལེས་ལས་བྱས་ཟིན་པ་ཐིམ་པ། བྱེད་བཞིན་པ་ལོངས་སྤྱོད་པ། བྱེད་པར་འགྱུར་བ་ནི་བདག་པོ་ཡིན་ནོ། །ངོ་བོའི་སྒོ་ནས་རླུང་རྒྱུ་བ་ཐིམ་པ། ཐིག་ལེ་འབབ་པ་ལོངས་སྤྱོད་པ། ཁྲག་འབབ་པ་བདག་པོ་ཡིན་ནོ། །དེ་དག་རེ་རེ་ཡང་ཕུང་ཁམས་ཀྱི་དབྱེ་བས་བརྒྱ་བརྒྱ་དང་། དེ་རེ་རེ་འང་རླུང་བཅུས་བསྒྱུར་བས་རྩའི་འཁོར་སྟོང་སྟོང་དུ་འགྱུར་བས་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྣམས་སུ་འགྱུར་ཏེ། རྣལ་འབྱོར་པ་ལ་ཉེ་བར་མཁོ་བོའི་དབང་དུ་བྱས་པ་ཡིན་ནོ། །བདུན་པ་དེ་བས་ཕྲ་བའི་རྩ་བཤད་པ་ནི། །དཔེར་ན་སྡོང་པོ་གཅིག་ལས་ནི། །ཡལ་ག་ལོ་འདབ་གྱེས་པ་བཞིན། །དེ་ལས་ཕྲ་བའི་རྩ་རྣམས་ནི། །བྱེ་བ་ཕྲག་ནི་ཕྱེད་དང་བཞི། །བ་སྤུ་བསྐྱེད་པར་བྱེད་པ་ཡིན། །ཞེས་གསུངས་ཏེ། དཔེར་ན་སྡོང་པོ་གཅིག་ལས་ཡལ་ག་དང་དེ་ལས་ལོ་འདབ་ཏུ་གྱེས་པ་བཞིན་དུ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་དེ་ལས་གྱེས་པ་ཕྲ་བའི་རྩ་རྣམས་ནི་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཡོད་ལ། དེས་བ་སྤུའི་ཁམས་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་མི་ཕྱེད་མ་ལ་སོགས་པའི་ཉི་ཤུ་རྩ་བཞི་པོ་རྣམས་ལས་གྱེས་པ་ཡིན་ལ། གོང་དུ་རྩ་སུམ་བཅུ་རྩ་དྲུག་དུ་བཤད་པ་ལྟར་ན་ལྷག་མ་བཅུ་གཉིས་པོ་ལས་གྱེས་པའི་རྩ་ཕྲ་མོ་ཡང་ཡོད་པར་ངེས་སོ། །དེར་མ་ཟད་དགའ་བོ་མངལ་འཇུག་ལས། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་གནས་པའི་རྟེན་རྩ་ཡང་བརྒྱད་ཁྲི་ཡོད་པར་གསུངས་པ་འདིར་བསྡུས་ཏེ་བཤད་པ་ནི། དེར་གནས་ལུས་ཀྱི་ཕྱོགས་བཞི་ལ། །རྩ་ལྔ་ཡན་ལག་བཞི་བཅུ་སྟེ། །རེ་རེ་འང་ཡལ་ག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་སོ། །དུས་ཀྱི་འཁོར་ལོ་ལས་ཀྱང་ལུས་ལ་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་དང་། དེའི་སྙིགས་མ་སྐྲ་དང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་དང་དེ་རྣམ་པར་དག་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡོད་པར་གསུངས་སོ། །བདུན་པ་རྩ་དེ་དག་གི་ཁམས་གང་ཡིན་པ་བསྟན་པ་ནི། འདི་རྣམས་ཁམས་ཀྱི་རིམ་པ། །ལྟེ་བ་ས་སྟེ་སྙིང་ག་རླུང་། །མགྲིན་པ་མེ་ལ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། །ཡེ་ཤེས་བདེ་བའི་རིགས་སུ་གསུངས། །དེ་བཞིན་བ་སྤུའི་མཐར་ཐུག་པར། ཁམས་དྲུག་གིས་ནི་རིམ་པར་བསྐྱེད། །གཡས་གཡོན་དབུ་མའི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན། །ཞེས་གསུངས་ཏེ། དེ་ཡང་རྩའི་འཁོར་ལོ་འདི་རྣམས་ཁམས་གང་གིས་བསྐྱེད་པའི་རིམ་པ་ནི་འདི་ཡིན་ཏེ། ལྟེ་བའི་འཁོར་ལོ་ནི་སའི་ཁམས་ཀྱིས་བསྐྱེད་པ་སྟེ། དེ་བཞིན་དུ་སྙིང་ག་རླུང་མགྲིན་པ་མེ་སྤྱི་བོ་ཆུ་གཙུག་ཏོར་ནམ་མཁའ་གསང་བའི་འཁོར་ལོ་ནི་ཡེ་ཤེས་བདེ་བའི་ཁམས་ཀྱིས་བསྐྱེད་པས་འཁོར་ལོ་དྲུག་པོ་ཁམས་དྲུག་པོ་གང་དང་གང་ཡིན་པ་དེ་དང་དེའི་རིགས་སུ་གསུངས་སོ། །དེ་དག་ལས་གཙུག་ཏོར་དང་གསང་གནས་གཉིས་ཁྱབ་བྱེད་དང་ལྷག་མ་རྣམས་ཁྱབ་བྱར་བྱས་པའི་ཚེ་ཁྱབ་བྱ་ཁྱབ་བྱེད་ཀྱི་རིགས་དང་། གསང་གནས་ཡེ་ཤེས་ཁམས་སའི་ཁམས་སུ་བྱེད་པ་ན་ལྟེ་བ་རླུང་དུ་འགྱུར་ལ། ཡང་ལྟེ་བ་ས་དང་གསང་གནས་རླུང་དུ་བྱས་པའི་ཐབས་ཤེས་དང་། །ཡང་གཙུག་ཏོར་ཡེ་ཤེས་ཀྱི་ཁམས་དང་སྤྱི་བོ་རླུང་དུ་བྱས་པའི་ས་རླུང་ཐབས་ཤེས་དང་། མགྲིན་པ་མེ་དང་སྙིང་ག་ཆུ་ཐབས་ཤེས་སུ་བྱས་པ་སྟེ་ཐབས་དང་ཤེས་རབ་ཀྱི་རིགས་དང་། །དེ་དག་གིས་ཐབས་རྣམས་ལ་ཕ་དང་ཤེས་རབ་རྣམས་ལ་མའི་ཐ་སྙད་དུ་བྱས་པ་ཕ་མའི་རིགས་དང་། ཁྱབ་བྱེད་གཉིས་ལ་ཤེས་རབ་དང་ཁྱབ་བྱ་བཞི་ལ་ཐབས་སུ་བྱས་པའི་རིགས་དང་། ཁྱབ་བྱ་བཞི་པོ་འཇིག་རྟེན་ཀུན་རྫོབ་ཏུ་དགྲ་གཤེད་ཡིན་པ་ཡེ་ཤེས་ཀྱི་ཕྱོགས་ལ་ཐབས་དང་ཤེས་རབ་ཏུ་འགྱུར་བས་ན་ས་རླུང་ཐབས་ཤེས། །ཆུ་མེ་ཐབས་ཤེས་ཡིན་ནོ། །འཇིག་རྟེན་ཀུན་རྫོབ་ཏུ་ཐ་མལ་པ་ཡིན་པ་དེ་ཡེ་ཤེས་ལ་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་ཏེ། རླུང་མེ་གཉིས་བསྐྱེད་བྱ་སྐྱེད་བྱེད་ས་ཆུ་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་བ་ཡིན་ལ། དེ་ལྟར་འཁོར་ལོ་དྲུག་ཁམས་དྲུག་གིས་བསྐྱེད་པ་དེ་བཞིན་དུ་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་མཐར་ཐུག་པར་ཁམས་དྲུག་གིས་རིམ་པར་བསྐྱེད་ཏེ། དེའི་རིམ་པ་ཡང་ཁམས་དྲུག་ལས་ཡེ་ཤེས་ཁྱབ་བྱེད་དུ་བྱས་ཏེ་ཁམས་ལྔར་བྱེད་པ་དང་། ནམ་མཁའ་དང་ཡེ་ཤེས་གཉིས་ཁྱབ་བྱེད་དུ་བྱས་ཏེ་ཁམས་བཞིར་བྱེད་པ་དང་། ནམ་མཁའ་དང་ཡེ་ཤེས་གཉིས་གཅིག་ཏུ་བྱས་རླུང་མེ་གཅིག་ཏུ་བྱས་ས་ཆུ་གཅིག་ཏུ་བྱས་ཏེ་གཡས་གཡོན་དབུ་མའི་དབྱེ་བ་ལས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན་ལ། ས་མེ་ཡེ་ཤེས་གསུམ་ཤེས་རབ་དང་། ཆུ་རླུང་ནམ་མཁའ་གསུམ་ཐབས་སུ་བྱས་པ་ལས་རིགས་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོ་ལས། ལྷ་དང་མི་རྣམས་ཀྱིས་ནི་གཙུག་ཏོར་སྟོང་པའི་ཁམས་སུ་བསྒྱུར་བ་གསང་བར་ཡང་ནི་ཡེ་ཤེས་ཁམས། །སྙིང་གའི་པདྨོ་རླུང་གི་ཁམས་དང་ངེས་པར་མེ་ནི་མགྲིན་པའི་འཁོར་ལོར་རབ་ཏུ་འབར་བར་འགྱུར། །ཆུ་ནི་སྨིན་མའི་དབུས་ཀྱི་པདྨའི་ནོར་ལས་རྣལ་འབྱོར་གྱི་ནི་འདབ་མའོ་ལྟེ་བའི་འཁོར་ལོ་སར་འགྱུར་རོ། །རྐང་པ་ལག་པའི་ཚིགས་མཚམས་དྲུག་དང་ས་དང་ཆུ་དང་བྱིན་ཟ་དང་ནི་རླུང་རྣམས་གྲངས་གསུམ་གྱིས། །རྐང་པ་ལག་པ་རྣམས་སུ་ས་ལ་སོགས་པ་ཁམས་ལྔ་རྣམས་ནི་ཡོན་ཏན་གསུམ་གྱི་དབང་གིས་འགྱུར། སོར་མོ་རྣམས་ཀྱི་རྒན་པོ་ལ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ནི་ཚོགས་ཀྱི་གཟུགས་རྣམས་མ་ལུས་པ། དེ་དག་སེན་མོའི་མཐར་ཐུག་པར་ཏེ་སླར་ཡང་སོ་ནི་དེ་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བ་ཉིད། །གཞན་ཡང་གང་ཞིག་མཆོག་གི་ལུས་ལ་བ་སྤུའི་མཐར་ཐུག་པ་སྟེ་དེ་དང་དེ་ནི་དེ་ལྟར་ཁམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་བའི་དབང་པོའི་ཞལ་སྔ་ནས་སྐབས་འདིར་ནཱ་རོ་ཆེན་པོའི་ཆོས་དྲུག་གི་གཏུམ་མོའི་ཁྲིད་ཀྱི་རིམ་པ་འམ་རྣལ་འབྱོར་ཡན་ལག་དྲུག་གི་སོར་སྡུད་དང་བསམ་གཏན་གྱི་རིམ་པ་སྟོན་པ་སྐབས་སུ་བབ་པ་ཡིན་གསུངས་ནས་གཏུམ་མོའི་ཉམས་ཁྲིད་ཞིབ་ལ་རྒྱས་པ་ཅིག་དང་། སོར་བསམ་གྱི་ཉམས་ལེན་གྱི་རིམ་པ་བསྙེན་བསྒྲུབ་རྡོ་རྗེའི་ཚིག་རྐང་དང་སྦྱར་བ་ཟབ་ཆོས་དང་བཅས་པ་ཅིག་གནང་བྱུང་བའི་ཟིན་བྲིས་ཟུར་ན་ཡོད། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྩ་ཡི་མཚན་ཉིད་ཤེས། །ལུས་ཀྱི་གནས་ལུགས་རྟོགས་པར་འགྱུར། །ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པ་དེ་ལྟར་རྩ་དབུ་མ་ཆགས་པ་ནས་ཉེ་བར་བཟུང་སྟེ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། དེ་བས་ཕྲ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཕྲ་བའི་ལུས་རྩའི་མཚན་ཉིད་དམ་གནས་ལུགས་ཤེས་པ་ན། རགས་པའི་ལུས་འདི་ལ་རིལ་པོར་འཛིན་པ་དང་གཅིག་པུར་འཛིན་པ་དང་། བདག་ཏུ་འཛིན་པ་ལ་སོགས་པའི་ལོག་པར་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་ལ། དེ་ལྟར་ལོག་པ་ལས་ལུས་ཀྱི་གནས་ལུགས་ཇི་ལྟར་སྣང་བ་ལྟར་མ་གྲུབ་པ་ཆུ་ནང་གི་ཟླ་བ་ལྟར་རྟོགས་པར་འགྱུར་རོ། །གང་གི་ཚེ་རྩ་ཐམས་ཅད་ཀྱི་རྣམ་པར་སྣང་བའི་ལུས་འདི་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་འཛིན་པའི་རྣམ་པར་རྟོག་པའི་དྲ་བ་ལས་རྣམ་པར་གྲོལ་བ་དེའི་ཚེ་རྩ་ཐམས་ཅད་ཀྱི་ཁྱབ་བྱེད་དབུ་མ་ཆེན་པོ་གཞོམ་དུ་མེད་པ་སྐུ་རྡོ་རྗེའི་གནས་ལུགས་རྟོགས་པར་འགྱུར་རོ། །ཇི་སྐད་དུ་སངས་རྒྱས་རྗེས་སུ་དྲན་པ་ཏིང་ངེ་འཛིན་རྒྱ་མཚོའི་མདོ་ལས། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པ་ཁ་དོག་དྲུག་དང་ལྡན་པའི་འོད་ཀྱི་རང་བཞིན། གཏན་པ་མེད་པའི་མཆོད་སྦྱིན་དུ་མས་བསྒྲུབས་པའི་ནུས་པ་དང་ལྡན་པར་འགྲུབ་པོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ལས་ལུས་ཀྱི་རྩའི་བཀོད་པ་རྒྱས་པར་བསྟན་པའི་དུམ་བུ་གསུམ་པའི་རྣམ་པར་བཤད་པའོ། །བཞི་པ་རླུང་གི་ལེའུ་བཤད་པ་ལ། །ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། འདི་སྐད་བཤད་པའི་རྒྱུ་རྐྱེན་ལས་བྱུང་བའི་རྡོ་རྗེའི་ལུས་འདི་ལ་རྩའི་གནས་ཚུལ་གཏན་ལ་ཕེབས་པའི་རྣལ་འབྱོར་པས་རྩ་དེ་དག་གི་ནང་དུ་རྒྱུ་བའི་རླུང་གི་ངོ་བོ་དང་གནས་དང་བྱེད་ལས་དང་རྒྱུ་བའི་ཚུལ་དང་སྟོབས་དང་སྟོབས་མེད་པའི་རིམ་པ་དང་། འཇུག་པ་དང་སྐྱོན་དང་ཡོན་ཏན་རྣམས་ཤེས་དགོས་པས་རྩའི་འོག་ཏུ་རླུང་གི་ལེའུ་བསྟན་པ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། སྤྱིར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རླུང་གི་ངོ་བོ་དང་། །གནས་དང་བྱེད་ལས་རྒྱུ་བའི་ཚུལ། །སྟོབས་དང་སྟོབས་མེད་རིམ་པ་དང་། །འཇུག་ས་བཟུང་ཐབས་སྐྱོན་ཡོན་རྣམས། །རིམ་པ་བཞིན་དུ་འདིར་ཤེས་བྱ། །ཞེས་གསུངས་ཏེ། རྩའི་གནས་ཚུལ་བཤད་ཟིན་པ་དེ་ནས་སྲོག་ཆེན་པོ་ལ་སོགས་པ་རླུང་བཅུ་པོ་སོ་སོའི་ངོ་བོ་ཡི་གེ་དང་བཅས་པ་དང་། འཁོར་ལོ་བཞིའམ་དྲུག་ལ་སོགས་པར་གནས་པའི་ཚུལ་དང་། སྲོག་རླུང་གིས་བདག་འཛིན་གྱི་རྟེན་བྱེད་པ་ལ་སོགས་པ་རླུང་བཅུ་པོ་སོ་སོའི་བྱེད་ལས་དང་། ཕྱི་དང་ནང་དུ་ཇི་ལྟར་རྒྱུ་བའི་ཚུལ་དང་། གཡས་གཡོན་དུ་སྟོབས་དང་ལྡན་པ་དང་སྟོབས་མེད་པའི་རིམ་པ་དང་། ལུས་ཀྱི་སྟེང་འོག་ལ་སོགས་པ་འཇུག་པའི་སྒོ་དང་། བུམ་ཅན་ལ་སོགས་པ་བཟུང་བའི་ཐབས་དང་། མ་བཟུང་བའི་སྐྱོན་དང་བཟུང་བའི་ཕན་ཡོན་རྣམས་ཏེ། དེ་དག་ཏུ་རླུང་གི་ཉམས་ལེན་ཇི་སྙེད་པ་འདུས་པས་རིམ་པ་བཞིན་དུ་འདིར་ཤེས་དགོས་པས་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ་གནས་བྱེད་ལས་དང་བཅས་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ། འཇུག་སྒོ་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པའོ། །དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་རླུང་ནི་ངག་དང་དུས་སྦྱོར་ཏེ། །ཡི་གེ་ཐམས་ཅད་འདི་ལས་སྐྱེས། །ཞེས་གསུངས་ཏེ། དེ་ལ་སྲོག་ཆེན་པོའི་རླུང་གི་ངོ་བོ་ནི་སེམས་ཅན་རྣམས་ཀྱི་ལུས་དང་རྣམ་པར་ཤེས་པ་དང་དྲོད་ཀྱི་རྟེན་བྱེད་པའི་ཚེ་ཞེས་གྲགས་པ་དེ་ཡིན་ལ། དེ་ལུས་ཅན་རྣམས་ཀྱི་ངག་ཐམས་ཅད་དང་དབུགས་དང་ཆུ་སྲང་དང་ཆུ་ཚོད་དང་དུས་སྦྱོར་དང་ཞག་དང་ཟླ་བ་དང་ལོ་དང་བསྐལ་པའི་བར་དང་དབྱངས་གསལ་གྱི་ཡི་གེ་ཐམས་ཅད་ཀྱང་སྲོག་ཆེན་པོའི་རླུང་འདི་ལས་སྐྱེས་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་བྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་སོ། །ཤོང་འགྱུར་དུ། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་འབྱུང་ལ། དེ་ནི་གཞུང་འདི་ཉིད་དུ། སྲོག་རླུང་ཨ་ཡི་རྣམ་པ་ཅན། །ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །མཁས་པ་ཆེན་པོས་གཞུང་འདིའི་འབྲུ་གཉེར་བ་ན། རྩ་བ་དང་ཡན་ལག་གི་རླུང་དེ་དག་གི་ངོ་བོ་ནི་ངག་ཏུ་བརྗོད་པ་དང་དབྱུག་གུ་དང་འཕོ་བ་ལ་སོགས་པའི་དུས་སྦྱོར་དང་ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཡི་གེ་ཐམས་ཅད་ཀྱང་དེ་ལས་སྐྱེས་པའི་དག་དང་དུས་སྦྱོར་དང་ཡི་གེ་ཐམས་ཅད་ཀྱང་རླུང་གི་རང་བཞིན་ལས་མ་འདས་ཤིང་ཞེས་གསུངས་སོ། །དེ་ནི་མ་ཡིན་ཏེ། རང་འགྲེལ་ལས་ལུས་ཅན་རྣམས་ཀྱི་ངག་ཏུ་བརྗོད་པ་དང་དབུགས་དང་ཡུད་ཙམ་ལ་སོགས་པའི་དུས་སྦྱོར་དང་། སྲོག་ཆེན་པོའི་ཡི་གེ་ལ་བརྟེན་ནས་སྒྲར་བརྗོད་པ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་སྟེ་ཞེས་སྲོག་རླུང་ཨའི་རྣམ་པ་ཅན་ལས་བརྗོད་བྱེད་ཀྱི་སྒྲ་ཐམས་ཅད་འབྱུང་བར་གསུངས་ཀྱི། རྩ་བ་དང་ཡན་ལག་གི་རླུང་ཐམས་ཅད་ལས་ངག་དང་དུས་སྦྱོར་ལ་སོགས་པ་འབྱུང་བར་མ་གསུངས་པའི་ཕྱིར་རོ། །རླུང་བཅུ་པོ་སོ་སོའི་བྱེད་ལས་འཆད་པ་ན། གྱེན་རྒྱུ་མེ་མཚམས་རྩ་ལས་བྱུང་། མགྲིན་པའི་གནས་སུ་ལས་ཀུན་བྱེད། །ལུས་ངག་གླུ་གར་སོགས་རྣམས་ཡིན། །ཞེས་དང་། རང་འགྲེལ་དུ། གྱེན་རྒྱུ་ནི་ལུས་ཀྱི་མེ་མཚམས་ཀྱི་རྩ་ནས་མགྲིན་པའི་གནས་སུ་ངག་གི་ལས་རྣམས་བྱེད་དོ། །ཞེས་ངག་གི་ལས་ཐམས་ཅད་གྱེན་རྒྱུའི་རླུང་གིས་བྱེད་པར་བཤད་པའི་ཕྱིར་རོ། །འོ་ན་ངག་ཐམས་ཅད་ཀྱི་བྱེད་པ་པོ་སྲོག་རླུང་ཡིན་པར་བཤད་མ་ཐག་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དཔེར་ན་རྒྱལ་པོའི་བློན་པོ་ལ་སོགས་པའི་བྱེད་ལས་ཐམས་ཅད་ཀྱང་རྒྱལ་པོ་ཉིད་ལས་བྱུང་བ་བཞིན་དུ་ཐུར་སེལ་ལ་སོགས་པའི་རླུང་རྣམས་ཀྱི་བྱེད་ལས་ཐམས་ཅད་ཀྱང་སྲོག་རླུང་ཉིད་ལས་བྱུང་བ་ཡིན་ཏེ། ཐུར་སེལ་ལ་སོགས་པ་དེ་དག་ཐམས་ཅད་སྲོག་རླུང་ལས་བྱུང་བའི་ཕྱིར་ཏེ། གཞུང་ལས་ཀྱང་། དེ་ནས་ཟླ་བ་གཉིས་པ་ནས། ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །ཞེས་གསུངས་ལ། དེ་བཞིན་དུ་གྱེན་རྒྱུ་ལ་སོགས་པའི་རླུང་ལྷག་མ་རྣམས་ཀྱང་སྲོག་རླུང་ལས་འཕྲོས་པར་གསུངས་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལས་ཀྱང་། སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོ་རྩ་བ་དག་དང་མདུན་དུའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་པས། ཁ་ཅིག་དཀར་པོ་ཆིག་ཐུབ་ལས། །འབྲས་བུ་སྐུ་གསུམ་འབྱུང་ཞེས་ཟེར། །གཅིག་ལས་འབྲས་བུ་འབྱུང་མི་ནུས། །གལ་ཏེ་གཅིག་ལ་འབྲས་བུ་ཞིག །བྱུང་ཡང་ཉན་ཐོས་འགོག་པ་བཞིན། །འབྲས་བུ་དེ་ཡང་གཅིག་ཏུ་འགྱུར། །འགའ་ཞིག་ཆིག་ཐུབ་བསྒོམས་པ་ཡི། །རྗེས་ལ་བསྔོ་བ་བྱ་དགོས་ཟེར། །འོ་ན་ཆིག་ཐུབ་གཉིས་སུ་འགྱུར། །དེ་ལའང་སྐྱབས་འགྲོ་སེམས་བསྐྱེད་དང་། །ཡི་དམ་ལྷ་བསྒོམ་ལ་སོགས་པ། །དགོས་ན་ཆིག་ཐུབ་དུ་མར་འགྱུར། །དེས་ན་ཆིག་ཐུབ་འདི་འདྲའི་ལུགས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་མེད། །ཅེས་གསུངས་ལ། དེའི་རྣམ་བཤད་བྱེད་པ་ཁ་ཅིག་གིས་ཀྱང་། །ཞང་ཚལ་བ་ལ་སོགས་པ་ཁ་ཅིག །དཀར་པོ་ཆིག་ཐུབ་ཅེས་བྱ་བ་སྟོང་པ་ཉིད་ཁོ་ན་བསྒོམས་པ་ལས་འབྲས་བུ་སྐུ་གསུམ་འབྱུང་ཟེར་བ་མི་འཐད་ཏེ། གཅིག་ལས་སོགས་སོ། །དེ་ཡང་སྤྱོད་འཇུག་ལས། རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །སྣ་ཚོགས་རྐྱེན་ལས་བྱུང་བ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །ཅེས་སོ། །ཞེས་དང་། ཡང་དྭགས་པོ་ལྷ་རྗེ་ལ་སོགས་པ་འགའ་ཞིག་ཆིག་ཐུབ་བསྒོམས་པའི་རྗེས་ལ་བསྔོ་བ་བྱ་དགོས་ཟེར་བ་མི་འཐད་ཏེ་འོ་ན་ཆིག་ཐུབ་སོགས་སོ། །དེས་ན་ཆིག་ཐུབ་འདི་འདྲའི་ལུགས་སངས་རྒྱས་ཀྱིས་མ་གསུངས་པས་མི་འཐད་ཏེ། ཐབས་གཞན་དང་བཅས་ན་ཆིག་ཐུབ་མ་ཡིན་ཞིང་། ཐབས་དང་བྲལ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ་ཞེས་ཡི་གེར་བྲིས་སོ། །དེ་དག་གིས་ནི་གོང་དུ་དྲངས་མ་ཐག་པའི་མཚན་བརྗོད་ཀྱི་ལུང་ཡིད་ལ་མ་བྱུང་བའི་རྣམ་འགྱུར་ཏེ། འདི་ལྟར་རྫོགས་པའི་སངས་རྒྱས་རྣམས་ཨ་ལས་བྱུང་བ་མ་ཡིན་པར་ཐལ། ཨ་ལས་རྫོགས་པའི་སངས་རྒྱས་འབྱུང་མི་ནུས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་མཚན་བརྗོད་ཀྱི་ལུང་དང་དངོས་སུ་འགལ། ཡང་ཨ་ཡིག་བརྗོད་པ་ཀུན་གྱི་རྒྱུ་མ་ཡིན་པར་ཐལ། ཨ་ཡིག་ལས་འབྲས་བུ་བརྗོད་པ་ཀུན་འབྱུང་མི་ནུས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་མཚན་བརྗོད་དང་འགལ། ལུང་ཁྱབ་མེད་ན། ཁྱེད་ཀྱི་ལུང་ཁྱབ་རྣམས་ཀྱང་ཡོད་པ་བུད། སེམས་ཉིད་གཅིག་པུ་འཁོར་འདས་ཀུན་གྱི་ས་བོན་མ་ཡིན་པར་ཐལ། སེམས་ཉིད་གཅིག་པུ་ལས་འབྲས་བུ་འཁོར་འདས་གཉིས་འབྱུང་མི་ནུས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་མི་ནུས་ཏེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བའི། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། །ཁྱབ་པ་མེད་ན་ཁྱེད་ཀྱི་ལུང་རྣམས་ལ་ཡང་ཁྱབ་པ་ཡོད་པ་བུད། སྤྱོད་འཇུག་ལས། རྐྱེན་གཅིག་གིས་འབྲས་བུ་ཀུན་བསྐྱེད་མི་ནུས་པར་གསུངས་པ་ནི་ཁོ་བོ་ཅག་ཀྱང་འདོད་ལ། རྒྱུ་གཅིག་ལས་འབྲས་བུ་དུ་མ་འབྱུང་བ་ནི་སྤྱོད་འཇུག་ལས་གསུངས་ཏེ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་བྱས་གང་ཡིན་དེ་དག་ཀུན། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཅིག་ལས་དགོས་འདོད་ཟད་པ་མེད་པར་འབྱུང་བ་ཡང་མི་འཐད་པར་འགྱུར་རོ། །ཐུབ་པས་སྟོང་ཉིད་བསྔགས་པ་ནི། །དངོས་པོར་འཛིན་པ་བཟློག་ཕྱིར་ཡིན། །ཞེས་ཟེར་བ་ཡང་མི་འཐད་ཏེ། སྟོང་ཉིད་བསྒོམས་པས་དངོས་པོར་འཛིན་པ་བཟློག་པར་ནུས་པ་ཡིན་གྱི་སྟོང་པ་ཉིད་ལ་བསྔགས་པ་བརྗོད་པ་ཙམ་གྱིས་དངོས་པོར་འཛིན་པ་བཟློག་པར་མི་ནུས་པའི་ཕྱིར། དཔེར་ན་ཟན་ཟོས་པས་བཀྲེས་པའི་སྡུག་བསྔལ་བཟློག་པར་ནུས་པ་ཡིན་གྱི། ཟན་ལ་བསྔགས་པ་བརྗོད་པ་ཙམ་གྱིས་བཀྲེས་པའི་སྡུག་བསྔལ་སེལ་མི་ནུས་པ་བཞིན་ནོ། །གཞན་ཡང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། །ཅེས་གསུངས་པའི་གཅིག་ཚིག་དེས་བཅོམ་ལྡན་འདས་ཀྱིས་ཆོས་གཞན་བརྙེད་པ་རྣམ་པར་བཅད་པར་ཐལ། དཀར་པོ་ཆིག་ཐུབ་ཞེས་པའི་གཅིག་ཚིག་གིས་ཐབས་ཀྱི་ཆ་ཐམས་ཅད་རྣམ་པར་བཅད་པའི་ཕྱིར། རྟགས་ཁས་བླངས་འདོད་ན། བཅོམ་ལྡན་འདས་ཀྱིས་ཆོས་གཞན་གང་ཡང་མ་རྙེད་པར་ཐལ་ལོ་ལུང་འདིས་ནི་ཁྱེད་ཅག་གིས་རྒྱང་རིང་དུ་སྤངས་པའི་རྣལ་འབྱོར་བཞིའི་རིམ་པ་ཡང་གསལ་བར་བསྟན་པ་ཡིན་ཏེ། འདི་ལྟར་ཟབ་ཞི་ཞེས་པས་རྩེ་གཅིག་གི་རྣལ་འབྱོར་དང་། སྤྲོས་བྲལ་ཞེས་པས་སྤྲོས་བྲལ་གྱི་རྣལ་འབྱོར་དང་། འོད་གསལ་ཞེས་པས་རོ་གཅིག་གི་རྣལ་འབྱོར་དང་། འདུས་མ་བྱས་ཞེས་པས་བསྒོམ་མེད་ཀྱི་རྣལ་འབྱོར་རྣམས་ལེགས་པར་བསྟན་པ་ཡིན་ནོ། །གཞན་ཡང་ཆིག་ཐུབ་འདི་འདྲ་བའི་ལུགས་རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡོད་པར་ཐལ། རྒྱལ་བའི་ཡུམ་ལས། ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་དང་། ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེས་ན་དཀར་པོ་ཆིག་ཐུབ་ཅེས་པའི་དོན་ནི་འདི་ཡིན་ཏེ། སྨན་དཀར་པོ་ཆིག་ཐུབ་ཅེས་པ་ལྷའི་བདུད་རྩིའི་མིང་ཡིན་ལ། དེས་ནད་རིགས་བཞི་བརྒྱ་རྩ་བཞི་ཐུབ་པ་དེ་བཞིན་དུ་ཆོས་དཀར་པོ་ཆིག་ཐུབ་ཞེས་པ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཐུབ་ཅེས་བྱ་བ་ཡིན་གྱི། བྱང་ཆུབ་ཀྱི་སྤྱོད་པ་བརླབས་པོ་ཆེ་ཐམས་ཅད་ཐུབ་ཅེས་པའི་དོན་མ་ཡིན་ནོ། །དཔེར་ན་ཤཱཀྱ་ཐུབ་པ་ཞེས་པ་བདུད་བཞི་ཐུབ་པའི་དོན་ཡིན་གྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐུབ་པའི་དོན་མ་ཡིན་པ་བཞིན་ནོ། །དེས་ན་མཉམ་མེད་རིན་པོ་ཆེ་དྭགས་པོ་ལྷ་རྗེས་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་གཙོ་བོར་མཛད་ཀྱང་ལས་འབྲས་ལ་སྤང་བླང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སེམས་ཅན་གྱི་དོན་བརླབས་པོ་ཆེ་བྱེད་པའི་ལམ་གྱི་རིམ་པ་རྣམས་ཀྱང་རིན་པོ་ཆེ་བ་ཉིད་ཀྱིས་མཛད་པ་བསྟན་བཅོས་ཐར་པ་རིན་པོ་ཆེའི་རྒྱན་དང་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ན་གསལ་སིང་ངེར་བཞུགས་པ་དེ་ཡིན་ནོ། །ཞང་འགྲོ་བའི་མགོན་པོས་ཀྱང་ཐུགས་དམ་གྱི་གཙོ་བོ་ཕྱག་རྒྱ་ཆེན་པོ་ལ་མཛད་ཀྱང་བསོད་ནམས་ཀྱི་ཚོགས་ཅུང་ཟད་ཀྱང་སྤངས་པ་མེད་ཏེ། ཞི་རྒྱས་དབང་དྲག་གི་ལས་བཞིའི་སྒོ་ནས་འགྲོ་བའི་དོན་བརླབས་པོ་ཆེ་མཛད་པའི་ཚུལ་རྣམས་ཉེ་གནས་དར་མ་གཞོན་ནུས་བསྒྲིགས་པའི་རྣམ་ཐར་ཆེན་མོ་ན་གསལ་བར་བཞུགས་ཤིང་། ཁྱད་པར་དུ་བསྟན་པའི་རྩ་ལག་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ཕུང་པོ་ཆེན་པོས་ཡོངས་སུ་གང་བའི་གཙུག་ལག་ཁང་འཇིག་རྟེན་ན་དཔེ་ཟླ་ཐམས་ཅད་དང་བྲལ་བ་བསྒྲུབ་པར་མཛད་པ་ཡང་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཅག་གིས་སྨྲས་པ་ནི་དོན་མེད་པ་སྟེ། ཕྱོགས་སྔ་མའི་འབེན་མ་མཐོང་བར་དགག་པའི་མདའ་འཕན་པར་བྱེད་པའི་ཕྱིར་དང་། ཁྱེད་ཅག་འདོད་པའི་སྟོང་པ་ཉིད་དེ་ཡང་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་ཞིབ་མོར་དཔྱད་པའི་མཐར་ཅི་ཡང་མ་རྙེད་པའི་མེད་པར་དགག་པ་ཞིག་ལ་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་དུ་འདོད་པ་ཡིན་ལ། ཚུལ་དེ་ལ་དཔལ་ས་ར་ཧས་སྨད་པར་མཛད་ཏེ། རྒྱལ་པོ་དོ་ཧ་ལས། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །གསལ་པ་སྤངས་ནས་སྲིད་པ་དག་ཏུ་ལྷུང་། །མཐོང་བཞིན་དུ་ནི་དོང་དུ་འགྲོ་བ་ལ། དེ་ལས་སྙིང་རྗེ་བ་ནི་སུ་ཞིག་ཡོད། །ཅེས་དང་། བཙུན་མོ་དོ་ཧ་ལས་ཀྱང་། དཔྱད་པས་མ་གོས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །བྱས་པ་རྣམས་དང་བྲལ་ཞིང་བསགས་པའི་ལས་མིན་ཞེས། །རང་ཉིད་ཤེས་པ་མདའ་བསྣུན་གྱིས་ནི་དེ་སྨྲས་པ། །མཁས་པ་ཐམས་ཅད་སྙིང་ལ་དུག་གིས་ཁྱབ་པར་གྱུར། །སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའ་ཞིང་། མཐའ་ཡས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། རང་བཞིན་གདོད་ནས་གནས་པ་ཀུན་གྱི་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དུག་སྦྲུལ་གཙེས་པ་ཁོ་ནར་ཟད། །བློ་ཡིས་བཞག་པའི་ཆོས་འདི་ཐམས་ཅད་རང་གིས་སྟོང་། །ཞེས་གསུངས་པས། ཁྱེད་འདོད་པའི་སྟོང་པ་ཉིད་དེ་ནི་བློས་བྱས་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ཡིན་ཏེ། གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་བདེན་མེད་དུ་བསྒྲུབ་པའི་རྟགས་ཆོས་དོན་གསུམ་པོ་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལ་ནི་རྗེས་དཔག་ལམ་དུ་བྱེད་པ་ཞེས་བྱའོ། །འོ་ན་ཁྱེད་རང་གི་ལུགས་ཅི་ལྟར་ཞེ་ན། ཁོ་བོ་ཅག་ནི་མངོན་སུམ་ལམ་དུ་བྱེད་པ་ཡིན་ཏེ། ལས་དང་པོ་པས་མི་གཡོ་གསུམ་ལྡན་གྱི་བྱེད་བཅིངས་ལ་བརྟེན་ནས་གཞུང་ལུགས་འདིར་གསུངས་པའི་རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་དབུ་མར་གཞག་པར་བྱས་པས་ཉིན་མཚན་གྱི་རྟགས་བཅུ་པོ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ལ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་ཀྱང་བྱ། ཕྱག་རྒྱ་ཆེན་མོ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། ཞེས་དང་། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་གསུངས་སོ། །དེ་ལྟ་བུའི་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་ཀྱང་བྱ། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱའོ། །བརྟན་པ་ཐོབ་པའི་རྣལ་འབྱོར་པ་ལ་ནི་སྣང་སྲིད་བརྟན་གཡོ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རོལ་པར་འཆར་ཞིང་། དེའི་ངང་ནས་བྱང་ཆུབ་ཀྱི་སྤྱོད་པ་བརླབས་པོ་ཆེས་སེམས་ཅན་ཚད་མེད་པའི་དོན་བྱེད་པར་ནུས་པ་ཡིན་ནོ། །རྣམ་པར་དཔྱད་པའི་སྟོང་ཉིད་མེད་པར་དགག་པ་ལ་མཉམ་པར་བཞག་པའི་ངང་ནས་སེམས་ཅན་གྱི་དོན་བྱེད་མི་ནུས་པ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་ཞག་བདུན་ལས་ལྷག་པ་སྟོང་པ་ཉིད་ལ་མཉམ་པར་འཇོག་པ་མ་གནང་བ་ཡིན་ནོ། །འདི་གཉིས་ཀྱི་ཁྱད་པར་ཡང་འཇམ་དཔལ་ལྟ་འདོད་ལས་གསུངས་ཏེ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་ཏུ་སྙིང་པོ་མེད། །།རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བའི་རླུང་ལྔ་བཤད་པ། ཡན་ལག་གི་རླུང་ལྔ་བཤད་པ། ཕུང་པོ་ལྔ་ཁམས་གང་ཡིན་པ་ལུང་དང་སྦྱར་བའོ། །དང་པོ་ནི། ཐོག་མར་རྣམ་ཤེས་ལ་བརྟེན་པ། །སྲོག་རླུང་ཨ་ཡི་རྣམ་པ་ཅན། །ནམ་མཁའ་ཁམས་ཀྱི་རང་བཞིན་ཡིན། །ཐུར་སེལ་ས་ཁམས་ལྀ་ཡིག་སྟེ། །གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །མེ་མཉམ་རླུང་ཁམས་ཨི་ཞེས་བརྗོད། །ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར །ཞེས་གསུངས་ཏེ། དེ་ཡང་ཐོག་མར་མངལ་དུ་ཉིང་མཚམས་སྦྱར་ནས་ཀུན་གཞིའི་རྣམ་ཤེས་དང་། དེ་ལ་བརྟེན་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་སྲོག་རླུང་ཨ་ཡི་རྣམ་པ་ཅན་ནམ་མཁའི་ཁམས་ཀྱི་རང་བཞིན་དེ་གྲུབ་པ་ཡིན་ཅིང་། དེ་ནས་ཐུར་སེལ་རང་གི་ངོ་བོ་ཆུའི་ཁམས་ཡིན་ཀྱང་འདིས་ཡེ་ཤེས་ཀྱི་རྟེན་བྱེད་པས་ན་ས་ཁམས་བ་ལྀ་ཡིག་གི་རང་བཞིན་དེ་གྲུབ། དེ་ནས་མགྲིན་པར་གནས་པའི་གྱེན་རྒྱུ་མེ་ཁམས་པ་རྀ་ཡིག་གི་རང་བཞིན་དེ་གྲུབ་པ་ཡིན་ནོ། །དེ་ནས་ལྟོ་བའི་མདུན་དུ་གནས་པའི་མེ་མཉམ་གྱི་རླུང་རླུང་ཁམས་པ་ཨི་ཡིག་གི་རང་བཞིན་དེ་གྲུབ་པོ་ཞེས་བརྗོད་ལ། དེ་ནས་ཚིགས་ཐམས་ཅད་ལ་གནས་པའི་ཁྱབ་བྱེད་ཀྱི་རླུང་ཆུ་ཁམས་པ་ཨུ་ཡིག་གི་རང་བཞིན་དུ་འགྱུར་རོ། །འདི་ནི་དུས་ཀྱི་འཁོར་ལོ་ལས་གསལ་བར་གསུངས་ཏེ། ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་པར་འགྱུར་ཏེ་སྲོག་གི་རླུང་ཡང་སྟོང་པ་དག་ལའོ། །རླུང་གི་དབུས་སུ་མཉམ་གནས་རྩེ་མོ་ཅན་ལ་སླར་ཡང་གྱེན་རྒྱུ་ཆུ་ལ་ཁྱབ་པར་བྱེད་པ་ཉིད། །ཅེས་གསུངས་ལ། དྲི་མ་མེད་པའི་འོད་ལས་ཀྱང་། ཐུར་སེལ་ཞེས་པ་ལ་སོགས་པས་ཁམས་དྲུག་ལས་ཐུར་སེལ་གྱི་རླུང་རྣམས་གསུངས་ཏེ། འདིར་ལུས་ལ་ཐུར་སེལ་གྱི་རླུང་གི་ཡེ་ཤེས་ཀྱི་ཁམས་ལས་འགྱུར་རོ། །འདིར་ཡང་ལྔ་པའི་དོན་ལ་བདུན་པའོ། །དེ་ཡང་བཤང་བ་དང་གཅི་བ་ཁུ་བ་བརྟེན་པར་བྱེད་པ་ལས་རྣམ་གསུམ་ཞེས་པར་འགྱུར་རོ། །སྲོག་གི་རླུང་ནི་སྟོང་པ་ལ་སྟེ་ནམ་མཁའི་ཁམས་ལས་སོ། །ཡང་ཡིག་གིས་དེ་ཡང་རྣམ་པ་གསུམ་སྟེ་གཡོན་དང་གཡས་དང་དབུ་མའི་རྩར་རབ་ཏུ་འབབ་པ་ལས་སོ། །རླུང་གི་དབུས་སུ་སྟེ་རླུང་གི་ཁམས་ཀྱི་རང་བཞིན་ལས་མཉམ་གནས་སུ་འགྱུར་རོ། །རྩེ་མོ་ཅན་ཏེ་མེའི་ཁམས་ལ་སླར་ཡང་གྱེན་རྒྱུ་དང་ཆུ་ལ་སྟེ་ཆུའི་ཁམས་ལ་ཁྱབ་བྱེད་དང་། ཞེས་གསུངས་སོ། །རྒྱུད་གཞན་གྱི་དགོངས་པ་ལས་གྱེན་རྒྱུ་ཆུའི་ཁམས་དང་། མེ་མཉམ་མེའི་ཁམས་དང་ཁྱབ་བྱེད་རླུང་གི་ཁམས་སུ་གསུངས་པ་ནི་བྱེད་ལས་ལ་དགོངས་པ་ཡིན་ཏེ། གྱེན་རྒྱུ་ནི་ཁ་ནང་གི་རླུང་སོའི་བར་ལ་དྲངས་པ་ན་བསིལ་བའི་བྱ་བ་བྱེད་པ་དང་། མ་མཉམ་གྱིས་ཁ་ཟས་རྣམས་ཕོ་བའི་ནང་དུ་བཞུ་པར་བྱེད་པ་དང་། ཁྱབ་བྱེད་ཀྱིས་ལུས་ཐམས་ཅད་གཡོ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་རྩ་བའི་རླུང་ལྔ་པོ་དེ་ཨ་ལ་སོགས་པའི་ཡི་གེ་ལྔར་འཇོག་པ་ཡང་དེ་དག་གི་རྩ་བར་གྱུར་པའི་སྲོག་ཆེན་པོའི་རླུང་དེ་སྟོང་ཆེན་ཡི་གེ་ལྔའི་རང་བཞིན་ཡིན་པའི་དབང་གིས་ཡིན་ནོ། །གཉིས་པ་ཡན་ལག་གི་རླུང་ལྔ་བཤད་པ་ནི། དེ་ནས་ཡན་ལག་རླུང་ལྔ་ནི། ཀླུ་ནི་སས་བསྐྱེད་ནམ་མཁའ་ཨཱ། རུས་སྦལ་རླུང་སྟེ་ཨེ་རུ་བཤད། རྩངས་པ་མེ་སྟེ་ཨཱར་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། །ཨཱལ་ནི་ས་ཁམས་ནོར་ལས་རྒྱལ། །ཐོག་མར་ཟླ་བ་རེ་རེ་ལ། རིམ་བསྐྱེད་ལས་རྣམས་ཀུན་བྱེད་ཀྱང་། །སྡུད་པ་ལོ་ནི་བཅུ་བཅུར་བཤད། །ཅེས་གསུངས་ཏེ། རྩ་བའི་རླུང་ལྔ་བཤད་ཟིན་པ་དེ་ནས་ཡན་ལག་གི་རླུང་ལྔ་བཤད་པར་བྱ་བ་ལས་ཀླུའི་རླུང་ནི་ས་ཁམས་པ་ཡེ་ཤེས་ཀྱིས་བསྐྱེད་པ་ནམ་མཁའི་རང་བཞིན་ཨཱ། རུས་སྦལ་གྱི་རླུང་ནི་རླུང་ཁམས་པ་སྟེ་ཨེ། རྩངས་པ་མེ་ཁམས་པ་སྟེ་ཨཱར། ལྷ་སྦྱིན་ཆུ་ཁམས་པ་སྟེ་ཨོ། ནོར་ལས་རྒྱལ་ས་ཁམས་པ་སྟེ་ཨཱལ་གྱི་རང་བཞིན་ཡིན་ལ། དེ་ལྟར་རྩ་བ་དང་ཡན་ལག་གི་རླུང་རྣམས་ནི་མངལ་གྱི་ཟླ་བ་གཉིས་པའི་ཐོག་མ་ནས་ཟླ་བ་རེ་རེ་ལ་རླུང་རེ་རེ་རིམ་པས་བསྐྱེད་པ་ཡིན་ནོ། །དེ་ལྟར་རྩ་བའི་རླུང་ལྔས་ཕུང་པོ་ལྔའི་རྟེན་དང་ཡན་ལག་གི་རླུང་ལྔས་དབང་པོ་ལྔའི་རྟེན་བྱེད་པ་ལ་སོགས་པ་རང་རང་གི་ལས་ཀུན་བྱེད་ཅིང་སྡུད་པའི་ཚེ་ལོ་བཅུ་བཅུ་ལ་རླུང་རེ་རེའི་ངོ་བོ་འམ་ནུས་པ་ཉམས་འགྲོ་བར་བཤད་ཏེ་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའོ། །གཞུང་ཁ་ཅིག་ཏུ་ལུས་རྣམས་ཀུན་ཁྱབ་ཀྱང་། ཞེས་འབྱུང་བ་ནི་ཡི་གེ་པས་ནོར་རམ་སྙམ་མོ། །འདི་ཡང་དུས་ཀྱི་འཁོར་ལོ་ལས་གསུངས་ཏེ། ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་རྩངས་པ་དང་ནི་ལྷ་སྦྱིན་ནོར་ལས་རྒྱལ་བ་དག་གི་རླུང་། །བཞི་པོ་རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་རིམ་པ་ཡིས་ནི་ཡང་དག་འགྱུར། །ཞེས་གསུངས་ལ། དྲི་མ་མེད་པའི་འོད་ལས་ཀྱང་། ས་ལ་ཞེས་པ་སའི་ཁམས་ལ་ཀླུའོ། །དེ་ནས་ཏེ་དེ་མ་ཐག་ཏུ་རུས་སྦལ་ལ་སོགས་པ་བཞི་པོ་རྣམས་ཏེ་རླུང་གི །ཁམས་ལས་རུས་སྦལ་དུ་འགྱུར་རོ། །མེའི་ཁམས་ལས་རྩངས་པ་དང་། ཆུའི་ཁམས་ལས་ལྷ་སྦྱིན་དང་། སའི་ཁམས་ལས་ནོར་ལས་རྒྱལ་བའོ། །ལོ་བཅུ་དྲུག་གི་མཐར་ནམ་མཁའི་ཁམས་ལས་དགའ་བའི་རླུང་ངོ་། །ཡེ་ཤེས་ཀྱི་ཁམས་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ངོ་། །ཞེས་གསུངས་སོ། །འདིར་རྩ་བ་དང་ཡན་ལག་གི་རླུང་བཅུ་པོའི་ངོ་བོ་ཉིད་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་སྔར་ཇི་ལྟར་གནས་པ་དེ་བཞིན་དུ་ཕྱིས་ཀྱང་དེ་ལྟར་གནས་པ་ཡིན་པ་ལས། གཞིའི་གནས་སུ་ནི་རླུང་བཅུའི་གནས་ཚུལ་གདོད་མ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་ནུས་མ་བཅུ་འམ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བཞུགས་ཀྱང་། བློ་འཁྲུལ་བའི་སྣང་ཚུལ་ལ་དྲི་མ་དང་བཅས་པས་འཁོར་བ་པ་རྣམས་ཀྱི་ཕུང་པོ་ལྔ་དང་དབང་པོ་ལྔའི་རྟེན་བྱེད་པའི་རླུང་བཅུའི་རྣམ་པར་སྣང་བ་ཡིན་ནོ། །འདིའི་དྲི་མ་སྦྱོང་བ་ནི་ལམ་གྱི་གནས་སྐབས་ཏེ། དེ་ཡང་སྨིན་གྲོལ་གཉིས་ལས་དྲི་མ་རགས་པ་ནི་སྨིན་བྱེད་དབང་གིས་སྦྱོང་བར་བྱེད་པའི་ཚུལ་ནི་དུམ་བུ་དང་པོར་བསྟན་ཟིན་ཏོ། །གྲོལ་བྱེད་ནི་རིམ་པ་གཉིས་ཏེ། བསྐྱེད་པའི་རིམ་པས་དྲི་མ་སྦྱོང་བའི་ཚུལ་དང་རྫོགས་པའི་རིམ་པས་དྲི་མ་སྦྱོང་བའི་ཚུལ་ལོ། །དེ་ཡང་དྲི་མ་ཅུང་ཟད་ཕྲ་བ་རྣམས་ནི་བསྐྱེད་པའི་རིམ་པས་སྦྱོང་བ་ཡིན་ཏེ། འདི་ལྟར་རང་གི་ལུས་ཀྱི་མཉམ་གནས་ཀྱི་རླུང་ནག་མོ་འབར་མ་ནག་མོ་ནག་དམར་སེར་དཀར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་ན་སྤོས་ཙན་དན་གུར་གུམ་ག་བུར་གླ་རྩི་སྦྱར་བའི་སྣོད། །གཡོན་དྲིལ་བུ་པདྨ་ལྷ་ཤིང་གི་མེ་ཏོག་མེ་ཏོག་སྣ་ཚོགས་པའི་ཕྲེང་བ་འཛིན་པར་བསྒོམས་ནས་མཉམ་གནས་ཀྱི་དྲི་མ་སྦྱོར་བའོ། །རང་གི་ལུས་ཀྱི་གྱེན་རྒྱུའི་རླུང་དམར་མོ་འབར་མ་དམར་མོ་དམར་སེར་དཀར་སྔོ་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་ན་མར་མེ་དོ་ཤལ་ཅོད་པན་གདུབ་བུ། གཡོན་གོས་སྐ་རགས་རྣ་རྒྱན་རྐང་གདུབ་འཛིན་པ་བསྒོམས་ནས་གྱེན་རྒྱུའི་དྲི་མ་སྦྱོང་བའོ། །རང་གི་ལུས་ཁྱབ་བྱེད་ཀྱི་རླུང་དཀར་མོ་འབར་མ་དཀར་མོ་དཀར་ནག་དམར་སེར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་ན་འོ་མ་མཆོག་གི་སྨན་ཆང་གི་སྣོད། །གཡོན་བདུད་རྩི་གྲུབ་པའི་རོ་བདུད་རྩིའི་འབྲས་བུ་ཟན་གྱི་སྣོད་འཛིན་པར་བསྒོམས་ནས་ཁྱབ་བྱེད་ཀྱི་དྲི་མ་སྦྱོང་བའོ། །རང་གི་ལུས་ཀྱི་ཀླུའི་རླུང་སེར་མོ་འབར་མ་སེར་མོ་སེར་དཀར་སྔོ་དམར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་མདུད་གྲིང་བུ་ནོར་བུ་ཌ་མ་རུ། གཡོན་པི་ཝང་རྔ་སྒྲ་སྒྲོག་པའི་ཁང་བཟང་དུང་འཛིན་པ་བསྒོམས་ནས་ཀླུའི་རླུང་གི་དྲི་མ་སྦྱོང་བའོ། །རང་གི་ལུས་ཀྱི་རུས་སྦལ་གྱི་རླུང་རུ་བ་མ་ནག་མོ་ཞལ་ཕག་ནག་མོ་འབར་མ་ལྟ་བུ་ལ་ཕྱག་བརྒྱད་ཀྱིས་རྔ་ཡབ་ནག་པོ་བརྒྱད་འཛིན་པར་བསྒོམས་ནས་རུས་སྦལ་གྱི་རླུང་གི་དྲི་མ་སྦྱོང་བའོ། །རང་གི་ལུས་ཀྱི་རྩངས་པའི་རླུང་སྨིག་རྒྱུ་མ་དམར་མོ་ཞལ་ཕྱག་དམར་མོ་འབར་མ་ལྟ་བུ་ལ་ཕྱག་བརྒྱད་ཀྱིས་རྔ་ཡབ་དམར་པོ་བརྒྱད་འཛིན་པར་བསྒོམས་ནས་རྩངས་བའི་རླུང་གི་དྲི་མ་སྦྱོང་བའོ། །ལྷ་སྦྱིན་གྱི་རླུང་མཁའ་སྣང་མ་དཀར་མོ་ཞལ་ཕྱག་དཀར་མོ་འབར་མ་ལྟ་བུ་ལ་ཕྱག་བརྒྱད་ཀྱིས་རྔ་ཡབ་དཀར་པོ་བརྒྱད་འཛིན་པར་བསྒོམས་ནས་ལྷ་སྦྱིན་གྱི་རླུང་གི་དྲི་མ་སྦྱོང་བའོ། །ནོར་ལས་རྒྱལ་གྱི་རླུང་མར་མེ་མ་སེར་མོ་ཞལ་ཕྱག་སེར་མོ་འབར་མ་ལྟ་བུ་ལ་ཕྱག་བརྒྱད་ཀྱིས་རྔ་ཡབ་སེར་པོ་བརྒྱད་འཛིན་པར་བསྒོམས་ནས་ནོར་ལས་རྒྱལ་གྱི་དྲི་མ་སྦྱོང་བའོ། །སྲོག་དང་ཐུར་སེལ་གྱི་རླུང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ་དང་ཤེར་ཕྱིན་མ་སྔོན་མོ་སྟེ་དེ་གཉིས་གཅིག་ཏུ་གྱུར་པ་ནི་སྣ་ཚོགས་ཡུམ་སེར་མོ་སེར་དཀར་སྔོ་དམར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་ན་གྲི་གུག་ལྕགས་ཀྱུ་སྒྲ་དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་། གཡོན་ཐོད་པ་ཞགས་པ་པདྨ་དཀར་པོ་འདབ་མ་བརྒྱད་པ་དང་རིན་པོ་ཆེ་འཛིན་པར་བསྒོམས་ནས་སྲོག་དང་ཐུར་སེལ་གྱི་དྲི་མ་སྦྱོང་བའོ། །རྫོགས་པའི་རིམ་པ་ལ་བརྟེན་ནས་རླུང་བཅུའི་དྲི་མ་སྦྱོང་བའི་ཚུལ་ནི། གསུང་རྡོ་རྗེའི་བསྒྲུབ་པ་སྲོག་རྩོལ་དང་། དེ་བརྟན་པའི་ཡན་ལག་ཏུ་འཛིན་པའི་རྣལ་འབྱོར་རོ། །དེ་ལ་སྤྱིར་སོར་བསམ་དང་སྲོག་འཛིན་གྱི་ལམ་གྱི་གོ་རིམ་ནི། སོར་བསམ་གཉིས་རྩའི་དྲི་མ་སྦྱོང་བའི་ལམ་ཡིན་ལ། སྲོག་འཛིན་གཉིས་རླུང་གི་དྲི་མ་སྦྱོང་བའི་ལམ་ཡིན་པས་རྩ་མ་དག་ན་རླུང་དག་པར་མི་ནུས་པས་དེའི་ཕྱིར་ཐོག་མར་སོར་བསམ་གྱི་རྣལ་འབྱོར་སྟོན་དགོས་པས་རྩའི་ལེའུར་བཤད་པ་ལྟར་ཡིན་ལ། དེའི་རྗེས་སུ་སྲོག་འཛིན་གྱི་རྣལ་འབྱོར་གཉིས་རླུང་གི་ལེའུར་སྟོན་པ་སྐབས་ལ་བབ་པས་འདིར་བསྟན་པ་ཡིན་ནོ། །དེ་ཡང་སོར་སྡུད་ཀྱིས་བསྒྲུབ་པའི་རྟགས་དང་རྟགས་ཅན་བརྟན་པའི་ཡན་ལག་ཏུ་བསམ་གཏན་གྱི་རྣལ་འབྱོར་བསྟན། དེ་ཡང་རླུང་དབུ་མར་བརྟན་པར་གནས་པ་ལ་རག་ལས་པས། དེའི་ཕྱིར་སྲོག་རྩོལ་གྱི་སྒོ་ནས་རླུང་དབུ་མར་བརྟན་པར་བྱེད་དགོས་པས་ཤིན་ཏུ་བརྟན་པའི་ཡན་ལག་ཏུ་སྲོག་རྩོལ་བསྟན། དེ་ལ་ཡང་ཤིན་ཏུ་བརྟན་པ་ཐོབ་པའི་ཡན་ལག་ཏུ་འཛིན་པ་བསྟན་པ་ཡིན་ནོ། །དེ་ཡང་སྲོག་རྩོལ་ལ། རྩ་ལམ་སྦྱང་བ་རྡོ་རྗེའི་བཟླས་པ་དང་རླུང་གི་ལམ་འཚོལ་བའོ། །དང་པོ་ནི། ལུས་གནང་སོར་སྡུད་བཞིན་ལ་རྩ་གསུམ་ཞལ་ཤེས་བཞིན་དུ་གསལ་གདབ། རླུང་རོ་བསལ། དྲི་མེད་འོད་ལས་གསུངས་པ་ལྟར་ནང་དུ་འཇུག་པ་ཨོཾ། གནས་པ་ཧཱུྃ། དབྱུང་བ་ཨཱཿ དེ་ཡང་ཡི་གེ་གསུམ་གྱི་གདངས་དང་དབྱིབས་དང་ཁ་དོག་དང་བཅས་པར་བཟླ་བའོ། །གཉིས་པ་རླུང་གི་མལ་འཚོལ་བ་ལ། སྟེང་དུ་སྲོག་རླུང་གི་མལ་འཚོལ་བ་དང་། འོག་ཏུ་ཐུར་སེལ་གྱི་མལ་འཚོལ་བ་བར་རླུང་གི་མལ་འཚོལ་བའོ། །དང་པོ་ནི། རླུང་དལ་བུས་ཉི་ཟླའི་ལམ་ནས་བཅུག་སྟེ་འོག་ཏུ་བཟུང་བ་དང་ཕྱིར་དབྱུང་བ་མི་མངོན་པར་བྱེད་པ་ནམ་མཁའི་རླུང་གི་མལ་འཚོལ་བའོ། །རླུང་གི་རླུང་དེ་བས་དྲག་ཏུ་འཛིན་པ་དང་། མེའི་རླུང་དེ་བས་ཀྱང་དྲག་ཏུ་བུད་བུད་འཛིན་པ་དང་། ཆུའི་རླུང་སོའི་བར་ནས་རྔུབ་པ་དང་དབྱུང་བ་སི་སྒྲ་དང་བཅས་པས་ཅུང་ཟད་ངལ་བར་འཛིན་པ་དང་། སའི་རླུང་ནམ་མཁའི་རླུང་ལས་ཅུང་ཟད་མངོན་པར་འཛིན་པའོ། །གཉིས་པ་འོག་ཏུ་ཐུར་སེལ་གྱི་མལ་ཚོལ་བ་ནི། ལྟེ་བའི་འོག་ཏུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་ཨེས་མཚན་པ་བསམས་ལ་འོག་རླུང་ཡར་ཐེན། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་མཆོག་མ་གཉིས་ལ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་ལཾ་གྱིས་མཚན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ། དེའི་སྟེང་དུ་སྒྲ་གཅན་ནག་པོ། དུས་མེ་སེར་པོ་ཉི་མ་དམར་པོ། ཟླ་བ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམས་ལ་འོག་རླུང་ཡར་འཐེན་པའོ། །དེ་ལྟར་བྱས་པས་ནམ་མཁའི་རླུང་མལ་དུ་ཚུད་པས་ལུས་སྒྲིབས་ཐོགས་མེད་པ་དང་། སྣང་བ་ཐམས་ཅད་ནམ་མཁའ་ལྟ་བུའི་སྣང་བ་འབྱུང་ཞིང་། ལུས་གང་ལ་ཡང་མི་ཐོགས་པ་འབྱུང་། རླུང་གི་རླུང་མལ་དུ་ཚུད་པས་ལུས་ཡང་པ་དང་རྩལ་ཆེ་བ་ལ་སོགས་པ་འབྱུང་། མེའི་རླུང་མལ་དུ་ཚུད་པས་ལུས་ཀྱི་ཁ་དོག་དང་མདངས་གསལ་བ་དང་དྲོད་འབར་བ་ལ་སོགས་པ་འབྱུང་། ཆུའི་རླུང་མལ་དུ་ཚུད་པས་ལུས་སྣུམ་པ་དང་བསིལ་བ་ལ་སོགས་པ་འབྱུང་། སའི་རླུང་མལ་དུ་ཚུད་པས་ལུས་སྲ་བ་དང་མཁྲེགས་པ་ལ་སོགས་པའི་ཡོན་ཏན་རྣམས་དང་ཉམས་སྣང་རྣམས་འབྱུང་བར་འགྱུར་རོ། །གསུམ་པ་བར་རླུང་གི་མལ་འཚོལ་བ་ནི། དེ་ལྟར་སྟེང་འོག་གི་རླུང་གཉིས་ལྟེ་བའི་འོག་ཏུ་བུམ་པ་ཅན་ཁ་སྦྱོར་དུ་ལེགས་པར་བཟུང་ནས། དེ་ནས་སྟེང་འོག་གི་རླུང་གཉིས་ཅུང་ཟད་གློད་ནས་བར་རླུང་ཅི་གནས་སུ་འཛིན་པའོ། །དེ་ལྟར་སྟེང་འོག་བར་གསུམ་གྱི་རླུང་མལ་དུ་ཚུད་ནས་ཡིག་འབྲུ་ལ་རྩལ་སྦྱང་བ་དང་། ཕྱག་མཚན་ལ་རྩལ་སྦྱང་བ་དང་སྐུ་ལ་རྩལ་སྦྱང་བའོ། །དང་པོ་ནི། མདུན་གྱི་ནམ་མཁའ་ནས་ཨོཾ་ཡིག་དཀར་པོ་གཅིག་སྟེང་རླུང་རྔུབ་པའི་སྦྱོར་བས་སྣ་བུག་གཡོན་ནས་དངས་ལྟེ་བའི་འོག་ཏུ་བཅུག །ནམ་མཁའ་ལ་སོགས་པའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ལ་སེམས་བཟུང་ནས་འོག་རླུང་ཡར་འཐེན་པའི་སྦྱོར་བས་ཅི་གནས་སུ་བཞག །ཕྱིར་འཐོན་པ་ན་ཨཱཿཡིག་དམར་པོ་ཅིག་ཕྱིར་འཐོན་པར་བསམ་པའོ། །དེ་ནི་ཡི་གེ་ཐམས་ཅད་འབྲུ་གསུམ་དུ་འདུས་པའི་དབང་དུ་བྱས་པའོ། །དེ་ལས་རྒྱས་པར་ཉམས་སུ་ལེན་པར་འདོད་ན། རླུང་འབྱུང་འཇུག་གནས་གསུམ་གྱི་སྦྱོར་བ་སྔར་བཞིན་ལ་ཁྱད་པར་དུ་སྣ་བུག་གཡོན་པ་ནས་ཨཱ་ལི་དང་། གཡས་པ་ནས་ཀཱ་ལིའི་སྦྱོར་བ་ཕྲེང་བ་འབྱུང་བ་ལྔ་པོ་སོ་སོའི་ཁ་དོག་དང་མཐུན་པ་ནང་དུ་རྔུབས་ཏེ་ལྟེ་བའི་འོག་ཏུ་ནམ་མཁའ་ལ་སོགས་པའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཞག་པ་བཞིན་དུ་གཡས་སྐོར་དང་གཡོན་སྐོར་དུ་གནས་པ་ལ་རླུང་གི་སྦྱོར་བས་མཉམ་པར་བཞག །གཉིས་པ་ཕྱག་མཚན་ལ་རྩལ་སྦྱང་བ་ནི། ནམ་མཁའི་རླུང་གི་སྦྱོར་བས་མདུན་གྱི་ནམ་མཁའ་ནས་རྡོ་རྗེ་སྔོན་པོ་ཅིག་སྣ་བུག་ནས་ནང་དུ་དྲངས་ཏེ། ལྟེ་བའི་འོག་ཏུ་འོག་རླུང་གི་སྦྱོར་བས་ནམ་མཁའི་སྟེང་དུ་ཨེཾ་ལས་རྡོ་རྗེ་སྔོན་པོ་ཨེས་མཚན་པར་གནས་པ་ལས་རླུང་ཁ་སྦྱོར་མཉམ་པར་བཞག །དེ་བཞིན་དུ་མདུན་གྱི་ནམ་མཁའ་ནས་རལ་གྲི་ནག་པོ་དང་རིན་པོ་ཆེ་དམར་པོ་དང་པདྨ་དཀར་པོ་དང་འཁོར་ལོ་སེར་པོ་རྣམས་རླུང་གིས་དྲངས་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་གནས་པ་ལ་རླུང་གི་སྦྱོར་བས་མཉམ་པར་བཞག །གསུམ་པ་སྐུ་ལ་རྩལ་སྦྱང་བ་ནི། འོག་གི་རླུང་ལྔ་པོ་འཛིན་པའི་ཚེ་ལྷ་ཡབ་ཡུམ་གྱི་གདན་དང་ཞབས་མཐིལ་ལས་སོགས་པའི་སྐུའི་སྨད་ཀྱི་ཆ་དང་དེའི་རྒྱན་ཆ་ལུགས་ཐམས་ཅད་ལ་སེམས་མཉམ་པར་འཇོག་ཅིང་བར་རླུང་འཛིན་པའི་ཚེ་སྐུའི་སྐེད་པ་དང་སྐ་རགས་དང་སྟག་ལྤགས་ལ་སོགས་པའི་རྒྱན་ཆ་ལུགས་རྣམས་ལ་མཉམ་པར་བཞག །སྟེང་རླུང་འཛིན་པའི་ཚེ་སྐུ་སྟོད་དང་དེའི་ཆ་ཤས་ཕྱག་དང་ཕྱག་མཚན་དང་མགུལ་དང་ཞལ་དང་དབུ་སྐྲ་རལ་པའི་ཐོར་ཅོག་ལ་སོགས་པ་རྒྱན་ཆ་ལུགས་ཐམས་ཅད་མ་ཚང་བ་མེད་པ་ལ་སེམས་མཉམ་པར་བཞག་པར་བྱའོ། །དེ་ཡང་ཕྱི་རོལ་ཏུ་ཟླ་བ་ལ་ཆ་བཅུ་དྲུག་ཡོད་པ་དང་ཉི་མ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་བཅུ་གཉིས་སུ་ཡོད་པ་དེ་བཞིན་དུ་ནང་རྡོ་རྗེའི་ལུས་ལ་ཡང་སྐྱེས་པ་ལ་ལོ་བཅུ་དྲུག་ནས་དཀར་ཆ་ཡོངས་སུ་རྫོགས་པ་དང་། བུད་མེད་ལ་ལོ་བཅུ་གཉིས་ནས་དམར་ཆ་ཡོངས་སུ་རྫོགས་པར་འགྱུར་བའི་གནད་ཀྱིས་ཡབ་ལོ་བཅུ་དྲུག་པའི་ན་ཚོད་ཅན་དང་ཡུམ་ལོ་བཅུ་གཉིས་མའི་ན་ཚོད་ཅན་དུ་བསྒོམ་པ་གནད་ཡིན་གསུང་། དེ་ལྟར་སྲོག་ལ་བརྟན་པ་ཐོབ་ནས་འཛིན་པའི་ཡན་ལག་ཉམས་སུ་ལེན་པར་འདོད་པས། ལུས་གནད་གོང་བཞིན་ལ་ལྟ་སྟངས་ཅུང་ཟད་དམའ་བར་བྱ། རྩ་དབུ་མ་འཁོར་ལོ་ལྔ་དང་བཅས་པ་གསལ་གདབ། གསང་གནས་ཀྱི་རྩ་འཁོར་གྱི་དབུས་སུ་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་ལྗང་ཁུ་ལ་སེམས་བཟུང་། དེ་བཞིན་དུ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་སེར་པོ་ལ་སེམས་བཟུང་། སྙིང་གའི་རྩ་འཁོར་གྱི་དབུས་སུ་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་སྔོན་པོ་ལ་སེམས་བཟུང་། མགྲིན་པའི་རྩ་འཁོར་གྱི་དབུས་སུ་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་དམར་པོ་ལ་སེམས་བཟུང་། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་བུམ་པ་ཅན་གྱི་སྦྱོར་བས་ཐིག་ལེ་དཀར་པོ་ལ་སེམས་བཟུང་བས་སྔར་སྲོག་རྩོལ་གྱི་རླུང་དབུ་མར་ཚུད་པར་བྱས་པ་དེ་ཉིད་འཛིན་པའི་རྣལ་འབྱོར་གྱིས་བརྟན་པར་བྱས་པ་ཡིན་ནོ། །དེ་ལྟར་སྲོག་འཛིན་གཉིས་ནི་གསུང་རྡོ་རྗེའི་བསྒྲུབ་པ་དང་ཉེ་བའི་བསྟེན་པའི་ཡན་ལག་གོ །དེ་དག་ནི་སྨིན་གྲོལ་གཉིས་ལ་བརྟེན་ནས་ནང་རྡོ་རྗེའི་ལུས་ཀྱི་རླུང་བཅུའི་དྲི་མ་སྦྱོང་བའི་ལམ་གྱི་རིམ་པའོ། །འདིར་བསྐྱེད་སྡུད་བྱེད་པའི་ཚུལ་ལ། འགྲེལ་བྱེད་ཁ་ཅིག །འཕོ་བ་གཉིས་པ་ལ་སྲོག་ལས་ཐུར་སེལ་འཕྲོས་ནས་རུས་སྦལ་ལྟར་གྱུར་པ་དང་། འཕོ་བ་གསུམ་ལ་ཐུར་སེལ་ལས་གྱེན་རྒྱུ་འཕྲོས་ནས་ཕག་རྒོད་ལྟ་བུ་དང་། དེའི་འགྱུར་བ་ལས་བཞི་པ་ལ་སེང་གེའི་རྣམ་པ་ལྟ་བུ་དང་། འཕོ་བ་ལྔ་པ་ལ་གྱེན་རྒྱུ་ལས་མཉམ་གནས་འཕྲོས་ནས་མིའུ་ཐུང་གི་རྣམ་པར་གྱུར་པ་དང་། འཕོ་བ་དྲུག་པ་ལ་མེ་མཉམ་ལས་ཁྱབ་བྱེད་འཕྲོས་ནས་ལུས་འགུལ་བ་དང་འདར་བར་བྱེད་ཅིང་མིག་གཉིས་ས་ཁམས་ཀྱི་རང་བཞིན་ཆགས་པ་དང་། འཕོ་བ་བདུན་པ་ལ་ཁྱབ་བྱེད་ཀྱི་རླུང་གིས་ཀླུའི་རླུང་སྤྲོས་ནས་ཆུ་ཁམས་ཀྱི་རྣ་བུག་དོད་པ་དང་། །འཕོ་བ་བརྒྱད་པ་ལ་ཀླུ་ལས་རུས་སྦལ་གྱི་རླུང་སྤྲོས་ན་མེ་ཁམས་ཀྱི་སྣ་བུག་དོད་པར་བྱེད་པ་དང་། འཕོ་བ་དགུ་པ་ལ་རུས་སྦལ་ལས་རྩངས་པ་སྤྲོས་ནས་ཚོར་བ་མྱོང་བ་དང་། རྩངས་པ་ལས་ཀྱང་ལྷ་སྦྱིན་གྱི་རླུང་སྤྲོ་བར་བྱེད་དོ། །དེ་ནས་ཟླ་བ་བཅུ་པར་ཕྱིན་པ་ན་ལྷ་སྦྱིན་ལས་ནོར་ལས་རྒྱལ་གྱི་རླུང་སྤྲོས་ནས་སྐྱེས་པ་ལ་དྲི་བཅས་ཀྱི་སྤྲུལ་སྐུར་འགྱུར་ཚུལ་བརྟག་གཉིས་དང་མཐུན་པར་གསུངས་པས་རླུང་བཅུ་སྐྱེ་བའི་རིམ་པ་ནི་དེ་ལྟར་ཡིན་ནོ་ཞེས་དང་། འཇིག་ཅིང་སྡུད་པ་ནི་ལོ་བཅུ་བཅུར་བཤད་ཏེ། སྐྱེས་ནས་ལོ་བཅུ་ཚང་བ་ན་ནོར་ལས་རྒྱལ་གྱི་རླུང་ནི་ལྷ་སྦྱིན་གྱི་རླུང་དང་གཅིག་ཏུ་གྱུར་པ་ནས་སྲོག་ལ་ཞུགས་པའི་བར་རྣམས་སྡུད་པ་སོ་སོ་ནས་གསུངས་ཚུལ་འོག་ཏུ་སྡུད་རིམ་གྱི་སྐབས་སུ་ཤེས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནི་མ་ཡིན་ཏེ། གཞུང་དང་དངོས་སུ་འགལ་བའི་ཕྱིར་ཏེ་བཞི་པར་ཁྱབ་བྱེད་རླུང་གིས་ནི། །ཡན་ལག་རྩ་རྣམས་སྣང་བར་བྱེད། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། །ནང་གི་གནས་གཞན་འགྲུབ་པར་བྱེད། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །ཞེས་དང་། ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གི་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་བསྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཞེས་གསུངས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །རླུང་བཅུའི་སྐྱེ་ཚུལ་ཡང་མི་འཐད་ཏེ། སྲོག་རླུང་ལས་ཐུར་སེལ་འཕྲོས་པ་བཞིན་དུ་གྱེན་རྒྱུ་ལ་སོགས་པའི་རླུང་ལྷག་མ་བརྒྱད་པོ་ཡང་སྲོག་རླུང་ལས་འཕྲོས་པ་ཡིན་གྱི། ཐུར་སེལ་ལས་གྱེན་རྒྱུ་འཕྲོས་པ་དང་། གྱེན་རྒྱུ་ལས་མཉམ་གནས་འཕྲོས་པ་ལ་སོགས་པ་ནི་མ་ཡིན་ཏེ། གྱེན་རྒྱུ་ལ་སོགས་པའི་རླུང་བརྒྱད་པོ་རྣམས་སྙིང་གའི་རྩ་འདབ་བརྒྱད་ལ་གཙོ་བོར་གནས་ཤིང་དེ་ཡང་དབུ་མ་སྲོག་རླུང་དང་བཅས་པ་ལ་གཙོ་བོར་བརྟེན་པའི་ཕྱིར་རོ། །ཚེ་ལོ་བརྒྱ་པའི་དབང་དུ་བྱས་ཏེ་ནོར་ལས་རྒྱལ་ལ་སོགས་པའི་རླུང་བཅུ་པོ་རྣམས་ལོ་བཅུ་བཅུ་ན་རིམ་པས་ལུགས་ཟློག་ཏུ་འཇིག་ཅིང་སྡུད་པ་ཡང་མི་རིགས་ཏེ། ནོར་ལས་རྒྱལ་གྱི་རླུང་ཤི་ནས་མ་འཐོར་གྱི་བར་དུ་གནས་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །འོ་ན་ལེའུ་བཅུ་གཅིག་པར། ནོར་རྒྱལ་ལྷ་སྦྱིན་རྩངས་རུས་སྦལ། ཀླུ་དང་ཁྱབ་བྱེད་མཉམ་གནས་དང་། །གྱེན་རྒྱུ་ཐུར་སེལ་སྲོག་རླུང་གི། །སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར། །འགྱུར་ཞེས་རྡོ་རྗེ་ཕྲེང་བར་གསུངས། །ཞེས་གསུངས་པ་རང་འགལ་ལོ་ཞེ་ན། དེའི་དགོངས་པ་ནི་འདི་ཡིན་ཏེ། སྐྱེས་ནས་ལོ་བཅུ་ཚང་བ་ན་ནོར་ལས་རྒྱལ་གྱི་ནུས་པའམ་སྟོབས་ལྷ་སྦྱིན་གྱི་རླུང་ལ་ཐིམ་པ་དང་། ལོ་ཉི་ཤུ་ན་ལྷ་སྦྱིན་གྱི་ནུས་པ་རྩངས་པའི་རླུང་ལ་ཐིམ་པ་ལ་དགོངས་པ་ཡིན་ཏེ། སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་ཞེས་གསུངས་ཀྱི་རླུང་རྣམས་གཅིག་ལ་གཅིག་ཐིམ་པར་མ་གསུངས་པའི་ཕྱིར་ཏེ། རང་འགྲེལ་ལས། རྩ་བ་དང་ཡན་ལག་གི་རླུང་རྣམས་ཟླ་བཅུར་རིམ་གྱིས་རྫོགས་ཏེ། སྐྱེ་གནས་དུས་སུ་འཆི་བ་གང་ཡིན་པ་དེ་ནི་ལོ་བཅུ་བཅུ་རིམ་པ་ལྟར་དུ་དང་པོར་ནོར་ལས་རྒྱལ་གྱི་སྟོབས་ལོ་བཅུ་ནས་ལྷ་སྦྱིན་གྱི་སྟོབས་དང་གཅིག་ཏུ་འགྱུར་རོ། །ཉི་ཤུ་པ་ལ་རྩངས་པའི་རླུང་གི་སྟོབས་དང་གཅིག་ཏུ་འགྱུར་རོ། །སུམ་བཅུ་པ་ལ་རུས་སྦལ་གྱི་རླུང་གི་སྟོབས་དང་གཅིག་ཏུ་འགྱུར་རོ། །བཞི་བཅུ་པ་ལ་ཀླུའི་རླུང་གི་སྟོབས་དང་གཅིག་ཏུ་འགྱུར་རོ། །ལྔ་བཅུ་པ་ལ་ཁྱབ་བྱེད་ཀྱི་རླུང་དང་གཅིག་ཏུ་འོ། །དེ་ནས་ཀླུ་དང་ཁྱབ་བྱེད་ཀྱི་རླུང་གཉིས་མཚུངས་པར་སྤྱོད་པས་དྲུག་བཅུའི་བར་དུ་སྟོབས་བྱེད་ཅིང་བདུན་བཅུའི་བར་དུ་མཉམ་གནས་དང་ལྷན་ཅིག་གོ །བརྒྱད་བཅུའི་བར་དུ་གྱེན་རྒྱུའི་ནུས་པ་དང་ལྷན་ཅིག་གོ །དགུ་བཅུའི་བར་དུ་ཐུར་སེལ་གྱི་སྟོབས་དང་ལྷན་ཅིག་གོ །དེ་ཕན་ཆད་ནས་སྲོག་གི་རླུང་ལ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ་ཞེས་རྡོ་རྗེ་ཕྲེང་བ་ལས་གསུངས་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཕུང་པོ་ལྔའི་ཁམས་གང་ཡིན་པ་ལུང་དང་སྦྱར་བ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་ལས། །སེམས་ཉིད་འོད་གསལ་ཡེ་ཤེས་རླུང་། །ཀུན་གཞི་མཁའ་སྟེ་ཉོན་ཡིད་བཅས། །འདུ་བྱེད་རླུང་སྟེ་ཚོར་བ་མེ། །འདུ་ཤེས་ཆུ་ལ་གཟུགས་ནི་ས། །རིམ་པར་བསྐྱེད་བྱ་སྐྱེད་བྱེད་གསུངས། །ཞེས་གསུངས་ཏེ། དེ་ལ་ཕུང་པོ་ལྔའི་ཁམས་གང་ཡིན་པ་དང་། དེའི་བསྐྱེད་སྡུད་ཀྱི་རིམ་པ་འདི་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་ཏེ། དེ་ཡང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི་ཡེ་ཤེས་ཀྱི་རླུང་དང་། མུན་པའི་སྣང་བའི་མཚན་ཉིད་ཅན་ཀུན་གཞི་ཉོན་ཡིད་དང་བཅས་པ་ནམ་མཁའི་རླུང་དང་། འདུ་བྱེད་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རླུང་གི་རླུང་དང་། ཚོར་བ་ནི་རྒྱུད་སྲེག་པར་བྱེད་པའི་ཕྱིར་མེའི་རླུང་དང་། འདུ་ཤེས་ནི་སྡུད་ཅིང་མཚན་མར་འཛིན་པའི་ཕྱིར་ཆུའི་རླུང་དང་། གཟུགས་ནི་ཕལ་ཆེར་རེག་པ་སྲ་བར་ཡོད་པའི་ཕྱིར་སའི་རླུང་ཡིན་ཏེ། ཇི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས། གཟུགས་ནི་འཛིན་མ་དག་ལས་གྲུབ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཆུ་ལ་ཡང་ནི་འདུ་ཤེས་གྲུབ། མེ་ལ་ངེས་པ་ཉིད་དུ་ཚོར་བར་འགྱུར་ཏེ་རླུང་ལ་ཡང་ནི་ཕུང་པོ་འདུ་བྱེད་ཁོ་ནའོ། །རྣམ་ཤེས་ཡེ་ཤེས་བསྲེས་པ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་གྲུབ་པ་ཉིད་ཏེ་ལུས་འདི་ལ། ཁམས་དང་ཕུང་པོ་ལ་སོགས་ཐམས་ཅད་འགྱུར་བ་དག་ཀྱང་རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། །ཞེས་གསུངས་སོ། །དེ་ཡང་རྣམ་ཤེས་ཀྱི་འཇུག་པ་གཅིག་ལ་ཡང་འཁོར་བའི་གནས་སྐབས་སུ་བསྐྱེད་བྱ་སྐྱེད་བྱེད་དུ་གསུངས་ཏེ། སྐྱེ་བའི་ཚེ་ཐམས་ཅད་འོད་གསལ་སྟོང་པ་དེ་ལས་མུན་པའི་སྣང་བ་ཉེར་ཐོབ་རླུང་ཁམས་པ་དང་། མུན་པ་ལས་ཡུལ་དུ་སྣང་བའི་སྣང་བ་མཆེད་པ་མེ་ཁམས་པ་དང་། མཆེད་པ་ལས་ཡུལ་ལ་མཚན་མར་འཛིན་པའི་སྣང་བ་ཐོབ་པ་ཆུ་ཁམས་པ་དང་། ཐོབ་པ་ལས་ཕུང་ཁམས་སྐྱེ་མཆེད་རགས་པར་སྣང་བ་ས་ཁམས་པ་རྣམས་རིམ་པར་སྐྱེ་ལ། སྡུད་པའི་ཚེ་ཡང་རིམ་པ་བཞིན་དུ་རགས་པར་སྣང་བ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་བར་ཐིམ་པ་ཡིན་ཏེ། རྩ་རྒྱུད་ལས། ས་ལ་སོགས་པ་བཞི་པོ་དང་། དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དུ། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ནི། ད་ལྟར་ལུས་གནས་ལས་བྱེད་པ། །སྤྱིར་ནི་ལུས་རྣམས་ཀུན་ཁྱབ་ཀྱང་། །རྩ་བ་དབུ་མ་སྲེག་རླུང་ནི། དབུས་གནས་ཀུན་གཞི་རྟེན་པར་བྱེད། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ད་ལྟར་བདག་འཛིན་དྲན་པ་བསྐྱེད། །ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད། །ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཐུར་སེལ་འོག་ཏུ་གསུམ་འདུས་ནས། །འོག་འགྲོ་དངས་སྙིགས་འབྱིན་སྡོམ་བྱེད། །དུད་ཅན་ནང་གནས་བདེ་བའི་ཁམས། །ལོག་ན་སྨད་ཀྱི་ནང་བ་སྐྱེད་བྱེད། །གྱེན་རྒྱུ་མེ་མཚམས་རྩ་ལས་བྱུང་། །མགྲིན་པའི་གནས་སུ་ལས་ཀུན་བྱེད། །ལུས་ངག་གླུ་གར་སོགས་རྣམས་ཡིན། །ལོག་ན་སྟོང་ནང་ཕལ་ཆེར་བྱེད། །མེ་མཉམ་མདུན་ཕྱོགས་རྩ་ལ་རྒྱུ། །ཕོ་བར་ཟུག་སྟེ་དྭངས་སྙིགས་འབྱེད། །ལུས་ཀུན་དུ་འཁྱེར་ལོག་གྱུར་ན། །སྤོ་འཕྲོག་འཁྲུ་དང་མ་རུངས་བྱེད། །ཁྱབ་བྱེད་གཡས་ནས་རོ་མ་དང་། །འབྲེལ་ནས་ལུས་ཚིགས་ཀུན་ལ་གནས། །ལུས་ཀྱི་སྟོབས་བྱེད་དེ་ལོག་པས། །ཡན་ལག་ཞྭ་རེངས་ནང་ཀུན་བྱེད། །བདེན་བྲལ་རྒྱབ་ཕྱོགས་རླུང་མཚམས་དང་། །གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། །ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཀླུ་ཡིས་གཟུགས་འཛིན་ལུས་སྒེག་བྱེད། །རུས་སྦལ་སྒྲ་འཛིན་ཡན་ལག་བསྐྱོད། །རྩངས་པ་དྲི་འཛིན་ཁྲོ་འཁྲུག་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བ་བྱེད། །ནོར་རྒྱལ་རིག་འཛིན་ལུས་འདི་ལ། །ཤི་ནས་མ་འཐོར་བར་དུ་གནས། །ད་ལྟ་ཐུན་བརྒྱད་རང་བཞིན་ཏེ། །འདི་རྣམས་གཙོ་བོ་བསྟན་པ་ཡིན། །ཞེས་གསུངས་ཏེ། །འདི་དག་གིས་ནི་སྲོག་རླུང་ལ་སོགས་པའི་རྩ་བ་དང་ཡན་ལག་གི་རླུང་བཅུའི་གནས་དང་བྱེད་ལས་རིམ་པར་སྟོན་ཏེ། དེ་ཡང་རླུང་བཅུ་པོ་འདི་རྣམས་ད་ལྟར་ལུས་ལ་གནས་པ་དང་བྱེད་པའི་ཚུལ་ཡང་སྤྱིར་ནི་ཕྲ་བའི་ཚུལ་གྱིས་ལུས་ཀྱི་གནས་རྣམས་ཀུན་ཏུ་ཁྱབ་ཀྱང་རླུང་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་ཏེ་དབུ་མར་གནས་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལས་ལངས་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་སྲོག་རླུང་ནི་ལུས་ཀྱི་དབུས་ན་གནས་ནས་རྐྱེན་དང་རྐྱེན་ཅན་གྱི་ཚུལ་གྱིས་ཀུན་གཞི་བརྟེན་པར་བྱེད་ལ། དེ་ཡང་ས་ལ་ལྷ་སྦྱིན་བརྟེན་པ་ལྟ་བུའི་རྟེན་བརྟེན་པ་ནི་མ་ཡིན་ནོ། །ཉོན་མོངས་ཙམ་ཡིད་སྲོག་རླུང་ཉིད། །ཅེས་ཉོན་མོངས་པ་ཅན་གྱི་ཡིད་དང་སྲོག་རླུང་གཅིག་ཏུ་བཤད་པ་ཡང་མཚན་ཉིད་གཅིག་པ་ནི་མ་ཡིན་ནོ། །འདི་ནི་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་མགོན་པོ་ལྔའི་རྒྱུ་བའི་ནང་ནས་ནམ་མཁའི་མགོན་པོ་རྣམ་པར་སྣང་མཛད་ཀྱི་རྒྱུ་བ་ཞེས་བྱ་ལ། འདིའི་ཆ་ཤས་ནི་དུས་སྦྱོར་ཐམས་ཅད་ཀྱི་མཐར་རྒྱུ་བ་ཡོད་མོད་ཀྱི་གཙོ་བོར་ལོངས་པར་རྒྱུ་བ་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པ་ལྟར་འཆི་བའི་ཉིན་ཞག་གི་ཚེ་འཁོར་ལོའི་ལྟེ་བ་གཅོད་པར་བྱེད་པའི་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལོངས་པར་རྒྱུ་སྟེ། དེ་ནས་རྣམ་ཤེས་གཞན་དུ་འཕོ་བར་གསུངས་པ་དེ་ཡིན་ནོ། །ད་ལྟར་འཚོ་བའི་གནས་སྐབས་སུ་སྤྱིར་ཡིད་ཤེས་ལ་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་དང་། ཁྱད་པར་དུ་ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པ་བསྐྱེད་ཅིང་། དྲན་པ་ཡང་སྤྱིར་ཡིད་ཤེས་རྟོག་པའི་དྲན་པ་ཐམས་ཅད་དང་། ཁྱད་པར་དུ་མ་ཡེངས་པའི་དྲན་པ་རྒྱུན་བརྟན་པ་བསྐྱེད་ལ། གལ་ཏེ་རང་གནས་ལས་གཞན་དུ་ལོག་ན་བརྒྱལ་བ་དང་སྨྱོ་བ་ལ་སོགས་པ་བྱེད་ཅིང་། ཁྱད་པར་གཞི་དུས་སུ་སྙིང་གར་ཐིམ་རིམ་དུ་ལོག་པ་ལས་འཆི་བ་བསྐྱེད་པར་བྱེད་ཅིང་། ད་ལྟ་ལས་གཡོ་བའི་མཚན་ཉིད་ཅན་རྣམ་ཤེས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་རྣམ་པར་མི་རྟོག་པ་པྲ་ཕབ་པའི་མཚན་ཉིད་ཅན་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་འདྲེས་པར་གནས་ཤིང་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུར་བཤད་པ་ཡིན་ནོ། །དེ་ནས་ཐུར་སེལ་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདུས་མདོར་གནས་ནས་འོག་ཏུ་འགྲོ་ཞིང་། བྱེད་ལས་ནི་བཤང་གཅི་ཁུ་ཁྲག་རྣམས་ཀྱི་དྭངས་མ་དང་སྙིགས་མ་འབྱིན་པ་དང་དྭངས་མ་སྡོམ་པ་ལ་སོགས་པ་བྱེད་ལ། དུང་ཅན་མའི་ནང་དུ་གནས་པའི་དཀར་ཆ་ལས་བྱུང་བའི་བདེ་བའི་ཁམས་ཀྱི་རྟེན་བྱེད་ཅིང་ལོག་པ་ལས་སྨད་ཀྱི་ནད་བསྐྱེད་པར་བྱེད་དོ། །གྱེན་རྒྱུ་ནི་སྙིང་གའི་མཚམས་ཏེ་མདུན་ལས་གཡས་ཕྱོགས་སུ་ཉེ་བའི་རྩ་འདབ་ལས་བྱུང་ཞིང་མགྲིན་པའི་གནས་སུ་ཟས་སྐོམ་མེད་པ་ལ་སོགས་པས་ལས་ཀུན་བྱེད་ཅིང་། ཁྱད་པར་དུ་ལུས་ངག་གི་ལས་གླུ་གར་ལ་སོགས་པ་བྱེད་པ་ཡིན་ནོ། །ལོག་ན་སྟོད་ནད་ཕལ་ཆེར་བྱེད་དོ། །གཞུང་ཁ་ཅིག་ཏུ། གྱེན་རྒྱུ་མདུན་ཕྱོགས་རྩ་ལས་བྱུང་། །ཞེས་དང་། ལས་དག་གླུ་གར་སོགས་རྣམས་ཡིན། །ཞེས་བྲིས་པ་ནི་ཡི་གེ་པས་མ་དག་པར་བྱས་པའོ་སྙམ་མོ། །མེ་མཉམ་ནི་མདུན་ཕྱོགས་ཀྱི་རྩ་འདབ་ལ་རྒྱུ་ཞིང་། རྩ་དེ་ཉིད་ཕོ་བར་ཟུག་པའི་དབང་གིས་ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་དྭངས་མ་ལུས་ཀྱི་གནས་ཀུན་ཏུ་འཁྱེར་བར་བྱེད་ལ། ལོག་པར་གྱུར་ན་སྤོ་འཁྲོག་དང་འཁྲུ་བ་དང་ཕོ་བའི་ནད་ཀྱིས་མ་རུངས་པར་བྱེད་དོ། །ཁྱབ་བྱེད་ནི་གཡས་ནས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་ཀུན་ལ་ཁྱབ་པར་གནས་ཤིང་། ལུས་སྒུལ་བསྐྱོད་དང་ལུས་ཀྱི་སྟོབས་ལ་སོགས་པ་བྱེད་ལ། ཁྱབ་བྱེད་དེ་ལོག་པས་ཡན་ལག་ཞྭ་རེངས་ལ་སོགས་པའི་ནད་ཀུན་བྱེད་དོ། །དེ་ནས་སྙིང་གའི་རྩ་འདབ་བརྒྱད་པོའི་བདེན་བྲལ་དང་རྒྱབ་ཕྱོགས་དང་རླུང་མཚམས་དང་གཡོན་ཕྱོགས་དང་དབང་ལྡན་རྣམས་ལ་རིམ་པ་ལྟར་ཀླུ་ལ་སོགས་པའི་ཡན་ལག་གི་རླུང་ལྔ་གནས་ཏེ། དེ་དག་གི་བྱེད་ལས་ནི་ཀླུ་ཡིས་གཟུགས་འཛིན་ཅིང་ལུས་ཀྱི་སྒེག་ཆོས་རྣམས་བྱེད་ལ། རུས་སྦལ་གྱིས་སྒྲ་འཛིན་པ་དང་ཡན་ལག་བསྐྱོད་པ་ལ་སོགས་པ་བྱེད། རྩངས་པས་དྲི་འཛིན་པ་དང་ཁྲོ་འཁྲུག་བྱེད། ལྷ་སྦྱིན་གྱིས་རོ་འཛིན་པ་དང་གླལ་བའི་ལས་བྱེད། ནོར་ལས་རྒྱལ་གྱིས་རེག་བྱ་འཛིན་པ་དང་ད་ལྟའི་ལུས་འདི་ལ་ཤི་ནས་ཆ་ཤས་མ་འཐོར་བར་དུ་གནས་པར་བྱེད་ལ། རླུང་བཅུ་པོ་འདི་ད་ལྟ་སྙིང་གའི་ཐུན་བརྒྱད་ཀྱི་རང་བཞིན་དུ་འབབ་ཅིང་ཁམས་ཀུན་འབྱུང་ཡིན་པའི་ངེས་པས་རེ་རེའང་ཁམས་ལྔ་འམ་དྲུག་གི་བདག་ཉིད་ཡིན་ནོ། །རླུང་ཕྱིར་འགྲོ་བ་ན་སྡུད་རིམ་དང་ནང་དུ་འབྱུང་བ་ན་བསྐྱེད་རིམ་དུ་འབྱུང་བ་ཡིན་ལ། དེ་ལྟར་རླུང་འདི་རྣམས་ནི་གཙོ་བོ་བསྟན་པ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དེ་ལ་སྲོག་ནི་སྟེང་དུ་འབབ་བོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་བོ། །མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལཾ་བུ་ཥ་ལའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨིན་ཊ་ལའོ། །ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མར་རྩ་ཀུ་ཧ་ལའོ། །སྲོག་ནི་རྩ་ཤིན་ཏུ་ཡིད་བཟང་མ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ། །ཞེས་པ་དེ་ལྟར་རླུང་རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་སྟེ་འོན་ཀྱང་གནས་བརྒྱད་ནས་རླུང་བརྒྱད་སྐྱེ་བའི་ཕྱིར་ཏེ། དུང་ཅན་མཐའ་ཡང་ཨི་ཊ་ལ་སོགས་རང་གི་སྙིང་གའི་པདྨ་རྩ་ཡི་འཁོར་ལོ་མཐའ་དག་གོ །ཞེས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་སྙིང་གའི་འཁོར་ལོའི་ངེས་པའོ། །ང་ནི་སྲོག་ལ་སོགས་པས་སྲོག་ལ་སོགས་པའི་བྱ་བ་གསུངས་ཏེ། འདིར་ལུས་ལ་སྲོག་གིས་སྲོག་སྟོབས་ཆེན་དུ་བྱེད་དོ། །ཉི་མ་ཟླ་བའི་ལམ་ན་གནས་པར་གྱུར་པ་ན་ཏེ་ཉི་མའི་ལམ་ནི་དམར་སེར་རམ་རཱ་ས་ནའོ། །ཟླ་བའི་ལམ་ནི་ཨི་ཊ་འམ་ལ་ལ་ན་ཏེ། དེའི་ལམ་ན་གནས་པ་ནི་གནས་པའོ། །ནི་ཞེས་པ་ནི་ཚིག་ཕྲད་ཀྱི་དོན་ཏོ། །བཟའ་བ་དང་བཏུང་བ་མ་ལུས་པ་ནི་རོ་དྲུག་ཟོས་པ་དང་ཆུ་ལ་སོགས་པ་འཐུངས་པ་སྟེ་དེ་རྣམས་མ་ལུས་པ་ཐུར་སེལ་གྱི་རླུང་གིས་འོག་ཏུ་འདྲེན་ནོ་ཞེས་པ་ནི་ལུང་ངོ་། །མཐའ་དག་རོ་མཉམ་ཏེ་རོ་མཉམ་པའི་བར་དུ་ལུས་ལ་མཉམ་གནས་ཞེས་བྱ་བའི་རླུང་གིས་ཐོབ་པར་བྱེད་ཏེ་ཁམས་བདུན་རོ་མཉམ་པར་བྱེད་དོ་ཞེས་པའི་དོན་ཏོ། །ལུས་ལ་གྱེན་རྒྱུ་ཞེས་བྱ་བའི་རླུང་གིས་གཡོ་བར་བྱེད་དོ། །ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་དང་ཟློས་གར་བྱེད་དེ་ལུས་འདི་ལ་གྱེན་རྒྱུ་དེ་ཉིད་ཀྱི་ཁས་གླུ་ལ་སོགས་པ་དང་རྒོད་པ་དང་སྨྲ་བ་ལ་སོགས་པ་བྱེད་དོ། །ལག་པ་རྐང་པ་རྣམས་ཀྱིས་ཟློས་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་ཏེ་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཆུའི་རང་བཞིན་གྱི་དབང་གིས་ཏེ་ཇི་ལྟར་ལུས་ནི་འཇིག་པ་དེ་ལྟ་ཉིད་དུ་ནད་བྱེད་དོ། །ཀླུ་ཡང་སྒྲེགས་པ་བྱེད་པ་ཉིད་ཏེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ་རླུང་གིས་སོ། །དེ་ནི་ཞེས་པ་ཁྲོ་བ་དང་འཁྲུག་པ་མཐའ་དག་རྩངས་པའི་རླུང་གིས་བྱེད་དོ། །གླལ་བ་དག་ཀྱང་ལྷ་སྦྱིན་གྱིས་བྱེད་དོ། །ལུས་ནི་ལྔ་པ་ཉིད་དུ་གྱུར་པ་ནོར་ལས་རྒྱལ་གྱི་རླུང་གིས་གཏོང་བར་མ་བྱེད་དོ། །ཞེས་གསུངས་སོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ། ནང་དུ་རྒྱུ་བའི་རིམ་པ། ཕྱིར་རྒྱུ་བའི་རིམ་པ། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན། རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་སྙིང་གའི་འཁོར་ལོར་རྒྱུ་བའི་རིམ་པ། སྤྱི་བོ་མགྲིན་པ་ལྟེ་བའི་འཁོར་ལོར་རྒྱུ་བའི་རིམ་པ། སྤྱིའི་ཁམས་ཚིགས་ཀྱི་འཁོར་ལོར་རྒྱུ་བའི་རིམ་པ། རྩ་ཕྲ་མོ་རྣམས་སུ་རྒྱུ་བའི་རིམ་པ། དེ་འགག་པའི་རིམ་པ་བཤད་པའོ། །དང་པོ་ནི། རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། །སྲོག་རླུང་སྒྲ་གཅན་རང་བཞིན་ནི། །དབུ་མར་རྒྱལ་པོ་ལྟ་བུར་གནས། །ཇི་ལྟར་སྙིང་གའི་འཁོར་ལོ་ལྟར། །འཁོར་ལོ་གཞན་ཡང་དེ་བཞིན་ཏེ། །ཞེས་གསུངས་ཏེ། དེ་ཡང་རླུང་རྒྱུ་བའི་ཚུལ་ལ། ཕྱིར་རྒྱུ་ནང་རྒྱུ་གཉིས་ཡོད་པ་ཡིན་པ་ལས་རེ་ཤིག་ནང་དུ་རྒྱུ་བའི་རིམ་པ་ནི་སྔར་བཤད་པའི་སྲོག་རླུང་སྒྲ་གཅན་གྱི་རང་བཞིན་ནི་རྩ་དབུ་མའི་ནང་དུ་གཙོ་བོར་གནས་ཏེ་རྩ་རླུང་ཐམས་ཅད་ཀྱི་རྟེན་དང་འཕེལ་འགྲིབ་ཀྱི་བདག་པོ་བྱང་པས་རྩ་རླུང་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་གནས་པ་ཡིན་ལ། ཇི་ལྟར་སྙིང་གའི་འཁོར་ལོ་ལ་རྩ་བ་དང་ཡན་ལག་གི་རླུང་རྣམས་ལ་འབྱུང་བ་བཞིའི་དབྱེ་བས་དབུ་མ་ལས་གྱེས་པའི་སྟོང་པའི་ཆ་བཞི། དེ་ལས་གཉིས་གཉིས་སུ་གྱེས་པས་བརྒྱད་ཡོད་པ་ལྟར་གསང་གནས་དང་གཙུག་ཏོར་མ་གཏོགས་པའི་འཁོར་ལོ་གཞན་རྣམས་ལ་ཡང་སྙིང་གའི་འཁོར་ལོ་དེ་བཞིན་དུ་སྡེ་ཚན་བརྒྱད་ཀྱི་རང་བཞིན་དུ་རྒྱུ་སྟེ། དེ་ནི་ཁམས་བཞི་འམ་ཡོན་ཏན་བཞིའི་དབྱེ་བའི་དབང་ལས་ཡིན་ལ། དེ་དག་གི་སྟེང་འོག་ཏུ་ནམ་མཁའ་དང་ཡེ་ཤེས་ཀྱི་རྩ་གཉིས་གཉིས་དང་བཅས་པས་བཅུ་བཅུར་འགྱུར་བའི་ཕྱིར་འཁོར་ལོ་དྲུག་ལ་རླུང་སྡེ་ཚན་དྲུག་བཅུ་ཐམ་པའོ། །དེ་ལས་བྱེ་བྲག་དུ་རྩ་མང་ན་རླུང་མང་བ་དང་། རྩ་ཉུང་ན་རླུང་ཉུང་བ་དང་། ཕྱི་ནས་ནང་དུ་རྒྱུ་བའི་རླུང་གི་སྦྱོར་བས་རླུང་མང་བ་དང་རྩ་ཉུང་བར་ཡང་བཤད་པ་ཡིན་ནོ། །གཉིས་པ་སྤྱི་བོའི་འཁོར་ལོར་རྒྱུ་བའི་རིམ་པ་བཤད་པ་ནི། སྤྱི་བོའི་འཁོར་ལོ་སུམ་བཅུ་གཉིས། །ཟླ་བའི་རྐང་པ་དང་མཚུངས་པའི། །རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད། །གཉིས་ནི་སྟོང་པའི་རང་བཞིན་ཏེ་གཞན་དག་བཅུ་བཞི་རིམ་པ་ལྟར། །ལྔ་པ་གསུམ་དང་བཞི་པ་གཅིག །གསུམ་གཉིས་གཅིག་ནི་རིམ་བཞིན་རྒྱུ། །ཕྱི་མའི་རྩ་བདུན་རིམ་པས་བཟློག །དེ་དག་ཡོན་ཏན་རིམ་པ་ཡིས་དབྱུག་གུ་ཉེར་བརྒྱད་སྟོང་པ་བཞི། །སྤྱིར་ནི་ཞག་གཅིག་སུམ་བཅུ་གཉིས། །ཡུད་ཙམ་བདག་ཉིད་ཡིན་པར་བརྗོད། །ཅེས་གསུངས་ཏེ། བདེ་དགྱེས་ལ་སོགས་པའི་བསྡུས་རྒྱུད་ཐུན་མོང་བ་རྣམས་ལས་སྤྱི་བོའི་འཁོར་ལོ་ལ་ཐབས་ཤེས་ཀྱི་དབྱེ་བས་རྩ་འདབ་སུམ་བཅུ་རྩ་གཉིས་སུ་བཤད་པ་ནི་ཕྱི་སྐོར་གྱི་བཅུ་དྲུག་ལ་ཁྲག་ལྷག་པར་གནས་ཤིང་ནང་སྐོར་གྱི་བཅུ་དྲུག་ལ་དཀར་ཆ་ལྷག་པར་གནས་པ་གཉིས་ཀ་སོ་སོར་བགྲངས་པའི་དབང་དུ་བྱས་པ་ཡིན་ལ། དུས་ཀྱི་འཁོར་ལོར་བཅུ་དྲུག་ཏུ་གསུངས་པ་ནི་ནང་སྐོར་གྱི་བཅུ་དྲུག་ལ་ཟླ་བའི་རྐང་པ་དང་མཚུངས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བ་དེའི་ཕྱིར་བཅུ་དྲུག་ཏུ་བཤད་པ་ཡིན་ནོ། །དེ་ཉིད་ཟླ་བའི་རྐང་པར་འཇོག་པའི་རྒྱུ་མཚན་ཡང་འཁོར་ལོ་འདིར་དཀར་ཆ་ལྷག་པར་གནས་པའི་འཕེལ་འགྲིབ་ཀྱི་མཐའི་བརྒྱད་པ་གཉིས་ནི་དབུ་མར་འཇུག་པ་སྟོང་པའི་རང་བཞིན་ཡིན་ལ། གཞན་དག་བཅུ་བཞི་ནི་རིམ་པ་ལྟར་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡོན་ཏན་ལྔ་དང་ལྡན་པའི་རླུང་རྒྱུ་བའི་རྩ་གསུམ་དང་། དེ་ལས་གཟུགས་སྒྲ་རོ་རེག་བྱ་སྟེ་ཡོན་ཏན་བཞི་དང་ལྡན་པའི་རླུང་རྒྱུ་བའི་རྩ་གཅིག་དང་། དེ་ལས་གཟུགས་སྒྲ་རེག་བྱ་སྟེ་ཡོན་ཏན་གསུམ་དང་ལྡན་པའི་རླུང་རྒྱུ་བའི་རྩ་གཅིག་དང་། དེ་ལས་སྒྲ་དང་རེག་བྱ་སྟེ་ཡོན་ཏན་གཉིས་དང་ལྡན་པའི་རླུང་རྒྱུ་བའི་རྩ་གཅིག་དང་། དེ་ལས་སྒྲའི་ཡོན་ཏན་གཅིག་དང་ལྡན་པའི་རླུང་རྣམས་ནི་རྩ་བདུན་པོ་དེ་དག་དུ་རིམ་བཞིན་རྒྱུ་ལ། རྩ་བདུན་པོ་དེ་དག་ནི་སྔ་རྐང་ཡིན་ཞིང་བརྒྱད་པ་ནི་ལྟག་པའི་རྩ་སྟེ་ཡོན་ཏན་གང་ཡང་མེད་པས་སྟོང་པའི་རྩ་ཞེས་བྱའོ། །རྐང་པ་ཕྱི་མའི་རྩ་བདུན་གྱི་ཡོན་ཏན་གྱི་རིམ་པ་ནི་སྔ་རྐང་ལས་བཟློག་སྟེ་རྩ་དང་པོ་ཡོན་ཏན་གཅིག་ལྡན་ནས་ཐ་མ་གསུམ་ཡོན་ཏན་ལྔ་ལྡན་ཡིན་པའི་བར་དུ་ཤེས་པར་བྱའོ། །རྩ་བཅུ་བཞི་པོ་དེ་དག་ཡོན་ཏན་གྱི་རིམ་པའི་སྒོ་ནས་བཞག་པའོ། །བརྒྱད་པ་དཔྲལ་བའི་དབུས་ཀྱི་རྩ་ནི་སྟོང་པའི་རྩའོ། །དེ་ཉིད་དོར་ནས་གཡས་སྐོར་གྱི་རྩ་དང་པོ་ལ་རྡུལ་གྱི་རང་བཞིན་གྱི་སའི་རླུང་ཡོན་ཏན་ལྔ་ལྡན་དང་། རྩ་གཉིས་པར་མུན་པའི་རང་བཞིན་གྱི་སའི་རླུང་ཡོན་ཏན་ལྔ་ལྡན་དང་། གསུམ་པར་སྙིང་སྟོབས་ཀྱི་རང་བཞིན་གྱི་སའི་རླུང་ཡོན་ཏན་ལྔ་ལྡན་དང་། བཞི་པར་ཆུའི་རླུང་ཡོན་ཏན་བཞི་ལྡན་དང་། ལྔ་པར་མེའི་རླུང་ཡོན་ཏན་གསུམ་ལྡན་དང་། དྲུག་པར་རླུང་གི་རླུང་ཡོན་ཏན་གཉིས་ལྡན་དང་། བདུན་པར་ནམ་མཁའི་རླུང་ཡོན་ཏན་གཅིག་ལྡན་རྣམས་རིམ་པ་བཞིན་རྒྱུ་བ་ཡིན་ནོ། །དེ་ནས་ལྟག་པའི་སྟོང་པའི་རྩའོ། །དེ་དོར་ནས་གཡས་སྐོར་གྱིས་རྩ་དང་པོ་ལ་ནམ་མཁའི་རླུང་ཡོན་ཏན་གཅིག་ལྡན་དུ་རྒྱུ་བ་སོགས་རིམ་པས་བཟློག་སྟེ་ཤེས་པར་བྱའོ། །དེ་ནས་དཔྲལ་བའི་དབུས་སུ་རླུང་གིས་ཡོངས་སུ་གང་བ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྩའི་ནང་དུ་རླུང་རྒྱུ་རིམ་གྱིས་ཡོན་ཏན་བསྟན་པ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་རྣམས་ལ་འདབ་མ་གཉིས་ལ་སྟོང་པ་འབབ་པའོ། །འདབ་མ་བཅུ་བཞི་ལ་འབྱུང་དང་འབྱུང་བ་མདའ་ཞེས་པ་ལ་སོགས་པས་ཟླ་བའི་རྐང་པ་བཅུ་བཞི་རྣམས་སོ། །དེ་ལ་དང་པོའི་འདབ་མ་འབྱུང་བ་ཞེས་པ་ཆུ་ཚོད་ལྔའི་བདག་ཉིད་ཀྱི་རྐང་པ་སྟེ། དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ། །འདབ་མ་བཞི་པ་ལ་རིག་བྱེད་ཅེས་པ་ཆུ་ཚོད་བཞིའི་བདག་ཉིད་དོ། །ལྔ་པ་ལ་རྩེ་མོ་ཅན་ཏེ་རྐང་པ་ཆུ་ཚོད་གསུམ་མོ། །འདབ་མ་དྲུག་པ་ལ་ལག་པ་ཞེས་པ་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཀྱི་རྐང་པའོ། །འདབ་མ་བདུན་པ་ལ་རི་བོང་ཅན་ཞེས་པ་ཆུ་ཚོད་གཅིག་གི་བདག་ཉིད་ཀྱི་རྐང་པ་བདུན་པའོ། །དེ་བཞིན་དུ་ལུགས་ལས་བཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་གི་རྐང་པའོ། །དགུ་པ་ལ་ཆུ་ཚོད་གཉིས་ཀྱི་བདག་ཉིད་དོ། །བཅུ་པ་ལ་གསུམ་གྱི་བདག་ཉིད་དོ། །བཅུ་གཅིག་པ་ལ་ཆུ་ཚོད་བཞིའི་བདག་ཉིད་དོ། །བཅུ་གཉིས་པ་ལ་ཆུ་ཚོད་ལྔའི་བདག་ཉིད་དོ། །བཅུ་གསུམ་པ་དང་བཅུ་བཞི་པ་ལ་ཡང་དེ་ལྟར་ཤེས་པར་བྱ་ཏེ་ཟླ་བའི་རྐང་པ་མ་ནུའི་གྲངས་སུ་འགྱུར་རོ་ཞེས་གསུངས་སོ། །རྒྱུད་སྡེ་གཞན་ནས་བཤད་པའི་དག་པ་ནི་སྤྱི་བོའི་རྩ་འདབ་སུམ་བཅུ་རྩ་གཉིས་པོ་དེ་དག་ཡོན་ཏན་གྱི་རིམ་པའི་དབང་ལས་དབྱུག་གུ་ཉེར་བརྒྱད་དང་སྟོང་པ་བཞི་འབབ་པའི་སྒོ་ནས་སོ་གཉིས་སུ་བཞག་པ་དང་། སྤྱིར་ནི་ཉིན་ཞག་གཅིག་གི་ཉིན་མཚན་རེ་རེ་ལ་ཆུ་ཚོད་སུམ་བཅུ་རྩ་གཉིས་ཡོད་པའི་དབང་གིས་རྩ་ཡང་དེ་ཉིད་དུ་བཤད་ཅིང་རླུང་ཡང་དེ་ཉིད་དུ་རྒྱུ་བར་བཤད་པ་དང་། དེ་ལས་སྟོང་པའི་རྩ་གཉིས་གཅིག་ཏུ་བསྡོམས་ནས་སུམ་བཅུ་ནི་ཡུད་ཙམ་སུམ་བཅུའི་བདག་ཉིད་ཡིན་པར་གསུངས་ཏེ། དཔལ་བརྟག་གཉིས་ལས། བདེ་བ་ཆེན་པོའི་འཁོར་ལོ་ལས། །འདབ་མ་སུམ་བཅུ་རྩ་གཉིས་སོ། །ཞེས་དང་། འཕོ་བ་བཅུ་དྲུག་དང་། དབྱུག་གུ་དྲུག་བཅུ་རྩ་བཞི་དང་། །ཆུ་ཚོད་སུམ་བཅུ་རྩ་གཉིས་དང་། །ཞེས་གསུངས་སོ། །གསུམ་པ་མགྲིན་པའི་འཁོར་ལོར་རྒྱུ་བའི་རིམ་པ་བཤད་པ་ནི། མགྲིན་པར་རྩ་ནི་བཅུ་དྲུག་བཤད། །ཐབས་ཤེས་དབྱེ་བས་སུམ་བཅུ་གཉིས། །དེ་ལ་བཞིར་ནི་སྟོང་པ་རྒྱུ། །གཞན་དག་ཕྱོགས་བཞིར་བདུན་བདུན་དུ། །རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། །གཞན་ནས་འཕོ་བ་བཅུ་དྲུག་བཤད། །ཅེས་གསུངས་ཏེ། ཀྱཻ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་གཞན་ནས་མགྲིན་པར་རྩའི་འདབ་མ་བཅུ་དྲུག་ཏུ་བཤད་ཅིང་། དུས་ཀྱི་འཁོར་ལོ་ལས་བཅུ་དྲུག་པོ་དེ་ལས་ཐབས་དང་ཤེས་རབ་ཀྱི་དབྱེ་བས་སུམ་བཅུ་རྩ་གཉིས་སུ་བཤད་ལ། དེ་ལ་ཡང་མཚམས་ཀྱི་རྩ་བཞིར་སྟོང་པ་རྒྱུ་ཞིང་མཚམས་ལས་གཞན་དག་ཕྱོགས་བཞིར་བདུན་བདུན་ཏེ་ཉི་ཤུ་རྩ་བརྒྱད་དུ་རྒྱུ་སྐར་གྱི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བ་ཡིན་ལ། དགྱེས་པ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་གཞན་ནས་མགྲིན་པར་ཐུན་ཆེན་པོ་བརྒྱད་ལ་ཕྱེད་མར་བྱས་པའི་འཕོ་བ་བཅུ་དྲུག་གི་ངེས་པས་རྩ་འདབ་བཅུ་དྲུག་ཏུ་བཤད་པ་ཡིན་ཏེ། བརྟག་པ་གཉིས་པ་ལས། ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་དང་། ཞེས་སོ། །དྲི་མ་མེད་པའི་འོད་ལས་ཀྱང་། ལོངས་སྤྱོད་འཁོར་ལོ་ཏེ་མགྲིན་པའི་འཁོར་ལོར་འདབ་མ་སུམ་བཅུ་རྩ་གཉིས་ལ་འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་རོ་ཞེས་གསུངས་སོ། །བཞི་པ་ལྟེ་བའི་འཁོར་ལོར་རྒྱུ་བའི་རིམ་པ་བཤད་པ་ནི། ལྟེ་བར་རྩ་ནི་དྲུག་བཅུ་བཞི། །ཁྱིམ་གྱི་དབྱེ་བས་ཕྱེ་བས་ན། །ལྔ་ཚན་བཅུ་གཉིས་དྲུག་བཅུ་སྟེ། །དབྱུག་གུ་དྲུག་བཅུའི་བདག་ཉིད་དོ། །བཞི་ནི་སྟོང་པ་དབུ་མར་རྒྱུ། །ཞེས་གསུངས་ཏེ། དེ་ཡང་ལྟེ་བར་རྩ་འདབ་དྲུག་བཅུ་རྩ་བཞི་གནས་པ་ལས་ཁྱིམ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔའི་དབྱེ་བས་ཕྱེ་བས་ན་ལྔ་ཚན་བཅུ་གཉིས་སོ། །དེ་ཐམས་ཅད་བསྡོམས་པས་དྲུག་བཅུ་སྟེ་དེ་རེ་རེའི་ནང་དུ་རླུང་སུམ་བརྒྱ་དྲུག་བཅུ་རེ་རྒྱུ་བས་དབྱུག་གུ་དྲུག་བཅུའི་བདག་ཉིད་དོ། །དེ་ཡང་གཡོན་ནས་ལུག་སོགས་མི་མཉམ་པའི་དུས་སྦྱོར་དང་གཡས་ནས་གླང་སོགས་མཉམ་པའི་དུས་སྦྱོར་འབབ་པ་ལས་དབུགས་རེ་རེའི་སོ་གཉིས་ཀྱི་ཆ་རེ་ཡེ་ཤེས་ཀྱི་ཆ་ཡིན་ལ། དེ་བསགས་པ་ལས་དཀྱིལ་འཁོར་སོ་སོའི་མཚམས་སུ་བཅུ་གཅིག་རྐང་བཅས་སུ་ལོངས་ཏེ། དེ་ཡང་དཀྱིལ་འཁོར་སོ་སོའི་ཐོབ་སྐལ་དུ་བརྩིས་པ་ཡིན་ལ་དངོས་སུ་རྒྱུ་བ་ནི་དུས་སྦྱོར་དུ་ལོངས་པ་ན་སྟོང་པའི་རྩ་བཞིར་ལྔ་བཅུ་རྩ་དྲུག་རྐང་བཅས་སུ་ལོངས་པར་དབུ་མར་མཉམ་རྒྱུའི་ངོ་བོར་རྒྱུ་བ་ཡིན་ནོ། །ལྔ་པ་སྤྱིའི་ཁམས་བཤད་པ་ནི། ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། །གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །མཚམས་དང་བཅས་པ་རགས་པ་ཡིན། །ཞེས་གསུངས་ཏེ། འཁོར་ལོ་དྲུག་པོ་ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས་ཡིན་ཞིང་དཀྱིལ་འཁོར་འབབ་པའི་རྩ་རྣམས་ཀྱི་ཡང་དབུས་ནམ་མཁའ་དང་ཤར་རླུང་ཡིན་པ་སོགས་དང་། མཚམས་ཀྱི་རྩ་རྣམས་དང་བཅས་པ་ཡང་ཕྱོགས་ཀྱི་རྫས་སུ་འབྲངས་ཏེ་ཤེས་པར་བྱ་སྟེ། ཤར་ལྷོ་རླུང་ཡིན་པ་ནས་ནུབ་བྱང་ས་ཡིན་པའི་བར་དུའོ། །དེ་ནི་རགས་པའི་དབང་དུ་བྱས་པ་ཡིན་ལ། ཞིབ་ཏུ་རྩ་ཕྲ་མོའི་བར་དུ་སྦྱར་ཏེ་ཤེས་པར་བྱའོ། །དྲུག་པ་ཚིགས་ཀྱི་འཁོར་ལོར་རྒྱུ་བའི་རིམ་པ་བཤད་པ་ནི། དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། །འཁོར་ལོར་རྒྱུ་བ་སུམ་བཅུ་སྟེ། །ཀུན་ལ་སུམ་བརྒྱ་དྲུག་བཅུའི་སྲོག །ཉིང་ལག་དེ་དང་མཚུངས་པ་ཡིན། །ཞེས་གསུངས་ཏེ། འཁོར་ལོ་བཞིའམ་དྲུག་ཏུ་རླུང་རྒྱུ་བ་དེ་བཞིན་དུ་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ནི་རྐང་ལག་བཞི་པོ་རེ་རེ་ལ་ཚིགས་གསུམ་གསུམ་སྟེ་བཅུ་གཉིས་དེ་རེ་རེའི་འཁོར་ལོ་ལ་རྩའི་འདབ་མ་སུམ་བཅུ་སུམ་བཅུ་སྟེ་དྲིལ་བས་ཀུན་ལ་སུམ་བརྒྱ་དྲུག་བཅུ་འབྱུང་བ་དེའི་ནང་ནས་སྲོག་རྒྱུ་ཞིང་། ཉིང་ལག་གི་ཚིགས་རེ་རེ་ལ་རྩའི་འདབ་མ་དྲུག་དྲུག་སྟེ་དྲིལ་བས་གྲངས་གོང་དང་མཚུངས་པར་སུམ་བརྒྱ་དྲུག་བཅུ་ལས་རླུང་ཡང་གྲངས་དེ་སྙེད་དེ་རྒྱུ་བ་ཡིན་ནོ། །དེ་ཡང་དཀར་ཆ་དང་འབྲེལ་བ་ལས་དབྱངས་དང་། དམར་ཆ་དང་འབྲེལ་བ་ལས་གསལ་བྱེད་ཀྱི་ངོ་བོར་རྒྱུ་བ་ཡིན་ལ། དེ་ཡང་ཞིབ་ཏུ་བཤད་ན་དཔུང་པ་གཡས་པའི་ཚིགས་ཀྱི་རྩ་འདབ་སུམ་བཅུ་ལ་ཀ་ཁ་ག་གྷ་ངའི་སྡེ་ཚན་ལ་རིམ་པ་བཞིན་དུ་ཨ་ཨི་ར་ཨུ་ལ་ཨཾ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་རྒྱུ་བ་ཡིན་ཏེ། ང་ངི་ངུ་ངཾ། གྷ་གྷི་གྷྲྀ་གྷུ་གྷླྀ་གྷཾ། ག་གི་གྲྀ་གུ་གླྀ་གཾ། ཁ་ཁི་ཁྲྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ། ཞེས་པའི་ངོ་བོ་ཉིད་དུ་རྒྱུ། དེ་བཞིན་དུ་དཔུང་པ་གཡས་པའི་ཚིགས་ཀྱི་རྩ་འདབ་སུམ་བཅུ་ལ་ཀྐ་ཁྑ་གྒ། ཞེས་པའི་གསལ་བྱེད་ལ་ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་རྒྱུ་སྟེ། འདི་ལྟར་ཀྐཱ་ཀྐཱི། ཀྐཱུ་ཀྲཱྀ་ཀྐཱི་ཀྐཱ་ཞེས་བྱ་བ་ལ་སོགས་པའི་དབྱངས་གསལ་གྱི་ངོ་བོར་རྒྱུའོ། །དེ་བཞིན་དུ་གྲུ་མོའི་ཚིགས་གཡོན་གཡས་ལ་ཙ་སྡེ་ཐུང་རིང་དང་། འཁྲིག་མའི་ཚིགས་གཡོན་གཡས་ལ་ཊ་སྡེ་ཐུང་རིང་དང་། དཔྱི་དང་བརླའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་དང་། པུས་མོའི་ཚིགས་གཡོན་གཡས་ལ་ཏ་སྡེ་ཐུང་རིང་དང་། ལོང་བུའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་གི་ངོ་བོ་ཉིད་དུ་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་ལག་པ་གཡོན་པའི་མཐེའུ་ཆུང་གི་རྩ་བའི་ཚིགས་ལ་ང་ངི་ནགྲྀ་ངུ་ནགླྀ་ངཾ། དེ་བཞིན་དུ་སྲིན་ལག་ནས་མཐེ་བོའི་བར་ལ་ང་གྷ་ག་ཁ་ཀ་རྣམས་ལ་དབྱངས་རྣམས་ཞུགས་ཚུལ་སྔར་བཞིན་དང་། ལག་པ་གཡས་པའི་མཐེ་བོང་གི་རྩ་བའི་ཚིགས་ལ་ཀྐཱཿཀྐཱྀ་ཀྐཱུ་ཀྲཱྀ་ཀྐཱི་ཀྐཱ། དེ་བཞིན་དུ་མཛུབ་མོ་ལ་སོགས་པ་ལ་ཁྑཱ་ལ་སོགས་པ་ཀྐཱ་སྡེ་རིང་པོ་དང་། སོར་ཚིགས་བར་པའི་གཡོན་གཡས་པ་རྣམས་ལ་ཙ་སྡེ་ཐུང་རིང་། རྩེ་མོའི་ཚིགས་གཡོན་གཡས་པ་རྣམས་ལ་ཊ་སྡེ་ཐུང་རིང་། རྐང་སོར་གྱི་རྩ་བའི་ཚིགས་གཡོན་གཡས་པ་རྣམས་ལ་པ་སྡེ་ཐུང་རིང་། བར་པའི་ཚིགས་གཡོན་གཡས་པ་རྣམས་ལ་ཏ་སྡེ་ཐུང་རིང་། རྩེ་མོའི་ཚིགས་གཡོན་གཡས་པ་རྣམས་ལ་ས་སྡེ་ཐུང་རིང་གི་ངོ་བོ་ཉིད་དུ་རླུང་རྒྱུའོ། །དེ་ཡང་ཕྱི་རོལ་ཏུ་ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཟླ་བ་རེ་རེ་ལ་ཚེས་བཅུའི་དབྱེ་བས་ཚེས་སུམ་བརྒྱ་དྲུག་བཅུ་ཡོད་ལ། ནང་རྡོ་རྗེའི་ལུས་ལ་རྐང་ལག་གི་ཚིགས་ཆེན་བཅུ་གཉིས། དེ་རེ་རེ་ལ་རྩའི་འདབ་མ་སུམ་བཅུ་སུམ་བཅུ་སྟེ་དྲིལ་བས་རྩའི་འདབ་མ་སུམ་བརྒྱ་དྲུག་བཅུ་ལས་རླུང་ཡང་གྲངས་དེ་སྙེད་དུ་རྒྱུ་ལ། གཞན་སྐུའི་དཀྱིལ་འཁོར་ལ་བདེན་བྲལ་ལ་སོགས་པའི་ལྷ་ཆེན་བཅུ་གཉིས་ལ་ཙ་རྡོ་རྗེ་མ་ལ་སོགས་པས་བསྐོར་བའི་ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་བཅུར་བཤད་པ་ཡིན་ནོ། །དེ་བཞིན་དུ་ལག་པ་དང་རྐང་པའི་སོར་ཚིགས་ཀྱི་རྩ་འདི་བ་རྣམས་དང་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི་པ་རྣམས་ཀྱི་ནང་དུ་རྒྱུ་བའི་རླུང་རྣམས་ལ་ཡང་རིམ་པ་བཞིན་དུ་ཀླུ་དང་རབ་གཏུམ་དང་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་ཕྱི་ནང་གཞན་གསུམ་ལ་སྦྱར་ནས་ཤེས་པར་བྱའོ། །འཁོར་ལོ་བཞི་དང་ཡན་ལག་དང་ཉིང་ལག་གི་འཁོར་ལོ་འདི་རྣམས་ཀྱི་ངེས་པ་ནི་དུས་ཀྱི་འཁོར་ལོ་ལས་གསུངས་ཏེ། ཇི་སྐད་དུ། རེས་གཟའ་སྙིང་ཀའི་པདྨ་ལ་སྟེ་རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་བཅུ་ལྟེ་བའི་པདྨ་ལ། །སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ་སླར་ཡང་མི་བདག་ལོངས་སྤྱོད་འཁོར་ལོར་སྐར་མའོ། །སླར་ཡང་ལྟེ་བའི་པདྨ་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་རྣལ་འབྱོར་ལྡན་པ་དག་གིས་རིག་པར་བྱ། །ཆུ་ཚོད་ཆུ་སྲང་གསལ་བར་མཐའ་དག་ལུས་ལ་ལག་པ་རྐང་པ་ལ་སོགས་དག་གི་ཚིགས་ལའོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ཆ་ནི་འཕོ་བའི་རིམ་པས་སོ། །ཞེས་གསུངས་སོ། །བདུན་པ་རྩ་ཕྲ་མོ་རྣམས་སུ་རྒྱུ་བའི་རིམ་པ་བཤད་པ་ནི། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བས་དབུ་མའི་བདག་ཉིད་གསུངས། །དཀར་དམར་གྱིས་ཕྱེ་དེ་དང་མཉམ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ནས་རྒྱུ་བར་འགྱུར། །ཞེས་གསུངས་ཏེ། འཁོར་ལོ་བཞི་དང་ཚིགས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་བཤད་ཟིན་པ་དེ་ནས་འབྱུང་བ་ལྔའི་རླུང་རྒྱུ་བར་བྱེད་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་འགྲོ་བའི་རླུང་ནི་དབུ་མ་སྒྲ་གཅན་གྱི་རང་བཞིན་ཐུགས་རྡོ་རྗེའི་བདག་ཉིད་དུ་གསུངས་ལ། དེ་ཡང་ཁམས་དཀར་དམར་གཉིས་ཀྱིས་ཕྱེ་བས་སྟོང་ཕྲག་ཉི་ཤུ་རྩ་བཞི་དེ་དང་མཉམ་པར་རྐྱང་མ་དཀར་ཆ་འབབ་པ་སྐུ་རྡོ་རྗེ་དང་། རོ་མ་དམར་ཆ་འབབ་པ་གསུང་རྡོ་རྗེའི་བདག་ཉིད་ཏེ། དེ་དག་བསྡོམས་པ་ལས་སྟོང་ཕྲག་ཉི་ཤུ་རྩ་གཉིས་སུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་ཡིན་ནོ། །འོ་ན་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྩའི་ནང་དུ་རླུང་གནས་པ་ཡིན་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ནི་རོ་རྐྱང་གི་ལམ་ནས་སྣ་སྒོར་འབབ་པ་ཡིན་པས་ན། སྟོང་ཕྲག་བདུན་བཅུ་རྩ་གཉིས་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་པ་མི་འཐད་དོ་ཞེ་ན། དེ་ལ་སྐྱོན་མེད་ཏེ། སྣ་སྒོ་ལས་འབབ་པའི་རླུང་ནི་ཕྱིར་འགྲོ་བ་སྡུད་རིམ་རོ་མའི་ཆོས་ཅན་དང་། ནང་དུ་འོང་བ་བསྐྱེད་རིམ་རྐྱང་མའི་ཆོས་ཅན་དང་། དེའི་སོ་གཉིས་ཆ་ནི་དབུ་མའི་ཆོས་ཅན་ཡིན་ཞིང་འཁོར་ལོ་ལྔའི་ལྟེ་བའི་ཁམས་ལྔས་བྱིན་གྱིས་བརླབས་ནས་འབབ་པ་ཡིན་ལ། སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་གནས་པའི་རླུང་ཡང་རྩ་གསུམ་དང་འཁོར་ལོ་ལྔའི་ཁམས་ལྔས་བྱིན་གྱིས་བརླབས་པ་ཡིན་པས་ན་དེ་ལྟར་ནང་ནས་རྒྱུ་བར་འགྱུར་རོ། །བརྒྱད་པ་དེ་དག་འགག་པའི་རིམ་པ་བཤད་པ་ནི། གང་ཚེ་ལུག་སོགས་ཁྱིམ་གཅིག་ཏུ། །རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ། །འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །ཞེས་གསུངས་ཏེ། དབུས་མ་དུས་འཆིའི་དབང་དུ་བྱས་ནས་འཆི་བའི་དུས་སུ་གང་གི་ཚེ་ལུག་ལ་སོགས་པ་ཁྱིམ་གྱི་དུས་སྦྱོར་གང་ཡང་རུང་བའི་རྩ་གཅིག་ཏུ་རླུང་རྒྱུ་བ་འགགས་པ་དེའི་ཚེ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་། དེ་ལས་གྱེས་པའི་རྩ་ཐམས་ཅད་ཀྱི་རླུང་གི་ཕྱོགས་ཆ་ཀུན་ནས་འགག་པར་འདྲ་ལ། འདི་དག་ལ་ཕྱི་ནང་གི་སྦྱར་བཤད་ཀྱི་དབྱེ་བ་དཔག་ཏུ་མེད་ཀྱང་ཕལ་ཆེར་ཕྱི་རོལ་གྱི་རྩིས་གཞི་དང་མཚུངས་པ་ཡིན་ལ། དེ་ཡང་ཕྱི་རོལ་གྱི་ལོ་གཅིག་དང་ནང་གི་ཞག་གཅིག་ཆོས་མཚུངས་ཏེ། ཇི་ལྟར་ཞེ་ན། ཕྱི་རོལ་ཏུ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་དང་། ནང་དུ་ཞག་གཅིག་ལ་རླུང་འཕོ་བ་བཅུ་གཉིས་ཡོད་པ་ཆོས་མཚུངས་ཤིང་། ཕྱི་རོལ་ཏུ་ཁྱིམ་རེ་རེ་ལ་དབྱུག་གུ་ལྔ་ལྔ་ཡོད་པ་དང་། ནང་དུ་འཕོ་བ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པ་ཆོས་མཚུངས་ལ། ཕྱི་རོལ་ཏུ་ལོ་གཅིག་ལ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་དང་། ནང་དུ་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་ཆོས་མཚུངས་པ་ཡིན་ནོ། །དྲི་མ་མེད་པའི་འོད་ལས། འདིར་ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་བཞིན་དུ་ནང་དུ་སྲོག་གི་ནུས་པ་ཡང་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་སུ་དབྱེ་བས་འཁོར་རོ་ཞེས་དང་། ཡང་དེ་ཉིད་ལས། འདིར་ཇི་ལྟར་ཕྱི་རོལ་ཏུ་དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ཉི་མའི་འཕོ་བ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་སྲོག་གི་ནུས་པ་འདབ་མ་རེ་རེར་འཕོ་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ཕྱི་རོལ་ཏུ་རྒྱུ་བའི་རིམ་པ་བཤད་པ་ལ། སྤྱིར་བསྟན་པ། དུས་སྦྱར་རྒྱས་པར་བཤད་པ། དབུ་མའི་ཆ་བཤད་པའོ། །དང་པོ་ནི། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །རྩ་ཆེན་གཉིས་བརྒྱུད་སྣ་བུག་ཏུ། །གཡས་པ་ཉི་མ་དུག་གི་རླུང་། །གཡོན་པ་ཟླ་བ་བདུད་རྩི་སྟེ། །ཐབས་དང་ཤེས་རབ་རང་བཞིན་ནོ། །ཞག་རེ་བཞིན་དུ་དེ་ཡི་རླུང་། །ཁྲི་དང་བཞི་བརྒྱ་དྲུག་བཅུ་གཉིས། །ཕྱེད་བཅས་ཉི་ཟླའི་རླུང་དུ་བརྗོད། །དེ་གཉིས་དབུས་ནས་རྒྱུ་བའི་རླུང་། །དྲུག་བརྒྱ་བདུན་བཅུ་རྩ་ལྔ་ནི། །སྒྲ་གཅན་མཁའ་དང་ཡེ་ཤེས་ཀྱི། །རླུང་སྟེ་གཉིས་སུ་མེད་པ་ཐུགས། །དེ་ལ་ངོ་བོའི་དབྱེ་བ་ཡིས། ས་སོགས་ལྔ་ཡི་བདག་ཉིད་ཏེ། །སྐྱེ་དུས་མ་དང་འབྲེལ་བའི་རླུང་། །ཆད་ཅིང་དེ་ནས་སྣར་རྒྱུ་བས། །ཀརྐ་ཊ་ཡི་ཁྱིམ་དུ་བཤད། །ཅེས་གསུངས་ཏེ། ནང་དུ་རྒྱུ་བའི་ཚུལ་བཤད་ཟིན་པ་དེ་ནས་ཕྱི་རོལ་ཏུ་རྒྱུ་བའི་ཚུལ་བཤད་པ་ནི། ཕྲ་བར་ན་བསྡུ་བྱེ་བ་ཕྲག་ཕྱེད་དང་བཞི་དང་རགས་པར་ན་དབང་པོའི་སྒོ་ཀུན་ནས་རྒྱུ་བ་ཡིན་ལ། བྱེད་ལས་ཁྱད་པར་ཅན་གྱིས་འཇུག་པའི་སྒོ་ནི་ལྟེ་བའི་རྩ་ཆེན་གཉིས་ནས་བརྒྱུད་ཏེ་སྣ་བུག་གཉིས་སུ་རྒྱུ་བ་ལས་དེའི་གཡས་པ་རོ་མ་མེའམ་ཉི་མའི་ཆོས་ཅན་ཡིན་ལ། བྱེད་ལས་དུག་གི་རླུང་ཞེས་བྱ་སྟེ། སྡུད་རིམ་ཡིན་པས་དུས་འཁོར་བ་ཇི་སྲིད་པར་མི་དགེ་བའི་ལྟས་སྟོན་པར་བྱེད་དོ། །བསམ་པའི་སྒོ་ནས་ཐབས་དང་ལུས་ཀྱི་སྒོ་ནས་ཤེས་རབ་ཀྱི་རང་བཞིན་གསུང་རྡོ་རྗེའི་བདག་ཉིད་ཡིན་ནོ། །གཡོན་པ་རྐྱང་མ་ནི་ཟླ་བ་ཆུའི་ཆོས་ཅན་ཡིན་ལ། བྱེད་ལས་བདུད་རྩིའི་རླུང་ཡིན་ཏེ། བསྐྱེད་རིམ་ཡིན་པས་ན་འཁོར་བའི་གནས་སྐབས་ནས་དགེ་བའི་ལྟས་སྟོན་པར་བྱེད་དོ། །དེ་ཡང་བསམ་པ་ཤེས་རབ་དང་ལུས་ཐབས་ཀྱི་བདག་ཉིད་སྐུ་རྡོ་རྗེའི་རང་བཞིན་ནོ། །དེ་རེ་རེ་ལ་ཡང་ཞག་རེ་བཞིན་དུ་གཡས་གཡོན་དེའི་རླུང་ཁྲི་དང་བཞི་བརྒྱ་དྲུག་བཅུ་རྩ་གཉིས་ཕྱེད་དང་བཅས་པ་རེ་རྒྱུ་ལ། དེ་གཉིས་ལ་ནང་གི་ཉི་ཟླའི་རླུང་ཞེས་བརྗོད་ལ། དེ་གཉིས་བསྡོམས་པ་ལས་ཉི་ཁྲི་དགུ་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད་ལ། དེ་གཉིས་ཀྱི་དབུས་ནས་རྒྱུ་བའི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ནི་ནང་གི་ཟླ་ཉི་ལ་ལྟོས་ནས་སྒྲ་གཅན་དང་ཁམས་ལྔ་ལས་ནམ་མཁའ་དང་རོ་རྐྱང་གཉིས་ཀྱིས་གཟུང་འཛིན་བསྐྱེད་པས་དེ་ལ་ལྟོས་ནས་ཡེ་ཤེས་ཀྱི་རླུང་ཡིན་ཞིང་། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣ་ཡི་བུ་ག་གཉིས་ནས་རྒྱུ། །ཡང་དག་ཉི་མ་ཟླ་བ་གཉིས། །སྦས་པ་ནང་ནས་རྒྱུ་བར་བྱེད། །ཅེས་གསུངས་སོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་ས་ལ་སོགས་པ་ཁམས་ལྔའི་བདག་ཉིད་ཡིན་པར་འོག་ནས་སྟོན་པ་ལྟར་ཡིན་ལ། འདི་ལ་ཡང་དང་པོར་རྒྱུ་བའི་ཐོག་མ་གང་ཡིན་ཤེས་དགོས་པས། སྐྱེ་བའི་དུས་སུ་མའི་ལྟེ་བ་དང་འབྲེལ་བའི་རླུང་ཆད་ཅིང་། དེ་ནས་སྣའི་སྒོར་རྒྱུ་བས་ན་ཀརྐ་ཊའི་ཁྱིམ་དུ་བཤད་ཏེ་ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པའི་ཕྱིར་རོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། འདིར་ཕྱི་རོལ་ཏུ་ཉི་མ་སྐྱེ་བའི་ཁྱིམ་ནི་ཀརྐ་ཊའོ། །དེ་བཞིན་དུ་སྐྱེས་པ་ཐམས་ཅད་དུས་སྦྱོར་གང་དུ་སྐྱེས་པར་གྱུར་པའི་ཁྱིམ་དེ་ནི་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ་སྲོག་སྐྱེ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་རིགས་པས་ཏེ་དུས་སྦྱོར་ཀརྐ་ཊ་ནས་སོ། །ཞེས་གསུངས་སོ། །གཉིས་པ་དུས་སྦྱོར་རྒྱས་པར་བཤད་པ་ནི། ད་ནི་དུས་སྦྱོར་བཤད་པར་བྱ། །རྩ་བ་ཡན་ལག་བཅས་པའི་རླུང་། །ལུས་ཀུན་འཁོར་ལོ་རིམ་བརྒྱུད་ཏེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད། །མཉམ་དང་མི་མཉམ་ཁྱིམ་བཅུ་གཉིས། །རེ་མོས་གཡས་དང་གཡོན་འབྱུང་བས། །ཉི་མ་ལྷོར་བགྲོད་དང་པོ་ལ། །སྣ་བུག་གཡས་ནས་འབྱུང་བའི་རླུང་། །ནམ་མཁའ་རླུང་མེ་ཆུ་ས་ཡི། །རིམ་པས་གྲངས་ནི་གོང་དང་མཚུངས། །དེ་ལྟར་འཕོ་བ་བཅུ་གཉིས་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །ཞེས་གསུངས་ཏེ། ད་ནི་ནང་གི་དུས་སྦྱོར་བཤད་པར་བྱ་བ་ལས། གོང་དུ་བཤད་པའི་རྩ་བ་ཡན་ལག་དང་བཅས་པའི་རླུང་བཅུ་དང་། སྙིང་ཀའི་ཐུན་བརྒྱད་མགྲིན་པའི་རྒྱུ་སྐར་སྤྱི་བོའི་ཟླ་བའི་རླུང་རྣམས་དང་ལུས་ཀུན་ཏེ་ཡུལ་ཉི་ཤུ་རྩ་བཞིའི་རླུང་དང་། ཚིགས་ཆེན་བཅུ་གཉིས་ཀྱི་རླུང་རྣམས་རང་རང་གི་རྩའི་འཁོར་ལོ་རྣམས་རིམ་པར་བརྒྱུད་ཏེ་ལྟེ་བའི་འཁོར་ལོར་སྲོག་གི་ནུས་པ་བསྐྱེད་ནས་སྣའི་སྒོ་གཉིས་ནས་འབབ་སྟེ། དེ་ཡང་གླང་སོགས་མཉམ་པ་དང་ལུག་སོགས་མི་མཉམ་པའི་ཁྱིམ་བཅུ་གཉིས་སུ་རེ་མོས་ཀྱིས་སྣའི་བུ་ག་གཡས་དང་གཡོན་ནས་འབྱུང་བས་ན། ཕྱི་རོལ་ཏུ་ཉི་མ་ལྷོར་བགྲོད་པའི་དང་པོ་ལ་ཀརྐ་ཊའི་ཁྱིམ་དུ་སྐྱེས་ནས་ཟླ་བ་དྲུག་ཏུ་ཉི་མའི་སྟོབས་འབྲི་ཞིང་ཟླ་བའི་སྟོབས་འཕེལ་ལ། ཆུ་སྲིན་ལ་སོགས་པའི་བྱང་བགྲོད་དྲུག་ལ་ཟླ་བའི་སྟོབས་འབྲི་ཞིང་ཉི་མའི་སྟོབས་འཕེལ་བས་བྱང་བགྲོད་དང་ནང་གི་སྣ་བུག་གཡས་གཉིས་ཆོས་མཚུངས་རྒྱུ་ཡིན་ནའང་དྲི་མ་མེད་པའི་འོད་ལས། ཀརྐ་ཊ་སོགས་དང་སྣ་བུག་གཡས་སྦྱར་བྱུང་བ་ནི་གཡས་ནས་འབྱུང་བའི་རླུང་ཉི་མ་ཡིན་ལ། དེ་སྡུད་རིམ་ཡིན་ཞིང་འབྱུང་འཇུག་གཉིས་ལས་འབྱུང་བའི་ཆོས་ཅན་ཡིན་པས་ཉི་མའི་སྟོབས་སམ་ནུས་པ་ཉམས་པར་འགྱུར་བའི་ལྷོར་བགྲོད་དང་མཚུངས་པ་ཡིན་ལ། སྣ་བུག་གཡས་ནས་འབྱུང་བའི་རླུང་གི་དུས་སྦྱོར་རེ་རེ་ཡང་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལྔ་རེ་རེའང་རིམ་པ་བཞིན་དུ་སུམ་བརྒྱ་དྲུག་བཅུ་དྲུག་བཅུ་རེ་དཀྱིལ་འཁོར་ལྔ་པོ་ཀུན་ལ་བསྡོམས་པས་སྟོང་དང་བརྒྱད་བརྒྱའོ། །དེའི་འོག་ཏུ་གཡོན་ནས་ཟླ་བ་ཆུའི་ཆོས་ཅན་གྱི་རླུང་ནི་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་བསྐྱེད་རིམ་དུ་འབབ་ཅིང་གྲངས་ནི་གོང་དང་མཚུངས་ལ། དེ་ལྟར་འཕོ་བ་བཅུ་གཉིས་བསྡོམས་པ་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ཏེ། འདི་ལ་ཡང་ཕྱི་རུ་ཉི་མ་ཁྱིམ་བཅུ་གཉིས་སུ་འཕོ་བ་དང་། ནང་དུ་ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་ལ་རླུང་འཕོ་བའི་ཚུལ་མཚུངས་ཏེ། ཕྱི་རོལ་ཏུ་ཆུ་ཚོད་སྟོང་བརྒྱད་བརྒྱས་ཉི་མ་ཁྱིམ་གཞན་དུ་འཕོ་བ་བཞིན་དུ་ནང་དུ་ཡང་དབུགས་སྟོང་བརྒྱད་བརྒྱས་ཁྱིམ་གྱི་འདབ་མ་གཞན་དུ་འཕོ་བ་ཡིན་ལ། དེ་ཡང་ཞིབ་ཏུ་རྣམ་པར་དཔྱད་ན་ཕྱི་རོལ་ཏུ་ཡང་འཕོ་ཆེན་དང་འཕོ་ཆུང་གཉིས་ལས། འཕོ་ཆེན་གྱི་དབང་དུ་བྱས་ན་ཉིན་ཞག་སུམ་བཅུས་ཆུ་ཚོད་སྟོང་བརྒྱད་བརྒྱར་རེ་ལ་ལོངས་སྤྱོད་པས་དཀྱིལ་འཁོར་ལྔ་ལ་ལོངས་སྤྱོད་པའི་ཐ་སྙད་བྱེད་ལ། འཕོ་ཆུང་གི་དབང་དུ་བྱས་ན་ཉིན་ཞག་དྲུག་གི་ཆུ་ཚོད་སུམ་བཅུས་དཀྱིལ་འཁོར་གཅིག་ལ་ལོངས་སྤྱོད་པར་བྱེད་དོ། །དེ་བཞིན་དུ་ནང་དུ་དབུགས་སྟོང་བརྒྱད་བརྒྱས་དཀྱིལ་འཁོར་ལྔ་ལ་ལོངས་སྤྱོད་ཅིང་། དབུགས་སུམ་བརྒྱ་དྲུག་བཅུས་དཀྱིལ་འཁོར་གཅིག་ལ་ལོངས་སྤྱོད་པ་ཆོས་མཚུངས་པ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། འདིར་ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་གི་ནུས་པ་ཡང་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་འཁོར་རོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ། མཆོག་གི་ཆ་སྲོག་གི་ནུས་པ་ནི་འཕོ་བའི་རིམ་པས་ཁྱིམ་བཅུ་གཉིས་ཀྱི་འདབ་མ་རྣམས་སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་འཕོ་བར་འགྱུར་ཏེ་ཞེས་པ་ནི་འདིར་ཇི་ལྟར་ཕྱི་རོལ་ཏུ་དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ཉི་མའི་འཕོ་བ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་སྲོག་གི་ནུས་པ་འདབ་མ་རེ་རེར་འཕོ་བར་འགྱུར་རོ། །ཞེས་དང་། འདིར་ཕྱི་རོལ་ཏུ་ཉི་མའི་འཕོ་བ་རེ་རེ་ལ་ཉིན་ཞག་སུམ་བཅུས་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་ཉིན་ཞག་དྲུག་གི་དབྱུག་གུ་སུམ་བརྒྱ་དྲུག་བཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་དོ། །དེ་བཞིན་དུ་ནང་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་། དབུགས་སུམ་བརྒྱ་དྲུག་བཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་པར་འགྱུར་བ་ནི་ངེས་པའོ། །ཞེས་གསུངས་སོ། །གསུམ་པ་དབུ་མའི་ཆ་བཤད་པ་ནི། དེ་ལས་ཡེ་ཤེས་རླུང་བཤད་པ། །དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡིན། །འཕོ་བ་ལྔ་བཅུ་དྲུག་བཞི་ཆ། །དབྱུག་གུ་བཅུ་གཅིག་བཞི་ཆ་སྟེ། །མདོར་ན་དབུགས་གཅིག་སོ་གཉིས་ཆ། །བསགས་པས་དེ་ལྟར་གྱུར་པ་ཡིན། །དེ་ཡང་ཕྱེད་ནི་ཕྱིར་རྒྱུ་ལ། །ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །འདི་ནི་གཟའ་ཀུན་རྐང་པ་སྟེ། །ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་ཟིན་ན་འཆི་མེད་འགྲུབ། །ལོ་བརྒྱའི་རྒྱུ་བ་བསྡོམས་པས་ནི། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། །ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས། །འདི་དོན་རྟོགས་པས་མ་ནོར་འཆར། །ཞེས་གསུངས་ཏེ། དེ་ཡང་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་དེ་ལས་ཡེ་ཤེས་ཀྱི་རླུང་གི་ཆ་བཤད་པ་ནི་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡིན་ལ། དེའི་ཚུལ་ཞིབ་པ་ན་འཕོ་བ་ཆེན་པོ་རེ་རེའི་མཐར་ལྔ་བཅུ་རྩ་དྲུག་བཞི་ཆ་རེ་དངོས་སུ་རྒྱུ་ལ། དཀྱིལ་འཁོར་རམ་དབྱུག་གུ་གཅིག་གི་ཐོབ་སྐལ་བརྩིས་ན་དབུགས་བཅུ་གཅིག་དང་བཞི་ཆ་གཅིག་ཐོབ་ལ། མདོར་ན་དབུགས་གཅིག་གི་སོ་གཉིས་ཀྱི་ཆ་བསགས་པ་ལས་དེ་ལྟར་དུ་གྱུར་པ་ཡིན་ནོ། །སོ་གཉིས་ཆ་དེའི་ཡང་ཕྱེད་ནི་ཕྱིར་རྒྱུ་ཞིང་ཕྱེད་ནི་དབུ་མར་ནང་དུ་རྒྱུ་བས་འཕེལ་བར་འགྱུར་ལ། འདི་ནི་གཟའི་གཙོ་བོ་ཉི་ཟླ་གཉིས་དང་གཟའ་ལྔ་མཇུག་རིང་དང་བཅས་པ་ཀུན་གྱི་རྐང་པའི་དག་པ་ཡང་འདི་ལས་འབྱུང་ཞིང་ནང་དུ་སྣ་བུག་གཉིས་ལ་སོགས་པ་དབང་པོའི་སྒོ་ཐམས་ཅད་དང་སྤྱི་བོའི་ཐུར་སེལ་ལ་སོགས་པ་རླུང་རྒྱུ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཕྱིར་འགྲོ་བ་འཕེལ་བས་འཆི་ལྟས་སུ་འགྱུར་བ་ཡིན་ཞིང་དེ་ཉིད་ནང་དུ་ཟིན་ན་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པར་བྱེད་དོ། །ལོ་བརྒྱའི་དབུ་མ་ཡེ་ཤེས་ཀྱི་རྒྱུ་བ་བསྡོམས་པས་ནི་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་འབྱུང་ལ། དེ་ལྟར་ཞག་དང་ཟླ་བ་ལ་སོགས་པའི་ཤོལ་དང་འཕེལ་འགྲིབ་རྣམས་ཀྱང་འདིའི་དོན་རྟོགས་པ་ལས་མ་ནོར་བར་འཆར་བ་ཡིན་ནོ། །འདིར་ཅུང་ཟད་ཞིབ་པར་བརྩིས་ན་དབུགས་གཅིག་གི་སོ་གཉིས་ཀྱི་ཆ་གཅིག་ཡེ་ཤེས་ཀྱི་རླུང་ཡིན་པ་དེའི་ཚེ་དབུགས་སོ་གཉིས་ཀྱི་ཆ་གཅིག་ཀྱང་ཡེ་ཤེས་ཀྱི་རླུང་ཡིན་པར་གྲུབ་ལ། དེ་ལྟར་ན་དབུགས་སོ་གཉིས་པོ་བཅུ་གཅིག་གིས་བསྒྱུར་བས་སུམ་བརྒྱ་དང་ལྔ་བཅུ་རྩ་གཉིས་འབྱུང་ཞིང་། དེ་ལ་སོ་གཉིས་ཀྱི་བཞི་ཆ་བརྒྱད་བསྣན་པས་སུམ་བརྒྱ་དང་དྲུག་བཅུ་འབྱུང་ལ། དེ་ལ་ནི་འཕོ་ཆུང་གཅིག་ཞེས་པའམ་དཀྱིལ་འཁོར་གཅིག་ཞེས་པའམ་དབྱུག་གུ་གཅིག་ཅེས་བྱའོ། །དེའི་ཚེ་ཡེ་ཤེས་ཀྱི་ཆ་རྐང་པ་གཅིག་དང་བཅས་པའི་བཅུ་གཅིག་ཏུ་འགྱུར་རོ། །དེ་ལས་དཀྱིལ་འཁོར་ལྔར་ལོངས་པ་ན་དབུགས་སྟོང་བརྒྱད་བརྒྱ་འབྱུང་ལ། དེ་ཉིད་ལ་འཕོ་ཆེན་གཅིག་ཅེས་བྱ་ཞིང་དེའི་ཚེ་ཡེ་ཤེས་ཀྱི་ཆ་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབྱུང་བ་ཡིན་ནོ། །དེ་ལས་འཕོ་ཆེན་བཅུ་གཉིས་སུ་ལོངས་པ་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབྱུང་ལ། དེའི་ཚེ་ཡེ་ཤེས་ཀྱི་ཆ་དབུགས་དྲུག་བརྒྱ་བདུན་བཅུ་རྩ་ལྔའོ། །དེ་ནི་ཉིན་ཞག་གཅིག་གི་ཡེ་ཤེས་ཀྱི་ཆ་ཡིན་པས་དེ་ཉིད་སུམ་བཅུས་བསྒྱུར་བ་ཟླ་བ། དེ་བཅུ་གཉིས་ཀྱིས་བསྒྱུར་ལོ། །དེ་བརྒྱས་བསྒྱུར་བས་འབུམ་ཕྲག་གསུམ་དང་བཅས་པའི་ས་ཡ་ཕྲག་ཉི་ཤུ་རྩ་བཞི་འབྱུང་བ་ནི་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་པ་ཡིན་ནོ། །དེ་ལ་དྲུག་གིས་བགོས་པས་ཁྲི་ཕྲག་ལྔ་དང་བཅས་པའི་ས་ཡ་བཞི་ཐོབ་པ་ཆུ་སྲང་ཡིན་ཞིང་ལྷག་མ་མེད་དོ། །དེ་ལ་དྲུག་བཅུས་བགོས་པས་ལྔ་བརྒྱ་དང་བཅས་པའི་སྟོང་ཕྲག་དྲུག་བཅུ་རྩ་བདུན་ཐོབ་པ་ནི་ཆུ་ཚོད་ཡིན་ལ་ལྷག་མ་མེད་དོ། །དེ་ལ་དྲུག་བཅུས་བགོས་པས་བརྒྱ་ཕྲག་བཅུ་གཅིག་དང་ཉི་ཤུ་རྩ་ལྔ་ཐོབ་པ་ཞག་ཡིན་ལ་ལྷག་མ་མེད་དོ། །དེ་ལ་སུམ་བཅུས་བགོས་པས་སུམ་བཅུ་རྩ་བདུན་ཐོབ་པ་ཟླ་བ་ཡིན་ཅིང་ལྷག་བཅོ་ལྔ་འབྱུང་བ་ཟླ་བ་ཕྱེད་ཡིན་ནོ། །དེ་ལ་བཅུ་གཉིས་ཀྱིས་བགོས་པས་གསུམ་ཐོབ་པ་ལོ་གསུམ་དང་ལྷག་གཅིག་འབྱུང་བ་ཟླ་བ་ཡིན་ནོ། །དེ་ལྟར་ན་སྐྱེས་བུ་ཚེ་ལོ་བརྒྱ་བའི་དབང་དུ་བྱས་ན་དབུ་མའི་ཡེ་ཤེས་ཀྱི་ཆ་བསགས་པས་ལོ་གསུམ་དང་ཕྱོགས་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་འབྱུང་བ་ཡིན་ནོ། །དྲི་མ་མེད་པའི་འོད་ལས། སྐར་རྩིས་ཀྱི་ཆོ་གས་མཉམ་པ་ནི་འཕོ་བ་སོ་སོའི་ཉིན་ཞག་སྟེ་རྐང་པ་དང་བཅས་པའི་དབྱུག་གུ་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ནི་ཕྱི་རོལ་དུའོ། །ནང་དུ་མཉམ་པ་ནི་དབུགས་ཀྱི་བདག་ཉིད་ཏེ་དུས་སྦྱོར་སོ་སོའི་འཕོ་བའི་དབྱེ་བས་སོ་ཞེས་པ་ནི་འཕོ་བ་བཅུ་གཉིས་འཁོར་བའོ། །ཞེས་དང་། དཀྱིལ་འཁོར་འདི་དག་ལ་དབུགས་སུམ་བརྒྱ་དྲུག་བཅུའི་དབུས་ནས་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་བཟུང་ནས་དུས་སྦྱོར་འཆར་བའི་མཚམས་སུ་མཉམ་པར་རབ་ཏུ་འབབ་ཏེ་དམན་པའི་དབུགས་ནི་དྲུག་བཅུའོ་ཞེས་པ་ནི་རྐང་པ་གསུམ་དང་བཅས་པའི་དབུགས་གསུམ་གྱིས་དམན་པའི་དབུགས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་བོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་ཀྱི་རབ་ཏུ་དབྱེ་བས་འགྱུར་རོ་ཞེས་པ་ནི་འཕོ་བའི་ངེས་པའོ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་དང་བཅས་པ་བཤད་པ་ལ། སྣའི་ཕྱོགས་གང་ནས་རྒྱུ་བ། དེ་དག་ཁ་དོག་གང་ཡིན་པ། །དེ་ཕྱི་རོལ་གྱི་གཟའ་རྣམས་དང་སྦྱར་བ། ལས་གང་དང་གང་འགྲུབ་པ། ཕྱི་ནང་དུ་རྒྱུ་བའི་ཚད་བསྟན་པ་དང་དྲུག་ལས། དང་པོ་ནི། རྒྱུ་རིམ་ཁ་དོག་སྟོབས་ཡོན་ཏན། །དང་པོ་སྣ་ཡི་ཀ་བ་ནི། །བྱང་སྟེ་གཉིས་ཀའི་ཆུ་ཡིན་ལ། །ཕྱི་རོལ་གཉིས་ནི་མེ་རུ་འདོད། །སྟེང་གཉིས་རླུང་སྟེ་འོག་གཉིས་ས། །དབུས་ནི་ནམ་མཁའ་ཡེ་ཤེས་ཡིན། །ཞེས་གསུངས་ཏེ། རླུང་ཕྱི་ནང་དུ་རྒྱུ་བའི་རིམ་པ་དང་རླུང་གི་ཁ་དོག་དང་སྟོབས་དང་ཡོན་ཏན་རྣམས་རིམ་པར་སྟོན་ནོ་ཞེས་སྤྱིར་བསྟན་ནས་དེ་ནས་དང་པོར་སྣའི་བུ་ག་གཉིས་ཀྱི་ཀ་བ་ནི་བྱང་སྟེ། དེ་གཉིས་ཀ་ནས་འབབ་པའི་རླུང་ནི་ཆུའི་རླུང་ཡིན་ཏེ། ཕྱི་རོལ་གཤོག་པ་གཉིས་ནས་འབབ་པ་ནི་མེའི་རླུང་དུ་འདོད་པ་ཡིན་ཏེ། སྟེང་གཉིས་ནས་འབབ་པ་རླུང་གི་རླུང་སྟེ་འོག་གཉིས་ནས་འབབ་པ་སའི་རླུང་དང་། དབུས་གཉིས་ནས་འབབ་པ་ནམ་མཁའ་དང་ཡེ་ཤེས་ཀྱི་རླུང་འབབ་པ་ཡིན་ནོ། །དྲི་མ་མེད་པའི་འོད་ལས། དེ་བཞིན་དུ་ནང་དུ་སྟོང་པ་ལ་སོགས་དེ་ཉིད་ལྔ་ཞེས་པ་ནི་སྟོང་པ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་ངེས་པར་གཡོན་དུ་སྟེ་སྣ་བུག་གཡོན་པར་རབ་ཏུ་འབབ་བོ། །ས་ལ་སོགས་པ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་དཀྱིལ་འཁོར་རྣམས་གཡས་ཀྱི་སྣ་བུག་པར་འབབ་བོ་ཞེས་དང་། འདིར་འཕོ་བའི་འདབ་མ་སོ་སོ་ལ་གནས་ལྔར་འགྱུར་ཏེ་འདབ་མའི་ནུབ་དང་བྱང་དང་ལྷོ་དང་ཤར་དང་དབུས་སུའོ། །དེ་ལ་པདྨའི་འདབ་མ་སོ་སོ་རེ་རེ་ལ་འབབ་པར་འགྱུར་ཏེ་ནུབ་ཏུ་འཛིན་པའི་དཀྱིལ་འཁོར་རོ། །འདབ་མའི་བྱང་དུ་ཆུའི་དཀྱིལ་འཁོར་འབབ་བོ། །ལྷོར་མེའི་དཀྱིལ་འཁོར་འབབ་བོ། །སླར་ཡང་ཤར་དུ་རླུང་གི་དཀྱིལ་འཁོར་རབ་ཏུ་འབབ་བོ། །འདབ་མའི་དབུས་དག་ཏུ་ཡང་སྟོང་པའི་དཀྱིལ་འཁོར་འབབ་སྟེ་སོ་སོར་དབུགས་སུམ་བརྒྱ་དྲུག་བཅུ་ནི་སྲོག་གི་ནུས་པའོ། །དེ་ལྟར་དབྱེ་བས་ལྔ་ཡིས་འཕོ་བ་སོ་སོར་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས། ད་ནི་རྩ་བར་ཞེས་པ་ལ་སོགས་པས་སྣ་བུག་གཉིས་ལས་དཀྱིལ་འཁོར་ལྔ་རབ་ཏུ་འབབ་པ་གསུངས་ཏེ། འདིར་སྣ་བུག་གཡོན་དང་གཡས་པ་དག་ལ་རྩ་བ་སྟེ་འོག་གི་ཆར་སའི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཡོན་པ་དང་གཡས་པ་དག་ལ་གཡོན་དུ་ཆུ་འབབ་བོ། །སྣའི་བུག་པ་གཉིས་ཀྱི་དབུས་ཀྱི་རེ་ཁཱ་ལ་མངོན་པར་ཕྱོགས་པ་ནི་ཐམས་ཅད་ཀྱི་བྱང་ན་ལྷུན་པོའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །གཡས་སུ་སྲེག་ཟའི་དཀྱིལ་འཁོར་དག་ནི་རབ་ཏུ་འབབ་སྟེ་སྣའི་བུག་པ་གཡས་དང་གཡོན་གཉིས་ཀའི་ཕྱི་རོལ་གྱི་ཆའོ། །སྣ་བུག་གཉིས་ཀའི་སྟེང་དུ་རླུང་གི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཉིས་ཀའི་དབུས་སུ་ནམ་མཁའ་སྟེ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའི་དཀྱིལ་འཁོར་འབབ་སྟེ། གཡོན་གྱི་དུས་སྦྱོར་རྒྱུ་བ་ལ་གཡོན་དང་། གཡས་ཀྱི་དུས་སྦྱོར་རྒྱུ་བ་ལ་གཡས་ནས་དཀྱིལ་འཁོར་རབ་ཏུ་འབབ་བོ། །སླར་ཡང་སྣ་བུག་གཉིས་ཅིག་ཅར་དུ་མཉམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་སྟེ་སྲོག་གི་ནུས་པའོ་ཞེས་གསུངས་སོ། །གཉིས་པ་དེ་དག་གི་ཁ་དོག་གང་ཡིན་པ་བཤད་པ་ནི། ཁ་དོག་ས་ཆུ་མེ་རླུང་མཁའ། །སེར་དཀར་དམར་ནག་སྔོ་བར་འདོད། །ཅེས་གསུངས་ཏེ། རླུང་དེ་དག་གི་ཁ་དོག་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན་དུ་སེར་དཀར་དམར་ནག་སྔོ་བར་འདོད། འདིར་ནམ་མཁའ་ནི་བསམ་པའི་སྒོ་ནས་སྔོ་བར་བཞག་ཀྱང་ལུས་ཀྱི་སྒོ་ནས་ལྗང་ཁུ་ཡིན་ནོ། །གསུམ་པ་དེ་ཕྱི་རོལ་གྱི་གཟའ་དང་སྦྱར་བ་ནི། འདི་དག་སྟོབས་ན་གཡས་པ་རྣམས། །སྲེན་ཕུར་བཀྲ་ཤིས་ཉི་མ་མེ། །ས་སོགས་རིམ་པས་གཡོན་པ་རྣམས། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་མཇུག་རིང་མཁའ་རིམ་བཞིན། །ཞེས་གསུངས་ཏེ། རླུང་འདི་དག་ལ་གཟའ་གང་དང་གང་ལྷག་པར་གནས་པ་ལས་སྟོབས་ལ་སོགས་པ་ནི་ཤེས་པར་འགྱུར་ཏེ། དེ་ཡང་གཡས་པའི་དཀྱིལ་འཁོར་ལྔ་པོ་རྣམས་ལ་དབྱངས་རིང་པོ་ལྔ་དང་དྲག་པོའི་གཟའ་ལྔ་ལྷག་པར་གནས་ཏེ། སྡུད་རིམ་གྱི་ངེས་པས་སའི་རླུང་ལ་སྤེན་པ་དང་ལཱཾ་ཡིག་གོ །ཆུའི་རླུང་ལ་ཕུར་བུ་དང་ཨཱུ། མེའི་རླུང་ལ་བཀྲ་ཤིས་དང་རཱྀ། །རླུང་གི་རླུང་ལ་ཉི་མ་དང་ཨཱི། ནམ་མཁའི་རླུང་ལ་དུས་མེ་དང་ཨཱ་རྣམས་ས་སོགས་ལྔ་ལྔ་ལ་རིམ་པས་སྦྱར་བ་ཡིན་ནོ། །གཡོན་པའི་དཀྱིལ་འཁོར་ལྔ་པོ་རྣམས་ལ་དབྱངས་ཐུང་ངུ་ལྔ་དང་ཞི་བའི་གཟའ་ལྔ་ལྷག་པར་གནས་ཏེ། སྐྱེ་རིམ་ཡིན་པའི་ནམ་མཁའི་རླུང་ལ་སྒྲ་གཅན་དང་ཨའོ། །རླུང་གི་རླུང་ལ་ཟླ་བ་དང་ཨིའོ། །མེའི་རླུང་ལ་གཟའ་ལག་དང་རྀའོ། །ཆུའི་རླུང་ལ་པ་སངས་དང་ཨུའོ། །སའི་རླུང་ལ་མཇུག་རིང་དང་ལྀ་ཡིག་རྣམས་རིམ་པ་བཞིན་དུ་གནས་པ་ཡིན་ནོ། །དེ་ལྟར་གཟའ་དང་སྦྱར་བ་ཡང་ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ་ནང་དུ་ཡང་འཆར་བ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་འདི་དག་ལ་གྲངས་བཞིན་དུ་གཡོན་པར་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པའི་དུས་སུ་སྒྲ་གཅན་ནི་ལྷག་པའི་ལྷ་སྟེ་གཡས་པར་དུས་ཀྱི་མེའོ། །གཡོན་པར་རླུང་གི་དཀྱིལ་འཁོར་ལ་ཟླ་བ་སྟེ་གཡས་པ་ལ་ཉི་མའོ། །གཡོན་པར་མེའི་དཀྱིལ་འཁོར་ལ་གཟའ་ལག་སྟེ་གཡས་པ་ལ་བཀྲ་ཤིས་སོ། །གཡོན་པར་ཆུའི་དཀྱིལ་འཁོར་ལ་པ་སངས་ཏེ་གཡས་པ་ལ་ཕུར་བུའོ། །གཡོན་པར་སའི་དཀྱིལ་འཁོར་ལ་མཇུག་རིང་སྟེ་གཡས་པ་ལ་སྤེན་པའོ། །དེ་ལྟར་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་བདག་པོ་ཞིང་ཅན་བཅུར་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ལས་གང་དང་གང་འགྲུབ་པ་ནི། ཕུང་པོ་ཁམས་སོགས་དེ་མཐུན་ཕྱིར། །ནམ་མཁས་བསད་གསོ་ལས་ཀུན་འགྲུབ། །རླུང་གིས་བསྐྲད་དང་བསད་པ་སྟེ། །དབང་དང་དགུག་པ་མེ་ཡིས་བྱེད། །ཆུས་ནི་ཞི་དང་རྒྱས་པའོ། །རེངས་དང་རྨོངས་པ་ས་ཡི་ལས། །ཡེ་ཤེས་ལས་ནི་ཐམས་ཅད་པ། །མཐུན་མཚམས་མཉམ་དུ་སྒྱུ་དུས་སུའོ། །ཞེས་གསུངས་ཏེ། ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་དང་དེའི་ཆོས་ཅན་གྱི་ཕྱི་རོལ་གྱི་དངོས་པོ་རྣམས་བྱ་བྱེད་མཐུན་པ་ནི་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་ཡིན་པའི་ཕྱིར། ནམ་མཁས་ནི་བསད་པ་དང་གསོ་བའི་ལས་ཀུན་འགྲུབ་ཅིང་རླུང་གིས་བསྐྲད་པ་དང་བསད་པ་སྟེ་གཉིས། དབང་དང་དགུག་པའི་ལས་མེས་བྱེད། །ཆུས་ནི་ཞི་བ་དང་རྒྱས་པའི་ལས་བྱེད་པའོ། །རེངས་པ་དང་རྨོངས་པ་གཉིས་སའི་བྱེད་ལས་སོ། །ཡེ་ཤེས་ཀྱིས་ལས་ཐམས་ཅད་འགྲུབ་པ་སྟེ་ཐུན་མཚམས་མཉམ་རྒྱུའི་དུས་སུའོ། །འདིར་ཅུང་ཟད་བཤད་ན། ལྷ་རང་རང་གི་རིགས་འབྱུང་བ་ལྔའི་ཁ་དོག་ཐ་དད་པ་དང་བསམ་གཏན་ཐ་དད་པ་དང་སྔགས་ཀྱི་བཟླས་པ་ཐ་དད་པ་རྣམས་སྲོག་རྩོལ་གྱི་རྣལ་འབྱོར་ཐ་དད་པ་དང་ལྷན་ཅིག་བསྒོམས་པས་ནད་ལ་སོགས་པ་ཞི་བ་དང་། བསོད་ནམས་ལ་སོགས་པ་རྒྱས་པ་དང་། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང་། ཏིལ་མཆོག་མ་ལ་སོགས་པ་དགུག་པ་དང་། གདུལ་དཀའ་བ་རྣམས་བསད་པ་དང་བསྐྲད་པ་དང་རེངས་པ་དང་རྨོངས་པས་ཏེ་འཕྲིན་ལས་ཆེན་པོ་བརྒྱད་དམ། དུག་གཞིལ་བ་དང་དབྱེ་བ་དང་ཚ་རིམས་ཀྱིས་གདབ་པ་དང་ཕུར་བུས་གདབ་པ་དང་བཅས་པའི་འཕྲིན་ལས་ཆེན་པོ་བཅུ་གཉིས་སམ་མི་སྣང་བ་དང་སླར་གསོ་བ་དང་བཅས་པའི་འཕྲིན་ལས་ཆེན་མོ་བཅུ་བཞི་རྣམས་འགྲུབ་པར་འགྱུར་རོ། །འདིར་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་མིང་གི་ཡི་གེ་དང་པོ་ནི་ཐུགས་རྡོ་རྗེའི་སྔགས་ཏེ་བསྒོམ་པར་བྱའོ། །མིང་གཉིས་སྭཱ་ཧཱའི་མཐའ་ཅན་ནི་གསུང་རྡོ་རྗེའི་སྔགས་ཏེ་མཆོད་པར་བྱའོ། །མིང་སྤེལ་ཚིག་གམ་བསྟོད་པ་དང་བཅས་པ་ནི་སྐུ་རྡོ་རྗེའི་སྔགས་ཏེ་བཟླས་པར་བྱ་བའི་སྔགས་སུ་གསུངས་པའོ། །བཟླས་པའི་སྔགས་ལ་ཐུགས་རྡོ་རྗེའི་སྔགས་ཀྱིས་ལྷ་རྣམས་ལ་བསྣུན་པ་དང་དབབ་པ་དང་བསྲེག་པ་དང་བསླང་བ་དང་རྒྱས་པ་དང་མཉེས་པའི་དབྱེ་བས་ལས་དྲུག་ལ་ཐུགས་རྡོ་རྗེའི་བཟླས་པ་འབུམ་ཕྲག་གཅིག་དང་། གསུང་རྡོ་རྗེའི་བཟླས་པ་འབུམ་ཕྲག་བཅུ་དང་། སྐུ་རྡོ་རྗེའི་བཟླས་པ་བྱེ་བ་ཕྲག་གཅིག་སྟེ་དེ་རྣམས་སོ་སོའི་བཅུ་ཆའི་སྦྱིན་བསྲེག་དང་བཅས་པ་གསུངས་ཏེ། རིམ་པ་འདི་ནི་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་བློ་མ་གཞོལ་བ་རྣམ་པར་རྟོག་པའི་བསྒོམ་པ་དང་ངག་གི་བཟླས་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་པར་དགའ་བ་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་གསུངས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ་ཡང་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་རྗེས་སུ་ཆགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཟུང་དུ་འཇུག་པ་སྲོག་རྩོལ་གྱི་རྣལ་འབྱོར་དག་ལྷན་ཅིག་ཡིད་ཀྱིས་བཟླས་པས་འཕྲིན་ལས་བསྒྲུབ་པ་གསུངས་སོ། །འདིར་སྔགས་བཟླས་པའི་གྲངས་ངེས་པ་ནི་མེད་དེ་བགྲང་ཕྲེང་སྤངས་པའི་ཕྱིར་རོ། །རྒྱུད་ཀྱི་རྒྱལ་པོ་ལས། དཀར་པོ་ཞི་དང་རྒྱས་པར་བྱེད་དེ་རང་གི་ཡིད་ལ་དམར་པོ་ཡིས་ནི་དགུག་དང་དབང་། སེར་པོ་རེངས་དང་རྨོངས་པ་ནག་པོ་སྤྲིན་དང་མཚུངས་པས་བསད་པ་དང་ནི་བསྐྲད་པའོ། །བསྒོམ་བཟླས་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་དེ་སྐུ་དང་གསུང་དང་རྡོ་རྗེ་ནི། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་སྲིད་གསུམ་མཐའ་དག་ལས་ཀྱི་དབྱེ་བས་བསྒྲུབ་པར་བྱ། །ཞེས་གསུངས་ལ། འདིའི་དོན་ལག་ཏུ་ལན་པའི་རྣལ་འབྱོར་གྱི་རིམ་པ་ནི་འདི་ཡིན་ཏེ། ཐོག་མར་ཐུར་སེལ་གྱི་རླུང་སྦྱོར་གྱིས་སའི་དཀྱིལ་འཁོར་ལ་གནས་པའི་དུས་མེའི་གདན་བསྒོམ། དེ་ནས་སྲོག་རྩོལ་གྱི་རླུང་སྦྱོར་གྱིས་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་ལྟ་བུ་བསྒོམ། བར་རླུང་གི་རླུང་སྦྱོར་གྱིས་ཡིག་འབྲུ་རྣམས་ཡོངས་སུ་གྱུར་པ་ལས་ཕྱག་མཚན་འཁོར་ལོ་བསྒོམ། ཁ་སྦྱོར་གྱི་རླུང་སྦྱོར་གྱིས་རང་ཉིད་སངས་རྒྱས་ཅན་མ་ཕྱག་མཚན་དང་སྐུ་མདོག་རྣམ་པར་སྣང་མཛད་ལྟ་བུ་རིན་པོ་ཆེའི་རྒྱན་དང་ལྡན་པ་རེངས་པའི་བསམ་གཏན་ཅན་དུ་བསྒོམ་མོ། །དེ་ནས་རླུང་གཞིལ་བའི་ཚུལ་གྱིས་སྟེང་འོག་བར་གསུམ་ལེགས་པར་བཀག་ལ། ལྟེ་བར་དུས་མེའི་གདན་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་ཡུངས་འབྲུ་ཙམ་སྲ་ཞིང་ལྕི་བའི་རང་བཞིན་ཅན་བསྒོམ། དེ་ནས་གསང་བ་ཡེ་ཤེས་ཀྱི་རླུང་བཙན་ཐབས་ཀྱིས་དབུ་མར་བཅུག་ལ་བསྒྲུབ་བྱ་དང་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ནས་ཕྱག་མཚན་ལ་ཐིམ་སྟེ། ཨོཾ་ལོ་ཙ་ནི་བྷ་སུ་དེ་ཆེ་གེ་མོ་སྟམ་བྷ་ཕཊ། ཅེས་བཟླས་པ་ཡིད་ཀྱིས་བྱས་པས་རེངས་པར་བྱེད་དོ། །ཆེ་གེ་མོ་མོ་ཧ་ཡ་ཕཊ་ཅེས་པས་རྨོངས་པར་བྱེད་དོ། །དེ་བཞིན་དུ་ཆུའི་རླུང་བཞིས་རང་ཉིད་མཱ་མཱ་ཀི་སྐུ་མདོག་དང་ཕྱག་མཚན་སྣང་བ་མཐའ་ཡས་ལྟ་བུ་ཞི་བའི་བསམ་གཏན་ཅན་རིན་པོ་ཆེའི་རྒྱན་དང་ལྡན་པ་བསྒོམ། སླར་ཡང་རླུང་གཞིལ་བའི་ཚུལ་དུ་སྟེང་འོག་བར་གསུམ་ལེགས་པར་བཀག་ལ་སྙིང་གར་ཟླ་བའི་གདན་ལ་གནས་པའི་པདྨ་དཀར་པོ་ཡུངས་འབྲུ་ཙམ་རེག་བྱ་གསིལ་བར་བསྒོམ། གསང་བ་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་བྱ་དང་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་ཕྱག་མཚན་ལ་བསྟིམ་སྟེ། ཨོཾ་མཱ་མཱ་ཀཱི་ཀི་རི་ཀི་རི་ཆེ་གེ་མོ་ཤནྟིཾ་ཀུ་རུ་ན་མ། ཞེས་བཟླས་པ་ཡིད་ཀྱིས་བྱས་པས་ཞི་བར་བྱེད་དོ། །ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པས་རྒྱས་པར་བྱེད་དོ། །དེ་བཞིན་དུ་མེའི་རླུང་སྦྱོར་བཞིས་རང་ཉིད་གོས་དཀར་མོ་སྐུ་མདོག་དང་ཕྱག་མཚན་རིན་ཆེན་འབྱུང་ལྡན་ལྟ་བུ་ཆགས་པའི་བསམ་གཏན་ཅན་རིན་པོ་ཆེའི་རྒྱན་དང་ལྡན་པ་བསྒོམ། སླར་ཡང་རླུང་གཞིལ་བའི་ཚུལ་གྱིས་སྟེང་འོག་བར་གསུམ་ལེགས་པར་བཀག་ལ་མགྲིན་པར་ཉི་མ་ལ་གནས་པའི་རིན་པོ་ཆེ་དམར་པོ་ཆ་དགུ་པ་ཡུངས་འབྲུ་ཙམ་རེག་བྱ་ཚ་བ་བསྒོམ། གསང་བ་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་བྱ་དང་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་ཕྱག་མཚན་ལ་བསྟིམ་སྟེ། ཨོཾ་པཎྜྻ་རཱ་བ་སི་བ་ར་དེ་ཆེ་གེ་མོ་བཽ་ཥཊ། ཅེས་ཡིད་ཀྱིས་བཟླས་པས་དབང་དུ་བྱེད་དོ། །ཆེ་གེ་མོ་བ་སུ་ཥཊ་ཅེས་པས་དགུག་པར་བྱེད་དོ། །དེ་བཞིན་དུ་རླུང་གི་རླུང་སྦྱོར་བཞིས་རང་ཉིད་སྒྲོལ་མ་སྐུ་མདོག་དང་ཕྱག་མཚན་དོན་ཡོད་གྲུབ་པ་ལྟ་བུ་དྲག་པོའི་བསམ་གཏན་ཅན་རིན་པོ་ཆེའི་རྒྱན་དང་ལྡན་པ་བསྒོམ། སླར་ཡང་རླུང་གཞིལ་བའི་ཚུལ་གྱིས་སྟེང་འོག་བར་གསུམ་ལེགས་པར་བཀག་ལ། དཔྲལ་བར་སྒྲ་གཅན་གྱི་གདན་ལ་རལ་གྲི་ནག་པོ་ཡུངས་འབྲུ་ཙམ་རྩེ་མོ་གྱེན་དུ་ཕྱོགས་པ་རེག་བྱ་ཡང་ཞིང་གཡོ་བ་ཅན་བསྒོམ། གསང་བ་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་བྱ་དང་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་སྒྲ་གཅན་གྱི་གདན་གྱི་སྟེང་དུ་བསྐྱེེལ་ལ་བཞག །བསད་པ་ལ་རྣམ་པར་ཤེས་པ་སྲོག་གི་རླུང་དང་ཐ་མི་དད་པ་ཡི་གེ་ཨཱ་ལི་ཀཱ་ལི་ནག་པོའི་རྣམ་པར་སྣ་བུག་གཉིས་ནས་ཡང་ནས་ཡང་དུ་བཀུག་ལ་ཕྱག་མཚན་ལ་བསྟིམ། ཕྱག་མཚན་ལས་འོད་ཟེར་མཚོན་ཆ་ལྟ་བུ་དུ་མ་འཕྲོས་པས་སྲོག་དང་བྲལ་བར་བསྒོམས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ། ཞེས་བཟླས་པ་བྱའོ། །བསྐྲད་པ་ལ་ནུས་པ་ཅན་གྱིས་འོད་ཟེར་གྱིས་བསྒྲུབ་བྱ་རྔ་མོ་རླུང་ལྟར་མགྱོགས་པ་ལ་བསྐྱོན་ནས་ལྷོ་ཕྱོགས་སུ་མེ་དང་རླུང་གི་དཀྱིལ་འཁོར་གྱི་མཚམས་སུ་བསྐྱལ་བར་བསྒོམ་ཞིང་། ཆེ་གེ་མོ་ཨུ་ཙ་ཌ་ཡ་ཧཱུྃ་ཞེས་པ་བྱའོ། །དབྱེ་བ་ལ་སྟོབས་འགྲན་པའི་འོད་ཟེར་གྱིས་ཕོག་པས་བསྒྲུབ་བྱ་དག་བྱ་རོག་དང་འུག་པར་གྱུར་པ་འཐབ་ཅིང་རྩོད་པར་བསྒོམ་ཞིང་། ཆེ་གེ་མོ་དང་ཆེ་གེ་མོ་དག་པྲ་བེ་ཤ་ཡ་ཕཊ་ཅེས་པ་ཡིད་ཀྱིས་བཟླས་པར་བྱའོ། །དེ་བཞིན་དུ་ནམ་མཁའི་རླུང་སྦྱོར་བཞིས་རང་ཉིད་སྣ་ཚོགས་ཡུམ་སྐུ་མདོག་དང་ཕྱག་མཚན་མི་བསྐྱོད་པ་ལྟ་བུ་སྟོང་པའི་བསམ་གཏན་ཅན་རིན་པོ་ཆེའི་རྒྱན་དང་ལྡན་པ་བསྒོམ། སླར་ཡང་རླུང་གཞིལ་བའི་ཚུལ་གྱིས་སྟེང་འོག་བར་གསུམ་ལེགས་པར་བཀག་ལ་གཙུག་ཏོར་དུ་ནམ་མཁའི་གདན་ལ་གནས་པའི་རྡོ་རྗེ་ལྗང་ཁུ་རྩེ་མོ་ལྔ་པ་ཡུངས་འབྲུ་ཙམ་གྱེན་དུ་འགྲེང་བ་བསྒོམ་གསང་བ་ཡེ་ཤེས་ཀྱི་རླུང་གིས་བསྒྲུབ་བྱ་དང་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་ཕྱག་མཚན་ལ་བསྟིམ་སྟེ་མི་སྣང་བར་བསྒོམ། དེས་མི་སྣང་བར་འགྱུར་རོ། །བསད་པ་ཡང་སླར་གསོ་བ་ནི་ཡེ་ཤེས་ཀྱི་རླུང་སྦྱོར་བཞིས་རང་ཉིད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་དང་ཕྱག་མཚན་རྡོ་རྗེ་སེམས་དཔའ་ལྟ་བུ་དགའ་བའི་བསམ་གཏན་རིན་པོ་ཆེའི་རྒྱན་དང་ལྡན་པ་བསྒོམ། སླར་ཡང་རླུང་གཞིལ་བའི་ཚུལ་གྱིས་སྟེང་འོག་བར་གསུམ་ལེགས་པར་བཀག་ལ། གསང་བའི་འཁོར་ལོར་ཐིག་ལེ་སྔོན་པོའི་གདན་ཕྲ་མོ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་གཅིག་པ་བསྒོམ། གསང་བ་ཡེ་ཤེས་ཀྱི་རླུང་གིས་རང་དང་བསྒྲུབ་བྱའི་སེམས་རོ་མཉམ་དུ་བྱ། ཕྱག་མཚན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ལ་གདན་ལ་བཞག་སྟེ། སྲོག་གི་རླུང་དང་རྣམ་པར་ཤེས་པ་ཐ་མི་དད་པ་བདེ་བའི་རང་བཞིན་ཨཱ་ལི་དང་ཀཱ་ལི་ཁ་དོག་སྔོན་པོ་ཡང་ནས་ཡང་དུ་སྣ་བུག་ནས་གཞུག་པར་བྱའོ། །སྦྱོར་བ་དེ་ཡིས་བསད་པ་ཡང་སླར་གསོ་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གཅིག་པུ་བསྒོམ་པའི་ཕྱོགས་ལ་ནི་ལྟེ་བ་ལ་སོགས་པའི་འཁོར་ལོ་དྲུག་ཏུ་འཕྲིན་ལས་ཐ་དད་པ་བསྒྲུབ་པའམ། ཕུང་པོ་དང་ཁམས་དྲུག་གི་རང་བཞིན་རླུང་དྲུག་གི་སྐྱེ་བའི་གནས་ལྟེ་བ་ཡིན་པའི་ཕྱིར་ལྟེ་བའི་འཁོར་ལོར་འཕྲིན་ལས་ཐམས་ཅད་བསྒྲུབ་པ་ཡང་གསུངས་སོ། །འཇིག་རྟེན་འདིར་ཕ་དང་མ་མེད་པའི་བུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྔོན་དུ་སྟོང་པ་ཉིད་ཀྱི་གཟུགས་དང་སྲོག་གི་རླུང་དག་མ་བསྒྲུབས་པར་ལས་རབ་འབྱམས་འགྲུབ་པ་མེད་དོ། །དེའི་ཕྱིར་རྣལ་འབྱོར་པས་སྟོང་པ་ཉིད་ཀྱི་གཟུགས་དང་སྲོག་དག་ཐོག་མར་འབད་པས་བསྒྲུབ་པར་བྱའོ། །དྲི་མ་མེད་པའི་འོད་ལས། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་ལྔའི་བདག་ཉིད་ལ་སོགས་པར་གསུངས་པ་ནི་ཞལ་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་ཞི་བ་ལ་སོགས་པར་འགྱུར་རོ། །གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་རྣལ་འབྱོར་པས་སྐུའི་ཞལ་གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཁ་དོག་དཀར་པོ་དཔྲལ་བར་གནས་པར་བསྒོམ་པར་བྱ་སྟེ་དཀར་པོ་ཡི་ས་ནི་ཞི་དང་རྒྱས་པ་བྱེད་དོ། །གསུང་གི་ཞལ་གཙོ་བོ་ཉི་མའི་དཀྱིལ་འཁོར་མགྲིན་པར་གནས་པ་ཡིད་ལ་བསྒོམ་པར་གྱུར་པ་ན་དམར་པོ་ཡི་ས་ཅི་དགུག་པ་དང་དབང་དུ་བྱ་བ་བྱེད་དོ། །ཡེ་ཤེས་ཀྱི་ཞལ་གཙོ་བོ་དུས་མེའི་དཀྱིལ་འཁོར་ལ་ལྟེ་བར་གནས་པ་བསྒོམ་པ་སེར་པོས་རེངས་པ་དང་རྨོངས་པ་བྱེད་དོ། །སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་ཀྱི་ཞལ་གཙོ་བོ་སྟེ་ནག་པོས་བསད་པ་དང་བསྐྲད་པ་དང་དབྱེ་བ་ཡང་བྱེད་དོ། །ཞེས་དང་། དེ་ལྟར་འབྱུང་བ་རྣམས་ཀྱིས་དཀྱིལ་འཁོར་ལ་གནས་ཞེས་པ་ཆུ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བཞི་སྲིད་པ་གསུམ་གྱི་གནས་སུ་བསྒྲུབ་པར་བྱ་སྟེ་ལས་ཀྱི་དབྱེ་བ་དུ་མ་རྣམས་ཀྱི་ཞེས་པ་ཆོ་ག་སྣ་ཚོགས་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །ལྔ་པ་ཕྱི་ནང་དུ་ཅི་ཙམ་རྒྱུ་བའི་ཚད་བཤད་པ་ནི། ཕྱི་རོལ་ས་ནི་སོར་བཅུ་གཉིས། །ཆུ་མེ་རླུང་མཁའ་བཅུ་དྲུག་བར། །ཡོན་ཏན་དབང་གིས་རིམ་བཞིན་རིང་། །རྟེན་འབྲེལ་བཅུ་གཉིས་དབྱངས་སྦྱར་བ། །ཁོ་བོས་བརྩིས་ཀུན་བསྡུས་པར་བཤད། །ཅེས་གསུངས་ཏེ། དེ་ཡང་སྣ་རྩེའི་ཕྱི་རོལ་ཏུ་སའི་རླུང་ནི་སོར་བཅུ་གཉིས་སུ་འགྲོ་ཞིང་། ཆུ་སོར་བཅུ་གསུམ་མེ་སོར་བཅུ་བཞི་རླུང་སོར་བཅོ་ལྔ། ནམ་མཁའ་སོར་བཅུ་དྲུག་གི་བར་དུ་འགྲོ་སྟེ། དེ་དག་ཀྱང་ས་ཡོན་ཏན་ལྔ་ལྡན་ཡིན་པའི་དབང་གིས་ལྕི་ཞིང་། དེ་ནས་ཡོན་ཏན་རེ་རེ་བྲི་བས་འབྱུང་བ་ལྕི་ཡང་གི་དབང་གིས་རིམ་པ་བཞིན་དུ་རིང་དུ་སོང་བར་དུས་ཀྱི་འཁོར་ལོ་ནས་གསུངས་སོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། འདིར་སའི་དཀྱིལ་འཁོར་རབ་ཏུ་འབབ་པའི་རླུང་ནི་སྣ་བུག་ནས་སོར་བཅུ་གཉིས་ཀྱི་མཐར་ཐུག་པར་འགྲོ་སྟེ་དེ་ནས་ལྡོག་གོ །ཆུའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་གསུམ་འགྲོ་སྟེ་དེ་ནས་ལྡོག་གོ །མེའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་བཞི་འགྲོ་སྟེ་དེ་ནས་ལྡོག་གོ །རླུང་གི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅོ་ལྔ་འགྲོ་སྟེ་དེ་ནས་ལྡོག་གོ །སྟོང་པའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་དྲུག་འགྲོ་སྟེ། དེ་ནས་ལྡོག་གོ །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རླུང་ནི་སའི་དཀྱིལ་འཁོར་གྱི་རླུང་གི་མཐར་དེ་དག་གི་དབུས་སུ་རབ་ཏུ་ཞུགས་པ་ནི་སྣ་བུག་གཉིས་ནས་སོར་བཅུ་གཉིས་འབབ་བོ། །ནམ་མཁའི་མཐར་དབུ་མར་ཞུགས་པ་ནི་སོར་བཅུ་དྲུག་འབབ་བོ། །འདིར་གང་གི་ཚེ་ཕྱི་རོལ་ཏུ་འཕེལ་བར་གྱུར་པ་དེའི་ཚེ་ནང་དུ་ཐུང་ངུར་འགྱུར་རོ། །གང་གི་ཚེ་བཅུ་དྲུག་ལ་སོགས་པ་ལས་ཕྱི་རོལ་ཏུ་ཐུང་ངུར་གྱུར་པ་དེའི་ཚེ་རླུང་དང་རྩའི་དབང་གིས་ལྟེ་བར་སོར་མོ་བཞི་འཕེལ་བར་འགྱུར་ཏེ་སྲོག་གི་ནུས་པ་འབབ་པའི་ངེས་པའོ། །ཞེས་གསུངས་སོ། །དེའི་ཕྱིར་ཕྱིས་ཀྱི་རླུང་དངོས་སུ་འབབ་པའི་དུས་ནི་སའི་རླུང་ནས་སའི་རླུང་དང་། ནམ་མཁའི་རླུང་ནས་མཁའི་རླུང་དུ་འཕོ་བའི་དབུས་སུ་འབབ་པ་ནི་ལུང་འདིས་གསལ་བར་བྱས་པ་ཡིན་ནོ། །ཡང་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཁ་ཅིག་སྤྱི་བོ་ནས་རླུང་གི་རླུང་འབྱུང་བས་སོར་ཉི་ཤུ་ཕྱིར་འགྲོ་བ་དང་། མགྲིན་པ་ནས་མེའི་རླུང་འབྱུང་བས་སོར་བཅོ་བརྒྱད་དང་། སྙིང་ག་ནས་ཆུ་རླུང་འབྱུང་བས་སོར་བཅུ་དྲུག་དང་། ལྟེ་བ་ནས་ས་རླུང་འབྱུང་བས་སོར་བཅུ་གཉིས་ཕྱིར་འགྲོ་བར་བཞེད་པ་ཡང་ཡོད་དོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པའི་ངེས་པས། ཕྱི་རོལ་གྱི་དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་ཀྱི་མཚན་ཉིད་ཅན་དང་ནང་གི་དུས་སྦྱོར་བཅུ་གཉིས་པོ་ཆོས་མཚུངས་པས། དགེ་བ་དང་མི་དགེ་བའི་དྲི་བ་བྱུང་བའི་ཚེ་གཡས་ཀྱི་དུས་སྦྱོར་ལ་བྱུང་ན་མི་དགེ་ཞིང་། གཡོན་གྱི་དུས་སྦྱོར་ལ་བྱུང་ན་དགེ་བར་ལུང་སྟོན་ལ། དུས་སྦྱོར་དེའི་དཀྱིལ་འཁོར་ལ་ཕྱི་རོལ་གྱི་དབྱངས་འཆར་བ་སྦྱར་བའི་ཚུལ་རྣམས་ཆོས་མཚུངས་པས་ན། གཡུལ་ལ་སོགས་པའི་ཚེ་གཡས་ཀྱི་ནམ་མཁའི་དཀྱིལ་འཁོར་འབབ་པའི་དུས་སུ་གཡུལ་དུ་ཞུགས་ན་དམག་དཔོན་འཆི་བ་དང་། གཡོན་གྱི་ནམ་མཁའི་དཀྱིལ་འཁོར་འབབ་པའི་ཚེ་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་བར་འགྱུར་བ་སོགས་ཞིབ་པར་རང་བྱུང་རྡོ་རྗེ་ཁོ་བོས་བྱས་པའི་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པར་བཤད་ཏེ་རྒྱས་པར་ནི་དེར་ལྟ་བར་བྱའོ། །གཞུང་ཁ་ཅིག་ཏུ། རྟེན་འབྲེལ་བཅུ་དང་དབྱངས་སྦྱར་བ། །ཞེས་བྲིས་པ་ནི་ཡི་གེ་པས་མ་དག་པར་བྱས་པའོ། །འདིར་ཡང་དགེ་མི་དགེ་ལུང་སྟོན་པའི་ཚུལ་བསྡུས་ཏེ་བཤད་པ་ནི། གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །གཞན་ཡང་གཡས་ཀྱི་དུས་སྦྱོར་དུ། །རྒྱུ་དུས་གཡུལ་འགྱེད་གང་འདྲི་བ། །དུས་མིན་འཆི་བར་སྟོན་པ་སྟེ། །རླུང་དུ་ཉི་མས་ཡན་ལག་ཉམས། །མེར་ནི་མིག་དམར་གྱིས་གནད་འགྱུར། །ཆུར་ནི་ཕུར་བུས་ཉེན་ཆེའོ། །སར་ནི་སྤེན་པ་འཆར་བ་ཡིས། །གཡུལ་དུ་ཡུན་རིང་རྩོད་པར་འགྱུར། །ནད་པ་རྣམས་ལ་གོ་རིམ་བཞིན། །འཆི་དང་ཉོན་མོངས་རྨ་དོད་དང་། །བཅོས་འཚོ་ནད་ཡུན་རིང་བར་འགྱུར། །ཡུལ་གྱི་ལྟད་མོ་བག་མ་དང་། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་བཟང་པོ་མ་ཡིན་ཏེ། །འབྲས་བུ་སྣ་ཚོགས་སྔ་མ་བཞིན། །གང་གིས་གཡོན་པའི་དཀྱིལ་འཁོར་དུ། །གཡོན་ངོས་སྒྲ་གཅན་འཆར་ཚེ་དྲིས། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། །ཟླ་བ་རླུང་སྟེ་དགྲ་བོ་ཡི། །ཡན་ལག་འགའ་ཞིག་ཉམས་བྱེད་འགྱུར། །མེ་ལ་གཟའ་ལག་དགྲ་བོ་རྨས། །པ་སངས་ཆུ་སྟེ་ནོར་ཐོབ་འགྱུར། །ས་ཡི་དཀྱིལ་འཁོར་མཇུག་རིང་འཆར། །དགྲ་རྣམས་རང་གི་དབང་དུ་འགྱུར། །ནད་པ་རྣམས་ནི་འཚོ་བ་དང་། །དགའ་སྟོན་འཇིག་རྟེན་བྱ་བ་རྣམས། །ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། །སྒྲ་གཅན་མ་གཏོགས་གཞན་རྣམས་དག །དྲག་པོའི་ལས་ལ་སྟོབས་ལྡན་མིན། །གཞན་ཡང་རང་ཉིད་མཉམ་བཞག་དུས། །དུས་མིན་ཕྱིན་ཅི་ལོག་འཕོ་ན། །གཡོན་གྱི་ཕྱོགས་རྣམས་སྔར་ལྟར་བཟང་། །ནོར་དང་ཟས་དང་ལོངས་སྤྱོད་ཐོབ། །གཡས་ཕྱོགས་དུས་མིན་འཕོ་བ་ངན། །ནད་དང་ནོར་ཉམས་འཇིགས་སྐྲག་དང་། །གཏམ་ངན་ཐོས་པར་འགྱུར་བའི་རྟགས། །ཅི་ལྟར་ཡུན་རིང་ཕྱིན་ལོག་རྒྱུ། །འཆི་བའི་ལྟས་སུ་སྟོན་པར་བྱེད། །དེ་སོགས་དཔག་ཏུ་མེད་པ་ཡིན། །གང་གི་ཕྱིར་དུས་མ་ཡིན་པའི་འཆི་ལྟས་བྱུང་ན་བཟློག་པའི་ཆོ་ག་ཡང་བཤད་པར་བྱ་སྟེ། ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་བསྒོམ། །རྐང་པ་སྐྱིལ་དཀྲུང་བསྐྱེད་མི་བྱ། །དེ་ལྟར་རླུང་ནི་སྣ་རྩེར་ནི། །ཁ་དོག་ལྔ་པར་རྣམ་པར་བསྒོམ། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་མཚན་རྟག་ཏུ་བཟློས་ཞེས་བཤད། །ཅེས་གསུངས་ཏེ། དེ་ཡང་དུས་ཀྱི་འཁོར་ལོ་ལས་ཉིན་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་དུས་སྦྱོར་བཅུ་གཉིས་སུ་བཤད་ཅིང་མགོན་པོ་བཞིའི་རྒྱུ་བ་དང་སྦྱོར་བའི་ཚུལ་འདི་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། དེ་ཡང་སྣའི་བུ་ག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྔ་སྟེང་དུ་ཡང་དག་པར་རྒྱུ་བ་ལས། གཡོན་པ་ནས་རྒྱུ་བ་དང་གཡས་པ་ནས་རྒྱུ་བ་དང་གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། གཉིས་ཀ་ནས་དལ་བར་རྒྱུ་བ་སྟེ་རྣམ་པ་བཞི་ལ་མགོན་པོ་བཞིར་བཤད་ནས། གཡས་པ་ཁོ་ན་ནས་འབྱུང་བ་མེའི་ཁམས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཡང་མེ་ཡིན་པས་ཁ་དོག་དམར་པོ་དབང་དང་དགུག་པ་ལ་སོགས་པ་ལས་ཐམས་ཅད་འགྲུབ་པས་ན་བཟང་པོ་ཡིན་ལ། འདི་ནི་པདྨའི་མགོན་པོ་འོད་དཔག་མེད་ཀྱི་རིགས་པདྨ་མཐར་བྱེད་ཀྱི་ཏིང་ངེ་འཛིན་ནམ་གསུང་རྡོ་རྗེའི་བཟླས་གཞིར་གྱུར་པའི་རྒྱུ་བ་ཡིན་པས། །ཨཱཿཡིག་མཚོན་བྱ་དང་མཚོན་བྱེད་ཀྱི་སྒོ་ནས་བསྐྱེད་རྫོགས་གཉིས་ལ་ལྟོས་ཏེ་བརྗོད་པ་དང་། བརྡར་གྱུར་གྱི་བཟླས་པ་བྱ་བ་ཡིན་ལ། གཡོན་པ་ཁོ་ན་ནས་འབྱུང་བའི་རླུང་ནི་ཤེས་རབ་ཀྱི་རང་བཞིན་ཟླ་བའམ་ཆུའི་ཁམས་ཡིན་ཀྱང་རླུང་གི་དཀྱིལ་འཁོར་ལྔ་དང་འདྲེས་པས་ཁ་དོག་ལྗང་སེར་དག་ཏུ་སྣང་བ་སྟེ། འདི་ནི་ཞི་རྒྱས་ལ་སོགས་པའི་ལས་འགྲུབ་པས་ན་ལས་ནི་མགོན་པོ་དོན་ཡོད་གྲུབ་པའི་རྒྱུ་བ་སྐུ་རྡོ་རྗེའི་བཟླས་གཞི་ཡིན་པས། ཨོཾ་ཡིག་མཚོན་བྱ་དང་མཚོན་བྱེད་གཉིས་ཀྱི་སྒོ་ནས་བཟླས་པར་བྱ་བ་ཡིན་ནོ། །སྣ་བུག་གཉིས་ཀ་ནས་དྲག་ཏུ་འབྱུང་བ་ནི་དབང་ཆེན་སའི་ཁམས་ཀྱི་དཀྱིལ་འཁོར་ལྔ་པོ་ཉིད་ནི་ཁ་དོག་གསེར་གྱི་མདོག་ལྟར་སྣང་བ་རྒྱས་པའི་ལས་འགྲུབ་པས་ན་རིན་ཆེན་མགོན་པོའི་རྒྱུ་བའོ། །འདི་ནི་ལྟེ་བ་མན་ཆད་དུ་དཀར་དམར་གཉིས་དང་ལྷན་ཅིག་ཏུ་སྲོག་ཐུར་གཉིས་འོག་གི་སྣ་རྩེར་གོར་བུར་བྱེད་པའི་སྦྱོར་བས་ཐིག་ལེའི་རྣལ་འབྱོར་ལ་བརྟེན་པའི་སྲོག་རྩོལ་འགྲུབ་བོ། །ཡང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དལ་ཞིང་ཕྱོགས་གཅིག་ཏུ་རྒྱུ་བ་མེད་པའི་ཡེ་ཤེས་ཀྱི་ཁམས་ཁ་དོག་དག་པའི་ཤེལ་ལྟར་སྣང་བ་འདི་ནི་ཆུའི་དཀྱིལ་འཁོར་ལྔ་སྟེ་ཞི་རྐྱང་གི་ལས་འགྲུབ་པས་ན་རྡོ་རྗེའི་མགོན་པོ་མི་བསྐྱོད་པའི་རྒྱུ་བ་ཐུགས་རྡོ་རྗེའི་བཟླས་གཞི་ཡིན་ཏེ། ཧཱུྃ་ཡིག་མཚོན་བྱ་དང་མཚོན་བྱེད་གཉིས་ཀྱི་སྒོ་ནས་དབུ་མ་རྣམ་པར་མི་རྟོག་པའི་ངང་དུ་བཟླ་བར་བྱས་ན་འོད་གསལ་འགྲུབ་བོ། །དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་བཟླས་པ་ནི་རླུང་ཨོཾ་ཡིག་གི་རྣམ་པར་ཕྱིར་འབྱུང་བ་སྐུ་རྡོ་རྗེའི་བཟླས་པ་དང་། ཨཱཿཡིག་གི་རྣམ་པར་ནང་དུ་རྔུབ་པ་གསུང་རྡོ་རྗེའི་བཟླས་པ་དང་། ཧཱུྃ་ཡིག་གི་རྣམ་པར་ནང་དུ་གནས་པ་ཐུགས་རྡོ་རྗེའི་བཟླས་པ་དང་། བདེ་བ་ཆེན་པོར་རོ་མཉམ་པར་བྱ་བ་ཡེ་ཤེས་རྡོ་རྗེའི་བཟླས་པ་ཡིན་ཏེ། ཇི་སྐད་དུ། སྐུ་ཡི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །ཞེས་གསུངས་སོ། །འགྲེལ་བར་ཕྱིར་འབྱུང་བ་ཨོཾ་ཡིག་དང་ནང་དུ་འབྱུང་བ་ཨཱཿཡིག་དུ་གསུངས་པ་ནི་དྲི་མ་མེད་པའི་འོད་དང་མ་མཐུན་པས་ཡི་གེ་ནོར་བ་ཡིན་ནམ་སྙམ་མོ། །ཡང་ས་ལ་སོགས་པའི་ཁམས་ཏུ་ན་ལས་ཡང་དག་པར་བྱུང་ཞིང་ཐམས་ཅད་ཁྱབ་བྱེད་དུ་གནས་བརྟེན་འོད་གསལ་དང་བརྟེན་པ་ཀུན་གཞིའི་རྣམ་ཤེས་བཞོན་པར་གྱུར་པའི་ཚུལ་གྱིས་གཟུང་བ་ནམ་མཁའི་ཁམས་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཏེ། འདིའི་ཆ་ཤས་ནི་དཀྱིལ་འཁོར་ཐམས་ཅད་འཕོ་ཆེན་དུ་ལོངས་པ་ན་འབབ་ཀྱང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ལོངས་པ་ནི་འཆི་བའི་ཉིན་ཞག་གི་མཐར་ལུས་བསྲང་ནས། །ལག་གཉིས་མཆན་ཁུང་འཕར་རྩ་སྡོམ། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཅེས་པ་འདི་རྗེ་ཉིད་ཀྱིས་རྒྱུད་འགྲེལ་རྣམས་ནས་བཏུས་ཏེ་སྦྱར་བ་ཡིན་ནོ། །བཞི་པ་རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་ནི། འདི་ནི་རྡོ་རྗེ་ཕྲེང་བ་ལས། །སྣ་ཡི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །གཡོན་པ་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་བ་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཁམས་ཀུན་ལས་ནི་ཡང་དག་འབྱུང་། །རྟེན་དང་བརྟེན་པས་གཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་དེ་དག་ནི། །མཉམ་པར་བཞག་པས་རྟག་ཏུ་བཟློས། །ཞེས་གསུངས་དེ་ན་ནི་བཟླས་པ་ཡི། །དག་པ་བསྟན་ཏེ་གོང་མ་དང་། །འགལ་བའི་ཐེ་ཚོམ་འབྱུང་བར་འགྱུར་ལ་དེ་ལྟར་དཀྱིལ་འཁོར་བཞི་པོ་དེ་དག་ནི་སྲོག་རྩོལ་གྱི་རྣལ་འབྱོར་པས་རྡོ་རྗེ་བཞི་དང་སྦྱར་ནས་མཉམ་པར་བཞག་པའི་སྒོ་ནས་རྟག་ཏུ་བཟློས་པར་བྱ་བ་ཡིན་ནོ་སྟེ། བཟླས་པའི་རིམ་པ་བཞི་པོ་འདི་དག་རྣལ་འབྱོར་པས་བཟླས་ན་འཆི་བ་མེད་པ་རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ་ཞེས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དོན་ནི་གཞིའི་གནས་སྐབས་ལ་དགོངས་པ་མ་ཡིན་ལ། ལམ་དུས་སུ་རྣལ་འབྱོར་བས་རྡོ་རྗེའི་བཟླས་པ་བྱ་བའི་དོན་དུ་མགོན་པོ་བཞི་དང་དག་པ་སྦྱར་ནས་བསྟན་པ་སྟེ། གོང་དུ་དུས་ཀྱི་འཁོར་ལོ་ནས་བཤད་པ་ནི་གཞིའི་གནས་སྐབས་ལ་དགོངས་ནས་གསུངས་པ་དང་འགལ་བའི་ཐེ་ཚོམ་ཅུང་ཟད་ཀྱང་བསྐྱེད་པར་མི་བྱའོ། །དེ་ཕྱིར་བློ་གྲོས་ཆུང་ངུ་རྣམས་ཀྱིས་འཕགས་པ་ཡབ་སྲས་དང་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དོན་མི་གཅིག་གོ་སྙམ་དུ་སེམས་པར་མི་བྱ་སྟེ། གཞི་ལམ་གཉིས་གནས་སྐབས་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་སྣ་བུག་གཡས་དང་གཡོན་དང་གཉིས་ཀར་རྒྱུ་བའི་རླུང་རྣམས་ལ་རྡོ་རྗེའི་བཟླས་པ་བྱེད་པ་ལྟར་འཁོར་ལོ་བཞིའི་སྣ་རྩེ་སྟེ་ལྟེ་བར་རླུང་ནི་ཁ་དོག་ལྔ་པའི་རྣམ་པར་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། །གོང་དུ་བཤད་པ་ལྟར་རྡོ་རྗེ་བཞིའི་སྔགས་བཟླས་པའི་གྲངས་ཀྱིས་འཁོར་ལོ་བཞིར་ཉིན་མཚན་སོ་སོར་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་སྦྱར་ནས་རྟག་ཏུ་བཟློས་ཞེས་བཤད་པ་ཡིན་ཏེ། །དེ་ཡང་མགྲིན་པར་གསུང་རྡོ་རྗེ། དཔྲལ་བར་སྐུ་རྡོ་རྗེ། ལྟེ་བར་ཡེ་ཤེས་རྡོ་རྗེ། སྙིང་གར་ཐུགས་རྡོ་རྗེའི་བཟླས་པ་བྱ་བར་བཤད་པའི་ཕྱིར་རོ། །བཞི་བ་འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད་པ་ལ། འཇུག་སྒོ། གཟུང་ཐབས། ཕན་ཡོན་དང་གསུམ། དང་པོ་ནི། འཇུག་སྒོ་སྟེང་ནས་སྣ་བུག་གཉིས། །ཁ་དང་འོག་ཏུ་ལམ་གསུམ་དང་། །ལུས་ཀུན་ཡིན་ཏེ་རྣམ་པ་བཞི། །ཞེས་གསུངས་ཏེ། དེ་ཡང་རླུང་འཇུག་པའི་སྒོ་ནི་སྟེང་ནས་སྣའི་བུག་པ་གཉིས་གཅིག་ཏུ་བྱས་ནས་ཁ་དང་གཉིས། འོག་ཏུ་ལམ་གསུམ་གཅིག་ཏུ་བྱས་པ་དང་གསུམ། འཇུག་སྒོ་གཅིག་ནི་ལུས་ཀུན་ཡིན་ཏེ་དེ་ལྟར་ན་རྣམ་པ་བཞིའོ། །དེ་ཡང་བླ་མ་དམ་པ་རྣམས་ཀྱི་མན་ངག་ལས་གསུངས་པ་དང་སྦྱར་ནས། མེ་རླུང་དང་རླུང་གི་རླུང་གཉིས་སྣ་བུག་ནས་གཙོ་བོར་འཇུག་ཅིང་། ཁ་ནས་ཆུའི་རླུང་། འོག་གི་ལམ་གསུམ་ནས་སའི་རླུང་། ལུས་ཀུན་ནས་མ་ནིང་ངམ་ནམ་མཁའི་རླུང་འཇུག་པ་ཡིན་ཏེ། དེ་ལྟར་ཡིན་པ་ཡང་བླ་མ་མར་པའི་ཞལ་སྔ་ནས། ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་སྒོ་གཉིས་པོ་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ནས་སྡོམ། །ཞེས་གསུངས་སོ། །གཉིས་པ་གཟུང་ཐབས་བཤད་པ་ནི། །གཟུང་ཐབས་དབྱུང་རྔུབ་གནས་ལྡོག་དང་། །དག་པ་བགྲང་ཞིང་རྩི་བ་སྟེ། །མི་རྟོག་རྒྱ་ཡན་བཅིང་བ་ནི། །ཞི་གནས་བསྐྱེད་པར་གསུངས་པ་ཡིན། །ཁ་དོག་དབྱིབས་ལ་རྣམ་པར་སྦྱངས། །མངོན་ཤེས་ཟད་པར་འབྱུང་བའི་རྒྱུ། །བུམ་ཅན་སྟེང་འོག་བར་གསུམ་དང་། །རྣམ་གྲོལ་བཅས་པ་ལས་ཀུན་བྱེད། །ཅེས་གསུངས་ཏེ། དེ་ཡང་ཐེག་པ་ཐུན་མོང་བ་ནས་བཤད་པའི་ཚུལ་ནི། བགྲང་དང་རྗེས་འགྲོ་འཇོག་པ་དང་། །ཉེ་བར་བསྒྱུར་དང་རྟོག་པ་དང་། །ཡོངས་དག་རྣམ་པ་དྲུག་ཡིན་ནོ། །ཞེས་ཡན་ལག་དྲུག་ཏུ་གསུངས་པ་དང་སྦྱར་ན་རྣམ་པར་རྟོག་པ་ཤས་ཆེ་བས་ལུས་གནད་བཅས་ཤིང་སེམས་རྣལ་དུ་བཞག་པར་བྱའོ། །དེ་ནས་རླུང་གཟུང་བའི་ཐབས་ནི། དབུགས་དབྱུང་བ་དང་རྔུབ་པ་གཅིག་ནས་ཆུ་ཚོད་གཅིག་ཙམ་གྱི་བར་དུ་གྲངས་ཀྱི་གོ་རིམ་དག་པ་སྟེ་མ་ནོར་བར་བགྲང་ཞིང་བརྩི་བའི་སྒོ་ནས་སེམས་འཛིན་པ་སྟེ་དེ་ནི་ཐེག་པ་ཐུན་མོང་ནས་གསུངས་པའི་རླུང་བགྲང་བ་དང་གཅིག་གོ་གནས་ལྡོག་ནི་རྩ་ཐམས་ཅད་དུ་རླུང་གནས་པ་དང་འགྲོ་ལྡོག་བྱེད་པ་ལ་སེམས་དམིགས་ནས་རྣམ་པར་མི་རྟོག་པར་འཇོག་པ་ཡིན་ཏེ་དེ་ནི་རྗེས་འགྲོ་དང་གཅིག་གོ །འཇོག་པ་ནི་ལུས་ཐམས་ཅད་ལ་ཁྱབ་པའི་རླུང་ལ་དམིགས་ནས་རྣམ་པར་མི་རྟོག་པའི་ངང་དུ་འཇོག་པ་ཡིན་ཞིང་། ཉེ་བར་བསྒྱུར་བ་ནི་རླུང་འཛིན་པ་ལ་སོགས་པའི་བློ་བསྒྱུར་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་དམིགས་ནས་རྣམ་པར་མི་རྟོག་པར་འཇོག་ལ། རྟོག་པ་ནི་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱིས་ཕྱེ་བའི་རླུང་སོ་སོའི་མཚན་ཉིད་ལ་དམིགས་ནས་རྣམ་པར་མི་རྟོག་པར་འཇོག་པ་ཡིན་ཞིང་། ཡོངས་དག་ནི་ཡན་ལག་དང་གོ་ལྔའི་འབྲས་བུ་སྟེ། ཞི་གནས་ལ་སྔར་ལྟར་ཞུགས་པས་རང་བཞིན་གྱིས་སྣང་བ་དང་སྟོང་པ་དབྱེར་མེད་པའི་དོན་དམ་པ་ལ་འཇུག་པས་ཡོངས་སུ་དག་ཞེས་བརྗོད་པའོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་བྱ་བའི་ཚུལ་ནི། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་གསུངས་པའི་བརྗོད་དམིགས་གཉིས་ཀུན་རྫོབ་དང་བརྡར་གྱུར་དོན་དམ་གཉིས་ནི་དོན་དམ་པའི་བཟླས་པ་ཡིན་པ་ལས། དང་པོ་གཉིས་ཀྱིས་གཙོ་བོར་ཞི་གནས་དང་ཕྱི་མ་གཉིས་ཀྱིས་ལྷག་མཐོང་བསྒྲུབ་པ་ཡིན་ལ། ཞི་ལྷག་གཉིས་ཀྱི་ངོ་བོ་གང་ཡིན་པ་ཡང་། དགོངས་པ་ལུང་བསྟེན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བྱ་སྟེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བརྟགས་པ་དག་ལ་ཞི་གནས་བྱ། །ཞེས་གསུངས་པ་ལྟར་རོ། །དེས་ན་དོན་འདི་ནི་མདོ་རྒྱུད་གཉིས་ཀ་ནས་གསལ་བར་བསྟན་ཅིང་། ཁྱད་པར་དུ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཚུལ་འདི་རྒྱས་པར་བསྟན་པའི་རྗེས་སུ། ཇི་ལྟར་ཞེ་ན་རབ་ཏུ་གདུལ་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་བྱ་བ་དེ་ནི་རླུང་དུ་བརྗོད་དོ། །ཞེས་གསུངས་སོ། །གཟུང་ཐབས་གཉིས་པ་མི་རྟོག་རྒྱ་ཡན་དུ་བཅིང་བ་ནི་རླུང་སེམས་གཉིས་ཀ་རང་སར་ལྷུག་པར་བཞག་པ་ལས་ཞི་གནས་སྐྱེ་བར་གསུངས་པ་ཡིན་ཏེ། ལག་ལེན་སོར་སྡུད་ཀྱི་སྐབས་སུ་འབྱུང་ངོ་། །གཟུང་ཐབས་གསུམ་པ་ཁ་དོག་དབྱིབས་ལ་རྣམ་པར་སྦྱངས་ནས་གཟུང་བ་ནི། གོང་དུ་བཤད་པའི་དཀྱིལ་འཁོར་ལྔའི་རླུང་གི་ཁ་དོག་ལ་སེམས་གཟུང་སྟེ་མཉམ་པར་བཞག་པ་ལས་གསལ་སྣང་འཆར་ལ། དེ་ནས་ས་ལ་སོགས་པ་དང་བསྲེས་ནས་བསྒོམས་པ་ལས་ཟད་པར་སའི་ཏིང་ངེ་འཛིན་ལ་སོགས་པ་འཆར་རོ། །དབྱིབས་ལ་གཟུང་བ་ནི་སྙིང་ཀར་ཀུན་གཞིའི་རྣམ་པར་ཤེས་པ་ཟླ་བ་དྲི་མ་མེད་པ་ལྟ་བུ་ལ་དམིགས་ནས་བསྒོམས་པ་ལས་གསལ་སྣང་འཆར་ལ། དེ་ནས་གཞན་གྱི་སེམས་དང་བསྲེས་ནས་བསྒོམས་པ་ལས་གཞན་སེམས་ཤེས་པ་ལ་སོགས་པ་མངོན་ཤེས་ལྔ་འཆར་བ་ཡིན་ནོ། །གཟུང་ཐབས་བཞི་པ་ནི་བུམ་པ་ཅན་འཆིང་བ་ཡིན་ཏེ། དེ་ཡང་སྟེང་གི་སྲོག་རྩོལ་འཆིང་བའི་གནས་ལྟེ་བ་དང་། འོག་གི་ཐུར་སེལ་འཆིང་བའི་གནས་གསང་བའི་གནས་དང་། བར་དུ་རླུང་གཉིས་རོ་མཉམ་དུ་བྱ་བའི་གནས་ལྟེ་འོག་གི་མེ་ཡིན་ནོ། །བུམ་པ་ཅན་འདི་ལ་ཡང་། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་ཉན་ཡོད། །ཅེས་ཉམས་ལེན་པ་རྣམས་གསུང་ངོ་། །དེ་ལྟར་གཟུང་ཐབས་དེ་རྣམས་ཀྱིས་རྩ་བའི་རླུང་རྣམས་གཟུང་ཞིང་། སེང་གེ་རྣམ་གྲོལ་གྱིས་ཡན་ལག་གིས་རླུང་རྣམས་འཆིང་བའི་ཚུལ་དང་བཅས་པ་ལ་བརྟེན་ནས་རྩ་བ་དང་ཡན་ལག་གི་རླུང་རྣམས་བརྟན་པར་འགྲུབ་ཅིང་། དེ་ནས་ཞི་བ་ལ་སོགས་པའི་ལས་ཀུན་བྱེད་པར་ནུས་པ་ཡིན་ནོ། །གསུམ་པ་ཕན་ཡོན་བཤད་པ་ནི། །ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། །ཉི་ཟླ་སྒྲ་གཅན་གཙོ་བོ་གསུམ། །དུག་གསུམ་རྣམ་རྟོག་འཇོམས་པ་དང་། །རྡོ་རྗེ་རྣམ་གསུམ་ཐོབ་བྱེད་ཡིན། །དེ་ནི་ཉི་མའི་ཡོན་ཏན་གསུངས། །གཟུགས་སྒྲ་དྲོ་རོ་རེག་བྱ་ཡི། །ཡུལ་ལྔ་དབང་བྱེད་ཟླ་བའི་རླུང་། །དེ་ནི་གཟུང་འཛིན་དག་བྱེད་ལ། །བརྟན་དང་སྣུམ་དང་གསལ་དང་མགྱོགས། །དག་ཅིང་ཤེས་རབ་ཆེ་ལྡན་པ། །ས་སོགས་ལུས་ལ་ཡོན་ཏན་བཤད། །ཅེས་གསུངས་ཏེ། དེ་ཡང་རླུང་ཐམས་ཅད་ཀྱི་རྩ་བ་ཟླ་ཉིའི་ཐབས་ཤེས་ཡིན་པས་ཕན་ཡོན་ཀྱང་ཟླ་ཉིའི་ཡོན་ཏན་རྣམ་པ་བརྒྱད་ཡིན་ཏེ་ཞེས་མདོར་བསྟན་ནས་དེ་ཉིད་རྒྱས་པར་བཤད་པ་ནི། ཐོག་མར་སྟེང་རླུང་ཉི་ཟླ་སྒྲ་གཅན་གྱི་རྩའི་གཙོ་བོ་གསུམ་ལ་བརྟེན་པའི་རླུང་ནི་སྲོག་ཡིན་པའི་ཕྱིར་ཉི་མའི་རང་བཞིན་ཡིན་ལ། དེའི་ཡོན་ཏན་གྱི་གཙོ་བོ་རྡུལ་མུན་པ་སྙིང་སྟོབས་གསུམ་ནི་ལྟེ་འོག་མན་ཆད་དུ་འབྱུང་ལ། དེ་རྣམས་ཀྱི་བྱེད་པ་བཅིངས་པ་ལས་སྤངས་པའི་དབང་དུ་བྱས་ན་དུག་གསུམ་གྱི་རྣམ་པར་རྟོག་པ་འཇོམས་ཏེ། རྐྱང་མ་བཅིངས་པས་འདོད་ཆགས། རོ་མས་ཞེ་སྡང་། དབུ་མ་བཅིངས་པས་གཏི་མུག་འཇོམས་པ་དང་། རྟོགས་པའི་དབང་དུ་བྱས་ན་རྐྱང་མའི་བྱེད་པ་བཅིངས་པས་སྐུ་རྡོ་རྗེ། རོ་མས་གསུང་རྡོ་རྗེ། དབུ་མས་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་རྣམ་པ་གསུམ་ཐོབ་བྱེད་ཡིན་པ་དེ་ནི་ཉི་མའི་ཡོན་ཏན་དུ་གསུངས་ལ། འོག་གི་བཤང་གཅི་ཁུ་བ་འབབ་པའི་རྩ་གསུམ་ལ་བརྟེན་པའི་རླུང་ནི་ཐུར་སེལ་ཡིན་པའི་ཕྱིར་ཟླ་བའི་རང་བཞིན་ཡིན་ཀྱང་དེའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ལ་དབང་བྱེད་པ་ནི་ལྟེ་བ་མན་ཆད་ཀྱི་སྟེང་དུ་འབྱུང་སྟེ། ཟླ་བའི་རླུང་དེའི་བྱེད་པ་བཅིངས་པ་ལས་སྤངས་པའི་དབང་དུ་བྱས་ན་མིག་སོགས་དབང་པོ་ལྔ་གཟུགས་སོགས་ཡུལ་ལྔ་ལ་འཇུག་པའི་གཟུང་འཛིན་བརྒྱད་པོ་དག་པར་བྱེད་ལ། རྟོགས་པའི་དབང་དུ་བྱས་ན་མཐར་ཐུག་གི་ཡོན་ཏན་ཡེ་ཤེས་ལྔ་ཐོབ་པར་བྱེད་ཅིང་། གནས་སྐབས་ཀྱི་ཡོན་ཏན་ས་རླུང་ཟིན་པས་ལུས་བརྟན་པ་དང་། ཆུ་རླུང་གིས་སྣུམ་པ་དང་། མེ་རླུང་གིས་མདངས་གསལ་བ་དང་། རླུང་གི་རླུང་གིས་མགྱོགས་པ་དང་། ནམ་མཁའི་རླུང་གིས་དབང་པོ་དག་ཅིང་ཤེས་རབ་ཆེ་བ་ལ་སོགས་པ་དང་ལྡན་པ་སྟེ། དེ་ས་ལ་སོགས་པའི་རླུང་ལྔ་ལུས་ལ་གནས་པའི་ཡོན་ཏན་བཤད་པ་ཡིན་ནོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པ་ནི། མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་དང་ཕྲ་དང་གཞན་བསྐྱོད་བྱེད། །སེམས་ཉིད་གསལ་ལ་མི་རྟོག་པ། །ངོ་བོ་ཡེ་ཤེས་རླུང་ཆེན་པོ། །གཉེན་པོ་ཡེ་ཤེས་རླུང་ཆེན་ཏེ། །ཡང་དག་རྟོག་པའི་འདུ་བྱེད་བཤད། །ཀུན་གཞི་ལ་གནས་ཉོན་ཡིད་ནི། །གཏི་མུག་བསྐྱེད་པའི་རླུང་དུ་བཤད། །འདུ་བྱེད་ཡེ་ཤེས་སྣང་ཆ་ལ། །གཞན་རྟོག་ཆགས་པའི་རླུང་ཞེས་བྱ། །རྣམ་ཤེས་བླང་དོར་དཔྱོད་པའི་རླུང་། །ཞེ་སྡང་རླུང་སྟེ་དེས་བསྐྱེད་ནས། །ཁམས་གསུམ་རླུང་གི་འདུ་བྱེད་ཅེས། །གསུངས་པས་སྐྱོན་དང་ཡོན་ཏན་ཀུན། །རླུང་རྟེན་དེ་ལྟར་རྟོགས་བྱས་ནས། །རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། །དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་སྤྱིར་རླུང་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་གཉིས་སམ། ཆོས་ཅན་དང་ཆོས་ཉིད་ཀྱི་རླུང་གཉིས་སུ་ཡོད་པ་ལས། རྣམ་ཤེས་ཀྱི་རླུང་དེ་ཡང་མདོར་བསྡུ་ན་རླུང་ཇི་སྙེད་པ་ནི་རྣམ་པར་རྟོག་པ་དང་དབྱེ་བ་མེད་པ་ཡིན་ཏེ། བརྟན་པ་མ་ཡིན་པར་གཡོ་བ་དང་། རགས་པ་ལས་ལོག་སྟེ་ཕྲ་བ་དང་། བཞག་སར་མི་གནས་པར་གཞན་དུ་བསྐྱོད་པར་བྱེད་པས་ན་མཚན་ཉིད་གསུམ་དང་འབྲེལ་བའི་ཕྱིར་རོ། །རླུང་འདི་ཐམས་ཅད་ཀྱི་རང་བཞིན་ནི་ཇི་ལྟ་བུ་ཞེ་ན་སེམས་ཉིད་གསལ་ལ་མི་རྟོག་པའི་ངོ་བོ་གང་ཡིན་པ་དེ་ཉིད་ཡེ་ཤེས་ཀྱི་རླུང་ཆེན་པོ་ཡིན་ནོ། །གཞི་ལ་དེ་ལྟར་ཡིན་པར་མ་ཟད་འབྲས་བུ་དང་རྒྱུ་མཐུན་པའི་གཉེན་པོ་ལམ་གྱི་ཤེས་པ་ཡང་ཡེ་ཤེས་ཀྱི་རླུང་ཆེན་པོ་ཡིན་ཏེ། བྱང་ཆུབ་ཀྱི་ཆོས་དང་རྗེས་སུ་མཐུན་པའི་ཡང་དག་པའི་ཀུན་ཏུ་རྟོག་པས་འདུ་བྱེད་པའི་ལམ་འཁོར་དང་བཅས་པ་ལ་ཡེ་ཤེས་ཀྱི་རླུང་ཞེས་བཤད་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་དུག་གསུམ་པོ་ཡང་རླུང་ཡིན་ཏེ། ཀུན་གཞི་ལ་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་གཏི་མུག་བསྐྱེད་པའི་རླུང་དུ་བཤད་ཏེ། ང་མེད་པ་ལ་ངར་རྟོག་པས་རྨོངས་པ་བསྐྱེད་པའི་ཕྱིར། སེམས་ཡུལ་ལ་འདུ་བྱེད་པའི་སེམས་ཀྱིས་རང་ཡུལ་ཡེ་ཤེས་ཀྱི་སྣང་ཆ་ལ་གཞན་དུ་རྟོག་པ་ནི་འདོད་ཆགས་བསྐྱེད་པའི་རླུང་ཞེས་བྱ་སྟེ། སྲེད་ལེན་གྱིས་ཀུན་ཏུ་དགའ་བའི་འདོད་ཆགས་བསྐྱེད་པའི་ཕྱིར། རྣམ་ཤེས་ཚོགས་དྲུག་གི་རང་སྣང་ལ་དོན་གཞན་དུ་རྟོག་པས་བླང་དོར་དུ་དཔྱོད་པའི་རླུང་དེ་ལ་ཞེ་སྡང་བསྐྱེད་པའི་རླུང་ཞེས་བྱ་སྟེ། བླང་དོར་གཞན་ལ་ཞེ་སྡང་བསྐྱེད་པའི་ཕྱིར། དེ་ལྟར་རྣམ་ཤེས་ཚོགས་བརྒྱད་ནི་མཚན་ཉིད་ཀྱི་སྒོ་ནས་རླུང་ཡིན་ལ། དེས་ཁམས་གསུམ་བསྐྱེད་ནས་འགྲུབ་པས་ན་ཁམས་གསུམ་རླུང་གི་འདུ་བྱེད་ཅེས་གསུངས་པའི་ཕྱིར་རོ། །དེས་ན་འཁོར་འདས་ཀྱི་སྐྱོན་དང་ཡོན་ཏན་ཀུན་རླུང་ལ་བརྟེན་ནས་འབྱུང་བ་དེ་ལྟར་རྟོགས་པར་བྱས་ནས་ཡེ་ཤེས་ཀྱི་རླུང་གི་སྦྱོར་བ་ཤེས་པ་ལས་འཁོར་བའི་ཕ་རོལ་ཏུ་འགྲོ་ཞིང་རྣམ་ཤེས་ཀྱི་རླུང་གིས་འཁོར་བར་འཁོར་བྱེད་ལ། དེའི་བྱེད་པ་བཅིངས་པ་ལས་རྣམ་ཤེས་ཀྱི་རླུང་གཅོད་པར་བྱེད་པ་དང་། དེར་མ་ཟད་ཡེ་ཤེས་ཀྱི་རླུང་དེའང་འགྲུབ་པར་འགྱུར་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། ཕྱི་ནང་རླུང་མིར་བྱེད་ལས་ཀུན། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། །འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་ཕྱི་ནང་གི་རླུང་རྣམས་ཀྱི་ངོ་བོ་དང་མིང་དང་བྱེད་ལས་ལ་སོགས་པ་ཀུན་རྒྱལ་བས་མདོ་རྒྱུད་ལས་རྒྱས་པར་གསུངས་པ་རྣམས་ལས་འདིར་ནི་རྣལ་འབྱོར་པ་ལ་མན་ངག་གི་ལམ་དུ་ཉེ་བར་མཁོ་བ་རྣམས་བསྡུས་ཏེ་བསྟན་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ལས། རླུང་གི་རྒྱུ་ཚུལ་བསྟན་པའི་དུམ་བུ་སྟེ་བཞི་པའོ།། །།ལེའུ་ལྔ་པ་ཐིག་ལེའི་རྣམ་པར་གཞག་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་རླུང་གི་གནས་ཚུལ་ལ་གནད་དུ་མ་བསྣུན་པར་ཐིག་ལེ་ལམ་དུ་བྱ་བར་མི་ནུས་པས་རླུང་གི་གནས་ལུགས་བསྟན་པའི་འོག་ཏུ་ཐིག་ལེའི་གནས་ལུགས་སྟོན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་དང་རླུང་བརྟེན་ནས། །ཐིག་ལེ་གནས་དང་རྒྱུ་ཚུལ་ནི། །རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་པ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། །ཞེས་གསུངས་ཏེ། རླུང་གི་གནས་ཚུལ་རྒྱས་པར་བཤད་ཟིན་པ་དེ་ནས་རྩ་དང་རླུང་གཉིས་ལ་བརྟེན་ནས་དྭངས་སྙིགས་ཀྱི་ཐིག་ལེ་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་ན་ཤེས་དགོས་ལ། དེ་ཡང་དོན་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། གཞིའི་རང་བཞིན་རྩ་བ་སྤྲོས་བྲལ་ཐིག་ལེ་དང་། གཞིའི་གནས་སྐབས་འཁྲུལ་བ་མ་རིག་པའི་ཐིག་ལེ་དང་། ལམ་གྱི་གནས་སྐབས་སུ་འཁྲུལ་བ་དེའི་གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་དང་གསུམ་དུ་གསང་བ་འདུས་པའི་རྒྱུད་ལས་གསུངས་ཤིང་། དཔལ་ས་ར་ཧས་ཀྱང་། ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་པ་མེད། ཅེས་འཁོར་འདས་ཐམས་ཅད་ཐིག་ལེ་གསུམ་པོ་འདི་ལས་འབྱུང་བར་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་བཤད་པ། འཁྲུལ་བ་མ་རིག་པའི་ཐིག་ལེ་མདོར་བསྟན་པ། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ། གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་བཤད་པ། ཞར་ལ་ཐིག་ལེའི་སྐྱོན་བསལ་བའོ། །དང་པོ་ནི། དང་པོ་རང་སེམས་ལྷན་ཅིག་སྐྱེས། །ངོ་བོ་སྟོང་པ་སྤྲོས་བྲལ་སྟེ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་འགྲུབ། །དེ་གསུམ་རྟགས་ནི་ད་ལྟ་ཡང་། །ཐམས་ཅད་སྟོང་པར་སྣང་བ་དང་། །དབྱིངས་རིག་རྟགས་བཅུ་འཆར་བ་དང་། །ཡུལ་སྣང་ནུས་པ་འབྱིན་པ་སྟེ། །གསུམ་པོ་བསླུ་མེད་ཡུལ་རྟགས་ཏེ། །ཡུལ་ཅན་དེ་འབྲེལ་ཤེས་པའོ། །དེ་ནི་རྟོག་བྲལ་མ་འཁྲུལ་བ། །རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། །རྒྱས་པར་མདོ་རྒྱུད་ཀུན་ལས་གསུངས། །ཞེས་གསུངས་ཏེ། དེ་ལ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡོད་པ་ལས། དང་པོ་ངོ་བོ་ནི་རང་གི་སེམས་གདོད་མ་ནས་གསལ་རིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་སྤྲོས་བྲལ་དེ་ཆོས་ཀྱི་སྐུ་ཡིན་ལ། རང་བཞིན་ནི་རྣམ་པ་ཡིན་ཏེ། ཆོས་སྐུ་དེའི་རང་སྣང་རྣམ་པ་ཐམས་ཅད་པར་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞིང་། ཐུགས་རྗེ་ནི་རྟེན་འབྲེལ་གྱི་རང་རྩལ་འགག་པ་མེད་པ་ལས་ཡུལ་སྣང་སེམས་གསུམ་གྱི་བྱ་བྱེད་ཅིར་ཡང་འཆར་ཞིང་འགྲུབ་པ་ནི་སྤྲུལ་པའི་སྐུ་ཡིན་ནོ། །དེ་གསུམ་གྱི་རྟགས་ནི་སོ་སོ་སྐྱེ་བ་འཆིང་བ་ཀུན་ལྡན་གྱི་བློ་ལ་ད་ལྟ་ཡང་མཚོན་དུ་ཡོད་དེ། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་རིགས་པས་དཔྱད་པའི་ཚེ་རིགས་ཤེས་རྗེས་དཔག་ལ་སྟོང་པར་སྣང་བ་དང་། ཤེས་པ་སྐད་ཅིག་མའི་རང་ངོ་ལ་ཡང་སོ་སོ་རང་རིག་དུ་འཆར་བ་ནི་ཆོས་ཀུན་མཚོན་པ་ཡིན་ལ། ཅུང་ཟད་བསྒོམས་པ་ནི་ཤའི་མིག་ལ་སོགས་པས་དབྱིངས་རིག་དབྱེར་མེད་པའི་རྟགས་བཅུ་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་པ་ཡིན་ཞིང་། མིག་གིས་མིག་ཤེས་བསྐྱེད་པ་ལ་སོགས་པ་ཚོགས་དྲུག་གི་ཡུལ་སྣང་ལ་བྱ་བྱེད་ཀྱི་ནུས་པ་སོ་སོར་འབྱིན་པ་ནི་སྤྲུལ་པའི་སྐུ་མཚོན་པ་སྟེ། དེ་གསུམ་དབྱེར་མེད་དུ་འབྱུང་བ་ནི་བསླུ་བ་མེད་པའི་ཡུལ་གྱི་རྟགས་ཡིན་ལ། ཡུལ་ཅན་གྱི་རྟགས་ནི་ཡུལ་དེ་དང་འབྲེལ་བའི་རྣམ་པར་ཤེས་པ་རང་གི་ངོ་བོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ནི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་པར་རྒྱལ་བས་མདོ་རྒྱུད་ཀུན་ལས་གསུངས་ཏེ། ལ་ལར་དྲང་བའི་དོན་དང་ལ་ལར་ངེས་པའི་དོན་དང་ལ་ལར་སྦས་ཤིང་ལ་ལར་གསལ་བར་གསུངས་པའི་ཕྱིར་རོ། །འདིར་བྲལ་བྱའི་མཐའ་འམ་སྤྲོས་པ་དེ་ཉིད་གང་ཞེ་ན། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་ཏེ་ཡོད་པ་དང་མེད་པ། དངོས་པོ་ཡོད་པ་དང་དངོས་པོ་མེད་པ། རྟག་པ་དང་མི་རྟག་པ། བདེ་བ་དང་སྡུག་བསྔལ། བདག་ཡོད་པ་དང་བདག་མེད་པ། སྟོང་པ་དང་མི་སྟོང་པ། ཞི་བ་དང་མ་ཞི་བ། དབེན་པ་དང་མི་དབེན་པ་ལ་སོགས་པ་སྟེ་འདི་དག་ནི་གཟུང་བའི་སྤྲོས་པ་ཡིན་ལ། དེ་དག་ལ་དམིགས་ཤིང་འཛིན་པར་བྱེད་པ་ན་འཛིན་པའི་སྤྲོས་པ་ཞེས་བྱའོ། །ཇི་སྐད་དུ་རྒྱལ་བའི་ཡུམ་རྒྱས་པ་ལས། གཟུགས་ཡོད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་པ་ནས་གཟུགས་དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བསྒྲེས་ནས་གསུངས་ལ། ཡང་གཟུགས་སྔོན་གྱི་མཐར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཕྱི་མའི་མཐར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་དབུས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་རྣམ་མཁྱེན་གྱི་བར་བསྒྲེས་ནས་གསུངས་པ་ལ་རྒོལ་བར་འདོད་ནས། གཟུགས་བརྙན་གསལ་བའི་མེ་ལོང་ལས། །འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་མི་བསྒོམ་པར། །དུས་གསུམ་ཡིད་བྱེད་འགོག་པ་ལྷུར་ལེན་པ། །དུད་འགྲོའི་བསྒྲུབ་ཐབས་བསྒོམ་གྱི་གཟུགས་བརྙན་ཡིན། །ཞེས་དང་། དྲི་བ་ལྷག་བསམ་རབ་དཀར་ལས། །འབྲས་བུ་མཐོ་ན་འདུ་ཤེས་མེད་པའི་ལྷ། །དམའ་ན་དུད་འགྲོའི་རྒྱུ་ལ་ནན་ཏན་དུ། །འབད་པའི་བསྒོམ་ཆེན་རྣམས་ལ་མ་བཟོད་ནས། །ཟུར་ཙམ་ཞུས་མོད་ནོངས་ན་བཟོད་པར་མཛོད། །ཅེས་ཡི་གེར་བྲིས་སོ། །ཁྱེད་ཅག་གི་འདོད་པ་ནི་འདི་ཡིན་ཏེ། བདག་འཛིན་ལྷན་སྐྱེས་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ཐོག་མར་དགག་བྱའི་བདག་ངོས་གཟུང་ནས་དེའི་དོན་སྤྱི་བློ་ལ་ཤར་བ་ན། བདག་དགག་དགོས་པ་ཡིན་ཏེ། གཞན་དུ་ན་འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲའོ། །དེས་ན་དགག་བྱ་ངོས་ཟིན་ནས་དེ་ཉིད་རིགས་པས་ཞིབ་མོར་དཔྱད་པའི་མཐར་བདག་ཞེས་བྱ་བ་རྡུལ་ཙམ་ཡང་མེད་པར་ངེས་པའི་ངེས་ཤེས་སྐྱེས་པ་དེའི་ཚེ་འཛིན་སྟངས་ཤུགས་དྲག་པོས་ངེས་ཤེས་དེའི་རྒྱུན་ཡིད་ལ་བྱས་ནས་བསྒོམ་པ་འདི་བདག་འཛིན་ལྷན་སྐྱེས་དང་དངོས་སུ་འགལ་བའི་བདག་མེད་བསྒོམ་ལུགས་ཡིན་པར་འདོད་མོད། ཁོ་བོ་ཅག་ལྟར་ན་འདི་ཡང་སྤྲོས་པ་དང་བཅས་པའི་ཉམས་ལེན་ནི་ཡིན་ཏེ། བདག་མེད་པར་འཛིན་པའི་སྤྲོས་པ་དང་བཅས་པའི་ཕྱིར་ཏེ། ཇི་སྐད་དུ། གཟུགས་བདག་ཡོད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་བདག་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་གསུངས་སོ། །འོ་ན་ཇི་ལྟར་ཞེ་ན། དགག་བྱའི་བདག་ངོས་འཛིན་པའི་ངལ་བ་འདིས་ཅི་ཞིག་བྱ། བདག་འཛིན་ལྷན་སྐྱེས་ཀྱིས་ཕུང་པོ་ལྔ་ལ་སོགས་པ་ལ་དམིགས་ནས་བདག་གི་སྤྱི་ལ་བདག་དུ་སྒྲོ་བཏགས་པའི་ཆ་དེ་ཉིད་ལ་ཕུང་པོ་སོགས་སོ་སོར་ཕྱེ་ནས་དཔྱོད་བྱེད་ཀྱི་རིགས་པས་ཞིབ་མོར་བརྟགས་ཤིང་དཔྱད་པ་ན་བདག་ཞེས་བྱ་བ་ཅུང་ཟད་ཀྱང་མ་དམིགས་པ་ལས་བདག་ཏུ་འཛིན་པའི་སྒྲོ་འདོགས་ལོག་པ་ལས་བདག་མེད་པར་ངེས་པའི་ཐ་སྙད་བྱེད་པ་ཡིན་གྱི། བདག་མེད་པར་ངེས་པའི་ངེས་ཤེས་ཀྱི་རྒྱུན་ཡིད་ལ་བྱེད་ཅིང་བསྒོམ་པ་ནི་སྤྲོས་བྲལ་གྱི་ཉམས་ལེན་རྣམ་པར་དག་པ་མ་ཡིན་ཏེ། བདག་མེད་པར་འཛིན་པའི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །དཔེར་ན་མཛོད་ཕུགས་ན་རྐུན་མ་ཡོད་པར་འཛིན་པའི་སྒྲོ་འདོགས་སྐྱེས་པའི་ཚེ་ཞིབ་ཏུ་བརྟགས་ཤིང་དཔྱད་པ་ན་རྐུན་མ་མ་དམིགས་པ་ལས་རྐུན་མ་ཡོད་པར་འཛིན་པའི་སྒྲོ་འདོགས་ལོག་པ་ལ་རྐུན་མ་མེད་པར་ངེས་པའི་ཐ་སྙད་བྱེད་པས་མཚན་མོ་ཐོག་ཐག་ཏུ་རྐུན་མ་མེད་པར་ངེས་པའི་ངེས་ཤེས་ཀྱི་རྒྱུན་ཡིད་ལ་བྱེད་མི་དགོས་པ་བཞིན་ནོ། །གཞན་ཡང་སྤྲོས་བྲལ་བསྒོམ་པའི་ཚེ་འཛིན་སྟངས་ཤུགས་དྲག་པོས་བདག་མེད་པར་ལྟ་བ་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་པའི་དོན་ལ་ཉམས་ལེན་བྱས་པར་འགྱུར་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཀྱང་སྟོང་པ་ཉིད་ལ་ལྟ་བའི་གཉེན་པོར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་གསུངས་པའི་ཕྱིར། རྒྱལ་བ་བྱམས་པས་ཀྱང་། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དུས་གསུམ་ཡིད་ལ་བྱེད་པ་འགོག་པ་དུད་འགྲོའི་བསྒྲུབ་ཐབས་ཡིན་པ་དང་། བསྒོམ་གྱི་གཟུགས་བརྙན་ཡིན་པ་ཡང་མི་རིགས་ཏེ། དུས་གསུམ་ཡིད་ལ་བྱེད་པའི་བསྒོམ་ཆོས་ཅན། མ་དགེ་བའི་ལས་ཡིན་པར་ཐལ། དུད་འགྲོར་འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། དེ་ལྟ་བུ་མི་དགེ་བའི་ལས་ཡིན་པར་མདོ་རྒྱུད་བསྟན་བཅོས་གང་ནས་གསུངས་པའི་ཁུངས་སྟོན་ཞིག །ཡང་ཁྱེད་ཅག་ཏུ་མ་ཟད་བོད་སྟོན་མང་པོ་ཞིག་འདི་སྐད་དུ་སྨྲ་སྟེ། ཆོས་རྗེ་ས་སྐྱ་པས། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྷུང་། །ཞེས་གསུངས་པ་འདི་ལ་དགོངས་པ་གང་ཡིན་མི་ཤེས་པར་རི་བོང་གི་ཅལ་ལྟར་རྒྱུག་ཅིང་སྨྲ་བར་འདུག་སྟེ། དེ་ཡང་གང་ལས་གསུངས་ཞིག་ཏུ་བརྟགས་པ་ན། དཔལ་ཡེ་ཤེས་གྲུབ་པ་ལས། རྨོངས་པ་བསྒོམ་པས་རྣལ་འབྱོར་ནི། །ཤིན་ཏུ་རྨོངས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལ་བརྟེན་པར་སྣང་ཞིང་། དེའི་རྨོངས་པ་དང་ཤིན་ཏུ་རྨོངས་པ་གང་ལ་བྱེད་ཡེ་ཤེས་གྲུབ་པ་ལ་ལེགས་པར་སྦྱངས་པ་རྣམས་ལ་ཡང་ཞལ་མཐུན་པ་མེད་ན། ཁྱེད་ཅག་ལན་རེ་མཐོང་བ་རྣམས་ཀྱིས་རང་གི་འདོད་པ་དང་བསྟུན་པའི་འབྲུ་དེ་ཉིད་ཇི་ལྟར་འགྲེལ། དེ་ཉིད་ཀྱི་ཕྱིར་ཁྱེད་ཅག་གིས་གཏན་ཚིགས་གང་ཡང་མེད་པར་འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བའི་བསྒོམ་འདིས་ནི་དུད་འགྲོར་སྐྱེ་བར་རིགས་སོ་སྙམ་པའི་ཡིད་དཔྱོད་ཙམ་ལས་མེད་ལ་དེ་ལྟ་ན་ནི་འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྙོམས་འཇུག་རྣམས་ཀྱང་ཆོས་ཅན་དུད་འགྲོའི་རྒྱུར་ཐལ། འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བའི་བསྒོམ་ཡིན་པའི་ཕྱིར། འདོད་ན། མི་གཡོ་བའི་ལས་འབྲས་ཀྱི་རྣམ་དབྱེ་མི་ཤེས་པའི་རང་མཚང་བསྟན་པར་ཟད་དེ། སྙོམས་འཇུག་གསུམ་པོ་ངན་འགྲོའི་རྒྱུར་སྨྲས་པའི་ཕྱིར་རོ། །གཞན་ཡང་དཀའ་ཐུབ་སྤྱད་པ་ཡི་དྭགས་ཀྱི་རྒྱུ་དང་། གཏུམ་མོ་བསྒོམ་པ་ཚ་དམྱལ་གྱི་རྒྱུར་ཐལ་བ་ཡང་མཚུངས་སོ། །དེ་ལྟར་ན་ལས་དང་འབྲས་བུའི་འབྲེལ་བ་རང་བཟོས་འཇོག་པ་ཁྱེད་ཅག་གིས་མཁས་གྲུབ་གོང་མ་རྣམས་ཀྱི་མན་ངག་གཅེས་སུ་འཛིན་པ་རྣམས་ལ་ཁྲེལ་བའི་གནས་སུ་བྱེད་པ་ངོ་མཚར་ཆེ་ཞིང་སྔོན་ནས་ད་ལྟའི་བར་གྱི་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྐྱེས་བུ་དམ་པ་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་ཐམས་ཅད་ལ་ཐོས་པ་མེད་དོ་ཞེས་བརྙས་པ་དང་། ངན་སོང་གི་འགྲོ་བ་བསྒྲུབ་པའི་བསྒྲུབ་པ་པོར་ངེས་པར་བྱེད་པའི་སྡིག་པ་འདི་ལྟ་བུ་བསོག་པ་ནི་ལས་འབྲས་ལ་མཁས་པའི་གཏམ་མ་ཡིན་ནོ། །མདོར་ན་འདི་ལྟར་ཡིན་ཏེ། པཎྜྻི་ཏ་སྒྲོ་འདོགས་ཕྱི་ནས་གཅོད། །རྣལ་འབྱོར་པ་ནང་ནས་གཅོད། ཅེས་བྱ་བར་གྲགས་པ་ལས། །དང་པོ་ནི་རྣམ་འགྲེལ་ལས། །འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པ་དང་མཐུན་ལ། ཕྱི་མ་ནི་དོ་ཧ་ལས། ཁྱིམ་ན་ཡོད་པ་ཕྱི་རོལ་སོང་ནས་ཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་མཛེས་དག་ལ་འདྲི། །མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། །ཀྱཻ་ཧོ་རྨོངས་པའི་སེམས་ཉིད་རྟོག་པ་དང་། །ལྟ་བ་ངན་པ་ལས་ནི་རང་གྲོལ་འགྱུར། །ཞེས་གསུངས་པ་དང་མཐུན་ཏེ། དེའི་ཕྱིར་ལམ་གྱི་རྣམ་གཞག་འབྱེད་པ་ལ་མཁས་པར་བྱའོ། །དེ་དག་གིས་ནི་བྲལ་བྱའི་མཐའ་འམ་སྤྲོས་པ་ངོས་གཟུང་ནས་དེ་ཉིད་གཅོད་པའི་ཚུལ་བཤད་པར་བྱ་སྟེ། དེ་ལ་ཡང་རིགས་པས་རྣམ་པར་དཔྱད་པའི་ཚུལ་གྱིས་སྤྲོས་པ་གཅོད་པ་དང་། ལྷུག་པར་བཞག་པའི་སྒོ་ནས་སྤྲོས་པ་གཅོད་པའི་ཚུལ་གཉིས་སུ་གྲགས་པ་ལས། རིགས་པས་གཅོད་པའི་ཚུལ་འདི་ལ་མདོ་སྔགས་གཉིས་མཐུན་པར་སྣང་སྟེ། ཇི་སྐད་དུ་མདོ་ལས། འོད་བསྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་སྟོང་པ་ཉིད་དུ་ལྟ་བ་འདི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཡུམ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྦྱར་ནས་གསུངས་སོ། །ཀཱ་མ་ལ་ཤཱི་ལས་བསྒོམ་རིམ་དུ་མདོ་དྲངས་པ་ལས། འོད་བསྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་དྲུད་པ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་བསྲེགས་པ་དེ་བཞིན་དུ་འོད་བསྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ་དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་བསྲེག་པར་བྱེད་དོ། །ཞེས་གསུངས་སོ། །གསང་བ་འདུས་པ་ལས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། དཔལ་ཁ་སྦྱོར་གྱི་རྒྱུད་ལས། སྟོང་པ་བསྒོམ་པར་མི་བྱ་ཞིང་། །སྟོང་མིན་བསྒོམ་པར་མི་བྱ་སྟེ། །སྟོང་པ་ནི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་གསུངས་ལ། དེ་བཞིན་དུ་དྲི་མ་མེད་པའི་འོད་དང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཞལ་མཐུན་པར། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བའི་ལམ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་དང་། ཡང་དྲི་མེད་འོད་ལས། རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་དང་ཆད་པ་སྤངས་པ་འཇིག་རྟེན་པའི་དཔེ་ལས་འདས་པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ཅན་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པ་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་པའི་བུམ་པ་དང་ཆོས་མི་མཐུན་པའི་ཕྱིར་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །དེ་བཞིན་དུ་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །ཞེས་འདི་གཉིས་ཕན་ཚུན་ཆོས་མི་མཐུན་པའི་ཕྱིར་དཔེར་འགྱུར་རོ། །དེ་བཞིན་དུ་ཆད་པ་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དཔེར་བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །བུམ་པ་དང་ནམ་མཁའི་མེ་ཏོག་འདི་དག་འཇིག་རྟེན་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་དེ་ཕན་ཚུན་འགལ་བའི་ཕྱིར་རོ། །གང་གིས་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང་གང་མེད་པ་དེ་ནི་ཡོད་པར་མི་འགྱུར་ཏེ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་གིས་ཡོད་པའི་མཚན་ཉིད་ཀྱིས་སེམས་སུ་འགྱུར་བ་དེས་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་མེད་པའི་མཚན་ཉིད་ཀྱིས་སེམས་སུ་འགྱུར་བ་དེས་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ་སྟོང་པ་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དོན་དམ་པའི་བདེན་པས་གཉིས་ཀ་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ་དང་དངོས་པོ་དང་དངོས་པོ་མེད་པ་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ་དེ་བཞིན་གཤེགས་པའི་གསུང་རིས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེ་རྣལ་འབྱོར་རིས་མེད་པ། །ཞེས་སོ། །ཞེས་ལུང་སྦྱོར་དང་བཅས་ཏེ་གསུངས་སོ། །ཡང་སྐྱེ་འགག་གནས་གསུམ་ལ་བརྟགས་ཤིང་དཔྱད་པ་ཡང་དེ་ཉིད་ལས་གསུངས་ཏེ། འདིར་སྐད་ཅིག་གང་ལ་ཆོས་རྣམས་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ལ་གནས་པ་དང་འཇིག་པ་མེད་དོ། །འདིར་སྐད་ཅིག་གང་ལ་གནས་པར་གྱུར་པའི་སྐད་ཅིག་དེ་ལ་འཇིག་པ་དང་སྐྱེ་བ་མེད་དོ། །འདིར་སྐད་ཅིག་གང་ལ་ཆོས་ཐམས་ཅད་འཇིག་པར་འགྱུར་བའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་སྐད་ཅིག་སྐྱེ་བ་དང་སྐད་ཅིག་གནས་པ་དང་སྐད་ཅིག་འཇིག་པར་མི་འགྱུར་རོ། །ཅིག་ཅར་ཡང་མི་སྲིད་ཏེ་ཆོས་ཐམས་ཅད་དུས་གཅིག་ཏུ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་ཡོད་པ་མ་ཡིན་ནོ། །ཅི་སྟེ་རིམ་པ་ཇི་ལྟ་བར་སྐྱེ་བའི་སྐད་ཅིག་ལ་གནས་པའི་སྐད་ཅིག་དང་གནས་པའི་སྐད་ཅིག་ལས་འཇིག་པའི་སྐད་ཅིག་དང་འཇིག་པའི་སྐད་ཅིག་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ་ཞེ་ན། འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་ཏེ། འདིར་སྐད་ཅིག་སྔ་མ་མ་འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་ཞིང་དེ་བཞིན་དུ་འགགས་པ་ལས་ཀྱང་མི་འབྱུང་ངོ་། །དཔེར་ན་ས་བོན་མ་ཉམས་པ་ལས་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་དོན་དམ་པའི་ཡོད་པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་གཅིག་མེད་ཏེ་གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །འདིར་སྐད་ཅིག་ཐམས་ཅད་རྣམ་པར་བསྒོམ་པ་པོ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་གང་ཡིན་པ་དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བསྒོམ་པ་པོ་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གིས་དང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་སྟེ་དོན་དམ་པར་ཡོད་པ་དང་མེད་པ་དང་བྲལ་བའི་ཕྱིར་རོ། །ཇི་སྲིད་དུ་འཇིག་པའི་སེམས་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་ཏེ་སྐད་ཅིག་མའི་སེམས་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་གི་ཆོས་དང་བྲལ་བ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དོ། །དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་ཡོད་པ་དང་མེད་པ་དང་ཡིན་པ་དང་མ་ཡིན་པ་དང་གཅིག་དང་གཅིག་མ་ཡིན་པ་དང་རྟག་པ་དང་ཆད་པ་དང་སྲིད་པ་དང་མྱ་ངན་ལས་འདས་པ་དང་གཟུགས་དང་གཟུགས་མ་ཡིན་པ་དང་སྒྲ་དང་སྒྲ་མ་ཡིན་པ་དང་སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་ཆགས་པ་དང་ཆགས་པ་མ་ཡིན་པ་དང་ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དག་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འགྲེལ་པ་འདིའི་དོན་བསྡུས་ཏེ་བཤད་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། བུམ་པ་ཡོད་པ་དང་ནམ་མཁའི་མེ་ཏོག་མེད་པར་འདོད་པ་ཡིན་ལ། དེ་བཞིན་དུ་ཀུན་རྫོབ་ལས་འདས་པ་དོན་དམ་པའི་བདེན་པ་ཚད་མར་བྱས་ནས་བུམ་པ་ཡོད་པ་མ་ཡིན་ཞིང་མེད་པ་ཡང་མ་ཡིན་ལ། དེ་བཞིན་དུ་ནམ་མཁའི་མེ་ཏོག་ཀྱང་ཡོད་པ་མ་ཡིན་ཞིང་མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་བུམ་པ་དང་ནམ་མཁའི་མེ་ཏོག་ཡོད་མེད་རོ་མཉམ་པའི་ཕྱིར་ཏེ། སྤྲོས་བྲལ་གཏན་ལ་ཕེབས་པའི་རྣལ་འབྱོར་པས་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ངང་དུ་མཉམ་པར་བཞག་པའི་ཚེ་གཟུང་བ་དང་འཛིན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། རིགས་པས་རྣམ་པར་དཔྱད་པའི་ཚེ་བུམ་པ་ཡོད་པ་མ་ཡིན་ཏེ། གཅིག་དུ་བྲལ་གྱི་རིགས་པས་བཙལ་བ་ན་གང་དུ་ཡང་མི་རྙེད་པའི་ཕྱིར་རོ། །དེ་ལྟར་དཔྱད་པའི་ཚེ་མེད་པ་ཡང་མ་ཡིན་ཏེ། དེའི་འགལ་ཟླ་ཡོད་པ་ཞིག་གྲུབ་ན་དེ་ལ་ལྟོས་པའི་མེད་པ་ཞིག་རིགས་ན་ཡང་བུམ་པ་ཡོད་པ་མི་རིགས་པས་དེ་ལ་ལྟོས་ནས་བུམ་པ་མེད་པ་ཡང་མི་རིགས་སོ། །དེ་ལྟར་དཔྱད་པའི་ཚེ་བུམ་པ་ཡོད་མེད་གཉིས་ཀ་ཡང་མ་ཡིན་ཏེ། རེ་རེ་ནས་བཀག་པའི་ཕྱིར་རོ། །བུམ་པ་ཡོད་མེད་གཉིས་ཀ་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་འགལ་ཟླ་ཡོད་མེད་གཉིས་ཀ་ཞེས་བྱ་བ་ཞིག་ཡོད་ན། དེའི་གཉེན་པོ་ཡོད་མེད་གཉིས་ཀ་མ་ཡིན་པ་ཞེས་བྱ་བ་ཞིག་ཡོད་པར་རིགས་ན་ཡང་ཡོད་མེད་གཉིས་ཀ་ཡིན་པ་མི་རིགས་པའི་ཕྱིར་དེ་ལ་ལྟོས་པའི་ཡོད་མེད་གཉིས་ཀ་མ་ཡིན་པ་ཡང་མི་རིགས་སོ། །དེ་ལྟར་ན་མཉམ་བཞག་གི་ངོར་བུམ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཡང་ཁས་མི་ལེན་ཏེ། རིགས་པས་དཔྱད་པའི་ཚེ་སྤྲོས་བྲལ་དེ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེའི་འགལ་ཟླ་སྤྲོས་པ་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྟར་བྱས་ན་ལྟ་བ་ཁས་ལེན་དང་བྲལ་བ། བསྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ་ཞེས་བསྒྲགས་པ་དེ་འབྱུང་བ་ཡིན་ནོ། །དེ་ཡང་སྤྱོད་པ་བླང་དོར་དང་བྲལ་བ་ནི་མཉམ་བཞག་གི་ཚེ་ཡིན་གྱི་རྗེས་ཐོབ་ཀྱི་གནས་སྐབས་སུ་བླང་དོར་བྱེད་དགོས་སོ། །འདིར་མང་དུ་སྨོས་པས་ཅི་ཞིག་བྱ། དབུ་མ་པ་ཡིན་ན་ནི་སྟོང་པ་དང་སྟོང་མིན་དང་སྐྱེ་བ་དང་གནས་པ་དང་འཇིག་པ་དང་འདུས་བྱས་དང་དངོས་པོ་དང་དངོས་པོ་མེད་པ་དང་བདག་དང་བདག་མེད་པ་ལ་སོགས་པའི་ཕྱོགས་གང་ཡང་ཁས་བླང་བར་བྱ་བ་མ་ཡིན་པར་དབུ་མའི་གཞུང་ལུགས་ཆེན་མོ་རྣམས་ནས་གསུངས་ཏེ། ཇི་སྐད་དུ་རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་དང་། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གང་དག་སྟོང་པ་ཉིད་བལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། རིགས་པ་དྲུག་བཅུ་པ་ལས། །ཇི་སྲིད་ཡིད་ཀྱིས་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་དང་། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་དང་། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །ཞེས་དང་། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱར་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམ་པ། །དེ་དེ་བསྒོམ་པར་བྱེད་པ་མིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་གསུངས་ལ། སློབ་དཔོན་ཨཱརྻ་དེ་བས་ཀྱང་། །སྟོང་མིན་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་གཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །ཞེས་གསུངས་སོ། །བདེན་གཉིས་ལས་ཀྱང་། དགག་བྱ་ཡོད་པ་མ་ཡིན་པས། །གང་དག་དུ་ན་བཀག་མེད་གསལ། །ཞེས་དང་། བརྟགས་པའི་རང་གི་ངོ་བོ་ནི། །བཀག་པས་བརྟགས་མིན་ཇི་ལྟར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །ཞེས་དང་། དབུ་མའི་རྒྱན་ལས། སྐྱེ་བ་ལ་སོགས་བཀག་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཡུལ་མེད་པ་ལ་དགག་པའི་སྒྲ། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་དང་། ཡང་རིན་པོ་ཆེའི་ཕྲེང་བ་ལས། །འཇིག་རྟེན་ཡོད་པའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་རྟེན་ཐར་བར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །ཡོད་དང་མེད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་དེ་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །ཡང་དག་དོན་གྱིས་མེད་ཉིད་དུ། །དམ་མི་འཆའ་ཞིང་མི་དཔྱོད་ལ། །བྱང་ཆུབ་བརྟེན་ཕྱིར་སེམས་མེད་པ། །དེ་དག་ཇི་ལྟར་མེད་པར་བཤད། །གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུང་པ་ཡིན་ཞེས་ཀྱིས། །ཞེས་དང་། ཡང་རིགས་པ་དྲུག་བཅུ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་པ་ཡང་། །བཟློག་པར་བྱ་བ་མཉན་པར་གྱིས། །ཞེས་དང་། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱིས་དོན་ལ་རྣམ་པར་བསྒོམ། །ཞེས་དང་། ཡང་བརྒྱན་ལས། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མ་ཡིན་འཇིག་པའང་མིན། །དེས་ན་འདི་ཡོད་འདི་མེད་ཅེས། །བརྗོད་པ་ཉིད་དུ་བརྗོད་མ་ཡིན། །ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་མི་ནུས་སོ། །ཞེས་དང་། དབུ་མའི་རྒྱན་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅི་ཡང་ཀླན་ཀ་བྱ་མི་ནུས། །ཞེས་དང་། དེའི་རང་འགྲེལ་དུ། གང་གི་ཕྱོགས་ལ་ཡོད་པ་དང་། །མེད་དང་ཡོད་མེད་ཡོད་མིན་ལ། །དེ་ལ་ཀླན་ཀ་བྱ་བར་ནི། །ཡུན་རིང་དུ་ཡང་བརྗོད་མི་ནུས། །ཞེས་བྱ་བ་ལ་སོགས་པ་དབུ་མའི་གཞུང་ལུགས་ཐམས་ཅད་ནས་སྤྲོས་པ་ཀུན་བྲལ་གྱི་དོན་འདི་གསལ་བར་གསུངས་སོ། །དེ་ལ་གཞན་དག་ན་རེ། གཞུང་དེ་དག་གིས་ཁོ་བོ་ཅག་ལ་ཅུང་ཟད་ཀྱང་གནོད་པ་མེད་ཏེ། ཆོས་ཐམས་ཅད་དོན་དམ་པར་ཡོད་པ་ཡང་མ་ཡིན་ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན་ཞེས་དང་། ལ་ལ་ན་རེ་ཡོད་པ་ཡང་མི་བདེན་མེད་པ་ཡང་མི་བདེན་ཞེས་འཆད་པ་ཡིན་གྱིས། སྒྲ་ཇི་བཞིན་དུ་སྨྲ་བ་ལ་ནི་ཉེས་པའི་ཚོགས་དཔག་ཏུ་མེད་ཏེ། འདི་ལྟར། བུམ་པ་ཡོད་པ་མ་ཡིན་ཞེས་སྨྲས་པའི་ཕྱིར་མེད་པར་སྨྲས་པར་འགྱུར་ལ། མེད་པ་མ་ཡིན་ཞེས་སྨྲས་པས་ཡོད་པར་སྨྲས་པར་འགྱུར་རོ། །དེ་བཞིན་དུ་ཡོད་མེད་གཉིས་ཀ་མིན་ཞེས་སྨྲས་ནས་སླར་ཡང་ཡོད་མེད་གཉིས་ཀ་མ་ཡིན་པ་མ་ཡིན་ཞེས་སྨྲ་བ་ནི་དགག་པ་གཉིས་ཀྱི་རྣལ་མར་གོ་བའི་དོན་མ་ཤེས་པར་ཟད་ཏེ། དངོས་འགལ་གྱི་ཕུང་པོ་མི་ཟད་པ་ཁས་ལེན་པའི་ཕྱིར་ཟེར་རོ། །འོ་ན་བུམ་པ་ཡོད་པ་ཡང་མ་ཡིན་མེད་པར་ཡང་མ་ཡིན་པར་སྨྲས་ཤིང་། བུམ་པ་ཡོད་པ་དང་མེད་པར་སྨྲས་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་བུམ་པ་མེད་པར་སྨྲས་པར་ཐལ། བུམ་པ་ཡོད་པ་མ་ཡིན་པར་སྨྲས་པའི་ཕྱིར། ཡང་ཁྱོད་ཀྱིས་བུམ་པ་ཡོད་པར་སྨྲས་པར་ཐལ། དབུ་མ་པ་མེད་པ་མ་ཡིན་པར་སྨྲས་པའི་ཕྱིར། སྔ་ཕྱི་གཉིས་ཀའི་འཁོར་གསུམ་དངོས་སུ་འགལ་ལོ། །ཡང་བུམ་པ་ཡོད་མེད་གང་རུང་མ་ཡིན་པར་སྨྲས་ཤིང་ཡོད་མེད་གང་རུང་ཡིན་པར་མ་སྨྲས་པའི་རྒོལ་བ་ཡོད་པར་ཐལ། ཡོད་མེད་གང་རུང་དང་གང་རུང་མ་ཡིན་པ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན་བུམ་པ་ཡོད་མེད་གང་རུང་མ་ཡིན་པར་སྨྲས་ཤིང་བུམ་པ་ཡོད་མེད་གང་རུང་ཡིན་པར་མ་སྨྲས་པའི་རྒོལ་བ་ཆོས་ཅན། བུམ་པ་ཡོད་མེད་གང་རུང་དུ་མ་སྨྲས་པ་མ་ཡིན་པར་ཐལ། བུམ་པ་ཡོད་མེད་གང་རུང་དུ་མ་སྨྲས་པའི་ཕྱིར། ཐལ་བ་དང་རྟགས་ཁས་བླངས་ཏེ། བུམ་པ་ཡོད་པར་ཡང་སྨྲས་མེད་པར་ཡང་སྨྲས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་ཏེ། བུམ་པ་ཡོད་པར་སྨྲས་པ་ཐལ། བུམ་པ་མེད་པ་མ་ཡིན་པར་སྨྲས་པའི་ཕྱིར། འཁོར་གསུམ། བུམ་པ་མེད་པར་སྨྲས་པར་ཐལ། བུམ་པ་ཡོད་པ་མ་ཡིན་པར་སྨྲས་པའི་ཕྱིར། །དངོས་འགལ་གྱི་ཕུང་པོ་མི་ཟད་པ་ནི་དེ་ལ་ཟེར་བ་ཡིན་ནོ། །ཁྱེད་ཀྱི་གཞུང་གི་འཆད་ཚུལ་ཡང་མི་འཐད་དེ། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡང་མ་ཡིན་ཀུན་རྫོབ་ཏུ་དངོས་མེད་ཀྱང་མ་ཡིན། དོན་དམ་པར་འདུས་བྱས་ཀྱང་མ་ཡིན། ཀུན་རྫོབ་ཏུ་འདུས་མ་བྱས་ཀྱང་མིན། དོན་དམ་པར་རྟག་པ་ཡང་མིན་ཀུན་རྫོབ་དུ་མི་རྟག་པ་ཡང་མ་ཡིན་ཞེས་སོགས་སུ་འཆད་དགོས་པས། དབུ་མའི་གཞུང་ཐམས་ཅད་ཉམས་པར་བྱས་སོ། །འདིར་དོགས་པའི་གནས་འདི་ཡོད་ཏེ། དང་པོ་རང་སེམས་ལྷན་ཅིག་སྐྱེས། །ངོ་བོ་སྟོང་པ་སྤྲོས་བྲལ་ཏེ། །ཞེས་པའི་གཞུང་འདི་དག་ནི་དགོངས་པ་རང་སྟོང་དུ་གནས་པའམ་གཞན་སྟོང་དུ་གནས་ཞེས་དོགས་པ་ལ། གཞུང་འདི་འཆད་པ་པོ་ཕལ་མོ་ཆེ་དག་རང་སྟོང་དུ་གནས་སོ་སྙམ་པ་དེ་དག་ནི་མ་ཡིན་ཏེ། འདི་ལྟར་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཅན། རང་གི་ངོ་བོ་གཟུང་འཛིན་གྱི་སྤྲོས་པས་སྟོང་པ་ཡིན་ཏེ། གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར་དང་། རང་ཉིད་རང་གི་ངོ་བོས་སྟོང་པ་མ་ཡིན་ཏེ། རང་གི་རང་བཞིན་གསལ་བར་གསུངས་པའི་ཕྱིར་དང་། ཐུགས་རྗེ་འགག་མེད་དུ་ཅིར་ཡང་འཆར་བའི་ཚུལ་དང་། སྤྲོས་པ་དང་བྲལ་བའི་ཐིག་ལེ་ཞེས་གསུངས་པའི་ཕྱིར་དང་། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དེ་ཉིད་རང་གི་སྤྲོས་པ་དང་བྲལ་ཙམ་ཡིན་ན་མེད་དགག་དུ་ཐལ་བའི་ཕྱིར་རོ། །འདི་ནི་གནས་སྐབས་སུ་རིགས་པས་སྤྲོས་པ་གཅོད་པའི་ཚུལ་ལ་དགོངས་ཀྱི་མཐར་ཐུག་རང་སྟོང་དང་གཞན་སྟོང་གང་དུ་ཡང་ཁས་མི་ལེན་ནོ། །ལྷུག་པར་བཞག་པའི་སྒོ་ནས་སྤྲོས་པ་གཅོད་པའི་ཚུལ་ནི། འོ་ན་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་མཚན་ཉིད་དང་མཚན་གཞི་ཇི་ལྟ་བུ་ཞེ་ན། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ཁོ་བོས་བརྗོད་མི་ཤེས་པས་ཁོ་བོ་ནི་ཅི་ཡང་མི་སྨྲའོ། །ཇི་སྐད་དུ་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གིས་ནི་རང་རང་གིས་བསྟན་པ་བཤད་ཟིན་ན་ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྦོབས་པར་མཛོད་ཅིག །དེ་ནས་ལོ་ཙ་བྱི་ཅི་ཡང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས་རིགས་ཀྱི་བུ་གང་ལ་ཡི་གེ་དང་སྐད་དང་རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་སྒོ་ལ་འཇུག་པས་ཏེ། ལེགས་སོ་ལེགས་སོ་ཞེས་གསུངས་ནས། དེའི་མཇུག་ཏུ། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བ་འདི་སྲས་པོ་མི་གསུང་བཞུགས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཡང་གསུངས་སོ། །ཀྱཻ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་ཏེ། །བླ་མའི་དུས་ཐབས་རྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ལ། ས་ར་ཧས། སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའ་ཞིང་། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། རང་བཞིན་གདོད་ནས་གནས་པ་ཀུན་གྱིས་དཔྱད་བྱ་མིན།གལ་ཏེ་དཔྱད་ན་དུག་སྦྲུལ་གཙེས་པ་ཁོ་ནར་ཟད། །བློ་ཡིས་བཞག་པའི་ཆོས་འདི་ཐམས་ཅད་རང་གིས་སྟོང་། །ཞེས་དང་། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །གསལ་བ་སྤངས་ནས་སྲིད་པ་དག་ཏུ་ལྟུང་། །མཐོང་བཞིན་དུ་ནི་དོན་དུ་འགྲོ་བ་ནི། །དེ་ལས་སྙིང་རྗེ་བ་ནི་སུ་ཞིག་ཡོད། །ཅེས་དང་། བིར་ཝ་པའི་དོ་ཧ་ལས་ཀྱང་། བརྟག་དང་དཔྱད་དུ་མེད་ཅིང་མཚོན་པའི་དཔེ་དང་བྲལ། །དཔེ་བྲལ་ཉིད་ལའང་མི་གནས་བློ་ཡི་ཡུལ་ལས་འདས། །ཞེས་གསུངས་སོ། །ཏཻ་ལོ་པས་ཀྱང་། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་རིག་མཚོན་ཏེ་ཤེས་པར་གྱིས། །ཞེས་གསུངས་སོ། །འོ་ན་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་མཚན་ཉིད་གང་གིས་ཀྱང་མཚོན་དུ་མེད་ཅིང་མཚན་གཞིའི་ངོས་བཟུང་དང་བྲལ་ན། དེའི་རང་བཞིན་གསལ་བ་ཡིན་པ་དང་ཐུགས་རྗེ་ཅིར་ཡང་འགྲུབ་པ་ཡང་མི་རིགས་སོ་ཞེ་ན། དེ་ལ་འགལ་བ་ཅུང་ཟད་ཀྱང་མེད་ཏེ། དཔལ་བརྟག་པ་གཉིས་པ་ལས། །བསྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་དེ་མ་ཐག་ཏུ། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ་ནི། འཁྲུལ་པ་མ་རིག་ཐིག་ལེ་ནི། །མ་རིག་འདུ་བྱེད་རྣམ་ཤེས་ལས། །ཀུན་བརྟགས་མིང་གཞི་ལས་བསྒྱུར་བ། །བརྟགས་པ་སྔགས་ཀྱི་ཐིག་ལེ་དང་། །གཞན་དབང་ཡིད་ཀྱི་ནུས་པ་ལ། །རླུང་གི་ཐིག་ལེ་ཞེས་སུ་བཤད། །ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལ། །ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས། །རྒྱལ་བས་རྣལ་འབྱོར་རྒྱུད་དུ་གསུངས། །ཞེས་གསུངས་ཏེ། དེ་ཡང་འཁྲུལ་པ་མ་རིག་པའི་ཐིག་ལེ་རླུང་གི་ཐིག་ལེ་དང་རྫས་ཀྱི་ཐིག་ལེ་གཉིས་སུ་གསུངས་པ་ལས། དེ་ཡང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་རླུང་དང་འགྲོགས་པ་ལས་དཀར་དམར་དང་ལྷན་ཅིག་ཏུ་གྱུར་ནས་དཀར་ཆས་འཛིན་པ་དང་དམར་ཆས་གཟུང་བ་བསྐྱེད་པ་དེ་ལ་མ་རིག་པ་ཟེར་ཏེ་རང་གི་ངོ་བོ་གཉིས་སུ་མེད་ཅིང་རིས་མེད་ཡིན་པ་ལ་ཡིན་པར་མ་རིག་པའི་ཕྱིར། དེ་ཉིད་ལ་ཐིག་ལེ་ཟེར་ཏེ། འཁོར་བ་ཇི་སྲིད་པར་གང་གིས་ཀྱང་མི་ཤིགས་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་ཀྱིས་རང་ལ་ཆགས་པ་དང་གཞན་ལ་སྡང་བ་དང་བླང་དོར་ལ་རྨོངས་པ་ལ་སོགས་པའི་དུག་གསུམ་གྱི་མ་རིག་པ་སྐྱེ། དེ་ལས་མངོན་པར་འདུ་བྱེད་ཅིང་། ལས་དེ་ཀུན་གཞིའི་སྟེང་དུ་གོས་པ་ལས་ཚོར་བ་འདུ་བྱེད་འདུ་ཤེས་རྣམ་པར་ཤེས་པ་སྟེ་ཀུན་བརྟགས་མིང་གཞིའི་ཕུང་པོའི་རང་གི་སྣང་བ་ལ་གཞན་དུ་འཁྲུལ་བ་ལས་དེའི་གཉེན་པོར་བསྐྱེད་རིམ་བསྒྱུར་བའི་ལམ་ལྷ་ཡབ་ཡུམ་གཉིས་མེད་བསྒོམ་པ་དང་། སྔགས་བཟླས་པ་ལ་སོགས་པ་ལ་ནི་བརྟགས་པ་སྔགས་ཀྱི་ཐིག་ལེ་ཞེས་བྱ་ལ། གཞན་བདག་རྐྱེན་དམིགས་རྐྱེན་དེ་མ་ཐག་པའི་རྐྱེན་གྱི་དབང་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ལ་འཇུག་པའི་ནུས་པ་ནི་རླུང་ཡིན་ལ། དེའི་བྱེད་པ་འཆིང་བ་ལ་རླུང་གི་ཐིག་ལེ་ཞེས་བཤད་ཅིང་། ཤེས་པའི་ཡུལ་དུ་སྣང་བ་ཇི་སྙེད་པ་དང་གཟུགས་ཀྱི་ཕུང་པོ་ལས་བྱུང་བའི་ཁམས་ལྔའི་རང་བཞིན་གྱིས་དཀར་དམར་གྱི་ཐིག་ལེ་རྫས་ཀྱི་ཐིག་ལེ་ཞེས་བྱ་སྟེ་རྒྱས་པར་འོག་ནས་སྟོན་ནོ། །དེ་ལྟར་རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་པོ་དེ་ནི་རྒྱལ་བ་རྡོ་རྗེ་འཆང་གིས་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་སོ། །གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལ། བར་དོའི་རྐྱེན་ཉེ་བར་སྦྱོར་བའི་ཚུལ། དྭངས་མ་གཉིས་རྒྱས་པར་བཤད་པ། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ། ཁམས་སོ་དྲུག་རྒྱས་པར་བཤད་པ། དཀར་ཆ་འཕོ་བའི་རིམ་པ་བཤད་པའོ། །དང་པོ་ནི། དེ་ལས་རྫས་ཀྱི་ཐིག་ལེ་ལ། །ཕྱི་ནང་གཉིས་ཏེ་ནང་གི་དོན། །དང་པོ་སྐྱེ་བར་སྦྱོར་བའི་ཚེ། །བར་དོའི་ཤེས་པའི་ངོ་བོ་དེ། །ཕ་མའི་རྐྱེན་ལས་ཞེན་པ་ཡིས། །ཁམས་འགྱུར་གོང་དུ་བསྟན་པ་བཞིན། །ཞེས་གསུངས་ཏེ། མ་རིག་པའི་ཐིག་ལེ་དེ་ལ་རླུང་གི་ཐིག་ལེ་དང་རྫས་ཀྱི་ཐིག་ལེ་གཉིས་ལས། རྫས་ཀྱི་ཐིག་ལེ་དེ་ལ་ཡང་མའི་མངལ་དུ་ཉིང་མཚམས་སྦྱར་ནས་རྫས་ཀྱི་ཐིག་ལེ་གྲུབ་པ་ལ་ཕྱི་ནང་གཉིས་ཡོད་དེ། དེ་ཡང་ནང་གི་དོན་ནི་དང་པོ་མངལ་དུ་སྐྱེ་བར་སྲེད་ལེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ་བར་དོའི་རྣམ་པར་ཤེས་པ་དང་དཀར་དམར་ཚོགས་པའི་ངོ་བོ་དེ་རྐྱེན་ཅན་དང་། ཕ་མའི་དཀར་དམར་ལ་བདག་ཏུ་ཞེན་པའི་རྐྱེན་ལས་ཁམས་རྣམས་རགས་པར་འགྱུར་ཞིང་གནས་སྐབས་བཅུ་ཡིས་རིམ་གྱིས་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཚུལ་གོང་དུ་དུམ་བུ་གཉིས་པར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དྭངས་མ་གཉིས་རྒྱས་པར་བཤད་པ་ནི། དེ་ལྟར་གནས་ཚེ་དྭངས་སྙིགས་གཉིས། །རླུང་སེམས་དྭངས་མ་སྔར་བསྟན་ལ། །ཐིག་ལེའི་དྭངས་མ་དཀར་དམར་གཉིས། །དཀར་ཆ་དབུ་མའི་ཡར་སྣ་ན། །ཧཾ་གི་རང་བཞིན་ཡུངས་དཀར་ཙམ། །དཀར་ལ་སྣུམ་པ་ཤེལ་དང་མཚུངས། །ཕ་ལས་ཐོབ་བ་ཀུན་གྱི་མཆོག །དམར་ཆ་རྩ་གསུམ་འདུས་ས་ན། །དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཕག་མོའི་རང་བཞིན་ཏེ། །དཔྱིད་དང་ཐིག་ལེ་ཞེས་ཀྱང་བཤད། །དེ་གཉིས་ཀུན་གཞི་སྲོག་རླུང་བརྟེན། །བྱང་ཆུབ་སྙིང་པོའི་ངོ་བོ་ཞེས། །སྡོམ་འབྱུང་རྡོ་རྗེ་མཁའ་འགྲོར་གསུངས། །ཞེས་གསུངས་ཏེ། དེ་ཡང་སྤྱིར་དྭངས་སྙིགས་ཀྱི་ཚུལ་ལ་རྣམ་ཤེས་དང་ཡེ་ཤེས་ལ་དྭངས་སྙིགས་སུ་བྱས་པ་དང་། དེ་གཉིས་སོ་སོའི་ཕྲ་རགས་པ་དྭངས་སྙིགས་སུ་བྱས་པ་དུ་མ་ཡོད་པ་ལས། འདིར་ཕྲ་རགས་ཀྱི་དབང་དུ་བྱས་ནས་ད་ལྟར་ལུས་ལ་གནས་པའི་ཚེ་རླུང་སེམས་ཐིག་ལེ་གསུམ་པོ་རེ་རེ་ལ་དཀར་དམར་གཉིས་གཉིས་སུ་ཡོད་པ་ལས། རླུང་གི་དྭངས་མ་ཡེ་ཤེས་ཀྱི་རླུང་དང་སེམས་ཀྱི་དྭངས་མ་འོད་གསལ་ཡིན་པ་སོགས་གོང་དུ་བསྟན་ཟིན་ལ། རྫས་ཀྱི་ཐིག་ལེ་དྭངས་མ་ནི་དཀར་དམར་གཉིས་ཡིན་པ་ལས་དཀར་ཆ་ནི་རྩ་དབུ་མའི་ཡར་སྣ་ན་ཧཾ་གི་རྣམ་པའི་རང་བཞིན་ཅན་ཡུངས་དཀར་གྱི་ཚད་ཙམ་པ་ཆུའི་རང་བཞིན་ཡིན་པས་ན་ཁ་དོག་དཀར་ལ་སྣུམ་པ་ཤེལ་དང་མཚུངས་པ་དྭངས་མ་རྒྱུ་བ་ལས་ཐོབ་པ་ཁམས་སོ་གཉིས་པོ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ལ། དམར་ཆ་ནི་ལྟེ་འོག་གི་རྩ་གསུམ་འདུས་མདོ་ན་ཁ་དོག་དམར་ཞིང་གསལ་བ་དཔེ་རྒོད་མའི་མེའི་ཁ་དོག་སྟེ་རྟ་གདོང་གི་མེ་དང་འདྲ་བར་རབ་ཏུ་ཚ་བ། གཏུམ་མོ་ཨ་ཐུང་གི་མེ་ཞེས་བྱ་བ་རྡོ་རྗེ་ཕག་མོའི་ངོ་བོ་ཤེས་རབ་ཀྱི་རང་བཞིན་ཏེ། འདིའི་རིགས་པས་དཀར་ཆ་ལ་ཧེ་རུ་ཀའི་ངོ་བོ་ཐབས་ཀྱི་རང་བཞིན་དུ་ཐོབ་པས་བདེ་མཆོག་ཏུ་དཀར་ཆ་ལ་དཔྱིད་ཅེས་དང་། དམར་ཆ་ལ་ཐིག་ལེ་ཞེས་ཀྱང་བཤད་ལ། དེ་གཉིས་ལ་ཀུན་གཞི་སྲོག་རླུང་དང་བཅས་པ་བརྟེན་ནས་གནས་ཤིང་། ཕྱི་རོལ་གྱི་གནས་ལ་ཉེ་བར་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་པའི་གནས་རྡོ་རྗེ་གདན་ལ་བྱང་ཆུབ་སྙིང་པོའི་གཞི་ཡིན་པར་འཇོག་པ་དེ་བཞིན་དུ་དཀར་དམར་གཉིས་ཀྱང་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཟུང་འཇུག་མངོན་དུ་བྱེད་པའི་གཞི་ཡིན་པས་ན་བྱང་ཆུབ་སྙིང་པོའི་ངོ་བོ་ཞེས་སྡོམ་འབྱུང་རྡོ་རྗེ་མཁའ་འགྲོ་ལས་གསུངས་ཏེ། སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ། །པདྨ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་དང་། ཀྱཻ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་དང་། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཕག་མོ་ཐིག་ལེའི་རང་བཞིན་ཏེ། །རྒོད་མའི་མེ་འདྲའི་ངོ་བོ་ཉིད། །ཅེས་དང་། ཚངས་པའི་གནས་སུ་ཡང་དག་གནས། །གཞོམ་མེད་ཧཾ་གི་རྣམ་པ་ཅན། །བ་མོ་ལྟ་བུར་འཛག་པ་སྟེ། །དཔྱིད་ཅེས་བྱ་བར་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་རྒྱུད་སྡེ་རྣམས་ནས་མང་དུ་གསུངས་སོ། །གསུམ་པ་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་བཤད་པ་ནི། དེ་བརྟེན་གཉིས་ཀྱང་དྭངས་སྙིགས་གཉིས། །དམར་ཆ་མེས་བསྐྱེད་གྱེན་འགྲོ་ལ། །དཀར་པོ་སྤྱི་བོ་ནས་འོག་འགྲོ། །དང་པོ་སྦྱིན་བསྲེག་རྒྱུས་བསྐྱེད་པ། །ཕྱི་རོལ་ཟས་ཀྱི་དངོས་པོ་རྣམས། །བསྲེག་རྫས་ལག་པ་དགང་བླུགས་ཏེ། །ཁར་ནི་ཕུང་པོའི་ལྷ་ལ་མཆོད། །ཕོ་བར་ལས་བྱེད་ལྷ་གསུམ་སྟེ། །མེ་མཉམ་རླུང་དང་བད་ཀན་ནི། །མྱགས་བྱེད་མཁྲིས་པ་མདོག་འགྱུར་གསུམ། །བསྲེགས་བཞུ་སྦྱངས་ནས་དེ་ཡི་དྭངས། །མཆིན་བར་རྩ་ཆེན་བཞི་ལ་བརྒྱུད། །ཁྲག་ཆེན་གྱུར་ནས་རྩ་ཀུན་འགྲོ། །ཁྲག་གིས་ཤ་བསྐྱེད་དེ་ལས་ཚིལ། །རུས་པ་རྐང་དང་ཁུ་བ་སྟེ། །ལུས་ཟུངས་དྭངས་མ་བདུན་ཞེས་བྱ། །ཕོ་བའི་སྙིགས་ལས་བསྐ་སླ་གཉིས། །བསྐ་བ་རྒྱུ་མར་བརྒྱུད་ནས་འགྲོ། །སླ་བ་རྒྱུ་སྒྲོག་ནས་སོང་ནས། །ལྒངས་པ་ནས་ནི་འབབ་པར་བྱེད། །ཁྲག་སྙིགས་མཆིན་ལས་མཁྲིས་པ་ནི། །བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། །མཁྲིས་སྙིགས་ཆུ་ཡི་ཀུ་ཡ་དང་། །དྲི་ཆེན་གྱི་དང་སེར་པོ་བྱེད། །ཤ་ཡི་སྙིགས་མ་པགས་དྲི་མ། །ཚིལ་སྙིགས་སྨེན་བུར་འགྱུར་བ་སྟེ། །རུས་སྙིགས་སོ་དང་སེན་མོ་ཡིན། །རྐང་སྙིགས་སྦུབས་ཀྱི་མཆིལ་སྣབས་བཤད། །ཁུ་བའི་སྙིགས་མ་འོག་ཏུ་འབབ། །དྭངས་མས་སྟོབས་དང་ཁ་དོག་བྱེད། །དེ་ནི་སྤྱི་ཙམ་བཤད་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་ཀུན་གཞི་སྲོག་རླུང་དང་བཅས་པ་དེའི་རྟེན་གྱི་ཐིག་ལེ་དཀར་དམར་དེ་གཉིས་ཀྱང་ནང་བསེས་ཀྱི་དྭངས་སྙིགས་གཉིས་གཉིས་སུ་ཡོད་པ་ལས། དང་པོ་དམར་ཆ་ཁྲག་གི་དྭངས་མ་ནི་ཨ་ཐུང་གི་མེའི་རང་བཞིན་ཡིན་པས་ལུས་ཀྱི་དྲོད་ཐམས་ཅད་བསྐྱེད་ཅིང་མེའི་མཚན་ཉིད་ཡིན་པས་གྱེན་དུ་འགྲོ་ལོ་དམར་ཆ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་ནོ། །ཐིག་ལེ་དཀར་པོའི་དྭངས་མ་ནི་ཆུའི་རང་བཞིན་ཡིན་པས་སྤྱི་བོའི་ཧཾ་ལ་བརྟེན་ནས་འོག་སྟེ་ཐུར་དུ་འགྲོ་ཞིང་ལུས་ཀྱི་དཀར་ཆ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་ནོ། །སྙིགས་མ་དང་པོ་གཞི་དུས་ཀྱི་ནང་གི་སྦྱིན་བསྲེག་གི་རྒྱུས་བསྐྱེད་པ་ཡིན་ཏེ། ཇི་ལྟར་ཡིན་པའི་ཚུལ་ཡང་ཕྱི་རོལ་གྱི་ཁ་ཟས་ཀྱི་དངོས་པོ་རྣམས་བསྲེག་རྫས་དང་། རོ་རྐྱང་གཉིས་ལས་སྐྱེས་པའི་ལག་པ་གཉིས་ནི་དགང་གཟར་དང་བླུགས་གཟར། ཁ་ནི་ཧོཾ་ཁུང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གདོད་མ་ནས་རང་བཞིན་གྱིས་ལྷར་གྲུབ་པ་ནི་མཆོད་ཡུལ་གྱི་ལྷ། ཕོ་བར་དྭངས་སྙིགས་འབྱེད་པའི་ལས་བྱེད་པའི་རླུང་མ་མཉམ་དང་བད་ཀན་མྱགས་བྱེད་དང་མཁྲིས་པ་མདོག་འགྱུར་གསུམ་ནི་འཇིག་རྟེན་པའི་མེ་ལྷ་ཞལ་གསུམ་པའི་རྣམ་པ་ཅན་ཏེ། དེ་གསུམ་པོའི་བྱེད་ལས་ནི་དང་པོས་བསྲེགས་གཉིས་པས་བཞུ་གསུམ་པས་སྦྱངས་ནས་དེའི་དྭངས་མ་མཆིན་པར་རྩ་ཆེན་བཞི་ལ་བརྒྱུད་ཏེ་ཁྲག་ཆེན་དུ་གྱུར་ནས་རྩའི་གནས་ཀུན་ཏུ་ཁྱབ་པར་འགྲོ་ཞིང་ཁྲག་གི་དྭངས་མས་ཤ་བསྐྱེད། ཤའི་དྭངས་མ་དེ་ལས་ཚིལ་བསྐྱེད། དེའི་དྭངས་མས་རུས་པ། དེའི་དྭངས་མས་རྐང་མར། དེའི་དྭངས་མས་ཁུ་བ་བསྐྱེད་པ་སྟེ། །དེ་ལ་ལུས་ཟུངས་ཀྱི་དྭངས་མ་བདུན་བརྒྱུད་ཅེས་བྱའོ། །སྙིགས་མ་ནི་ཕོ་བའི་སྙིགས་མ་ལ་བསྐ་སླ་གཉིས་ལས། བསྐ་བ་བཤད་པ་ཡིན་ཏེ་རྒྱུ་མར་བརྒྱད་ནས་འོག་ཏུ་འགྲོ་ཞིང་སླ་བ་གཅི་བ་ཡིན་ཏེ་རྒྱུ་སྒྲོག་གོ་ནང་ནས་སོང་ནས་ལྒངས་པ་ནས་འབབ་པར་བྱེད་ལ། ཁྲག་གི་སྙིགས་མ་མཆིན་པ་དང་འབྲེལ་བ་ལས་མཁྲིས་པ་བསྐྱེད་ནས་དེའི་སྙིགས་མ་འོག་ཏུ་འགྲོ་ལ། མཁྲིས་པའི་སྙིགས་མ་ནི་དྲི་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་དང་ཁ་དོག་སེར་པོར་བྱེད་ལ། ཤའི་སྙིགས་མ་པགས་པ་དང་དྲི་མ། ཚིལ་གྱི་སྙིགས་མ་སྨེན་བུང་འགྱུར་ལ། རུས་པའི་སྙིགས་མ་སོ་དང་སེན་མོ་དང་ཆུ་རྒྱུས་ལ་སོགས་པ་ཡིན་ཞིང་། རྐང་མར་གྱི་སྙིགས་མ་ནི་སྦུབས་ཀྱི་མཆིལ་སྣབས་སུ་བཤད་དོ། །ཁུ་བའི་སྙིགས་མ་ནི་དུང་ཅན་མ་ནས་འོག་ཏུ་འབབ་ཅིང་འཛག་ལ། དྭངས་མས་ལུས་ཀྱི་སྟོབས་དང་ཁ་དོག་ལ་སོགས་པ་བྱེད་དོ། །དེ་ནི་ཁམས་ཀྱི་དྭངས་སྙིགས་སྤྱི་ཙམ་བཤད་པ་ཡིན། འདི་ཡང་དྲི་མ་མེད་པའི་འོད་ལས་གསུངས་ཏེ། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་ཞེས་པ་ནི། སྤུ་དང་པགས་པ་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི་ཁམས་ཀྱི་ཚོགས་སུ་གྱུར་ཏེ། མཐའ་དག་རོ་དྲུག་ཟས་ཤིང་འཐུངས་པ་དག་ལས་ཞེས་པ་ནི་ལན་ཚ་བ་དང་མངར་བ་དང་ཚ་བ་དང་ཁ་བ་དང་བསྐ་བ་དང་སྐྱུར་བ་ནི་རོ་དྲུག་སྟེ་འདི་དག་ཐོས་ཤིང་འཐུངས་པའི་དབང་གིས་ཁམས་ཀྱི་ཚོགས་སུ་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ཁམས་སུམ་བཅུ་རྩ་དྲུག་རྒྱས་པར་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱས་བཤད་ཁམས་ནི་སུམ་བཅུ་དྲུག །ཅེས་གསུངས་ཏེ། དེ་ཡང་ཁམས་རྣམས་ཅུང་ཟད་རྒྱས་པར་བཤད་ན་སུམ་བཅུ་རྩ་དྲུག་ཡོད་ལ། ཤིན་ཏུ་རྒྱས་པར་བཤད་ན་རྩ་ཇི་སྙེད་པའི་ཁམས་ཀྱང་དེ་སྙེད་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། དྭངས་མ་བཅུ་གཉིས་ཇི་ལྟར་རྒྱུ་བ། སྙིགས་མ་ཉི་ཤུ་རྩ་བཞི་ཇི་ལྟར་འབབ་པའི་ཚུལ་ལོ། །དང་པོ་ནི། བཞི་ནི་མིག་སོགས་ཤེས་པ་དང་། །འབྲེལ་བ་མཆོད་པ་བཞི་ཞེས་བྱ། །བདུད་བྲལ་ནས་བྱུང་ཁམས་དེ་ནི། །སྟེང་འགྲོ་ལྕེའུ་ཆུང་དབུས་སུ་ཟུག །རྒྱུ་དེས་ནག་ཕྱོགས་དང་མཐུན་བཤད། །འདི་ཡང་རེག་བྱའི་ཕྱོགས་གཅིག་འཛིན། །རྩ་བའི་རླུང་ལྔ་དང་འབྲེལ་བ། །སྔར་བཤད་འདིར་ཡང་དབུ་མའི་ཆ། །སྟེང་དུ་རླུང་གསུམ་འོག་ཕྱོགས་སུ། །དྲི་ཆུ་ཁུ་བ་རྣམ་གསུམ་བརྟེན། །ཁྱད་པར་མར་སྣ་དུང་ཅན་མ། །བཅྭོ་ལྔ་ཆ་ཡི་ཐིག་ལེ་ནི། །གང་བ་བདེ་བ་སྐྱེ་བའི་རྩ། །རོ་མས་ཁྲག་གི་ཁམས་འཛིན་པས། །སྐྱེས་པ་བུད་མེད་ཁྱད་པར་བྱེད། །དབང་མཆོག་བསྐྱེད་པར་བྱེད་པའོ། །འདི་ནི་ཁ་སྦྱོར་ཐིག་ལེ་ལས། །ཕྱོགས་བཞི་འདབ་མའི་རྩ་གནས་པ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །མཚམས་རྩར་བདུད་རྩི་ལྔ་འབབ་གནས། །དེར་བརྟེན་མཆོད་པ་བཞི་ཞེས་བཤད། །འདི་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་གསུངས་ཏེ། འདི་དག་ཀྱང་སྔར་རྩའི་ལེའུར་རྒྱས་པར་བཤད་ཟིན་ལ། འདིར་ཁམས་ངོས་གཟུང་བ་ཙམ་བཤད་པར་བྱ་བ་ལ་སྙིང་གའི་ཡན་ལག་གི་རྟེན་གྱི་རྩ་བཞིའི་ཐིག་ལེ་ནི་མིག་དང་སོགས་པ་རྣ་བ་དང་སྣ་དང་ལྕེ་རྣམས་ཀྱི་ཤེས་པ་དང་འབྲེལ་ནས་གཟུགས་སྒྲ་དྲི་རོ་རྣམས་འཛིན་པའི་བདག་རྐྱེན་བྱེད་པའི་དྭངས་མ་ལ་ནི་ནང་གི་མཆོད་པ་བཞི་ཞེས་བྱ་ལ། བདུད་བྲལ་ནས་བྱུང་བའི་ཁམས་དཀར་ཆ་དེ་ནི་སྟེང་དུ་འགྲོ་ཞིང་ལྕེའུ་ཆུང་གི་དབུས་སུ་ཟུག་པ་ཡིན་ལ། རྒྱུ་མཚན་དེས་ན་ཁམས་ལུགས་ལས་བཟློག་པ་ཡིན་པས་ཟླ་བའི་ནག་ཕྱོགས་དང་མཐུན་པར་སྣང་བ་ཡིན་ནོ། །བདུད་བྲལ་མང་གནས་པའི་ཐིག་ལེ་འདི་ཡང་རེག་བྱའི་ཕྱོགས་གཅིག་འཛིན་པའི་བདག་རྐྱེན་བྱེད་པས་ན་ཡན་ལག་གི་རླུང་གི་ཕྱོགས་གཅིག་ལ་བརྟེན་པར་བཞག་པ་ཡིན་ཅིང་། རྩ་བའི་རླུང་ལྔ་དང་འབྲེལ་བའི་ཐིག་ལེའི་བྱེད་ལས་ནི་སྦར་བཤད་པའི་རྩའི་བྱེད་ལས་དང་མཐུན་པ་ཡིན་ནོ། །ཁྱད་པར་དུ་ཐིག་ལེ་འཆད་པའི་སྐབས་འདིར་ཡང་དབུ་མ་ལ་ཆ་གཉིས་སུ་བྱས་པའི་སྟེང་དུ་ཟླ་ཉི་སྒྲ་གཅན་གྱི་རྩ་གསུམ་ལ་རྒྱུ་བའི་རླུང་གསུམ་ལ་བརྟེན་པའི་ཐིག་ལེ་དང་། འོག་གི་ཕྱོགས་སུ་དྲི་ཆེན་དྲི་ཆུ་ཁུ་བ་རྣམ་པ་གསུམ་འབབ་པའི་རྩ་གསུམ་ལ་བརྟེན་པའི་དྭངས་མ་གསུམ་ཡོད་པ་ལས། སྟེང་གི་སྲོག་ཉི་མའི་ཆོས་ཅན་ཡིན་པས་ན་སྟེང་གི་གསུམ་པོ་གཅིག་ཏུ་བྱས་ནས་ཉི་མའི་ཐིག་ལེ་དང་། འོག་གི་གསུམ་པོ་ཐུར་སེལ་ཟླ་བའི་ཆོས་ཅན་ཡིན་པས་གཅིག་ཏུ་བྱས་ནས་ཟླ་བའི་ཐིག་ལེ་སྟེ། དེ་ལྟར་དྭངས་མའི་ཁམས་བཅུ་གཉིས་སོ། །འོ་ན་དབུ་མའི་ཡར་སྣ་སྒྲ་གཅན་དང་མར་སྣ་དུས་མེར་བཤད་པས་དེ་གཉིས་ལ་གནས་པའི་ཐིག་ལེ་གཉིས་པོ་བཅུ་གཉིས་པོའི་ཁོངས་སུ་ཇི་ལྟར་བསྡུ་ཞེ་ན། སྒྲ་གཅན་ཟླ་བ་དང་དུས་མེ་ཉི་མའི་ཁོངས་སུ་བསྡུ་བ་ཡིན་ནོ། །ཁྱད་པར་དུ་མར་སྣ་དུང་ཅན་མ་ལས་བཅོ་ལྔའི་ཆའི་དཀར་ཆའི་ཐིག་ལེས་གང་བ་ནི་བདེ་བ་སྐྱེ་བའི་རྩ་ཡིན་ལ། དེ་ཉིད་སྐྱེས་པ་ལ་རྡོ་རྗེ་ནོར་བུའི་རྩེ་མོར་འབྲེལ་ཞིང་བུད་མེད་ལ་རྩ་དེ་རོ་མ་དང་འབྲེལ་བ་ལས་ཁྲག་གི་ཁམས་འཛིན་པས་ན་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་དེས་བྱེད་ཅིང་དབང་པོའི་མཆོག་གཉིས་ཀྱང་བསྐྱེད་པར་བྱེད་པའོ། །སྙིང་གའི་ཐིག་ལེ་བཅུ་པོ་དེའི་ངོ་བོ་གང་ཞེ་ན། འདི་ནི་ཁ་སྦྱོར་ཐིག་ལེ་ལས། སྙིང་གའི་ཕྱོགས་བཞིའི་འདབ་མའི་རྩ་ལ་གནས་པའི་འབྱུང་བ་ཆེན་པོ་བཞིའི་ཐིག་ལེ་དང་སྙིང་གའི་སྟེང་ཕྱོགས་ཀྱི་ཐིག་ལེ་རྣམས་ནི་མར་མེ་སྟེ་སྒྲོན་མ་ལྔའི་དངོས་པོ་སྟེ་མི་ཁྱི་རྟ་བ་ལང་གླང་པོ་ཆེའི་ཤ་ལྔ་འབབ་པའི་གནས་ཤེས་རབ་ཀྱི་རང་བཞིན་དང་མཚམས་ཀྱི་རྩ་བཞི་དང་འོག་ཏུ་གནས་པའི་ཐིག་ལེ་ལྔ་ནི་བདུད་རྩི་ལྔའི་རང་བཞིན་ཏེ་ཁུ་བ་ཁྲག་རྐང་མར་དྲི་ཆུ་དྲི་ཆེན་ལྔ་འབབ་པའི་གནས་ཐབས་ཀྱི་རང་བཞིན་ཡིན་ལ། མཚམས་ཀྱི་རྩ་བཞི་པོ་དེར་བརྟེན་པའི་ཐིག་ལེ་ལ་ནང་གི་མཆོད་པ་བཞི་ཞེས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་རྩ་འདི་དག་ནི་ལུས་ཀྱི་སྙིང་གའི་དབུས་སུ་གསུམ་བསྐོར་མ་དང་འདོད་མ་དང་། ཁྱིམ་མ་དང་གཏུམ་མོ་དང་བདུད་བྲལ་མ་སྟེ་རྩ་ལྔ་པོ་ནི་ཡང་དག་པར་གནས་པ་ཡིན་ནོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞི་ཇི་ལྟར་འབབ་པའི་ཚུལ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་བྱེ་བྲག་ལ་བརྟེན་ནས། །གནས་གནས་སུ་ནི་ཉེ་བར་བརྗོད། །ཅེས་གསུངས་ཏེ། དེ་ཡང་གནས་སོགས་ཉི་ཤུ་རྩ་བཞིར་འཇོག་པའི་རྒྱུ་མཚན་ནི་མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་པའམ། སྐུ་གསུང་ཐུགས་གསུམ་ལ་བརྒྱད་བརྒྱད་དུ་ཕྱེ་བའི་བྱེ་བྲག་གིས་གནས་ལ་སོགས་པ་ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་ལ། ཐིག་ལེ་དང་མཁའ་འགྲོ་མ་རྒྱུན་ཏུ་གནས་པ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་དེ་དག་གི་བྱེ་བྲག་ལ་བརྟེན་ནས་ཕྱི་རོལ་ཏུ་གནས་ལ་སོགས་པ་ཉེར་བཞི་དང་ནང་དུའང་གནས་ལ་སོགས་པ་ཉེར་བཞི་རྣམས་སུ་ཉེ་བར་བརྗོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་བའི་ཚན་དྷོ། །འདུས་དང་ཉེ་བའི་འདུལ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་བཤད་པའོ། །དང་པོ་ནི། དེ་ནས་དེ་རྣམས་ལས་བྱུང་བ། །ཁམས་ནི་ཉི་ཤུ་རྩ་བཞི་པོ། །སྔར་བཤད་རྩ་དང་བཅས་པ་ནི། །མི་ཕྱེད་པཱུལླིར་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བརྗོད། །ཕྲ་མོ་ཛཱ་ལན་དྷ་ར་སྟེ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །བརྩེ་བ་མ་ནི་ཨུ་རྒྱན་ཏེ། །རྣ་གཡས་བརྟེན་ཏེ་པགས་པ་འབབ། །གཡོན་པ་མ་ནི་ཨར་བུ་ད། །རྒྱབ་སོགས་ཤ་རྣམས་འབབ་པའོ། །དཀར་ཆ་རྟག་ཏུ་གནས་པས་གནས། །གཽ་ཏ་ཝ་རི་ཐུང་ངུ་མ། །རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ། །ར་མི་ཤྭ་རི་རུས་སྦལ་སྐྱེས། །རུས་པའི་ཕྲེང་བ་འབབ་པ་ཡིན། །དེ་བི་ཀོ་ཊི་བསྒོམ་པ་མོ། །མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། །དབང་བསྐུར་མ་ལ་ཝ་ཞེས་བྱ། །སྙིང་གི་ཤ་བསྐྱེད་བྱེད་པ་ཏེ། །རྟག་ཏུ་ཉེ་བའི་གནས་ཞེས་བརྗོད། །ཅེས་གསུངས་ཏེ། དྭངས་མ་བཅུ་གཉིས་བཤད་ཟིན་པ་དེ་ནས་ལུས་ཀྱི་རྩ་ཉེར་བཞི་པོ་དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་སྔར་བཤད་པའི་རྩ་དང་བཅས་པ་ནི་གནས་ལ་སོགས་པ་དང་སྦྱར་ནས་བཤད་པའི་ཚུལ་ནི་འདི་ཡིན་ཏེ། རྩ་མི་ཕྱེད་མ་ནི་མགོ་ལ་གནས་ཤིང་ཕྱི་ནང་གཉིས་ཀའི་གནས་ཡིན་ཏེ་ཁམས་སོ་དང་སེན་མོ་འབབ་པར་བརྗོད་དོ། །དེ་བཞིན་དུ་ཕྲ་གཟུགས་མ་ནི་སྤྱི་བོར་གནས་ཤིང་ཕྱི་ནང་གི་གནས་ཚཱ་ལན་དྷ་ར་ཡིན་ཏེ་སྐྲ་དང་བ་སྤུའི་ཁམས་འབབ་པར་བྱེད་དོ། །རྩེ་བ་མ་ནི་ཕྱི་ནང་གི་གནས་ཨུ་རྒྱན་ཏེ་རྣ་བ་གཡས་པ་ལ་བརྟེན་ཏེ་པགས་པ་དང་དྲི་མའི་ཁམས་འབབ་པར་བྱེད་དོ། །གཡོན་པ་མ་ནི་ཕྱི་ནང་གི་ཨར་བུ་ད་ཡིན་ཏེ་ལྟག་པ་ལ་གནས་ཤིང་རྒྱབ་དང་སོགས་པའི་སྒྲས་བསྟན་པ་ཚང་རའི་ཤ་རྣམས་འབབ་བའོ། །དེ་ལྟར་བཞི་པོ་དེར་ནི་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་རྟག་ཏུ་གནས་ཤིང་ནང་དུ་དཀར་ཆ་རྟག་ཏུ་གནས་པས་ན་གནས་ཞེས་བྱའོ། །ཐུང་ངུ་མ་ནི་ཕྱི་ནང་གི་གཽ་ཏ་ཝ་རི་ཡིན་ཏེ་རྣ་བ་གཡོན་པར་གནས་ཤིང་རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ་པའོ། །རུས་སྦལ་སྐྱེས་མ་ནི་ཕྱི་ནང་གི་ར་མི་ཤྭ་རི་ཏེ་སྨིན་མཚམས་སུ་གནས་ནས་རུས་པའི་ཕྲེང་བ་འབབ་པའོ། །བསྒོམ་པ་མ་ནི་ཕྱི་ནང་གི་དེ་ཝི་ཀོ་ཊི་ཏེ་མིག་ལ་གནས་ཤིང་མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན་ནོ། །དབང་བསྐུར་མ་ནི་ཕྱི་ནང་གི་མ་ལ་ཝ་ཞེས་བྱ་སྟེ་དཔུང་པའི་རྩ་དང་འབྲེལ་ཅིང་སྙིང་གི་ཤ་རྣམས་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་བཞི་པོ་དེར་ནི་མཁའ་འགྲོ་མ་རྣམས་དང་དཀར་ཆ་ཕལ་ཆེར་རྟག་ཏུ་གནས་པ་ལ་ཉེ་བས་ན་ཉེ་བའི་གནས་ཞེས་བརྗོད་དོ། །གཉིས་པ་ཞིང་དང་ཉེ་བའི་ཞིང་བཤད་པ་ནི། སྐྱོན་མ་ཞེས་བྱ་ཀཱ་མ་རུ་སྟེ། །མིག་འབྲས་ཤ་རྣམས་འབབ་པ་ཡིན། །འཇུག་མ་ཨོ་ཊི་ཡ་ཡིན་ཏེ། །ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། །མ་མོ་ཏྲི་ཤ་ཀུ་ན་ཏེ། །གློ་བ་བསྐྱེད་པར་བྱེད་པའོ། །མཚན་མོ་ཞེས་བྱ་ཀོ་ས་ལ། །རྒྱུ་མའི་ཕྲེང་བ་འབབ་པར་བྱེད། །ལོངས་སྤྱོད་ཞིང་དང་ཉེ་ཞིང་བརྗོད། །ཅེས་གསུངས་ཏེ། སྐྱོན་མ་ནི་ཕྱི་ནང་གི་ཀཱ་མ་རུ་པ་དང་ལུས་ཀྱི་མཆན་ཁུང་སྟེ་མཆིན་པ་ནས་མིག་འབྲས་ཀྱི་ཤ་རྣམས་འབབ་པ་ཡིན་ནོ། །འཇུག་མ་ནི་ཨོ་ཊི་ཡ་དང་ནུ་མ་གཉིས་ཡིན་ཏེ་ནུ་མའི་མཚམས་ནས་བརྒྱུད་སྟེ་ལོང་ཀ་དང་མཁྲིས་པ་བསྐྱེད་པར་བྱེད་དོ། །མ་མོ་ནི་ཏྲི་ཤ་ཀུན་དང་ལྟེ་བ་སྟེ་གློ་བའི་ཁམས་བསྐྱེད་པར་བྱེད་པའོ། །མཚན་མོ་ནི་ཀོ་ས་ལ་དང་སྣ་རྩེ་སྟེ་རྒྱུ་མའི་ཕྲེང་བ་འབབ་པར་བྱེད་དོ། །དེ་ལྟར་བཞི་པོ་དེ་ལས་དང་པོ་གཉིས་ནི་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་ལོངས་སྤྱོད་པའི་ཞིང་དང་ནང་དུ་དཀར་ཆ་ལ་ལོངས་སྤྱོད་པའི་ཞིང་ཡིན་པས་ན་ཞིང་ཞེས་བརྗོད་ལ་ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་ཞིང་ཞེས་བརྗོད་དོ། །གསུམ་པ་ཚན་དྷོ་དང་ཉེ་བའི་མཚན་དྷོ་ཧ་བཤད་པ་ནི། བསིལ་སྦྱིན་ཀ་ལིངྐ་ཡིན་ཏེ། །སྟ་ཟུར་ནས་འབྲེལ་གྲོད་པ་བསྐྱེད། །ཚ་བ་མ་ནི་ལམྦཱ་ཀ །ལྟེ་བ་མཉེ་མ་བསྐྱེད་པ་ཡིན། །གཞོལ་མ་ཀཉྩྨིར་བཤད་པ་སྟེ། །བཤང་བ་འབབ་པའི་བདག་རྐྱེན་བྱེད། །རངས་མ་ཧི་མཱ་ལ་ཡ་སྟེ། །མཚམས་དབུས་འགེངས་པའི་བརྒྱུངས་པ་འབབ། །དྭངས་སྙིགས་འདྲེས་པར་གནས་པས་ན། །ཚན་དྷོ་ཉེ་བའི་ཚན་དྷོར་བཤད། །ཅེས་གསུངས་ཏེ། བསིལ་སྦྱིན་མ་ནི་ཕྱི་ནང་གི་ཀ་ལིངྐ་དང་ལུས་ཀྱི་ཁ་ཡིན་ཏེ་རྩིབ་ལོགས་སུ་འབྲེལ་ཞིང་གྲོད་པ་བསྐྱེད་དོ། །ཚ་བ་མ་ནི་ལམྦཱ་ག་དང་མགྲིན་པ་སྟེ་ལྟེ་བར་འབྲེལ་ཞིང་མཉེ་མ་བསྐྱེད་པ་ཡིན་ནོ། །བཅུ་བཞི་པོ་དེ་དག་ནི་གཡོན་པ་རྐྱང་མ་ལས་གྱེས་ཤིང་ལུས་ཀྱི་གཡོན་གྱི་ཆ་ལ་གནས་པ་ཡིན་ལ། ལུས་ཀྱི་སྒོ་ནས་ཐབས་ཡིན་ཀྱང་བསམ་པའི་སྒོ་ནས་ཤེས་རབ་ཀྱི་ཆ་ཡིན་ནོ། །གཡས་རོ་མ་ལ་བརྟེན་པའི་རྩ་བཅུ་ནི་ལུས་ཀྱི་སྒོ་ནས་ཤེས་རབ་ཡིན་ཀྱང་བསམ་པའི་སྒོ་ནས་ཐབས་ཀྱི་ཆ་ཡིན་པའི་རྩ་རྣམས་ལས་གཞོལ་མ་ནི་ཕྱི་ནང་གི་ཀཉྩྨི་དང་སྙིང་ཡིན་པར་བཤང་ཏེ་བཤང་ལམ་དུ་འབྲེལ་ནས་བཤད་པ་འབབ་པའི་བདག་རྐྱེན་བྱེད་དོ། །རངས་མ་ནི་ཧི་མཱ་ལ་ཡ་དང་འཚོགས་མ་སྟེ་འཚོགས་མའི་མཚམས་ནས་གསང་གནས་ཀྱི་བར་ལུས་ཀྱི་དབུས་འགེངས་པའི་བརྒྱུངས་པ་འབབ་སྟེ་དེ་ལྟར་བཞི་པོ་དེ་ལས་དང་པོ་གཉིས་ནི་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་རིགས་འདྲེས་ནས་གནས་ཤིང་ནང་དུ་དྭངས་སྙིགས་འདྲེས་པར་གནས་པས་ན་ཚན་དྷོ་ཧ་ཞེས་བྱ་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་ཚན་དྷོ་ཧར་བཤད་དོ། །བཞི་པ་འདུ་ས་དང་ཉེ་བའི་འདུ་ས་བཤད་པ་ནི། པྲི་ཏ་པཱུ་ར་གཟུགས་ཅན་མ། །རྟག་ཏུ་རྣག་ནི་འབབ་པ་ཡིན། །གྲི་ཧ་དེ་ཝ་ཐུན་མོང་མ། །བད་ཀན་འབབ་པར་བྱེད་པའོ། །རྒྱུ་སྦྱིན་སཽ་རཥྚ་ཏེ། །ཁྲག་གི་ནུས་པ་བསྐྱེད་པར་བྱེད། །སོར་ཎ་དི་བ་སྦྱོར་བྲལ་མ། །རྟག་ཏུ་རྡུལ་ནི་འབབ་པར་བྱེད། །དྭངས་སྙིགས་འདུ་དང་ཉེ་འདུར་གསུངས། །ཞེས་གསུངས་ཏེ། ཤིན་ཏུ་གཟུགས་ཅན་མ་ནི་ཕྱི་ནང་གི་པྲེ་ཏ་པཱུ་ར་དང་མཚན་མ་སྟེ་རྟག་ཏུ་རྣག་ནི་འབབ་པ་ཡིན་ནོ། །ཐུན་མོང་མའམ་སྤྱི་མ་ནི་གྲི་ཧ་དེ་ཝ་དང་བཤང་ལམ་སྟེ་བད་ཀན་འབབ་པར་བྱེད་པའོ། །རྒྱུ་སྦྱིན་མ་ནི་སཽ་རཥྚ་དང་བརླ་ཟུང་སྟེ་ཁྲག་གི་ནུས་པ་བསྐྱེད་པར་བྱེད་པའོ། །སྦྱོར་བྲལ་མ་ནི་སུ་ཝརྑ་དྭི་བ་བྱིན་པ་སྟེ་རྟག་ཏུ་རྡུལ་གྱི་ཁམས་ནི་འབབ་པར་བྱེད་དོ། །དེ་ལྟར་བཞི་པོ་དེ་ལས་དང་པོ་གཉིས་ནི་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་ཚོགས་ལ་འདུ་ཞིང་ནང་དུ་དྭངས་སྙིགས་རྣམས་འདུ་བས་ན་འདུ་ས་ཞེས་བྱ་ལ་ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་འདུ་སར་གསུངས་པ་ཡིན་ནོ། །ལྔ་པ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་བཤད་པ་ནི། སྡུ་གུ་ཞེས་བྱ་ནཱ་ཀ་ར། །ཚིལ་ནི་འབབ་པར་བྱེད་པ་ཡིན། །གྲུབ་མ་ཞེས་བྷ་སིན་དྷུར་བརྗོད། །མཆི་མ་བསྐྱེད་པར་བྱེད་པ་ཡིན། །མ་རཱུ་ཞེས་བྱ་འཚེད་མ་སྟེ། །ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། །ཀུ་ལུ་ཏ་ནི་ཡིད་བཟང་སྟེ། །རྟག་ཏུ་སྣ་ཆུ་འབབ་པ་ཡིན། །བདེ་མེད་དུར་ཁྲོད་དེ་ཉེ་བའོ། །ཞེས་གསུངས་ཏེ། རྩ་སྡུ་གུ་མ་ཞེས་བྱ་བ་ནི་ཕྱི་ནང་གི་ནཱ་ག་ར་དང་སོར་མོ་སྟེ་ཚིལ་གྱི་ཁམས་འབབ་པར་བྱེད་པ་ཡིན་ནོ། །གྲུབ་མ་ཞེས་བྱ་བ་ནི་སིན་དྷཱུ་ར་དང་རྐང་པའི་བོལ་གོང་སྟེ་མཆི་མ་བསྐྱེད་པར་བྱེད་པ་ཡིན། འཚེད་མ་ནི་མ་རཱུ་དང་མཐེ་བོང་སྟེ་ལུད་པ་དང་མཆིལ་མ་བསྐྱེད་ཅིང་འབབ་པའོ། །ཡིད་བཟང་མ་ནི་ཀུ་ལུ་ཏ་དང་པུས་མོ་སྟེ་རྟག་ཏུ་སྣ་ཆུ་དང་སྣབས་འབབ་པ་ཡིན་ནོ། །དེ་ལྟར་བཞི་པོ་ལས་དང་པོ་གཉིས་ནི་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་ཁུ་བ་འདོར་བ་དང་ནང་དུ་བདེ་བའི་ཚོར་བ་མེད་པས་ན་དུར་ཁྲོད་ཅེས་བྱ་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་དུར་ཁྲོད་ཅེས་བྱའོ། །དེ་ལྟར་ན་གནས་ལ་སོགས་པ་ཉེར་བཞི་པོ་ལུས་ལ་སྦྱོང་བ་ནི་བདེ་མཆོག་གི་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད་ལས། སྤྱི་བོ་ར་ཡིན་ཏེ། སོ་དང་སེན་མོ་འབབ་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསལ་བར་གསུངས་པ་ལས་ཤེས་པར་བྱ་ཞིང་། སློབ་དཔོན་ཆེན་པོ་གསེར་གླིང་པའི་ཀྱཻ་རྡོ་རྗེའི་འགྲེལ་བ་དང་། གྲུབ་ཆེན་ནག་པོ་སྤྱོད་པས་མཛད་པའི་བདེ་མཆོག་གི་མངོན་རྟོགས་དང་། དཔྱིད་དང་ཐིག་ལེ་རྒྱས་པར་གསུངས་པ་རྣམས་དང་། ཁྱད་པར་དུ་སམ་བྷུ་ཊིའི་རྒྱུད་ལས་ཕྱོགས་གཅིག་ཏུ་གསུངས་པ་རྣམས་ལས་ཤེས་པར་བྱའོ། །ཕྱི་རོལ་གནས་ལ་སོགས་པ་དང་ས་བཅུ་གཉིས་པོ་སྦྱོར་བའི་ཚུལ་ནི་འདི་ཡིན་ཏེ། གསང་གནས་ཀྱི་འཁོར་ལོ་ལ་སོགས་པ་དྲུག་པོ་རྣམས་སུ་དུས་སྦྱོར་གཉིས་གཉིས་ཀྱི་རླུང་འགགས་པ་ལས་གྲངས་བཞིན་དུ་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་བའི་ཚན་དྷོ་ཧ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་རྣམས་སོ། །འདིར་གསང་གནས་ཀྱི་འཁོར་ལོའི་འོག་ཏུ་དུས་སྦྱོར་གཅིག་གི་རླུང་འགགས་པ་ན་རྟེན་འབྲེལ་ཡན་ལག་དང་པོ་མ་རིག་པ་འགག་ཅིང་། ཐིག་ལེ་རྡོ་རྗེ་ནོར་བུ་ལས་སླར་སྟེང་དུ་ལོག་པ་གསང་གནས་ཀྱི་འཁོར་ལོའི་འོག་ཏུ་བརྟན་པར་འགྱུར་ཏེ། གནས་ཞེས་པ་ནི་ས་དང་པོ་རབ་ཏུ་དགའ་བ་ཐོབ་སྟེ། གནས་ནི་གཞིའི་དོན་ཡིན་ལ། ཐོག་མ་མེད་པའི་འཁོར་བར་སྔར་མ་མཐོང་བའི་དེ་ཁོ་ན་ཉིད་མཐོང་བ་ལས། འདིའི་རབ་ཏུ་དགའ་བ་མང་བས་དེའི་ཕྱིར་རབ་ཏུ་དགའ་བའི་སའོ། །ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་གཞི་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་ལས་ཀྱང་གནས་ཞེས་བྱའོ། །འདིར་བུ་དང་ཆུང་མ་དང་ནོར་དང་རང་གི་ལུས་ཀྱི་བར་དུ་གཏོང་བ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་གཏོང་བ་ནི་སྦྱིན་པའོ། །དེ་ནས་དུས་སྦྱོར་གཉིས་པའི་རླུང་འགགས་པ་ལས་འདུ་བྱེད་འགག་ཅིང་གསང་གནས་ཀྱི་འཁོར་ལོའི་སྟེང་དུ་ཐིག་ལེ་བརྟན་པར་འགྱུར་ཏེ། ཉེ་བའི་གནས་ཞེས་པའམ་དྲི་མ་མེད་པའི་ས་གཉིས་པ་ཐོབ་བོ། །འདིར་ས་དང་པོ་དང་ཉེ་བས་ན་ཉེ་བའི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་དགེ་བ་བཅུ་པོ་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པའོ། །ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་གཞི་ཡིན་པའི་ཕྱིར་ཉེ་བའི་གནས་སོ། །འདིར་ཚུལ་ཁྲིམས་ནི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལས་ཀྱང་ཐིག་ལེ་འཕོ་བ་མེད་པའོ། །དེ་ནས་དུས་སྦྱོར་གསུམ་པའི་རླུང་འགགས་པ་ལས་རྣམ་པར་ཤེས་པ་འགག་ཅིང་ལྟེ་བའི་འཁོར་ལོའི་འོག་ཏུ་ཐིག་ལེ་བརྟེན་པར་འགྱུར་ཏེ། ཞིང་ཞེས་པའམ་ས་གསུམ་པ་འོད་བྱེད་པ་ཐོབ་བོ། །འདིར་བསྐྱེད་པའི་ཕྱིར་ཞིང་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་མ་ཉམས་པའི་ཏིང་ངེ་འཛིན་སྟོན་པའི་ཆོས་ཀྱི་སྣང་བ་ཆེན་པོ་བསྐྱེད་པའི་ཕྱིར་འོད་བྱེད་པའོ། །དེ་དང་མངོན་པར་ཤེས་པ་ལ་སོགས་པ་ཕུལ་དུ་བྱུང་བ་བསྐྱེད་པའི་ཕྱིར་ཞིང་ངོ་། །འདིར་བཟོད་པ་ནི་དགྲ་ལ་སོགས་པ་ལ་རང་གི་སེམས་མི་འཇུག་པའོ་དེ་ནས་དུས་སྦྱོར་བཞི་པའི་རླུང་འགགས་པ་ལས་མིང་དང་གཟུགས་འགག་ཅིང་ལྟེ་བའི་འཁོར་ལོའི་སྟེང་དུ་ཐིག་ལེ་བརྟན་པར་འགྱུར་ཏེ། ཉེ་བའི་ཞིང་ཞེས་པའམ་འཕྲོ་བའི་ས་བཞི་པ་ཐོབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པའི་མ་ཉམས་པའི་ཏིང་ངེ་འཛིན་བརྟེན་པའི་ཆོས་ཀྱི་སྣང་བ་ཆེན་པོ་སྔ་མ་ལས་ཕུལ་དུ་ཕྱིན་པ་བསྐྱེད་པའི་ཕྱིར་འོད་འཕྲོ་བའོ། །དེ་ནས་མངོན་པར་ཤེས་པ་ལ་སོགས་པ་ཡང་སྔ་མ་ལས་ཕུལ་དུ་ཕྱིན་པ་བསྐྱེད་པའི་ཕྱིར་ཉེ་བའི་ཞིང་ངོ་། །འདིར་བརྩོན་འགྲུས་ནི་ལམ་གཉིས་ཀའི་སྲོག་གི་བགྲོད་པ་འཇིག་པའོ། །དེ་ནས་དུས་སྦྱོར་ལྔ་པའི་རླུང་འགགས་པ་ལས་སྐྱེ་མཆེད་དྲུག་འགག་ཅིང་སྙིང་གའི་འཁོར་ལོའི་འོག་ཏུ་ཐིག་ལེ་བརྟན་པར་འགྱུར་ཏེ། འདུན་རྟོག་ཅེས་པ་འམ་ས་ལྔ་བ་སྦྱང་དཀའ་བ་ཐོབ་བོ། །འདུན་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དོན་དུ་གཉེར་བའོ། །རྟོག་པ་ནི་རང་གཞན་གྱི་དོན་ཐམས་ཅད་བདག་གིས་བྱའོ་ཞེས་རྟོག་པར་བྱེད་པའི་ཕྱིར་འདུན་རྟོག་གོ །དེ་ནི་ཚན་དྷོ་ཧའི་སྒྲའི་དོན་ནོ། །འདིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ལས་རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པ་མངོན་པར་བསྒྲུབ་པའི་ཐབས་སྣ་ཚོགས་པའི་སྦྱོར་བ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ནི་དེ་ལྟར་སེམས་ཅན་སྨིན་པར་བྱེད་པ་ལ་མངོན་པར་སྦྱོར་བ་སངས་རྒྱས་ཀྱི་རྗེས་སུ་འགྲོ་བའི་སེམས་ཀྱི་རྒྱུ་ཅན་མི་ལྡོག་པར་དགེ་བའི་རྩ་བ་ལ་རབ་ཏུ་སྦྱོར་བ་ནི་ཁྱད་པར་འཕགས་པའི་ཆོས་ཆོལ་བ་ལ་མངོན་པར་སྦྱོར་བས་སྦྱང་དཀའ་བའོ། །འདིར་བསམ་གཏན་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ལ་གནས་པའི་སེམས་སོ། །དེ་ནས་དུས་སྦྱོར་དྲུག་པའི་རླུང་འགགས་པ་ལས་རེག་པ་འགག་ཅིང་སྙིང་གའི་འཁོར་ལོའི་སྟེང་དུ་ཐིག་ལེ་བརྟན་པར་འགྱུ་ཏེ། །ཉེ་བའི་འདུན་རྟོག་ཞེས་པའམ་མངོན་དུ་གྱུར་པའི་ས་དྲུག་པ་ཐོབ་བོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་ཕྱོགས་པར་གྱུར་པས་འདུན་རྟོག་བཞིན་དུ་ཁྱད་པར་དུ་འཕགས་པའི་ཆོས་འཚོལ་བ་ལ་ཕུལ་དུ་ཕྱུང་བ་དང་བཅས་པ་མངོན་བར་སྦྱོར་བའི་ཕྱིར་ཉེ་བའི་འདུན་རྟོག་དང་མངོན་དུ་གྱུར་པའོ། །འདིར་ཤེས་རབ་ནི་ཀུན་ཏུ་འགྲོ་བར་བྱེད་པ་སེམས་ཅན་ཀུན་གྱི་སྐད་དོ། །དེ་ནས་དུས་སྦྱོར་བདུན་པའི་རླུང་འགགས་པ་ལས་ཚོར་བ་འགག་ཅིང་མགྲིན་པའི་འཁོར་ལོའི་འོག་ཏུ་ཐིག་ལེ་བརྟན་པར་འགྱུར་ཏེ། །འདུ་བ་ཞེས་པའམ་རིང་དུ་སོང་བའི་ས་བདུན་པ་ཐོབ་བོ། །འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ལས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཅན་ཚད་མེད་པ་དང་བསམ་གཏན་དང་རྣམ་པར་ཐར་བ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་མཚན་མ་མེད་པར་རྩོལ་བས་འདུ་བའི་ཕྱིར་འདུ་བ་དང་རིང་སོང་བའོ། །འདིར་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ནས་དུས་སྦྱོར་བརྒྱད་པའི་རླུང་འགགས་པ་ལས་སྲེད་པ་འགག་ཅིང་མགྲིན་པའི་འཁོར་ལོའི་སྟེང་དུ་ཐིག་ལེ་བརྟན་པར་འགྱུར་ཏེ། །ཉེ་བའི་འདུ་བ་འམ་མི་གཡོ་བའི་ས་བརྒྱད་པ་ཐོབ་བོ། །འདིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ལས་དེའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་བྱམས་པ་ལ་སོགས་པ་རྣམས་ཀྱིས་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ལ་རབ་ཏུ་འཇུག་པའི་ཕྱིར་ཉེ་བའི་འདུ་བ་དང་མི་གཡོ་བའི་སའོ། །འདིར་སྨོན་ལམ་ནི་དཔག་ཏུ་མེད་པའི་རྫུ་འཕྲུལ་རབ་ཏུ་འཕྲོ་བའོ། །འདིར་སྨོན་ལམ་དང་སྟོབས་གོ་རིམ་མ་མཐུན་པ་ནི་མདོ་དང་རྒྱུད་ཀྱི་ཁྱད་པར་རོ། །དེ་ནས་དུས་སྦྱོར་དགུ་པའི་རླུང་འགགས་པ་ལ་ས་ལེན་པ་འགག་ཅིང་སྤྱི་བོའི་འཁོར་ལོའི་འོག་ཏུ་ཐིག་ལེ་བརྟན་པར་འགྱུར་ཏེ། དུར་ཁྲོད་ཅེས་བའམ་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་བོ། །བདག་མེད་པ་ཉིད་ཀྱིས་དུར་ཁྲོད་དང་མཚུངས་པའི་ཕྱིར་དུར་ཁྲོད་དོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ནས་དེ་ཉིད་སེམས་ཅན་གྱིས་རྟོགས་པའི་ཆེད་དུ་སྟོན་པ་ལ་འབད་ཅིང་། འཁོར་བ་ཇི་སྲིད་བར་ལྷུན་གྱི་གྲུབ་པའི་སེམས་ཅན་གྱི་དོན་དུ་ཡང་དག་པར་རྫོགས་བའི་བྱང་ཆུབ་རྫོགས་པར་བྱེད་པའི་ཕྱིར་ལེགས་པའི་བློ་གྲོས་སོ། །འདིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲིད་པ་མཐར་བྱེད་པའོ། །དེ་ནས་དུས་སྦྱོར་བཅུ་པའི་རླུང་འགགས་པས་སྲིད་པ་འགག་ཅིང་སྤྱི་བོའི་འཁོར་ལོའི་སྟེང་དུ་ཐིག་ལེ་བརྟན་པར་འགྱུར་ཏེ། ཉེ་བའི་དུར་ཁྲོད་ཅེས་པའམ་ཆོས་ཀྱི་སྤྲིན་གྱི་ས་བཅུ་པ་ཐོབ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་རབ་ཏུ་གྱུར་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་དོན་རྟོགས་པ་དང་སྟོན་པ་དག་ཕུལ་དུ་དབྱུང་དུ་མེད་ཅིང་རབ་ཀྱི་མཐར་ཐུག་པ་རྟོགས་པ་དག་རྫོགས་པར་བྱེད་པའི་ཕྱིར་ཉེ་བའི་དུར་ཁྲོད་དང་ཆོས་ཀྱི་སྤྲིན་གྱི་སའོ། །འདིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་མེད་པ་ཐོབ་བའོ། །དེ་ནས་དུས་སྦྱོར་བཅུ་གཅིག་པའི་རླུང་འགགས་པ་ལས་སྐྱེ་བ་འགག་ཅིང་གཙུག་ཏོར་གྱི་འཁོར་ལོའི་འོག་ཏུ་ཐིག་ལེ་བརྟན་པར་འགྱུར་ཏེ། འཐུང་གཅོད་ཅེས་པའམ་ཀུན་ཏུ་འོད་ཀྱི་ས་བཅུ་གཅིག་པ་ཐོབ་བོ། །འཐུང་གཅོད་ནི་ཟག་པ་མེད་པའི་ལྷན་སྐྱེས་ཀྱི་བདེ་བའི་བདུད་རྩི་འཐུང་བ་དང་སྒྲིབ་པ་མ་ལུས་པ་གཅོད་པར་བྱེད་པས་འཐུང་གཅོད་དོ། །དེ་ལྟར་སྒྲིབ་པ་ཕལ་ཆེར་སྤངས་པར་གྱུར་པས་ས་བཅུ་གཅིག་པ་ཀུན་ཏུ་འོད་ནི་འཐུང་གཅོད་དོ། །དེ་ནས་དུས་སྦྱོར་བཅུ་གཉིས་པའི་རླུང་འགགས་པ་ལས་རྟེན་འབྲེལ་རྒ་ཤི་འགག་ཅིང་གཙུག་ཏོར་གྱི་འཁོར་ལོའི་སྟེང་དུ་ཐིག་ལེ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཉེ་བའི་འཐུང་གཅོད་ཅེས་པའམ་རྡོ་རྗེ་འཛིན་པའི་ས་བཅུ་གཉིས་པ་ཐོབ་པར་འགྱུར་རོ། །འདིར་སྒྲིབ་པ་མ་ལུས་པ་སྤངས་པའི་ཕྱིར་ཉེ་བའི་འཐུང་གཅོད་དོ། །དེ་ལྟར་གནས་དང་ཉེ་བའི་གནས་ནི་རྒྱུ་དང་འབྲས་བུ་སྟེ། དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །གནས་དང་ཉེ་བའི་གནས་ལ་སོགས་པའི་ཉེ་བ་ནི་ཕན་གདགས་བྱ་དང་འདོགས་བྱེད་ཀྱི་འབྲེལ་བའི་སྒོ་ནས་ཡིན་གྱིས་ཡུལ་ཉེ་བ་དང་དུས་ཉེ་བ་ནི་མ་ཡིན་ནོ། །ཛཱ་ལན་དྷ་ར་ལ་སོགས་པ་ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་ཕན་འདོགས་པ་ནི། །དེ་དང་དེ་ལ་བརྟེན་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཕན་ཚུན་ཕན་འདོགས་པའི་ཕྱི་རོལ་གནས་ལ་སོགས་པ་ལ་ཡང་ཉེ་བར་བཏགས་པ་ཁོ་ནའོ། །འདིར་ས་དང་པོ་ཐོབ་པ་ལས་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་མ་མཐོང་བའི་དོན་ཡང་དག་པར་མཐོང་སྟེ། ས་གཉིས་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་པའི་ལྐོག་ཏུ་གྱུར་པའི་དོན་ཡང་དག་པར་མཐོང་སྟེ།དེ་ནས་ས་གསུམ་པ་ལ་སོགས་པ་གོང་ནས་གོང་དུ་ཉིས་འགྱུར་ཏེ། ས་བཅུ་གཅིག་པ་ཐོབ་པ་ན་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིའི་མཐར་ཐུག་པར་ལྐོག་ཏུ་གྱུར་པའི་དོན་ཡང་དག་པར་མཐོང་ངོ་། །དེ་བཞིན་དུ་སྟོང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གྲངས་ཏེ། དེ་ཡང་སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་དང་འོག་དང་ཤར་དང་ལྷོ་དང་ནུབ་དང་བྱང་དང་མེ་མཚམས་དང་བདེན་བྲལ་དང་རླུང་དང་དབང་ལྡན་རྣམས་སུ་སྟོང་ཕྲག་རེ་རེའོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་མོ། །དེ་ནས་སྟོང་ཆེན་མོར་བགྲང་བར་བྱ་བ་འཇིག་རྟེན་གྱི་ཁམས་རྣམས་ཏེ། དེ་རྣམས་སུ་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ས་བཅུ་གཉིས་པ་ཐོབ་པ་ལས་འགྱུར་རོ། །དེ་ལྟར་སོ་སོའི་ཁྱད་པར་ལས་འཇིག་རྟེན་གྱི་ཁམས་ཇི་ལྟར་མཁྱེན་པ་དེའི་སེམས་ཅན་རྣམས་ཀྱི་དོན་མཛད་དོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སའི་དབང་གིས་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་དུ་འགྱུར་རོ། །མངོན་པར་ཤེས་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་དང་བཅས་པས་དྲུག་དང་ལྡན་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་བའི་རྟོགས་པ་དང་ལྡན་པར་འགྱུར་རོ། །དོན་ཐམས་ཅད་ཀྱི་གྲངས་མཁྱེན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྐད་དང་མཐུན་པའི་གསུང་དུ་འགྱུར་རོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་འགྱུར་རོ། །འདི་ནི་དྲི་མ་མེད་པའི་འོད་དུ་ཇི་སྐད་བཤད་པའི་དོན་ཕྱིན་ཅི་མ་ལོག་པར་བསྡུས་ནས་བཤད་པའོ། །ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་ཁྱད་པར་ནི། སྒྱུ་འཕྲུལ་དྲ་བ་ལས། །ལྷག་བཅས་ཕུང་པོ་ཡོད་ན་ཡང་། །ཉོན་མོངས་རྣམས་ཀྱིས་གདུང་མེད་ཅིང་། །ལྷག་མེད་བག་ཆག་ཡོད་མིན་པས། །དྲི་མེད་ནམ་མཁའི་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །འདིར་གནས་དང་ཉེ་བའི་གནས་ལ་སོགས་པ་ལས་འཕྲོས་ནས། ཙ་རི་ཏྲ་དང་རི་བོ་གངས་ཅན་དང་ཤམ་བྷ་ལ་དང་། ཏི་སེ་དང་མཚོ་མ་དྲོས་པ་འཁོར་དང་བཅས་པ་རྣམས་ལ་ལོག་པར་རྟོག་པ་དུ་མ་ཞིག་བྱུང་བ་རྣམས་ལ་དྲི་མ་མེད་པའི་ལུང་དང་རིགས་པས་རྣམ་པར་དཔྱད་པར་བྱའོ། །འདི་ལ་གཉིས་ཏེ། །ཡིད་ཆེས་བའི་ལུང་ཁུངས་དགོད་པ་དང་། །ལུང་དོན་ཕྱིན་ཅི་མ་ལོགས་པར་བཤད་པའོ། །དང་པོ་ནི། །བླ་ན་མེད་པའི་རྒྱུད་སྡེ་རྣམས་ནས་གནས་ལ་སོགས་པ་ཉི་ཤུ་རྩ་བཞིར་གསུངས་པ་དང་། སུམ་བཅུ་རྩ་གཉིས་དང་། སུམ་བཅུ་སོ་ལྔ་དང་། སུམ་བཅུ་རྩ་དྲུག་དང་། སུམ་བཅུ་རྩ་བདུན་དང་། བཞི་བཅུ་རྩ་བརྒྱད་དུ་གསུངས་པའི་ཚུལ་རྣམས་ལས། དང་པོ་ནི། བདེ་མཆོག་རྩ་རྒྱུད་ཀྱི་ལེའུ་བཞི་བཅུ་རྩ་གཅིག་པ་ལས། ཀུ་ལ་ཏ་དང་དགོན་པ་དང་། །སིན་དྷཱུའི་ཡུལ་དང་གྲོང་ཁྱེར་དང་། །གསེར་གྱི་གླིང་དང་སཽ་རཥྚ། །དེ་བཞིན་ཁྱིམ་གྱི་ལྷ་དང་ནི། །ཡི་དྭགས་གྲོང་དང་ཁ་བའི་གནས། །ཀཉྩྨི་ལམྦཱ་ཀ་ཡི་ཡུལ། །ཀ་ལིངྐ་དང་ཀོ་ས་ལ། །ཏྲི་ཤ་ཀུ་ནེ་ཨོ་ཊ་དང་། །ཀཱ་མ་རུ་པ་མཱ་ལ་ཝ། །ལྷ་མོའི་མཁར་དང་རཱ་མི་དབང་། །གོ་ཏཱ་བ་རི་ཨརྦུ་ད། །ཨུ་རྒྱན་ཛཱ་ལན་དྷ་ར་དང་། །པཱུལླི་རི་མ་ལ་ཡ་སོགས། །ཞེས་དང་། །རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་བཅྭོ་བརྒྱད་པ་ལས། ཀུ་ལ་ཏ། མ་ཏུ། སིན་དྷུ། ན་ག་ར། ལམྦཱ་ཀ །སཽ་རཥྚ། ཁ་བའི་རི། ཀཉྩྨི། པཉྩྨ་ལ། གྲྀ་ཧ་དེ་བ་རཱ། ཀ་ལིངྐ། ཀོ་ས་ལ། པྲི་ཏ་པུ་རི། ཏྲི་ཤ་ཀུ་ནེ། པཱུལླི་ར་མ་ལ་ཡ། ཛཱ་ལནྡྷ་ར། ཨོ་ཏྲ། ཀཱ་མ་རུ་པ། དེ་བི་ཀོ་ཏྲ། རཱ་མེ་ཤྭ་ར། །གཽ་རཏཱ་ཝ་རི། ཨརྦུ་ད། གསེར་གླིང་། ཨོ་ཊི་ཡ་ཎ་ཏེ་ཉེར་བཞིར་བཤད་དོ། །གཞན་ཡང་བདེ་མཆོག་འབྱུང་བའི་རིམ་པར་ཕྱེ་པ་དགུ་པ་ལས། གནས་ནི་པཱུལླི་རར་གྲགས་ཏེ། །དེ་བཞིན་ཛཱ་ལཱནྡྷ་ར་གནས། །ཨོ་རྒྱན་དེ་བཞིན་གནས་ཡིན་ཏེ། །དེ་བཞིན་ཨཱརྦུ་ད་ཡང་གནས། །ཉེ་གནས་གཽ་ཏཱ་ཝ་རི་ཏེ། །དེ་བཞིན་ར་མེ་ཤྭ་རའི་མིང་། །དེ་བི་ཀོ་ཊཱར་མངོན་བརྗོད་དང་། །མ་ལ་ཝ་ཡང་ཉེ་བའི་གནས། །ཞིང་ནི་ཀཱ་མ་རུའི་མིང་ཅན་ཏེ། །ཨོ་ཏྲར་མངོན་པར་བརྗོད་བའང་ཞིང་། །ཉེ་ཞིང་ཏྲི་ཤ་ཀུ་ནེ་ཏེ། །ཀོ་ས་ལ་ཡང་ཉེ་བའི་ཞིང་། །ཀ་ལངྐི་དང་ལམྦཱ་ཀའང་། །དེ་བཞིན་ཚན་དྷོ་ཧ་ཡིན་ཏེ། །ཀཱ་ཉྩྨི་ཧི་མ་ལ་ཡ་ནི། །ཁྱད་པར་ཉེ་བའི་ཚན་དྷོ་ཧའོ། །འདུས་ས་བཱ་ཏ་ནཱ་སིནི། །གྲི་ཧེ་དེ་ག་ཡང་དེ་བཞིན། སཽ་རཥྚ་དང་གསེར་གླིང་གང་། །ཉེ་བའི་འདུས་ས་གཉིས་ཡིན་ཏེ། །པ་ཊ་ལི་པུ་ཊ་དུར་ཁྲོད་ཏེ། །སིན་དྷུའམ་དེ་བཞིན་དུར་ཁྲོད་དོ། །མ་རུ་ཀ་མ་ཏཱ་གཉིས་ནི། །ཉེ་བའི་དུར་ཁྲོད་གནས་སུ་བཤད། །ཅེས་ཉི་ཤུ་རྩ་བཞིར་གསུངས་ལ། །དེ་བཞིན་དུ་མངོན་བརྗོད་དང་། །ཁྲག་འཐུང་མངོན་འབྱུང་དང་། །མཁའ་འགྲོ་མ་ཀུན་སྤྱོད་ལས་ཀྱང་། །གནས་ལ་སོགས་པ་ཉི་ཤུ་རྩ་བཞིར་གསུངས་སོ། །མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། །མ་ལ་བ་དང་པཱུལླི་སོགས། །ཉི་ཤུ་རྩ་བཞི་གནས་ཡིན་ནོ། །ཞེས་ཀྱང་གསུངས་སོ། །གཉིས་པ་གནས་ལ་སོགས་པ་སུམ་བཅུ་རྩ་གཉིས་སུ་གསུངས་པ་ནི། བརྟག་པ་གཉིས་པ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚན་དྷོ་ཉེ་བའི་ཚན་དྷོ་དང་། །དེ་བཞིན་འདུ་ས་ཉེ་འདུ་ས། འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །ཅེས་གསུངས་ནས། །རྒྱས་བཤད་དུ། །གནས་ནི་ཛཱ་ལན་དྷ་རར་བཤད། །དེ་བཞིན་དུ་ནི་ཨུ་རྒྱན་ཉིད། །གནས་ནི་ཀོལླ་གི་རི་ཉིད། །དེ་བཞིན་དུ་ཡང་ཀཱཾ་རུ་ཉིད། །ཉེ་གནས་མ་ལ་བ་ཞེས་བརྗོད། །སིན་དྷུ་ན་ག་ར་ཉིད་དོ། །ཞིང་ནི་མུ་མྨུ་ནར་བཤད་ཏེ། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །དེ་བི་ཀོ་ཊ་དེ་བཞིན་ཞིང་། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །ཉེ་ཞིང་ཀུ་ལུ་ཏ་ཞེས་བརྗོད། །དེ་བཞིན་ཨཱརྦུ་ད་ཉིད་དོ། །བ་ཡི་མཆོག་སྦྱིན་ཁ་བའི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ་ཚན་དྷོ་ཧ་རི་ཀེ་ལ་དང་། །ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། །ལམྦཱ་ཀ་དང་ཀཉྩྨི་ཉིད། །དེ་བཞིན་སཽ་རཥྚ་ཉིད་དོ། །ཉེ་བའི་ཚན་དྷོ་ཀ་ལིངྐ། །གསེར་དང་ལྡན་པའི་གླིང་དང་ནི། །ཀོངྒ་ན་ཡང་ཉེ་ཚན་དྷོར། །མདོར་བསྡུས་ནས་ནི་བརྗོད་པར་བྱ། །འཐུང་གཅོད་གྲོང་ཁྱེར་གྱི་དང་ཡང་། །འཐུང་གཅོད་གྲོང་གི་མཐར་གནས་པ། །ཙ་རི་ཏྲ་དང་ཀོ་ས་ལ། །བིན་དྷྱ་གཞོན་ནུའི་གྲོང་ཁྱེར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཉེ་བའི་འཐུང་གཅོད་དེ་ཉེ་པའོ། །དུར་ཁྲོད་རབ་སོན་དགེ་འདུན་དང་། །དུར་ཁྲོད་རྒྱ་མཚོའི་འགྲམ་ཉིད་དོ། །སྐྱེད་ཚལ་ར་བའི་རྫིང་བུའི་འགྲམ། ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །ཞེས་གསུངས་པ་ལས་གནས་རྣམ་པ་བཞི་ནི། །ཛཱ་ལན་དྷ་ར། ཨོ་ཊི་ཡ་ཎ། ཀོལླ་གི་རི། ཀ་མ་རུ་པའོ། །ཉེ་བའི་གནས་ནི། མཱ་ལ་ཝ། སིན་དྷུ། ན་ག་ར་དང་གསུམ་མོ། །ཞིང་ནི་མུམྨུ་ནི། བྱེད་པའི་བྲང་། །དེ་བི་ཀོ་ཊ། ལྕགས་པའི་བྲང་དང་བཞིའོ། །ཉེ་བའི་ཞིང་ནི། ཀུ་ལ་ཏ། ཨཱརྦུ་ད། བའི་མཆོག་སྦྱིན་ཁ་བའི་རི་དང་བཞིའོ། །ཚན་དྷོ་ཧ་ནི། ཧ་རི་ཀེ་ལ། ལམྦཱ་ཀ་ངང་། ཀཉྩྨི་དང་། སཽ་རཥྚ་དང་བཞི་སྟེ། འདིའི་རྒྱུད་ཚིག་ལས། ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། །ཞེས་འབྱུང་བས། དེའི་འགྲེལ་བ་མུ་ཏིག་ཕྲེང་བར། ཡུལ་ཧ་རི་ཀེ་ལ་ནི། ཁྱབ་འཇུག་རོལ་པ་ཞེས་བྱ་བའི་ཡུལ་ཏེ། དེའི་ཁྱད་པར་ནི་ལན་ཚྭའི་མཚོ་ལ་སོགས་པའོ་ཞེས་བཤད་དོ། །ཉེ་བའི་ཚན་དྷོ་ཧ་ནི། ཀ་ལངྐི། གསེར་གླིང་། ཀོངྒ་ན་དང་གསུམ་མོ། །འཐུང་གཅོད་ནི་ཁ་ཆེ་ཀྲི་ཏན་གྱི་གྲོང་ཁྱེར་དང་། གྲོང་གི་མཐའི་ས་གཞི་ནི་མོན་ཡུལ་ལོ། །ཙ་རི་ཏྲ། ཀོ་ས་ལ། བིན་དྷ། གཞོན་ནུའི་གྲོང་ཁྱེར་དང་དྲུག་གོ །ཉེ་བའི་འཐུང་གཅོད་ནི། འཐུང་གཅོད་དང་ཉེ་བའི་ས་ཏེ། ཉེ་བའི་འཐུང་གཅོད་དེ་ཉེ་བའོ། །ཞེས་འབྱུང་བས་སོ། །དུར་ཁྲོད་ནི་གཉིས་ཏེ། །སྲོག་ཆད་པའི་ཚོགས་འདུས་པ་དང་རྒྱ་མཚོ་འགྲམ་མོ། །ཉེ་བའི་དུར་ཁྲོད་ཀྱང་གཉིས་ཏེ། སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ་མོ། །ཞེས་ཁ་སྦྱོར་དྲི་མེད་ལས་གསུངས་སོ། །དེ་ལྟར་ན་སུམ་བཅུ་རྩ་གཉིས་བཤད་དོ། །སུམ་བཅུ་སོ་ལྔར་གསུངས་པའི་ཚུལ་ནི། སམ་བྷུ་ཊིའི་བརྟག་པ་ལྔ་པའི་རབ་བྱེད་དང་པོ་ལས་གསུངས་ཏེ། གནས་ནི་ཛཱ་ལན་དྷ་རར་གསུངས། །དེ་བཞིན་ཨོ་ཊི་ཡ་ཎ་ཉིད། །གནས་ནི་ཀོལླ་གི་རི་དང་། །དེ་བཞིན་ཨཱརྦུ་ད་ཉིད་དོ། །ཉེ་གནས་གོ་ཏཱ་བ་རི་ཉིད། །དེ་བཞིན་དགའ་བའི་དབང་ཕྱུག་དང་། །དེ་བཞིན་དེ་བི་ཀོ་ཊར་བཤད། དེ་བཞིན་མཱ་ལ་བ་ཉིད་དང་། དེ་བཞིན་ཀཱ་མ་རུ་བར་གསུངས། །ཨོ་ཊ་ཞིང་ནི་ཉིད་དུ་གསུངས། །ཉེ་ཞིང་ཏྲི་ཤ་ཀུ་ནི་དང་། །དེ་བཞིན་ཀོ་ས་ལ་ཉིད་དང་། །ཀ་ལིཀྔང་ནི་ཅི་གསུངས་པའོ། །དེ་བཞིན་ལམྦཱ་ཀ་ཉིད་དང་། །ཀཉྩྨི་ཁ་བའི་གནས་ཉིད་ཏེ། །ཚན་དྷོར་ཡང་དག་གསུངས་པ་དང་། །ཉེ་བ་ཡི་ཡང་ཚན་དྷོ་འོ། །པྲེ་ཏ་ཨ་ཧི་བ་ས་གསུངས། །དེ་བཞིན་ཁྱིམ་གྱི་ལྷ་ཉིད་དང་། །སཽ་རཥྚ་དང་གསེར་གླིང་ཉིད། འདུ་བ་དེ་བཞིན་ཉེ་འདུ་བ། །ན་ག་ར་དང་སིན་དྷུ་ནི། །དུར་ཁྲོད་ཉིད་དུ་བརྗོད་པ་དང་། །མ་རུ་དང་ནི་ཀུ་ལ་ཏ། ཉེ་བ་ཡི་ནི་དུར་ཁྲོད་ཉིད། །སྙིང་རྗེ་དེ་བཞིན་ལས་ཀྱི་བྲང་། །ཧ་རི་ཀེ་ལ་ཉིད་དང་ནི། །ལན་ཚྭ་རྒྱ་མཚོའི་ནང་སོང་དང་། །བིན་དྷྱ་གཞོན་ནུའི་གྲོང་ཁྱེར་ཉིད། །འཐུང་གཅོད་ཉེ་བའི་འཐུང་གཅོད་དོ། །དེ་དང་ཉེ་བ་དུར་ཁྲོད་ཉིད། །རབ་སོང་འདུས་པ་རྒྱ་མཚོའི་འགྲམ། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་བར་བྱ། །ཞེས་གསུངས་ལ། དེའི་འགྲེལ་བ་མན་ངག་སྙེ་མ་ལས། གནས་དང་ཉེ་བའི་གནས་ལ་བཞི་བཞི་སྟེ་བརྒྱད། ཞིང་ནས་ཉེ་བའི་དུར་ཁྲོད་ཀྱི་བར་ལ་གཉིས་གཉིས་སུ་ཕྱེ་བས་བཅུ་དྲུག །འཐུང་གཅོད་དངོས་བསྟན་ལྔའི་སྟེང་དུ་ཙ་རི་ཏྲ་དང་། གྲོང་དང་གྲོང་ཁྱེར་གྱི་མཐའི་ས་གཉིས་བསྣན་པས་བདུན། ལན་ཚྭ་རྒྱ་མཚོའི་དབུས་སོན་པ་ཧ་རི་ཀེ་ལ་དང་། ཉེ་བའི་འཐུང་གཅོད་འཐུང་གཅོད་ཀྱི་བྱེ་བྲག་ཏུ་བསྡུས་ནས་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ལ་གཉིས་གཉིས་སུ་གསུངས་པ་ལྟར་ན་གནས་ལ་སོགས་པ་སུམ་བཅུ་སོ་ལྔར་བཞེད་པར་སྣང་ངོ་། །གནས་ལ་སོགས་པ་སུམ་བཅུ་རྩ་དྲུག་ཏུ་གསུངས་པ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྡོ་རྗེའི་གནས་ནི་ཨོ་རྒྱན་དང་། གནས་ནི་ཛཱ་ལན་དྷ་རར་དྲན། །གནས་ནི་པཱུལླིར་མ་དང་། གནས་ནི་ཀཱ་མ་རུ་པ་འོ། །ཉེ་བའི་གནས་ནི་མཱ་ལར་བསྟན། །སིན་དྷུ་ན་ག་ར་སིདྷ་ལ། །ཞིང་ནི་མུམྨུ་ནི་རུ་གྲགས། །དེ་བཞིན་དེ་བི་ཀོ་ཊ་དང་། །ཉེ་བའི་ཞིང་ནི་ཀུ་ལ་ཏ། །ཨཱརྦུ་ད་ནི་དེ་བཞིན་དྲན། །ཧ་རི་ཀེ་ལ་ཚན་དྷོ་ཧར། །གོ་ཏ་ཝ་རི་དེ་བཞིན་ནོ། །ལམྦཱ་ཀ་དང་ཀཉྩྨི་སྟེ། །ཉེ་བའི་ཚན་དྷོར་བསྟན་པའོ། །འདུས་པ་དེ་ནི་ཀཱ་མར་ཏེ། །དེ་བཞིན་དུ་ནི་གསེར་གླིང་ངོ་། །ཀོངྒ་དང་ནི་བིན་དྷྱ་སྟེ། །ཉེ་བའི་འདུས་པར་དྲན་པ་འོ། །ཡི་དྭགས་འདུས་པའི་གྲོང་ཁྱེར་དང་། །དུར་ཁྲོད་རྒྱ་མཚོའི་ངོགས་སུའོ། །ཉེ་བའི་དུར་ཁྲོད་ཙ་རི་ཏྲ། །དེ་བཞིན་ཀརྨཱར་པ་ཏྲ་འོ། །ཀ་སྨཱ་རི་པི་ལ་ཝ་རུ་གྲགས། །དེ་བཞིན་ཀི་རཏ་ཡུལ་ཡིན་ནོ། །ཉེ་བའི་པཱི་ལ་ནེ་པ་ལ། ཉེ་བའི་པཱི་ལ་ཀཱ་ནྱ་ཛའོ། །ཞེས་གསུངས་ལ། དེ་ཡང་གནས་དང་ཉེ་བའི་གནས་ལ་བཞི་བཞི་སྟེ། །ཞིང་དང་ཉེ་བའི་ཞིང་། །ཚན་དྷོ་དང་ཉེ་བའི་ཚན་དྷོ། །འདུས་པ་དང་ཉེ་འདུ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། །པཱི་ལ་དང་ཉེ་བའི་པཱི་ལ་རྣམས་ལ་གཉིས་གཉིས་སུ་ཕྱེ་བས་ཉི་ཤུ་དང་། དེའི་སྟེང་དུ་སྦྱོར་བ་ཉེ་སྦྱོར། ལམ་ཉེ་ལམ་ལ་གཉིས་གཉིས་ཏེ་སུམ་བཅུ་རྩ་དྲུག་ཏུ་གསུངས་སོ། །བཞི་བཅུ་རྩ་བརྒྱད་དུ་གསུངས་པ་ནི། །མཁའ་འགྲོ། རྒྱ་མཚོ་ལས། དེ་ནས་གནས་དང་ཉེ་གནས་སོགས། །ཇི་ལྟའི་རིམ་པ་རྣམས་གསུངས་པ། །གནས་ནི་གང་བའི་རི་ཉིད་དང་། །དྲ་བ་འཛིན་དང་ཨུ་རྒྱན་དང་། །ཨཱརྦུ་ད་ཡང་དེ་བཞིན་གནས། །གོ་ཏཱ་བ་རི་ཉེ་གནས་ཏེ། །དགའ་བའི་དབང་ཕྱུག་ལྷ་མོའི་མཁར། །གྱད་ཡུལ་ཡང་ནི་ཉེ་གནས་སོ། །འདོད་གཟུགས་དེ་བཞིན་ཨོ་ཊེ་དང་། །ཏྲི་ཤ་ཀུ་ནི་ཀོ་སལ་ཞིང་། །ཀ་ལིངྐ་དང་ལམྦཱ་ཀ །ཀཉྩྨི་ཁ་བའི་གནས་ཉེ་ཞིང་། །ཡི་དྭགས་གྲོང་དང་ཁྱིམ་ལྷ་མོ། །སཽ་རཥྚ་དང་གསེར་གླིང་ནི། །འདུན་པའོ་ཉེ་བའི་འདུན་པ་ནི། །གྲོང་ཁྱེར་སིན་དྷུ་མ་རུ་དང་། །ཀུ་ལ་ཏཱ་ཡང་ཉེ་འདུན་པ། །འདུ་བ་ཆུ་ཀླུང་འགྲམ་དང་ནི། །སྐྱེད་ཚལ་རྒྱ་མཚོར་རབ་བཤད་དང་། ལམ་གྱི་བཞི་མདོའི་ཉེ་འདུ་བ། །རི་ཡི་སྤྱི་བོ་གྲོང་དབུས་དང་། །ཚོགས་ཅན་གཞོན་ནུའི་རི་དང་ནི། །རིགས་ཀྱི་ཞིང་ཡང་ཉེ་འདུ་བའོ། །དུར་ཁྲོད་མུ་མྨུ་ནི་ཡ་ན། །སྤྱོད་དང་ཧ་རི་ཀེ་ལ་དང་། །སྒྱུ་མའི་གྲོང་ཁྱེར་དུར་ཁྲོད་དོ། །ཉེ་བའི་དུར་ཁྲོད་རི་མཐའ་དང་། །སྔགས་ཀྱི་ཞིང་དང་ལྷ་ཡི་གྲོང་། །ཀརྑ་ཊ་དང་པ་ཊ་ཡང་། །དེ་བཞིན་གྲོང་མཐར་བཤད་པའོ། །གྲོང་མཐའ་ཀོངྐ་ན་ཉིད་དང་། །ཁྱབ་བདག་ལས་ཀྱི་ཡུལ་ལྗོངས་དང་། །རྣལ་འབྱོར་མ་ནི་སྟུག་པོའི་གྲོང་། །དེ་བཞིན་འདིར་ནི་ཉེ་གྲོང་མཐའ། །ཕ་ཡི་ནགས་དང་ཁྱིམ་གྱི་ལོགས། །ལྟེང་ཀ་དང་ནི་རྫིང་བུ་སྟེ། །ཞེས་གསུངས་ལ་དེ་ཡང་གནས་དང་ཉེ་གནས། །ཞིང་དང་ཉེ་ཞིང་། འདུན་པ་ཉེ་འདུན། འདུ་པ་དང་ཉེ་འདུ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གྲོང་མཐའ་དང་ཉེ་བའི་གྲོང་མཐའ་ཐམས་ཅད་ལ་བཞི་བཞི་ཕྱེ་བས་བཞི་བཅུ་རྩ་བརྒྱད་དང་། །ཕྱི་མ་གཉིས་འཐུང་གཅོད་དུ་གསུངས་སོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལས་ནི། ཕྱི་རོལ་ཏུ་འབུམ་ཕྲག་བཞི་པའི་འཇིག་རྟེན་གྱི་ཁམས་དང་། ནང་དུ་ཁྲུ་བཞི་པའི་རྡོ་རྗེའི་ལུས་ཀྱི་དག་པ་སྦྱོར་བའི་དབང་དུ་མཛད་ནས་བཞི་བཅུ་རྩ་བརྒྱད་དུ་གསུངས་ཏེ། དཔལ་ལྡན་རྒྱུད་ལས། །དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་ས་ཡི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས། །ཞིང་དང་འདུན་པ་དག་དང་འདུས་པ་ཅན་དང་རོ་ཁང་གནས་ནི་མེ་དང་རླུང་གི་མཚམས་ཀྱི་མཐར། ཞེས་དང་། དེའི་འགྲེལ་པར། དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་སྟེ་ཕྱོགས་བརྒྱད་དུ། སའི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་ཏུ་དང་ཉེ་བའི་གནས་ཞེས་པ་ལ་གནས་ནི་ཕྱོགས་བཞིར་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་གྱིས་གནས་པ། ཤར་གྱི་ལུས་འཕགས་དང་། འཛམ་བུའི་གླིང་ཆུང་ངུ་དང་། བྱང་སྒྲ་མི་སྙན་དང་། ནུབ་བ་ལང་སྤྱོད། ཉེ་བའི་གནས་ནི་རང་བཞིན་དེ་ཉིད་ཀྱིས་ཕྱོགས་མཚམས་རྣམས་སུ་ཏེ། །མེ་དང་བདེན་བྲལ་དང་དབང་ལྡན་དང་རླུང་གི་ཕྱོགས་སུའོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ནི་རྒྱ་མཚོའི་ཕྱེད་ལའོ། །འདུན་པ་དང་ཉེ་བའི་འདུན་པ་ནི་རྒྱ་མཚོའི་ཕྱེད་གཞན་ལའོ། །འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་མེའི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཁང་པ་དང་ཉེ་བའི་ཁང་པ་ནི་མེའི་ཕྱེད་གཞན་ལའོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཞེས་བཞི་བཅུ་རྩ་བརྒྱད་དང་། ཡང་དེ་ཉིད་ལས། དུར་ཁྲོད་ཆེན་པོ་བརྒྱད་ནི། །རླུང་གི་དཀྱིལ་འཁོར་གྱི་མཐའ་ལ་དང་། །ཞེས་གསུངས་པས་ལྔ་བཅུ་རྩ་དྲུག་ཏུ་ཡང་འགྱུར་རོ། །རྩ་བའི་རྒྱུད་ལས་ཀྱང་། གནས་ནི་ཤར་དུ་ལུས་འཕགས་དང་། །ལྷོ་རུ་འཛམ་བུའི་གླིང་དང་ནི། །ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད། །བྱང་དུ་བྱང་གི་སྒྲ་མི་སྙན། །ཕྱོགས་བྲལ་ཉེ་བའི་གླིང་རྣམས་ནི། །ཉེ་བའི་གནས་འགྱུར་ས་གཞི་ལའོ། །དེ་བཞིན་ཞིང་ལ་སོགས་པ་ཀུན། །རྒྱ་མཚོའི་དཀྱིལ་འཁོར་སོགས་རྣམས་ལ། །ཞེས་གསུངས་སོ། །གནས་ལ་སོགས་པ་འདི་དག་ནི་རྣལ་འབྱོར་པ་སྤྱོད་པ་ལ་འཇུག་པའི་དབང་དུ་བྱས་ནས་གསུངས་པ་མ་ཡིན་ཏེ། ཆུ་མེ་རླུང་གསུམ་གྱི་དཀྱིལ་འཁོར་ལའང་གསུངས་པའི་ཕྱིར་དྲང་། ཕྱི་ནང་དག་སྦྱོར་གྱི་དབང་དུ་བྱས་པ་ཡང་ཡིན་ཏེ། དེ་ལྟར་གནས་ལ་སོགས་པ་རྣམས་ས་བཅུ་གཉིས་སུ་རིག་པར་བྱ་སྟེ། ལུས་ལ་ཡང་ས་བཅུ་གཉིས་ལག་པ་དང་རྐང་པ་དག་གི་ཚིགས་བཅུ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ནི་རྣལ་འབྱོར་བ་བྱིས་པའི་བློ་ཅན་རྣམས་སྤྱོད་པ་ལ་འཇུག་པའི་དོན་དུ་ཛཱ་ལན་དྷ་ར་ལ་སོགས་པའི་གནས་ལ་སོགས་པ་སུམ་བཅུ་སོ་བདུན་གསལ་བར་གསུངས་ལ། རྒྱུད་གཞན་དུ་ནི་སྦས་ནས་མ་གསུངས་ཏེ། དཔལ་ལྡན་རྒྱུད་ལས། སུམ་བཅུ་རྩ་བདུན་རབ་ཏུ་ཕྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ། །དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། དེ་ལྟར་གནས་ལ་སོགས་པ་ཐམས་ཅད་མིའི་བདག་པོ་ཕྱི་དང་ལུས་ལ་ཡང་ནི་དེ་བཞིན་འགྱུར། །ཞེས་གསུངས་ལ། འགྲེལ་པ་ལས་ཀྱང་། །ང་ནི་གནས་ཞེས་པ་ལ་སོགས་པས་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་གསུངས་ཏེ། འདིར་ཐུན་མོང་གི་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལན་དྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་བཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན། བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་རྣམས་ཡོད་དོ། །དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་ཏོ། །ཡུལ་ཐམས་ཅད་དང་གྲོང་ཐམས་ཅད་དུ་གནས་ལ་སོགས་པ་གསུངས་པ་ནི། །གནས་ནི་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་སྟེ་རྣམ་པ་བཞིའོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་རྣམ་པ་དྲུག་གོ །ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་ཚན་དྷོ་ཧ་རྣམ་པ་བརྒྱད་དོ། །རྨུགས་བྱེད་མ་ལ་སོགས་པའི་ཁྱིམ་ནི་འདུས་པ་རྣམ་པ་བཅུའོ། །ཁྱི་གདོང་མ་ལ་སོགས་པའི་ཁྱིམ་ན་འདིར་དུར་ཁྲོད་རྣམ་པ་བརྒྱད་དོ། །ཞེས་གསུངས་ལ། དེ་ཡང་རྒྱུད་འགྲེལ་པ་དང་བཅས་པ་འདི་ལས། རྣལ་འབྱོར་མའི་རིགས་སུམ་བཅུ་རྩ་དྲུག་དང་། དེའི་གནས་སུམ་བཅུ་རྩ་དྲུག །གདན་སུམ་བཅུ་རྩ་དྲུག །དཔའ་བོ་སུམ་བཅུ་རྩ་དྲུག །དེ་དག་གི་ཁྱབ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཁྱབ་བདག་དུས་ཀྱི་འཁོར་ལོའི་གནས་དང་བཅས་པ་སུམ་བཅུ་རྩ་བདུན་གསལ་བར་གསུངས་ཏེ། འགྲེལ་ཆེན་ལས། གཅིག་པུ་གཅིག་ནི་སྣ་ཚོགས་གཙོ་བོ་སྟེ་སྲིད་གསུམ་གནས་སུ་དཔལ་ལྡན་རིགས་རྣམས་དག་གི་ཁྱབ་བྱེད་ཏེ་སུམ་བཅུ་རྩ་བདུན་པའོ། །ཞེས་དང་། རབ་མཆོག་ཞི་བའི་གྲོང་དུ་ཡུམ་གཅིག་མ་ནི་ཡེ་ཤེས་ཀྱི་ཁམས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཞེས་གསུངས་སོ། །འདིར་ཆོས་རྗེ་ས་སྐྱ་པས། དབང་བཞི་ཡོངས་སུ་རྫོགས་པ་དང་། །དང་པོ་རང་གི་ཁྱིམ་དུ་བསྒོམ། །བརྟན་པ་ཐོབ་ནས་དུར་ཁྲོད་སོགས། །བརྟན་པ་ཆེན་པོ་ཐོབ་ནས་ནི། །ལུས་དང་ངག་གི་བརྡའ་རྣམས་ལ། །ལེགས་པར་སྦྱངས་ཞིང་དེ་ཉིད་རྟོགས། །ས་རྣམས་བགྲོད་པར་བྱ་བ་དང་། །ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར། །གནས་དང་ཉེ་བའི་གནས་ལ་སོགས། །ཡུལ་ཆེན་སུམ་བཅུ་སོ་བདུན་དུ། །རིག་པ་བརཏལ་ཞུགས་སྤྱོད་ཅིང་རྒྱུ། །ཞེས་གསུངས་པ་ལ། གནས་ལ་སོགས་པ་སུམ་བཅུ་རྩ་བདུན་ངོས་འཛིན་པའི་ཚེ་རྣམ་བཤད་བྱེད་པ་བསམ་ཡས་པས། དགྱེས་པ་རྡོ་རྗེའི་རྩ་བས་ཟིན་པའི་སུམ་བཅུ་རྩ་གཉིས་ཀྱི་སྟེང་དུ་གླིང་བཞི་དང་བཞི་པོ་གཅིག་ཏུ་བསྡོམས་པ་སྟེ་ལྔ་བསྣན་པས་སུམ་བཅུ་སོ་བདུན་ནོ། །ཞེས་རྗེ་བཙུན་ཆེན་པོས་ཨིནྡྲ་བྷུ་ཏིའི་ལམ་སྐོར་དུ་བཤད་ཏེ། ཕྱི་རོལ་ན་རེ་རེ་ནས་སོ་སོར་བགྲངས་དུ་མེད་ཀྱང་། ནང་གི་དག་པ་དང་སྦྱར་ནས་སོ་བདུན་དུ་བཞེད་པར་མངོན་ནོ། །ཞེས་གསུངས་སོ། །དེ་ནི་རྗེ་བཙུན་པཎྜྻི་ཏའི་དགོངས་པ་མ་ཡིན་ཏེ། གླིང་བཞི་སོ་སོར་བགྲངས་ནས་སླར་ཡང་གཅིག་ཏུ་བསྡོམས་ནས་བགྲངས་པ་ལ་དགོས་པ་ལྷག་པོ་ཅི་ཡང་མེད་པའི་ཕྱིར་དང་། ཡུལ་སོ་བདུན་ནི་འཛམ་བུའི་གླིང་གི་ཡུལ་དུ་བྱ་བ་རྒྱུད་སྡེའི་དགོངས་པ་ཡིན་གྱི། སྒྲ་མི་སྙན་ལ་སོགས་པ་གླིང་བཞི་ཀ་རྣལ་འབྱོར་པ་སྤྱོད་པ་ལ་འཇུག་པའི་གནས་ཡིན་པ་བདེ་དགྱེས་ལ་སོགས་པའི་རྒྱུད་སྡེ་གཞན་གྱི་དགོངས་པ་མ་ཡིན་པའི་ཕྱིར་དང་། ཕྱི་རོལ་ན་རེ་རེ་ནས་བགྲང་རྒྱུ་མེད་ན། ཡུལ་ཆེན་སུམ་བཅུ་སོ་བདུན་དུ། །རིག་པ་བརཏལ་ཞུགས་སྤྱོད་ཕྱིར་རྒྱུ། །ཞེས་གསུངས་པ་དང་དངོས་སུ་འགལ་བའི་ཕྱིར་དང་། འཛམ་བུའི་གླིང་གི་རྣལ་འབྱོར་པ་རྣམས་སྒྲ་མི་སྙན་ལ་སོགས་པའི་གླིང་གཞན་དུ་སྤྱོད་པ་ལ་འགྲོ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང་། །འཛམ་བུའི་གླིང་རིལ་བོ་གནས་ཆེན་ཡིན་ན། དང་པོ་རང་གི་ཁྱིམ་དུ་བསྒོམ། །བརྟན་པ་ཐོབ་ནས་དུར་ཁྲོད་སོགས། ཞེས་སོགས་ཀྱི་གོ་རིམ་ཡང་མི་འཐད་པར་འགྱུར་བའི་ཕྱིར་རོ། །སྤོས་ཁང་པས། གནས་ཆེན་སུམ་བཅུ་སོ་བདུན་ནི་རྒྱུད་དུ་གསལ་བར་གསུངས་པའི་སུམ་བཅུ་རྩ་གཉིས་ཀྱི་སྟེང་དུ་ལུས་ལ་སྦས་པའི་རྩ་རྣམས་ཕྱི་རོལ་ཏུ་གླིང་བཞི་ལྷུན་པོ་དང་བཅས་པ་སུམ་བཅུ་རྩ་བདུན་ནོ་ཞེས་གསུངས་པ་ཡང་མ་ཡིན་ཏེ། གླིང་བཞི་སྤྱོད་པའི་དོན་དུ་རྒྱུ་བའི་གནས་ཆེན་ཡིན་པ་གོང་དུ་བཀག་ཟིན་པའི་ཕྱིར་དང་། ལུས་ལ་སྦས་པའི་རྩ་ཞེས་པ་ཡང་མི་འཐད་སྟེ། སྦས་པའི་དོན་ལུས་ལ་སྦས་པའི་དོན་མ་ཡིན་གྱི་རྒྱུད་དུ་སྦས་པའི་དོན་དུ་འཆད་དགོས་པའི་ཕྱིར་རོ། །རྣམ་བཤད་བྱེད་པ་ཁ་གཅིག་ན་རེ། ཀྱེའི་རྡོ་རྗེའི་རྒྱུད་ལས། །གནས་ནི་ཛཱ་ལན་དྷ་རར་བཤད། །ཅེས་སོགས་བཤད་པ་རྣམས་ཡུལ་སུམ་བཅུ་སོ་བདུན། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན། རྩ་སུམ་བཅུ་རྩ་བདུན་རྣམས་ནི་ཕྱིའི་གནས་འཛམ་བུའི་གླིང་ན་གནས། ནང་དུ་རང་གི་སྤྱི་བོ་ནས་རྐང་མཐིལ་གི་བར་ལ་གནས་ཏེ། ཞེས་ཟེར་རོ། །དེ་ཡང་མི་འཐད་དེ། བརྟག་གཉིས་ལས། །ཡུལ་སོ་གཉིས་ལས་བགྲངས་པ་མེད་བའི་ཕྱིར་དང་། ལུགས་གསུམ་ཆར་གྱིས་ཡུལ་སོ་གཉིས་ཀྱི་སྟེང་དུ་རྒྱུད་སྡེ་དང་མཐུན་བའི་བསྣོན་རྒྱུའི་ཡུལ་ལྔ་པོ་ངོས་ཟུང་རྒྱུ་མི་སྣང་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཁོ་བོ་ཅག་ནི་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་དངོས་སུ་གསུངས་པའི་སུམ་བཅུ་རྩ་དྲུག་གི་སྟེང་དུ། འགྲེལ་ཆེན་ལས། དཔལ་ལྡན་རིགས་རྣམས་དག་གི་ཁྱབ་བྱེད་ཏེ་སུམ་བཅུ་རྩ་བདུན་པའོ། །ཞེས་གསུངས་པ་ལྟར་ཁྱབ་བྱེད་བདེ་མཆོག་འཁོར་ལོའི་གནས་རྡོ་རྗེའི་གདན་བསྣན་བས་སུམ་བཅུ་རྩ་བདུན་ནོ། །ཞེས་པ་འདི་རྗེ་བཙུན་པཎྜྻི་ཏའི་དགོངས་པར་བདག་ཁོ་ན་སྨྲ་བར་བྱེད་དོ། །འདིར་སྨྲས་པ། ཀུན་རྫོབ་དོན་དམ་གནས་ཀྱི་དབྱེ་བ་རྣམས། དྲི་མེད་ལུང་གི་རྗེས་སུ་འབྲངས་ནས་བཞག །ལུང་རིགས་དང་བྲལ་གྱ་ཚོམས་ཡིད་དཔྱོད་ལ། །ཚད་མར་བྱེད་པ་རིགས་པའི་གཞུང་དང་འགལ། །ཞེས་སོ། །ད་ནི་ཙ་རི་ཏྲ་བྱེ་བྲག་ཏུ་རྟོགས་པར་བྱ་བ་ལ། རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པ་ལས། ཙ་རི་ཏྲ་ཡི་ཡུལ་དུ་ནི། །ཀ་རཉྫྱ་གནས་ཞེས་བྱ་བ། །ཤཀྟི་རྩིགས་པའི་སྐྱེ་གནས་འབྱུང་། །ཤཀྟི་ཡི་ནི་ཕྱག་རྒྱ་ཐོགས། །དྲིལ་བུ་ཆེན་པོ་ཞེས་བྱ་བ། །ཀྵེ་ཊ་པཱ་ལ་སྟོབས་པོ་ཆེ། །སྦྲུལ་དང་ལྡན་པའི་གྱེན་སྐྲ་ཅན། །གདུག་པ་ཐམས་ཅད་འཇིགས་པར་མཛད། །ཅེས་དང་། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོ་ལས། །ཀ་རཉྫྱ་གནས་ཙ་རི་ཏྲར། །ཞེས་དང་། སམ་བྷུ་ཊི་ལས་ཀྱང་། རྡུལ་བྲལ་གནས་སུ་ཙི་ཏ་གནས། །ཀོངྐ་ནར་ནི་ཟླ་བའི་གླིང་། །ཀ་རཉྫྱ་གནས་ཙ་རི་ཏྲ། །ཞེས་དང་བརྟག་པ་གཉིས་པ་ལས། །འཐུང་གཅོད་གྲོང་གི་མཐར་གནས་པ། །ཙ་རི་ཏྲ་དང་ཀོ་ས་ལ། །བིན་དྷྱ་གཞོན་ནུའི་གྲོང་ཁྱེར་རོ། །ཞེས་ཙ་རི་ཏྲ་ཉེ་བའི་འཐུང་གཅོད་དུ་བཤད་ཅིང་། །དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། །བིན་དྷྱ་ཀོ་མཱ་རི་ཀིའི་གྲོང་། །རྣམ་བཞི་འཐུང་གཅོད་ཅེས་པར་གྲགས། །ཞེས་འཐུང་གཅོད་དུ་གསུངས་ལ། ཕྱག་ཆེན་ཐིག་ལེ་ལས། །ཉེ་བའི་དུར་ཁྲོད་ཙ་རི་ཏྲ། །ཞེས་ཉེ་བའི་དུར་ཁྲོད་དུ་གསུངས་སོ། །འདི་ཉིད་ཕྱོགས་དང་ཡུལ་གང་ན་ཡོད་སྙམ་དུ་དོགས་པ་ལས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས། །ཙ་རི་ཏྲ་ཞེས་བྱ་བའི་ཡུལ། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད། །ཙ་རི་ཙ་གོང་དེ་མ་ཡིན། །དེ་བི་ཀོ་ཊའི་གནས་གཞན་ཞིག །ཙ་རི་ཡིན་ཞེས་ལ་ལས་སྨྲ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ནི། །།དེ་བི་ཀོ་ཊར་བྷ་ཏྲ་གནས། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །བོད་ཡུལ་ལྷན་གཅིག་སྐྱེས་མ་ནི། །རྡོ་ཡི་ཕུག་ལ་བརྟེན་ཏེ་གནས། །ཡུལ་དེར་གནས་པའི་ལྷ་མོ་ནི། །བྷ་ཏྲའི་ཤིང་ལ་བརྟེན་ཞེས་གསུངས། །དེ་ཡི་ཕྱོགས་ན་བྷ་ཏྲའི་ཤིང་། །ཡོང་ན་ཡུལ་དེ་འགལ་བ་མེད། །ཏི་སེ་དང་ནི་ཙ་རི་སོགས། །གལ་ཏེ་གནས་ཆེན་ཡིན་ན་ཡང་། །ཡུལ་དེར་འགྲོ་བའི་གང་ཟག་ནི། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །བརྡའ་དང་བརྡའ་ཡི་ལན་ཤེས་ཤིང་། །རིམ་གཉིས་རྟོགས་པ་བརྟན་པོ་ཡིས། །སྤྱོད་པའི་དོན་དུ་རྒྱུ་བར་གསུངས། །དེ་ལྟ་མིན་པའི་གང་ཟག་གིས། །ཡུལ་དེར་འགྲོ་བ་རྒྱུད་ལས་བཀག །ཅེས་གསུངས་སོ། །དེའི་རྣམ་བཤད་བྱེད་པ་དག་གིས་ཀྱང་། །གནས་འཐུང་གཅོད་ཀྱི་བྱེ་བྲག་ཙ་རི་ཏྲ་ནི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་བར་གསུངས་པས། །ཀོང་ཡུལ་གྱི་ཙ་རི་ཙ་གོང་ནི་དེ་མ་ཡིན་ནོ། །ཁ་ཅིག་ནས་ཞིང་གི་བྱེ་བྲག་དེ་བི་ཀོ་ཊ་ལ་གཉིས་ཡོད་པའི་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་ན་ཡོད། །ཆུང་བ་གཞན་ཞིག་ཀོང་ཡུལ་གྱི་ཙ་རི་ཡིན་ཞེས་ལ་ལ་སྨྲ་བ་ནི། དེའི་ཕྱོགས་ན་བྷ་ཊའི་ཤིང་ཡོད་ན་ཡུལ་དེ་དེ་བི་ཀོ་ཊ་ཡིན་པ་ལ་སྐྱོན་མེད་དོ། །ཅེས་བྲིས་སོ། །གཏམ་འདི་ནི་ཆ་མེད་ཡུལ་གྱི་རྒྱུས་གཏམ་སྟེ། །བཀའ་བརྒྱུད་རིན་པོ་ཆེའི་བཞེད་པའི་ཙ་རི་ཏྲ་ནི་བྱར་དང་དྭགས་པོ་ཀོང་པོ་དང་ཀློ་ཁ་ཁྲའི་ཡུལ་བཞིའི་མཚམས་ན་ཡོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། །ཀོང་པོའི་ཡུལ་ཁོ་ནར་ཡོད་པ་མ་ཡིན་ནོ། །ཙ་རི་ཙ་གོང་གཅིག་ཏུ་བྱེད་པ་ཡང་མི་རིགས་ཏེ། ཙ་གོང་ཞེས་པ་ཀོང་ཡུལ་ཕྲག་གི་ནང་ན་ཡོད་པར་བྱར་དྭགས་ཀོང་གསུམ་གྱི་རྒོལ་བ་དང་གནག་རྫི་བ་རྣམས་ལ་ཡང་གྲགས་པའི་ཕྱིར་དང་། ཙ་རི་ཏྲ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་ཅེས་པའི་དམ་བཅའ་འདིའི་བསྒྲུབ་བྱེད་གཏམ་རྒྱུད་ཙམ་གྱིས་མཁས་པ་རྣམས་མགུ་བར་མི་ནུས་པས། །དྲི་མ་མེད་པའི་ལུང་དང་རིགས་པའི་བསྒྲུབ་བྱེད་འདོན་དགོས་ལ། རིགས་པའི་དབང་ཕྱུག་ལས། ཡིད་དཔྱོད་ཅེས་པའི་ཚད་མིན་གྱི་བློ་ཞལ་གྱིས་བཞེས་པ་ལ། རིགས་པའི་གཏེར་ལས། །ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས། དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། །རྟགས་ལ་ལྟོས་ན་ཡང་དག་གམ། །ལྟར་སྣང་གསུམ་ལས་འདའ་བ་མེད། །ཅེས་གང་གསུངས་པ་འདི་ཉིད་ཀྱིས་དམ་བཅའ་འདི་ལའང་དཔྱོད་པར་རིགས་སོ། །ཡང་། ཙ་རི་ཏྲ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཁོ་ནར་ཡོད་ཀྱི་ཡུལ་གཞན་དུ་མེད་དོ་ཞེས་མངོན་པར་ཞེན་པར་མི་བྱ་སྟེ། དྲི་མ་མེད་པའི་འོད་ལས། །བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་རྣམས་ཡོད་དོ། །ཞེས་གསུངས་ལ། ངའི་དོན་ནི་རྒྱ་གར་དུ་མ་ཟད་བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་དང་ཉེ་བའི་གནས་དང་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་ཐམས་ཅད་ཚང་བར་ཡོད་དོ་ཞེས་དགོངས་པའི་ཕྱིར་དང་། ཙ་རི་ཏྲ་རྒྱ་གར་ལྷོ་ཕྱོགས་ཁོ་ནར་ཡོད་པ་འདི་ལ་ཡིད་ཆེས་པའི་ལུང་ཚད་ལྡན་སྟོན་དགོས་ཤིང་། གཏམ་རྒྱུད་ཙམ་གྱིས་ནི་དཔྱོད་ལྡན་སུ་ཡང་ཡིད་ཆེས་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་འགའ་ཞིག་ཏུ་གནས་སུ་གསུངས་པ་གང་ཡིན་པ་དེ་གཞན་དུ་ཉེ་བའི་གནས་སུ་གསུངས་པ་དང་། ལ་ལར་འཐུང་གཅོད་དུ་བཤད་པ་གང་ཡིན་པ་དེ་ཉེ་བའི་འཐུང་གཅོད་དང་། དེ་བཞིན་དུ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ལ་སོགས་པར་གསུངས་པ་གང་ཡིན་པ་དེ་དག་ཀྱང་འགལ་བར་བསམ་པར་མི་བྱ་སྟེ། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དབང་པོའི་རིམ་པ་དང་བསམ་པའི་དབང་གིས་ཡིན་པའི་ཕྱིར་ཏེ། གདུལ་བྱའི་སེམས་ཅན་རྣམས་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོ་སྟེ་ལྔའི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ་མན་ངག་སྙེ་མ་ལས། རྒྱུད་སོ་སོ་ལས་བཤད་པ་འགལ་བར་མི་འགྱུར་ཏེ། གང་གི་ཕྱིར་ཨརྦུ་ད་ལ། གནས་དང་ཉེ་བའི་ཞིང་དག་གྲང་བ་དང་དྲོ་བ་བཞིན་ནམ། དངོས་པོ་དང་དངོས་མེད་དག་བཞིན་དུ་ཕན་ཚུན་འགལ་བ་སྲིད་པ་མ་ཡིན་པས་སོ། །གཅིག་ལ་མིང་སྣ་ཚོགས་པ་ཇི་ལྟར་ཡང་མི་འགལ་བས་སོ། །དེ་བཞིན་དུ་གོ་ཏ་བ་རི་ལ་ཉེ་བའི་གནས་ཉིད་དང་ཉེ་བའི་ཞིང་ཉིད་དང་ཚན་དྷོ་ཧ་རྣམས་སོ། །དེ་བཞིན་དུ་གཞན་རྣམས་ལའང་མེ་འགལ་བར་ཤེས་པར་བྱའོ། །གཞན་ཡང་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པ་ལས་ཐུགས་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ཀྱིས་བསྟན་པ་སྣ་ཚོགས་པ་ཉིད་དོ། །གདུལ་བྱའི་སེམས་ཅན་རྣམས་ཀྱང་རྣམ་པ་ལྔ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་དབྱེ་བ་ལས་སོ། །དེ་ལ་ཆུང་ངུའི་དབང་དུ་བྱས་ནས་ཕྱི་རོལ་གྱི་གནས་ལ་སོགས་པའི་ཡུལ་བསྟན་ཏོ། །དེ་སྐད་དུ་ཡང་དྲི་མ་མེད་པའི་འོད་དུ་གསུངས་པ། །འདིར་ཐུན་མོང་དུ་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལན་དྷ་ར་ལ་སོགས་པ་གནས་ལ་སོགས་པར་གསུངས་ཤིང་། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པར་མི་འགྱུར་རོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་མཐའི་རིགས་རྣམས་སུ་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་གྲོང་ཁྱེར་གཅིག་ནའང་གནས་པའི་ཕྱིར་ན། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ནའང་གནས་ལ་སོགས་པ་རྣམས་ཡོད་དོ། །དེ་རྣམས་ནི་བསྡུས་པའི་རྒྱུད་གཞན་རྣམས་སུ་མ་བསྟན་པ་རྣམས་སོ། །རྒྱས་པའི་རྒྱུད་གཞན་དུ་ནི་ཡུལ་ཐམས་ཅད་དང་གྲོང་ཐམས་ཅད་དུ་གནས་ལ་སོགས་པ་རྣམས་གསུངས་སོ། །ཞེས་སོ། །འབྲིང་གི་དབང་དུ་བྱས་ནས་ཁང་པ་བརྩེགས་པའི་ས་གཞི་ལ་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཀྱི་གནས་ལ་སོགས་པ་རྣམ་པར་གཞག་པའོ། །ཆེན་པོའི་ཆུང་ངུའི་དབང་དུ་བྱས་ནས་བཱུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པའི་འཁོར་ལོའི་ཚུལ་གྱིས་གནས་ལ་སོགས་པ་རྣམས་ལུས་ལ་མགོ་བོ་ལ་སོགས་པ་རྣམས་ལ་བསྟན་ཅིང་དེ་དང་དེར་སོན་པའི་རྩ་ནས་རྣམས་ཀྱང་ལྷ་མོའི་རྣམས་ཞེས་པར་རོ། །ཆེན་པོའི་འབྲིང་པོའི་དབང་དུ་བྱས་པ་ལས་རྫོགས་པའི་རིམ་པས་ས་བོན་གྱི་ཡི་གེ་ལ་སོགས་པ་མེད་པར་ཡང་ལུས་ལ་ཇི་ལྟར་གནས་པའི་སྤྱི་བོ་ལ་སོགས་པ་རྣམས་གནས་ལ་སོགས་པ་རྣམས་སུ་དང་། དེ་དང་དེར་སོན་པའི་རྩའི་རང་གི་ངོ་བོ་རྣམས་རྡོ་རྗེའི་ལྷ་མོ་རྣམས་སོ་ཞེས་ལྷག་པར་མོས་པའི་དོན་དུ་རྣམ་པར་གཞག་གོ །ཆེན་པོའི་ཆེན་པོ་རྫོགས་པའི་རིམ་པ་ལ་གནས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལུས་ལ་སོགས་པ་མིག་ཡོར་གྱི་ངོ་བོའི་རང་བཞིན་གནས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་ནས་སྒྱུ་རྩལ་ཏུ་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཚིག་འདི་ཀྱང་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་རང་གཟོ་མ་ཡིན་པར་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཁུངས་སུ་དྲངས་ནས་རྒྱུད་སྡེ་སོ་སོ་ནས་བཤད་པའི་ཡུལ་ཉི་ཤུ་རྩ་བཞི་དང་སུམ་བཅུ་རྩ་གཉིས་དང་སུམ་བཅུ་རྩ་བདུན་དང་བཞི་བཅུ་རྩ་བརྒྱད་ལ་སོགས་པ་ཐམས་ཅད་བོད་འདིར་ཡོད་པར་གསུངས་པས། བོད་འདིར་ཙ་རི་ཏྲ་གཅིག་པུ་ཡོད་མེད་ཀྱི་རྩོད་པའི་ངལ་བ་འདིས་ཅི་ཞིག་བྱ། །དེའི་ཕྱིར་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་གྲངས་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ངེས་མེད་དུ་གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་གནས་བསྐོར་བའི་དོན་དུ་གསུངས་ཤིང་། དོན་དམ་པར་ཀཱ་མ་རུ་པ་དང་ཛཱ་ལན་དྷ་ར་ལ་སོགས་པ་ཁོ་ན་གནས་ལ་སོགས་པ་ཡིན་པ་ནི་བརྫུན་ཡིན་པར་གསུངས་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དེ་ལྟར་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཉིས་འགྱུར་ནི་འཇིག་རྟེན་པའི་ཡུལ་གྱི་ཐ་སྙད་ཀྱིས་བྱིས་པའི་སྐྱེ་བོ་རྣམས་བསྒྲལ་བའི་སླད་དུ་གསུངས་སོ། །རྣམ་པར་དཔྱད་ན་ཀཱ་མ་རུ་པ་དང་ཛཱ་ལན་དྷ་ར་ལ་སོགས་པ་གནས་ལ་སོགས་པ་ཡིན་པ་ནི་བརྫུན་ཏེ། གྲོང་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་གཅིག་ལ་ཡང་གནས་ལ་སོགས་པ་གསུངས་པའི་ཕྱིར་དང་། དེ་བཞིན་དུ་བོད་དང་རྒྱ་ནག་དང་རྒྱ་ནག་ཆེན་པོ་ལ་སོགས་པའི་ཡུལ་རྣམས་དང་། གྲོང་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་མ་གསུངས་པ་ཉིད་ཀྱི་ཕྱིར། །ཕོ་ཉ་མོ་རྣམས་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཞེས་དང་། །དེའི་ཕྱིར་འཁོར་ལོ་གསུམ་གྱི་སྡོམ་པ་དང་། ཀྱཻ་རྡོ་རྗེ་ལས། །བཅོམ་ལྡན་འདས་ཀྱིས་སྔ་མ་དང་ཕྱི་མའི་གསུངས་འགལ་བ་གང་ཡིན་དེ་ནི་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་འཛིན་པ་དགྲོལ་བའི་སླད་དུ་སྟེ། །འདིར་འཁོར་ལོ་སྡོམ་པ་ལས། གནས་དང་ཉེ་བའི་གནས་ལ་སོགས་པ་གང་ཡིན་པ་དེ་དག་ནི། ཀྱཻ་རྡོ་རྗེ་ལས། །ཞིང་དང་ཉེ་བའི་ཞིང་ལ་སོགས་པ་ཁྲག་འཁྲུགས་སུ་གསུངས་སོ། །རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་གནས་ལ་སོགས་པས་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་གང་ན་བྷ་ཏྲའི་ཤིང་ཡོད་པའི་ཡུལ་ཐམས་ཅད་དེ་བི་ཀོ་ཊ་ཡིན་ཞེས་པའམ། །ཡང་ན་ནི་དེ་བི་ཀོ་ཊ་ལས་གཞན་པའི་ཡུལ་གང་ན་ཡང་བྷ་ཏྲའི་ཤིང་མེད་དོ། །ཞེས་པ་འདི་ཡང་ཧ་ཅང་ཐལ་ཆེས་པར་དོགས་སོ། །ད་ནི་གཞུང་ལུགས་ཆེན་པོ་འདིར་འབྱུང་བའི་ཡུལ་ཉི་ཤུ་རྩ་བཞིའི་སྒྲ་དོན་ནི། པཱུལླིང་ར་མ་ལ་ཡ་ཞེས་པ་རྒྱས་པའི་རི་དང་། ཛཱ་ལན་དྷ་ར་ནི་དྲ་བ་འཛིན་དང་། ཛ་ལན་དྷ་ར་ཞེས་པ་ལྟར་ན་འབར་བ་འཛིན་དང་། ཨཽ་ཊྭིན་ཞེས་པ་ཨུ་རྒྱན་དང་། ཨརྦུ་ད་མཆོད་འོད་དང་། གཽ་ཏཱ་བ་རི་མཆོག་སྦྱིན་དང་། ར་སྨི་ཤྭ་ར་ནི་དགའ་བྱེད་དབང་ཕྱུག་དང་། དེ་བི་ཀཽ་ཊ་ནི་ལྷ་མོའི་མཁར་དང་། མཱ་ལ་བ་ནི་ཕྲེང་བ་ཅན་དང་། ཀཱ་མ་རུ་པ་ནི་འདོད་པའི་གཟུགས་དང་། ཨོ་ཊི་ནི་རོལ་པ་ཅན་དང་། ཏྲི་ཤ་ཀུ་ནི་ནི་དགེ་མཚན་གསུམ་པ་དང་། ཀོ་ས་ལ་ནི་དགེ་བ་ཅན་དང་། ཀཱ་ལིངྐ་ནི་སྨྲ་བའི་རྟགས་དང་། ལམྦཱ་ཀ་ནི་འཕྱང་བ་ཅན་དང་། ཀཉྩྨི་ཀ་ནི་སྐྱུར་བག་ཅན་དང་། ཧི་མ་ལ་ནི་གངས་ལྡན་དང་། པྲེ་ཏ་བཱུ་རི་ནི་ཡི་དྭགས་ཀྱི་གྲོང་ཁྱེར་དང་། གྲི་ཧ་དེ་བ་ནི་ཁྱིམ་གྱི་ལྷ་དང་། སཽ་ར་ཐཊ་ནི་ཡུལ་འཁོར་བཟང་པོ་དང་། སུ་ཝརྩ་དི་པ་ནི་གསེར་གླིང་དང་། ན་ག་རུ་ནི་གྲོང་ཁྱེར་དང་། སིན་དྷུ་ར་ནི་ལི་གྲིའི་གྲོང་དང་། །མ་རུ་ནི་མྱ་ངམ་གྱི་ཐང་དང་། ཀུ་ཝུ་ཏ་ནི་རིགས་དང་ལྡན་པ་ཞེ་བྱའོ། །ཡུལ་ཉེར་བཞིའི་ནང་དུ་ཙ་རི་ཏ་མི་འབྱུང་ཡང་རྒྱུད་གཞན་ལས་གསལ་བར་གསུངས་པས་དེའི་སྒྲ་དོན་ནི་ལོ་ཙྪ་བ་སྔ་མ་འགའ་ཞིག་གིས་སྤྱོད་པར་བསྒྱུར་ལ་ལས་རྣམ་པར་ཐར་བ་ཞེས་པར་བསྒྱུར་ཞིང་། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། ཙ་རི་ལ་ཙ་ཏྲ་རི་དང་། ཏྲ་ལ་ཏྲ་ཡ་ཞེས་པའི་ཡི་གེ་བསྣན་ནས། ཙ་རི་ཞེས་བྱ་གཞི་ཡིན་ཏེ། ཏྲ་ཡ་སྐྱོབ་པར་བརྗོད་པར་བྱ། །ཁམས་ནི་རྣམ་པ་བཞི་པོ་ལ། །བདེ་བ་ཆེན་པོས་སྐྱོབ་པའི་ཕྱིར། །ཙ་རི་ཏྲ་ཞེས་གྲགས་པ་ཡིན། །ཞེས་ལམ་ཡིག་རུམ་བུ་ལྔ་བ་ལས་གསུངས་སོ་ཞེས་རྒྱལ་བའི་དབང་པོས་གསུངས་སོ། །ཡང་། དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །མངོན་པའི་གཞུང་ལས་གསུངས་པ་ཡི། །བྲག་རི་གསེར་གྱི་བྱ་སྐྱིབས་དང་། །འཛམ་བུའི་ཤིང་དང་ས་བསྲུངས་བུ། །གླིང་ཆེན་ལྔ་བརྒྱས་བསྐོར་བ་དང་། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་གནས། །གངས་ཅན་དེ་ནི་ཏི་སེ་མིན། །མ་དྲོས་རྒྱ་མཚོ་མ་ཕམ་མིན། །གླང་པོ་རྣམས་ཀྱང་དེ་ན་མེད། །དེ་བཞིན་འཛམ་བུའི་ལྗོན་པ་དང་། །གསེར་གྱི་བྱ་སྐྱིབས་ག་ལ་ཡོད། །དེ་ཡི་གཏན་ཚིགས་འདི་ལྟར་ཡིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཆུ་བོ་ས་ཏིའི་བྱང་ཕྱོགས་ན། །རི་བོ་གངས་ཅན་ཡོད་པར་གསུངས། །དེ་ཡི་འགྲམ་ན་ཤམ་བྷ་ལ། །གྲོང་ཁྱེར་བྱེ་བ་དགུ་བཅུ་དྲུག །དེ་ན་རྒྱལ་པོའི་ཕོ་བྲང་མཆོག །ཀ་ལ་པ་ཞེས་བྱ་བ་ཡོད། །དེ་ན་སྤྲུལ་པའི་རྒྱལ་པོ་རྣམས། །ལོ་གྲངས་བརྒྱ་བརྒྱར་ཆོས་གསུང་ངོ་། །དེ་ན་ནགས་ཚལ་ན་ཚོགས་དང་བཟའ་ཤིང་ར་བ་དུ་མ་ཡོད། །སྙིགས་མའི་དུས་སུ་འཕགས་པའི་ཡུལ། །ཀླ་ཀློའི་ཆོས་ཀྱིས་གང་བར་འགྱུར། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམ་བྷ་ལ་རུ་དམག་འདྲེན་འགྱུར། །དེ་ཚེ་ཕྱག་ན་རྡོ་རྗེ་ཡི། །སྤྲུལ་བ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །འཕགས་པའི་ཡུལ་གྱི་བར་དུ་ཡང་། །སངས་རྒྱས་བསྟན་པ་སྤེལ་བར་གསུངས། །དེས་ན་རི་བོ་གངས་ཅན་དུ། །རྫུ་འཕྲུལ་མེད་པས་འགྲོ་མི་ནུས། །ཞེས་གསུངས་ལ། དེའི་རྣམ་བཤད་བྱེད་པ་ཁ་ཅིག་གིས་ཀྱང་འདི་སྐད་ཅེས་ཡི་གེར་བྲིས་སོ། །ཏི་སེ་གངས་ཅན་དུ་འདོད་པ་དགག་པ། ཙ་རི་གནས་ཆེན་དུ་འདོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། །དགག་པ་སྤྱིར་བསྟན། ལུང་འགལ་བྱེ་བྲག་ཏུ་བཤད། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། དཔལ་ལྡན་དུས་ཀྱི་ཞེས་སོགས་བཅུ་གཅིག་སྟེ། དུས་འཁོར་གྱི་འཇིག་རྟེན་ཁམས་ལ་ལས་གསུངས་པའི་རི་བོ་གངས་ཅན་དང་། མངོན་པའི་གཞུང་ལས་གསུངས་པའི་རི་བོ་སྤོས་ངད་ལྡན་གྱི་བྱང་ན་བྲག་རི་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ཕུག །ཆུ་ཞེང་དཔག་ཚད་ལྔ་བཅུ། དཔངས་དཔག་ཚད་ཕྱེད་དང་བཞི་པ་བྲག་ཕྲན་ལྔ་བརྒྱས་བསྐོར་བ། དེའི་བྱང་ན་ཤིང་ས་ལའི་རྒྱལ་པོ་རབ་བརྟན་ཤིང་ཕྲན་ལྔ་བརྒྱས་བསྐོར་བ། དེའི་ཤར་ན་རྫིང་བུ་དལ་འབབ་མཚོ་མ་དྲོས་པ་དང་མཉམ་པ་རྫིང་བུ་ལྔ་བརྒྱས་བསྐོར་བ་ཡོད། དེར་གླང་པོ་ཆེ་རབ་བརྟན་འཁོར་ལྔ་བརྒྱས་བསྐོར་བ་གནས་ཤིང་དབྱར་ཟླ་བ་བཞི་ས་ལའི་ཚལ་དུ་འགྲོ། དགུན་ཟླ་བ་བཞི་གསེར་གྱི་བྱ་སྐྱིབས་ལ་སྡོང་། རི་སྤོས་ངད་ལྡན་པའི་ཚུ་རོལ་ན་མཚོ་མ་དྲོས་པ་ཡོད་ལ། དེའི་ཚུ་རོལ་ན་རི་བོ་གངས་ཅན་ཡོད་པར་གསུངས་ཤིང་། མཚོ་མ་དྲོས་པ་ན་བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་མཛད་པའི་གནས་ཡིན་པར་གསུངས་པའི་རི་བོ་གངས་ཅན་དེ་ནི་མངའ་རིས་ཀྱི་ཏི་སེ་འདི་མ་ཡིན་ཞིང་། མ་དྲོས་པའི་རྒྱ་མཚོ་ཡང་མ་ཕམ་གཡུ་མཚོ་མ་ཡིན་ཏེ། གླང་པོ་རྣམས་ཀྱང་སོགས་སོ། །ཞེས་མཁས་མདོག་དང་བཅས་ཏེ་ཟེར་མོད། །དེས་ནི་རང་གི་འཁོར་རྣམས་མགོ་རྨོངས་པར་བྱེད་པའི་བརྫུན་ཆེན་པོ་སྨྲས་པ་ཡིན་ཏེ། །དུས་འཁོར་གྱི་འཇིག་རྟེན་ཁམས་ལེ་ན་རི་བོ་གངས་ཅན་གྱི་བྱང་ན་བྲག་རི་གསེར་གྱི་བྱ་སྐྱིབས་ལ་སོགས་པ་དེ་དག་ཐམས་ཅད་ཡོད་པའི་བཤད་པ་ཚིག་གཅིག་ཀྱང་མི་སྣང་བའི་ཕྱིར། དེས་ན་འདིས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལན་གཅིག་ཙམ་ཡང་ཀློག་མ་མྱོང་བའི་ནང་མཚང་གཞན་ལ་བསྟན་པ་ཡིན་ནོ། །ཡང་ལུང་འགལ་བྱེ་བྲག་ཏུ་བཤད་པའི་སྐབས་སུ་འདི་སྐད་སྨྲ་སྟེ། །དུས་ཀྱི་འཁོར་ལོའི་དང་། མངོན་པའི་དང་། མུ་སྟེགས་བྱེད་ཀྱི་དང་། རྨ་བྱ་ཆེན་མོའི་མདོའི་དང་། ཕལ་པོ་ཆེའི་ལུང་དང་འགལ་བའོ། །དང་པོ་ནི། དཔལ་ལྡན་དུས་ཀྱི་ཞེས་སོགས་ཉེར་གཉིས་ཏེ། །དེ་ལྟའི་ཏི་སེ་འདི་དུས་ཀྱི་འཁོར་ལོ་ནས་བཤད་པའི་རི་བོ་གངས་ཅན་མ་ཡིན་ཏེ། དེའི་འགྲམ་ན་ཤམ་བྷ་ལ་མེད་པའི་ཕྱིར་དང་། རྫུ་འཕྲུལ་དང་མི་ལྡན་ཡང་བགྲོད་ནུས་པའི་ཕྱིར། ཁྱབ་པ་ཡོད་ཏེ། དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས་སོ། །དེ་ལྟར་ཡང་བསྡུས་པའི་རྒྱུད་ལས། ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་རྣམས་དང་རི་བདུན་ནི། །འོད་སྔོན་པོ་དང་མན་དྷ་ར་བའི་རི་སྟེ་ནོར་འོད་ཆང་ལྡན་གྲང་བའི་རི་རྡོ་རྗེ། །གླིང་རྣམས་ཟླ་བ་དང་ནི་རབ་དཀར་རབ་མཆོག་ཀུ་ཤ་མི་འམ་ཅི་དང་ཁྲུང་ཁྲུང་དྲག་པོ་རྣམས། །ལོངས་སྤྱོད་པ་རྣམས་ཉིད་ཏེ་འཛམ་གླིང་བདུན་པ་ལས་ཀྱི་ས་རྣམས་ལ་ནི་མི་རྣམས་གནས་པའོ། །ཞེས་རི་རབ་ལ་མཚོ་བདུན་དང་། །རི་བདུན་དང་། གླིང་བདུན་གྱིས་འཁོར་ཡུག་ཏུ་བསྐོར་ནས་ཡོད་པའི་གླིང་ཕྱི་མ་འཛམ་གླིང་ཆེན་པོ་ཡིན་ཅིང་། དེ་ལ་དུམ་བུ་བཅུ་གཉིས་སུ་བྱས་པའི་ལྷོའི་ཆ་ནི་འཛམ་གླིང་ཆུང་དུ་ཡིན་ལ། དེའི་ཆུ་ཞེང་ཆེ་བ་ལ་ཆུ་བོ་སི་ཏ་ཡོང་། དེའི་བྱང་ན་རི་གངས་ཅན་ཡོད་ཅིང་། རི་བོ་གངས་ཅན་གྱིས་དབུས་ན་ཤམ་བྷ་ལའི་ཡུལ་ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ་དབུས་ཀྱི་གསུམ་ཆ་ལྟེ་བར་བྱས་པ་ལ་ཀེ་ལ་ཤའི་རི་བོར་གྲགས་ཤིང་། དེ་ལ་རྒྱལ་པོའི་ཕོ་བྲང་ཀ་ལཱ་པ་དང་། དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དང་མཱ་ལ་ཡའི་སྐྱེད་མོས་ཚལ་ཡོད་ལ། འདབ་མ་བརྒྱད་པོ་རེ་རེ་ལ་གྲོང་ཁྱེར་བྱ་བ་བཅུ་གཉིས་རེ་ཡོད་ཅིང་། །བྱེ་བ་ཕྲག་རེ་ལ་རྒྱལ་པོ་རེ་ཡོད་པས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་ཡོད་ཏེ། དེ་ལྟར་ཡང་། གངས་རི་མཆོག་གིས་ཕྱོགས་རྣམས་མ་ལུས་ཀུན་ནས་ཡང་དག་བསྐོར་བ་དེ་དག་དབུས་སུ་ཀེ་ལ་ཤ །ས་ལ་ཀེ་ལ་ཤ་ཡི་དུམ་བུར་གངས་རི་ལྡན་པ་དེ་ཡི་སུམ་ཆ་ཀུན་ནས་ཤེས་བྱ་སྟེ། །ཕྱི་རོལ་ཏུ་ཡང་ཡུལ་རྣམས་ཉིན་བྱེད་འདབ་མ་རེ་རེའི་གླིང་རྣམས་ཀུན་གྱིས་བརྒྱན་པར་བརྗོད་པ་སྟེ། །གཡས་ཀྱི་ཕྱེད་དུ་ཐུབ་མཆོག་གནས་གྲོང་ཤམ་བྷ་ལ་ཞེས་བྱ་བ་གྲོང་ཁྱེར་བྱེ་བ་ཡང་དག་གནས། །ཞེས་སོགས་སོ། །ཞེས་ལུང་སྦྱོར་དང་བཅས་ཏེ་ཟེར་རོ། །འདིའི་དོན་ལ་རིགས་པས་བརྟགས་ན་སྙིང་པོ་ཅི་ཡང་ཡོད་པར་མ་མཐོང་སྟེ། །འདི་ལྟར། སྔ་རྒོལ་ལ་ཁས་ལེན་མེད་པས་མི་འཐད། གཏན་ཚིགས་མ་ངེས་པས་མི་འཐད། ཁས་བླངས་འགལ་བས་མི་འཐད། ལུང་གི་དོན་མ་ཤེས་པས་མི་འཐད་པའོ། །དང་པོ་ནི། ད་ལྟའི་ཏི་སེ་འདི་ཞེས་སོགས་ཀྱི་སུན་འབྱིན་ཆོས་ཅན། །ཁྱོད་སྔ་རྒོལ་གྱི་དམ་བཅའ་ལ་གནོད་བྱེད་ཀྱི་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། སྔ་རྒོལ་གྱི་ཏི་སེ་དུས་འཁོར་ནས་བཤད་པའི་རི་བོ་གངས་ཅན་དུ་ཁས་མ་བླངས་པའི་ཕྱིར་རོ། །གཉིས་པ་གཏན་ཚིགས་མ་ངེས་པ་ནི། ཁྱེད་ཀྱིས་དྲངས་མ་ཐག་པའི་ལན་ཚྭ་ཆང་དང་ཞེས་སོགས་ཀྱི་ལུང་གི་བརྗོད་བྱར་གྱུར་པའི་ཁ་བའི་རི་དེ་ཡང་རི་བོ་གངས་ཅན་མ་ཡིན་པར་ཐལ། དེའི་འགྲམ་ན་ཤམ་བྷ་ལ་མེད་པའི་ཕྱིར་དང་། རྫུ་འཕྲུལ་དང་མི་ལྡན་པས་ཀྱང་བགྲོད་ནུས་པའི་ཕྱིར་དང་། གཏན་ཚིགས་དང་པོ་མ་གྲུབ་བོ་ཞེ་ན། གསུམ་པ་ཁས་བླངས་འགལ་བ་ནི། འོ་ན་རི་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་དང་ཤམ་བྷ་ལ་ལ་འཁོར་ཡུག་ཏུ་བསྐོར་བའི་གངས་ཅན་གཉིས་གཅིག་གམ་འོན་ཏེ་ཐ་དད། དང་པོ་ལྟར་ན། རི་བདུན་གྱི་ནང་ཚན་དུ་གྱུར་པའི་རི་བོ་གངས་ཅན་གྱི་དབུས་ན་ཤམ་བྷ་ལ་ཡོད་པར་ཐལ། དེ་གཉིས་གཅིག་པ་གང་ཞིག །རི་བོ་གངས་ཅན་གྱི་དབུས་ན་ཤམ་བྷ་ལ་ཡོད་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས། འདོད་མི་ནུས་ཏེ། རི་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་གྱི་ནང་ན་དྲག་པོའི་གླིང་ལ་སོགས་པ་ལོངས་སྤྱོད་ཀྱི་ས་པའི་གླིང་དྲུག་ཡོད་པར་བཤད་ཅིང་དེ་དག་གང་ཤམ་བྷ་ལ་ལ་གཏོགས་པ་ཡིན་ཞེས་དྲིས་ན་ཁྱེད་ལ་བཤད་རྒྱུ་ཅི་ཡང་མེད་པའི་ཕྱིར་དང་། གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་པར་གྲགས་པ་དེ་ཉིད་ལ་དུམ་བུ་བཅུ་གཉིས་སུ་བྱས་པའི་ལྷོའི་ཆ་དབུས་མ་ནི་འཛམ་གླིང་ཆུང་ངུ་ཡིན་ལ། དེའི་བྱང་གི་ཆ་ལ་ཤམ་བྷ་ལ་ཡོད་པར་ཁྱེད་རང་གིས་ཀྱང་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །ལུང་དང་ཡང་འགལ་ཏེ། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ལས། ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ཐུབ་པ་སའི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར། །དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལ་སྟེ་གཡས་ཀྱི་ཕྱེད་མ་ཤམ་བྷ་ལར་གྲགས་པ། །ཐུབ་པ་མཆོག་གི་གནས་ལ་གྲོང་ནི་བྱེ་བ་ལྷག་པར་གནས་ཏེ་འདབ་མ་རྣམས་དང་བཅས་པ་ཡི། །ཕྱོགས་རྣམས་ཀུན་ཏུ་མཆོག་གི་གངས་རི་ཡིས་ནི་རྣམ་པར་བསྐོར་ཏེ་དེ་ཡི་དབུས་ན་ཀཻ་ལ་ཤ། །ས་ལ་ཀཻ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པའི་ཀུ་ན་ནས་སུམ་ཆ་ཏེ། །ཕྱི་རོལ་ཏུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་རོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། གལ་ཏེ་བརྟག་པ་གཉིས་པ་ལྟར་དེ་གཉིས་ཐ་དད་དོ་ཞེ་ན། འོ་ན་དུས་ཀྱི་འཁོར་ལོ་ནས་གངས་ཅན་ཐ་དད་པ་གཉིས་བཤད་པའི་ཕྱིར་གངས་ཅན་གཅིག་ཏུ་མ་ངེས་ལ། དེ་ལྟ་ན་ནི་ཏི་སེ་ཡང་གངས་ཅན་ཐ་དད་པ་གསུམ་པ་ཞིག་ཅིའི་ཕྱིར་མ་ཡིན། ཞེས་བརྗོད་ན་ཁྱེད་མི་སྨྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་འགྱུར་རོ། །ཡང་ཆུ་བོ་སི་ཏ་དེ་མ་དྲོས་པའི་མཚོ་ལས་འབབ་པ་མ་ཡིན་པར་ཐལ། ཆུ་བོ་སི་ཏའི་བྱང་ན་རི་བོ་གངས་ཅན་ཐད་ཀའི་རྒྱར་དཔག་ཚད་སྟོང་ལྔ་བརྒྱའི་སུམ་འགྱུར་འཁོར་ཡུག་ཏུ་བསྐོང་བའི་ནང་ན་ཡུལ་དགུ་བཅུ་རྩ་དྲུག་ཡོད་ལ། དེའི་སུམ་ཆ་ལྟེ་བར་བྱས་པའི་དབུས་ན་ཤམ་བྷ་ལའི་མིང་ཅན་ཀ་ལཱ་པའི་གྲོང་ཁྱེར་ཡོད་པ་གང་ཞིག །དེའི་འཁོར་ཡུག་ཕྱི་མའི་བྱང་ན་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་དང་ལྡན་པའི་མཚོ་མ་དྲོས་པ་ཡོད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། སི་ཏ་སེང་གེའི་ཁ་ནས་ནི། །རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ། ཅེས་པར་དངོས་འགལ་ཁས་བླངས་སོ། །ཤམ་བྷ་ལ་ལ་སོགས་པའི་ཚད་དེ་དག་ཀྱང་རྒྱུད་ཀྱི་རྒྱལ་པོ་ལས་ཇི་སྐད་དུ། །ཆང་དང་ལན་ཚྭའི་དབུས་སུ་ཞེས་སོགས་གོང་དུ་དྲངས་མ་ཐག་པའི་ལུང་གི་གསལ་བར་བསྟན་ཅིང་། ཁྱད་པར་དུ་ལྟེ་བ་ཀཻ་ལ་ཤའི་ཚད་ནི་ཇི་སྐད་དུ། དཔག་ཚད་བརྒྱ་ལ་མངའ་ཡིས་བསྒྱུར་བའི་ཚད་དང་ལྡན་པའི་རི་ཡིས་ཕྱོགས་བཞི་རྣམས་ནི་བསྐོར་བ་ཡི། །ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི། ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ཞེས་ལྟེ་བའི་ཚད་གསལ་བར་གསུངས་ཤིང་། དེའི་སུམ་འགྱུར་ཕྱི་རོལ་གྱི་འདབ་མ་བརྒྱད་པོའི་འཁོར་ཡུག་ལ་ཡོད་པར་གསུངས་པས་ཚད་ཤེས་པར་འགྱུར་ཏེ། ས་ལ་ཀཻ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པའི་ཀུན་ནས་སུམ་ཆ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁྱེད་ཅག་གིས་ཤམ་བྷ་ལ་ཞེས་པ་ཡུལ་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ཀྱི་མིང་ཡིན་པར་འཁྲུལ་བ་དེ་ནི་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། ཤམ་བྷ་ལའི་ཡུལ་ལ་སོགས་པ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཀ་ལཱ་པའི་གྲོང་ཁྱེར་གཅིག་པུའི་མིང་ཡིན་ནོ། །གལ་ཏེ་རྩ་པའི་རྟགས་གཉིས་པོ་མ་གྲུབ་པོ་ཞེ་ན། ཨུ་རྒྱན་ཛཱ་ལན་དྷ་ར་དང་། །གངས་ཅན་དེ་བི་ཀོ་ཊ་སོགས། །ཀླ་ཀློ་བླུན་པོ་མུ་སྟེགས་བྱེད། །འབྲོག་པ་རྣམས་ཀྱིས་གང་མོད་ཀྱི། །དེ་དག་རྫུ་འཕྲུལ་ཐོབ་བམ་ཅི། །ཞེས་བརྗོད་ན་མཁས་པ་ཆེན་པོ་ལ་གསུང་རྒྱུ་ཅི་ཡང་མེད་དོ། །བཞི་པ་ལུང་དོན་མ་ཤེས་པ་ནི། དུས་ཀྱི་འཁོར་ལོ་ལས། རི་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་དང་། ཤམ་བྷ་ལའི་འཁོར་ཡུག་ལ་གངས་ཅན་དུ་བཤད་པ་གཉིས་གཅིག་ཏུ་འཁྲུལ་བས་ལུང་གི་དོན་མ་ཤེས་པར་ཟད་དོ། །ཡང་། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཞེས་བྱ་བ་ལ་སོགས་པ་ཡང་མི་རིགས་ཏེ། དུས་ཀྱི་འཁོར་ལོ་ལས་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་གྲགས་པ་ཉིད་ལྷའི་དབང་པོ་དྲག་པོ་འཁོར་ལོ་ཅན་དུ་གྱུར་ནས་ཀླ་ཀློའི་ཡུལ་དུ་ཡན་ལག་བཞི་པའི་དམག་འདྲེན་པས་གསུངས་ཀྱི་ཀླ་ཀློས་ཤམ་བྷ་ལར་དམག་འདྲེན་བར་གསུངས་པ་དང་། དེ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དྲག་པོས་འཇོམས་པར་བཤད་པ་མེད་པའི་ཕྱིར། དེ་འཇམ་དབྱངས་གྲགས་པའི་སྐྱེ་བ་ཡིན་པ་ཡང་མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ལས་གསུངས་པ། རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་སྦྱིན་དང་ལྷ་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །གྲགས་པ་པད་དཀར་རིམ་པས་སོ། །འདས་པའི་རྒྱལ་པོ་ཉི་མའི་འོད་དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་དང་། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །རྨུགས་བྱེད་ཁེངས་བྱེད་རིམ་བས་ཏེ། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང་། །འཇིག་རྟེན་མགོན་པོ་གོ་རིམ་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ལས་འབྱུང་བར་འགྱུར། །གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོངས་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་སོ། །དེའི་ཕྱིར་འདི་ན་འཇམ་དབྱངས་ཀྱིས་འཇམ་དབྱངས་ངོ་མ་མཁྱེན་པར་འདུག་གོ །རིགས་ལྡན་དྲག་པོ་འཁོར་ལོ་ཅན་འབྱུང་བའི་དུས་གསུངས་པ། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིག་ལྡན་འབྱུང་བར་འགྱུར། །དམ་པ་རྣམས་ལ་ཞི་བའི་གཟུགས་ཀྱིས་བདེ་བ་སྟེར་ཞིང་དེ་བཞིན་ཀླ་ཀློའི་རིགས་ལ་མཐར་བྱེད་ཉིད། །རྡོ་ཡི་རྟ་བཅིབས་འཁོར་ལོ་ཅན་ནི་ཕྱག་ན་མདུང་ཐུང་མཐའ་དག་དགྲ་ལ་བསྣུན་བྱེད་ཉི་མའི་གཟི། །རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་པའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་གསུངས་སོ། །ཡང་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་ཡུལ་དུ་དམག་འདྲེན་པའི་ཚུལ་གསུངས་པ། །ཀླ་ཀློའི་དབང་པོ་གདུག་པ་ཇི་སྙེད་པ་དང་ཇི་སྙེད་ལྷ་མཆོག་གིས་བཏུད་དྲག་པོའི་རིགས་ལྡན་ཡང་། །དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར། །གཡུལ་དུ་ཀླ་ཀློ་དག་ལ་མཐའ་དག་ས་ཡི་སྟེང་དུ་བསྣུན་བྱེད་འཁོར་ལོས་བསྒྱུར་བ་རང་གི་དཔུང་། །ཡན་ལག་བཞི་ལྡན་ཀཻ་ལ་ཤ་ཡི་རི་བོ་ལྷ་ཡི་བཀོད་པའི་གྲོང་ནས་དུས་མཐར་འབྱུང་བར་འགྱུར། །དྲག་པོ་གདོང་དྲུག་ཚོགས་ཀྱི་དབང་པོ་འཕྲོག་བྱེད་རྣམས་ཀྱང་རིགས་ལྡན་ལ་ནི་གྲོགས་དག་སྦྱིན་འགྱུར་ཏེ། །རྡོ་རྟ་གླང་པོའི་དབང་པོ་གསེར་གྱི་ཤིང་རྟ་མི་བདག་དཔའ་བོ་ཕྱག་ན་མཚོན་ལྡན་རྣམས་ཀྱང་ངོ་། །ཞེས་གསུངས་སོ། །ཡན་ལག་བཞི་པའི་དམག་གི་ཚད་གསུངས་པ། རྡོ་ཡི་རྟ་ནི་རླུང་གི་ཤུགས་ཅན་ཡོན་ཏན་གྱིས་བསྒྱུར་ཡོན་ཏན་བྱེ་བ་ཁ་དོག་སྣ་ཚོགས་པ། །ཆང་གིས་དྲེགས་པའི་གླང་ཆེན་རིགས་བྱེད་ཅེས་པའི་འབུམ་ཕྲག་གྲངས་དང་ཤིང་རྟ་འབུམ་ཕྲག་འབྱུང་བ་དང་། །ཨཱཀྵཽ་ཧི་ནི་དྲུག་དང་མི་ཡི་དབང་པོ་ཅོད་པཎ་བཅིངས་པའི་རིགས་ནི་རོ་དང་དགུ་བཅུ་སྟེ། །རིགས་ལྡན་ཁྱབ་འཇུག་དྲག་པོ་དག་དང་བཅས་པ་སྡེ་འདི་དག་གིས་ཀླ་ཀློ་བརླག་པར་བྱེད་པར་འགྱུར། ཞེས་གསུངས། །ཡང་གཡུལ་སྤྲད་ནས་གཡུལ་ལས་རྒྱལ་བའི་ཚུལ་ཡང་གསུངས་པ། མཆོག་ཏུ་ཚ་བའི་དཔའ་བོ་རྣམས་ཀྱིས་ཀླ་ཀློའི་ཚོགས་ལ་བསྣུན་ཞིང་གླང་པོའི་དབང་པོས་གླང་པོ་ལ། །རྡོ་ཡི་རྟ་ཡིས་རྟ་རྣམས་ལ་སྟེ་མཉམ་དང་མི་མཉམ་གཡུལ་དུ་ས་སྐྱོང་རྣམས་ཀྱིས་ས་སྐྱོང་ལ། རྟ་ལ་གནས་པ་ཟླ་བ་ཆེན་པོའི་བུ་ལ་ཧ་ནུ་མན་གྱིས་མཚོན་ཆ་ཆེན་པོ་བསྣུན་པར་འགྱུར། དྲག་པོས་ཀླ་ཀློའི་དབང་མགོན་ལ་སྟེ་ལྷ་མིན་ཀུན་བདག་བྱེད་པའི་བློ་ལ་རིགས་ལྡན་དྲག་པོ་ཡིས། །ཞེས་གསུངས་སོ། །ཀླ་ཀློའི་ཚོགས་བཅོམ་ནས་རང་གནས་སུ་ལོག་པའི་ཚུལ་གསུངས་པ། དཔུང་ནི་ཐམས་ཅད་དག་གིས་གཡུལ་དུ་ཀླ་ཀློ་བཅོམ་ནས་ཁྱབ་འཇུག་དྲག་པོ་དང་བཅས་རིགས་ལྡན་ནི། །ཀཻ་ལ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ཁྱེར་གང་དུ་འཁོར་ལོ་ཅན་དག་གནས་པར་འགྲོ། །ཞེས་གསུངས་སོ། །དེ་ནས་སླར་ཡང་རྫོགས་ལྡན་དུ་གྱུར་པའི་ཚུལ་གསུངས་པ། དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་རྣམས་རྫོགས། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ཤིང་རྣམས་འབྲས་བུ་བརྟན་པོས་བདུད་པ་དེ་རྣམས་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེས་ན་འདིར་ཁོ་བོས་ལུང་སྦྱོར་དང་བཅས་ཏེ་སྤྲོས་ནས་བཤད་པ་ནི་འདིའི་ནང་མཚང་རིག་ནས་དེ་གཞན་ལ་བསྟན་པའི་ཕྱིར་བཤད་པ་ཡིན་ལ། འདིའི་རྣམ་བཤད་བྱེད་པ་པོ་འདིས་ཀྱང་བསྟན་བཅོས་འདི་ལ་རྗེས་སུ་ཡིད་མ་རངས་ནས་གཞུང་འདིའི་འབྲུ་འདི་ལྟར་དུ་བྱེད་ཏེ། སྙིགས་མའི་དུས་རྟགས་ཙམ་འཛིན་པར་གྱུར་པ་ན། ཧོར་ཡུལ་གྱི་བྱང་ཕྱོགས་ངག་སྦྱིན་ཞེས་བྱ་བར་ལྷ་མ་ཡིན་གྱི་སྤྲུལ་པ་ཀླ་ཀློའི་རྒྱལ་པོ་སྟོབས་ཅན་ཞིག་བྱུང་སྟེ། ཡུལ་དབུས་དང་བོད་རྣམས་འཇོམས་ཤིང་འཛམ་གླིང་ཆུང་ངུའི་ཕྱེད་དབང་དུ་བསྡུས་ཏེ། འཁོར་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་ཡོད་པས་སྟོབས་ཀྱིས་དྲེགས་ནས་ཤམ་བྷ་ལར་དམག་འདྲེན་པར་རྩོམ་མོ། །ཞེས་དང་། དེའི་ཚེ་འཇམ་དཔལ་གྱི་སྤྲུལ་པ་དྲག་པོ་འཁོར་ལོ་ཅན་ཞེས་བྱ་བའི་རྒྱལ་པོ་སོགས་སོ། །ཞེས་སྨྲས་ནས། དམག་འདྲེན་འགྱུར་དང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འཇམ་དཔལ་གྱི་སྤྲུལ་པར་བསྒྱུར་ནས་སྨྲ་དགོས་བྱུང་བ་ཡིན་ནོ། །ལེགས་པར་བཤད་པ་གསེར་གྱི་ཐུབ་མ་མཛད་པ་པོས་ཀྱང་། དྲག་པོ་འཁོར་ལོ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པར་མི་རིགས་སོ་སྙམ་དུ་དགོངས་ནས། དེ་ཚེ་འཇམ་དཔལ་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །ཞེས་སྦྱར་རོ། །ཞེས་གཞུང་ལ་གཟོ་བཅོས་མཛད་དོ། །མཁས་པ་ཆེན་པོས་འཁྱོག་པོའི་བཤད་པ་མཛད་པ་ཡང་འདི་ལྟ་སྟེ། ནང་ལུས་ལ་སྦྱོར་བའི་དབང་དུ་བྱས་པ་དེའི་ཚེ། རིགས་ལྡན་དྲག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་བཞག་པས་ཆོག་པ་ཡིན་ཏེ། ཇི་སྐད་དུ་དཔལ་ལྡན་རྒྱུད་ལས། །འཁོར་ལོ་ཅན་ནི་ནང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་དག་རྣམས་ཡན་ལག་བཅུ་གཉིས་འགོག །ཅེས་སོགས་ལུང་དུ་འདྲེན་པར་མཛད་མོད། །དེའི་ཐད་ཀྱི་འགྲེལ་ཆེན་ཏུ། ཕྱི་རོལ་ཏུ་ལེའུ་དང་པོ་ལས་གསུངས་པའི་འཁོར་ལོ་ཅན་གང་ཡིན་པ་དེ་ནི་ལུས་ལ་རྡོ་རྗེ་ཅན་ཏེ་ཐུགས་རྡོ་རྗེའོ། །ཞེས་པའི་དོན་ཏོ། ཞེས་གསུངས་པས། །རྡོ་རྗེ་ཅན་ནི་ཐུགས་རྡོ་རྗེའི་དོན་དུ་གསུངས་ཀྱི་ཕྱག་ན་རྡོ་རྗེའི་དོན་དུ་གསུངས་པ་མེད་པའི་ཕྱིར་རོ། །ཡང་། གླང་པོ་རྣམས་ཀྱང་དེ་ན་མེད། །དེ་བཞིན་འཛམ་བུའི་ལྗོན་པ་དང་། །གསེར་གྱི་བྱ་སྐྱིབས་ག་ལ་ཡོད། །ཞེས་གསུངས་པ། །འདི་ཡང་རྟག་པ་འཛིན་པའི་སྐྱེ་བོ་རྣམས་དགའ་བར་བྱེད་པའི་གསུང་སྟེ། འདུས་བྱས་མི་རྟག་པར་རྟོགས་པ་རྣམས་ལ་ནི་གསུང་འདི་ཚད་མ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་བོད་ཀྱི་རྒྱལ་རབས་ཁུངས་བཙུན་པ་རྣམས་ནས་བོད་འདི་ན་དང་པོར་མཚོ་ཆེན་པོས་གང་བ་དང་། དེའི་རྗེས་སུ་ནགས་ཚལ་ཆེན་པོས་གང་བར་བཤད་པ་ཡང་ད་ལྟ་མེད་པའི་ཕྱིར་དང་། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་ཕོ་བྲང་དམར་པོ་རི་ཞེས་བྱ་བ་སྲིན་པོ་ལངྐ་བུ་རིའི་གྲོང་ཁྱེར་ལྟ་བུ་མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པར་བཤད་པ་དང་། བལ་བཟའ་ཁྲི་བཙན་དང་། རྒྱ་ཟ་དབང་ཇོ་དང་། བློན་པོ་འགར་རིག་པ་ཅན་དང་། ཐོན་མི་སམ་བྷོ་ཊ་ལ་སོགས་པ་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ད་ལྟ་གང་ཡང་མེད་པའི་ཕྱིར། སྔར་ཡོད་པ་ཐམས་ཅད་ད་ལྟ་ཡོད་མ་དགོས་སོ། །དཔེ་དང་གཏན་ཚིགས་དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་མངོན་པའི་མདོ་གསུང་པའི་དུས་ཀྱི་གླང་པོ་ཆེ་ས་བསྲུངས་འཁོར་ལྔ་བརྒྱ་དང་བཅས་པ་ད་ལྟ་མ་ཤི་བར་ཡོད་པར་ཞལ་གྱིས་བཞེས་ན་ནི་དེ་རྣམས་རིག་འཛིན་ཐོབ་པར་ཞལ་གྱིས་བཞེས་པར་མཛོད་ཅིག་དང་། དེ་ནས་ཁོ་བོས་ལན་གདབ་པར་བྱའོ། །ཡང་མངོན་པ་ལས་ཀྱང་འདི་སྐད་གསུངས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་སོགས་མཚན་ཉིད་རྒྱས་པར་གསུངས། དེར་ནི་རྫུ་འཕྲུལ་མི་ལྡན་པས། བགྲོད་པར་བྱ་བ་མིན་ཞེས་བཤད། ད་ལྟའི་ཏི་སེ་འདི་ལ་ནི། མཚན་ཉིད་དེ་དག་གང་ཡང་མེད། ཅེས་གསུངས་ལ། འདིའི་རྣམ་བཤད་བྱེད་པ་པོ་རྣམས་ཀྱིས་འདི་སྐད་ཅེས་ཡི་གེར་བྲིས་ཏེ། གཉིས་པ་མངོན་པའི་ལུང་དང་འགལ་བ་ནི། མངོན་པ་ལས་ཞེས་སོགས་བཅུ་སྟེ། ད་ལྟའི་མ་ཕམ་འདི་མ་དྲོས་པར་འདོད་པ་མངོན་པའི་གཞུང་དང་འགལ་ཏེ། མངོན་པ་ལས་ཡུལ་དབུས་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་རི་བོ་གངས་ཅན་ཡོད་ལ། དེ་ནས་རི་སྤོས་ངད་ལྡན་པ་ཡོད་པའི་ཚུ་རོལ་དཔག་ཚད་བཅུ་འོངས་པ་ན། མཚོ་མ་དྲོས་པ་ཆུ་ཞེང་དང་ཟབས་སུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པ། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཡོད་ལ། དེའི་གཡས་རོལ་ན་ཤིང་འཛམ་བུ་ཞེས་བྱ་བ་འབྲས་བུ་རྫ་མ་ཙམ་རོ་སྦྲང་རྩི་འདྲ་བ་ཆུ་ནང་དུ་ལྷུང་བ་ཉ་རྣམས་ཀྱིས་ཟོས་པའི་ལྷག་མ་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་བ་ཡོད་དོ། །ཅེས་སོགས་ཀྱི་མཚན་ཉིད་རྒྱས་པར་གསུངས་པའི་ཕྱིར་དང་། །མཛོད་འགྲེལ་ལས། དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །ཞེས་བཤད་ཅིང་། ད་ལྟའི་ཏི་སེ་སོགས་སོ་ཞེས་ཟེར་རོ། །ཐོག་མར་ཁྱེད་ཉིད་ལ་འདི་དྲི་བར་བྱ་སྟེ། ཡུལ་དབུས་འདི་ནས་རི་ནག་པོ་དགུ་འདས་ཞེས་གསུངས་པའི་རི་དང་པོ་ཡུལ་གང་ན་ཡོད། །དབྱིབས་དང་ཚད་ཇི་ལྟ་བུ། དེ་བཞིན་དུ་རི་གཉིས་པ་ནས་དགུ་པའི་བར་ཡུལ་འདི་ན་ཡོད་དང་དབྱིབས་དང་བར་ཐག་གི་ཚད་འདི་ལྟར་ཡོད་གསུངས་ཤིག །དེ་ངོས་མ་ཟིན་ན་དེ་འདས་པའི་ཕ་རོལ་ཡང་ངོས་མི་ཟིན་ལ། །དེ་ངོས་མ་ཟིན་ན་གངས་ཅན་དང་མ་དྲོས་པ་དང་སྤོས་ངད་ལྡན་པའི་རི་ཡང་ངོས་མི་ཟིན་པས་ཐོག་མར་རི་ནག་པོ་དགུ་པོའི་ངོ་བོ་འདི་ཡིན་གསུངས་ཤིག །དེ་ནས་གངས་ཅན་ལ་སོགས་པ་ཡང་ངོས་ཟིན་པར་འགྱུར་རོ། །ཡུལ་དབུས་འདི་ནས་ཞེས་པ་ཡང་གཞུང་གི་དོན་མ་ཡིན་ཏེ། །འདིའི་ཐད་ཀྱི་མཛོད་ཀྱི་རང་འགྲེལ་ལས། འཛམ་བུའི་གླིང་འདིའི་བྱང་ཕྱོགས་འཛམ་བུའི་གླིང་འདི་ན་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །གངས་རི་དེའི་ཕ་རོལ་རི་སྤོས་ཀྱི་ངད་དང་ལྡན་པའི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་གང་ལས་ཆུ་བོ་ཆེན་པོ་གངྒ་དང་། སིན་དྷུ་དང་། སི་ཏ་དང་། པ་ཀྵཱུ་འབབ་པ་པ་ཡོད་དོ། །དེའི་སྟེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་ལ། །ཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་ཏེ། །ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ་། །དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །ཞེས་གསུངས་པས། །ཡུལ་དེར་རྫུ་འཕྲུལ་དང་མི་ལྡན་བས་དཀའ་བ་ཙམ་དུ་བཤད་ཀྱིས་བགྲོད་མི་ནུས་པར་བཤད་པ་ནི་མེད་དོ། །དེས་ན་བགྲོད་དཀའ་བ་ཡང་འཕགས་ཡུལ་བ་རྣམས་ཀྱིས་བགྲོད་དཀའ་བ་ལ་དགོངས་ཀྱི་བོད་པས་བགྲོད་དཀའ་བ་ནི་མ་ཡིན་ནོ། །དཔེར་ན་བོད་ནས་འཕགས་པའི་ཡུལ་དུ་བགྲོད་པར་དཀའ་ཡང་སྐྱེ་བོ་འགའ་ཞིག་གིས་བགྲོས་ནུས་པ་བཞིན་ནོ། །གཞན་ཡང་ད་ལྟའི་ཏི་སེ་འདི་ཉིད་ཀྱང་ཏི་སེ་མ་ཡིན་པར་འགྱུར་ཏེ། དྲན་པ་ཉེ་བར་བཞག་བའི་མདོ་ལས་གསུངས་པའི་ཏི་སེའི་མཚན་ཉིད་དེ་དང་མི་ལྡན་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་དམ་བའི་ཆོས་དྲན་པ་ཉེ་བར་བཞག་པ་ལས། བྱང་ཕྱོགས་ཀྱི་ཆ་ན་རེའི་རིགས་གང་དག་ཡོད་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་གངས་ཅན་ཞེས་བྱ་བའི་རི་རྩེ་མོ་རྣམ་པ་སྣ་ཚོགས་པ་དང་ལྡན་པ་དང་། དཔག་ཚད་སྟོང་ཡིན་ཏེ་ཤིང་ལོ་ཕྲན་དང་ལྡན་པ་དང་། ཤིང་ཤུག་པས་གང་བ་དང་སྤ་མས་གང་བ་དང་། སཱ་ལ་དང་ཏ་ལཱ་དང་ཏ་མ་ལཱ་རྣམས་ཀྱིས་གང་བར་གྱུར་པ་དང་། མི་འམ་ཅི་དང་གནོད་སྦྱིན་རྣམས་རྒྱུ་བར་གྱུར་པ་དང་། ཤ་ཟ་དང་གནོད་སྦྱིན་དང་ལྡན་པ་ཡིན་ཞིང་རི་དེ་ནི་ཤིན་ཏུ་ཉམས་དགའ་བ་ཡིན་ཏེ། དཀའ་ཐུབ་ཅན་རྣམས་རྒྱུ་བར་གྱུར་པ་གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་གང་བ་ཡིན་ནོ། །འབབ་ཆུ་དང་ཆུ་ཀླུང་དང་ར་བ་དང་། མཆོག་ཏུ་དངར་བ་རྣམས་ལ་ཀླུ་སྟོབས་ཆེན་པོ་རྣམས་ཀྱིས་གང་བ་དང་རིགས་དམའ་བའི་མི་མང་བ་ཡིན་ནོ། །གཞན་ཡང་རྣམ་པར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་གི་བྱང་ཕྱོགས་ན་རིའམ་ཆུ་ཀླུང་གི་རིགས་སམ་རྒྱ་མཚོའི་རིགས་ཅི་དག་ཡོད་པ་ཡིན་ནོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གངས་ཅན་གྱི་རི་ནས་དཔག་ཚད་ལྔ་བརྒྱ་ན་ཤིང་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་པ། དགའ་བར་གྱུར་པའི་རི་དྭགས་དང་བྱའི་ཚོགས་ཀྱིས་ལེགས་པར་གང་བ་ཤུག་པ་དང་། ལྷ་ཤིང་དང་། ཏ་མ་རུ་དང་། ཀུ་མུ་མ་ཀ་དང་། རི་ར་ཥར་ཀ་རྣམས་ཀྱིས་གང་བར་གྱུར་པའི་རི་གཞན་ཟངས་ཀྱི་མདོག་ཅན་བྱ་བ་དཔག་ཚད་ཉི་ཤུ་པ་སྟེ། ཕུག་སྟོང་དང་ཡང་དག་པར་ལྡན་པ་ཡིན་ནོ། །དེ་ལས་རིང་དུ་འདས་པར་གྱུར་པ་ནས་བར་དཔག་ཚད་བརྒྱ་ཐམ་པར་ཡང་ཆུ་ཀླུང་གིས་ཡོངས་སུ་བསྐོར་བ་ཡིན་གྱིས། དེ་ན་རྩ་དང་གེལ་པ་དང་འཁྲིལ་ཤིང་ཡང་མེད་ལ། སྨན་དང་ནགས་ཚལ་རྣམས་ནི་གཅིག་ཀྱང་མི་འཕེལ་ལོ། །དེ་ལས་རིང་དུ་འདས་པའི་བར་ན་ཏི་སེ་ཞེས་བྱའི་རི་དཔག་ཚད་ལྔ་བརྒྱ་པར་གྱུར་པ་མདོག་དཀར་བ་དངུལ་གྱི་རང་བཞིན་ལ་གསེར་གྱི་རྭས་ཡོངས་སུ་གང་བ་ཡིན་ཏེ། དེ་ལ་འཕགས་སྐྱེས་པོ་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་སོ། །དེ་ལ་པདྨའི་ཚེའུ་ཡོད་དེ། མཚེའུ་རྣམས་ལས་ནི་ཆུ་ཤིན་ཏུ་བསིལ་བ་འབབ་བོ། །ཨུཏྤ་ལ་སྔོན་པོ་ཡང་རབ་ཏུ་ཕལ་ཆེ་བ་ཡིན་ཏེ། པདྨའི་རྫིང་བུ་རྣམས་ན་ཡང་ངང་པ་དང་། ཀ་རནྡ་བ་དང་། ཙ་ཀྲ་བཱ་ཀ་རྣམས་ཀྱིས་གང་བ་ཡིན་ནོ། །དེ་ལས་འདས་པར་གྱུར་པ་ན་ཏི་སེའི་རྭ་ཞེས་བྱ་བའི་རི་དཔག་ཚད་ལྔ་པ་ཡོད་དོ། །དེའི་ཤིང་ལྗོན་པ་རྣམས་ལ་མིའམ་ཅི་རྩེ་དགའ་བར་བྱེད་དེ། མཆོག་ཏུ་གླུ་ལ་མངོན་པར་དགའ་བས་རབ་ཏུ་དགའ་བ་ཡིན་ནོ། །དེའི་རྭ་ལྔ་ཡོད་པ་ལས་གསེར་དང་། ཤེལ་དང་། གསུམ་ནི་དངུལ་གྱི་རང་བཞིན་ཡིན་ནོ། །ཕྱོགས་བཅུར་ལྷའི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། །རི་དེའི་ཉེ་འཁོར་རྣམས་སུ་པདྨས་ཁྱབ་པས་དེ་ནི་མཆོག་ཏུ་དྲི་ཞིམ་ཞིང་དགའ་བ་ཡིན་ནོ། །རི་དེའི་ཁྲོད་ལས་ནི་འབབ་ཆུ་རབ་ཏུ་འབབ་པ་ཡིན་ཏེ། །རབ་ཏུ་དང་བར་གྱུར་པའི་ཆུ་ལ་ངང་པ་དང་། ཀ་རནྡ་བ་དང་། ངང་ངུར་གྱི་ཚོགས་ཀྱིས་གང་བར་གྱུར་པ་མཆོག་ཏུ་དགའ་བ་ཡིན་ནོ། །ཞེས་ཏི་སེ་དཔག་ཚད་ལྔ་བརྒྱ་དང་། ཏི་སེའི་རྭ་དཔག་ཚད་ལྔ་ཡོད་པའི་བར་གྱི་ཐག་དང་བཅས་པ་དང་། རྭ་ལྔ་པོ་སོ་སོའི་རྒྱུ་ཡང་དང་པོ་གཉིས་གསེར་དང་ཤེལ། ལྷག་མ་གསུམ་དངུལ་ལས་གྲུབ་པར་གསུངས་ལ། ད་ལྟའི་ཏི་སེ་འདི་ལ་མཚན་ཉིད་དེ་དང་མི་ལྡན་པའི་ཕྱིར་དང་། ཁྱད་པར་དུ་གངས་ཅན་དཔག་ཚད་སྟོང་དང་། དེའི་བྱང་ན་ཟངས་ཀྱི་མདོག་ལྟ་བུའི་རི་དང་། དེའི་བྱང་ན་ཏི་སེ་ཡོད་པར་གསུངས་པས་ཀྱང་མདོ་ནས་གསུངས་པའི་གངས་ཅན་དང་ཤམ་བྷ་ལའི་གངས་ཅན་དོན་མི་གཅིག་ལ། མདོ་འདིར་ཡུལ་སོ་སོའི་རྒྱ་ཚད་གསལ་བར་གསུངས་ཀྱང་བོད་ཀྱི་རྒྱ་ཚད་མ་གསུངས་པས་ཀྱང་གང་ཅན་དཔག་ཚད་སྟོང་དུ་གསུངས་པ་འདི་བོད་ཀྱི་ཚད་ཡིན་པ་དང་། གངས་ཅན་དུ་རིགས་དམའ་བའི་མི་མང་བར་གསུངས་པ་ཡང་བོད་གངས་ཅན་པ་རྣམས་ལ་དགོངས་པར་གདོན་མི་ཟའོ། །གཞན་རྩོད་དུས་ཀྱི་ཐོག་མར་སྐྱབས་སེང་གི་བུ་དང་སྒྲ་ངན་དཔུང་ཚོགས་བཅོ་བརྒྱད་ཐབས་པའི་ཚེ། རཱུ་པ་ཏི་དཔུང་ཚོགས་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་ཀྱིས་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་པ་ལས་རིགས་འཕེལ་བ་བོད་ཡིན་པར་སློབ་དཔོན་ཤེས་རབ་གོ་ཆས་བཤད་པ་དང་ཡང་འགྲིག་པར་སྣང་ངོ་། །ཡང་། མུ་སྟེགས་བྱེད་པའི་གཞུང་ལས་ཀྱང་། ཤར་ནུབ་གཉིས་ཀྱི་རྒྱ་མཚོའི་བར། །གངས་ཅན་གྱིས་ནི་ཁྱབ་པར་བཤད། །ཧ་ནུ་མ་དྷས་འཕངས་པ་ཡི། །གངས་རིའི་དུམ་བུ་འཚར་བ་ཞིག །ཏི་སེ་ཡིན་ཞེས་གྲོག་མཁར་སྨྲ། །དེས་ན་དབང་ཕྱུག་ཆེན་པོའི་གནས། །ས་བསྲུངས་བུ་ཡིས་བརྟེན་པའི་ས། །དགྲ་བཅོ་ལྔ་བརྒྱ་བཞུགས་པའི་གནས། །ད་ལྟའི་ཏི་སེ་འདི་མ་ཡིན། །ཞེས་གསུངས་ལ། དེའི་རྣམ་བཤད་བྱེད་པ་ཁ་ཅིག་གིས་ཀྱང་འདི་སྐད་ཅེས་ཡི་གེར་བྲིས་ཏེ། རྒྱས་པའི་བསྟན་བཅོས་གཞོན་ནུ་འབྱུང་བ་དང་། བྷ་ར་ཏ་ཀ་ལས། གླིང་འདིའི་ཤར་ནུབ་གཉིས་ཀྱི་རྒྱ་མཚོ་ལ་ཐུག་གི་བར་རི་བོ་གངས་ཅན་གྱི་ཁྱབ་པར་བཤད་པ་དང་། སྔོན་རྒྱལ་པོ་ཤིང་རྟ་བཅུ་བའི་བུ་དགའ་བྱེད་ཀྱི་ཆུང་མ་རོལ་རྙེད་མ་ལང་ཀ་མགྲིན་བཅུས་ཕྲོགས་ནས་དེ་ལ་དམག་དྲངས་ཏེ་སྲིན་པོ་ཕལ་ཆེར་བསད་པའི་ཚེ་མགྲིན་བཅུའི་སྤུན་ཟླ་བསམ་གཏན་བསྒོམ་པ་ཞིག་གིས་རླུང་དྲག་པོ་རྔུབས་པས། དགའ་བྱེད་དང་ཧ་ནུ་མ་དྷ་མ་གཏོགས་དམག་དཔུང་ཐམས་ཅད་ཀེང་རུས་སུ་སོང་ནས་དེ་གསོ་བའི་ཕྱིར་རི་བོ་གངས་ཅན་བླངས་ནས་དེ་ལ་ཡོད་པའི་བདུད་རྩི་གཏོར་བས་གསོས་པར་གྱུར་ཏེ། སྤྲེའུ་ཧ་ནུ་མ་དྷས་སླར་ཡང་གངས་རི་རང་གནས་སུ་འཕངས་པའི་དུམ་བུ་ལམ་དུ་འཚར་བ་དེ་ཏི་སེ་ཡིན་ཞེས་གྲོག་མཁར་སྨྲ་བ་དེས་ན། ཕྱི་ནང་གང་གིས་ལུགས་ལ་ཡང་དབང་ཕྱུག་ཆེན་པོའི་གནས་སོགས་སོ། །གླང་པོ་ཆེ་ས་བསྲུངས་ཀྱི་བུས་བསྟེན་པ་ནི་འདུལ་བ་ལུང་ལས་བཤད་ལ། གདགས་པ་ལས་ནི་རབ་བརྟན་གྱིས་བསྟན་པར་བཤད་དོ་ཞེས་ཟེར་རོ། །སྐབས་འདིར་ཁྱེད་ཅག་ཕྱི་རོལ་པའི་ལུང་ཚད་མར་བྱེད་ན་ནི་འཕགས་པའི་ཡུལ་དུ་འབབ་པའི་ཆུ་བོ་གངྒཱ་འམ་སྐལ་ལྡན་ཤིང་རྟ་ཞེས་པ་དེ་ཏི་སེ་ནས་འབབ་པར་ཕྱི་རོལ་པ་རྣམས་ཀྱང་འདོད་ཏེ། ཇི་སྐད་དུ་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། བདག་ཉིད་ཆེན་པོ་དུག་ཅན་པའི། ཞེས་བྱ་བ་ལ་སོགས་པའི་གཏམ་རྒྱུད་དུ། །རླུང་འཐོབ་དང་སར་ལྡན་ལ་སོགས་པའི་འཕྲོས་ལས་དེ་ནས་འཆོལ་བར་རྒྱལ་པོར་འགུར་ཏེ། དེའི་བུ་མྱུར་བ་ཞེས་བྱ་བ་རྒྱལ་སྲིད་ལ་དབང་བསྐུར་བ་དང་། ཇི་ལྟར་བདག་གི་ཁུ་བོ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་སོ་ཞེས་ཐོས་ཀྱི་དེ་རྣམས་ཀྱི་དོན་བྱ་བ་དུག་ཅན་པའམ་བདག་གི་ཕ་འཚོལ་བས་ཅི་ཡང་མ་བྱས་ཀྱི། ད་ངས་དེའི་དགོས་པ་བྱའོ་སྙམ་ནས་གངྒ་དབབ་པར་བྱ་བའི་ཕྱིར་ལྷའི་ལོ་གསུམ་ཁྲིའི་བར་དུ་དེ་བཞིན་དུ་དཀའ་ཐུབ་སྤྱད་ཀྱང་གངྒཱ་དབབ་པར་མ་ནུས་སོ། །དེ་འདས་པར་གྱུར་བ་དང་དེའི་བུ་བྷ་གོ་ར་ཐས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང་། དེའི་དེ་ལ་མཆོག་བྱིན་པ་ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གངྒཱ་དབབ་པར་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས་ཚངས་པས་ཀྱང་གངྒཱ་ལ་མིའི་ཡུལ་དུ་འབབ་པར་གྱིས་ཤིག་ཅེས་སྨྲས་བ་དང་། དེ་ནི་ཤིན་ཏུ་སྨེ་སྔགས་འདོན་ཏེ། ཇི་ལྟར་ང་དེར་སོང་ན་འཐུང་དུ་གྱུར་ཅིང་རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བརྟེན་པའི་འགྱུར་བའི་གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་བཀའ་ལས་འདའ་བར་བྱ་བ་ཡང་རིགས་པ་མ་ཡིན་ནོ། །འོན་ཀྱང་ཤུགས་ཆེན་པོས་སོང་ལ་ས་འོད་ཉིད་དུ་ཞུགས་པར་བྱའོ་སྙམ་པ་དང་། ཅི་ཁྱོད་ཀྱིས་མིའི་འཇིགས་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་ཏུ་འབབ་པར་བྱེད་དམ་ཞེས་དེ་ཚར་བཅད་ནས། མ་ཧཱ་དེ་བས་རང་གི་རལ་པའི་ཚོགས་ཀྱི་ནང་དུ་བཞག་པར་གྱུར་ཏོ། །དེ་ཡང་དེ་ནས་བྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང་འཁྱམས་ཀྱང་རལ་བ་དེའི་མཐའ་རྙེད་པར་མ་གྱུར་ཏོ། །དེ་ནས་ཡང་བྷ་གོ་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོ་ད་དགའ་བར་བྱས་ནས་རལ་པ་བཅིང་བ་དང་རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབས་བར་གྱུར་པ་ལས། སྐད་ཅིག་མ་དེ་ལ་དེར་མཚོ་ཆེན་པོ་ཞིག་ཏུ་གྱུར་ཏེ། དེང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། སི་ཏ་སིན་དྷུ་པཀྵཱུ་དང་། །གངྒཱ་དེ་བཞིན་འཇིག་རྟེན་རྒྱན། །རྒྱལ་དང་ཚིམ་པ་ཉིད་དང་ནི། ན་ལི་ནི་ནི་བདུན་པར་བཤད། །ཅེས་བྱ་བ་ཡིན་ནོ། །ཅི་ཙམ་ན་གངྒཱས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དེ་འདའ་བར་བྱའོ་སྙམ་ནས་དྲེགས་པ་དང་བཅས་པར་རི་ཁ་བ་ཅན་ཕུག་སྟེ། དེའི་ཤུལ་ནས་བདེ་བར་འབབ་པར་གྱུར་ཏོ། །དེ་ཡང་དེ་ཚེ་དྲང་སྲོང་ཆེན་པོ་ཛན་ཧུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཞིག་ཡོད་རི་ཁ་བ་ཅན་གྱི་ཡུལ་ན་རྣལ་འབྱོར་བསྒོམ་པ་བརྩོན་ཞིང་གནས་པར་གྱུར་རོ། །དེས་ཀྱང་དེ་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་དལ་གྱིས་འབབ་པར་མཐོང་བ་དང་། ཤིན་ཏུ་ཁྲོ་པར་གྱུར་པས་སོང་ནས་སྨྲས་པ། ང་ཡི་གནས་དང་ཉེ་བ་འདིར། །བུད་མེད་འོད་ནི་སྒེག་མ་ཡི། །འཛེམ་པ་མེད་པར་ཅི་ཕྱིར་འགྲོ། །སྤྱོད་ན་སྡིག་པ་ཆེན་པོ་ཡིན། །ཞེས་སྨྲས་ཏེ་ནས་འཐུངས་སོ། །ཡང་བྷ་གོར་ཐས་དྲང་སྲོང་དེ་དག་དཀའ་ཐུབ་ཀྱིས་མགུ་བར་བྱས་བ་དང་དེས་རྣ་བ་ནས་བསྐྱུགས་སོ། །དེ་དེ་ནས་བྱུང་ནས་གེགས་མེད་པར་ཕྱོགས་བཞིར་སོང་སྟེ། །ས་འོག་གང་བར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་བའི་གནས་སྐབས་ལྷག་མ་རྣམ་པར་བཀྲུས་ལ། དེས་ཀྱང་དེ་རྣམས་དམྱལ་བ་ལས་འཕོས་ཏེ་མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ། །ཞེས་འདོད་པ་བཀོད་པ་འདི་ཡང་ཚད་མར་ཞལ་གྱིས་བཞེས་པར་མཛོད་ཅིག །དེ་ལྟ་ན་ནི་གཏམ་རྒྱུད་འདི་ལས་འབྱུང་བ་ལྟར་ཛ་ཧུས་བསྐྱུགས་པས་དེའི་བུ་མོ་ཞེས་དང་། མཐོ་རིས་ནས་འབབ་པས་གངྒཱ་ཞེས་དང་། འབེབས་པ་པོའི་མིང་བྷ་གོ་ར་ཐ་ཡིན་པས་ཆུ་བོ་འདིའི་མིང་སྐལ་ལྡན་ཤིང་རྟ་ཞེས་འཕགས་པའི་ཡུལ་ན་རླུང་ལྟར་གྲགས་པ་དང་། ཏི་སེ་དང་རི་ཁ་བ་ཅན་མིང་གི་རྣམ་གྲངས་པར་བཤད་པ་ཡང་ཞལ་གྱིས་བཞེས་པར་མཛད་ན། ཏི་སེ་གངས་ཅན་མ་ཡིན་པ་དང་། མ་ཕམ་མ་དྲོས་མཚོ་མ་ཡིན་པར་རྩོད་པའི་ངལ་བ་འདིས་ཅི་ཞིག་བྱ། གཞན་ཡང་གླིང་འདིའི་ཤར་ནུབ་གཉིས་ཀྱི་རྒྱ་མཚོའི་བར་ཁྱབ་པའི་གངས་ཅན་འདི་ཡིན་ཞེས་ཁྱེད་ཀྱིས་ཀྱང་ངོས་འཛིན་མཛོད་ཅིག །རྣམ་པ་གཅིག་ཏུ་ན། དཔལ་ལྡན་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་བརྒྱ་བརྒྱད་བཅུ་རྩ་གཉིས་པས་ལོ་རྒྱུས་ཀྱི་ཆོས་རྣམ་བརྫུན་པར་གསུངས་པ་འདི་ལྟ་སྟེ། དཔལ་མོ་མཐོར་ཐོས་ལྟ་ཡི་ལྗོན་པོ་གླང་པོའི་བདག་དང་ལྷ་མོ་ཀཽསྟུ་བྷ་དང་ཟླ་བ་དང་། བདུད་རྩི་སྟོབས་ལྡན་རྒྱལ་སྲིད་དུས་སུ་ཆུ་གཏེར་བསྲུབས་ལས་ལྷ་ཡུལ་མཁའ་ལ་གལ་ཏེ་བྱུང་གྱུར་ན། །ཨན་དྷ་ཀ་ཉིད་རྒྱལ་སྲིད་ལ་ནི་ཟླ་བ་མེད་པས་གཟའ་ཚེས་དུས་ཀྱི་ཚོགས་ཀྱང་མེད་པར་འགྱུར། །དེ་ཡང་དབང་ཕྱུག་ཟླ་ཕྱེད་ལ་ཆགས་བསད་བར་གྱུར་ཏེ་སྟོབས་ལྡན་དེ་ནི་དེ་ཡི་ཕྱི་ནས་སོ། །ཞེས་གསུངས་པས་རིགས་པ་འདི་རྣམ་པར་དཔྱད་ན་རྒྱས་པའི་བསྟན་བཅོས་བྷ་ར་ཏ་ཀའི་ལོ་རྒྱུས་རྣམས་མི་བདེན་པར་གསུངས་སོ། །དེ་བཞིན་དུ་དྲི་མ་མེད་པའི་འོད་ལས་ཀྱང་། བཱ་ཤིཥྛ་ལ་སོགས་པའི་དྲང་སྲོང་རྣམས་ལ་ནི་མངོན་པར་ཤེས་པ་ལྔ་མེད་ཏེ། །གང་གི་ཕྱིར་རཱ་མ་ཡ་ཎ་དང་བྷ་ར་ཏ་ཚད་མ་མ་ཡིན་པའི་ཕྱིར་རོ། །འདིར་གྲོག་མཁར་གྱི་ཚིག་རཱ་མཱ་ཡ་ཎི་ལས་ཐོས་པ་བཱ་ཤིཥྛས་བྱིན་པའི་དུས་སྦྱོར་ལ་ལྟ་རཱ་མཱས་ལྷ་མོ་སི་ཏའི་ལག་པ་བཟུང་བར་བྱས་སོ། །བཱ་ཤིཥྛས་བྱིན་པའི་དུས་སྦྱོར་གྱི་དྲིན་གྱིས་རཱ་མཱ་ནི་རྒྱལ་སྲིད་ལས་ཉམས་ཏེ་ནགས་སུ་ཞུགས་ཤིང་སཱི་ཏ་ཡང་རྟག་ཏུ་སྡུག་བསྔལ་དང་ལྡན་ནོ། །དེ་སྐད་དུ་གསུངས་པ། །སྔོན་གྱི་ལས་འབྲས་ལོངས་སྤྱོད་ལ། །གཟའ་དང་རྒྱུ་སྐར་དོན་མེད་ཏེ། །བཱ་ཤིཥྛས་བྱིན་དུས་སྦྱོར་གྱིས། །བསྐྱེད་བྱེད་མ་ནི་སྡུག་བསྔལ་བསྟེན། །ཞེས་སོ། །དེ་བཞིན་དུ་རྒྱས་པའི་ཚིག་བྷ་ར་ཏ་ལས་ཐོས་པ་སྒྲ་ངན་པ་དང་སྐྱ་སེང་གི་བུ་རྣམས་ལས་གང་དག་གནམ་སྟོང་ལ་ཀུ་རུའི་ཞིང་དུ་འཇུག་པར་བྱེད་པ་དེ་རྣམས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་པའི་ཚིག་འདི་ཐོས་ནས་སྐྱབས་སེང་གི་བུ་རྣམས་བཅུ་གསུམ་ལ་རབ་ཏུ་ཞུགས་ཤིང་སྒྲ་ངན་པ་རྣམས་གནམ་སྟོང་ལ་རབ་ཏུ་ཞུགས་ཏེ། །དེ་རྣམས་ལས་གང་དག་བཅུ་གསུམ་ལ་རབ་ཏུ་ཞུགས་པ་དེ་རྣམས་རྣམ་པར་རྒྱལ་བར་གྱུར་ཞིང་གང་དག་གནམ་སྟོང་ལ་རབ་ཏུ་ཞུགས་པ་དེ་རྣམས་བསད་པར་གྱུར་ཏོ། །ཅི་སྟེ་དྲང་སྲོང་གདུག་པས་སྨྲས་པ། འདིར་བྲམ་ཟེའི་ཚིག་གིས་བཅུ་གསུམ་ནི་གནམ་སྟོང་དུ་གྱུར་ཏེ། ཟླ་བ་དང་ཉི་མ་གཅིག་ཏུ་སྦྱོར་བའི་ཕྱིར་རོ། །ཞེ་ན། དེ་ཉིད་ནི་མི་འཐད་དེ། གང་གི་ཕྱིར་ཟླ་བའི་ཆ་བཅོ་ལྔ་ཟད་པ་མེད་པའི་ཕྱིར་རོ། །འདིར་བཅུ་གསུམ་ལ་ཆ་བཅྭོ་ལྔ་ཟད་པར་མི་འགྱུར་ཏེ། གཟའ་གང་དང་སྐར་མ་གང་གིས་བཅུ་གསུམ་པར་གྱུར་པའི་གཟའ་དེ་དང་སྐར་མ་དེས་གང་དུ་ཡང་གནམ་སྟོང་དུ་མི་འགྱུར་རོ། །རྒྱུ་དེའི་ཕྱིར་དེ་རྣམས་ཀྱི་སྐར་རྩིས་ཀྱིས་མངོན་པར་འདོད་པ་སྟེ་མངོན་པར་ཤེས་པ་ལྔ་པོ་རྣམས་ཀྱིས་དོན་ཡང་དག་པར་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སྡིག་པའི་བློ་ཅན་རྣམས་ཀྱིས་ལོ་རྒྱུས་ཀྱི་ཆོས་རྫུན་པ་སྨྲ་བ་འདི་ལྟ་སྟེ། རྒྱལ་པོ་སྟོབས་ལྡན་གྱི་དུས་སུ་འོ་མའི་རྒྱ་མཚོ་བསྲུབས་པ་ལས་རྟ་མ་ཐོར་ཐོས་དང་གླང་བོ་ཆེ་ས་བསྲུངས་དང་། ནོར་བུ་ཀཽ་སྟུ་བྷ་དང་། ཤིང་ཡོངས་འདུ་དང་། ལྷ་མོ་ཨ་བྷ་ས་དང་། དཔལ་མོ་དང་། ཟླ་བ་དང་། བདུད་རྩི་དང་། ནག་པོ་བརྩེགས་པ་རྣམས་བྱུར་བར་གྱུར་ཏོ། །ཞེས་པ་ལོ་རྒྱུས་ཀྱི་ཆོས་ཀྱི་ཚིག་ཏུ་གྲགས་སོ། །གལ་ཏེ་དེ་ལྟར་ཡིན་ན། །ཨན་དྷ་ཀ་ཉིད་ཀྱི་རྒྱལ་སྲིད་ལ་ཚེས་དང་གཟའ་དང་ཟླ་བ་དང་སྐར་མ་དང་དུས་རྣམས་མེད་པར་འགྱུར་ཏེ། ཟླ་བ་དང་ཉི་མ་འཆར་བ་དང་ནུབ་པ་མེད་པའི་ཕྱིར་རོ། །རྒྱ་མཚོར་གནས་པའི་ཟླ་བ་རྒྱུ་སྐར་ལ་ལོངས་སྤྱོད་པ་མེད་པའི་ཕྱིར་ཚེས་གཅིག་ལ་སོགས་པའི་ཆ་འཛིན་པ་མེད་པར་འགྱུར་ཞིང་། །ཉི་མ་དང་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་ཀྱི་འཆར་བ་དང་ནུབ་པ་དང་གཟའ་བདུན་ཡོངས་སུ་ལོངས་སྤྱོད་པ་ཡང་པར་འགྱུར་རོ། །དེ་བཞིན་དུ་ཉི་ར་ནྱ་ཀཱ་ཤྱ་པའི་རྒྱལ་སྲིད་ལ་གཟའ་ལ་སོགས་པ་མེད་པར་འགྱུར་ཏེ། དེའི་རིགས་ལ་དུས་ཀྱི་དབང་གིས་སྟོབས་ལྡན་སྐྱེས་ཤིང་དེ་ནས་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་པས་སོ། །ཅི་སྟེ་ཟླ་བ་འདི་མ་ཡིན་གྱི་དེ་ནི་དབང་ཕྱུག་གི་སྤྱི་བོའི་ཟླ་བའོ་ཞེ་ན། ཚིག་དེ་ཉིད་མི་འཐད་དེ། །ཟླ་བ་དེ་ཉིད་མངོན་པར་འདོད་པས་ཨན་དྷ་ཀ་བསད་པར་འགྱུར་ཏོ། །ནག་པོ་བརྩེགས་པ་བྱུང་བ་དེ་ཉིད་ནི་བདེན་པ་མ་ཡིན་ཏེ། རྒྱལ་པོ་སྟོབས་ལྡན་གྱི་དུས་སུ་ནག་པོ་བརྩེགས་པའི་དུག་ཟོས་པའི་ཕྱིར་སྔར་དབང་ཕྱུག་མགྲིན་སྔོན་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་ས་བསྲུངས་དང་མཐོར་ཐོས་དང་། དཔལ་མོ་དང་ཀཽ་སྟུ་བྷ་དང་བདུད་རྩི་རྣམས་བྱུང་བ་དེ་ཉིད་ནི་བདེན་པ་མ་ཡིན་ཏེ། །གང་གིས་ན་ཨ་དྷ་ཀའི་ཡུལ་ལ་ལྷ་རྣམས་ཐམས་ཅད་རང་གི་མཚན་མ་དང་ར་པ་རང་གི་བཞོན་པ་ལ་གནས་ཞེས་པའོ། །ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ། །དུར་བཱ་པ་ཡིས་དམོད་པ་བཏབ་པས་དབང་པོའི་འབྱོར་པ་རྒྱ་མཚོར་ཞུགས་སོ་ཞེ་ན། །དེ་ཉིད་ནི་བདེན་པ་མ་ཡིན་ཏེ། དབང་པོའི་དམོད་པས་ལྷ་གཞན་རྣམས་ཀྱི་འབྱོར་པ་ཉམས་པར་མི་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་ལོ་རྒྱུས་ཀྱི་ཆོས་ཐམས་ཅད་བརྫུན་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་། རྨ་བྱ་ཆེན་མོའི་མདོ་ལས་ཀྱང་། །གངས་ཅན་ཏི་སེ་ཐ་དད་གསུངས། །ཞེས་དང་། དེའི་རྣམ་བཤད་བྱེད་པ་པོས་ཀྱང་། རྨ་བྱ་ཆེན་མོའི་ཞེས་སོགས་གཉིས་ཏེ། །མདོ་དེ་ལས་ཀྱང་། །རིའི་རྒྱལ་པོ་གངས་ཅན་དང་། རིའི་རྒྱལ་པོ་ཏི་སེ་དང་། །ཞེས་ཐ་དད་དུ་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །དེ་ལྟར་གསུངས་པ་ནི་བདེན་མོད་ཀྱི། །སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པའི་རྨ་བྱ་ཆེན་མོའི་འབུམ་ཊིག་ཏུ། རིའི་རྒྱལ་པོ་གངས་ཅན་དང་ཞེས་བྱ་བ་ནི་སྒྲ་མི་སྙན་ནས་རི་ནག་པོ་དགུ་འདས་པའི་བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་ཡོད་དོ། །ཞེས་དང་། རིའི་རྒྱལ་པོ་ཏི་སེ་དང་ཞེས་བྱ་བ་ནི་གངས་ཀྱི་རི་ཡིན་ཏེ། དེ་ཡང་རྩེ་མོ་གསུམ་དུ་ཡོད་པ། མ་ཧཱ་དེ་པ་གནས་པ། །མཐའ་བསྐོར་ལ་དཔག་ཚད་ལྔ་བརྒྱ་འཕང་དུ་ཡང་ལྔ་བརྒྱའོ། །ཞེས་གསུངས་ལ།དེའི་སྒྲ་མི་སྙན་ནི་འཛམ་བུའི་གླིང་འདིའི་རྒྱ་གར་གྱི་ཡུལ་སྒྲ་ངན་དུ་གྲགས་པ་དེ་ཡིན་ལ། དབང་ཕྱུག་ཆེན་པོ་ཡང་ཏི་སེར་གནས་པར་བཤད་ཅིང་། བྱམས་པས་ལུང་བསྟན་པའི་མདོ་ལས། གངས་རི་ཆེན་པོ་ཏི་སེ་ན་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པར་གསུངས་སོ། །ཞེས་ཁ་བ་ཅན་གྱི་མཁས་པ་མདོ་སྡེ་ལ་འདྲིས་པར་མཛད་པ་རྣམས་ལ་རླུང་ལྟར་གྲགས་སོ། །དེས་ན་གངས་ཅན་དང་ཁ་བ་ཅན་དང་གངས་ཀྱི་རི་ཞེས་པ་སྤྱིའི་མིང་ཡིན་ལ། །ཏི་སེ་ཞེས་པ་བྱེ་བྲག་གི་མིང་ཡིན་པའི་ཕྱིར། ཏི་སེ་གངས་ཅན་དང་ཐ་དད་ཀྱང་གངས་ཅན་ཡིན་པ་ལ་འགལ་པ་ཅུང་ཟད་ཀྱང་མེད་དོ། །རིའི་རྒྱལ་པོ་ཏི་སེ་དང་ཞེས་བྱ་བ་ན་གངས་ཀྱི་རི་ཡིན་ཏེ་ཞེས་པས་ཀྱང་ཏི་སེ་གངས་ཅན་དུ་གྲུབ་བོ། །སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པར། མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྤུན་གྱི་གཏམ་རྒྱུད་ལས། རི་བོ་ཏི་སེ་དབང་ཕྱུག་ཆེན་པོ་ཨུ་མ་ཁྱུ་མཆོག་དང་བཅས་པ་མངོན་སུམ་དུ་གནས་པར་མཐོང་ནས་དེར་ཕྱིན་པས། ཁྱུ་མཆོག་བཟས་ལ་ཡན་པ་དང་། ཨུ་མ་འབྲས་བུ་མཐུ་བ་དང་། ལྷ་ཆེན་པོ་འཁོར་ཚོགས་སྟོང་གིས་བསྐོར་བ་རིམ་བཞིན་མཐོང་ཞིང་། དྲོའི་དུས་སུ་མ་དྲོས་པའི་མཚོ་ནས་དགྲ་བཅོམ་པ་ལྔ་བརྒྱ་ནམ་མཁའ་ལ་འཕགས་ཏེ་བྱོན་པ་ལ་ལྷ་ཆེན་པོ་འཁོར་དང་བཅས་པས་མཆོད་པར་བཤད་ལ། དེའི་ཕྱིར་ཏི་སེ་དང་མ་དྲོས་པ་ལྷན་ཅིག་ཏུ་བཤད་པ་འདིས་ཀྱང་ཏི་སེ་གངས་ཅན་ཡིན་པ་དང་མ་ཕམ་མ་དྲོས་པ་ཡིན་པར་གྲུབ་ཅིང་། དེ་ན་དགྲ་བཅོམ་པ་ལྔ་བརྒྱ་དང་དབང་ཕྱུག་ཆེན་པོ་རྣམས་བཞུགས་པར་དངོས་སུ་བཤད་དོ། །ཡང་། ཕལ་པོ་ཆེའི་མདོ་ལས་ཀྱང་། །མ་དྲོས་པ་ཡི་ཆུ་ཞེང་དུ། །དཔག་ཚད་ལྔ་བཅུ་ལྔ་བཅུར་གསུངས། །ས་གཞི་རིན་ཆེན་གསེག་མ་བརྡལ། །ངོས་ནི་རིན་ཆེན་ཕ་གུར་བརྩིགས། །དེ་ལས་འབབ་པའི་ཆུ་བོ་བཞི། །གངྒཱ་གླང་ཆེན་ཁ་ནས་ནི། །དངུལ་གྱི་བྱེ་མ་འདྲེན་ཅིང་འབབ། །སི་ཏ་སེང་གེའི་ཁ་ནས་ནི། །རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ། །སིན་དྷུ་གླང་གི་ཁ་ནས་ནི། །གསེར་གྱི་བྱེ་མ་འདྲེན་ཅིང་འབབ། །པཀྵུ་རྟ་ཡི་ཁ་ནས་ནི། །བཻ་ཌཱུརྻ་སྔོན་འདྲེན་ཅིང་འབབ། །ཐམས་ཅད་ཀྱི་ནི་ཁ་ཞེང་ལ། །དཔག་ཚད་རེ་རེ་ཡོད་པར་གསུངས། །ཆུ་བོ་དེ་བཞིས་མ་དྲོས་ལ། །ལན་གྲངས་བདུན་བདུན་གཡས་བསྐོར་ནས། །ཕྱོགས་བཞི་དག་ཏུ་འབབ་པར་བཤད། །དེ་ཡི་བར་མཚམས་ཐམས་ཅད་ན། །ཨུཏྤལ་པདྨོ་ལ་སོགས་ཀྱི། །མེ་ཏོག་དམ་པ་སྣ་ཚོགས་དང་། །རིན་ཆེན་ལྗོན་ཤིང་སྣ་ཚོགས་ཀྱིས། །རབ་ཏུ་གང་བར་གནས་པ་ཡིན། །དེ་སོགས་མཚན་ཉིད་རྒྱས་པར་ནི། །ཕལ་པོ་ཆེ་ཡི་མདོ་སྡེར་ལྟོས། །ད་ལྟའི་མ་ཕམ་འདི་ལ་ནི། །མཚན་ཉིད་དེ་དག་གང་ཡང་མེད། །ཅེས་གསུངས་མོད། དེ་ནི་མདོའི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་སྟེ། །འདི་ལ་མདོའི་ཁུངས་དགོད་པ་དང་། དེའི་དགོངས་པ་བཤད་པའི། །ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་ལེའུ་སུམ་བཅུ་སོ་གསུམ་པ་ཏིང་ངེ་འཛིན་བཅུའི་ལེའུ་ལས། ཏིང་ངེ་འཛིན་སོ་སོའི་དཔེར་མཛད་ནས་འདི་ལྟ་སྟེ་དཔེར་ན།ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པའི་གནས་ནས་ཆུ་ཀླུང་ཆེན་པོ་མ་འདྲེས་པ་རྙོག་པ་མེད་པ་དྭངས་བ་འོད་གསལ་བ་དྲི་མ་མེད་པ་དག་པ་ནམ་མཁའ་ལྟ་བུ་དྲི་མ་དང་བྲལ་བ་བཞི་འབབ་སྟེ། དེ་དག་ཀྱང་གཅིག་དང་གཉིས་དང་གསུམ་དང་བཞིའི་སྒོ་ནས་འབབ་སྟེ། འདི་ལྟར་ཆུ་ཀླུང་ཆེན་པོ་གངྒཱ་ནི་གླང་པོའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་སེང་གེའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་ཁྱུ་མཆོག་གི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྵུ་ནི་རྟའི་ཁ་ནས་འབབ་བོ། །དེ་དག་དེ་ལྟར་ཕྱོགས་བཞི་ནས་འབབ་སྟེ། །ཆུ་ཀླུང་གངྒཱ་ནི་དོང་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ་དངུལ་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སི་ཏ་ནི་དོང་ནས་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་སྟེ་རྡོ་རྗེའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སིན་དྷུ་ནི་དོང་ནས། གསེར་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ་གསེར་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་པཀྵུ་ནི་དོང་ནས་བཻཌཱུརྻ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་ཏེ་བཻ་ཌཱུརྻ་སྔོན་པོའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་གངྒཱ་ནི་ལྷ་རྫས་ཀྱི་དངུལ་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་ལྷ་རྫས་ཀྱི་རྡོ་རྗེའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་ལྷ་རྫས་ཀྱི་གསེར་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྵུ་ནི་ལྷ་རྫས་ཀྱི་བཻཌཱུརྻ་སྔོན་པོའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་དེ་བཞི་ཆར་ཡང་ཁའི་སྒོ་དཔག་ཚད་ཙམ་གྱི་ཚད་ནས་འབབ་སྟེ། །དེ་དག་འབབ་པའི་ཚེ་རེ་རེས་ཀྱང་མཚོ་ཆེན་པོ་ལ་ལན་བདུན་དུ་བསྐོར་ཏེ་ཕྱོགས་བཞིར་འབབ་ཅིང་མཚོ་ཆེན་པོ་གངས་ཆེན་མཚོ་ལ་ཞེན་བར་འདོད་དོ། །དེ་ལྟར་ཆུ་ཀླུང་ཆེན་པོ་རྣམས་ཀྱིས་ལན་བདུན་དུ་གཡས་ཕྱོགས་སུ་བསྐོར་བའི་བར་གྱི་གླིང་དེ་དག་ཀྱང་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་དང་། པུནྡ་རི་ཀ་ལྷ་རྫས་ཀྱི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། ཡིད་དུ་འོང་པ། དྲི་ཞིམ་པ་མཐའི་རྒྱན་དུ་སྡུག་པ། མདོག་གསལ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟར་འདུག་པ། འོད་དང་ཞིང་གསལ་བ་གཅིག་གི་གཟུགས་བརྙན་གཅིག་ཏུ་སྣང་བ། མདངས་དགའ་བ་དང་། བལྟ་ན་ཡིད་དུ་འོང་བ་རང་བཞིན་དང་ཞིང་ཤིན་ཏུ་རྣམ་པར་དག་པས་བརྒྱན་པ་སྟེ། བལྟ་ན་ཁ་དོག་གསལ་བ། །མུན་པ་སེལ་ཞིང་སྣང་བ་འབྱིན་པ། བལྟ་ན་བཏང་མི་བྲ་ཞིང་ཤིན་ཏུ་རྣམ་པར་ཕྱེ་བར་བརྒྱན་པ། ཁ་དོག་སྣ་ཚོགས་སུ་མེ་ཏོག་གིས་ཀུན་ནས་གཡོགས་པ་འདབ་མ་སྣ་ཚོགས་དང་ལྡན་ཞིང་སྙིང་པོ་ཁ་དོག་སྣ་ཚོགས་ཅན། །ཟེ་བ་མདོག་དུ་མར་སྣང་བའི་མེ་ཏོག་གིས་ཡོངས་སུ་བརྒྱན་པ་སྟེ། མཚོ་ཆེན་པོ་དེའི་ནང་དང་མཚོའི་དཀྱིལ་འཁོར་ནི་རྒྱར་དཔག་ཚད་ལྔ་བཅུ་ཡོད་ཏེ། ཟབས་སུ་ཡང་དཔག་ཚད་ལྔ་བཅུ་ཡོད་ཏེ། །དེའི་གཞི་ནི་རིན་པོ་ཆེའི་གསེག་མ་བརྡལ་བ་སྟེ། རིན་པོ་ཆེ་སྣ་ཚོགས་ཁ་དོག་དུ་མ་དང་ལྡན་པས་ཤིན་ཏུ་བརྒྱན་པས་གནས་པའོ། །དེའི་ངོགས་ནི་རིན་པོ་ཆེ་སྣ་ཚོགས་ཕ་དགུ་བརྩིགས་པ་ལྟར་འདུག་པས་ཀུན་ནས་འཁོར་བའོ། །དེའི་དྲི་ནི་ཙན་དན་བཟང་པོའི་བསུང་ལྟ་བུ་སྟེ་མེ་ཏོག་ཁ་དོག་དུ་མ་ཅན་ལས་བསུང་གི་ངད་རྣམ་པ་དུ་མ་ལྡང་བ་དང་ལྡན་པ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པུནྡ་རི་ཀས་ཀུན་ནས་གཡོགས་པ། །རིན་པོ་ཆེའི་ཤིང་མེ་ཏོག་རབ་ཏུ་རྒྱས་པ་ཀུན་ནས་འཁོར་བ་སྟེ། ནམ་ལྷའི་བུ་ཉི་མ་འཆར་བའི་ཚེ་ཉི་མའི་འོད་ཟེར་དེ་དག་མཚོའི་རིན་པོ་ཆེ་དང་། གསེག་མ་དང་། མེ་ཏོག་དང་། ཆུ་ཀླུང་གི་རྒྱུད་ཀྱི་བྱེ་མ་དང་དང་པོའི་ཁ་དང་། ཆུ་རླུང་གི་གཡས་ཕྱོགས་སུ་འཁོར་བའི་མཚོ་དང་། རིན་པོ་ཆེའི་ཤིང་གི་ལྷུན་དང་། ཡལ་ག་དང་ལོ་མ་དང་མེ་ཏོག་ལ་བབ་པར་གྱུར་ནས་དེའི་ཚེ་འོད་ཟེར་རེ་རེས་ཕོག་ཀྱང་རིན་པོ་ཆེའི་འབྱུང་གནས་སྣ་ཚོགས་ཀྱི་དབྱིངས་ན་གནས་པའི་འོད་ཟེར་གྱི་དྲ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀུན་ནས་གཡོགས་པ་ལྟ་བུར་སྣང་སྟེ། ཐམས་ཅད་ཀྱང་འོད་ཀྱི་མདོག་དམ་པ་དེས་འཇམ་འཇམ་ལྟར་འདུག་པས་མཚོ་ཆེན་པོ་མ་དྲོས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་སྣང་ངོ་། །ཞེས་དང་། འདི་ལྟ་སྟེ། དཔེར་ན་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་ཞེས་བྱ་བ་ནི་རི་གསེར་གྱི་ལོགས་ཞེས་བྱ་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལུང་པ་རིན་པོ་ཆེའི་ར་བ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་ཐགས་ཀྱི་ར་བ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་དྲ་བས་ཀུན་ནས་གཡོགས་པ་ན་གནས་ཏེ། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་ཡང་ཐམས་ཅད་དུ་དཀར་བ་གངས་ཀྱི་མདོག་ལྟ་བུར་འདུག་པ། གསེར་གྱི་རྒྱལ་མཚན་ཅན་གསེར་གྱི་རྒྱན་གྱིས་བརྒྱན་པ། །གསེར་གྱི་འཕྱང་འཕྲུལ་གྱིས་བཀླུབས་པ། གསེར་གྱི་དྲ་བས་བཀབ་པ། དྲིལ་བུའི་དྲ་བས་བརྒྱུས་པ། །རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་བཀབ་པ་རིན་པོ་ཆེ་དྲིལ་བུའི་ཕྲེང་བས་སྣ་ཀུན་ནས་བརྒྱུས་པ། ཡན་ལག་བདུན་ཤིན་ཏུ་གནས་པ། མཆེ་བ་དྲུག་དང་ལྡན་པ་ཡིད་དུ་འོང་བ། །གཟུགས་དང་ཁ་དོག་མི་མཐུན་པ་མེད་པ། །ལྟ་ན་སྐྱོ་མི་ཤེས་པར་སྡུག་པ་རྣམ་པར་དག་པ། རིགས་དང་ལྡན་པ་ཅང་ཤེས་པ་ཡིད་བཞིན་དུ་བྱེད་པ་སྟེ། དེ་ནི་ལྷའི་དབང་པོ་སུམ་བཅུ་རྩ་གསུམ་བདག་པོ་བརྒྱ་བྱིན་གྱི་སྒོ་ནས་གསེར་གྱི་ལོགས་ཀྱི་རའི་ལུང་པ་ནས་མི་སྣང་བར་གྱུར་ཏེ། སུམ་བཅུ་རྩ་གསུམ་དུ་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་རིམ་གྲོ་བྱ་བའི་ཕྱིར་འོང་ངོ་། །ཞེས་པ་ནས། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སུ་འདྲེའོ། །ཞེས་པའི་བར་གསུངས་ཤིང་། ལེའུ་སོ་གཅིག་པ་ས་བཅུ་པའི་ལེའུ་ལས། རིའི་རྒྱལ་པོ་ཁ་བ་ཅན་སྨན་གྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་དང་། རི་བོ་སྤོས་ངད་ལྡན་སྤོས་ཀྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཞེས་པ་ཙམ་ལས་ཚད་དབྱིབས་ཕྱོགས་འདིར་ཡོད་སོགས་གསལ་བར་མ་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་བཞག་པ་དང་གདགས་པ་ལས་ཀྱང་རྒྱས་པར་གསུངས་སོ། །ལུང་དེ་དག་གི་དགོངས་པ་ནི་འདི་ཡིན་ཏེ། ཕལ་པོ་ཆེའི་མདོ་དེ་ཉིད་ནས་གསུངས་པའི་མཚོ་མ་དྲོས་པ་དང་། དེ་ལས་འབབ་པའི་ཆུ་ཀླུང་ཆེན་པོ་བཞིའི་བཀོད་པ་དང་མཚན་ཉིད་རྣམས་ནི་མདོ་དེ་ཉིད་ཀྱི་ཏིང་ངེ་འཛིན་བཅུའི་ལེའུ་ལས་གསུངས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཁོར་དེ་ཉིད་དུ་འདུས་པའི་ཀླུའི་རྒྱལ་པོ་མ་དྲོས་པ་འཁོར་དང་བཅས་པ་དང་། གཞན་ཡང་དགྲ་བཅོམ་པ་ལྔ་བརྒྱ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཁོར་ཚོགས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཉམས་ཀྱི་སྣང་བ་ལ་ཤར་བ་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་ཕལ་པོ་ཆེའི་མདོར་བཀའ་སྩལ་པ་ཡིན་པར་ཤེས་པར་བྱོས་ཤིག །དེ་ལྟར་ཤེས་ན་མ་ཕམ་ལ་སོགས་པ་ལ་མཚན་ཉིད་དེ་དག་གང་ཡང་མེད་དོ། །ཞེས་པའི་རྩོད་པ་ཐམས་ཅད་རང་གྲོལ་བར་འགྱུར་རོ། །མདོར་ན་དེ་ལྟའི་མི་ཕལ་པ་རྣམས་དང་བཅོམ་ལྡན་འདས་ཀྱི་འཁོར་དུ་འདུས་པའི་གདུལ་བྱ་རྣམས་མཐོང་ཚུལ་ཐ་དད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱི་སེམས་ཀྱི་སྣང་བ་གང་ཡིན་པ་དེ་ད་ལྟའི་སྐྱེ་བོ་རྣམས་ཀྱིས་མཐོང་བ་མ་ཡིན་ནོ། །དེས་ན་ཐེག་པ་ཆེན་པོ་བསྡུས་པ་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་མ་ཡིན། །ཞེས་གང་གསུངས་པ་ཐུགས་ལ་འབབ་པར་མཛད་དུ་གསོལ་ལོ། །དེས་ན་བཀའ་བརྒྱུད་རིན་པོ་ཆེའི་བཞེད་པ་ལ། མངའ་རིས་ཀྱི་ཏི་སེ་དང་མ་ཕམ་གཡུ་མཚོ་དེ་ཉིད་རྒྱུད་སྡེ་ནས་གསུངས་པའི་ཧི་མ་ལ་ཡ་དང་། མངོན་པ་དང་ཕལ་པོ་ཆེ་ནས་གསུངས་པའི་རི་བོ་གངས་ཅན་དང་མཚོ་མ་དྲོས་པར་བཞེད་པ་ཡིན་ཏེ། རྗེ་བཙུན་མི་ལའི་གསུང་མགུར་ལས། །གངས་དཀར་ཏི་སེ་སྐད་པ་དེ། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་གནས། །རི་བོ་གངས་ཅན་བྱ་བ་ཡིན། །མ་ཕམ་གཡུ་མཚོ་སྐད་པ་དེ། །མ་དྲོས་མཚོ་མོ་བྱ་བ་ཡིན། །བྲག་དམར་སྤོ་མཐོ་སྐད་པ་དེ། །རི་ནག་འབིགས་བྱེད་བྱ་བ་ཡིན། ཞེས་གསུངས་པ་ལ། ཕྱིས་ཀྱི་མཁས་པ་ཆེན་པོ་དག་འདི་ནི་སྙན་ངག་གི་ལུགས་སུ་མཛད་པ་ཡིན་ཏེ། བྲག་དམར་སྤོས་མཐོ་དེ་རི་བོ་འབིགས་བྱེད་དངོས་མ་ཡིན་པ་བཞིན་ནོ། །ཞེས་གསུངས་མོད། །དེ་ལྟར་ནི་མ་ཡིན་ཏེ། རྗེ་བཙུན་གྱིས་རི་མཚོ་དེ་དང་དེའི་མཚན་ཉིད་ལུང་ནས་གསུངས་པ་བཞིན་ཚང་བར་གཟིགས་ནས་གསུངས་པའི་ཕྱིར་ཁོ་བོ་ཅག་ནི་གསུང་དེ་ལ་ཚད་མར་བྱེད་དོ། །དེའི་རྗེས་འབྲང་རྗེ་འབྲི་ཁུང་པ་འཇིག་རྟེན་གསུམ་གྱི་མགོན་པོ་དཔོན་སློབ་ཀྱིས་ཟབ་མོའི་ལམ་བསྒོམ་བའི་གནས་སུ་བཟང་བར་བསྔགས་པ་སྒྲ་བཞིན་དུ་བགྲོད་པ་ལ། ཆོས་རྗེ་ས་སྐྱ་པས། ཏི་སེ་དང་མ་ཕམ་ལ་འཇིག་རྟེན་བཞག་པ་དང་མཛོད་རང་འགྲེལ་དང་བཅས་པ་དང་། སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པའི་མཚན་ཉིད་དང་མི་ལྡན་ནོ་ཞེས་རྒོལ་བ་ལ། དབོན་ཤེར་འབྱུང་ལ་སོགས་པས་འཕགས་པ་དཀོན་མཆོག་བརྩེགས་པ་ལས་སྡོམ་པ་གསུམ་བསྟན་པའི་གླེང་གཞིར་བྱ་རྒོད་ཕུང་པོའི་རིའི་ཡོན་ཏན་བདུན་གསུངས་ཀྱང་ད་ལྟའི་སྐྱེ་བོས་ཇི་ལྟ་བ་བཞིན་མ་མཐོང་བས། ད་ལྟའི་བྱ་རྒོད་ཕུང་པོའི་རི་བོ་འདི་ལ་དཀོན་མཆོག་བརྩེགས་པ་ནས་གསུངས་བའི་མཚན་ཉིད་དང་མི་ལྡན་ཀྱང་། དེ་མ་ཡིན་པའི་སྐྱོན་མེད་པར་གསུངས་པ་ལ། ཆོས་རྗེ་ས་སྐྱ་པས། དེ་ལ་ཁ་ཅིག་འདི་སྐད་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །དཀོན་བརྩེགས་བཞིན་དུ་ད་ལྟ་མེད། །དུས་ཀྱི་སྟོབས་ཀྱིས་ཡུལ་ཀུན་ཡང་། །རྣམ་པ་འགྱུར་བར་སྣང་ཞེས་ཟེར། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །སྐྱོན་དང་ཡོན་ཏན་སྒྲོགས་པ་དང་། །སྙན་ངག་མཁན་གྱི་ལུགས་བཞིན་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །མཐོ་ལ་ཟླུམ་པ་ལ་སོགས་བཤད། །བོད་ཀྱི་ཐང་ཆེན་ཇི་བཞིན་དུ། །འཕགས་པའི་ཡུལ་གྱི་རི་ཆེན་ཡིན། །དེ་ལྟར་འཆད་པ་སྙན་ངག་མཁན། །སྐྱོན་དུ་བརྩི་བ་གང་ཡང་མེད། །དངོས་པོའི་གནས་ལུགས་འཆད་པ་ན། །ལྷག་ཆད་འཁྲུལ་བ་བྱུང་བ་ལ། །དེ་ལ་མཁས་རྣམས་སྐྱོན་དུ་རྩི། །དཔེར་ན་བ་ལང་བསྔགས་པའི་ཚེ། །གངས་རིའི་ཕུང་པོ་འགྲོ་ཤེས་པའམ། །སྤྲིན་ཆད་པ་ཡི་དུམ་བུ་དང་། །རྭ་རྩེ་རྡོ་རྗེ་འདྲ་བ་དང་། །རྨིག་པ་ཨིནྟྲ་ནི་ལ་དང་། །རྔ་མ་དཔག་བསམ་ལྗོན་པ་སོགས། །གཞན་ཡང་སྐྱེས་བུ་བསྔགས་པ་ན། །བཞིན་ལ་ཉི་མ་ཟླ་བ་དང་། །སོ་ལ་གངས་རིའི་ཕྲེང་བ་སོགས། །རྒྱ་ཆེ་བ་ལ་ནམ་མཁའི་དཔེ། །ཆུང་ལ་རྡུལ་ཕྲན་དཔེ་སྦྱོར་དང་། །རགས་པའི་དཔེ་ལ་རི་རབ་དང་། །བྱི་བ་ལ་ནི་གླང་ཆེན་དཔེ། །ཕྱུག་པོ་ལ་ནི་རྣམ་ཐོས་བུ། རྒྱལ་ཕྲན་ལ་ཡང་བརྒྱ་བྱིན་དང་། །དགེ་བའི་བཤེས་གཉེན་ཕལ་པ་ལའང་། །སངས་རྒྱས་ལྟ་བུར་བསྔགས་པ་ནི། །སྙན་ངག་མཁན་ལ་བཀག་པ་མེད། །དངོས་པོའི་གནས་ལུགས་འཆད་པ་དང་། །མཚན་ཉིད་གཏན་ལ་འབེབས་པ་ན། །གནས་ལུགས་ཇི་བཞིན་མ་ཡིན་པ། །བཤད་ན་མཁས་རྣམས་ག་ལ་དགའ། །དེས་ན་བྱ་རྒོད་ཕུང་པོ་སོགས། །བསྔགས་པ་སྙན་ངག་ལུགས་བཞིན་ཡིན། གངས་ཅན་མ་དྲོས་ལ་སོགས་པ། །དངོས་པོའི་གནས་ལུགས་འཆད་པ་ན། །དེ་ལ་འཁྲུལ་ན་ཀུན་མཁྱེན་མིན། །སྙིགས་མའི་དུས་ཀྱི་ཤུགས་བདས་པས། །ཅུང་ཟད་ངན་པར་འགྲོ་སྲིད་ཀྱི། །ཐམས་ཅད་འཁྲུལ་བ་ག་ལ་སྲིད། །ཅེས་གསུངས་ལ། དེ་ལ་ཟུར་ན་གནས་པའི་རྒོལ་བ་ཞིག་ན་རེ། །དེ་ལྟར་བྱ་རྒོད་ཕུང་པོའི་རི་བོ་ལ་བསྔགས་པ་ནི་སྙན་ངག་མཁན་གྱི་ལུགས་བཞིན་དུ་སྒྲོ་བཏགས་པ་ཡིན་ན། རྒྱལ་བའི་ཡུམ་རྒྱས་འབྲིང་གཉིས་ཀྱི་གླེང་གཞི་ལས། བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་གསུངས་པའི་ཚེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་སུ་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སོ་སོ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་ཉན་པར་འོངས་པར་གསུངས་ཤིང་། དེ་བཞིན་དུ་ཕྱོགས་བཅུ་ཆར་ལ་སྦྱར་ནས་གསུངས་ལ། །མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་མི་ཇི་སྙེད་པ་ནས་འོག་མིན་གྱི་ལྷའི་བུ་རྣམས་ཀྱི་བར་དུ་བྱུང་བའི་འཁོར་ཚོགས་འདི་རྣམས། ད་ལྟའི་བྱ་རྒོད་ཕུང་པོའི་རི་འདི་ལ་ཤོང་པའི་གོ་སྐབས་མེད་པའི་ཕྱིར། །འདི་ཡང་སྙན་ངག་མཁན་གྱི་ལུགས་བཞིན་དུ་སྒྲོ་བཏགས་པ་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་ན་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་ཐམས་ཅད་ཀྱང་སྒྲོ་བཏགས་པ་ཁོ་ནར་འགྱུར་རོ། །གཞན་ཡང་སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་གསུངས་པ་ལྟར། ད་ལྟའི་བྱ་རྒོད་ཕུང་པོའི་རི་འདི་ལ་འོག་མིན་པའི་ལྷའི་བུ་གཅིག་གི་རྐང་པའི་མཐིལ་ཙམ་ཡང་ཤོང་བར་དཀའ་ན་ལུས་རིལ་པོ་ཤོང་བར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་འདི་ཡང་སྙན་ངག་མཁན་གྱི་ལུགས་བཞིན་དུ་སྒྲོ་བཏགས་པ་ཡིན་པར་འགྱུར་རོ། །གཞན་ཡང་ཡུམ་གྱི་གླེང་གཞིའི་ལེའུ་ལས། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐེངས་གཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས་ཀུན་ནས་གང་བ་དང་། དར་གྱི་ལྡ་ལྡི་དང་ཆུན་པོ་ཀུན་ནས་བྲེས་པ་དང་། སྣོད་སྣ་ཚོགས་ནས་བདུག་སྤོས་སྣ་ཚོགས་འཐུལ་བ་དང་། དཔག་བསམ་གྱི་ཤིང་རྒྱན་དང་། འབྲས་བུ་སྣ་ཚོགས་ཀྱིས་ཡལ་གའི་རྩེ་མོ་གཡུར་ཟ་བ། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤོས་ཀྱི་ཤིང་དང་། ཕྲེང་བའི་ཤིང་དང་། ཕྱེ་བའི་ཤིང་དང་། བདུག་སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཀུན་ནས་རབ་ཏུ་གནས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་། ལྷའི་བུ་བློ་གྲོས་ཤིན་ཏུ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་རོ། །ཞེས་གསུངས་པ་འདི་ཡང་སྙན་ངག་མཁན་གྱི་ལུགས་བཞིན་དུ་སྒྲོ་བཏགས་ནས་གསུངས་པར་འགྱུར་ཏེ། མི་མཇེད་ཀྱི་འཇིག་རྟེན་འདི་ལ་མཚན་ཉིད་དེ་དག་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་དང་བཅས་པའི་མངོན་སུམ་ཚད་མས་གསལ་བར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཡང་དག་པར་ན་བྱ་རྒོད་ཕུང་པོའི་རིའི་ཚད་གཞལ་དུ་མེད་དེ། །དེ་བཞིན་གཤེགས་པའི་འཁོར་གྱི་རྒྱ་མཚོ་ས་ཆེན་པོའི་རྡུལ་གྱི་གྲངས་ལས་འདས་པ་ཤོང་ཞིང་དོགས་པ་ཉིད་ཀྱང་མ་ཡིན་ལ། རི་དེ་ཉིད་སུས་ཀྱང་རྒྱ་བསྐྱེད་པ་ཡང་མེད་དོ། །འདིར་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱི་མཐའ་ཡང་འགས་པ་མོའུ་གལ་གྱི་བུ་ལྟ་བུས་ཀྱང་མ་རྙེད་ན་དེའི་བཞུགས་སའི་གནས་ཀྱི་མཐའ་སུ་ཞིག་གིས་རྙེད་པར་ནུས། དེས་ན་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱས་ནས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པར་མི་བྱའོ། །དོན་དེ་ཉིད་དྲི་མ་མེད་པའི་འོད་ལས་ཀྱང་གསུངས་ཏེ། འདིར་འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་རྣམས་ལ་གསུངས་ཤིང་རབ་ཏུ་སྣང་ངོ་། །དོན་དམ་པར་ནི་འཇིག་རྟེན་གྱི་ཁམས་ལ་ཚད་གཞལ་དུ་མེད་ཏེ་སེམས་ཅན་རྣམས་ཀྱི་བསོད་ནམས་བསག་པའི་དབང་གིས་སོ། །འདིར་ཕུག་འཁྲུལ་ལྔ་པའི་ཚད་གང་དུ་འདོད་ཆགས་དང་བྲལ་བ་འམ་བྱང་ཆུབ་སེམས་དཔའི་གནས་པའི་ཕུང་དེར་བསོད་ནམས་དང་ཡེ་ཤེས་བསྟེན་པ་དེའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་སྡེ་དང་བཅས་པ་འོངས་ཤིང་རབ་ཏུ་འཇུག་ཏེ། དེ་སུས་ཀྱང་མ་བསྐྱེད་ཅིང་ཕུག་དེར་ཞུགས་པའི་འཁོར་ལོས་བསྒྱུར་བ་དེ་ཡང་དོགས་པ་ཉིད་མ་ཡིན་ནོ། །དོན་དམ་པར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་པས་བྱ་རྒོད་ཕུང་པོའི་རིའི་ཚད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་སྡེ་སྣོད་གསུམ་དང་རྒྱུད་སྡེ་སོ་སོ་ནས་ཀྱང་འཇིག་རྟེན་གྱི་ཁམས་གྱི་ཚད་དང་དབྱིབས་དང་བཀོད་པ་མི་འདྲ་བ་དུ་མ་གསུངས་པ་ཡང་གདུལ་བྱ་སོ་སོའི་བསམ་པའི་དབང་གིས་ཡིན་གྱིས། །གཅིག་ནི་སྙན་ངག་མཁན་གྱི་ལུགས་བཞིན་དུ་སྒྲོ་བཏགས་པ་དང་། གཞན་ནི།དངོས་པོའི་གནས་ལུགས་དང་མཐུན་པར་བཤད་པའོ་ཞེས་བརྗོད་པར་མི་ནུས་སོ། །ཡང་། སྙིགས་མའི་དུས་ཀྱི་ཤུགས་བདས་པས། ཅུང་ཟད་ངན་པར་འགྲོ་སྲིད་ཀྱི། །ཐམས་ཅད་འཁྲུལ་བ་ག་ལ་སྲིད། །ཅེས་གསུངས་པ་ཡང་མཁས་པ་ཆེན་པོ་ལ་འོས་པའི་གསུང་མ་ཡིན་ཏེ། བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་དང་། རང་བཞིན་གྱི་ཏིང་ངེ་འཛིན་དང་ལྡན་པས་སེམས་ཞི་ཞིང་དུལ་བ་དང་ལུས་འོད་དང་ལྡན་པ་དང་། ཁ་ཟས་མི་དགོས་པ་དང་། འཛམ་བུའི་གླིང་འདི་ཉིད་ནའང་རོ་སྦྲང་རྩི་ལྟ་བུའི་ས་མོ་ཞག་དང་། མ་རྨོས་པའི་ལོ་ཐོག་ལ་སོགས་པ་དེ་དག་ཐམས་ཅད་ད་ལྟ་གང་ཡང་མེད་པའི་ཕྱིར་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བསམ་གཏན་གསུམ་པ་མན་ཆུ་མེ་རླུང་གསུམ་གྱིས་སྟོངས་པ་ཡང་སྲིད་པའི་ཕྱིར་རོ། །ཅི་འོ་ན་ཏི་སེ་གངས་ཅན་དང་མ་ཕམ་མ་དྲོས་པར་བརྗོད་ནུས་སམ་ཞེ་ན། ཁོ་བོ་ཅག་ནི་ཡིད་ཆེས་པའི་ལུང་ལ་བརྟེན་ནས་དེ་སྐད་དུ་སྨྲ་སྟེ། ཇི་སྐད་དུ། འདུལ་བ་ལུང་སྨན་གྱི་གཞིའི་བམ་པོ་སོ་བརྒྱད་པའི་མཇུག་དང་སོ་དགུ་པར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་བོ་གངྒཱ་བརྒལ་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཡས་ཕྱོགས་ནས་ཆུ་བོ་གངྒཱ་ལ་གཟིགས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་སླར་གཡས་ཕྱོགས་ནས་ཆུ་བོ་གངྒཱ་ལ་གཟིགས་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཆུ་བོ་གངྒཱའི་གླེང་གཞི་ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཆུ་བོ་གངྒཱའི་གླེང་གཞི་གང་ལགས་པ་བཤད་ན་སློང་རྣམས་ཉན་པར་འགྱུར་ལགས་སོ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱས་པར་བཀའ་སྩལ་བའི་དོན་བསྡུས་ཏེ་བཤད་ན། སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྨིག་སྦམས་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དེ་དུས་གཞན་ཞིག་ན་མི་རྒན་པོ་དང་ནད་པ་དང་ཤི་བའི་རོ་རྣམས་མཐོང་བའི་རྐྱེན་གྱིས་སེམས་སྡུག་བསྔལ་བར་གྱུར་པ་ལ། བྲམ་ཟེ་དུས་དཔོག་ཞེས་བྱ་བ་ཞིག་གིས། འཇིག་རྟེན་རང་རང་གི་འབྲས་བུ་ལ་ལོངས་སྤྱོད་པས་རྒྱལ་པོ་ཆེན་པོ་ཐུགས་མི་བདེ་བ་མི་རིགས་ཤིང་། སེམས་ཅན་ལེགས་པའི་ལས་སྤྱད་པ་རྣམས་མཐོ་རིས་སུ་སྐྱེ་བར་འགྱུར་ལ། འཁོར་ལོས་བསྒྱུར་བ་རྣམས་ཀྱང་དེ་དང་འདྲ་བོས་ཁྱོད་ཉིད་ཕྱི་མར་མཐོ་རིས་སུ་འཁྲུལ་བར་གདོན་མི་ཟ་ཡང་། མཐོ་རིས་ཀྱི་ཐེམ་སྐས་སུ་འགྱུར་བའི་མཆོད་སྦྱིན་མཛོད་ཅིག །ཅེས་བསྐུལ་པ་ལྟར། རྒྱལ་པོས་གཏན་པ་མེད་པའི་མཆོད་སྦྱིན་བྱས་པའི་འབྲས་ཁུ་དབོ་བའི་དོང་བྱས་ནས། དེར་དྲོན་པོ་རྣམས་བླུགས་པ་དང་བསིལ་བར་གྱུར་པས་མཚོའི་མིང་ཡང་མ་དྲོས་པར་ཐོགས་ཤིང་། ལོ་བཅུ་གཉིས་ཀྱི་བར་དུ་དེ་བཞིན་དུ་བྱས་པས་གང་བའི་ཁ་ནས་ལུད་ཏེ་འབབ་ཆུར་འབབ་པ་ལ། འབྲས་ཁུའི་ཆུ་ཞེས་པའི་མིང་དུ་གྲགས་པར་བཤད་པས་འཕགས་པའི་ཡུལ་དུ་འབབ་པའི་གངྒཱ་འདི་མཚོ་མ་དྲོས་པ་ནས་འབབ་པར་གསལ་བར་བཤད་དོ། །སིན་དྷུ་སོགས་གཞན་གསུམ་པོ་ཡང་མ་དྲོས་པ་ནས་འབབ་པ་གསལ་བར་འབྱུང་སྟེ། སྨན་གྱི་གཞི་དེ་ཉིད་ལས། བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་དག་གིས་ལས་ཀྱི་རྒྱུ་ལུང་བསྟན་པ་ལས། དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་དང་ཐབས་གཅིག་ཏུ་མཉན་ཡོད་ནས་མི་སྣང་བར་གྱུར་ཏེ། མཚོ་ཆེན་པོ་མ་དྲོས་པར་གཤེགས་སོ། །གནོད་སྦྱིན་གཏུམ་པོ་མི་བཟད་གནས་པ་ཡིད་འོང་ཞིང་། །མེ་ཏོག་སྣ་ཚོགས་ཤིང་གིས་རྣམ་བར་མཛེས་བྱས་པ། །དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་ཆེན་པོ་འདི་དག་ཕྱོགས་བཞིར་འབབ། །གངྒཱ་སིན་དྷུ་དེ་བཞིན་པཀྵུ་དང་། སི་ཏ་དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པ་བཞུགས། །ཞེས་སོགས་ཀྱི་འཕྲོས་ལས། །བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ལྟར། །མཚོ་ཆེན་པོ་མ་དྲོས་པའི་ནང་དུ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་གཉིས་ཀྱིས་སྤྲུལ་བའི་པདྨ་འདབ་མ་སྟོང་ལྡན་ཤིང་རྟའི་ཕང་ལོ་ཙམ་གསེར་ལས་གྲུབ་པ། སྡོང་བུ་རིན་པོ་ཆེའི་གེ་སར་རྡོ་རྗེ་པདྨ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་དབུས་མ་ལ་བཅོམ་ལྡན་འདས་དང་། པདྨ་གཞན་རྣམས་ཀྱི་སྙིང་པོར་གནས་བརྟན་རྣམས་བཞུགས་པར་གསུངས་པའི་ཚིགས་སུ་བཅད་པ་འདི་ལས། གནོད་སྦྱིན་གཏུམ་པོ་གནས་པ་ལ་སོགས་པས་གནས་ཀྱི་བཀོད་པ་སྤྱིར་བསྟན་པ་ཡིན་ལ། སྐབས་འདིར་རྫུ་འཕྲུལ་གྱི་སྟོབས་མ་ཐོག་པས་མི་བགྲོད་པར་བཞུགས་ཞེས་གསུངས་པ་ནི་མཚོའི་དབུས་ཀྱི་པདྨའི་སྡོང་པོ་ལ་དགོངས་པ་ཡིན་གྱི། སའི་ཕྱོགས་དེ་ཐམས་ཅད་དུ་མི་བགྲོད་པར་སྟོན་པ་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་སི་ཏ་སོགས་ལའང་། རྫུ་འཕྲུལ་དང་མི་ལྡན་པའི་མིས་མི་བགྲོད་ཅེས་འཆད་དགོས་པར་འགྱུར་རོ། །གཞན་ཡང་ལུང་གཞི་ལ་སོགས་པ་མང་པོར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་པའི་ཚེ། དེ་ན་ཆུ་ཀླུང་གངྒཱ་ཁ་རྗེ་དང་བསོད་ནམས་དང་བཀྲ་ཤིས་དང་གཙང་བ་ཉིད་ཀྱི་གནས་སུ་གྲགས་པ། འགྲམ་གཉིས་ན་བརླན་འཕྱོ་བ། དྲང་སྲོང་རྣམས་ཀྱི་བསྟི་གནས་ཞེས་བྱ་བ། ཆུ་སྒུར་འཁྱོག་བཅོ་བརྒྱད་འབབ་པ་ཡོད་ཏེ། དྲང་སྲོང་རྣམས་ཀྱིས་དཀའ་ཐུབ་དཔྱད་ན་རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོང་བ་ཡིན་ནོ། །ཞེས་ཡུལ་དབུས་སུ་གངྒཱ་འཁྱོག་འགྲོས་བཅོ་བརྒྱད་དུ་བྱས་ནས་འབབ་པའི་ཚུལ་དང་། ཆུ་བོ་འདིའི་མིང་གཞན་སྐལ་ལྡན་ཤིང་རྟ་ཞེས་ཀྱང་གྲགས་པའི་འགྲམ་དུ་གྲོང་ཁྱེར་སེར་སྐྱ་ཡོད་པར་གྲགས་ཤིང་། དེའི་ཚེ་བ་བརྗོད་པའི་ཚེ་གངས་རིའི་ངོགས་ཞེས་འབྱུང་བས་ཀྱང་རི་བོ་གངས་ཅན་དང་ཉེ་བར་སྟོན་ལ། གྲོང་ཁྱེར་འདི་དང་མཉན་ཡོད་གཉིས་ཀ་གོ་ས་ལ་ཞེས་བྱ་བའི་ཡུལ་རྒྱ་ཆེན་པོ་དེར་ཡོད་པར་བཤད་དེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བྱང་ཆུབ་སེམས་དཔའ་ཡུལ་དང་རིགས་ལ་སོགས་པ་དྲི་བ་ཞུས་པའི་ལན་དུ། རྒྱལ་པོ་གངས་རི་ཉེ་བ་ན། །ཡུལ་གྱི་ལྗོངས་ནི་ནོར་དག་དང་། །འབྲུ་དག་གིས་ནི་གང་གྱུར་པ། །ཀོ་ས་ལ་ཞེས་གྲགས་པ་ཡོད། །བུ་རམ་ཤིང་པ་ཉི་མའི་རུས། །ཤཱཀྱ་དག་ནི་དེ་ན་གནས། །ཞེས་གསུངས་ལ། ལྷ་བླ་མ་ཞི་བ་འོད་ཀྱི་དྲིལ་དཀར་ལས། འཛམ་གླིང་ས་སྒང་གླང་པོ་ལ་སོགས་ཁ་ནས་འབབ་པའི་ཆུ་བཞིའི་མགོ། །མ་དྲོས་གཟི་ཆེན་མ་ཕམ་བདེ་གཤེགས་ཞབས་ཀྱིས་བཅགས་ཤིང་བྱོན་པའི་གནས། ཏི་སེའི་གངས་གཉན་ཤེལ་གྱི་མཆོད་རྟེན་དབང་ཕྱུག་ཆེན་པོའི་བསྟི་གནས་ས། །ན་ནིང་སྤོས་ངད་ལྡན་པའི་རི་བརྒྱུད་རྩེ་མོ་བརྒྱ་པར་གྲགས་པ་དང་། །དེ་བ་ན་ལ་གསེར་གྱི་འབྱུང་ཁུངས་ཀྱིས་བསྐོར་ཆུ་བོ་བརྒྱ་པའི་འགྲམ། །ཞེས་ཀྱང་བཤད་དོ། །ལུང་སྡེ་ཞིར། རི་བོ་གངས་ཅན་དང་རི་སྤོས་ཀྱི་ངད་ལྡན་དང་ཤིང་འཛམ་བུ་མིང་ཙམ་མ་གཏོགས་རྒྱས་པར་གསུངས་པ་མི་སྣང་ངོ་། །གཞན་ཡང་འཇིག་རྟེན་བཞག་པ་དང་མཛོད་དུ། འཛམ་བུའི་གླིང་འདི་དབྱིབས་ཤིང་རྟ་འདྲ་བའི་ངོས་རིང་བ་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ངོས་ཐུང་བ་ལ་དཔག་ཚད་ཕྱེད་དང་བཞི། མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་ཕྱེད་བཞིར་གསུངས་པའི་ཁུངས་འདིར་ཤམ་བྷ་ལ་ལ་སོགས་པའི་ཡུལ་ལ་དཔག་ཚད་སུམ་སྟོང་དང་། ཕལ་ཆེན་དང་བཞག་པར་གསུངས་པའི་མ་དྲོས་པ་འཁོར་བཅས་ལ་དཔག་ཚད་བདུན་བརྒྱ་ལྷག་ཙམ་དང་། དྲན་པ་ཉེར་བཞག་གི་མདོར་གསུངས་པའི་རི་བོ་གངས་ཅན་ལ་དཔག་ཚད་སྟོང་དང་། ཏི་སེ་ལ་དཔག་ཚད་ལྔ་བརྒྱ་དང་། ཏི་སེའི་རྭ་དཔག་ཚད་ལྔ་དང་བཅས་པ་རྣམས་རྩིས་པའི་ལྷག་མར་དཔག་ཚད་བརྒྱད་བརྒྱ་ཅུང་མེད་ལུས་པའི་ནང་དུ་རྒྱ་གར་བལ་བོ་བོད་རྒྱ་ཧོར་སོག་པོའི་ཡུལ་ལ་སོགས་པ་ཡུལ་གྲུ་ཆེན་པོ་རྣམས་ཇི་ལྟར་གནས་ཞེས་མཁས་པ་ཆེན་པོ་རྣམས་ཀྱིས་གུངས་སྒྲིག་པར་མཛོད་ཅིག །དེས་ན་གཞན་དག་ལ་རི་བོ་གངས་ཅན་དང་མཚོ་མ་དྲོས་པ་འཁོར་དང་བཅས་པ་བྱང་ཕྱོགས་ན་ཡོད་ཅེས་གྱ་ཚོམ་དུ་སྨྲ་བ་ཙམ་མ་གཏོགས་འདི་ཡིན་ཞེས་ངོས་བཟུང་རྒྱུ་མི་སྣང་བས། དེའི་ཕྱིར་ཁོ་བོས་ཡིད་ཆེས་པའི་ལུང་སྦྱོར་དང་བཅས་ཏེ་རྒྱས་པར་བསྙད་པ་ཡིན་ནོ། །འདིར་སྨྲས་པ། ལུང་དང་རིགས་པའི་ཚ་ཟེར་འདི་འཕྲོས་པས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་ལོང་བ་དང་། །མཁས་མང་འདབ་རྒྱའི་ཟེའུ་འབྲུ་རྒོད་པ་གཉིས། །གནས་ཚུལ་སྟེང་དུ་ཅིག་ཅར་བྱེད་པ་མཚར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་དཀར་ཆ་འཕོ་བའི་རིམ་པ་བཤད་པ་ནི། །དེ་ལྟར་ཁམས་ནི་ཉི་ཤུ་བཞི། །ཐིམ་བ་སྙིགས་མར་གྱུར་པ་སྟེ། །ལོངས་སྤྱོད་དྭངས་མ་དཀར་ཆ་ཡིན། །བདག་པོ་རྩ་བ་རླུང་ཁྲག་འདྲེས། །རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། །རླུང་དང་དཀར་དམར་གསུམ་བདག་ཉིད། །བ་སྤུའི་མཐར་ཐུག་ཀུན་ཏུ་ཁྱབ། །ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་རྩ། །ཁམས་བཞི་ལྡན་པ་མགྲིན་པར་འབབ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །མེ་ལ་གཅིག་ཏུ་འབབ་པས་ན། །དུང་ཅན་མཐར་ནི་འཛག་པ་བྱེད། །ལུས་ཅན་ཀུན་གྱི་སྙིང་དགའ་བས། །ཆགས་བསྐྱེད་རྨོངས་པས་སྡང་སེམས་སྐྱེ། །འཁོར་བ་བསྐྱེད་བྱེད་གཞིར་གྱུར་ཏོ། །ཞེས་གསུངས་ཏེ། །དེ་ཡང་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ལས་གྱེས་ནས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ལ་སོགས་པ་རྣམས་སུ་འགྱུར་བ་དེ་ལྟར་ཁམས་ཀྱི་གཙོ་བོ་ཉི་ཤུ་རྩ་བཞི་ལ་ཡང་། །དཔལ་ཕྱག་ན་རྡོ་རྗེའི་འགྲེལ་པར་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་གསུངས་པའི་རིམ་པ་ལྟར་ཐིམ་པ་ནི་བྱ་བ་རྫོགས་ནས་ཁམས་ཀྱི་སྙིགས་མར་གྱུར་པ་སྟེ་འབྲས་བུ་ཡིན་ལ། ལོངས་སྤྱོད་པ་ནི་ཁམས་དེ་དག་གི་དྭངས་མ་དཀར་ཆ་སྟེ་དངོས་གཞིའོ། །དེ་དག་བསྐྱེད་པར་བྱེད་པའི་བདག་པོ་རྩ་བ་རླུང་ཁྲག་འདྲེས་པ་ཡིན་ནོ། །ཉི་ཤུ་རྩ་བཞི་པོ་རེ་རེའང་སྟོང་ཕྲག་གསུམ་གསུམ་གྱིས་བསྒྱུར་བ་ལས་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་འགྱུར་བ་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་ཏེ། འཁོར་དང་བཅས་པའི་དབང་དུ་བྱས་ན། རླུང་དང་དཀར་ཆ་དང་དམར་ཆ་གསུམ་གྱི་དྭངས་མའི་བདག་ཉིད་ནི་བྱེ་བ་ཕྲག་ཕྱེད་དང་བཞིའི་གྲངས་དང་ལྡན་པའི་བ་སྤུའི་མཐར་ཐུག་པར་ཀུན་ཏུ་ཁྱབ་ཅིང་བསྐྱེད་པར་བྱེད་དོ། །དེ་ལས་ཀྱང་ཁྱད་པར་དུ་དྭངས་མ་ཟླ་བ་ནི་སྤྱི་བོ་ནས་རྩ་བཅུ་དྲུག་བརྒྱུད་ནས་རྩ་བའི་ཆུ་མེ་རླུང་གི་ཁམས་བཞི་དང་ལྡན་པ་ལ་འབྱུང་ཚུལ་བཞི་བཞིར་བྱས་པ་ལས་ཐིག་ལེ་བཅུ་དྲུག་གི་རིམ་བས་མགྲིན་པར་འབབ། དེའི་ཐབས་ཤེས་གཉིས་གཉིས་བསྡོམས་པ་ལས་བཅུ་དྲུག་གི་ཕྱེད་བརྒྱད་ཀྱི་ངོ་བོར་སྙིང་གར་འབབ། དེའི་ཕྱེད་བཞི་ན་ལྟེ་བའི་མཚམས་རྩ་བཞིར་བབ་ནས་ཐིག་ལེ་ཅན་དེ་རྣམས་རྩ་གསུམ་འདུས་མདོའི་དམར་ཆའི་རང་བཞིན་ཨ་ཐུང་གི་མེ་ལ་བདེ་བའི་རོ་གཅིག་ཏུ་འབབ་པས་ན། དུང་ཅན་མའི་མཐར་ཟླ་བའི་ཆ་བཅུ་ལྔ་ཡོངས་སུ་རྫོགས་ནས་ཆ་བཅུ་དྲུག་པའི་ངོ་བོར་གནས་པར་འགྱུར་ཏེ། ཀྱཻ་རྡོ་རྗེ་ལས། བཅོ་ལྔ་ཆ་ཡི་བདག་ཉིད་ཕྱིར། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨ་ཡི་གཟུགས། །རྣལ་འབྱོར་མ་རྣམས་རེ་ཡི་ཆ། །ཞེས་གསུངས་སོ། །དེ་ཡང་འཆིང་བར་མི་ནུས་པ་ལ་ཕྱིར་འཛག་པར་བྱེད་ལ། དཀར་ཆ་དེ་ཡང་ལུས་ཅན་ཀུན་ཀྱི་སྙིང་དགའ་བར་བྱེད་བས་ན་དཔྱིད་ཅེས་བཤད་ཅིང་འཆིང་བའི་ནུས་པ་མེད་པ་རྣམས་ལ་ནི། འདོད་ཆགས་བསྐྱེད་ཅིང་དེ་ལས་ཞེ་སྡང་གི་སེམས་སྐྱེ་ལ། ཆགས་སྡང་གཉིས་ཀྱི་བར་དུ་བླང་དོར་ལ་རྨོངས་པའི་གཏི་མུག་བསྐྱེད་པར་བྱས་ནས་འཁོར་བ་བསྐྱེད་པར་བྱེད་པའི་གཞིར་གྱུར་ཏོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་རྟགས་མ་དག །གང་གིས་བསྟེན་བྱེད་རྣམས་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟིག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡི་སེམས་བཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཞེས་གསུངས་སོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས། འོད་དཔག་མེད་དང་རིན་ཆེན་འབྱུང་། །འཁོར་བ་བསྐྱེད་པའི་རྩ་བ་གཉིས། །ཞེས་སོ། །རྣམ་འགྲེལ་ལས། བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །འདིར་གཞུང་དུ་མི་འབྱུག་ཀྱང་འགྲེལ་པ་ལས། །ལུས་ཀྱི་གནས་རྣམས་སུ་ཡང་ཟླ་བའི་དཀར་ནག་གི་ཆ་འཕེལ་འགྲིབ་ཡོད་པ་དང་ཆོས་མཐུན་པར་ཁམས་དཀར་དམར་གྱི་འཕེལ་འགྲིབ་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ལས། །འདིར་ནི་སོར་མོ་རྣམས་ནས་ཚིགས་ཀྱི་རིམ་པས་གཙུག་ཏོར་བར་དུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉ་ཡི་མཐར་ཡང་རང་ག་སེམས། །ཨ་ནི་གཙུག་ཏོར་ནས་ནི་ནག་པོའི་ཕྱོགས་སུ་འདིར་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར། འགྲེལ་པར་ཡང་། ཡར་ངོའི་ཚེས་གཅིག་ལ་རྐང་པའི་སོར་མོ་ཚིགས་དང་པོ་ལ་ཨའོ། །ཚེས་དང་ཚིགས་གཉིས་པ་ལ་ཨིའོ། །ཚེས་དང་ཚིགས་གསུམ་པ་ལ་རྀའོ། །བཞི་པ་ལ་ལོང་བུར་ཨུའོ། །ལྔ་པར་པུས་མོ་ལ་ལྀའོ། །དྲུག་པར་བརླའི་མཚམས་སུ་ཨའོ། །བདུན་པར་ལག་པ་གཡོན་པའི་སོར་ཚིགས་དང་པོ་ལ་ཨེའོ། །བརྒྱད་པ་ལ་སོར་ཚིགས་གཉིས་པ་ལ་ཨར་རོ། །དགུ་པ་ལ་ཚིགས་གསུམ་པ་ལ་ཨོའོ། །བཅུ་པ་ལ་ལག་པའི་འཁྲིག་མར་ཨའོ། །ཞེས་བྲིས་བ་ནི་ཡི་གེ་པས་ནོར་བར་བྱས་པ་སྟེ་ཨལ་ཞེས་ཐོབ་བོ། །བཅུ་གཅིག་པར་གྲུབ་མོར་ཧའོ། །བཅུ་གཉིས་པ་ལ་དཔུང་པར་ཡའོ། །བཅུ་གསུམ་པར་མགྲིན་པར་རའོ། །བཅུ་བཞི་པ་ལ་ཚོགས་མར་ཝའོ། །བཅོ་ལྔ་པ་ལ་སྤྱི་བོར་ལའོ། །བཅུ་དྲུག་པ་ལ་ཨཾ་གྱི་རང་བཞིན་ཚངས་བུག་ཏུ་སྟེ་ནག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ལ་དཀར་ཕྱོགས་དེ་བཞིན་དུ་གཞོགས་གཡས་པ་ལ་ལུགས་བཟློག་ཏུ་རྩ་བའི་དབྱངས་རིང་པོ་ལྔ། འཕེལ་བ་ལྔ། ཡ་ཎ་རིང་པོ་ལྔ་སོར་ཚིགས་དང་པོའི་བར་དུ་མར་ངོའི་ཚེས་ཀྱི་འཕོ་བར་འགྱུར་རོ། །ཞེས་གསུངས་པས། ནག་པོའི་ཆ་བཅུ་དྲུག་པ་ལ་ཨཱཿའི་ངོ་བོར་གནས་ཤིང་། བསྡོམ་པ་འབྱུང་བར་གནས་པ་དང་དབྱངས་རྣམས་འཕོ་ཚུལ་མི་མཐུན་ནོ། །སྨན་གྱི་བསྟན་བཅོས་ལས་ཀྱང་། །ཀུན་ཏུ་འཁྱམ་པའི་བླ་གནས་ཀྱི་རྩ་ཞེས་བྱ་བ་བཤད་པ་དེ་ཡང་འདི་དང་ཆ་་མཐུན་པ་སྟེ། འདི་ཡོད་པའི་གནས་སུ་གཏར་བསྲེག་ལ་སོགས་པ་མི་བྱེད་པར་བཤད་དོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་བཤད་པ་ལ། གང་གིས་འཆིང་པ། །འཆིང་བའི་རིམ་པ། བཅིངས་པའི་འབྲས་བུ་བཤད་པ་དང་གསུམ། དང་པོ་ནི། རྒྱལ་བས་གསུངས་པའི་ཐབས་ལྡན་པས། །འཛག་བྲལ་དངུལ་ཆུ་ལྟ་བུ་ནི། །ཕྱག་རྒྱ་གསུམ་གྱི་མེས་བཅིངས་ནས། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཕོས་པ་ནི་གཉིས་སྣང་དུ་མཆེད་ནས་འཁོར་བའི་རྒྱུ་བྱེད་ལ། འཕོ་མེད་དུ་བཅིངས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པ་ཡིན་པས་ན་འཕོ་མེད་དུ་འཆིང་བའི་ཐབས་ལ་འབད་དགོས་ལ། དེ་ཡང་འཆིང་བའི་ཐབས་ནི། དཔེར་ན་མེ་ནི་དངུལ་ཆུའི་དགྲ་ཡིན་ཡང་སྣུམ་དང་སྨན་ལ་སོགས་པའི་ཐབས་མཁས་ཀྱི་སྒོ་ནས་འཆིང་ནུས་པ་བཞིན་དུ་ཕྱག་རྒྱའི་སྐྱེ་གནས་ཀྱང་བྱང་ཆུབ་ཀྱི་སེམས་གནས་པའི་དགྲ་ཡིན་ཡང་རྒྱལ་བས་གསུངས་པའི་ཐབས་དང་ལྡན་པས་འཛག་པ་དང་བྲལ་བའི་དངུལ་ཆུ་ལྟ་བུའི་ཐིག་ལེ་ནི་ཐབས་ཀྱིས་འཆིང་ནུས་པ་ཡིན་ལ། དེ་ཡང་ཕྱག་རྒྱ་གསུམ་གྱི་མེས་བཅིངས་ན་འཆིང་བར་ནུས་སོ། །གསུམ་གང་ཞེ་ན། འགྱུར་བཅས་ལས་ཀྱི་ཕྱག་རྒྱ་དང་། གཡོ་བ་དང་བཅས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གཡོ་མེད་ཕྱག་རྒྱ་ཆེན་པོ་སྟེ་གསུམ་ལས་སྔ་མ་གཉིས་ཐར་པའི་བརྒྱུད་པའི་རྒྱུ་དང་། དངོས་འབྲས་ནི་འདོད་པ་དང་གཟུགས་ཀྱི་དངོས་གྲུབ་འགྲུབ་པ་ཡིན་ལ། ཕྱི་མ་ནི་ཐར་པའི་དངོས་ཀྱི་རྒྱུའོ། །གཉིས་པ་འཆིང་བའི་རིམ་པ་ན། རྒྱལ་མཚན་རྩ་བཞི་དག་པ་རུ། །འགགས་པས་བདེན་མཐོང་དོན་ལ་སྦྱོར། །རྗེས་དྲན་བཅུ་དྲུག་དང་ལྡན་པས། །བརྟན་བྱས་གྱེན་ལ་འགྲོ་བ་ཡིན། །ས་ནི་བཅུ་གཉིས་རིམ་པ་ལྟར། །ཐོབ་བྱེད་དགའ་བཅུ་དྲུག་ནི། །མཐར་སོན་རྟེན་འབྲེལ་བཅུ་གཉིས་དག །ཅེས་གསུངས་ཏེ་སོར་སྡུད་བསམ་གཏན་སྲོག་རྩོལ་གསུམ་པོ་སྦྱངས་ནས་འཛིན་པའི་སྐབས་གསང་གནས་ཀྱི་རྒྱལ་མཚན་གྱི་རྩ་བཞི་ཐིག་ལེ་འཕོ་མེད་ཀྱི་རྟེན་དུ་དག་པར་བྱས་ནས། དེར་བསྐ་བའི་ཐིག་ལེ་འཕོ་མེད་དུ་འགགས་པ་ལས་བདེན་པ་མཐོང་དཀའི་དོན་ལ་སྦྱོར་ཞིང་། རྗེས་དྲན་དུ་བསྒོམ་ལམ་གྱི་མཚན་ཉིད་ཅན་གྱི་དགའ་བ་བཅུ་དྲུག་དང་ལྡན་པས་ཐིག་ལེ་བརྟན་པར་བྱས་ནས་ཏིང་ངེ་འཛིན་དུ་རང་བྱུང་དུ་གྱེན་ལ་འགྲོ་བ་ཡིན་ལ། དེ་ལྟར་གྱེན་དུ་སོང་བ་ལས་གསང་གནས་ཀྱི་འཁོར་ལོ་ལ་སོགས་པའི་འཁོར་ལོ་དྲུག་པོ་རེ་རེར་ལས་རླུང་བརྒྱ་ཕྲག་སུམ་བཅུ་རྩ་དྲུག་པ་རེ་འགགས་པ་ལས་འཁོར་ལོ་རེ་རེར་ས་གཉིས་གཉིས་ཐོབ་སྟེ། གཙུག་ཏོར་དུ་ས་བཅུ་གཉིས་རིམ་པ་ལྟར་ཐོབ་པར་བྱེད་དོ། །དེས་ན་ལུགས་བཟློག་གི་དགའ་བ་བཅུ་དྲུག་མཐར་སོན་པའི་ཚེ་ཉོན་མོངས་པ་དུག་གསུམ་འགག་ཅིང་། དེ་ནས་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྟེན་འབྲེལ་བཅུ་གཉིས་དག་པར་འགྱུར་རོ། །དོན་འདི་ཡང་དྲི་མ་མེད་པའི་འོད་ལས་གསུངས་ཏེ། དེ་ནས་གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་གི་འགོག་པ་ཞེས་པ་བུམ་པ་ཅན་རབ་ཏུ་བྱ་སྟེ། འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཞེས་པ་སྔར་བརྗོད་པའི་གཟུགས་ལས་ནང་དུའོ། །དེ་ནས་ཟླ་བ་དྲུག་གིས་བསྡོམ་བརྩོན་ཏེ་ལས་དང་པོ་པའི་ཚངས་པར་དཔྱོད་པ་རྣམས་ལ་རེག་བྱས་དམན་པ་ཞེས་པ་དབང་པོ་གཉིས་ཀྱི་འཁྲིག་པ་དང་བྲལ་བའི་བདེ་བ་མཉམ་པ་སྟེ་མི་འགྱུར་བའི་བདེ་བ་ལམ་གྱི་སེམས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་རོ། །དེ་ནས་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི། །ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ་ཆགས་ཞེས་པ་ནི། དཀར་པོའི་ཕྱོགས་ཏེ་དེའི་མཐར་གནས་པ་ནི་ཆ་བཅུ་དྲུག་པའི་མཚན་ཉིད་དོ། །ཆགས་བྲལ་ནི་ནག་པོའོ། །དེའི་དང་པོ་ལ་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དོ། །སྐད་ཅིག་མ་དེ་ཉིད་ཀྱང་དབུགས་ཀྱི་གྲངས་ཞེས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ། །གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སྐད་ཅིག་མ་བརྒྱ་ཕྲག་སུམ་བཅུ་རྩ་དྲུག་གིས་འཕེལ་ཏེ། དེའི་གྲངས་ཀྱི་སྲོག་རྣམས་བསད་ནས་གསང་བའི་པདྨར་ཕྱིན་པ་དེས་ས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་བཞི་དང་དྲུག་དང་བརྒྱད་དང་ས་བཅུ་རྣམས་སུ་འགྱུར་ཞིང་གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་སོ། །ཞེས་དང་། ཡང་དེ་ཉིད་ལས། ད་ནི་སྟོང་པ་ཉིད་ཀྱི་གཟུགས་མཐོང་བའི་རྗེས་ལ་སྲོག་འགོག་པས་རྣལ་འབྱོར་པ་རྣམས་ཀྱིས་སྐད་ཅིག་ཐོབ་པ་གསུངས་པ། རླུང་ཞེས་པ་ལ་སོགས་པ་སྟེ་སྔར་གཟུགས་མཐོང་བའི་རྗེས་ལ་སྲོག་རྩོལ་གྱི་རླུང་བཅུ་པོ་རྣམས་ཕྲད་པར་འགྱུར་རོ། །སྲོག་དང་ཐུར་སེལ་ལ་སོགས་པ་བཅུ་པོ་ཡང་དག་པར་ཕྲད་པ་དེ་རྣམས་ཀྱིས་ལྟེ་བ་ལ་གཏུམ་མོ་གློག་གི་མེའོ། །དེའི་རྩེ་མོ་ནི་འོད་ཟེར་ཡིན་ཞིང་རྩེ་མོ་དེས་སྤྱི་བོ་སྟེ་དཔྲལ་བར་ཟླ་བ་ཞུ་བར་བྱེད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས། བྱང་ཆུབ་སེམས་ཀྱི་ཐིག་ལེ་གང་གང་དཔྲལ་བ་འདི་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་ལ་སོན་པ་ནི་སྲོག་རྩོལ་གྱི་སྟོབས་ཀྱིས་འགོག་པར་འགྱུར་ཏེ། གསང་བར་སྐུའི་ཐིག་ལེ་འགོག་ཅིང་། དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་ལ་འགོག་གོ །ཐིག་ལེ་འདི་ལས་གཡོ་བའི་ཁུ་བ་གང་ཞེས་པ་ནི། འདིར་གསང་བ་ལ་གནས་པ་སྐུའི་ཐིག་ལེ་བསྐ་བའི་རང་བཞིན་ལས་གཞན་སླ་བའི་ཁུ་བ་གང་ཡིན་པ་དེ་ནི་གཡོ་བའི་ཁུ་བར་གསུངས་ཤིང་དེ་ནི་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་སྟེ་རྟགས་ཀྱི་སྒོ་ལ་ཡང་དག་པར་གནས་པའོ། །གཡོ་བ་དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པའི་རྒྱུས་བདེ་བ་སྟེར་ནའོ། །དེའི་ཚེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་མ་ཡིན་ཏེ་ཤེས་རབ་ཡེ་ཤེས་སོ་ཞེས་གྲུབ་བོ། །མི་འཕོ་བའི་རྒྱུ་དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟེར་བར་བྱེད་དོ། །དེས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མཆོག་ཏུ་མི་འགྱུར་བའོ། །ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་བདེ་བ་འཛག་པ་དང་གཡོ་བའི་ཐབས་ཏེ་བྱིས་པ་དང་ལང་ཚོའོ། །ཇི་ལྟར་དངུལ་ཆུ་བྱིས་པ་དང་ལང་ཚོ་དང་རྒན་པོ་དང་། བཅིངས་པ་དེ་བཞིན་དེ་ཁུ་བ་ཡང་བྱིས་པ་དང་ལང་ཚོ་དང་རྒན་པོ་དང་འགོག་པ་སྟེ་སྒྲིབ་པ་ཐམས་ཅད་ཟད་པ་ལས་སོ། །སྒྲིབ་པ་ནི་དྲི་མའོ། །ཞེས་དང་། ཡང་དེ་ཉིད་ལས། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདིས། །རང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། །ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ཟག །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར་ན། །དབྱིངས་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྷུང་ན་ཙུ་ཏའི་འབྲས་བུ་གང་གིས་འབྱུང་། །གང་གིས་འགྱུར་མེད་མ་ཐོབ་སྡུག་བསྔལ་ཅན། །དེ་ནི་འགྱུར་བ་དང་བཅས་བདེ་བ་འཚོལ། །ཐམས་ཅད་ཆུ་ནི་འཚོལ་བྱེད་ཁུག་རྟ་ནི། །སྐོམ་པར་གྱུར་ཀྱང་ས་ལ་གནས་པ་མིན། །འཁོར་བ་ཡི་ནི་བདེ་བས་མི་རྟག་པ། །འཐོབ་པ་མིན་ཡང་རྨོངས་ཆེན་འཚོལ་བར་བྱེད། །ཡང་དག་རྒྱལ་སྲིད་བདེ་བ་ཐོབ་པ་ཡང་། །ཐར་པའི་དོན་དུ་མཁས་པས་འདོར་བར་བྱེད། །ཇི་ལྟར་ལོ་ཡི་མཚམས་སུ་རྒྱ་ལམ་ན། །རི་དྭགས་ཟས་ཅན་འཁྲིག་པའི་བདེ་བ་འཚོལ། །རྡོ་ཡི་ཕྱེ་མ་དག་གིས་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །ལན་ཅིག་རྟག་ཏུ་ཁུ་བ་ལྷུང་པའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་། །འདོད་ལྡན་ལའང་། །རྨི་ལམ་སད་པ་དག་ལ་འཛག་ཕྱིར་རོ། །ཇི་ལྟར་གཉིད་ལོག་ལ་ཡང་སྤྲུལ་གྱིས་ནི། །སོས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམས་པར་བྱས་པའོ། །ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱིས་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོགས་པ་ཁྱེད་རང་གིས་ཇི་སྐད་བཀོད་པའི་ཉེས་པ་ཐམས་ཅད་མཚུངས་པའི་ཕྱིར་རོ། །གལ་ཏེ་གདམས་ངག་པ་དེ་རྣམས་ཀྱིས་ཚོགས་དྲུག་གི་རྒྱུ་བ་བཀག་ནས་དྲན་རིག་ཙམ་ཡང་གསལ་བ་མེད་པར་བསྒོམ་པ་མེད་བའི་ཕྱིར་མི་མཚུངས་སོ་ཞེ་ན། གཉིས་པ་རྣལ་མའི་ལན་ནི། ཕྱག་རྒྱ་པས་ཀྱང་ཚོགས་དྲུག་གི་རྒྱུ་བ་བཀག་ནས་དྲན་རིག་ཙམ་ཡང་གསལ་བ་མེད་པར་བསྒོམས་པ་མེད་དེ། ཕྱག་རྒྱ་པའི་ཡབ་མེས་རྗེ་བཙུན་མི་ལའི་ཞལ་ནས། འཕུར་ཤེས་ཀྱི་བྱ་ལམ་ནམ་མཁའ་བདེ། །འཕུར་མ་མྱོང་ལ་ཅི་ཆ་ཡོད། །བསྒོམ་ཤེས་ཀྱི་མི་ལ་རྣམ་རྟོག་བདེ། །བསྒོམ་མ་མྱོང་ལ་ཅི་ཆ་ཡོད། །ཅེས་དང་། །གཏི་མུག་གི་ར་བ་མུན་པ་ནག །རྣམ་རྟོག་གི་རྐུན་མ་མགོ་ལ་རྒོད། །སེམས་ཡིད་བཞིན་ནོར་བུ་སྟོར་ཉེན་ཡོད། །དྲན་པ་ཡེངས་མེད་ཀྱི་སོ་བ་འཛུགས་རེ་རན། །ཞེས་རྣམ་རྟོག་ལམ་གྱི་གྲོགས་སུ་འཁྱེར་བ་ལ་དྲན་པའི་བྱ་རབ་དགོས་པར་གསུངས་པའི་ཕྱིར་དང་། མཉམ་མེད་དྭགས་པོ་ལྷ་རྗེས་ཀྱང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྒྲ་བཤད་གསུངས་པ་ན། སྣང་བ་དང་ནི་ཆོས་ཀྱི་སྐུ། །འདི་གཉིས་ལྷན་ཅིག་སྐྱེས་པས་ཏེ། གདམས་པས་གཅིག་ཏུ་སྦྱོར་བས་ན། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཏགས། ཞེས་དང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་དང་། སེམས་ཉིད་འོད་གསལ་སྟོང་པ་འདི། །ལྟ་བ་ཡིན་པར་ད་གཟོད་ཤེས། །ཐ་མལ་ཤེས་པ་ཡེངས་མེད་འདི། །བསྒོམ་པ་ཡིན་པར་ད་གཟོད་ཤེས། །འཛིན་མེད་རིག་པ་བརྟེན་འབྲེལ་འདི། ཉམས་མྱོང་ཡིན་པར་ད་གཟོད་ཤེས། །སེམས་ལ་ངེས་ཤེས་སྐྱེས་པ་འདི། །རྟོགས་པ་ཡིན་པར་ད་གཟོད་ཤེས། །རང་ལུགས་ལྷུག་པ་ཞེན་མེད་འདི། །སྤྱོད་པ་ཡིན་པར་ད་གཟོད་ཤེས། །རང་རིག་ངོ་བོ་སྟོང་གསལ་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །ཐོག་མེད་རང་སེམས་རྣམ་དག་འདི། །འབྲས་བུ་ཡིན་པར་ད་གཟོད་ཤེས། །ཞེས་དང་། གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་གཟུང་། །ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་བཙིར་གྱིས་གཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། མཚན་མར་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་བཙིར་གྱིས་གཟུང་། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །བཏགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པར་བཙིར་གྱིས་གཟུང་། །བརྟན་པ་ཐོབ་ན་བདེན་པ་མཐོང་། །ཞེས་བྱ་བ་ལ་སོགས་གསུངས་ལ། བསྒོམ་པ་ཚུལ་ཁྲིམས་སྙིང་པོའི་ཞལ་ནས་ཀྱང་། ལྷན་ཅིག་སྐྱེས་པའི་སེམས་ཉིད་འདི། །བཙིར་གྱིས་གཟུང་ན་གཉུག་མ་ཡིན། །ལྷོད་ཀྱིས་གློད་ན་སྤྲོས་བྲལ་ཡིན། །ལྷན་གྱིས་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤང་བྱར་མི་འདོད་ཅིང་། །མི་རྟོག་ཆེད་དུ་མི་བསྒྲུབ་པ། །མཉམ་འབྲེལ་སེམས་ཀྱི་ངོ་བོ་ཡིན། །གསལ་སྟོང་རིག་པ་རྗེན་པ་འདི། །མ་ཡེངས་སྐྱོང་བ་མན་ངག་ཡིན། །ཡོད་ན་བླ་མ་དཀོན་མཆོག་མཆོད། །མེད་ན་ཤེས་པ་གློད་ལ་ཞོག །ཕ་འཛམ་གླིང་གྲགས་པ་དེ་སྐད་གསུང་། །ཞེས་གསུངས་སོ། །རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། །ཉིད་ཀྱི་ཕྱག་མཐིལ་གཡོན་པར་ཕྱག་མཛུབ་གཡས་པ་བཞག་ནས་བུ་སློབ་རྣམས་ལ་གསུངས་པ། བུ་ཀུན་བུ་ཀུན་འོ་སྐོལ་གྱི་བརྒྱུད་པ་འདི་ལ་དྲན་པ་རྩིས་སུ་བྱེད་པ་ཡིན་དྲན་པ་དྲན་པ་ཞེས་གསུང་བར་གྲགས། རྒྱལ་བ་ཡང་དགོན་པའི་ཞལ་ནས་ཀྱང་། །བློ་རྣམ་པར་རྟོག་པ་ལ་སྐྱོན་དུ་མི་བལྟ་ཞིང་། །མི་རྟོག་པ་ཆེད་དུ་མི་བསྒྲུབ་པར་དྲན་པའི་རྒྱང་སོ་ཅིག་ཚུགས་ལ་སེམས་མ་བཅོས་པར་གློད་ལ་ཞོག་དང་བསྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་པ་ཅིག་འོང་པ་ཡིན། །ཞེས་གསུངས་ལ། ཆོས་རྗེ་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང་། །སྣང་བ་འདི་ཇི་ལྟར་སྣང་ཡང་ལེགས། དགག་བསྒྲུབ་དང་ཕྱོགས་ཆ་ཡེ་ནས་ཞི། ཞེས་དང་། ཿཕྲལ་སྣང་རྨི་ལམ་ཙམ་འདི་གང་བྱས་སྣང་། །རང་གིས་རང་ཉིད་བཅིངས་ནས་ཅི་ཞིག་བྱ། །གཏད་མེད་འཆལ་བའི་ངང་དུ་ལྷོད་ཀྱིས་གློད། །མ་བཅོས་ལྷུག་པ་འདི་ནི་བྱང་ཆུབ་ལམ། །ཞེས་གསུངས་སོ། །རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྡོ་རྗེའི་གསུང་ལས། ཤེས་བྱའི་དཀྱིལ་འཁོར་རབ་ཏུ་བཀྲ་བ་དུ་མའི་རི་མོ་འདི་ནི་སུ་ཡིས་བྲིས་སོ་ཀྱཻ། །རང་གིས་རང་ལ་བྲི་བར་མི་ནུས་ཤེས་པས་བྲིས་ན་རང་ལས་གཞན་པའི་བྲི་གཞི་གང་། །ཤེས་པའི་གཞི་ལ་ཤེས་པས་མ་བྲིས་རི་མོ་བཀྲ་ལ་འབྲི་མཁན་མེད་པའི་རི་མོ་མཚར། །རི་མོ་འདི་ལ་ངོ་མཚར་ཆེ་བར་འཛིན་པའི་གད་མོའི་སྒྲ་འདི་མོ་ཤམ་བུ་ཡིས་སོ། །སྒྲ་འདི་ཐོས་པའི་སྒྱུ་མའི་སྐྱེས་བུ་བདག་གིས་སྲིད་གསུམ་འཁོར་བའི་རྨི་ལམ་དུ་མ་དང་། ཐར་ལམ་བགྲོད་དང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྐུ་དང་ཞིང་ཁམས་གདུལ་བར་བྱ་ལ་སོགས། རྨི་ལམ་བསམ་གྱིས་མི་ཁྱབ་དུ་མ་མྱོང་ཡང་མྱོང་བ་པོ་ཡི་བདག་གི་སེམས་འདི་ནི། །འོད་གསལ་ནམ་མཁར་ཐིམ་ཞིང་བདེ་ཆེན་གཉིད་མཐུག་གིས་ནོན་རྨི་ལམ་ཅི་ཡང་མྱོང་བ་མེད། སེམས་འདི་རང་བཞིན་ཉིད་དུ་མེད་པའི་སེམས་ཀྱི་རྡོ་རྗེ་གསང་བའི་དབྱིངས་འདི་ནི། །བྱིས་པ་བློ་མིག་ལོང་བ་དག་གིས་ཡོད་པར་མ་མཐོང་མེད་ཅེས་འདི་ལ་སྐུར་འདེབས་ཤིང་། མ་རིག་རབ་རིབ་མིག་ཅན་དག་གིས་འཁྲུལ་བའི་སྐྲ་ཤད་ལྟ་བུ་འདི་ཉིད་ཡོད་མཐོང་བས། །ཡོད་ཅེས་སྒྲོ་འདོགས་ཀྱེ་མའོ་རང་སེམས་ཡོད་པ་འདི་ནི་གང་ཡིན་མེད་པ་འདི་ནི་གང་། །མེད་ན་མེད་པར་ཤེས་དེ་སུ་ཞིག་ཡོད་ན་ཡོང་བར་ཤེས་དེ་གང་ཞིག་ཡིན་པར་སྨྲོས། །ཤེས་པ་ཉིད་དོ་ཞེ་ན་སེམས་དེ་ཤེས་པའི་ཡུལ་མིན་པས་ན་ཤེས་པར་མི་ནུས་སོ། །ཡུལ་མེད་ཤེས་པ་དེ་ནི་ཅི་ཡང་མི་ཤེས་ཤེས་དེ་གང་ཡིན་སུ་ཡི་ཡིན། །ཤེས་དང་ཤེས་བྱ་ཕན་ཚུན་ལྟོས་དབང་ལས་ཏེ་ཕ་རོལ་དང་ནི་ཚུ་རོལ་ལྟ་བུའོ། །ཞེས་གསུངས་སོ། །དེས་ན་བཀའ་བརྒྱུད་རིན་པོ་ཆེའི་ལུགས་ཀྱི་ལྟ་བའི་རྣམ་པར་གཞག་པ་ལྟ་བ་དེ་ཉིད་བསྒོམ་པས་ཉམས་སུ་ལེན་པའི་ཚུལ་སྤྱོད་པ་ལྟ་བས་ཟིན་པའི་ཚེ་བླང་དོར་དང་བྲལ་བ། རྗེས་ཐོབ་སྒྱུ་མ་ལྟ་བུའི་གནས་སྐབས་སུ་སྒྱུ་མ་ལྟ་བུའི་ལས་དཀར་ནག་ལ་སྒྱུ་མ་ལྟ་བུའི་སྤང་བླང་བྱེད་པའི་ཚུལ་ནི་དེ་ལྟ་བུའོ། །དེའི་ཕྱིར་བཀའ་བརྒྱུད་རིན་པོ་ཆེ་འདིའི་བཞེད་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཆེ་ཚོགས་དྲུག་གི་སྣང་བ་འགོག་པ་ལྟ་སྨོས་ཀྱང་ཅི་དགོས། སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་བ་བསྐུར་བ་ཕྱག་རྒྱ་པའི་ལུགས་ཡིན་པའི་ཕྱིར་དང་མ་ཡེངས་པའི་དྲན་པ་དང་། རང་རིག་རང་གསལ་གྱི་དང་དུ་འཇོག་པ་བསྒོམ་གྱི་དངོས་གཞི་ཡིན་བའི་ཕྱིར་དང་། སྣང་བ་དང་རྟོག་པ་ཐམས་ཅད་བསྒོམ་གྱི་གསལ་འདེབས་ཡིན་པས་གྲོགས་སུ་ཁྱེར་བའི་ཕྱིར་དང་། དེས་ན་ཁྱོད་ཅག་ཕྱོགས་སྔ་མའི་འབེན་མ་མཐོང་བཞིན་དུ་འཕངས་པའི་དགག་པའི་མདའ་འདི་སུ་ཞིག་ལ་ཕོག་རྒྱུ་ཡིན། ལེགས་པར་བསོམས་ཤིག །ཕྱག་རྒྱ་པའི་རྗེས་སུ་འབྲང་བར་རློམ་པའི་རླུན་པོ་རྣམས་ཀྱིས་སྨྲས་པའི་ཚིག་ཙམ་ལ་ལུང་དང་རིགས་པའི་དགག་པ་མཛད་ན་ནི་ཉ་པ་དང་། རྔོན་པ་དང་ཤན་པ་རྣམས་ཀྱིས་སྲོག་ཆགས་བསད་ནས་རྒྱུ་མ་བརྒྱངས་ཏེ་ཟ་བ་ལ་སོགས་པ་ལའང་ལུང་རིགས་ཀྱི་དགག་པ་མཛོད་ཅིག །ཕྱག་རྒྱ་པའི་མཁས་གྲུབ་གོང་མ་རྣམས་ཀྱིས་ནི་ཕྱོགས་སྔ་མ་དེ་ལྟ་བུ་ཞལ་གྱིས་བཞེས་པ་མེད་དོ། །ཡང་གཟུགས་ཀྱི་སྣང་བ་མཐའ་དག་བཀག་ནས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱས་ཏེ་ཞེས་སོགས་ཀྱི་ཉེས་པ་གང་ཡིན་པ་དེ་དག་ཕྱག་རྒྱ་བ་ལ་མེད་དེ། དེས་གཟུགས་ཀྱི་སྣང་བ་བཀག་ནས་ནམ་མཁའ་ལ་དམིགས་པ་མེད་པའི་ཕྱིར་དང་། སྦྱོར་བ་ཡན་ལག་དྲུག་པ་པ་རྣམས་ཀྱིས། ཐུགས་ཀྱི་རྡོ་རྗེ་ནམ་མཁར་བཞག །ཡུལ་དང་ཡུལ་ཅན་འབྲེལ་བ་བཅད། །སྟོང་གཟུགས་མངོན་དུ་གྱུར་པ་ཡི། །སོ་སོར་སྡུད་པ་བསྡོམ་པར་བྱ། །ཞེས་གསུངས་པ་ལྟར། །མཚན་མོའི་རྣལ་འབྱོར་གྱི་སྐབས་སུ་མུན་ཁང་གི་ནང་དུ་མི་གཡོ་གསུམ་ལྡན་གྱི་བྱེད་པ་བཅིངས་པ་ལ་བརྟེན་ནས་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་བཅད་དེ། །ཅིར་ཡང་མི་སེམས། ཅིར་ཡང་མ་རྟོག །གང་ཡང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ནས་མཉམ་པར་འཇོག་པ་དང་། ཉིན་མོའི་རྣལ་འབྱོར་གྱི་སྐབས་སུ་སྤྲིན་མེད་པའི་ནམ་མཁའ་ལ་སེམས་གཏད་ནས་མཉམ་པར་འཇོག་པ་གདམས་ངག་འདིའི་ལུགས་ཡིན་པའི་ཕྱིར། །གཟུགས་སྣང་བཀག་ནས་ནམ་མཁའ་ལ་དམིགས་པའི་སྐྱོན་གང་ཡིན་པ་དེ་གདམས་པ་འདི་ལ་བརྗོད་པར་རིགས་ཀྱི་ཕྱག་རྒྱ་པ་ལ་ནི་མ་ཡིན་ནོ། །འོན་ཀྱང་གདམས་ངག་འདི་ལ་གཟུགས་མེད་ཀྱི་རྒྱུར་ཐལ་བའི་ཉེས་པ་དེ་མེད་ཏེ། དེ་ལྟར་མཉམ་པར་བཞག་བའི་ཚེ་ཉིན་མཚན་གྱི་རྟགས་བཅུ་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གང་ཚེ་རྟགས་ནི་མ་བྱུང་བ། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་གསུངས་སོ། །ཡང་གང་ཟག་གི་བདག་འཛིན་བཀག་སྟེ་འཁོར་བ་ལས་ངེས་པར་འབྱུང་བའི་བློས་རྩེ་གཅིག་ཏུ་བསྒོམ་པར་བྱས་ན་ཉན་ཐོས་ཀྱི་མྱང་འདས་ཐོབ་པར་འགྱུར་རོ། །ཞེས་ཟེར་བ་འདིས་ཀྱང་ཕྱག་རྒྱ་བའི་ལུགས་ལ་རེག་བ་མེད་དེ་བདག་ཏུ་འཛིན་པ་དང་བདག་མེད་པར་འཛིན་པ་གང་ཡང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་པ་རྣམས་ལ་མེད་པའི་ཕྱིར་ཏེ། འཛིན་པ་ཀུན་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཇི་སྐད་དུ་རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང་། བྲམ་ཟེ་ཆེན་པོས་ཀྱང་། འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཞེས་གསུངས་པ་ལྟར་ཡིན་ནོ། །ཡང་ཕྱག་རྒྱ་པའི་ཆོས་ལུགས་ཐམས་ཅད་རྒྱ་ནག་མཁན་པོའི་ཆོས་ལུགས་དང་མཐུན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་གཉིས་འགལ་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཇི་ལྟར་འགལ་ཞེ་ན། ཧྭ་ཤང་གིས་ནི་རྣམ་པར་མི་རྟོག་པ་བསྒོམ་པའི་ཚེ་སྣང་བ་དང་རྟོག་པ་ཐམས་ཅད་བཀག་ནས་བསྒོམ་པ་ཡིན་ལ། ཕྱག་རྒྱ་པས་ནི་གོང་དུ་ཇི་སྐད་བཤད་པ་བཞིན་སྣང་གྲགས་ཐམས་ཅད་ཉམས་ལེན་གྱི་གྲོགས་སུ་འཁྱེར་བའི་ཕྱིར་ཏེ། ཕྱག་རྒྱ་པའི་ཡབ་མེས་དཔལ་ས་ར་ཧས་དོ་ཧ་ལས། བརཏལ་ཞུགས་དཔྱོད་པའི་རྣལ་འབྱོར་པ་ནི་གྲོང་ཁྱེར་སེམས། །རྒྱལ་པོའི་ཕོ་བྲང་འཇུག་ཅིང་བུ་མོ་དང་རྩེ་ཡང་། །སྐྱུར་བ་མངར་ཟོས་པ་ཡིས་སྐྱུར་བ་མཐོང་བ་བཞིན། །ཡུལ་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་རིག་པར་བྱ། །ཞེས་དང་། སྣང་བ་སྣ་ཚོགས་ཕྱག་རྒྱ་འདི་ནི་གཟིགས་མོར་ཆེ། །ཞེས་གསུངས་ལ། དཔལ་ཏེ་ལོ་པའི་དོ་ཧ་ལས། །གཉུག་མ་ཡིད་ལ་བྱར་མེད་ཤེས་པར་གྱི། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཉམས་མྱོང་དྲན་རིག་གློ་བུར་འདི། །བརྫུན་པར་རྟོགས་ན་ཅི་གར་ཐོངས། །ཕུང་ཆོངས་ཐོབ་ཤོར་གང་ཡང་མེད། །ཅེས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ལ། །མ་ལུས་དེར་བྱུང་དེ་ལ་ཐིམ། །དངོས་དང་དངོས་མེད་སྤྲོས་དང་བྲལ། །ཡིད་ལ་བྱར་མེད་དོན་མ་ཚོལ། །ཞེས་གསུངས་ཤིང་། མཁས་གྲུབ་ཀུན་གྱི་གཙུག་རྒྱན་ནཱ་རོ་བའི་ལྟ་བ་མདོར་བསྡུས་ལས། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་གི་སེམས་ལས་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་བ་མེད་ཕྱིར་མི་སྣང་འགྱུར། །དེ་ལྟར་ཀུན་རྫོབ་བརྟན་ལ་དབབ། །ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་དངོས་གཞི་སེམས་ཉིད་དེ། །རིགས་པས་གཞི་སོགས་ཀྱིས་དཔྱད་ཀྱང་། །རང་བཞིན་འོད་གསལ་སེམས་དེ་དང་། །གློ་བུར་རྣམ་རྟོག་དྲི་མ་གཉིས། །གཅིག་དང་ཐ་དད་གང་ཡིན་པ། །ཤིན་ཏུ་ཟབ་པ་ཆེན་པོ་ཉིད། །ཤིན་ཏུ་ཟབ་ཕྱིར་མཁས་པས་དཔྱོད། །ཅེས་དང་། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ལས། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་བའི་བློ། །རྨི་ལམ་ཡིན་ཏེ་ངོ་བོས་སྟོང་། །སེམས་ཀྱི་དྲན་རིག་འགྱུར་བ་ཙམ། རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་སྐུ་ནམ་མཁའ་འདྲ་སྙམ་ལ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །ཅི་སྟེ་རྒྱ་གར་གྱི་མཁས་གྲུབ་རྣམས་ལ་སྣང་གྲགས་ཐམས་ཅད་གྲོགས་སུ་འགྲོ་བའི་ཉམས་ལེན་ཡོད་པར་ཁོ་བོ་ཅག་ཀྱང་འདོད་མོད། བོད་ཀྱི་ཕྱག་རྒྱ་བ་རྣམས་ལ་ཇི་ལྟར་ཞེ་ན། བསྒྲུབ་བརྒྱུད་འདིའི་བཞེད་པ་ནི་འདི་ཡིན་ཏེ་སྣང་བ་སེམས་སུ་འདོད་པས་སེམས་ཙམ་པ་དང་མཐུན། སེམས་སྤྲོས་བྲལ་དུ་བཞེད་པས་དབུ་མ་པ་དང་མཐུན། སྤྲོས་བྲལ་བདེ་བ་ཆེན་པོའི་སྐུར་བཞེད་པས་གསང་སྔགས་བླ་ན་མེད་པ་དང་མཐུན། །དེའི་ཕྱིར་ལུགས་འདི་ནི་བསྒྲུབ་བརྒྱུད་པ་འདི་ལ་གསལ་བར་བཞུགས་ཏེ། རྗེ་བཙུན་མི་ལའི་གསུང་མགུར་ལས། ཡོང་ཡུལ་ལ་མཚན་གསོལ་དང་མ་བྲིན། ཟོང་ཁེ་ཚོལ་འདུ་བའི་ཚོང་དུས་ཏེ། །མི་རྒྱ་བོད་གཉིས་ཀྱི་འགྲིམ་ས་ཡིན། །གངས་མཐོ་ལ་གཉན་པ་ཚེ་རིང་མ། །རི་བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། །ལྷ་སྨན་རྒྱལ་མོའི་ཐུ་བ་ལ། འབྲོག་གཡར་ས་སྨན་ལུང་མི་ཟེར་རམ། །ས་ཁོལ་དུ་བྲིན་པའི་ཆུ་བར་དུ། །ཁྱེད་སྟོང་ཕྲག་བཅུ་གཉིས་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ཡི་དྭགས་ཡན་ཆོད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའི་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲིན་པོའི་གདོན། །རོ་ལངས་གནོད་སྦྱིན་འབྱུང་པོ་རྣམས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོའི་ཚོགས། ཁྱད་པར་འཇིགས་པའི་སྲིན་མོ་ལྔ། །མི་ང་ལ་མི་སྙན་དག་དུ་སྨྲ། །ཚེ་འདི་ནས་ཕ་རོལ་འགྲོ་དགོས་ཟེར། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་བགྱིད། །ནང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་ངང་སངས་ལྟ་བའི་གདེང་། །འོད་གསལ་སྟོང་པར་བློ་ཐག་ཆོད། ད་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅིར་སྣང་སྒྱུ་མར་རྟོགས། །ད་ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་བསྲི་བ་གསུམ་ལ་སྦྱངས་པ་ཡིས། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདེང་ཡོད་དེ། ཤེས་རྒྱུད་འཆང་བའི་ལམ་ནས་འདོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །དུས་ད་ལྟ་ཤི་ཡང་ཉམ་ང་མེད། །ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། མི་རྟག་འཇིགས་པའི་ཆོས་ཅན་ཏེ། །ལར་ཅིས་ཀྱང་མི་སྡོད་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགའ་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་བླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རངས་ཤིང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་ཁོན་བྲལ་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་བ། །འཁྲུལ་བའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱོད་ལ་ཉམ་ང་རྡུལ་ཙམ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་གསུངས་སོ། །ཅི་སྟེ་ཡང་སྣང་བ་དང་རྣམ་པར་རྟོག་པ་ཉམས་ལེན་གྱི་གྲོགས་སུ་འགྱུར་ཚུལ་དེ་ལྟར་ཡིན་མོད། །ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་ནི་ཧྭ་ཤང་དང་ཁྱད་པར་མེད་དོ་ཞེ་ན་ཁྱད་པར་ཤིན་ཏུ་ཆེ་སྟེ། རྗེ་བཙུན་མི་ལའི་གསུང་མགུར་ལས། མཉམ་བཞག་གི་གནས་སྐབས་ལ་དགོངས་ནས། །ཁྱེད་བློ་དམན་རྣམས་ཀྱི་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །བསྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་སྟེགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཞེས་དང་། ཀུན་རྫོབ་བདེན་པ་ལ་དགོངས་ནས། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཞེས་དང་། བདེན་གཉིས་ཟུང་འཇུག་གི་དབང་དུ་མཛད་ནས། ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་བྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་ཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་རྗེ་བཙུན་ཉིད་ཀྱིས་མཉམ་མེད་དྭགས་པོ་ལྷ་རྗེ་ལ་ལྟ་བསྒོམ་སྤྱོད་གསུམ་གྱི་མགུར་དུ་གསུངས་པ། །ལྟ་བ་ཡིན་པས་ངེས་ཀྱི་རང་གི་སེམས་ལ་ལྟོས། །ལྟ་བ་རང་གི་སེམས་ལས་གཞན་དུ་བཙལ་བ་ན། །གྱད་ཀྱིས་ནོར་ཚོལ་འདྲའོ་ཨང་དེ་སྟོན་པ་བ། །བསྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་བསལ། །བསྒོམ་པ་བྱིང་རྒོད་འཐོར་རྨུགས་ལ་སོགས་སྐྱོན་སེལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་དེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དོགས་ལ་སོགས་རེས་བྱེད་ན། སྦྲང་མ་རྒྱར་ཚུད་འདྲའོ་ཨང་དེ་སྟོན་པ་བ། །དམ་ཚིག་ཡིན་པས་ངེས་ཀྱི་ལྟ་བའི་གདེང་ལ་ཞོག །བསྲུང་མེད་དམ་ཚིག་རྟོག་པས་གཞན་དུ་བཙལ་བ་ན། །ཆུ་སྣ་གྱེན་བཟློག་འདྲའོ་ཨང་དེ་སྟོན་པ་བ། །འབྲས་བུ་ཡིན་པས་ངེས་ཀྱི་སེམས་ཀྱི་ངེས་ཤེས་བསྐྱེད། །ཐོབ་མེད་འབྲས་བུ་ཐོབ་འདོད་གཞན་ནས་བཙལ་བ་ན། སྦལ་པ་གནམ་མཆོང་འདྲའོ་ཨང་དེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲ་འོ་ཨང་དེ་སྟོན་པ་བ། །དེས་ན་ཕྱི་ནང་མཐོ་དམན་བདེ་སྡུག་ལ་སོགས་པ། །འཁོར་དང་མྱང་འདས་སྣང་བ་ཐམས་ཅད་རང་སེམས་སུ། །འདུས་ནས་བརྡའོ་ཨང་དེ་ལྷ་རྗེ་སྟོན་པ་བ། །ཞེས་གསུངས་ལ། དཔལ་ཟླ་འོད་གཞོན་ནུའི་ཞལ་ནས། རང་རིག་ཡེ་ཤེས་འོད་གསལ་འདི། །ཡོད་མེད་མཐའ་ལས་འདས་པ་ཅིག །རྟག་ཆད་གཉིས་དང་བྲལ་བ་ཅིག །ངོས་གཟུང་མེད་པར་གསལ་བ་ཅིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིག་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོས་གཟུང་མེད་པའི་ཉམས། །སྟོང་བ་ཡེ་ཤེས་གསལ་བའི་ཉམས། །འབད་རྩོལ་མི་དགོས་ཡེ་གསལ་ཉམས། །འདུ་འབྲལ་མེད་པས་གཉིས་མེད་ཉམས། །དགག་བསྒྲུབ་མེད་པས་འོད་གསལ་ཉམས། །རེ་དོགས་མེད་པས་འབྲས་ཐོབ་ཉམས། །དོན་དང་བློ་རུ་ཕྲད་པ་ངོ་མཚར་ཆེ། །ངེས་ཤེས་གཏིང་ནས་སྐྱེས་པས་འགྱུར་ལྡོག་མེད། །ཐམས་ཅད་བརྫུན་དུ་ཤེས་པས་ཞེན་པའི་འཇིགས་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་གཉེན་པོ་བསྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཅེས་དང་ཡང་རྗེ་དེ་ཉིད་ཀྱི་ཞལ་ནས། མི་ལ་ལ་ཁོ་བོས་བསྟན་པ་བསྣུབས་ཟེར་བ་ཡོད་དེ། བསྟན་པའི་བདག་པོ་སུ་ཡིན། །བསྟན་པ་ལ་སུས་ཕན། །སེམས་ཅན་གྱི་དོན་སུས་བྱས། །ཉི་འོག་གི་རྒྱལ་ཁམས་འདིར་ནི་བསྟན་པ་སུས་བསྲུངས། རང་རེ་ཚོ་ད་དེ་ལོ་འགའ་ན་གསལ་ནས་འོང་ངོ་། །ལ་ལ་ཞིག་ཁོ་བོ་ལ་འདུས་བྱས་ཁྱད་དུ་བསད་པས་ཆད་ལྟ་བ་ཡིན་ཟེར་བ་ཡང་ཡོད་དེ། བྱ་བའི་ཆོས་སྤྱོད་གཅོག་མ་མྱོང་ཞེས་མགུར་དུ་བཞེངས་པ། དཔལ་ལྡན་འཁོར་ལོ་བདེ་མཆོག་དང་། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་རྗེ་བཙུན་དམར་ཆུང་གསུམ། །འདི་བསྐྱེད་རིམ་བསྒོམ་པའི་ལྷ་གསུམ་ཡིན། །བཅོམ་ལྡན་འཕགས་པ་རྟ་མགྲིན་དང་། །སྒྲོལ་མ་ཡིད་བཞིན་འཁོར་ལོ་གཉིས། །བདག་བསྐྱེད་ཕྱག་ན་རྡོ་རྗེ་གསུམ། འདི་བར་ཆད་སེལ་པའི་ལྷ་གསུམ་ཡིན། །ཆོས་སྐྱོང་དཔལ་ཆེན་མགོན་པོ་དང་། །བྲན་པོ་མངའ་བདག་ཆེན་པོ་གཉིས། །གནོད་སྦྱིན་ལས་མཁན་རྒྱལ་པོ་གསུམ། །འདི་ཕྲིན་ལས་བསྒྲུབ་པའི་ལྷ་གསུམ་ཡིན། །གསོལ་འདེབས་མཎྜྻལ་འབུལ་བ་དང་། །ཟབ་མོ་གསང་སྔགས་བཟླས་བརྗོད་གཉིས། །ཚོགས་སོག་ཆུ་སྦྱིན་གཏོར་མ་གསུམ། འདི་ཐུན་མཚམས་བྱ་བའི་ཆོས་གསུམ་ཡིན། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་དང་། །ཟབ་མོ་རྩ་རླུང་རྫོགས་རིམ་གཉིས། །ཟུང་འཇུག་སྣང་སྟོང་དབྱེར་མེད་གསུམ། །འདི་ཐུན་བཞིར་བསྒོམ་པའི་ཆོས་གསུམ་ཡིན། །གཉིད་དང་བསམ་གཏན་བསྲེ་བ་དང་། །རྨི་ལམ་ལམ་དུ་སློང་བ་གཉིས། །སྒྱུ་ལུས་འཕོ་བ་སྦྱང་བ་གསུམ། །འདི་མཚན་མོ་ཐུན་ཀྱི་ཆོས་གསུམ་ཡིན། མ་བསྒོམས་སངས་རྒྱས་འཕོ་བ་དང་། །ཟབ་མོ་གྲོང་འཇུག་རླུང་སེམས་དང་། །སྒྱུ་ལུས་མེ་ལོང་གཟུགས་བརྙན་གསུམ། །འདི་ཉིན་མོའི་ཐུན་གྱི་ཆོས་གསུམ་ཡིན། །བར་དོར་བསྲེ་བའི་མཚམས་སྦྱོར་དང་། །ངོ་སྤྲོད་ཕྱག་རྒྱ་ཆེན་པོ་གཉིས། །གདམས་ངག་ལྷན་ཅིག་སྐྱེས་སྦྱོར་གསུམ། །འདི་རྒྱུན་དུ་བསྒོམ་བའི་ཆོས་གསུམ་ཡིན། །མི་ངེད་དང་ངེད་ཅིག་མི་ཟེར་ཏེ། །ངེད་ནི་གཅན་ཟན་སེང་གེའི་བུ། །མ་ཡི་མངལ་ནས་རྩལ་གསུམ་རྫོགས། །མ་འགྲོ་བུ་འགྲོ་མཉམ་དུ་འགྲོ། །མ་དང་མཉམ་པོར་གངས་ཁྲོད་འགྲིམ། །གཅན་ཟན་ཚོགས་ཀྱང་ཉམ་མི་ང་། མི་ངེད་དང་ངེད་ཅིག་མི་ཟེར་ཏེ། །ངེད་ནི་འདབ་ཆགས་ཁྱུང་གི་བུ། །སྒོ་ངའི་ནང་ནས་གཤོག་སྒྲོ་རྫོགས། །མ་འཕུར་བུ་འཕུར་མཉམ་པོར་འཕུར། །མ་དང་མཉམ་པོར་ནམ་འཕངས་གཅོད། །འདབ་ཆགས་ཚོགས་ཀྱང་ཉམ་མི་ང་། །མི་ངེད་དང་ངེད་ཅིག་མི་ཟེར་ཏེ། །ངེད་ནི་རྟོགས་ལྡན་བླ་མའི་བུ། །ངོ་སྤྲོད་ཅིག་ཅར་བཏབ་ཙ་ན། །ཕ་འཚེངས་བུ་འཚེངས་མཉམ་དུ་འཚེངས། །བློ་དམན་ཕལ་ལ་ཅི་ཆ་ཡོང་། །ཅེས་གསུངས་སོ། །དེའི་ཕྱིར་རྒྱུད་པ་རིན་པོ་ཆེ་འདིའི་ལྟ་བསྒོམ་སྤྱོད་འདས་ནི་དེ་ལྟ་བུ་ཡིན་ལ། །ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་བྱ་བ་དང་ནན་ཏན་དུ་བྱ་བའི་ལམ་རིམ་པ་རྒྱས་པར་ནི་མཉམ་མེད་རིན་པོ་ཆེ་དེ་ཉིད་ཀྱིས་མཛད་པའི་དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་བ་རིན་པོ་ཆེའི་རྒྱན་དང་། ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང་། དཔལ་རང་བྱུང་རྡོ་རྗེས་མཛད་པའི་སངས་རྒྱས་ཀྱི་སྐྱེས་རབས་དང་། །རྗེ་ཕག་མོ་གྲུ་བས་མཛད་པའི་བསྟན་རིམ་ཆེན་མོ་དང་། རྗེ་འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོ་དཔོན་སློབ་ཀྱིས་མཛད་པའི་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པའི་བསྟན་བཅོས་རྣམས་བཀླགས་པ་ཙམ་གྱིས་ཤེས་པར་ནུས་ཏེ་རྒྱ་ནག་ཧྭ་ཤང་ནི་དེ་ལྟ་བུའི་ཆོས་ལུགས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཕྱག་རྒྱ་པའི་ལྟ་བསྒོམ་སྤྱོད་འབྲས་རྒྱ་ནག་མཁན་པོའི་ཆོས་ལུགས་ཁྱད་པར་མེད་པར་ཇི་ལྟར་འགྱུར། ཡང་རྒྱ་ནག་མཁན་པོ་ན་རེ། ཁྱེད་ཅག་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་པའི་ཚེ་རྟོག་པ་ཡོད་དམ་མེད། དང་པོ་ལྟར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར་ལ། གཉིས་པ་ལྟར་ན་རྟོག་པ་ཕྱོགས་གཅིག་མེད་པ་ཙམ་ཡིན་ནམ་མཐའ་དག་མེད་པ་ཡིན། དང་པོ་ལྟར་ན་གཉིད་དང་བརྒྱལ་བ་ལ་སོགས་པའང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ཡིན་པར་ཐལ། རྟོག་པ་ཕྱོགས་གཅིག་ཙམ་མེད་པ་ཡིན་པའི་ཕྱིར། འཁོར་གསུམ་ཀ་ཁས་བླངས་སོ། །རྟོག་པ་མཐའ་དག་མི་དགོས་ན། ཁྱེད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའི་ཚེ། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་སྙམ་པའི་བློ་སྔོན་དུ་བཏང་དགོས་སམ་མི་དགོས། དགོས་ན་དེ་ཉིད་རྟོག་པ་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའི་དམ་བཅའ་ཉམས་སོ། །འཁོར་གསུམ་ཀ་ཁས་བླངས། མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྒོམ་སྐྱེ་བར་ཐལ། བསྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་སྐྱེ་པའི་ཕྱིར་རོ། །འཁོར་གསུམ་གྱི་ཕྲེང་བའོ་ཞེས་སྨྲས་ནས། ཁྱེད་ཅག་ཀྱང་མགོ་བོར་ཐོག་ལྷུང་བ་ལྟར་སྤོབས་པ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེའི་ཕྱིར་འདི་ནི་མཁས་པ་ཆེན་པོ་པདྨའི་ངང་ཚུལ་གྱིས་གསུངས་པའི་རིགས་པ་མ་ཡིན་པར་ཤེས་སོ། །ཅི་སྟེ་ཡང་ཁྱེད་ཕྱག་རྒྱ་བས་འདས་པའི་རྗེས་མི་སྤྱོད་མ་འོངས་པའི་སྡུན་མི་བསུ་ད་ལྟར་བའི་ཤེས་པ་ལ་བཟོ་བཅོས་གང་ཡང་མི་བྱེད་པར་ཅི་ལ་ཡང་མི་རྟོག་ཅིར་ཡང་མི་འཛིན་གང་ཡང་ཡིད་ལ་མི་བྱེད་པར་ཞོག་མ་བཅོས་པར་ཞོག་ལྷུག་པར་བསལ་སིང་ངེར་ཞོག །ཅེས་པ་འདི་ཧྭ་ཤང་གི་ཆོས་ལུགས་ཁོ་ནའོ་ཞེ་ན། བཤད་པར་བྱ་སྟེ། དེ་ལྟར་ན་ཇོ་བོ་དཱི་པཾ་ཀ་རའི་དབུ་མའི་མན་ངག་ལས། བར་སྐབས་དེར་ཤེས་པ་ཅི་ལ་ཡང་མི་རྟོག་ཅིར་ཡང་མི་འཛིན་དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཇི་སྲིད་དུ་མཚན་མ་འམ་རྣམ་པར་རྟོག་པའི་དགྲ་འམ་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གང་གསུངས་པ་དེ་ཡང་ཧྭ་ཤང་གི་ཆོས་ལུགས་ཁོ་ནར་འགྱུར་རོ། །ཅི་སྟེ་ཡང་དེ་ལྟར་མི་འགྱུར་ཏེ། མན་ངག་དེ་ཉིད་ལས། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས་རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ་པར་རམ་ཡང་དག་པར་ན་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཞིགས་ཤིང་བསལ་ན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཀྱང་གཟུང་དུ་མེད་དོ། །ཞེས་ངེས་པར་ཁོང་དུ་ཆུད་བར་བྱའོ་ཞེས་སོགས་གསུངས་པས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རིགས་པས་བརྟགས་ཤིང་དཔྱད་བ་ན་ཅིའི་ངོ་བོར་ཡང་མ་གྲུབ་པས། རིགས་པའི་བརྟགས་དཔྱད་སྔོན་དུ་བཏང་ནས་མཐར་འཇོག་བསྒོམ་གྱི་སྟེང་དུ་མཉམ་པར་འཇོག་པ་མི་མཚུངས་སོ། །ཞེ་ན། དེ་ལྟ་ན་ཁོ་བོ་ཅག་ཀྱང་ཀུན་རྫོབ་ཏུ་ལས་རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པར་ཁས་ལེན་ཅིང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཀྱང་རྣམ་པར་དཔྱོད་དེ། འདི་ལྟར་འཇོག་བསྒོམ་གྱི་སྔོན་དུ་སེམས་འཚོལ་ཞེས་པའི་མིང་ཅན་རིགས་པས་བརྟགས་ནས། རང་གི་སེམས་འདི་མེད་པ་ཞིག་གམ་ཡོད་པ་ཞིག་ཡིན། དང་པོ་ལྟར་ན་སྣ་ཚོགས་སུ་སྣང་བ་འདི་ཇི་ལྟར་ཡིན། གཉིས་པ་ལྟར་ན་ལུས་ཀྱི་ཕྱི་ན་འདུག་གམ་ནང་ན་འདུག །དང་པོ་ལྟར་ན་ཤར་ལ་སོགས་པའི་ཕྱོགས་གང་དུ། ཁ་དོག་དང་དབྱིབས་དང་རྒྱ་ཁྱོན་ལ་སོགས་པ་ཇི་ལྟར་འདུག་ལྟོས་ཤིག །གཉིས་པ་ལྟར་ན་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལ་ཁྱབ་པར་འདུག་གམ་ཆ་ཤས་འགའ་ཞིག་ལ་འདུག་ལེགས་པར་བརྟག་ཅིང་དཔྱད་པར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པས་སློབ་མ་རྣམས་རང་གི་སེམས་འཚོལ་དུ་བཅུག་པ་ན། ལྐུགས་པའི་རྨི་ལམ་དང་གཞོན་ནུ་མའི་བདེ་བ་ཉམས་སུ་མྱོང་ཡང་བརྗོད་མ་ཤེས་པ་ལྟར་རང་བཞིན་འོད་གསལ་བའི་སེམས་ཉིད་དེ་བརྗོད་མ་ཤེས་ཀྱང་ཉམས་སུ་མྱོང་རྒྱུ་ཞིག་འབྱུང་བས། ཤེས་པ་ཅི་ལ་ཡང་མི་རྟོག་ཕ་ལ་སོགས་པ་བྱས་ཏེ། རང་རིག་འོད་གསལ་དེ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་ནི་ཕྱག་རྒྱ་པའི་ལུགས་ཡིན་ནོ། །ཇི་ལྟར་ན་ཧྭ་ཤང་གི་ཆོས་ལུགས་ཡིན་ཞེས་རྣམ་པ་ཀུན་ཏུ་མི་མཚུངས་སོ། །ཡང་རང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ངོས་འཛིན་པའི་ཚེ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་གསུང་བར་གྲག་གོ །འདིས་ནི་གཞི་ཕྱག་རྒྱ་ཆེན་པོའི་ཆོས་སྐད་རྒྱང་རིང་དུ་སྤངས་པ་ལྟ་སྨོས་ཀྱང་ཅི་དགོས་ལམ་ཕྱག་རྒྱ་ཆེན་པོར་ཡང་རུང་བ་མ་ཡིན་ཏེ། བསྐྱེད་པའི་རིམ་པས་ཕྱག་རྒྱ་ཆེན་པོ་འགྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་སྤྱན་རས་གཟིགས་ཀྱིས་བཀག་པའི་ཕྱིར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་པར་རྟོག་དང་བཅས་པ་ཡིས།།འབྲས་བུ་རྣམ་རྟོག་བཅས་འབྱུང་འགྱུར། །ཀོ་ཊ་བ་ཡི་ས་བོན་ལས། ས་ལུའི་འབྲུ་ནི་འབྱུང་བ་མེད། །ཞེས་གསུངས་ལ། དྲི་མ་མེད་པའི་འོད་ལས། གཟུགས་ལ་སོགས་པ་རྟོག་པའི་དཀྱིལ་འཁོར་གྱིས། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཅིང་། འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་དང་། ཡེ་ཤེས་ལེའུའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་ལས། དེའི་ཕྱིར་འགྱུར་བ་མེད་པ་ལས་སྐྱེས་པ་རྣམ་པ་ཐམས་ཅད་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་སྐུ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྟེན་དང་བརྟེན་པའི་འབྲེལ་བ་མི་འདོད་ཏེ། ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྟེན་དང་བརྟེན་པའི་འབྲེལ་བ་འདོད་པ་དེ་བཞིན་དུ་རྣལ་འབྱོར་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ་མངོན་པར་དགའ་བ་བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་ཡོངས་སུ་སྤངས་པ། དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ། ལས་དང་པོ་པ་དབུ་མ་རྣམ་པར་སྦྱངས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་བཅིངས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། བུ་དང་ཆུང་མ་ལ་སོགས་པ་དང་རང་གི་ལུས་ལ་ལྟོས་པ་མེད་པ། ཚོགས་ཁང་དང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞིས་རྣམ་པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་པར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཛག་པར་འདོད་པ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་ངེས་པར་མཐོང་བ། རང་གི་སེམས་ཀྱི་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་བ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་ཀྱི་དབང་བོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ལ་གཅིག་ཏུ་མཁས་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི་འདོད་དོ། །གཞན་ཡང་རྣམ་པར་རྟོག་པའི་སེམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་གནས་པ་མེད་དེ། གང་གི་ཕྱིར་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །འདིར་སྐད་ཅིག་གང་ལ་རྣལ་འབྱོར་པས་གཙོ་བོ་བསྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་སོགས་པའི་ལྷ་རྣམས་མེད་ཅིང་། སྐད་ཅིག་གང་ལ་ཤར་གྱི་ལྷ་བསྒོམ་པའི་སྐད་ཅིག་དེ་ལ་གཙོ་བོ་ལ་སོགས་པ་མེད་དེ། དེ་ལྟར་རིམ་པས་ལྷ་རྣམས་ཐམས་ཅད་མེད་དོ། །གང་གི་ཚེ་སྔོན་པོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་དམར་པོ་ལ་སོགས་པའི་ཞལ་རྣམས་མེད་ཅིང་གང་གི་ཚེ་དམར་པོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རྣམས་མེད་དེ། དེ་ལྟར་རིམ་པས་ཞལ་ཐམས་ཅད་མེད་དོ། །གང་གི་དུས་ན་རྡོ་རྗེའི་མཚན་མ་བསྒོམ་པར་བྱེད་པ་དེའི་དུས་ན་རལ་གྲི་ལ་སོགས་པའི་མཚན་མ་རྣམས་མེད་ཅིང་། གང་གི་དུས་ན་རལ་གྲིའི་མཚན་མ་བསྒོམ་པར་བྱེད་པ་དེའི་དུས་ན་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་མེད་དེ། དེ་ལྟར་རིམ་པས་མཚན་མ་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་ཇི་ལྟར་ཡོད ། བུམ་པའི་ཤེས་པ་འགགས་པར་གྱུར་པ་ན་སྣམ་བུའི་ཤེས་པ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཤེས་པ་འགགས་པ་ན་ཤར་གྱི་ལྷའི་ཤེས་པ་སྐྱེ་བར་འགྱུར་ན། དེ་ལྟར་སྐྱེས་པ་རྣམས་ནི་སྐྱེས་པ་འགགས་པའི་ཕྱིར་མེད་ཅིང་། མ་སྐྱེས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་མེད་དེ། སྐྱེས་པ་དང་མ་སྐྱེས་པ་དག་མེད་པའི་ཕྱིར་ཐམས་ཅད་མེད་དོ། །དེའི་ཕྱིར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་བསྒོམ་པ་མི་བྱའོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅོ་ལྔ་པས་གསུངས་པ་འདི་ལྟ་སྟེ། དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་སོ། །རྡོ་རྗེ་སེམས་དཔའི་ང་རྒྱལ་ཡང་མི་བྱ་སྟེ། །བསྟོད་པ་དེ་ཉིད་ལས་ཚིགས་སུ་བཅད་པ་བཅུ་གསུམ་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིག་པ་དང་ནི་ཞབས་སུ་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་གསུང་འདིའི་ཕྱིར་རྣམ་པར་རྟོག་པའི་བསྒོམ་པ་དང་རྡོ་རྗེ་སེམས་དཔའི་ང་རྒྱལ་ཡང་དོན་དམ་པའི་བདེན་པ་ལ་བརྟེན་པའི་རྣལ་འབྱོར་པས་མི་བྱའོ། །ཞེས་ལུང་སྦྱོར་དང་བཅས་ཏེ་གསུངས་སོ། །དེའི་ཕྱིར་ཇི་ལྟར་ན་བསྐྱེད་རིམ་ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འབྱུང་བར་འགྱུར། དེས་ན་རྟོག་གེའི་རིགས་པས་བླ་ན་མེད་པའི་རྒྱུད་སྡེའི་སྦས་དོན་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་སུན་འབྱིན་པར་མི་བྱའོ། །འདི་ལ་དགོངས་ནས་དཔལ་ས་ར་ཧས། མཁས་པ་ཐམས་ཅད་སྙིང་ལ་དུག་གིས་ཁྱབ་པར་གྱུར། །ཞེས་དང་། རྟོག་གེས་དགོས་པ་མེད་ཅིང་སྔ་མས་ཆོག་པར་ཟད། །ཅེས་དང་། ལྔ་རིག་ལ་སོགས་ཞེ་འདོད་གདོན་གྱིས་ཟིན། །ཞེས་དང་། མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་གསུངས་སོ། །འཇིགས་བྲལ་གྱི་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། །ཞེས་གསུངས་པའི་དོན་ཡང་དགོངས་པར་མཛོད་ཅིག །རྟོག་གེའི་རིགས་པ་ལྟར་སྣང་ལ་ཞེན་ནས། །རྒྱུད་སྡེའི་སྦས་དོན་གནས་ལུགས་ཕྱག་རྒྱ་ཆེ། །སུན་འབྱིན་བྱེད་པ་ལོག་རྟོག་དྲི་མའི་ཚོགས། །དག་བྱེད་ལུང་རིགས་བདུད་རྩི་འདི་འཐུང་ཞིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅང་པའོ། །གསུམ་བ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ། དག་པ་དང་མ་དག་པའི་ངོ་བོ་བཤད་པ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་བཅིང་བ་འབྲས་བུ་དང་བཅས་པའོ། །དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་ཏེ་གཟུང་དང་འཛིན། །གཉིས་སྣང་འཁྲུལ་བར་བྱེད་པ་ཡིན། །དག་ན་ལོངས་སྤྱོད་རྫོགས་པ་སྟེ། །གསལ་ལ་མ་འདྲེས་སྟོང་པར་གནས། །ཞེས་གསུངས་ཏེ། དེ་ཡང་གནས་སྐབས་གཉིས་པ་རྨི་ལམ་གྱི་ཤེས་པ་ནི་ཀུན་གཞི་ལས་སྐྱེས་པའི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་བག་ཆགས་ཀྱི་རྐྱེན་གྱིས་ཉོན་མོངས་པ་ཅན་གྱི་ཡིད་སྲོག་རླུང་གི་མཚན་ཉིད་ཅན་འདུ་བྱེད་དང་བཅས་ཏེ་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན་ལ། དེའི་ཚེ་སྣང་བ་སྣ་ཚོགས་པ་འབྱུང་བ་ནི་རྩ་གནས་བརྒྱུད་ཏེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་གཉིས་སྣང་གིས་འཁྲུལ་བར་བྱེད་པ་ནི་མ་དག་པའི་གནས་སྐབས་ཡིན་ལ། དེ་ཉིད་རྣམ་པར་དག་པའི་ན་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། །ཚོགས་དྲུག་གི་ཡུལ་དབང་རྣམ་ཤེས་ཐམས་ཅད་གསལ་ལ་མ་འདྲེས་ཤིང་གནས་སྐབས་དེར་ཡིད་ལས་གཞན་པའི་རྡུལ་ཕྲ་རབ་འདུས་པའི་ཡུལ་དབང་མེད་པས་སྣང་བ་དང་སྟོང་པ་དབྱེར་མེད་པར་གནས་པ་ཡིན་ནོ། །གཉིས་པ་རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ནི། མ་དག་འཁྲུལ་བའི་སྣང་བར་ནི། །སྟེང་སོང་སྤྱི་བོར་ལྷ་ཡུལ་དང་། །མཁའ་སྣང་མཐོར་ཕྱིན་གྱེན་དུ་འགྲོ། །གཟུགས་སྒྲ་ལ་སོགས་མ་འདྲེན་འཆར། །འོག་སྒོ་དམྱལ་སོགས་སྣང་བ་དང་། །ཐུར་འགྲོ་བྲག་རོང་ཐིབས་པོ་དང་། །མུན་ཁུང་སོགས་འཆར་སྣང་བ་དང་། །བར་དུ་གླིང་བཞི་ས་སྟེང་སྟེ། །མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། །ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། །རྩ་གནས་ཡངས་ལ་ཡངས་པར་སྣང་། །དོག་ལ་དོག་སྣང་དེ་བཞིན་དུ། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། །རླུང་ལ་རྫས་དང་གོས་སྔོ་ནག །བྱ་ནག་ཕུར་དང་རྟ་ཞོན་དང་། །ནོར་བུ་སྔོ་དང་རིག་པ་དྭངས། །ཡང་ན་མི་བརྟན་དུ་མ་འཆར། །མཁྲིས་ཁྲག་གནས་སོང་མེ་དང་ནི། །གོས་དམར་ས་དང་གསེར་སྣང་དང་། །བཙུན་པ་དེ་བཞིན་སྣ་ཚོགས་སྣང་། བད་ཀན་དཀར་ཆའི་གནས་རེག་ན། །ཆུ་དང་ཁ་བ་མུ་ཏིག་དང་། །གོས་དཀར་བུད་མེད་གླང་པོ་དང་། །དངུལ་སོགས་དུ་མ་སྣང་བ་སྟེ། །ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། །བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །ཞེས་གསུངས་ཏེ། །རྨི་ལམ་གྱི་སྣང་བ་འདི་དག་ཀྱང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ལས་རྒྱས་པར་གསུངས་པའི་ཚུལ་རྣམས་འདིར་བསྡུས་ནས་བཤད་པར་བྱ་བ་ཡིན་པ་ལས། མ་དག་འཁྲུལ་བའི་རྨི་ལམ་དུ་སྣང་བ་སྣ་ཚོགས་པ་འབྱུང་བ་ཡང་གཉིད་མཐུག་པོའི་དུས་སུ་རླུང་སེམས་སྙིང་གར་གནས་པ་ལས་ལངས་ནས་སྟེང་དུ་སོང་སྟེ་སྤྱི་བོར་གནས་པ་ལས་ལྷ་ཡུལ་གྱི་སྣང་བ་དང་། ནམ་མཁའི་སྣང་བ་དང་། རི་མཐོན་པོར་ཕྱིན་པ་དང་། གྱེན་དུ་འགྲོ་བ་དང་། མིག་དང་རྣ་བ་ལ་སོགས་པའི་དབང་པོ་དྲུག་གི་གནས་སུ་འདུས་པ་ལས་གཟུགས་སྒྲ་ལ་སོགས་པའི་སྣང་བ་སོ་སོར་མ་འདྲེས་པར་འཆར་རོ། །རླུང་སེམས་སྙིང་གའི་གནས་ནས་འོག་ཏུ་འགྲོ་བའི་ཚེ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྣང་བ་འཆར་ཞིང་། དེ་བཞིན་དུ་ཐུར་དུ་འགྲོ་བ་དང་། ནགས་མཐུག་པོའི་ཁྲོད་དུ་འགྲོ་བ་དང་། བྲག་རོང་ཐིབས་པོ་དང་། མུན་ཁུང་ལ་སོགས་པར་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པར་འཆར་རོ། །ལུས་ཀྱི་བར་གྱི་རྩ་གནས་སུ་སོང་བ་ལས་གླིང་བཞི་ལ་སོགས་པ་ས་སྟེང་གི་སྣང་བ་དང་། མདུན་གཡས་རྒྱབ་གཡོན་ཕྱོགས་རྣམས་སུ་སོང་བ་ལས་རིན་པ་བཞིན་དུ་ཤར་ལྷོ་ནུབ་བྱང་རྣམས་ཀྱི་སྣང་བ་འབྱུང་ཞིང་རྩ་གནས་ཡངས་པར་སོང་བ་ལས་ཡངས་པའི་སྣང་བ་དང་། དོག་པར་སོང་བ་ལ་དོག་པའི་སྣང་བ་འབྱུང་ལ། དེ་ཡང་རླུང་སེམས་གཡས་ཀྱི་རོ་མར་རྒྱུ་བའི་འཆི་ལྟས་འབྱུང་བའི་ཚེ་རྨི་ལམ་དུ་ལྷོ་ཕྱོགས་སུ་ཡང་ནས་ཡང་དུ་ཕྱིན་པ་རྨིས་པ་ནི་འཆི་ལྟས་སུ་དུས་ཀྱི་འཁོར་ལོ་ལས་བཤད་དོ། །དེ་བཞིན་དུ་ཁ་དོག་ལ་སོགས་པ་ཡང་ཁམས་ཀྱི་རྐྱེན་གྱིས་འབྱུང་སྟེ། རྩ་གནས་ཀྱི་ཡུལ་དེར་ཡང་རླུང་སེམས་རླུང་གི་གནས་སུ་འདུས་པ་ལས་རྫས་དང་གོས་སྔོན་པོ་དང་ནག་པོ་དང་བྱ་ནག་འཕུར་བ་དང་རྟ་ནག་ཞོན་པ་དང་། ནོར་བུ་སྔོན་པོ་ལ་སོགས་པའི་སྣང་བ་འབྱུང་བ་དང་། རིག་པ་དྭངས་པ་དང་ཡང་ན་མི་བརྟན་པའི་ཡུལ་སྣང་སྣ་ཚོགས་པ་འཆར་བ་ཡིན་ནོ། །མཁྲིས་ཁྲག་གི་རྩ་གནས་སུ་སོང་ན་མེ་དང་གོས་དམར་པོ་དང་ས་དང་གསེར་སྣང་བ་དང་། བཙུན་པ་ལ་སོགས་པ་དམར་པོའི་སྣང་བ་དང་། དེ་བཞིན་དུ་དམར་པོའི་སྣང་བ་སྣ་ཚོགས་པ་སད་བར་འགྱུར་རོ། །བད་ཀན་ཆུའི་ཁམས་དཀར་ཆའི་གནས་སུ་རེག་ཅིང་སོང་བ་ན་ཆུ་དང་ཁ་བ་དང་མུ་ཏིག་དང་གོས་དཀར་པོ་དང་བུད་མེད་དང་གླང་པོ་དང་དངུལ་ལ་སོགས་དཀར་པོའི་རྣམ་པ་དུ་མ་སྣང་བ་ཡིན་ཏེ། ཇི་ལྟར་རྩ་རླུང་ཁམས་བྱང་ཆུབ་ཀྱི་སེམས་གསུམ་འདུས་པའི་རིམ་པ་ལས་སད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་རྨི་ལམ་བཟང་ངན་སྣ་ཚོགས་སུ་སྣང་བ་ནི་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་རྨི་ལམ་དྲི་བའི་སྐབས་སུ་གསུངས་པ་ཡིན། །གསུམ་པ་གནད་བཅིང་བ་འབྲས་བུ་དང་བཅས་པ་བཤད་པ་ནི། །དེ་ཕྱིར་རྣལ་འབྱོར་བསྒོམ་པ་ནི། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། །བར་དོ་ཕྱི་མའི་འཕོ་བ་ཡི། །སྣང་བའི་ཚོད་འཛིན་བྱེད་པ་ཡིན་ནོ། །དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བཅིང་། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། །འདིར་ནི་རྒྱས་པར་མ་བསྟན་ཏེ། །འཁྲུལ་བའི་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། །རྨི་ལམ་བསྟན་པ་མདོ་ལས་གསུངས། དེ་རྒྱུ་ཟག་མེད་ཁམས་བཟུང་ཕྱིར། །བཅོམ་ལྡན་རྨི་ལམ་བྲལ་བ་སྟེ། །ཟག་མེད་འདུ་བྱེད་རྐྱེན་བྲལ་ཕྱིར། ཞེས་གསུངས་ཏེ། གང་གི་ཕྱིར་དག་པ་དང་མ་དག་པའི་རྨི་ལམ་སོ་སོར་བཤད་པ་ལྟར་ཡིན་པ་དེའི་ཕྱིར་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་གང་དང་གང་གིས་རྩ་ཁམས་དང་བག་ཆགས་དེ་དང་དེ་རྣམས་རྣམ་པར་དག་པ་དང་མ་དག་པའི་དབྱེ་བ་ཡང་རྨི་ལམ་གྱི་ཚོད་འཛིན་འདིས་ཤེས་ཤིང་། སྐྱེ་བ་འདི་ནས་ཕྱི་མར་རྣམ་ཤེས་འཕོ་བའི་ལམ་སོ་སོར་གསུངས་པ་ལྟར་བར་དོར་སྣང་བ་སྣ་ཚོགས་པ་འཆར་བའི་ཚོད་འཛིན་ཡང་རྨི་ལམ་གྱིས་བྱེད་པ་ཡིན་ལ། རྨི་ལམ་དེ་ཐབས་ལ་མཁས་པས་ཡོན་ཏན་དུ་ཇི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་རྨི་ལམ་ནི་རང་གི་སེམས་ཀྱི་སྣང་བ་ཡིན་པ་དེའི་ཕྱིར། །སྣང་བ་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་བརྗོད་པ་སྔགས་ལ་སོགས་པ་སྔགས་ཀྱི་ཐིག་ལེའི་སྒོ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིང་བར་བྱ་བ་ཡིན་ནོ། །རྨི་ལམ་དེ་ཡང་ཟིན་པའི་ཚེ་བསྒྱུར་བ་དང་སྤེལ་བ་དང་། སངས་རྒྱས་ཀྱི་ཞིང་ཁམས་སུ་བགྲོད་པ་དང་། ཟད་པར་དང་ཟིལ་གནོན་དང་། ལྷའི་རྣ་བ་དང་མངོན་པར་ཤེས་པ་དང་རྫུ་འཕྲུལ་སྟོན་པ་ལ་སོགས་པ་རྨི་ལམ་དུ་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པའི་རྒྱུ་དང་རྐྱེན་དང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སོགས་པ་དུ་མ་རྣམས་འཕགས་པ་ཀླུ་སྒྲུབ་ཀྱི་རིམ་པ་ལྔ་པ་དང་། ནཱ་རོ་པཎ་ཆེན་གྱི་ཆོས་དྲུག་ལས་སྒྱུ་ལུས་དང་རྨི་ལམ་བསྲེ་བའི་མན་ངག་བཞིན་དུ་བསྒོམ་པར་བྱ་བ་ཡིན་པས་འདིར་ནི་རྒྱས་པར་མ་བསྟན་ཏོ། །འོ་ན་རྨི་ལམ་ཐམས་ཅད་ནི་ཉིད་འཁྲུལ་ཡིན་པར་གྲགས་ན། རྨི་ལམ་དེ་གཉེན་པོར་འགྱུར་བ་ཡོད་དམ་མེད་ཅེ་ན། འཁྲུལ་བའི་རྨི་ལམ་ནི་འཁོར་བ་ཡིན་ལ། གང་གི་ཕྱིར་མ་འཁྲུལ་བའི་རྨི་ལམ་ནི་གཉེན་པོ་ཡིན་པ་དེའི་ཕྱིར། རྒྱལ་བའི་སྲས་པོ་ས་བཅུ་ལ་གནས་པ་ལ་ཡང་རྨི་ལམ་གྱི་ལྟས་ཀྱི་ཁྱད་པར་བརྒྱ་རྩ་བརྒྱད་བསྟན་པ་ནི་མདོ་སྡེ་ས་བཅུ་པ་ལས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལ་གསུངས་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་མཛེས་པས་བཀའ་སྩལ་བའི་གཟུགས་མཐོང་བ་དང་། དེས་ཀྱང་མི་གསུང་བ་དང་དེའི་དབུ་དང་ཞབས་སུ་བཅས་པ་མཐོང་བ་དང་། ཞལ་ཕྱིར་ཕྱོགས་པ་དང་སྐུ་འཇིམ་པ་ལས་བྱས་པ་མཐོང་བ་དང་། སྐུ་ཚོན་གྱིས་བྲིས་པ་མཐོང་བ་དང་། དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང་། ཆོས་སྟོན་པར་མཐོང་བ་དང་། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་བ་དང་། བཞུགས་པ་དང་བཞེངས་པ་མཐོང་བ་དང་། སྐུ་གདུང་རྙེད་པ་དང་དབུ་སྐྲ་རྙེད་པ་དང་། སྔོན་མ་མཐོང་བའི་མཆོད་རྟེན་མཐོང་བ་དང་། མཆོད་རྟེན་ཆོ་འཕྲུལ་མཛད་པ་མཐོང་བ་དང་། དེ་བཞིན་གཤེགས་པའི་འོད་མཐོང་བ་དང་། དེ་བཞིན་གཤེགས་པའི་སྒྲ་ཐོས་ལ་སྐུ་མ་མཐོང་བ་དང་། སྐུ་ཡིན་པར་ཀུན་ཏུ་ཤེས་པ་དང་། དེ་བཞིན་གཤེགས་པའི་སྐུ་མཆོད་རྟེན་ལ་མེ་ཏོག་གམ་མུ་ཏིག་ཕྲེང་ངམ་སྤོས་སམ་བྱུག་པ་འབུལ་དང་ན་བཟའ་དྲི་མ་ཅན་གསོལ་བ་དང་། སྔོན་མ་ཐོས་པའི་ཆོས་ཐོས་པ་དང་། བསྟན་པའི་ཆོས་དག་ཤེས་ལ་སད་ནས་ཆོས་འཆད་ལ་སུ་ཡང་མེད་ལ་ཅི་ཡང་མི་དྲན་པ་དང་། སྔོན་མ་མཐོང་བའི་དགེ་སློང་ཆོས་སྨྲ་བ་མཐོང་བ་དང་། བདག་ཁྲི་གདན་ལ་འདུག་སྟེ་ཆོས་འཆད་པ་དང་། བདག་འཇིགས་པ་མེད་པར་ཀུན་ཏུ་ཤེས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མཐོང་བ་དང་། དེ་བཞིན་གཤེགས་པ་འཆག་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མྱ་ངན་ལས་འདས་པའི་མཆོད་རྟེན་རྙེད་པ་དང་། དེ་བཞིན་གཤེགས་པའི་ཆོས་གོས་རྙེད་པ་དང་། ལྷུང་བཟེད་རྙེད་པ་དང་། དེ་བཞིན་གཤེགས་པ་ཁོ་ན་མཐོང་བ་དང་། དེ་བཞིན་གཤེགས་པ་ལ་སྐྱེ་བོ་མང་བོས་བསྐོར་བ་ན་མཐོང་བ་དང་། དེ་བཞིན་གཤེགས་པའི་གདུགས་མཐོང་བ་དང་། འཆག་པ་མཐོང་བ་དང་། གདན་མཐོང་བ་དང་། དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བར་ཀུན་ཏུ་ཤེས་པ་དང་། ན་བཟའ་འབུལ་བར་ཤེས་པ་དང་། མེ་ཏོག་འབུལ་བར་ཤེས་པ་དང་། བདག་རི་ལ་འདུག་པ་ཀུན་ཏུ་ཤེས་པ་དང་། བདག་གཅེར་བུར་འདུག་པར་ཀུན་ཏུ་ཤེས་པ་དང་། བདག་ཕྱོགས་མཚམས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། སྔོན་མ་མཐོང་བའི་ཡུལ་དུ་ཕྱིན་པར་ཀུན་ཏུ་ཤེས་པ་དང་། ཆུ་བོའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། སྤྲིན་ལས་ཆར་འབབ་པར་མཐོང་བ་ཀུན་ཏུ་ཤེས་པ་དང་། ས་གཡོས་པར་ཀུན་ཏུ་ཤེས་པ་དང་། གཡུལ་འགྱེད་པའི་ནང་དུ་སོན་པར་ཀུན་ཏུ་ཤེས་པ་དང་། ན་བར་ཀུན་ཏུ་ཤེས་པ་དང་། གཡང་ས་ནས་གཡང་དུ་ལྷུང་ཞིང་རྟེན་མེད་པར་ཀུན་ཏུ་ཤེས་པ་དང་། བདག་བསད་པར་ཀུན་ཏུ་ཤེས་པ་དང་། དགྲའི་ནང་དུ་འདུག་པར་ཀུན་ཏུ་ཤེས་པ་དང་། ནམ་མཁའ་ལ་འགྲོ་བ་ཀུན་ཏུ་ཤེས་པ་དང་། ལག་ན་སྒྲོན་མེ་ཐོགས་པ་ཀུན་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཕྱིར་བྱུང་པར་ཀུན་ཏུ་ཤེས་པ་དང་། གླེགས་བམ་རྙེད་པར་ཀུན་ཏུ་ཤེས་པ་དང་། གཟུགས་ཀྱི་སྒྲ་ཐོས་པ་ཀུན་ཏུ་ཤེས་པ་དང་། ཏིང་ངེ་འཛིན་གྱི་སྒྲ་ཐོས་པ་ཀུན་ཏུ་ཤེས་པ་དང་། ཤིན་ཏུ་རྒྱས་པའི་མདོ་སྡེའི་སྒྲ་ཐོས་པ་ཀུན་ཏུ་ཤེས་པ་དང་། ཆོས་སྨྲ་བའི་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་རྣམས་ཀྱི་མིང་ཐོས་པ་ཀུན་ཏུ་ཤེས་པ་དང་། ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པ་ཀུན་ཏུ་ཤེས་པ་དང་མདོ་སྡེ་ལས་སྤོབས་པ་ཐོས་པ་ཀུན་ཏུ་ཤེས་པ་དང་། ཆོས་ཀྱི་སྒྲ་ཐོས་པ་ཀུན་ཏུ་ཤེས་པ་དང་། གཏེར་གྱི་སྒྲ་ཐོས་པ་ཀུན་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པའི་མཚན་ཐོས་པ་ཀུན་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་མིང་ཐོས་པ་ཀུན་ཏུ་ཤེས་པ་དང་། བདག་རྒྱ་མཚོའི་དབུས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། རིན་པོ་ཆེ་དག་འཐུ་བར་ཀུན་ཏུ་ཤེས་པ་དང་། ར་རིབ་ཀྱི་རྩེ་མོར་སོན་པར་ཀུན་ཏུ་ཤེས་པ་དང་། རི་ལ་འཇོག་པར་ཀུན་ཏུ་ཤེས་པ་དང་། རིའི་རྩེ་མོར་འདུག་པ་ཀུན་ཏུ་ཤེས་པ་དང་། ཤིང་ལྗོན་པ་ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གླང་པོ་ཆེའི་གཙོ་བོ་མཐོང་བ་ཀུན་ཏུ་ཤེས་པ་དང་། གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་།རྟ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། བདག་བདེན་པའི་བྱིན་བརླབས་བྱེད་པར་ཀུན་ཏུ་ཤེས་པ་དང་། འབྲས་བུའི་ཤིང་ལྗོན་པ་དག་མཐོང་བ་ཀུན་ཏུ་ཤེས་པ་དང་། མེ་ཏོག་གི་ཤིང་ལྗོན་པ་མཐོང་བ་ཀུན་ཏུ་ཤེས་པ་དང་། སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་བ་ཀུན་ཏུ་ཤེས་པ་དང་། མཚོ་མ་དྲོས་པ་མཐོང་བ་ཀུན་ཏུ་ཤེས་པ་དང་། ལྷའི་བུ་མཐོང་བ་ཀུན་ཏུ་ཤེས་པ་དང་། ཀླུ་མཐོང་བ་ཀུན་ཏུ་ཤེས་པ་དང་། འཛམ་གླིང་གཞན་དུ་སོང་པ་ཀུན་ཏུ་ཤེས་པ་དང་། གོས་དཀར་པོ་གྱོན་པ་ཀུན་ཏུ་ཤེས་པ་དང་། མགོ་ལ་རིན་པོ་ཆེའི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་པ་དང་། མགོ་ལ་མེ་ཏོག་གི་ཕྲེང་བའི་རྒྱན་དང་བཅས་པ་ཀུན་ཏུ་ཤེས་པ་དང་། མེ་ཏོག་བསིལ་མ་དག་བཀྲམ་པར་ཀུན་ཏུ་ཤེས་པ་དང་། རྔ་བོ་ཆེ་བརྡུང་བར་ཀུན་ཏུ་ཤེས་པ་དང་། རོལ་མོའི་སྒྲ་གཞན་དག་འབྱིན་པར་ཀུན་ཏུ་ཤེས་པ་དང་། ཉི་མ་སྤྱང་ཀིས་ཟིན་པར་ཀུན་ཏུ་ཤེས་པ་དང་། ཟླ་བ་སྤྱང་ཀིས་ཟིན་པར་ཀུན་ཏུ་ཤེས་པ་དང་། མི་གཙང་པས་འགགས་པར་ཀུན་ཏུ་ཤེས་པ་དང་། བདག་རྒྱལ་པོར་གྱུར་པ་ཀུན་ཏུ་ཤེས་པ་དང་། རྒྱལ་པོའི་སྤྱན་སྔར་རམ་རྒྱལ་པོའི་བློན་པོ་འམ་སྐྱེ་བོ་ཕལ་པའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ་གྲོང་ངམ་ཡུལ་ལམ་ལྗོངས་མཐོང་བ་ཀུན་ཏུ་ཤེས་པ་དང་། བདག་སྐྱེ་བོ་ཕལ་པ་ལ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གྲོང་གཞན་དུ་ཞུགས་པ་ཀུན་ཏུ་ཤེས་པ་དང་། ཟམ་པ་འདོགས་པར་ཀུན་ཏུ་ཤེས་པ་དང་། གྲུ་སྦྱང་བར་ཀུན་ཏུ་ཤེས་པ་དང་། སྤྲིན་ལས་འབྲུག་གྲག་པ་འམ་གློག་འབྱུང་བ་ཀུན་ཏུ་ཤེས་པ་དང་། མཚོན་ཆའམ་གོ་ཆ་རྙེད་པར་ཀུན་ཏུ་ཤེས་པ་དང་། སྣོད་དག་རྙེད་པར་ཀུན་ཏུ་ཤེས་པ་དང་། སེམས་ཅན་ལ་ལམ་སྟོན་པ་ཀུན་ཏུ་ཤེས་པ་དང་། སྐྱེད་མོས་ཚལ་དུ་འཇུག་པ་ཀུན་ཏུ་ཤེས་པ་དང་། ལོ་ཐོག་ཕུན་སུམ་ཚོགས་པར་ཀུན་ཏུ་ཤེས་པ་དང་། སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བྱང་ཆུབ་ཏུ་ལུང་བསྟན་པའི་སྒྲ་ཐོས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བུམ་པ་དག་རྙེད་པ་སྟེ་རྡོ་རྗེ་རབ་འཇོམས་རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་པོ་འདི་དག་ཀུན་ཏུ་སྣང་བ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་རྨི་ལམ་ནི་རླུང་མཁྲིས་པ་བད་ཀན་གསུམ་ལས་བྱུང་བ་ཡིན་ལ། དེ་དག་ནི་ཉོན་མོངས་པ་དུག་གསུམ་ལས་སྐྱེས་པས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དུག་གསུམ་མེད་པ་དག་ལ་རྨི་ལམ་ཡོད་པ་མི་རིགས་སོ་སྙམ་ན། དེ་ལ་དུག་གསུམ་མེད་ཀྱང་རྨི་ལམ་དེའི་རྒྱུ་ཟག་མེད་ཀྱི་ཁམས་དང་ཕུང་པོ་གཟུང་བའི་ཕྱི་རྨི་ལམ་འབྱུང་བ་ཡིན་ལ། བཅོམ་ལྡན་འདས་ནི་རྨི་ལམ་དང་བྲལ་བ་ཡིན་ཏེ། ཟག་མེད་ཀྱི་ལུས་འདུ་བྱེད་པའི་རྐྱེན་དང་བྲལ་བའི་ཕྱིར་རོ། །བཞི་བ་ཆགས་པའི་གནས་སྐབས་བཤད་པ་ལ། དག་པ་དང་མ་དག་པའི་ངོ་བོ། དེ་ལས་འཁོར་བ་འགྲུབ་པའི་ཚུལ། མྱ་ངན་ལས་འདས་པ་འགྲུབ་པའི་རིམ་པ། གནད་བཅིང་བའི་ཐབས་དངོས་དང་བཞི་ལས། དང་པོ་ནི། སྙོམས་འཇུག་ཆགས་བཅས་དེ་ཚེ་ནི། །དགའ་བཞིའི་གོ་རིམ་རྣམ་ཤེས་ལྡན། །འདོད་སྲེད་དང་པོ་སྤྱི་བོ་སྟེ། །གཉིས་པ་མགྲིན་པར་གསུམ་པ་ནི། ལྟེ་བར་རྣམ་ཤེས་འདུས་པ་ཡིས། །མེ་དང་ཟླ་བ་གཉིས་འདྲེས་ཚེ། །དུང་ཅན་ནང་དུ་ལྷན་སྐྱེས་མྱོང་། །དེ་ནི་སྐད་ཅིག་ཤེས་པ་སྟེ། ཚོགས་བརྒྱད་མ་འགགས་སོ་སོར་གསལ། །བདེ་བ་མི་རྟོག་ཉོན་མོངས་མིན། །དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད། །དག་ན་ཐམས་ཅད་དེ་ཉིད་ཕྱིར། །འགག་མེད་འཛག་བྲལ་སྟོང་དང་ལྡན། །ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་གསུངས་ཏེ། དེ་ཡང་ཆགས་པའམ་བཞི་པའི་གནས་སྐབས་ཀྱི་སེམས་ཇི་ལྟ་བུ་ཞེ་ན། ཐ་མལ་པའི་ཕོ་མོ་སྙོམས་འཇུག་གི་ཆགས་པ་དང་བཅས་པ་དེའི་ཚེ་གཞི་དུས་ཀྱི་དགའ་བ་བཞིའི་ངོ་བོ་གོ་རིམ་ཇི་ལྟ་བ་བཞིན་དུ་འབྱུང་ཞིང་རྣམ་པར་ཤེས་པ་ཡང་དེ་དང་ལྡན་པ་ཡིན་ཏེ་དེའི་ཆོས་ཅན་ཡིན་པའི་ཕྱིར། དེས་ན་འདོད་སྲེད་ཀྱི་སྐད་ཅིག་དང་པོ་སྤྱི་བོར་རྣམ་ཤེས་འདུས་པའི་ཚེ་གཡོ་བའི་མཚན་ཉིད་ཅན་དང་། སྐད་ཅིག་མ་གཉིས་པར་མགྲིན་པའི་གནས་དགའ་བ་དང་། སྐད་ཅིག་མ་གསུམ་པར་ལྟེ་བར་རྣམ་ཤེས་འདུས་པ་ལས་མཆོག་ཏུ་དགའ་བ་དང་། དབུ་མའི་མར་སྣའི་མེ་དང་ཡར་སྣའི་ཟླ་བ་གཉིས་འདྲེས་པའི་ཚེ་དུང་ཅན་མའི་ནང་དུ་ལྷན་སྐྱེས་ཀྱི་དགའ་བ་མྱོང་བར་འགྱུར་རོ། །ལྷན་སྐྱེས་དེ་ལ་ཡང་ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། ཕྱི་མ་དེ་ནི་དུས་མཐའི་སྐད་ཅིག་མ་གཅིག་གི་ཤེས་པ་ཡིན་ཏེ། དེ་ཡང་ཚོགས་བརྒྱད་མ་འགགས་པ་སོ་སོར་གསལ་བ། ཉམས་བདེ་བ་ཡིན་པ། ངོ་བོ་མི་ལྟོས་ཏེ་ཆོས་གསུམ་ལྡན་ཡིན་ལ། དེ་ཉོན་མོངས་པ་མ་ཡིན་ཀྱང་ལུས་ཅན་རྣམས་ཀྱིས་དེའི་ངོ་བོ་མི་ཤེས་ལ། དེ་ཉིད་འགགས་པའི་རྗེས་སུ་དགའ་བྲལ་གྱི་དགའ་བ་འཆར་ཏེ། དགའ་བ་བཞི་པོ་ཐབས་ཀྱིས་ཟིན་ཏེ་ངོ་ཕྲོད་ནས་མངོན་དུ་གྱུར་ན་ལམ་དུས་ཀྱི་ཆོས་ཀྱི་སྐུར་འགྱུར་བ་དེའི་ཕྱིར། འདི་ལ་གཞི་དུས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་བརྗོད་དེ། ཚོགས་བརྒྱད་ཀྱི་རང་ངོའི་རང་བཞིན་ལ་རྫོགས་པའི་ཕྱིར་དང་། དེ་གཉེན་པོས་དག་པ་ན་ཚོགས་བརྒྱད་པོ་ཐམས་ཅད་ལྷན་སྐྱེས་དེའི་བདག་ཉིད་ཡིན་པའི་ཕྱིར། །ཚོགས་དྲུག་གི་རང་གི་ངོ་བོ་བཤད་པ། འགག་པ་མེད་པར་གསལ་བ་སྤྲུལ་པའི་སྐུའི་རང་བཞིན་དང་། ལམ་དུ་རྟེན་འཛག་པ་དང་བྲལ་བ་ལས་བདེ་བ་ཆེན་པོ་འཆར་བ་བཞིན་དུ་གཞི་དུས་སུའང་བདེ་བ་གང་ཡོད་ན་འཛག་བྲལ་ཡོད་པས་དེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཁྱབ་བྱེད་སྟོང་པ་ཉིད་དང་ལྡན་པ་ཆོས་ཀྱི་སྐུ་ཡིན་ནོ། །དེས་ན་ལྷན་སྐྱེས་དེ་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་འགྲོ་ཞིང་ཀུན་ལ་ཁྱབ་པའི་བདག་ཉིད་ཡིན་པས་ན་དེ་མངོན་དུ་འགྱུར་བའི་ཐབས་སུ་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པར་བྱའོ། །གཉིས་པ་དེ་ལས་འཁོར་བ་འགྲུབ་བའི་ཚུལ་བཤད་པ་ནི། མ་དག་འཁྲུལ་བའི་སེམས་ཅན་རྣམས། །སྐད་ཅིག་བདེ་ཆེན་མི་ཤེས་པས། །རང་ལ་གནས་པ་གཞན་དུ་གཟུང་། །བདེ་ཉམས་དུག་གསུམ་བསྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བར་རྒྱུ། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། །རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། །བདེ་འདོད་རང་ཆགས་སེར་སྣ་དང་། །ཕྲག་དོག་ཀུན་བསྐྱེད་མི་དགེ་སྤྱོད། །དེ་ཡིས་ངན་འགྲོ་ཀུན་བསྐྱེད་བྱེད། །ཅེས་གསུངས་ཏེ། །དེ་ཡང་བཞི་པ་འམ་ཆགས་པའི་གནས་སྐབས་དེའི་རང་བཞིན་ཡེ་ཤེས་ཡིན་ཀྱང་དེ་མ་ཤེས་པར་འཁྲུལ་བ་ཡིན་ལ། དེ་གང་གིས་མ་ཤེས་ན། མ་དག་པའི་སེམས་ཅན་རྣམས་ཀྱིས་མ་ཤེས། གང་མ་ཤེས་ན་སྐད་ཅིག་མའི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་མི་ཤེས། །ཇི་ལྟར་མ་ཤེས་ན། རང་ལ་གནས་པའི་ལྷན་ཅིག་སྐྱེས་པ་དེ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་ལ་དོན་གཞན་དུ་གཟུང་སྟེ་མ་ཤེས། སྤྱིར་ཁུ་རྡུལ་རླུང་གསུམ་གྱི་རང་བཞིན་འཛག་མེད་ཡིན་ཀྱང་རླུང་གིས་དབྱེས་ཕྱེ་བ་ལས་གཉིས་སྣང་དུ་འཛགས་ཏེ་བདེ་བ་ཉམས་པ་ལས་དུག་གསུམ་བསྐྱེད་པར་བྱེད་པའི་རྒྱུར་འགྱུར་བ་ཡིན་ནོ། །དེས་མི་འདོད་བཞིན་དུ་འཁོར་བར་རྒྱུ་བ་ཡིན་ཏེ། དེ་སྐད་དུ་ཡང་དུས་ཀྱི་འཁོར་ལོ་ལས། དེ་ལྟར་རྣམ་བཞིའི་སེམས་དང་རྣམ་གསུམ་བཅོམ་ལྡན་འདས་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་ནང་དུའོ། །མཉམ་པའི་བདེ་བའི་འབྲས་བུ་སྟེར་བ་ཁྱབ་བྱེད་རྣལ་འབྱོར་དབང་ཕྱུག་གིས་ནི་ཐར་བའི་རྒྱུར་བསྲུང་བྱ། །ཐིག་ལེ་ཤོར་ན་སུ་ཞིག་གྲོལ་ལས་རྣལ་འབྱོར་མཆོག་གི་བདེ་བ་བྲལ་ཞིང་སྐྱེ་བོ་ས་བོན་ནོ། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་ནི་དཀའ་ཐུབ་པ་ཡིས་རྣམ་པ་ཀུན་ཏུ་སྤང་བར་བྱ། །ཞེས་གསུངས་སོ། །ཆགས་པའི་གནས་སྐབས་མངོན་འགྱུར་བ་དེ་ལ་ཡང་དུག་གསུམ་ཡོད་དེ། དང་པོ་ཆགས་ཡུལ་ལ་དགའ་བ་དང་ལྡན་པ་འདོད་ཆགས་ཡིན་ལ། བར་མ་ནི་ལྷན་སྐྱེས་མ་རྟོགས་པས་གཏི་མུག་དེ། །རྗེས་ལ་ཁུ་བ་འཕོས་ཏེ་ཆགས་པ་དང་བྲལ་བར་གྱུར་པ་ལས་ཞེ་སྡང་གི་སེམས་དང་། སླར་ཡང་བདེ་བ་འདོད་པའི་སྲེད་པ་དང་། རང་ཉིད་ལ་ཆགས་པ་དང་ཆགས་ཡུལ་སྟོང་མི་ཕོད་པའི་སེར་སྣ་དང་། གཞན་གྱི་དཔལ་འབྱོར་ལ་ལོངས་སྤྱོད་ལ་ཕྲག་དོག་ལ་སོགས་པ་ཀུན་བསྐྱེད་པས་མི་དགེ་བ་སྣ་ཚོགས་ལ་སྤྱོད་ཅིང་། དེ་ཡིས་ངན་འགྲོ་གསུམ་པོ་ཀུན་བསྐྱེད་པར་བྱེད་པ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་ཆེན་མོ་སྟེ། །དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་རྟགས་མ་དག །གང་གིས་བསྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་དུ་འཁོར་བར་འགྱུར། །ཞེས་གསུངས་སོ། །གསུམ་པ་དེ་ལས་མྱ་ངན་ལས་འདས་པ་འགྲུབ་པའི་རིམ་པ་ནི། དེ་ལས་ཅུང་ཟང་ལོག་བྱས་ནས། །རང་གཞན་ཕན་འདོད་སེར་སྣ་དང་། །ཕྲག་དོག་ཆགས་པ་དོར་བྱས་ནས། སྦྱིན་དང་ལྡན་ཞིང་ཁྲོ་བ་དོར། །ཚུལ་ལྡན་བདེ་འདོད་མཐོ་རིས་ཏེ། །འདོད་སྲེད་བཅད་ནས་བསམ་གཏན་གྱི། །བདེ་འཚོལ་གཟུགས་དང་གཟུགས་མེད་ལེན། དེ་ཡང་སྔར་ལྟར་རོ་མྱོང་ནས། །ཆགས་ལྡན་དུག་གསུམ་དབང་གིས་འཁོར། །སེམས་སུ་ཤེས་ནས་ཁམས་གསུམ་གྱི། །ཆགས་སོགས་མཐོང་བསྒོམ་གྱིས་བཅོམ་ནས། །མྱ་ངན་འདས་སྲེད་དེ་ཐོབ་པ། །དེར་གནས་ཉན་རང་ཞེས་བརྗོད་དོ། །སྲིད་དང་ཞི་བ་གཉིས་ཀ་ལ། །སྲེད་སྤངས་འཛག་མེད་དབང་ཐོབ་པ། །རྡོ་རྗེ་ཐེག་བར་གསུངས་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་སྔར་བཤད་པའི་འཁོར་བའི་རྒྱུ་དེ་རྣམས་ལས་ཅུང་ཟད་ལོག་པར་བྱས་ནས་རང་གཞན་ལ་ཕན་པར་འདོད་པའི་སེམས་བསྐྱེད་དང་ལྡན་ཞིང་ལོངས་སྤྱོད་སྟེར་མི་ཕོད་པའི་སེར་སྣ་དང་། གཞན་ལ་ཕུན་སུམ་ཚོགས་པ་མི་འདོད་པའི་ཕྲག་དོག་དང་ཆགས་པ་རྣམས་དོར་ཞིང་སྤང་བར་བྱས་ནས། དེའི་གཉེན་པོར་ཟང་ཟིང་གི་སྦྱིན་པ་དང་ལྡན་ཞིང་གཞན་ལ་ཁྲོ་བ་དོར་བ་སྟེ་གནོད་པ་གཞི་བཅས་སྤོང་བའི་སྒོ་ནས་རང་རྒྱུད་བག་མེད་པ་ལས་བསྲུང་བའི་དགེ་བ་བཅུའི་ཚུལ་ཁྲིམས་དང་ལྡན་པས་བདེ་བར་འདོད་བའི་མཐོ་རིས་ཀྱི་འགྲོ་བ་མི་དང་ལྷ་མ་ཡིན་དང་འདོད་པའི་ལྷ་དྲུག་གི་གོ་འཕང་ཐོབ་ཅིང་འདོད་པའི་བདེ་བ་ལ་སྲེད་པ་དེ་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྙོམས་འཇུག་གིས་བཅད་ནས་ཚོར་བ་དང་འདུ་ཤེས་ལས་ཡིད་འབྱུང་པའི་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ཏེ་བདེ་བ་འཚོལ་ཞིང་གཟུགས་དང་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཚུལ་ནི་སྔར་སྐྱེ་བའི་ཉིང་མཚམས་སྦྱོར་བའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་ཡང་སྔར་ལྟར་རོ་མྱོང་ལ་ཞེན་ནས་བསམ་གཏན་དྲི་མ་ཅན་དུ་བྱས་པ་ལ་ཆགས་པ་དང་ལྡན་ཞིང་དེའི་ཞེ་སྡང་དང་གཏི་མུག་གཉིས་དྲངས་ཏེ། དུག་གསུམ་གྱི་དབང་གིས་ཁམས་གསུམ་དུ་འཁོར་བར་འགྱུར་ལ། ངེས་ལེགས་ཀྱི་བསམ་པས་ཟིན་ན་ཐར་པའི་གཞི་བརྟེན་དུ་འགྱུར་ཏེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཁམས་གསུམ་གྱི་འཛག་པ་བདག་མེད་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཀྱིས་བཅད་ཏེ་ཁམས་གསུམ་པོ་སེམས་སུ་ཤེས་ན་ཁམས་གསུམ་གྱི་ཆགས་སོགས་རང་རང་གི་ལམ་དུ་མཐོང་བ་དང་། བསྒོམ་པའི་ལམ་གྱིས་བཅོམ་ནས་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་སྲེད་དེ་ཐོབ་པར་འདོད་པས་སློབ་པ་དང་མི་སློབ་པའི་ལམ་དེར་གནས་པ་ནི་ཉན་ཐོས་དང་རང་རྒྱལ་ཞེས་བརྗོད་དོ། །ཤེས་རབ་ཀྱིས་སྲིད་པ་དང་སྙིང་རྗེ་ཞི་བ་ཕྱོགས་གཅིག་པ་བསལ་ཏེ་སྲིད་ཞིའི་མཐའ་གཉིས་ཀ་ལ་སྲེད་པ་སྤངས་ནས་སྲིད་ཞི་མཉམ་ཉིད་དུ་སྦྱོར་བ་ནི་ཐེག་པ་ཐུན་མོང་བ་ཡིན་ལ། འཛག་མེད་ཀྱི་བདེ་བ་ཆེན་པོ་ལ་དབང་ཐོབ་པ་ནི་རྡོ་རྗེ་ཐེག་པར་གསུངས་པ་ཡིན་ནོ། །དེ་ལྟར་མངོན་པར་མཐོ་བའི་ལམ་ནས་རྡོ་རྗེ་ཐེག་པའི་བར་མཐའ་དག་ནི་བྱང་ཆུབ་ཀྱི་རིང་རྒྱུ་དང་དེ་ལ་ཉེ་བའི་རྒྱུད་དང་དངོས་ཀྱི་རྒྱུ་རྣམས་སུ་རིམ་པས་འགྱུར་རོ། །འོ་ན་འཛག་མེད་ཀྱི་བདེ་བ་ཆེན་པོ་དེ་རྡོ་རྗེ་ཐེག་པའི་ལམ་ཡིན་ན། དེའི་མི་མཐུན་ཕྱོགས་ཀྱི་འཛག་པ་དེ་གང་ཡིན་ཞེ་ན། འདི་ལ་རྟེན་ལུས་ཀྱི་འཛག་པའི་སྒོ་བཞི་དང་བརྟེན་པ་སེམས་ཀྱི་འཛག་པའི་སྒོ་བཞི་ལས། སྟེང་དང་འོག་དང་བ་སྤུའི་སྒོ་དང་དབང་པོའི་སྒོ་ནས་འཛག་པའོ། །དེ་ལ་ལུས་ཀྱི་སྟེང་གི་འཛག་པའི་སྒོ་ནི་ལྕེའུ་ཆུང་དང་འོག་གི་ནི་རྡོ་རྗེ་ནོར་བའི་བུ་གའོ། །གཞན་ཡང་བ་སྤུའི་བུ་ག་ཐམས་ཅད་དང་དབང་པོ་སོ་སོ་ནས་ཡུལ་སོ་སོར་འཛག་པའོ། །སེམས་ཀྱི་འཛག་པའི་སྒོ་བཞི་ནི། མ་རིག་པ་དང་ལྟ་བའི་ཟག་པ་གཉིས་མ་གཏོགས་པའི་འདོད་པ་ཁམས་ཀྱི་ཉོན་མོངས་པ་འདོད་པའི་ཟག་པ་དང་། དེ་གཉིས་མ་གཏོགས་པའི་གཟུགས་དང་གཟུགས་མེད་ཀྱི་ཉོན་མོངས་པ་ལ་སྲིད་པའི་ཟག་པ་དང་། ཁམས་གསུམ་གྱི་རྒྱུར་གྱུར་པའི་མ་རིག་པའི་རྟེན་འབྲེལ་ལ་མ་རིག་པའི་ཟག་པ་དང་་ལྟ་བ་ངན་པ་དྲུག་བཅུ་རྩ་གཉིས་ལ་ལྟ་བའི་ཟག་པ་ཞེས་བྱའོ། །དེ་ལྟར་ན་ལུས་ཀྱི་འཛག་པ་བཞིའི་བྱེད་པ་བཅིངས་པ་ལས་གཞན་དོན་གྱི་སྐུ་གཉིས་འགྲུབ་ཅིང་། སེམས་ཀྱི་འཛག་པ་བཞིའི་བྱད་པ་བཅིངས་པ་ལས་ཆོས་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་གཉིས་འགྲུབ་པ་ཡིན་ནོ། །བཞི་བ་ཐབས་ཀྱིས་གནད་འཆིང་ཚུལ་དངོས་ནི། དགའ་བཞིའི་ངོ་བོ་གོ་རིམ་དང་། །དབྱེ་བ་འཛག་སྐྱོན་བཅིངས་ཐབས་དང་། ཕན་ཡོན་རྣམ་པར་དག་པ་དང་། །རྒྱུ་འབྲས་ལུགས་འབྱུང་ལུགས་ལྡོག་ཀུན། །རྒྱལ་བས་བླ་མེད་རྒྱུད་ཀུན་གསུངས། །དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་། །འདིར་ནི་རྒྱས་པར་མ་བྲིས་སོ། །ཞེས་གསུངས་ཏེ། །དེ་ཡང་འཇིག་རྟེན་པ་མཚོན་བྱེད་དཔེའི་དགའ་བ་དང་། འཇིག་རྟེན་ལས་འདས་པ་མཚོན་བྱ་དོན་གྱི་དགའ་བ་བཞི་ལས། །དེ་གཉིས་ཀྱི་ངོ་བོ་ནི། ཀྱཻ་རྡོ་རྗེ་ལས། རེ་ཤིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ཕྱི་ནས་དེ་ཉིད་རྣམ་བ་གཉིས། །དེ་ཡི་ཁུ་བའང་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང་། །དེ་ཡི་ཁུ་བའང་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡིས་རབ་ཏུ་ཕྱེ་བ་ཉིད། །སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །དེ་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས་ལ། དགའ་བ་བཞིའི་གོ་རིམ་ནི། །དེ་ཉིད་ལས། དང་པོར་དགའ་བ་ཙམ་ཉིད་ཏེ། །གཉིས་པའི་གྲངས་ལས་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་སོ། །དུས་ཀྱི་འཁོར་ལོ་ལས། །དགའ་བ་གསུམ་པ་ལ་ཁྱད་པར་གྱི་དགའ་བ་ཞེས་གསུངས་པས་དེ་གཉིས་ཀྱི་ངོ་བོ་མི་གཅིག་པར་སྣང་ངོ་། །དགའ་བ་བཞིའི་དབྱེ་བ་ནི་དྲི་མེད་འོད་ལས། །དེ་ཁོ་ན་ཉིད་བཅུ་དྲུག་ནི་སྤྲུལ་པའི་སྐུ་དང་སྤྲུལ་པའི་གསུང་དང་སྤྲུལ་པའི་ཐུགས་དང་སྤྲུལ་པའི་ཡེ་ཤེས་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་གསུང་དང་ལོངས་སྤྱོད་རྫོགས་པའི་ཐུགས་དང་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང་། ཆོས་ཀྱི་སྐུ་དང་ཆོས་ཀྱི་གསུང་དང་ཆོས་ཀྱི་ཐུགས་དང་ཆོས་ཀྱི་ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་སྐུ་དང་ལྷན་ཅིག་སྐྱེས་བའི་གསུང་དང་ལྷན་ཅིག་སྐྱེས་པའི་ཐུགས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་དྲུག་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འདོར་པའི་ཕྱིར་རོ། །སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །འཛག་པའི་སྐྱོན་ནི་སྔར་ཐིག་ལེའི་སྐབས་སུ་བཤད་ཟིན་ལ། བཅིང་པའི་ཐབས་ནི། རྒྱུད་ཀྱི་རྒྱལ་པོ་ལས། དངུལ་ཆུའི་དགྲ་ནི་མེ་ཉིད་ཡིན་ལ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མིན། །མ་བཅིངས་པ་ལས་གསེར་མི་བྱེད་ལ་གསེར་དང་བྲལ་བས་གསེར་འགྱུར་མཁན་ལ་ལོངས་སྤྱོད་མེད་བ་ཉིད། །དེ་བཞིན་བུད་མེད་ལ་སྦྱོར་དམན་པས་རྣལ་འབྱོར་པ་ཡི་སེམས་ནི་རྟག་ཏུ་འཆིང་བར་མི་འགྱུར་རོ། །མ་བཅིངས་པ་ལས་ལུས་ནི་འབིགས་པ་མིན་ལ་འདིར་ནི་ལུས་ཕུག་པ་ལས་མཆོག་གི་བདེ་བ་སྟེ། །ཞེས་གསུངས་ལ། འདི་ལ་ཡང་དབབ་བཟུང་བཟློག་དགྲམ་ཞེས་པ་ལས། དབབ་པ་ནི་ཤནྟི་པས་གསུངས་པ་ལྟར་མ་ལོད་བརྡུང་བའི་དཔེ་དང་གཉན་བསྒྲུབ་ནས་གསུངས་པ་ལྟར་རུས་སྦལ་གྱི་འགྲོས་ལྟར་དབབ་པར་བྱའོ། །དེ་ལྟར་ཕེབས་ནས་བཟུང་བ་ནི། གླིང་བཞི་དང་གླིང་ཕྲན་རྣམས་བསྐུམ། རྒྱ་མཚོའི་རི་རབ་ལ་སྦྱར། ཉི་ཟླ་གྱེན་དུ་འཕང་། །གློག་དམར་གནམ་ལ་སྦྱར། རླུང་དྲག་ཏུ་ཁ་སྦྱར་ནས་སེམས་བདེ་ཆེན་འཁོར་ལོའི་ཟླ་བའི་དཀྱིལ་འཁོར་ལ་གཏད། བཟློག་པ་ནི་ཧྲིད་འདྲེན་དང་། ཁོང་འདྲེན་རྣམས་ཤེས་རབ་དང་མ་བྲལ་བའི་རང་ནས་བྱ་ཞིང་བྲལ་ནས་རུས་སྦལ་གྱིས་སྒུམ། སྟག་མོའི་སྐྱུགས། སེང་གེ་རྣམ་པར་རྩེ་བ། གླང་པོ་ཆེའི་འགྱེད་དང་བཞི་འཕྲ་ལ་འབད་ནས་མ་འདྲོངས་བར་དུ་བྱའོ། །ཐམས་ཅད་དུ་ཁྱབ་པར་བྱ་བ་ནི། རྨ་བྱ་འཕུར་དང་བྱ་རྒོད་རྩེ། །སེང་གེ་རྣམ་གྲོལ་སྦར་བཞི་འཁྲབ། །ཞེས་བྱ་བ་ལ་སོགས་པའི་མན་ངག་གིས་བརྒྱན་པར་བྱས་ནས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པར་བྱའོ། །དེ་ལྟར་བཅིངས་པའི་ཕན་ཡོན་དང་རྣམ་པར་དག་པ་དང་། རྒྱུ་ལུགས་འབྱུང་དང་འབྲས་བུ་ལུགས་བཟློག་ལ་སོགས་པ་ཀུན་རྒྱལ་བས་བླ་ན་མེད་པའི་རྒྱུད་སྡེ་ཀུན་ཏུ་རྒྱས་པར་གསུངས་པ་ལྟར་ཐིག་ལེའི་སྐབས་སུ་བཤད་ཟིན་ཏོ། །གང་གི་ཕྱིར་ནང་གི་དམ་ཚིག་གི་ཕྱག་རྒྱ་ལས་སུ་རུང་བར་བྱ་བ་དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་བ་ལ་འབད་པར་བྱ་སྟེ། ཇི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་དོན་གྱི་རྒྱུར་ནི་ཐོག་མར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ལས་ཉི་མའི་གཟུགས་ཅན་བདེ་བ་ལུས་ལ་རྐང་པ་གཙུག་ཏོར་དང་ནི་ཡན་ལག་ཐམས་ཅད་འགེངས། །གློག་གི་དབྱུག་པ་དང་མཚུངས་འགྱུར་བ་མེད་པའི་བདེ་བ་བསྐྱེད་ཅིང་ཡན་ལག་མཚན་གྱིས་རབ་ཏུ་རྫོགས། །རྣམ་གསུམ་བཅོམ་ལྡན་འདས་ཀྱི་སྐུར་ནི་རྡོ་རྗེ་སྣང་བར་བྱེད་ཅིང་དེ་ནས་ཆོས་ཀྱི་དབྱིངས་སུ་འགྱུར། །ཕྱག་རྒྱ་བཞི་པོ་འདི་རྣམས་འགྱུར་མེད་བདེ་བའི་འབྲས་བུ་སྟེར་བ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་གསུངས་པའི་ལམ་གྱི་རིམ་པ་འདི་བླ་མ་དམ་པ་མན་ངག་ལ་མཁས་པ་དག་གི་ཞལ་ལས་སླབ་པར་བྱ་དགོས་པའི་ཕྱིར་ཟབ་མོ་ནང་གི་དོན་འདིར་ནི་རྒྱས་པར་མ་བྲིས་སོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ། ངོ་བོ་བཤད་པ། དག་པ་བཤད་པ། སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་ནི་ཐ་མལ་དུས་ཀྱི་ཤེས་པ་ནི། །ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། །མིག་སོགས་རྣམ་ཤེས་དྲུག་པོ་རྣམས། །དབང་པོ་དྲུག་དང་འབྲེལ་བྱས་ཏེ། །གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་། །བདེ་སྡུག་བཏང་སྙོམས་ཚོར་བ་གསུམ། །ཆགས་དང་ཞེ་སྡང་གཏི་མུག་བསྐྱེད། །དེ་མ་ཐག་པའི་ཡིད་ཀྱིས་ཁྱེར། །ཀུན་གཞིའི་སྟེང་བཞག་ཡང་འདུ་བྱེད། །ཅེས་གསུངས་ཏེ། དེ་ཡང་ཐ་མལ་པ་སད་པའི་དུས་ཀྱི་ཤེས་པ་ནི་གང་ལས་བྱུང་ན། ཀུན་གཞིའི་སྟེང་གི་ཉོན་མོངས་པ་ཅན་གྱི་ཡིད་མངོན་པར་འདུ་བྱེད་པ་པོ་དེས་གཡོས་པའི་རྐྱེན་གྱིས་སྔར་བཤད་པའི་རྒྱུ་རྐྱེན་བདག་རྐྱེན་དམིགས་རྐྱེན་དེ་མ་ཐག་པའི་རྐྱེན་ཏེ་བཞི་པ་ཉེ་བར་སྦྱོར་བ་ལས་མིག་སོགས་དབང་པོ་དྲུག་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་དྲུག་པོ་རྣམས་མིག་སོགས་དབང་པོ་དྲུག་དང་འབྲེལ་བར་བྱ་ཏེ། །གཟུགས་སོགས་ཡུལ་དྲུག་པོ་རྣམས་ཕྱི་རོལ་ན་མེད་ཀྱང་ཕྱི་རོལ་ལྟར་དུ་སྣང་བ་དེ་རང་གི་སེམས་སུ་སྣང་བར་མ་ཤེས་པར་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་ཞེ་སྡང་བ་དང་། དེ་གཉིས་ཀྱི་བར་ན་བཏང་སྙོམས་ཀྱིས་གཏི་མུག་བསྐྱེད་ནས་དུག་གསུམ་མངོན་གྱུར་ཏེ་དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བག་ཆགས་བཞག་ཅིང་སླར་ཡང་ལས་མངོན་པར་འདུ་བྱེད་པ་ལས། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་ཡང་ནས་ཡང་དུ་འཁོར་བ་ཡིན་ནོ། །གཉིས་པ་དག་པ་བཤད་པ་ནི། འདི་ཉིད་དག་པ་ཡེ་ཤེས་གསུམ། །ཡིད་ནི་མི་གཡོ་མཉམ་ཉིད་ཏེ། །ཀུན་རྟོག་དག་པ་སོ་སོར་རྟོག །སྒོ་ལྔའི་ཡུལ་རྣམས་བྱ་བ་གྲུབ། །ཅེས་གསུངས་ཏེ། དེ་ཡང་རྣམ་ཤེས་ཚོགས་བརྒྱད་པོ་འདི་ཉིད་ཀྱི་དག་པ་ཡེ་ཤེས་གསུམ་ཡིན་ཏེ། བདུན་ཡིད་ནི་མི་གཡོ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དྲུག་པ་ཡིད་ཀྱི་ཤེས་པ་ཀུན་ཏུ་རྟོག་པའི་སོ་སོར་རྟོག་པའི་ཡེ་ཤེས། །སྒོ་ལྔའི་ཤེས་པ་ཡུལ་དང་བཅས་པ་རྣམས་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་གསུམ་དང་། སྔར་བཤད་པ་ལྟར་ཀུན་གཞི་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་རྣམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྔ་པོ་འདི་དག་གནས་སྐབས་བཞིའི་འཁྲུལ་བ་ལས་མངོན་དུ་འགྱུར་བ་ཡིན་ནོ། །དེ་ཡང་ཇི་ལྟར་ངེས་ཞེ་ན། ཐེག་པ་ཆེན་པོ་བསྡུས་པ་ལས་ཕུང་པོ་ལྔའི་གནས་གྱུར་གསུངས་པ་ལྟར་ཤེས་པར་བྱ་སྟེ། ཡང་དབང་འབྱོར་བའི་དུས་ཆོས་ཀྱི་སྐུ་དབང་འབྱོར་བ་ཐོབ་ཅེ་ན་མདོར་བསྡུ་ན་རྣམ་པ་ལྔ་ཐོབ་སྟེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང་ལུས་དང་མཚན་དང་དཔེ་བྱེད་བཟང་པོ་དང་དབྱངས་མཐའ་ཡས་པ་དང་སྤྱི་གཙུག་ལྟ་མི་མངོན་པ་ལ་དབབ་འབྱོར་བ་དང་། ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེན་པོའི་བདེ་བར་གནས་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་སྤྲུལ་བ་དང་བསྒྱུར་བ་དང་འཁོར་བསྡུ་བ་དང་དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་ཐོབ་པའོ། །ཞེས་གསུངས་སོ། །དེ་ཡང་ཀུན་གཞི་གནས་གྱུར་པས་མེ་ལོང་ལྟ་བུ་དང་། དེ་ལ་གནས་པའི་བདུན་ཡིད་གནས་གྱུར་པས་མཉམ་པ་ཉིད་དང་། དྲུག་ཡིད་གནས་གྱུར་པས་སོ་སོར་རྟོག་པ་དང་སྒོ་ལྔའི་ཤེས་པ་ཡུལ་ལྔའི་དངོས་པོ་ལ་འཇུག་པ་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཡེ་ཤེས་སྔ་མ་བཞི་པོ་དེ་དག་གི་རང་གི་ངོ་བོ་གདོད་མ་ནས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། འདི་རྣམས་ཀྱི་ངོ་བོ་ནི། ཇི་སྐད་དུ་མདོ་སྡེའི་རྒྱན་ལས། །མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙེན་འབྱུང་ཕྱིར་ཏེ། །ཞེས་གསུངས་པ་ལྟར་ཀུན་གཞི་རྣམ་པར་དག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འདི་ནི་ངའི་འོ་ཞེས་རིས་སུ་ཆད་པ་མེད་པ་ལ་སོགས་པའི་ཁྱད་པ་རྣམས་དང་ལྡན་ཞིང་གདུལ་བྱ་བློའི་མེ་ལོང་དག་པ་ལ་ཤར་བའི་ཡེ་ཤེས་ཀྱི་གཟུགས་བརྙན་དུ་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་འབྱུང་བའི་ཕྱིར་ལོངས་སྐུའི་རྒྱུ་ཉིད་དུ་རྣམ་པར་གཞག་ལ། མེ་ལོང་ལྟ་བུའི་ཡེ་ཤེས་འདི་ནི་སངས་རྒྱས་ཀྱི་སྐུ་གསུམ་ལས་ཆོས་ཀྱི་སྐུ་ཡིན་ཏེ། ཐེག་བསྡུས་ལས། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །ཞེས་དང་། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་། ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པས་ཆོས་ཀྱི་སྐུ་སྟོན་ཏོ། །དེ་ལ་གནས་པའི་ཡིད་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དག་པས་སྤྲུལ་པའི་སྐུ་སྟོན་དེ། །ཞེས་གསུངས་ལ། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཀུན་གཞི་མེ་ལོང་ཡེ་ཤེས་ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འདི་ལ་ཁ་ཅིག་ལོངས་སྤྱོད་རྫོགས་པའི་སངས་རྒྱས་དངོས་ཡིན་པར་འདོད་པ་ཡོད་ཏེ། དེ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་ཡིན་ལ་ཞེས་གསུངས་པའི་དགོངས་པ་མ་ལོན་པ་སྟེ། ཀྱང་གི་སྒྲ་སྦྱར་བ་ནི་གདུལ་བྱའི་སྣང་བ་ལ་ལོངས་སྐུ་འཆར་བའི་བདག་རྐྱེན་དུ་ཆོས་སྐུ་མེ་ལོང་ལྟ་བུ་སྦྱོར་པའི་ཚིག་ཡིན་པའི་ཕྱིར། དཔེར་ན་རྣམ་པར་ཤེས་པ་ཚོགས་བདུན་གྱི་རྒྱུ་རྐྱེན་དུ་ཀུན་གཞི་སྦྱོར་བ་བཞིན་ནོ། །དེ་ལྟར་མ་ཡིན་ན་ལུང་དང་རིགས་པའི་སྐྱོན་དུ་མ་ཡོད་མོད་ཀྱི་གོ་སླ་བས་སྤྲོས་པས་ཆོག་གོ །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། མདོ་སྡེ་རྒྱན་ལས། བསྒོམ་པ་དག་པའི་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པར་ཡང་། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་པ་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་རྩམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་བསྒོམ་པ་དག་པ་ལ་སོགས་པའི་ཁྱད་པར་རྣམས་དང་ལྡན་ཞིང་། ཀུན་གཞི་ལ་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཁ་ནང་དུ་ལྟ་བའི་ཆ་གཅིག་གནས་གྱུར་པ་ནི་སྐུ་གསུམ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །སོར་རྟོག་ཡེ་ཤེས་ནི། །མདོ་སྡེ་རྒྱན་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཀུན་ལ་ཏག་མི་ཐོགས། ཏིང་ངེ་འཛིན་དང་གཟུགས་རྣམས་ཀྱིས། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་པ་ལྟར། ཤེས་བྱ་ཀུན་ལ་རྟག་ཏུ་ཐོགས་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པའི་ཁྱད་པར་རྣམས་དང་ལྡན་ཞིང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཁ་ནང་དུ་ཕྱོགས་པའི་ཆ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཀྱང་། །དྲུག་ཡིད་ཁ་ཕྱིར་ལྟ་བའི་ཆ་གཅིག་དང་དོན་དང་བཅས་པའི་ཡུལ་ལ་འཇུག་པ་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སྤྲུལ་པའི་སྐུ་ཡིན་ནོ། །བྱ་གྲུབ་ཡེ་ཤེས་ནི་མདོ་སྡེ་རྒྱན་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་འགྲུབ་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྤྲུལ་པ་སྣ་ཚོགས་པས་འཇུག་པ་ལ་སོགས་པའི་ཁྱད་པར་རྣམས་དང་ལྡན་ཞིང་སྒོ་ལྔའི་རྣམ་པར་ཤེས་པ་དང་དྲུག་པ་ཡིད་ཀྱི་ཤེས་པའི་ཆ་གཅིག་གི་ཕྱི་རོལ་གྱི་དངོས་པོ་ལྟར་སྣང་བ་ལ་འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་འདི་ཡང་སྤྲུལ་པའི་སྐུ་ཡིན་ནོ། །དེ་ལྟར་ཡེ་ཤེས་སྔ་མ་བཞིའི་སྒྲ་དོན་ཡང་། ཇི་སྐད་དུ། ཡེ་ཤེས་ཐམས་ཅད་འཛིན་པ་དང་། །སེམས་མཉམ་པ་ཉིད་ཀྱི་ཕྱིར་དང་། །ཆོས་སྟོན་བྱ་བ་གྲུབ་ཕྱིར་ཏེ། །འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་ཀྱང་འབྱུང་ངོ་ཡེ་ཤེས་ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཅི་ལྟ་བུ་ཞེ་ན། ཆོས་ཀྱི་དབྱིངས་ལ་རིགས་དང་དོན་ཐ་དད་པ་མེད་པ་དང་། འཁོར་འདས་ཐམས་ཅད་རྫོགས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། གཅིག་པ་དང་ཐ་དད་པ་མ་ཡིན་པ་དང་། གཟུང་བ་དང་འཛིན་པའི་རྣམ་པ་དེ་དག་གི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་ཕྱིར་དང་། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་གསུངས་ལ། དུས་ཀྱི་འཁོར་ལོ་ལས་ཀྱང་། མི་རྟག་པ་མིན་རྟག་པ་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །འདི་ནི་རྟེན་འབྲེལ་ཆོས་སྐུའོ། །ཞེས་གསུངས་སོ། །གསུམ་པ་སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པ་ནི། སྒྲིབ་བ་མཐོང་སྤོངས་བསྒོམ་སྤངས་ཏེ། གཉེན་པོ་མོས་དང་བདག་མེད་དང་། །ཏིང་འཛིན་སྙིང་རྗེ་རྣམ་པ་བཞི། །དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཡིད་དང་རྨི་ལམ་གཅིག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདི་ནི་བསྡུས་པ་ཡིན། །དེ་ཕྱིར་ཆོས་ཀྱི་ཕྱག་རྒྱ་བཅིང་། །ཞེས་གསུངས་སོ། །དེ་ཡང་དྲུག་པ་ཡིད་ཤེས་སྒོ་ལྔ་དང་བཅས་པའི་རྣམ་པར་ཤེས་པ་ཚོགས་དྲུག་གིས་ཡེ་ཤེས་ལ་བསྒྲིབ་པའི་དབང་དུ་བྱས་ནས་མཐོང་སྤངས་དང་བསྒོམ་སྤངས་ཀྱི་བསྒྲིབ་པ་གཉིས་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ཀའི་སྒྲིབ་པའི་དབང་དུ་བྱས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བཞག་ལ། སྒྲིབ་པ་དེ་དག་གི་གཉེན་པོ་ནི་དུ་མ་ཡོད་ཀྱང་གཙོ་བོའི་སྒོ་ནས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ་དང་། ཆོས་དང་གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དེ་རྣམས་ཀྱིས་རྐྱེན་བྱས་ནས་སེམས་ཅན་གྱི་དོན་ཐམས་ཅད་ལ་འཇུག་པའི་སྙིང་རྗེ་ཆེན་པོ་དང་རྣམ་པ་བཞི་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པ་ཡིན་ནོ། །གཉེན་པོ་དེ་དག་གིས་སྦྱངས་པའི་འབྲས་བུ་ལ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཚོགས་བརྒྱད་ཀྱི་འབྲས་བུའི་དབང་དུ་བྱས་ནས། །ཀུན་གཞི་དག་པ་ཆོས་ཀྱི་སྐུ། །ཉོན་ཡིད་དག་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཚོགས་དྲུག་དག་པ་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པ་ཡིན་ནོ། །གཉིས་པ་ནི་གནས་སྐབས་བཞིའི་དབང་དུ་བྱས་ནས་གཉིད་མཐུག་པོ་དང་སྙོམས་འཇུག་དག་བ་ཆོས་ཀྱི་སྐུ། སད་པ་དག་པ་སྤྲུལ་པའི་སྐུ། ཡིད་དང་རྨི་ལམ་འཇུག་པ་གཅིག་པའི་ཕྱིར་དེ་གཉིས་དག་པ་ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་ལ། དེ་དག་འབྲས་བུ་ཡིན་པའི་ཚུལ་རྒྱས་པར་མདོ་སྔགས་ཀྱི་ཆོས་རྣམས་ཐམས་ཅད་དུ་གསུངས་པའི་ཕྱིར་ཟབ་མོ་ནང་གི་དོན་འདིར་ནི་མདོར་བསྡུས་ནས་བསྟན་པ་ཡིན་ལ། དེའི་ཕྱིར་ན་རྣམ་པར་ཤེས་པའི་ཚོགས་དྲུག་འཁོར་དང་བཅས་པའི་ཆོས་ཀྱི་སྟེང་དུ་གསལ་བཞག་མེད་པར་ལྷུག་པར་འཇོག་བའི་ཕྱག་རྒྱ་ཆེན་པོས་བཅིང་བར་བྱའོ། །དེ་སྐད་དུ་ཡང་སློབ་དཔོན་དཔའ་བོ་རྡོ་རྗེའི་ཞལ་ནས། གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བའོ། །དེ་ལ་རྟོག་པ་ན་མཆོག་དགའོ། །ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པས་ལྷན་ཅིག་སྐྱེས་པ་བསྒོམས་ཏེ། གང་གང་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གིས་གཟུགས་དག་གམ། །གནས་པ་རྣ་བས་སྒྲ་དག་གམ། །གནས་པ་སྣ་ཡིས་དྲི་དག་གམ། །གནས་པ་ལྕེ་ཡིས་རོ་དག་གམ། །གནས་པ་ལུས་ཀྱི་རེག་དག་གམ། །གནས་པ་ཡིད་ཀྱིས་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་བསྒོམ་བའི་མཆོག །ཅེས་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། །གནས་སྐབས་བཞི་དང་འཁྲུལ་པ་དང་། །མ་འཁྲུལ་ཡེ་ཤེས་ལམ་རིམ་དང་། །ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། །འབྲེལ་བའི་རྟེན་དང་བརྟེན་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་ཇི་སྐད་བཤད་པའི་གནས་སྐབས་བཞིའི་ངོ་བོ་དང་། གནས་སྐབས་བཞིར་འཁྲུལ་བའི་ཚུལ་དང་། མ་འཁྲུལ་བའི་ཡེ་ཤེས་དང་། ལམ་གྱི་རིམ་པ་ཕྱག་རྒྱ་བཞི་དང་བཅས་པ་དང་། འབྲས་བུ་སྐུ་བཞི་ལ་སོགས་པ་སྟེ་གཞི་ལམ་འབྲས་བུར་འབྲེལ་བའི་རྟེན་དང་བརྟེན་པར་བཅས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་བའི་སྒོ་ནས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། རྣམ་པར་ཤེས་པ་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་བ་བསྟན་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་ལས་དུམ་བུ་དྲུག་པའི་བཤད་པའོ།། །།ད་ནི་དུམ་བུ་བདུན་པ་ཕྱི་སྣོད་ལ་སྦྱར་ཏེ་བཤད་པ་ལ་ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པས་མཇུག་བསྡུ་པའོ། །དང་པོ་ནི། །དུམ་བུ་དྲུག་པར་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུར་འབྲེལ་བའི་རིམ་པ་བསྟན་ནས། དེའི་འོག་ཏུ་ཕྱི་ནང་གཅིག་ཏུ་སྦྱོར་བའི་རྣམ་པར་གཞག་པ་སྟོན་དགོས་པ་ཡིན་ཏེ། གཞན་རྫོགས་པའི་རིམ་པ་ལས་ཞེས་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང་། ཤེས་བྱ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཅིག་ཏུ་སྦྱོར་བ་དེ་བཞིན་དུ། རྣམ་ཤེས་ལ་ཕྱི་ནང་ཐ་དད་དུ་སྣང་ཡང་ཡེ་ཤེས་ལ་གཉིས་སུ་མེད་པར་སྣང་བས་འདིར་ཡང་ཡེ་ཤེས་ཀྱི་སྣང་བ་དབང་བཙན་པར་བྱས་ནས་ཕྱི་ནང་གཅིག་ཏུ་སྦྱོར་བའི་དུམ་བུ་བདུན་པ་འདི་གསུངས་པ་ཡིན་ལ་དེ་ཡང་གོང་དུ་ཇི་སྐད་བཤད་པ་ལྟར་སྣོད་ཀྱི་འཇིག་རྟེན་ཨེ་ཡིན་པ་དང་། བཅུད་ཀྱི་སེམས་ཅན་ཝཾ་ཡིན་པའི་ཚུལ་ལེགས་པར་བསྟན་ནས་མཐར་ཨེ་ཝཾ་གཉིས་སུ་མེད་པར་བཤད་པ་བཞིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། ཕྱི་རོལ་ཇི་བཞིན་གནས་པ་ནི། །ཁམས་གསུམ་ནང་གི་བདག་ཉིད་ཏེ། །ཞེས་གསུངས་ཏེ། དེ་ཡང་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་ཟིན་པ། དེ་ནས་ཇི་ལྟར་ནང་གི་རྡོ་རྗེའི་ལུས་ཕྱི་རོལ་གྱི་འཇིག་རྟེན་ཇི་ལྟ་བ་བཞིན་གནས་པ་ཡིན་ཏེ། ཕྱི་ནང་གཉིས་ཀ་རང་གི་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །འོ་ན་འདོད་པ་ཁམས་ཀྱི་ལུས་འདོད་པའི་འཇིག་རྟེན་ཉིད་དང་མཚུངས་པ་ལྟ་བུ་ཡིན་ནམ་ཁམས་གསུམ་ཀ་དང་མཚུངས་ཞེ་ན། ཁམས་གསུམ་ཀ་ནང་ལུས་ཀྱི་བདག་ཉིད་ཡིན་ཏེ། དེ་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱི་ནང་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པ་མ་ཤེས་པར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པས་ཀུན་ཏུ་བཏགས་པའི་དབང་གིས་སྣོད་ཀྱི་འཇིག་རྟེན་ཐ་དད་པ་དུ་མར་སྣང་སྟེ། ཕྱི་རོལ་པ་རྣམས་ཀྱིས་ཚངས་པ་དང་ཁྱབ་འཇུག་ལ་སོགས་པས་འཇིག་རྟེན་བསྒྲུབས་པར་འདོད་པ་དང་། རང་གི་སྡེ་པ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བ་རྣམས་ཀྱང་རྡུལ་ཕྲ་རབ་བདེན་པར་གྲུབ་པ་ཞིག་ཚོགས་པ་ལས་བྱུང་བར་འདོད་པ་ནི་འཕགས་པ་ཀླུ་སྒྲུབ་དང་ཕྱོགས་ཀྱི་གླང་པོ་ལ་སོགས་པས་མཛད་པའི་བསྟན་བཅོས་ཆེན་པོ་རྣམས་སུ་བཀག་ཟིན་པས་འདིར་མི་སྤྲོའོ། །དེའི་ཕྱིར་འདིར་རང་གི་སེམས་ཀྱི་སྣང་བ་ཙམ་ལས་གཞན་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་དོན་དམ་པར་གྲུབ་པ་མེད་དོ། །འོ་ན་འཇིག་རྟེན་གྱི་ཚད་དང་བཀོད་པ་ལ་སོགས་པ་རྣམས་དུས་ཀྱི་འཁོར་ལོ་ལས་བཤད་པ་དང་ཆོས་མངོན་པ་ནས་བཤད་པ་སོགས་མི་མཐུན་པ་ཇི་སྙེད་བྱུང་བ་རྣམས་ཀྱི་ནང་ནས་གང་དང་ནང་གི་ལུས་གཉིས་མཚུངས་པ་ཡིན་ཞེ་ན། གང་དང་སྦྱར་ཀྱང་འགལ་བ་མེད་ཏེ། དཔེར་ན་ཕུག་ཁྲུ་ལྔ་པའི་ནང་དུ་འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དཔུང་དང་བཅས་པ་འོངས་ནས་ཕུག་དེར་ཞུགས་ཀྱང་ཕུག་པ་ཆེར་སོང་བར་ཡང་མི་སྣང་། དེ་བཞིན་གཤེགས་པ་ལ་སོགས་པ་དེ་དག་གི་སྤྱོད་ཡུལ་དོག་པར་ཡང་མི་སྣང་བར་དྲི་མ་མེད་པའི་འོད་ལས་གསུངས་པ་དང་། མདོ་རྣམས་ལས་ཀྱང་། གདུལ་བྱ་རྣམས་ལ་འཇིག་རྟེན་གྱི་ཁམས་འདིའི་མཐོང་ཚུལ་ཐ་དད་པ་དུ་མ་གསུངས་ཏེ། མོའུ་གལ་གྱི་བུས་གདགས་པར་གསུངས་པ་དང་། རྟ་མགྲིན་གནམ་ས་བཀོད་པའི་མདོ་ལས་གསུངས་པ་དང་། དུས་ཀྱི་འཁོར་ལོ་ལས་གསུངས་པ་ལ་སོགས་པ་རྣམས་ནང་ཕན་ཚུན་འགལ་ལོ་སྙམ་དུ་མི་སེམས་ཏེ། དེའི་ཚེ་ཕུག་ཁྲུ་ལྔ་པར་སྣང་བ་ལ་ཡང་དེར་སྣང་གི་ཚད་མ་ཡོད་ལ། འཁོར་ལོས་བསྒྱུར་བ་ལ་སོགས་པ་ཤོང་བ་ལའང་དེར་སྣང་གི་ཚད་མ་ཡོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་བཀོད་པ་མི་གཅིག་པ་ཐམས་ཅད་ལ་དེར་སྣང་གི་ཚད་མ་ཡོད་ལ། ཚད་དང་བཀོད་པ་འདི་ཁོ་ན་བདེན་གྱི་གཞན་དག་ནི་བརྫུན་པའོ་ཞེས་བརྗོད་མི་ནུས་པའི་ཕྱིར་རོ། །དེ་ཡང་འདིར་ཕྱི་རོལ་ཏུ་གནས་པར་སྣང་བའི་རི་དང་གླིང་དང་རྒྱ་མཚོ་ལ་སོགས་པ་རང་གི་སེམས་ལས་དོན་གཞན་དུ་གྲུབ་པ་མེད་དེ། སེམས་ལ་དབང་འབྱོར་བའི་རྣལ་འབྱོར་པ་གཅིག་གི་ལུས་ལ་ཡང་སྲིད་པ་གསུམ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་གདགས་པར་ནུས་སོ་ཞེས་བསྟན་པའི་ཆེད་དུ་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བར་བྱ་བའི་དོན་དུ་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་དུས་ཀྱི་འཁོར་ལོར་གཅིག་ཏུ་བསྟན་པ་བཞིན་དུ་འདིར་ཡང་གཅིག་པ་ཉིད་དུ་སྟོན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། གནས་གཞན་ནང་ལ་སྦྱར་བ། འབྱུང་བ་རིམ་བརྩེགས་ནང་ལ་སྦྱར་བ། རི་རྣམས་གླིང་བདུན་འབྱུང་བ་ལྔ་རྒྱ་མཚོ་བདུན་གཟའ་དགུ་མེ་གསུམ་སྐྱེ་གནས་དང་དུས་སྦྱོར་ནང་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། སྤྱི་བོ་ནས་ནི་སོར་བཞི་བོ། །གཟུགས་མེད་གནས་ཏེ་དེ་འོག་ཏུ། །སོར་ནི་བཅུ་དྲུག་གཟུགས་ཁམས་ཉིད། །དེ་འོག་འདོད་ལྷ་མིར་བཅས་པ། །ལྟེ་བ་ནས་ནི་རྐང་མཐིལ་བར། །ལྷ་མིན་ཀླུ་དང་ཡི་དྭགས་དང་། །དམྱལ་བ་བརྒྱད་ཀྱི་གནས་རིམ་གསུངས། །ཞེས་གསུངས་ཏེ། དེ་ཡང་ལུས་ལ་ཁྲུ་བཞིར་བྱས་པའི་ཁྲུ་རེ་ལ་སོར་ཉི་ཤུ་རྩ་བཞིའོ། །དེ་ཡང་མགོ་ནས་ལྟེ་བ་ཡན་གྱི་ཁྲུ་དོ་ལ་གཟུགས་དང་གཟུགས་མེད་ཀྱི་ལྷ་དང་འདོད་ལྷ་མི་དང་བཅས་པའི་མཐོ་རིས་རྣམས་དང་། ལྟེ་བ་མན་གྱི་ཁྲུ་དོ་ལ་ལྷ་མ་ཡིན་ཀླུ་ཡི་དྭགས་དམྱལ་བ་རྣམས་གནས་པ་ཡིན་ལ། དེ་ཡང་རིམ་བཞིན་སྦྱར་ན་སྤྱི་བོ་ནས་རིམ་པ་བཞིན་སོར་བཞི་པོ་ལ་གཟུགས་མེད་པ་བཞི་བོ་གནས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སོགས་པའོ། །དེའི་འོག་ཏུ་གདོང་གི་སོར་བཅུ་དྲུག་ལ་འོག་མིན་པ་ལ་སོགས་པའི་གཟུགས་ཁམས་པ་བཅུ་དྲུག །དེའི་འོག་ལྟེ་བ་ལ་ཐུག་གི་བར་ལ་འདོད་པའི་ལྷ་དྲུག་མི་དང་བཅས་པ་གནས་ལ། ལྟེ་བ་ནས་རྐང་མཐིལ་གྱི་བར་ལ་རིམ་པ་བཞིན་གནས་པ་ནི་ལྟེ་བ་ནས་སུམ་མདོའི་བར་ནི་སའི་དཀྱིལ་འཁོར་ཏེ་དེའི་ཕྱེད་གོང་མ་ལ་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས། ཕྱེད་འོག་མ་ལ་དམྱལ་བའི་གནས་དང་པོ་གསེག་མའི་ཆུའི་དམྱལ་བ་དང་བརླ་གཉིས་ཆུའི་དཀྱིལ་འཁོར་ཏེ་ཕྱེད་གོང་མ་ལ་བྱེ་མའི་ཆུའི་དམྱལ་བ་དང་ཕྱེད་འོག་མ་ལ་འདམ་གྱི་ཆུའི་དམྱལ་བ་གཉིས། བརྗེ་ངར་གཉིས་མེའི་དཀྱིལ་འཁོར་ཏེ་ཕྱེད་གོང་མ་ལ་མེའི་དམྱལ་བ་དང་ཕྱེད་འོག་མ་ལ་དུ་བ་མི་བཟད་པའི་དམྱལ་བ་གཉིས། བོལ་ཚིགས་མན་རླུང་གི་དཀྱིལ་འཁོར་ཏེ་ཕྱེད་གོང་མ་ལ་མུན་པ་མི་བཟད་པ་དང་ཕྱེད་འོག་མ་ལ་ངུ་འབོད་ཏེ་རླུང་གི་དམྱལ་བ་གཉིས། བརྒྱད་པ་རྡོ་རྗེའི་དམྱལ་བ་ལ་གནས་ལོགས་པ་མེད་པས་རྐང་པའི་མཐིལ་དུ་གནས་པ་རྣམས་རིམ་པར་གསུངས་སོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ང་ནི་ཚངས་པའི་ཡུལ་ས་ཞེས་པ་ལ་སོགས་པས་མཐོ་རིས་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་ཚངས་པའི་ཡུལ་ས་གཙུག་ཏོར་ནས་མགྲིན་པའི་མཐར་ཐུག་པ་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་འགྱུར་ཞིང་ལག་མཆོག་དག་ནི་མི་ཡུལ་གྱི་འཇིག་རྟེན་དུ་འགྱུར་རོ། །རྐང་པ་དག་ནི་ས་འོག་གི་འཇིག་རྟེན་དུ་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས། རླུང་གི་མཐའ་དེ་ནས་ལྷུན་པོའི་བར་དུ་དམྱལ་བའི་གནས་བདུན་དང་བརྒྱད་པ་ནི་གདེངས་ཅན་གྱི་གྲོང་སྟེ་དམྱལ་བ་གདེངས་ཅན་གྲོང་དག་ལ་ནི་དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །འདིར་རླུང་གི་དཀྱིལ་འཁོར་སྟོང་ཕྲག་ལྔ་བཅུར་འགྱུར་ཏེ། དྲག་པོའི་རླུང་དེ་ལ་དམྱལ་བ་ངུ་འབོད་ཆེན་པོ་དང་མུན་པ་ཆེན་པོའི་གནས་གཉིས་ནི་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་རྩ་ལྔའི་ཆའོ། །རྒྱའི་ཚད་ནི་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་བཞིན་དུ་མའི་དཀྱིལ་འཁོར་ལ་དམྱལ་བའི་གནས་གཉིས་ཏེ་མེའི་དམྱལ་བ་གཅིག་དང་དེའི་སྟེང་དུ་དུ་བ་མི་བཟད་པའི་དམྱལ་བའོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་དམྱལ་བ་གཉིས་ཏེ་འདམ་གྱི་ཆུ་འདམ་དང་ཆུ་ཡང་དག་པར་ལྡན་པ་དང་བྱེ་མའི་ཆུ་བྱེ་མ་དང་ཆུ་ཡང་དག་པར་ལྡན་པ་སྟེ་གྲང་བ་ཆེན་པོའོ། །སའི་དཀྱིལ་འཁོར་ལ་གསེག་མ་ཆུའི་དམྱལ་བ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་གདེངས་ཅན་གྱི་གྲོང་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་ཉིད་ལ་ཚད་རྣམ་པ་གཉིས་ཏེ་ཕྱེད་ནི་ལྷ་མ་ཡིན་གྱི་གནས་ཡིན་ལ། ཕྱེད་ནི་ཀླུའི་འཇིག་རྟེན་གྱི་གནས་སོ། །དེ་བཞིན་དུ་ལུས་ལ་རྐང་པའི་མཐིལ་ནས་སྐེད་པའི་བར་ལ་ཁྲུ་གཉིས་ཏེ། ཁྲུ་གཉིས་པོ་དེ་ཉིད་ཆ་བརྒྱད་དུ་བྱས་ནས་ཆ་རེ་རེ་ལ་རིམ་པ་བཞིན་དུ་དམྱལ་བ་དང་གདེངས་ཅན་གྱི་གྲོང་རྣམས་རིག་པར་བྱའོ། །ཞེས་ཕྱི་ནང་སྦྱར་ནས་གསུངས་པའི་ཕྱིར་རོ། །གཉིས་པ་འབྱུང་བ་རིམ་བརྩེགས་ནང་ལ་སྦྱར་བ་ནི། རྐང་ལག་ཚིགས་གསུམ་རིམ་པ་ལྟར། །རླུང་མེ་ཆུ་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ས་སྟེ། ཞེས་གསུངས་ཏེ། དེ་ཡང་དཔངས་ཀྱི་དབང་དུ་བྱས་ནས་རྐང་པའི་བོལ་གོང་དང་། བུས་མོ་དང་ད་ཕྱིའི་ཚིགས་གསུམ་རིམ་པ་ལྟར་རླུང་མེ་ཆུའི་དཀྱིལ་འཁོར་དང་སུམ་མདོ་སའི་དཀྱིལ་འཁོར་ཡིན་ལ། ཞེང་གི་དབང་དུ་བྱས་ནས་ལག་པའི་འཁྲིག་མ་དང་གྲུ་མོ་དང་། དཔུང་པའི་ཚིགས་གསུམ་རིམ་པ་བཞིན་རླུང་མེ་ཆུའི་དཀྱིལ་འཁོར་ཡིན་ལ། བྲང་ནི་སའི་དཀྱིལ་འཁོར་ཡིན་ནོ། །གསུམ་པ་རི་རྣམས་ནང་ལ་སྦྱར་བ་ནི། སྒལ་ཚིགས་ནི། རི་རབ་དེ་བཞིན་རི་བདུན་ནི། །བརླ་དང་བརྗེ་ངར་དེ་འོག་རུས། །དཔུང་པ་ལག་ངར་ལག་པ་དང་། །སེན་མོའི་བར་དུ་རིམ་པ་ལྟར། །སྔོན་པོ་མན་དྷ་ར་མཚན་མོ། །ནོར་བུར་བྱེད་དང་བྲེ་བོ་དང་། །ཁ་བ་ཅན་དང་རྡོ་རྗེའི་རི། །ཞེས་གསུངས་སོ། །དེ་ཡང་རི་རྣམས་ནང་ལ་སྦྱར་ན་སྒལ་ཚིགས་ནི་རིའི་རྒྱལ་པོ་རི་རབ་དང་། དེ་བཞིན་དུ་རི་བདུན་ནི་བརླ་དང་བརྗེ་ངར་དང་དེའི་འོག་ཏུ་ཡོད་པའི་བོལ་གོང་གི་རུས་པ་དང་། དཔུང་པ་དང་ལག་ངར་དང་ལག་པའི་མགོ་དང་། སེན་མོའི་བར་དུ་རིམ་པ་ལྟར་ཕྱི་རོལ་ཏུ་འོང་སྔོན་པོའི་རི་དང་། མན་དྷ་ར་དང་མཚན་མོ་དང་ནོར་བུར་བྱེད་དང་། བྲེ་བོ་དང་ཁ་བ་ཅན་དང་རྡོ་རྗེའི་རི་རྣམས་ཡིན་ནོ། །བཞི་པ་གླིང་བདུན་ནང་ལ་སྦྱར་བ་ནི། གླིང་བདུན་ནང་ན་བད་ཀན་དང་། །རྒྱུ་མ་ཆིལ་སྙིང་མཆིན་པ་ཤ །ཟླ་བ་དཀར་པོ་ཀུ་ཤ་དང་། །མི་འམ་ཅི་དང་ཁྲུང་ཁྲུང་གླིང་། །དྲག་པོའི་གླིང་རྣམས་རིམ་པ་སྟེ། །རྐང་ལག་དུམ་བུ་བཅུ་གཉིས་ནི། །འཛམ་བུའི་གླིང་སོགས་གླིང་ཕྲན་བཅས། །ཞེས་གསུངས་ཏེ། དེ་ཡང་གླིང་བདུན་ནང་ལ་སྦྱར་ན་བད་ཀན་རྒྱུ་མ་ཚིལ་སྙིང་མཆིན་པ་ཤ་རྣམས་རིམ་པ་ལྟར་ཕྱི་རོལ་ཏུ་ཟླ་བའི་གླིང་དང་། དཀར་པོ་ཀུ་ཤ་མི་འམ་ཅི། །ཁྲུང་ཁྲུང་དྲག་པོའི་གླིང་རྣམས་ཡིན་ལ། རྐང་ལག་གི་དུམ་བུ་བཅུ་གཉིས་ནི་འཛམ་གླིང་ཆེན་པོ་ལས་ཀྱི་ས་ལ་བཅུ་གཉིས་སུ་ཕྱེ་བས་འཛམ་བུའི་གླིང་ཆུང་ངུ་ལ་སོགས་པ་བཞི་དང་གླིང་ཕྲན་བརྒྱད་དང་བཅས་པ་རྣམས་ཡིན་ནོ། །ལྔ་པ་ཁམས་ལྔ་ནང་ལ་སྦྱར་བ་ནི། སྲ་བ་བརླན་དང་དོད་དང་དབུགས། །ཁམས་བཞི་བུ་ག་ནམ་མཁའ་ཡིན། །ཞེས་གསུངས་ཏེ། དེ་ཡང་ནང་གི་སྲ་ཞིང་འཐས་པ་དང་། བརླན་ཞིང་གཤེར་བ་དང་། དྲོད་དང་། དབུགས་རྣམས་རིམ་པ་བཞིན་ཕྱི་རོལ་ཏུ་ས་ཆུ་མེ་རླུང་གི་ཁམས་བཞི་དང་ནང་གི་བུ་ག་ནི་ནམ་མཁའ་ཡིན་ནོ། །དྲུག་པ་རྒྱ་མཚོ་བདུན་ནང་ལ་སྦྱར་བ་ནི། ཁུ་བ་ཞག་དང་ཀླད་པ་དང་། །བད་ཀན་འོ་མ་མཆིལ་མ་རྡུལ། །དྲི་ཆུ་ནང་གི་རྒྱ་མཚོ་བདུན། །སྦྲང་རྩི་མར་ཞོ་འོ་མ་ཆུ། །ཆང་དང་བ་ཚྭའི་རང་བཞིན་ནོ། །ཞེས་གསུངས་ཏེ། དེ་ཡང་ནང་གི་ཁུ་བ་དང་ཞག་དང་ཀླད་པ་དང་། སྐྱེས་པའི་བད་ཀན་བུད་མེད་ཀྱི་འོ་མ་དང་མཚིལ་མ་དང་རྔུལ་དང་དྲི་ཆུ་སྟེ་ནང་གི་རྒྱ་མཚོ་བདུན་ནི་ཕྱི་རོལ་ཏུ་རིམ་པ་བཞིན་སྦྲང་རྩི་མར་ཞོ་འོ་མ་ཆུ་ཆང་བ་ཚྭའི་རྒྱ་མཚོ་དང་བདུན་པོའི་རང་བཞིན་ཅན་ནོ། །འདི་དག་ཀྱང་དྲི་མ་མེད་པའི་འོད་ལེས་གསུངས་ཏེ། ཆུ་གཏེར་རྣམས་དང་གླིང་རྣམས་ནི་ཆུ་གཏེར་གླིང་དང་རི་བོ་རྣམས་ཀྱང་བདུན་ཏེ་གྲངས་བཞིན་དུ་ལུས་ལ་རྒྱ་མཚོ་བདུན་པོ་ནི་གཤེར་བའི་ཁམས་རྣམས་སོ། །དེ་དག་ལས་ལན་ཚྭའི་རྒྱ་མཚོ་ནི་གཅི་བའོ། །ཆང་གི་རྒྱ་མཚོ་ནི་དངུལ་དང་། །ཆུའི་རྒྱ་མཚོ་ནི་སྟུ་ཀ་དང་། འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་འོ་མ་དང་སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་དང་། ཞོའི་རྒྱ་མཚོ་ནི་མགོའི་ཀླད་པ་དང་མར་གྱི་རྒྱ་མཚོ་ནི་ཞག་དང་། སྦྲང་རྩིའི་རྒྱ་མཚོ་ནི་ཁུ་བའོ། །དེ་བཞིན་དུ་གླིང་རྣམས་ཏེ་འཛམ་བུའི་གླིང་རྩིབས་བཅུ་གཉིས་པ་ནི་ལག་པ་དང་རྐང་པའི་དུམ་བུ་བཅུ་གཉིས་ལའོ། །དྲག་པོ་ནི་ཤའོ། །ཁྲུང་ཁྲུང་ནི་མཆིན་པ་དང་། མི་འམ་ཅི་ནི་སྙིང་དང་། ཀུ་ཤ་ནི་ཚིལ་བུ་དང་། འོད་དཀར་ནི་རྒྱུ་མ་དང་། ཟླ་བ་ནི་རྩ་སྟེ་འཇམ་པོའི་ཁམས་རྣམས་སོ། །རི་བོ་ཞེས་པ་ལ་རྡོ་རྗེའི་རི་ནི་རྐང་པ་དང་ལག་པའི་སེན་མོ་རྣམས་སོ། །བསིལ་བའི་རི་ནི་ལག་པའི་རུས་པ་དང་། དྲོ་ཎའི་རི་ནི་ཉེ་བའི་དཔུང་བའི་རུས་པ་དང་། ནོར་བུའི་འོད་ནི་དཔུང་པའི་རུས་པ་དང་། ནི་ཥ་ཊ་ནི་རྐང་པའི་རུས་པ་དང་། མན་དྷ་རའི་རི་ནི་བྱིན་པའི་རུས་པ་དང་། འོད་སྔོན་པོ་ནི་བརླའི་རུས་པའོ་ཞེས་པ་ནི་རི་བདུན་པོ་སྲ་བའི་ཁམས་སོ། །བརྒྱད་པ་ལྷུན་པོ་ནི་ལུས་ཀྱི་སྒལ་ཚིགས་དཔྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པར་ངེས་པ་སྟེ་གཤེར་འཇམ་སྲ་བ་གསུམ་གྱི་རང་བཞིན་ཁམས་རྣམས་སོ། །ཞེས་གསུངས་སོ། །བདུན་པ་གཟའ་ལ་སོགས་པ་ནང་ལ་སྦྱར་བ་ནི། དབང་པོ་གཟའ་བཅུའི་རང་བཞིན་ཏེ། །སོ་ནི་རྒྱུ་སྐར་རྩ་ཆུ་བོ། །རྒྱུ་མ་སྤྲིན་དང་ནང་གི་རླུང་། །སྙིང་ཀའི་སྒྲ་ནི་ཐོག་ཡིན་ཏེ། །ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས། །ཞེས་གསུངས་ཏེ། དེ་ཡང་དབང་པོ་བཅུ་གཟའ་བཅུའི་རང་བཞིན་ཡིན་ཏེ་སྣ་བུག་གཉིས་རླུང་གི་གཟའ་ཉི་ཟླ་གཉིས།མིག་གཉིས་མེའི་གཟའ་མིག་དམར་དང་ཕུར་བུ་གཉིས། ཁ་དང་དྲི་ཆུའི་སྒོ་ནི་ཆུའི་གཟའ་པ་སངས་དང་གཟའ་ལྷག་གཉིས། དྲི་ཆེན་དང་སྤྱི་གཙུག་གི་ཕུག་གཉིས་ནི་གཟའ་སྤེན་པ་དང་མཇུག་རིངས་གཉིས། རྣ་བ་གཉིས་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེ་གཉིས་ཡིན་ལ། རྩ་བར་དབང་པོ་གཟའ་དགུའི་རང་བཞིན་ཏེ། ཞེས་འབྱུང་ཀྱང་འགྲེལ་པར་དབང་པོ་བཅུ་གཟའ་བཅུ་དང་སྦྱར་ལ། གཟའ་དགུ་ཞེས་པ་ཡི་གེ་ཉམས་པ་ཡིན་ནམ་སྙམ་མོ། །སོ་སུམ་བཅུ་རྩ་གཉིས་ནི་མཚམས་ཀྱི་དབྱུག་གུ་མ་བཞི་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནང་དུ་རོ་འབབ་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ནི་ཕྱི་རོལ་ཏུ་རྒྱ་མཚོར་འགྲོ་བའི་ཆུ་བོ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སོ། །ནང་དུ་རོ་འབབ་པའི་རྒྱུ་མ་ནི་ཕྱི་རོལ་དུ་ཆར་འབབ་པའི་སྤྲིན་དང་། ཕྱིའི་རླུང་གི་དཀྱིལ་འཁོར་ནི་ལུས་ལ་གནས་པའི་ནང་གི་སྲོག་གི་རླུང་ངོ་། །སྙིང་ཀའི་གཞོམ་མེད་ཀྱི་སྒྲ་ནི་ཕྱི་རོལ་ཀྱི་ཐོག་གི་སྒྲ་ཡིན་ལ། ལྟོ་བའི་སྒྲ་ནི་འབྲུག་གི་སྒྲ་རུ་གསུངས་པ་ཡིན་ནོ། །དོན་འདི་དག་ཀྱང་དྲི་མ་མེད་པའི་འོད་ལས་གསུངས་ཏེ། ཇི་སྐད་དུ་སྐར་རྩིས་པ་ནི་ཉི་མ་ལ་སོགས་པའི་གཟའ་རྣམས་སོ། །དེ་དག་ཀྱང་བུག་པའི་དབྱེ་བས་བཅུར་འགྱུར་ཏེ། འདིར་བཤང་ལམ་གྱི་བུག་པ་ནི་ཟླ་བ་དང་གཅི་བའི་བུག་པ་ནི་ཉི་མ་དང་། ཁུ་བའི་བུག་པ་ནི་དུས་ཀྱི་མེ་དང་ཁའི་བུག་པ་ནི་སྒྲ་གཅན་དང་། མིག་གཡས་པའི་བུག་པ་ནི་བཀྲ་ཤིས་དང་། མིག་གཡོན་པའི་བུག་པ་ནི་གཟའ་ལྷག་དང་། སྣ་གཡས་པའི་བུག་པ་ནི་ཕུར་བུ་དང་། སྣ་གཡོན་པའི་བུག་པ་ནི་པ་སངས་དང་། རྣ་བ་གཡས་པའི་བུག་པ་ནི་སྤེན་པ་དང་། རྣ་བ་གཡོན་པའི་བུག་པ་ནི་མཇུག་རིངས་སོ། །ཞེས་གསུངས་པས་གཞུང་རྩ་འགྲེལ་དང་དངོས་སུ་འགལ་ལོ་སྙམ་དུ་རྟོག་པར་མི་བྱ་སྟེ། དྲི་མེད་འོད་དུ་བསམ་པ་ལ་དགོངས་ནས་གསུངས་པ་ཡིན་ལ། འདིར་ནི་ལུས་ལ་དགོངས་ནས་གསུངས་ས་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཡང་དེ་ཉིད་ལས། ད་ནི་རྒྱུ་སྐར་ལ་སོགས་པ་གསུངས་ཏེ། ཐུར་མ་བདུན་པའི་འཁོར་ལོའི་དབྱེ་བས་ཇི་བཞིན་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཐུར་མའི་རྒྱུ་སྐར་རྣམས་ཀྱི་ཟུར་བཞིར་དབྱུག་གུའི་སྐར་མ་བཞི་སྟེ་དེ་ལྟར་ན་སུམ་བཅུ་རྩ་གཉིས་སོ། །རིམ་པ་དང་རིམ་པ་མ་ཡིན་པར་རྒྱུ་བའི་དབྱེ་བས་རྒྱུ་སྐར་བཅུ་བཞི་ནི་སོ་རྣམས་ཀྱི་སྟེང་གི་འཁོར་ལོ་ལ་སྟེ་བཅུ་བཞི་ནི་འོག་གི་འཁོར་ལོ་ལ་གནས་སོ། །འཁོར་ལོ་ཕྱེད་ཀྱི་དབྱེ་བས་སོ་རྣམས་ཀྱི་དབྱེ་བ་སྟེང་དང་འོག་ཏུ་འགྱུར་ཏེ་རྒྱུ་སྐར་རྣམས་ནི་སོའི་ཕྲེང་བའོ། །ཞེས་དང་ཡང་དེ་ཉིད་ལས། རྩ་རྣམས་ཆུ་བོ་ཞེས་པ་ནི་འདིར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་རྒྱ་མཚོར་འགྲོ་བའི་ཆུ་བོ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཏེ་ནང་དུ་ནི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་འགྱུར་རོ། །རྒྱུ་མ་སྤྲིན་ཏེ་རྒྱུ་མ་ཞེས་པ་ནི་རྣམ་དབྱེ་མེད་པའི་ཚིག་གོ །རྒྱུ་མ་ནི་སྤྲིན་དུ་འགྱུར་ཏེ་རོ་འབབ་པའི་ཕྱིར་དང་སྒྲ་སྒྲོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཞེས་དང་། རྡོ་རྗེའི་སྒྲ་ནི་སྙིང་ག་ནས་རྒྱུ་མར་སྒྲོགས་པའོ། །ཞེས་གསུངས་སོ། །བརྒྱད་པ་མེ་གསུམ་ནང་ལ་སྦྱར་བ་ནི། སྙིང་ག་མགྲིན་པ་ལྟེ་བ་ནི། །གློག་དང་ཉི་དྲོད་བསྲེག་བྱེད་མེ། །ཞེས་གསུངས་ཏེ། ཡང་སྙིང་ཀའི་མེ་ནི་ཕྱི་རོལ་ཏུ་གློག་གམ་རྟ་གདོང་གི་མེ་སྟེ་ཞེ་སྡང་བསྐྱེད་པའོ། །མགྲིན་པའི་མེ་ནི་ཉི་མའམ་ཁྱིམ་བདག་གི་མེ་སྟེ་ཉི་མས་ཁྱིམ་བཅུ་གཉིས་རིམ་པར་བགྲོད་ནས་མུན་པ་སེལ་བར་བྱེད་ཅིང་ཁྱིམ་བདག་གི་མེས་གཙོ་བསྲེག་གི་བྱ་བ་བྱེད་ལ། མགྲིན་པའི་མེས་ཟས་སྐོམ་དགུག་འདྲེན་གྱི་བྱ་བ་བྱེད་པའི་ཕྱིར་རོ། །ལྟེ་བའི་མེ་དང་བསྲེག་བྱེད་དམ་ཤ་ཟའི་མེས་ཟས་བསྲེག་ཅིང་བཞུ་བའི་བྱ་བ་བྱེད་པའི་དོན་ཡིན་ནོ། །འདི་ཡང་དྲི་མ་མེད་པའི་འོད་ལས་གསུངས་ཏེ། ང་ནི་སྙིང་ཞེས་པ་ལ་སོགས་པས་མ་གསུམ་གསུངས་ཏེ། འདིར་ལུས་ལ་ལྷོའི་མེ་དང་ཁྱིམ་བདག་གི་མེ་དང་བསྲེག་བྱ་ཟ་བའི་མེའོ། །ཞེས་པ་ནི་ངེས་པ་སྟེ། གསུམ་པོ་གྲངས་བཞིན་དུ་སྙིང་གའི་པདྨ་གཞུའི་རྣམ་པ་ལ་རྡོ་རྗེ་ནི་གློག་གི་མེའོ། །མགྲིན་པའི་པདྨ་ཟླུམ་པོ་ལ་ཁྱིམ་བདག་གི་མེ་སྟེ་ཉི་མའོ། །ལྟེ་བའི་ཐབ་ཁུང་གྲུ་བཞི་པ་ལ་བསྲེག་བྱ་ཟ་བ་ཤ་ཟའི་མེ་ཞེས་པ་ན་རབ་འཕྲོ་རིམ་པ་ཡིས། ཉིན་བཞིན་བསྲེག་བྱེད་ཆུ་གཏེར་ཟུར་གྱི་ཐབ་ཁུང་ལ་ཡང་ཞེས་པ་ནི་ངེས་པའོ། །དགུ་པ་སྐྱེ་གནས་དང་དུས་སྦྱོར་ལ་སོགས་པ་ནང་ལ་སྦྱར་བ་ནི། གཞན་ཡང་ལྤགས་པ་དྲོད་དང་སྤུ། །མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི། །ཆར་ནི་ལྕེ་ཆུང་བདུད་རྩི་སྟེ། །ཐུན་ནི་སྐད་ཅིག་བར་གྱི་ན། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། །རྩ་རླུང་ཐིག་ལེ་སེམས་བཅས་བ། །སྲོག་རླུང་དཀར་དམར་སྦྱོར་བས་ན། །ཟླ་ཉི་འཛིན་པར་སྣང་བ་དང་། །དེ་སོགས་རྣམ་བཤད་དུ་མ་རྣམས། །ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །སྦྱོར་ཕྱིར་དཔག་ཏུ་མེད་པ་གསུངས། །ཞེས་གསུངས་ཏེ། དེ་ཡང་ནང་གི་ཆོས་གཞན་ལྤགས་པ་དང་དྲོད་དང་སྤུ་རྣམས་ནི་མེ་དང་རླུང་གི་རང་བཞིན་ཡིན་ནོ། །ནང་དུ་ལུས་སྐྱེས་ཀྱི་སྲིན་བུ་སྐྱེ་གནས་བཞི་ནི་ཕྱི་རོལ་ཏུ་འབྱུང་བའི་སྐྱེ་གནས་བཞི་ཡིན་ཏེ། ཕྱི་རོལ་ཏུ་སའི་ཁམས་ཀྱི་སྐྱེ་གནས་ནི་ནང་དུ་བ་སྤུའི་སྲིན་བུ་རྣམས་སོ། །ཕྱི་རོལ་ཏུ་རླུང་གི་ཁམས་ཀྱི་སྐྱེ་གནས་ནི་སྒོ་ང་ལས་སྐྱེས་པ་ནི་ནང་དུ་ཤིག་རྣམས་སོ། །ཕྱི་རོལ་ཏུ་ཆུའི་ཁམས་དྲོད་གཤེར་ལས་སྐྱེས་པ་ནི་ནང་དུ་ལུས་ཀྱི་སྲིན་བུ་རྣམས་སོ། །ཕྱི་རོལ་ཏུ་མེའི་ཁམས་མངལ་ནས་སྐྱེས་པ་ནི་ནང་དུ་ཁུ་བའོ། །ཕྱི་རོལ་ཏུ་ནམ་མཁའི་ཁམས་བརྫུས་ཏེ་སྐྱེས་པ་ནི་ནང་དུ་གཟུགས་གཞན་སྲོག་ཆགས་ཕྲ་མོ་རྣམས་སོ། །ཇི་སྐད་དུ་དྲི་མེད་འོད་ལས། ང་ནི་སྤུ་དང་ཞེས་པ་ལ་སོགས་པས་འབྱུང་པོའི་སྐྱེ་གནས་གསུངས་ཏེ། འདིར་འཇིག་རྟེན་གྱི་ཁམས་སུ་འབྱུང་པོའི་སྐྱེ་གནས་རྣམ་པ་བཞི་སྟེ། འདིར་ཕྱི་རོལ་ཏུ་སའི་སྐྱེ་གནས་བསྟན་པ་ནི་ནང་དུ་སྤུ་རྣམས་སོ། །ཕྱི་རོལ་ཏུ་རླུང་གི་སྐྱེ་གནས་སྒོང་སྐྱེས་ནི་ནང་དུ་ཤིག་རྣམས་སོ། །ཕྱི་རོལ་ཏུ་ཆུའི་སྐྱེ་གནས་སྲིན་བུའི་རིགས་ལ་སོགས་པ་དྲོད་གཤེར་ལས་སྐྱེས་པ་ནི་ལུས་ལ་ཡང་སྲིན་པོའི་རིགས་ལ་སོགས་པའོ། །ཕྱི་རོལ་ཏུ་མེའི་སྐྱེ་གནས་མངལ་ནས་སྐྱེས་པ་ཁུ་བ་ལས་བྱུང་བ་ནི་ནང་དུ་ཁུ་བ་ཉིད་དོ། །མ་བརྗོད་པ་ཉིད་ལས་ཕྱི་རོལ་ཏུ་ནམ་མཁའི་ཁམས་རོའི་ངོ་བོ་བརྫུས་ཏེ་སྐྱེས་པ་རྣམས་ནི་ནང་དུ་ཕྲ་མོའི་རང་བཞིན་སྲོག་ཆགས་ཕྲ་མོ་རྣམས་ཏེ་འབྱུང་པོའི་སྐྱེ་གནས་རྣམ་པ་བཞིའོ། །ཞེས་གསུངས་སོ། །ཕྱི་རོལ་ཀྱི་ཆར་ནི་ནང་དུ་ལྕེའུ་ཆུང་ལས་འབབ་པའི་བདུད་རྩི་སྟེ། ཇི་སྐད་དུ་དྲི་མེད་འོད་ལས། ཕྱི་རོལ་ཏུ་ཆར་པ་གང་ཡིན་པ་དེ་ལུས་ལ་འདིར་ནི་བདུད་རྩི་སྟེ་ལྕེ་དང་ལྕེའུ་ཆུང་དག་ལས་སྟུ་ཀ་འཛག་པའོ། །ཞེས་གསུངས་སོ། །ཐུན་ཆེན་པོ་བཞི་དང་དེའི་ཕྱེད་བརྒྱད་ལ་སོགས་པ་ནས་སྐད་ཅིག་མ་ལ་སོགས་པའི་བར་གྱི་དུས་སྦྱོར་ཐམས་ཅད་ནི་ཕྱི་རོལ་ཀྱི་ལོ་གཅིག་དང་ནང་གི་ཞག་གཅིག་ཆོས་མཚུངས་སུ་སྦྱར་བ་ལ་སོགས་པ་དུས་སྦྱོར་ཐམས་ཅད་ནི་སྡུར་རྩ་རླུང་གི་སྐབས་སུ་ལུང་སྦྱོར་དང་བཅས་ཏེ་བསྟན་པ་བཞིན་ཤེས་པར་བྱ་ཞིང་། དེ་དག་ཐམས་ཅད་ཀྱང་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལས་བྱུང་བ་ཡིན་ལ། ནང་དུ་སྲོག་གི་རླུང་དང་དཀར་དམར་སྦྱོར་བ་སྟེ་ཕྲད་པ་ན་ཕྱི་རོལ་ཏུ་དུས་སྦྱོར་གྱི་མཚམས་ཀྱི་མཐར་དུས་གསུམ་ཟླ་བ་དྲུག་ན་ཟླ་ཉི་སྒྲ་གཅན་གྱིས་འཛིན་པར་སྣང་བ་དང་། དེ་དག་ལ་སོགས་པ་ནང་གི་དུས་སྦྱོར་དབུ་མར་རྒྱུ་བའི་རྣམ་བཤད་དང་དག་པ་སྦྱར་བ་དུ་མ་ཡོད་པ་རྣམས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་གསུམ་པོ་དེའི་རང་བཞིན་ཡེ་ཤེས་སུ་སྦྱོར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་རྟེན་འབྲེལ་རྟོགས་པ་ན། །ཐབས་དང་ཤེས་རབ་སྦྱོར་ཤེས་པས། །སྣ་ཚོགས་ཡོན་ཏན་འགྱུར་ཕྱིར་རོ། །འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད། །ཅེས་གསུངས་ཏེ། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་རྡོ་རྗེའི་ལུས་གཅིག་ཏུ་སྦྱོར་བ་དེ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པ་ན་ཐབས་དང་ཤེས་རབ་ཀུན་རྫོབ་དང་དོན་དམ་ལུས་དང་བསམ་པ་རྣམ་ཤེས་དང་ཡེ་ཤེས་ལ་སོགས་པའི་གནས་ལུགས་སྦྱོར་བ་ཤེས་ཤིང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་སྣ་ཚོགས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བའི་ཕྱིར་རོ། །འདིར་ནི་ཕྱི་ནང་གི་སྦྱོར་ཚུལ་མེད་དུ་མི་རུང་བ་རྣམས་མདོར་བསྡུས་ནས་ཅུང་ཟད་བརྗོད་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་རྒྱན་ལས། ནང་རྡོ་རྗེའི་ལུས་ཕྱི་སྣོད་ལ་སྦྱར་བ་སྟེ་ལེའུ་བདུན་པའོ།། །།ལེའུ་བརྒྱད་པ་ཀུན་བཏགས་ཀྱི་ལྷ་བསྒོམ་པའི་ཚུལ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ཕྱི་ནང་གཉིས་སུ་མེད་པར་རྟོགས་པའི་རྣལ་འབྱོར་བས་ཕྱིའི་དཀྱིལ་འཁོར་དང་ནང་གི་དཀྱིལ་འཁོར་གཉིས་སུ་མེད་པར་རྟོགས་པར་བྱ་བའི་ཆེད་དུ་ཕྱི་ནང་སྦྱར་བཤད་ཀྱི་ལེའུའི་འོག་ཏུ་ཀུན་བཏགས་ལྷའི་ལེའུ་བསྟན་པ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་སེམས་ཅན་ཀུན་རྟོག་ལ། །ཀུན་བརྟགས་ལྷ་རྣམས་བསྒོམ་པའི་དོན། །སེམས་འཛིན་ཕྱི་ནང་དོན་ཤེས་དང་། །དབང་འབྱོར་གཞན་དོན་གཟུགས་སྟོན་ཕྱིར། །དཔའ་བོ་གཅིག་ནས་མཐའ་ཡས་པར། །གསུངས་པའི་དེས་པ་འདི་ལྟ་སྟེ། །ཞེས་གསུངས་ཏེ། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ནང་རྡོ་རྗེའི་ལུས་ལ་སྦྱོར་བའི་ཚུལ་བཤད་ཟིན་པ་དེ་ནས་ཀུན་བརྟགས་ལྷ་བསྒོམ་པའི་རིམ་པ་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་ཀུན་རྟོག་ལ་བདེན་པར་མེད་བཞིན་དུ་ཀུན་བརྟགས་ཀྱི་ལྷ་རྣམས་བསྒོམ་པ་ལ་དགོས་པའི་དོན་རྣམ་པ་གསུམ་ཡོད་ཏེ། ལས་དང་པོ་པ་རྣམས་ཀྱིས་ཞི་གནས་ལ་སེམས་འཛིན་པའི་ཕྱིར་དང་། ལམ་གྱི་གནས་སྐབས་སུ་ཤེས་བྱ་ཤིན་ཏུ་ཕྲ་བ་རྣམས་ལ་ཕྱིའི་དཀྱིལ་འཁོར་གྱི་ལྷ་དང་ནང་གི་དཀྱིལ་འཁོར་གྱི་ལྷའི་དོན་ཤེས་པའི་ཕྱིར་དང་། འབྲས་བུའི་གནས་སྐབས་སུ་གཟུགས་སྐུ་ལ་དབང་འབྱོར་བས་གཞན་དོན་དུ་གཟུགས་སྟོན་པའི་ཕྱིར་དུ་ལྷ་དཔའ་བོ་གཅིག་པ་ནས་མཐའ་ཡས་པའི་བར་དུ་བསྒོམ་དགོས་པར་གསུངས་པའི་ངེས་པ་ནི་འདི་ལྟ་སྟེ་ཞེས་འོག་མ་རྣམས་ཀྱི་རྒྱུ་མཚན་རྟོགས་པར་བྱ་བའི་དོན་དུ་མཚམས་སྦྱར་བའི། རིམ་པ་འདི་ནི་དཔལ་རྡོ་རྗེ་དྲིལ་བུ་པས་གསུངས་ཏེ། བཅོས་མ་གཉིས་ཀྱི་དངོས་པོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་བའི་ཕྱིར། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །ཅི་ནས་མ་གྲུབ་ཡང་གྲུབ་མེད། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། །ལྷའི་གྲངས་ཀྱི་ངེས་པ། དཀྱིལ་འཁོར་གྱི་ངེས་པ། ཐབས་དང་ཤེས་རབ་ཀྱི་རང་བཞིན། བསྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ནི། དབུ་མ་ཀུན་གཞི་ཡང་དག་དོན། །ཡེ་ཤེས་རླུང་དང་ཐིག་ལེ་ནི། །དཔའ་བོ་གཅིག་པ་ཧེ་རུ་ཀའོ། །སྐུ་གཉིས་ཐབས་དང་ཤེས་རབ་དང་། །སྟེང་འོག་དཀར་དམར་བདེན་གཉིས་དང་། །དེ་སོགས་ཡབ་ཡུམ་གཉིས་པའོ། །ལུས་ངག་ཡིད་དང་ཐིག་ལེ་གསུམ། །སྟེང་འོག་བར་གསུམ་ཡི་གེ་གསུམ། །རླུང་གསུམ་སོགས་ཕྱིར་ལྷ་གསུམ་སྟེ། །ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། །ཡེ་ཤེས་ལྔ་དང་ཕུང་པོ་ལྔ། །འཁོར་ལོ་རླུང་དང་བྱབ་བྱེད་བཅས། །ལྷ་ལྔ་བསྟན་ཏེ་དུ་མར་གསུངས། །ནམ་མཁའ་ཡེ་ཤེས་རྣམ་ཤེས་དྲུག །ལྷ་དྲུག་ཉོན་ཡིད་དང་བཅས་བདུན། །ཚོགས་བརྒྱད་སོགས་ཕྱིར་བརྒྱད་པ་དང་། །སྙིང་གའི་རྩ་རླུང་ས་བཅུ་སྟོབས། །དེ་སོགས་དགུ་དང་བཅུ་བ་དང་། །ཕུང་པོ་ཁམས་བཅུ་དབང་པོ་ཡུལ། །དྲུག་དྲུག་དེ་བཞིན་ལས་བྱེད་པ། །དབང་དྲུག་དང་བཅས་དཀྱིལ་འཁོར་ནི། །ལྷ་ལྔ་དགུ་དང་བཅུ་གསུམ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་པ། །སོ་བདུན་རིགས་བརྒྱ་དུ་མའི་བར་རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས། །རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། །ཞལ་དང་ཕྱག་མཚན་དེ་དང་མཚུངས། །ཞེས་གསུངས་ཏེ། །འདི་ཡང་དུས་ཀྱི་འཁོར་ལོ་ནས་རྩ་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བའི་རིམ་པ་གསུངས་པ་བཞིན་དུ་བཤད་པ་ཡིན་ཏེ། དེ་ཡང་གཞིའི་དབང་དུ་བྱས་ནས་དབུ་མ་དང་། དེ་ལ་གནས་པའི་ཀུན་གཞི་དང་། དེའི་རང་བཞིན་ཡང་དག་པའི་དོན་ཀུན་གཞིའི་ཡེ་ཤེས་དང་། ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་རྣམས་ཀྱི་ཆོས་ཉེ་བར་གཟུང་ནས་དེ་རྣམས་ཀྱི་རང་བཞིན་ཡེ་ཤེས་ནི་ཐམས་ཅད་ཀྱི་གཞིར་གྱུར་པའི་རྣམ་པ་ཐམས་ཅད་པ་ཡིན་པས་ལྷ་ཐམས་ཅད་པར་འཆར་དུ་རུང་བ་ཡིན་པའི་ཕྱིར་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའོ། །ཇི་སྐད་དུ་དཔལ་འཁོར་ལོ་སྡོམ་པ་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་པ་ལྟར་རོ། །རྩ་བའི་རྒྱུད་ལས་ཀྱང་། རྡོ་རྗེ་སེང་གེའི་གདན་བཞུགས་པ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །དང་པོའི་སངས་རྒྱས་སོགས་མིང་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་གཅིག་པོ་མིང་སྣ་ཚོགས་པས་བསྟན་པ་ཡིན་ནོ། །ལྷ་གཉིས་ཀྱི་ངེས་པ་ནི་འབྲས་བུའི་དབང་དུ་བྱས་ནས་སྐུ་གཉིས་དང་ལམ་གྱི་དབང་དུ་བྱས་ནས་ཐབས་དང་ཤེས་རབ་གཉིས་དང་། རྟེན་དང་བརྟེན་པའི་དབང་དུ་བྱས་ནས་སྟེང་གི་དཀར་ཆ་དང་འོག་གི་དམར་ཆ་གཉིས། སྤྱིའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བདེན་པ་གཉིས་ཏེ། དེ་ལ་སོགས་པའི་གཉིས་ཚན་གྱི་ཆོས་ཉེ་བར་གཟུང་ནས་ལྷ་ཡབ་ཡུམ་གཉིས་པའོ། །དེ་བཞིན་དུ་ལྷ་གསུམ་པའི་ངེས་པ་ནི་སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ནས་ལུས་ངག་ཡིད་གསུམ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །ཐིག་ལེ་གསུམ། རྩ་རོ་རྐྱང་དབུ་མ་གསུམ། སྟེང་འོག་བར་གྱི་ས་འོག་ས་སྟེང་ས་བླ་གསུམ། ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ། །རོ་རྐྱང་དབུ་མའི་རླུང་གསུམ་ལ་སོགས་པའི་ཆོས་ཉེ་བར་གཟུང་ནས་ལྷ་གསུམ་པ་སྟེ། ཇི་སྐད་དུ་རྣལ་འབྱོར་གྱི་རྒྱུད་ལས། རྩ་གསུམ་རླུང་གསུམ་སེམས་གསུམ་དང་། །སྣང་བ་གསུམ་གྱི་བདག་ཉིད་ཕྱིར། །ལྷ་གསུམ་ཡིག་གསུམ་ཞལ་གསུམ་སྟེ། །ཞེས་རྒྱས་པར་གསུངས་སོ། །དེ་བཞིན་དུ་ལྷ་བཞི་པའི་ངེས་པ་ནི་ཁྱབ་བྱེད་ཡེ་ཤེས་ཀྱི་ཁམས་དང་ལྡན་པའི་ཁྱབ་བྱ་བཞི་ནི་ས་ཆུ་མེ་རླུང་གི་ཁམས་བཞི་དང་། རྡོ་རྗེ་བཞི་ལས་ལྷ་བཞི་པ་དང་། དེ་བཞིན་དུ་ལྷ་ལྔ་པའི་ངེས་པ་ནི་ཡེ་ཤེས་ལྔ་ཕུང་པོ་ལྔ་རྩ་འཁོར་ལོ་ལྔ་རླུང་ལྔ་ཁྱབ་བྱེད་ནམ་མཁའ་དང་བཅས་པའི་ཁམས་ལྔ་ལ་སོགས་པའི་ཆོས་ཉེ་བར་གཟུང་ནས་ལྷ་ལྔར་བསྟན་ཏེ་དེ་ལྟ་བུ་རྒྱུད་སྡེ་དུ་མར་གསུངས་སོ། །དེ་བཞིན་དུ་ལྷ་དྲུག་པའི་ངེས་པ་ནི་ཁམས་བཞིའི་སྟེང་དུ་ནམ་མཁའི་ཁམས་དང་ཡེ་ཤེས་ཀྱི་ཁམས་གཉིས་བསྣན་པས་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རྩ་འཁོར་ལོ་དྲུག་ལས་ལྷ་དྲུག་གི་དཀྱིལ་འཁོར་ཏེ། འཁོར་ལོས་བསྒྱུར་བ་དྲུག་གི་དཀྱིལ་འཁོར་ལྟ་བུ་གསུངས་སོ། །དེའི་སྟེང་དུ་ཉོན་ཡིད་དང་བཅས་པས་ལྷ་བདུན་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་སྦྱང་བའི་ཕྱིར་དུ་ལྷ་བརྒྱད་པ་དང་། སྙིང་གའི་རྩ་དགུ་སྦྱང་བའི་ཕྱིར་ལྷ་དགུ་པ་དང་། རླུང་བཅུ་ས་བཅུ་སྟོབས་བཅུ་དག་པའི་ལྷ་བཅུ་པ་དང་། ཕུང་པོ་ལྔ་ཁམས་ལྔ་སྟེ་བཅུ་དང་དབང་པོ་ལྔ་ཡུལ་དང་བཅས་པ་སྦྱོང་བའི་ཕྱིར་ལྷ་བཅོ་ལྔ་པ་དང་། ཕུང་པོ་དྲུག་ཁམས་དྲུག་དབང་པོ་དྲུག་ཡུལ་དྲུག་དེ་བཞིན་དུ་ལས་བྱེད་པའི་དབང་པོ་དྲུག་དེའི་བྱ་བ་དྲུག་དང་བཅས་པ་སྟེ་སུམ་བཅུ་རྩ་དྲུག་ལས་དེ་དག་ཅི་རིགས་པར་སྦྱར་བའི་དཀྱིལ་འཁོར་ནི། ལྷ་ལྔའི་དཀྱིལ་འཁོར་དང་ལྷ་དགུ་དང་བཅུ་གསུམ་དང་བཅུ་དགུ་དང་ཉེར་ལྔ་དང་སོ་གཉིས་དང་སོ་བཞི་དང་སོ་བདུན་དང་རིགས་བརྒྱ་ལ་སོགས་པ་དུ་མའི་བར་དུ་འགྱུར་ཏེ། དེ་དག་ཀྱང་རྩ་དང་རླུང་དང་ཐིག་ལེ་དང་རྩའི་འཁོར་ལོའི་གྲངས་ཀྱི་དབང་དུ་བྱས་པའི་རགས་པ་ཡིན་ལ། ཞིབ་པར་ནི་སྦྱང་བྱ་རྣམ་པར་རྟོག་པའི་གྲངས་བཞིན་དུ་སྦྱོང་བྱེད་ལྷའི་གྲངས་ཀྱང་དེ་སྙེད་དུ་བསྟན་པ་ཡིན་ཏེ། ཞལ་དང་ཕྱག་དང་ཕྱག་མཚན་གྱི་གྲངས་ཀྱང་རྣམ་རྟོག་གི་གྲངས་དེ་དང་མཚུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་རྒྱུད་སྡེ་ཆེན་པོ་བཞིའི་ལྷ་ཚོགས་ཇི་སྙེད་པ་ཐམས་ཅད་ཀྱང་རིགས་ཀྱི་རྩ་བ་འདི་རྣམས་སུ་འདུས་པ་ཡིན་ཏེ། ཀུན་གཞི་རྣམ་པར་དག་པའི་ཧེ་རུ་ཀ་དཔའ་བོ་གཅིག་པ་ནི་རིགས་གཅིག་པའོ། །བདེན་པ་གཉིས་སམ་ཐབས་ཤེས་དག་པའི་རིགས་གཉིས་པ་ལྷ་ཡབ་ཡུམ་མོ། །ལུས་ངག་ཡིད་གསུམ་མམ། རྩ་རླུང་ཐིག་ལེ་གསུམ་དག་པའི་ལྷ་རིགས་གསུམ་པའོ། །ཁམས་བཞི་དག་པའི་ལྷ་རིགས་བཞི་པའོ། །དེའི་སྟེང་དུ་ཁྱབ་བྱེད་ནམ་མཁའི་ཁམས་དང་བཅས་པ་དག་པའི་ལྷ་རིགས་ལྔ་པའོ། །དེ་ཡང་ཡེ་ཤེས་ལྔའི་དབྱེ་བས་རིགས་ཉི་ཤུ་རྩ་ལྔ་དང་། དེ་ཡང་ཐབས་དང་ཤེས་རབ་ཀྱི་དབྱེ་བས་རིགས་ལྔ་བཅུ་དང་། དེ་ཡང་ལུས་དང་བསམ་པའི་དབྱེ་བས་རིགས་བརྒྱ་ལ་སོགས་པ་སྟེ། མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ལས། རིགས་གསུམ་པ་དང་རིགས་ལྔ་དང་། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་གསུངས་སོ། །རིགས་བརྒྱ་པོ་དེ་དག་ལ་ཡང་ཡན་ལག་གི་སྒོ་ནས་རྣམ་པར་དབྱེ་བ་ནི་སྔར་བསྟན་པའི་རྩ་དང་རླུང་དང་ཐིག་ལེ་དང་རྩ་འཁོར་གྱི་གྲངས་དང་མཐུན་པའི་ལྷ་ཡང་དུས་ཀྱི་འཁོར་ལོ་ལས་སྟོང་ཕྲག་བརྒྱ་ཉི་ཤུའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོད་པར་གསུངས་ཤིང་། དེ་བཞིན་དུ་དཔལ་མཁའ་འགྲོ་རྒྱ་མཚོ་ལས་དུར་ཁྲོད་ཀྱི་ལྷ་དང་བཅས་པའི་དཀྱིལ་འཁོར་ལ་ལྷ་ཉིས་སྟོང་བརྒྱད་བཅུ་རྩ་བརྒྱད་ལན་བཅུ་གཉིས་སུ་རྣམ་པར་འཁོར་བ་ལ་སོགས་པ་རྣམས་ཀྱང་གསུངས་ཏེ། མདོར་ན་སྦྱང་བྱ་རྣམ་རྟོག་གི་གྲངས་དང་མཉམ་པའི་ལྷའི་གྲངས་ཀྱང་གསུངས་ལ། ཞལ་དང་ཕྱག་མཚན་གྱི་སྒོ་ནས་ཀྱང་རིགས་ཀྱི་དབྱེ་བ་གསུངས་སོ། །དེ་ལྟར་ཡང་ཀྱཻ་རྡོ་རྗེ་ལས། རིགས་གཅིག་པ་ནི་དེ་བཞིན་གཤེགས་པའི་ཚོགས་རིགས་ཀྱི་ཚོགས་ལས་རིགས་ནི་རྣམ་པ་བརྒྱ། དེ་རྣམས་རིགས་ལས་འབུམ་ཕྲག་རིགས་ཆེན་དང་། །དབྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིགས་ཅན་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བའོ། །ཞེས་གསུངས་སོ། །འདིའི་དོན་ནི། ལྷན་སྐྱེས་གཅིག་དངོས་གཉིས་ཀྱི་བདག །ཞེས་པའི་སྐབས་སུ་ལུང་སྦྱོར་དང་བཅས་ཏེ་རྒྱས་པར་བསྙད་ཟིན་ཏོ། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། །ལུས་ལ་དཀྱིལ་འཁོར་བཤད་པ་ནི། །ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་དང་བཅས་པ་བསྡུས་པ་ནི། །ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། །ཅེས་གསུངས་ཏེ། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ལུས་ལ་ཚང་བར་བཤད་པ་ལྟར་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ལུས་ལ་དཀྱིལ་འཁོར་ཚང་བར་བཤད་པ་ནི། ཕྱི་རོལ་ཏུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ནང་ལུས་ལ་སྦྱར་ན་རྐང་མཐིལ་འོག་གཞི་རླུང་གི་དཀྱིལ་འཁོར་ཡིན་པ་ནས་སུམ་མདོ་སའི་དཀྱིལ་འཁོར་ཡིན་པའི་བར་དང་། དཀྱིལ་འཁོར་གྱི་དབྱིབས་གྲུ་བཞི་བ་ནི་འདོམ་གང་གྲུ་བཞིར་མཉམ་པའི་ལུས་ཡིན་ལ། གཡས་གཡོན་མདུན་རྒྱབ་དང་བཅས་པ་ནི་ལོགས་བཞི་དང་། སྟེང་འོག་གི་བུ་ག་བཞི་སྒོ་བཞི་ཡིན་པ་ལ་སོགས་པའི་ཚུལ་ནི་འདིར་མདོར་བསྡུས་ནས་བཤད་པ་ཙམ་ཡིན་གྱི་རྒྱས་པར་རྒྱུད་སྡེ་རྣམས་དང་མཁས་གྲུབ་གོང་མའི་གཞུང་རྣམས་དང་། ཁྱད་པར་དུ་ཁོ་བོ་རང་བྱུང་རྡོ་རྗེས་དཀྱིལ་འཁོར་སྣང་བར། །རྐང་པའི་ཞབས་སུ་མཚོན་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །ཞེས་བྱ་བ་ལ་སོགས་པ་བཤད་པ་རྣམས་སུ་བལྟ་བར་བྱའོ། །ཐིག་ཀྱང་ངེས་བརྗོད་འབུམ་པ་ལས། །སིན་དྷུ་རྡོ་རྗེའི་ཐིག་ཟླུམ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱི་འཁོར་ལོ་ལས་ཀྱང་། ཀ་བ་རྣམས་དང་རྡོ་རྗེའི་ཕྲེང་བ་ས་ཡི་འཁོར་ཡུག་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱིས་མཛད། ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་གདབ་པ་སྟེ། མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། །ར་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཡི་གཙོ་བོའི་ཆུ་སྐྱེས་གཡོ་བ་མེ་ཡི་འཁོར་ཡུག་ལ་སོགས་ལྤགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་ཕྲེང་བ་དེ་བཞིན་ཉིད། །གཡོ་བའི་འཁོར་ཡུག་ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ཏུ་གནས། །དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པ་གསུངས། ཞེས་གསུངས་སོ། །གསུམ་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་བཤད་པ་ནི། ཕན་ཚུན་ཐབས་དང་ཤེས་རབ་དང་། །གཡས་གཡོན་ལུས་སེམས་དཀར་དམར་དང་། །རྟེན་དང་བརྟེན་པ་མ་ལུས་པ། །ཐབས་དང་ཤེས་རབ་རང་བཞིན་གསུངས། །ཤེས་རབ་གཙོར་བསྟན་ཤེས་རབ་རྒྱུད། །ཐབས་གཙོར་བསྟན་པ་ཕ་རྒྱུད་ཏེ། །ཀུན་ཀྱང་གཉིས་མེད་རང་བཞིན་ཡིན། །མིག་ནི་ཐབས་ཏེ་གཟུགས་ཤེས་རབ། །གཟུགས་ནི་ཐབས་གྱུར་མིག་ཤེས་རབ། །རོ་མ་ཐབས་ཏེ་རླུང་ཤེས་རབ། །རྐྱང་མ་ཤེས་རབ་རླུང་ནི་ཐབས། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི། །ཤེས་རབ་དེ་བཞིན་བཟློག་པ་ཡིན། །དེ་སོགས་དཔག་མེད་ཤེས་པར་བྱ། །ཁ་དོག་ཡོན་ཏན་རིམ་པ་རྣམས། །རླུང་དུ་ཇི་སྐད་བསྟན་བཞིན་གསུངས། །ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པའི་ལྷ་དང་དཀྱིལ་འཁོར་ཐམས་ཅད་དང་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པ་ཡིན་ལ། དེ་ཡང་སྤྱིར་གྱི་ཐབས་དང་ཤེས་རབ་ཀྱི་རྣམ་གཞག་བྱེད་པའི་ཚེ་ཕ་རི་དང་ཚུ་རི་གཉིས་ཐབས་ཤེས་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་བལྟས་ནས་བཞག་པའི་ཕྱིར་གཡས་པ་ཐབས་གཡོན་པ་ཤེས་རབ་ཏུ་བཞག་པ་ནི་རྟེན་འབྲེལ་གྱི་ཐབས་ཤེས་ཡིན་ལ། ལུས་ཐབས་དང་སེམས་ཤེས་རབ་ཏུ་བཞག་པ་ནི་རྟེན་དང་བརྟེན་པའི་ཐབས་ཤེས་ཡིན་ཏེ། དེ་ལ་བརྟེན་ནས་སེམས་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །ཕ་རྒྱུད་དུ་ཐབས་ཀྱི་ལུས་ལས་བྱུང་བའི་དཀར་ཆ་ཤེས་རབ་དང་། ཤེས་རབ་ཀྱི་ལུས་ལས་བྱུང་བའི་དམར་ཆ་ཐབས་སུ་བཞག་པ་ནི་བལྟོས་བཞག་ཡིན་པའི་ཕྱིར་ཐབས་ཤེས་སུ་བཞག་ལ། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ནི་རྟེན་དང་བརྟེན་པའི་ཐབས་ཤེས་ཡིན་ཏེ། རྟེན་འབྲེལ་གྱི་དབང་གིས་ཡིན་པའི་ཕྱིར། དེས་མཚོན་ནས་རྟེན་དང་བརྟེན་པ་མ་ལུས་པ་ལ་ཤེས་པར་བྱའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་དངོས་སུ་གསུངས་པ་དེ་ལས་ལུས་བསམ་གྱི་སྒོ་ནས་བཟློག་པའི་ཐབས་ཤེས་ལྔ་སྟེ་རྩ་བའི་ཐབས་ཤེས་བཅུར་འགྱུར་བ་ཡིན་ལ། ཐབས་དང་ཤེས་རབ་ཀྱི་རིམ་པ་འདི་ལ་བརྟེན་ནས་རྒྱས་གདབ་ཐམས་ཅད་ཀྱང་ཤེས་པར་འགྱུར་ཏེ། དུས་ཀྱི་འཁོར་ལོ་ནས་ཤར་གྱི་ལྷ་དོན་ཡོད་གྲུབ་པ་ལ་ནུབ་ཀྱི་ལྷ་མོ་སྤྱན་མས་འཁྱུད་པའི་ཐབས་ཤེས་དང་། ལྷོའི་ལྷ་རིན་ཆེན་འབྱུང་གནས་ལ་བྱང་གི་ལྷ་མོ་མཱ་མ་ཀཱིས་འཁྱུད་པ་ལ་སོགས་པ་གསུངས་པ་ནི་རིགས་གཞན་གྱིས་རྒྱས་གདབ་པ་ཞེས་བྱའོ། །གཡས་གཡོན་གྱི་རྒྱས་གདབ་པ་ནི་རོ་མ་ལ་རྐྱང་མས་རྒྱས་གདབ་པ་དང་། གཟུང་བའི་རླུང་ལ་འཛིན་པའི་རླུང་གིས་རྒྱས་གདབ་པ་དང་། ལུས་ལ་སེམས་ཀྱིས་རྒྱས་གདབ་པ་ནི། ཀྱཻ་རྡོ་རྗེ་ལས། སེམས་ལུས་དང་ལྡན་ན་གནས་པ་དང་། ལུས་སེམས་དང་ལྡན་ན་མཛེས་པའི་ཕྱིར། སྐུ་ལ་ཐུགས་ཀྱིས་རྒྱས་གདབ་པ་དང་ཐུགས་ལ་སྐུ་ཡིས་རྒྱས་གདབ་པ་དང་། འདོད་ཆགས་འོད་དཔག་མེད་ལ་སེར་སྣ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པ་དང་། ཕྲག་དོག་དོན་ཡོད་གྲུབ་པ་ལ་འདོད་ཆགས་འོད་དཔག་ཏུ་མེད་པའི་རྒྱས་གདབ་ཏུ་གསུངས་སོ། །དཀར་ཆ་ཟླ་བའི་ཁམས་བདེ་བ་ལ་དམར་ཆ་ཉི་མའི་ཁམས་སྟོང་པས་རྒྱས་གདབ་པ་དང་། སྟོང་པ་ལ་བདེ་བས་དང་། ནམ་མཁའི་ཁམས་ལ་ཡེ་ཤེས་ཀྱིས་རྒྱས་གདབ་པ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལས་འཕྲོས་པའི་དོན་ནི་ཤེས་རབ་ཀྱི་ཆ་བརྗོད་བྱའི་གཙོ་བོར་བསྟན་པ་ཤེས་རབ་མའི་རྒྱུད་དང་། ཐབས་བརྗོད་བྱའི་གཙོ་བོར་བསྟན་པ་ཐབས་པའི་རྒྱུད་དེ་རྒྱུད་ཀུན་ཀྱང་དོན་ལ་ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་རྒྱུད་ཡིན་ཏེ། བརྗོད་བྱ་ཟུང་འཇུག་སྟོན་པའི་ཕྱིར་རོ། །ཇི་སྐད་དུ་ཀྱཻ་རྡོ་རྗེ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་དང་། དཔལ་གསང་བ་འདུས་པ་ལས། །རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཅིང་། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པའང་ཤེས་རབ་སྲིད་མཐར་བྱེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་ཡན་ལག་གི་དབང་དུ་བྱས་ནས་མིག་ཐབས་ཡིན་པའི་ཚེ་གཟུགས་ཤེས་རབ་དང་། དེ་ལས་བཟློག་སྟེ་གཟུགས་ཐབས་སུ་གྱུར་པའི་ཚེ་མིག་ཤེས་རབ་དང་། དེ་བཞིན་དུ་རྣ་བ་དང་སྒྲ་ལ་སོགས་པ་ཚོགས་དྲུག་ཐམས་ཅད་ལ་ཕན་ཚུན་ཐབས་དང་ཤེས་རབ་སྦྱོར་ཚུལ་ཤེས་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་དཔལ་གསང་བ་འདུས་པར་མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པར་གསུངས་ནས། གཟུགས་ལ་སོགས་པ་སྦྱོར་བ་བསྒོམ། །ཞེས་གཟུགས་རྡོ་རྗེ་མ་ལ་སོགས་པ་ཤེས་རབ་ཏུ་གསུངས་པ་ཡིན་ནོ། །གཞན་ཡང་རྩའི་དབང་དུ་བྱས་ནས་རོ་མ་ཐབས་ཡིན་པ་དེའི་ཚེ་ནང་གི་རླུང་ཤེས་རབ་དང་། རྐྱང་མ་ཤེས་རབ་ཏུ་བཞག་པའི་ཚེ་ནང་གི་རླུང་ཐབས་སུ་འགྱུར་ལ། རྟེན་གྱི་དབང་དུ་བྱས་ན་སྐྱེས་བུའི་ལུས་ཐབས་ཡིན་པའི་ཚེ་སེམས་ཤེས་རབ་དང་། བུད་མེད་ཀྱི་ལུས་ཤེས་རབ་ཡིན་པའི་ཚེ་སེམས་ཐབས་དང་། ཕྱོགས་ཀྱི་དབང་དུ་བྱས་ན་དབུས་ཤེས་རབ་ཡིན་པའི་ཚེ་ཕྱོགས་ནི་ཐབས་དང་། བདེན་པ་གཉིས་ཀྱི་དབང་དུ་བྱས་ན་དོན་དམ་བདེན་པ་འོད་གསལ་ཐབས་དང་། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུ་ཤེས་རབ་སྟེ་མ་རྒྱུད་ཀྱི་དབང་དུ་བྱས་པའི་ཐབས་ཤེས་ཡིན་ལ། དེར་མ་ཟད་ཐབས་ལ་ཤེས་རབ་ཏུ་བརྗོད་པ་ཡང་ཡོད་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གང་གི་རྟེན་ཅིང་འབྲེལ་འབྱུང་བ། །ཐུབ་པས་ཡང་དག་དོན་དུ་གཟིགས། །དེ་ཡིས་འགྲོ་བ་སྟོང་བར་མཁྱེན། །ཞེས་དང་།ཤེས་རབ་ལ་ཐབས་སུ་བརྗོད་པ་ཡང་ཡོད་ཏེ། དཔལ་ཕྲེང་གི་མདོ་ལས་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའི་ཐབས་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་གི་ཐབས་ཤེས་དེ་རྣམས་ཀྱང་བཟློག་ཏེ་ཤེས་པར་བྱ་བ་ཡང་ཡིན་ཏེ། ཁྱད་པར་དུ་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ཐབས་དང་། དེའི་རང་ངོ་སྟོང་པ་ནི་ཤེས་རབ་ཏུ་བཤད་པ་ཡིན་ནོ། །དེ་ལ་སོགས་པའི་ཐབས་ཀྱི་དབྱེ་བ་དཔག་ཏུ་མེད་པ་ཕྱི་ནང་གཉན་གསུམ་ལ་སྤྱང་ནས་ཤེས་པར་བྱ་ཞིང་ཁ་དོག་དང་ཡོན་ཏན་གྱི་རིམ་པ་རྣམས་ལ་ཐབས་ཤེས་སུ་བཞག་པ་ནི་སྔར་རླུང་གི་ལེའུར་ཇི་སྐད་བསྟན་པ་བཞིན་དུ་འདིར་ཡང་གསུངས་པ་ཡིན་ནོ། །བཞི་པ་བསྐྱེད་རྫོགས་ཀྱི་ངེས་པ་བཤད་པ་ནི། དབྱིབས་སྐུ་རླུང་དང་བརྗོད་པ་དང་། །ཡིད་ནི་ཐིག་ལེ་རྫོགས་རིམ་བརྗོད། །སྐྱེ་བ་བསྐྱེད་རིམ་བསྟན་པ་སྟེ། །འཆི་བ་རྫོགས་རིམ་ཉིད་ཡིན་ནོ། །ཀུན་བརྟགས་བསྐྱེད་རིམ་ཞེས་བྱ་སྟེ། །གཞན་དབང་འབྲེལ་བ་རྫོགས་རིམ་བཤད། །ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ། །དོན་དམ་བདེན་པ་རྫོགས་རིམ་བཤད། །བདེན་གཉིས་ཐབས་རྣམས་བསྐྱེད་རིམ་སྟེ། །དབྱེར་མེད་ཤེས་རབ་རྫོགས་རིམ་གསུངས། །ཞེས་གསུངས་ཏེ། དེ་ཡང་བསྐྱེད་རིམ་གྱི་གདགས་གཞི་དེ་གང་ཡིན་ཞེ་ན། དབྱིབས་སྐུའི་གདགས་གཞི་རྩ་དང་། རླུང་ནི་གསུང་བརྗོད་པ་སྔགས་ཀྱི་གདགས་གཞི་དང་། ཡིད་ནི་ཐུགས་ཐིག་ལེའི་གདགས་གཞི་ཡིན་ལ། བསྐྱེད་རིམ་དེ་ལ་ཡང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་དང་མ་འབྲེལ་བ་ནི་མི་ཟབ་པའི་བསྐྱེད་རིམ་དང་། འབྲེལ་བ་ནི་ཟབ་མོ་བསྐྱེད་པའི་རིམ་པ་ཞེས་བྱ་ཞིང་། འདི་ལ་རྫོགས་རིམ་གྱི་མིང་དུ་ཡང་བརྗོད་དུ་རུང་སྟེ། བསྐྱེད་པའི་རིམ་པ་རྫོགས་པ་ཡིན་པའི་ཕྱིར་རོ། །འདི་ལ་རྫོགས་པའི་རིམ་པའི་སྒྲ་དོན་འཇུག་པའི་རྒྱུ་མཚན་ཡང་། དྲི་མ་མེད་པའི་འོད་ལས། གང་གི་ཕྱིར་མངལ་དུ་ལུས་རྫོགས་པ་ན་དེའི་ཚེ་ལྷ་རྫོགས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་ཏེ་བསྙེན་པའི་ཡན་ལག་གོ །ཇི་ལྟར་ངག་རྫོགས་པ་དེ་ལྟར་ལས་རྒྱལ་མཆོག་སྟེ་ཉེ་བའི་བསྒྲུབ་པའོ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་དེ་ལྟར་ཐིག་ལེའི་རྣལ་འབྱོར་ཏེ་བསྒྲུབ་པའོ། །ཇི་ལྟར་ཁུ་བ་འཇག་པའི་བདེ་བ་སྐྱེ་བ་དེ་ལྟར་ཕྲ་མོའི་རྣལ་འབྱོར་ཏེ་བསྒྲུབ་པ་ཆེན་པོའོ། །ཞེས་གསུངས་སོ། །དེ་ཡང་གདགས་གཞི་རྩ་རླུང་ཐིག་ལེ་གསུམ་གྱི་བྱེད་པ་བཅིངས་པ་ལས་མངོན་སུམ་གྱིས་ལྷ་མཐོང་བ་ནི་རྫོགས་པའི་རིམ་པ་དངོས་ཡིན་ནོ། །སྦྱང་གཞིའི་དབང་དུ་བྱས་ན་སྐྱེ་བས་མཚོན་པའི་བསྐྱེད་རིམ་དང་མཐུན་པར་ལྟ་བསྐྱེད་པ་ནི་བསྐྱེད་རིམ་དུ་བསྟན་ལ། འཆི་བས་མཚོན་པའི་སྡུད་རིམ་དང་མཐུན་པ་ནི་རྫོགས་པའི་རིམ་པ་ཉིད་ཡིན་ནོ། །མཚན་ཉིད་གསུམ་གྱི་དབང་དུ་བྱས་ན་ཀུན་ཏུ་རྟོག་པས་བརྟགས་པའི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་ནི་ཀུན་བརྟགས་དང་འབྲེལ་བའི་བསྐྱེད་པའི་རིམ་པ་ཞེས་བྱ་ལ། ཞལ་ཕྱག་ལ་སོགས་པ་བསྡུས་ནས་ཐིག་ལེ་དང་ནཱ་ད་ལ་སོགས་པ་ལ་སེམས་འཛིན་པ་ནི་གཞན་དབང་དང་འབྲེལ་བའི་རྫོགས་རིམ་དུ་བཤད་པ་ཡིན་ནོ། །དེ་ཡང་བསྐྱེད་པའི་རྫོགས་པ་ཡིན་གྱིས་རྫོགས་རིམ་དངོས་ནི་ཡོངས་གྲུབ་དང་འབྲེལ་བ་དགོས་པས་རྫོགས་རིམ་དངོས་ནི་མ་ཡིན་ནོ། །བདེན་པ་གཉིས་ཀྱི་དབང་དུ་བྱས་ན་སྣང་བ་ལ་འཛིན་པ་ཐམས་ཅད་དང་བྲལ་བའི་ཀུན་རྫོབ་བདེན་པ་ནི་མཐར་ཐུག་གི་བསྐྱེད་རིམ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་འགྲུབ་པའི་ཐབས་ཡིན་པའི་ཕྱིར་རོ། །སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་ནི་མཐར་ཐུག་གི་རྫོགས་པའི་རིམ་པར་བསྟན་པ་ཡིན་ཏེ། འཁོར་འདས་ཐམས་ཅད་དེ་ལ་རྫོགས་པའི་ཕྱིར་རོ། །བདེན་གཉིས་དབྱེར་མེད་ཀྱི་དབང་དུ་བྱས་ན་བདེན་གཉིས་དབྱེར་མེད་པའི་ཟུང་འཇུག་སྔོན་དུ་བྱེད་པའི་ཐབས་རྣམས་བསྐྱེད་རིམ་ཡིན་ཏེ། ཡེ་ཤེས་ཀྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་དོན་དམ་པར་བདེན་གཉིས་དབྱེར་མེད་པའི་ཤེས་རབ་བདེ་གཤེགས་སྙིང་པོ་ནི་རྫོགས་པའི་རིམ་པ་ཡིན་པར་གསུངས་ཏེ། ཡོན་ཏན་ཐམས་ཅད་གདོད་མ་ནས་དེ་ལ་རྫོགས་པའི་ཕྱིར་རོ། །དོན་འདི་མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། ང་ཡིས་སྔར་ནི་བཤད་པ་ཡི། །བདེན་པ་གཉིས་ལ་བརྟེན་པ་ཀུན། །རྣལ་འབྱོར་པ་ཡིས་དངོས་ཀུན་གྱིས། །བསྒོམ་པ་མངོན་པར་དགའ་བར་བརྗོད། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་སྤྱོད། །རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །མྱ་ངན་འདས་པ་དེ་ལ་བསྟན། །རྒྱུ་འདི་ཡིད་ནི་རྣལ་འབྱོར་པས། །བདེན་པ་གཉིས་ནི་ཡང་དག་བརྟེན། །ཞེས་གསུངས་སོ། །རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལ་སོགས་པ་ཐམས་ཅད་ཀྱང་། །ཕྱི་དང་ནང་དང་གཞན་གྱི་རིམ། །ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི། །རྩ་བ་མདོར་བསྡུས་བརྗོད་པ་ཡིན། །ཇི་ལྟར་ཨེ་ཝཾ་བཤད་པ་བཞིན། །ཤེས་བྱ་འཛིན་མེད་ངང་དུ་སྦྱང་། །ཞེས་གསུངས་ཏེ། དེ་ཡང་ལྷ་གྲངས་ཀྱི་ངེས་པ་དེ་ལ་སོགས་པ་སྟེ་དཀྱིལ་འཁོར་གྱི་ངེས་པ་བསྟན་པ་དང་ཐབས་དང་ཤེས་རབ་ཀྱི་ངེས་པ་བསྟན་པ་དང་བསྐྱེད་རྫོགས་ཀྱི་ངེས་པ་བསྟན་པ་ཐམས་ཅད་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་རྡོ་རྗེའི་ལུས་དང་གཞན་བསྐྱེད་རྫོགས་ཀྱི་རིམ་པ་ལ་སོགས་པ་ཐམས་ཅད་མཐར་ཐུག་གི་འབྲས་བུ་ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི་རྒྱུད་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་དག་ཐམས་ཅད་མདོར་བསྡུས་ནས་བརྗོད་པ་ཡིན་ཏེ། ཇི་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཨེ་ཝཾ་ཐབས་དང་ཤེས་རབ་ཀྱི་གནས་ལུགས་སུ་བསྡུས་ནས་བཤད་པ་བཞིན་དུ་ཤེས་བྱ་གཟུང་བ་ངང་འཛིན་པ་གཉིས་སུ་མེད་པའི་ཟུང་འཇུག་གི་ངང་དུ་སྦྱང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ཀྱཻ་རྡོ་རྗེ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་རྒྱས་པར་བཤད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ལས། ཀུན་བརྟགས་ཀྱི་ལྷ་འབྱུང་བའི་ཚུལ་བསྟན་པ་སྟེ་དུམ་བུ་བརྒྱད་པའོ།། །།དགུ་པ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པའི་དུམ་བུ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ལེའུ་སྔ་མ་བརྒྱད་ལས། ཁ་ཅིག་གིས་ནི་སྦྱང་གཞི་དང་། ཁ་ཅིག་གིས་ནི་སྦྱང་བྱའི་དྲི་མ་དང་། ཁ་ཅིག་གིས་ནི་སྦྱོང་བྱེད་ཀྱི་གཉེན་པོ་བསྟན་ནས་དུམ་བུ་དགུ་པ་འདིར་སྦྱང་གཞི་གང་དང་གང་ཡིན་པ་དེ་ཉིད་སྦྱོང་བྱེད་འདི་དང་འདིས་སྦྱོང་བར་བྱེད་དོ་ཞེས་སྦྱར་ནས་སྟོན་པར་བྱེད་པ་ལ་དུམ་བུ་དགུ་པ་འདི་འབྱུང་བ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི་དེ་ནས་ཆོས་རྣམ་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པ་འདིར་ནི་བསྟན་པར་བྱ། །ཞེས་གསུངས་ཏེ། དེ་ཡང་ལེའུ་བརྒྱད་པ་ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་ཚུལ་བཤད་ཟིན་པ་དེ་ནས་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་རང་བཞིན་གྱི་དྲི་མེད་རྣམ་པར་དག་པའི་སེམས་བདེ་བར་གཤེགས་པའི་སྙིང་པོ་དང་། གློ་བུར་གྱི་དྲི་མས་མ་དག་པའི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་གཉིས་ཀྱི་ཆོ་འཕྲུལ་ལས་བྱུང་བའི་སྣང་ཚུལ་ཡིན་པར་སྔར་ལེའུ་དང་པོར་བསྟན་པ་བཞིན་དང་། ལེའུ་བརྒྱད་པར་ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་སྐབས་སུ་བཤད་པ་བཞིན་དེ་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་གཉེན་པོར་ལྷའི་འཁོར་ལོ་བསྒོམ་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ངེས་པ་དེ་ཉིད་ཟབ་མོ་ནང་གི་དོན་འདིར་ནི་བསྟན་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡང་དག་པའི་བདེན་པ་གཉིས་བཤད་པ། དེའི་ཚུལ་མ་རྟོགས་པས་འཁྲུལ་བའི་ལོག་པར་རྟོག་པ་སྤང་བ། སྤང་གཉེན་གྱི་རྩ་བ། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་པ། རྒྱས་པར་བཤད་པ། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་ལ་སྦྱར་བའོ། །དང་པོ་ནི། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །འདི་ནི་ཡེ་ཤེས་རྡོ་རྗེ་རུ། །ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །བདེན་པ་ཆུ་ཟླ་ལྟ་བུ་ཡི། །དོན་དམ་སྟོང་ཉིད་བཅོ་བརྒྱད་ཏེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །དེ་རྟོགས་བྱེད་པའི་རྟོག་པས་བསྐྱེད། །གཉེན་པོ་སྦྱོང་བྱེད་ཡིན་པར་བཤད། །སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། །ཞེས་གསུངས་ཏེ། དེ་ཡང་རྡོ་རྗེའི་ཐེག་པ་ལས་སྐུ་བཞི་ཡེ་ཤེས་ལྔ་དང་དེ་དང་རྗེས་སུ་མཐུན་པའི་གཉེན་པོའི་ཤེས་པ་བསྐྱེད་པ་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་དག་ནི་དབྱེར་མེད་པའི་ཕྱིར་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱའོ། །དོན་དམ་པར་ན་རྒྱུ་ལམ་འབྲས་བུ་གསུམ་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཙམ་ཏེ། དོན་ལ་ཡོད་པ་མ་ཡིན་ཀྱང་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་རྟོག་པའི་དྲ་བ་ཐམས་ཅད་ལས་འདས་པའི་ཁམས་ནི་སངས་རྒྱས་ཀྱི་སྙིང་པོ་སྟེ། དེ་ཉིད་སྔར་ཇི་སྐད་སྨོས་པའི་ཚོགས་བརྒྱད་ཀྱི་འཁྲུལ་བའི་དྲི་མ་མེད་པ་བདེན་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །དེ་ལྟ་མོད་ཀྱིས་འོན་ཀྱང་བདེན་པ་གཉིས་ཀྱི་དོན་མངོན་སུམ་དུ་རྟོགས་པར་མ་བྱས་པ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མ་བརྟགས་གཅིག་པུ་ཉམས་དགའ་བའི་ཚུལ་ལ་རྨོངས་ནས་མཐར་ལྷུང་གི་ལྟ་བ་ཐ་དད་པ་དག་འཛིན་པས་སྲིད་པ་གསུམ་དུ་འཁོར་བར་འགྱུར་རོ། །དོན་དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྒྱུ་མ་ཇི་ལྟ་ཇི་ལྟ་བར། །དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། །དེ་བཞིན་དུ་ནི་རྟེན་ནས་བྱུང་། །ཇི་ལྟར་རི་མོ་མཁན་གྱིས་གཟུགས། །གནོད་སྦྱིན་འཇིགས་པ་བྲིས་པ་ཡི། །དེ་ཡིས་བདག་ཉིད་སྒྲག་པ་ལྟར། །མི་མཁས་འཁོར་བ་དེ་བཞིན་ནོ། །ཇི་ལྟར་རང་གིས་འདམ་གཡོས་པ། །བྱིས་པ་འགའ་ཞིག་བྱིང་བ་ལྟར། །དེ་བཞིན་རྟོག་པའི་འདམ་བྱིང་བས། །སེམས་ཅན་རྣམས་ནི་འབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡིས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཡུལ་དང་ཤེས་པ་དེ་དག་ཏུ། །རྣམ་པར་རྟོག་པའི་དུག་གིས་བཅིངས། །ཞེས་གསུངས་པ་བཞིན་དུ་འཁྲུལ་བར་གྱུར་པ་ཡིན་ནོ། །ཀུན་རྫོབ་ཏུ་འཁྲུལ་བ་ཟད་པ་ལ་བལྟོས་ནས་སངས་རྒྱས་ཐོབ་བོ་ཞེས་བྱ་བ་ཡང་ཀུན་རྫོབ་ཀྱི་བདེན་པ་དབང་བཙན་པར་བྱས་ནས་སྨྲ་བ་ཡིན་ཏེ། དེ་དག་སྙིང་པོ་མེད་མཐོང་བས། །ཤེས་རབ་སྙིང་རྗེའི་ཡིད་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྫོགས་སངས་རྒྱས་ལ་སྦྱར་བར་བྱ། །དེས་ཀྱང་ཚོགས་བསགས་ཀུན་རྫོབ་ཏུ། །བླ་ན་མེད་པའི་བྱང་ཆུབ་ཐོབ། །རྟོག་པའི་འཆིང་བ་རྣམས་ལས་གྲོལ། །ཞེས་གསུངས་པ་ཡིན་ནོ། །ཅི་སེམས་ཅན་དང་སངས་རྒྱས་སུ་སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ།དོན་དམ་པའི་བདེན་པ་གང་ཞེ་ན། དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པའི་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ལ། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་པ་འདི་དང་མཐུན་པར་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་འདིར་བསྡུས་པ། ཀུན་རྫོབ་ཞེས་པ་ནི་རྣམ་པ་ཐམས་ཅད་དུ་མི་བདེན་པའི་སྒྲ་ཡིན་པས། གཟུང་བ་དང་འཛིན་པ་གཉིས་སུ་བརྟགས་པ་ནི་རྣམ་པ་ཐམས་ཅད་དུ་སྣང་བ་ལྟར་མེད་པ་ཡིན་ཏེ། འཕགས་པ་བྱམས་པའི་ཞལ་སྔ་ནས། །དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བ་དེ་དོན་མེད། །དེ་མེད་པས་ནི་དེ་ཡང་མེད། །ཅེས་ཀུན་བརྟགས་པའི་གཟུང་བ་དང་འཛིན་པའི་སྣང་བ་ཐམས་ཅད་ནི་སྣང་བ་ལྟར་མེད་པ་ཉིད་དུ་གསུངས་སོ། །འོ་ན་བདེན་པར་ཇི་ལྟར་བཞག་ཅེ་ན། མ་བརྟགས་པའི་བློ་ཀུན་རྫོབ་པའི་ངོར་བདེན་པ་ཆུ་ནང་གི་ཟླ་བ་ལྟ་བུ་སྟེ། མེད་བཞིན་དུ་ཡང་སྣང་བ་ཙམ། །དེ་ནི་ཀུན་རྫོབ་ཀྱི་བདེན་པ། །ཞེས་གསུངས་པ་ལྟར་མ་བརྟགས་པའི་བློའི་ངོར་མི་བསླུ་བས་བདེན་པར་རྣམ་པར་གཞག་པའོ། །འོ་ན་བསླུ་བ་མེད་པ་དེ་ཉིད། །དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་དོན་དམ་ཉིད་དུ་བརྗོད། །ཅེས་རིགས་པའི་གཞུང་ལས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ཡང་རྣམ་གྲངས་པར་བཞག་པ་ནི་ཡོད་མོད་ཀྱི། ཆོས་ཉིད་ཀྱི་རིགས་པའི་རྗེས་སུ་འབྲེལ་བའི་དོན་དམ་པ་ནི་སྟོང་པ་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པ་ཉིད་ཏེ། དེ་འདྲ་བའི་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅན་ནི་ཟུང་འཇུག་གི་ཡེ་ཤེས་སུ་བརྗོད་པ་ཡིན་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་དེ་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་དང་། ཀུན་རྫོབ་དེ་ལ་ཡང་། ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན་པ་གཉིས་སུ་དབྱེ་བར་བཞེད་ནས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཤད་པའི་བདེན་པ་གཉིས་པོ་འདི་ཡང་ཆོས་ཅན་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་པས་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་དོ། །ཚུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་ནས་གདུལ་བྱ་གཞན་ལ་བསྟན་པའི་ཆོས་ཐམས་ཅད་ཀྱི་དོན་ཀྱང་ཡིན་པས་བདེན་པ་གཉིས་ཀྱི་དོན་འདི་ལྟ་བུ་ལ་བརྟེན་ནས་དོན་དམ་པའི་བདེན་པ་དེ་རྟོགས་པར་བྱེད་པའི་སོ་སོར་རྟོག་པའི་ཤེས་རབ་དེས་བསྐྱེད་པའི་གཉེན་པོ་ནི། སྦྱོང་བྱེད་ཀྱི་ལམ་ཡིན་པར་སྔགས་དང་རྣལ་འབྱོར་སྦྱོང་བ་དང་དབུ་མའི་གཞུང་རྣམས་ལས་གསལ་བར་བཤད་ཅིང་། སྦྱང་གཞི་ལ་ཡོད་པའི་ཉོན་མོངས་པ་ཇི་སྙེད་དཔེ་དགུས་མདོར་བསྡུས་པ་དྲུག་བཅུ་རྩ་བཞིའི་གྲངས་བཞིན་རྣམ་པར་སྦྱངས་པ་ལས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རྩ་བཞི་ལ་སོགས་པ་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་འབྲས་ཀྱི་ཆོས་ཀུན་འཐད་པ་དང་བཅས་པ་བསྟན་པ་ཡིན་ནོ། །དེ་ལྟར་ན་སྦྱང་གཞིའི་དྲི་མ་རྣམས་སྦྱོང་བར་བྱེད་པའི་ལམ་གྱི་གཙོ་བོ་ནི་བདེན་པ་གཉིས་ཀྱི་གནས་ཚུལ་ལ་སྦྱོང་བའི་སོ་སོར་རྟོག་པའི་ཤེས་རབ་ཡིན་ཏེ། ཇི་སྐད་དུ་འགྲེལ་བ་འཇིགས་མེད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་བྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ནི་ངོ་བོ་ཉིད་སྟོང་པ་རྣམས་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་གཏོགས་པ་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་དེ། དེ་ནི་དེ་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་དེ་ལྟར་མི་ཤེས་པ། དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །དེ་ལ་འདི་མཉམ་དུ་སྨྲ་བར་འདོད་པའི་དོན་ནི། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཞེས་བྱ་བའི་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ན། ཐ་སྙད་ཀྱི་བདེན་པ་གཉིས་པ་འདི་ཅི་དགོས་སྙམ་ན་དེ་ལ་བཤད་པར་བྱ་སྟེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །གང་གི་ཕྱིར་ཐ་སྙད་ལ་མ་བརྟེན་པར། དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བ་དེའི་ཕྱིར། བདེན་པ་གཉིས་ཀ་བསྟན་དགོས་སོ་ཞེས་གསུངས་པའི་ཕྱིར་རོ། །འདིར་དབུ་མ་པ་བྱིས་པའི་བློ་ཅན་གང་དག །བདེན་པ་གཉིས་ཀྱི་དོན་སངས་རྒྱས་ཀྱི་སྙིང་པོར་འཆད་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྟན་པ་ནི་སྔགས་ཀྱི་གཞུང་རྣམས་དང་། རྣལ་འབྱོར་སྤྱོད་པའི་གཞུང་རྣམས་ལ་འཐད་ཀྱི་དབུ་མ་པ་ལ་ནི་མ་ཡིན་ཏེ། དབུ་མའི་གཞུང་རྣམས་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ཕྱིར་སྙམ་དུ་སེམས་པ་དེ་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་སུ་བལྟོས་པ་ལས། །དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་སུ་ཡིས་བསྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་བར་འགྱུར། །དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུ་རྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་གསལ་བ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཤིང་། བདེ་གཤེགས་སྙིང་པོའི་མིང་གི་རྣམ་གྲངས་ཀྱང་རྒྱུད་བླ་མ་ལས། སེམས་ཀྱི་རྣམ་པར་དག་པའི་ཁམས། །འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འདིར་བདེན་པ་གཉིས་ཀྱི་འདོད་ཚུལ་ལ། །གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་པས་རགས་པ་དོན་དམ་བདེན་པར་འདོད། བྱེ་བྲག་སྨྲ་བ་དང་མདོ་སྡེ་པས་རྡུལ་ཕྲ་རབ་དོན་དམ་བདེན་པར་འདོད། སེམས་ཙམ་པས་དོན་སྣང་གི་ཤེས་པ་དོན་དམ་བདེན་པར་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་བདེན་པར་འདོད། དབུ་མ་ཐལ་རང་གཉིས་མཐའ་ཐམས་ཅད་དང་བྲལ་བའི་མེད་དགག་དོན་དམ་བདེན་པར་འདོད་པ་ཡིན་ནོ། །སྔགས་ཀྱི་ཐུན་མོང་མ་ཡིན་པའི་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་ལ། སྨིན་བྱེད་དབང་དང་གྲོལ་བྱེད་རིམ་པ་གཉིས་ལས། དུས་ཀྱི་འཁོར་ལོ་ལྟར་ན་བྱིས་པ་འཇུག་པའི་དབང་བདུན། བུམ་དབང་གསང་བའི་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་བཅུ་ནི་ཀུན་རྫོབ་བདེན་པ་འཇིག་རྟེན་པའི་དབང་དང་། དབང་བཞི་པ་དོན་དམ་བདེན་པ་འཇིག་རྟེན་ལས་འདས་པའི་དབང་ཡིན་ཏེ། དྲི་མ་མེད་པའི་འོད་ལས། དབང་བསྐུར་བ་འཇིག་རྟེན་པའི་བཅུ་དང་། འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ་ཞེས་གསུངས་སོ། །གྲོལ་བྱེད་རིམ་པ་གཉིས་ལས། བསྐྱེད་པའི་རིམ་པ་ནི་འཇིག་རྟེན་པའི་ལམ་ཀུན་རྫོབ་བདེན་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཡན་ལག་ཡིན་པའི་ཕྱིར། ཇི་སྐད་དུ་དེ་ཉིད་ལས། སེམས་ཅན་སྔོན་དུ་འགྲོ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བའོ། །མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ལས་འཇིག་རྟེན་པའི་དབང་སྦྱིན་པས་བསོད་ནམས་ཀྱི་ཚོགས་ཀྱི་དོན་བྱེད་པ་ནི་དགོས་པའོ། །ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ་ཞེས་པ་ལ། འཇིག་རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པའི་བསྒོམ་པ་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་བྱེད་པའོ། །ཞེས་གསུངས་སོ། །རྫོགས་པའི་རིམ་པ་ནི་དོན་དམ་པའི་བདེན་པ་སྟེ། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ཡེ་ཤེས་ཀྱི་ཚོགས་ཏེ། དྲི་མ་མེད་པའི་འོད་ལས། འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་སྟེ་སྐྱེ་བ་སྔ་མའི་སྟོང་པ་ཉིད་དང་སྙིང་རྗེ་ཀུན་རྫོབ་དང་དམིགས་པ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་རྡུལ་ཕྲ་རབ་ལས་འདས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་བསྒྲུབ་པའོ། །ཞེས་དང་། ཤེས་རབ་ཆེན་པོ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་སྦྱིན་པས་རིས་མེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་བྱེད་པ་ནི་དགོས་པའི་དགོས་པ་སྟེ། ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་བར་བྱེད་པའོ། །རྫོགས་པའི་རིམ་པ་ལྷན་ཅིག་སྐྱེས་པ་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་པ་སྟེ། ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་བའོ། །བདེན་པ་འདི་དག་ལ་བརྟེན་པ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ་སྟེ་ལམ་གཉིས་ཀ་སྟོན་པའི་ཕྱིར་རོ། །ཞེས་གསུངས་སོ། །རྫོགས་པའི་རིམ་པ་དེ་ལ་ཡང་མཚན་བཅས་དང་མཚན་མེད་གཉིས་ལས། དང་པོ་དོན་དམ་བདེན་པ་བཏགས་པ་བ་དང་། གཉིས་པ་ནི་མཚན་ཉིད་པའོ། །དེ་ལྟར་ན་རྡོ་རྗེའི་ཐེག་པའི་ཚུལ་འདི་ལ། བསྐྱེད་རིམ་ཀུན་རྫོབ་བདེན་པ་དང་རྫོགས་རིམ་དོན་དམ་པའི་བདེན་པར་བཞག་པ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། སྔགས་ཀྱི་ཚུལ་འདི་ལ་རྡོ་རྗེའི་ཚིག་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཡིན་ལ་གཉིས་པ་ནི་དོན་དམ་པའོ། །དེ་དག་ལས་འཇིག་རྟེན་ཀུན་རྫོབ་ཀྱི་རྡོ་རྗེའི་ཚིག་ནི་གསང་བ་ལ་སོགས་པའི་ལས་ལ་དམ་ཚིག་གྲུབ་པ་སྟེར་བར་བྱེད་པའོ། །དོན་དམ་པའི་རྡོ་རྗེའི་ཚིག་ནི། །བཞི་པ་དེ་ཡང་དེ་བཞིན་ཏེ། །ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་དེ་དག་ཉིད་རབ་ཏུ་གསལ་བར་བསྟན་པ་དང་བཤད་པ་དང་རབ་ཏུ་བཤད་པ་དག་གིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་བསྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པ་མཚན་མའི་ལམ་རབ་ཏུ་གསལ་བར་མཛད་ཏེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པས་སོ། །བཅོམ་ལྡན་འདས་ཀྱིས་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་ལ་བླ་མའི་བཀས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ལ་ནི་ཡིད་ཆེས་པ་ཡོད་དེ། ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་བསྒྲུབ་ཐབས་ཉི་མ་གཅིག་ནི་རྣལ་འབྱོར་པས་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང་བར་པའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གི་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་། མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ། མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞུང་འདི་ཉིད་ལས་ཀྱང་། ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ། །དོན་དམ་བདེན་པ་རྫོགས་རིམ་བཤད། །བདེན་གཉིས་ཐབས་རྣམས་བསྐྱེད་རིམ་སྟེ། །དབྱེར་མེད་ཤེས་རབ་རྫོགས་རིམ་གསུངས། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་དེའི་ཚུལ་མ་རྟོགས་པས་འཁྲུལ་བའི་ལོག་པར་རྟོག་པ་སྤང་བ་ལ། ཕྱི་རོལ་པའི་གྲུབ་པའི་མཐའ་བཤད་པ། ཐེག་པ་དམན་པའི་གྲུབ་པའི་མཐའ་བཤད་པའོ། །དང་པོ་ནི། ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །རྣམ་རྟོག་གིས་བྱས་ཤེས་བྱ་ཡིན། །རྒྱུ་རྐྱེན་ལྡན་དང་མེད་འཛིན་སོགས། །སྣ་ཚོགས་ལྟ་བ་ལུས་སེམས་ཀྱི། །གཟུང་འཛིན་ལ་བརྟེན་བྱུང་བར་གསུངས། །ཞེས་གསུངས་ཏེ། དེ་ཡང་ཚངས་པ་པ་དང་སོགས་ཁོངས་ནས་ཁྱབ་འཇུག་པ་དང་དབང་ཕྱུག་པ་དང་། ལྷའི་བླ་མ་ཕུར་བུ་པ་དང་ར་མ་ཎ་ཀླ་ཀློ་སྟག་གཟིག་པ་དང་གྲངས་ཅན་པ་དང་གཅེར་བུ་པ་རྣམས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་རྣམ་པར་རྟོག་པས་བརྟགས་ནས་བྱས་པའི་ལོག་པའི་གྲུབ་མཐར་ཤེས་ནས་སུན་འབྱིན་པར་བྱ་བ་ཡིན་ལ། དེས་ན་རྒྱུ་དང་རྐྱེན་ལྡན་པ་དང་འདུ་བའི་འབྲེལ་བ་འདོད་པའི་གྲངས་ཅན་པ་རྣམས་དང་། ཚེ་སྔ་ཕྱི་དང་ལས་དགེ་སྡིག་གི་འབྲས་བུ་མེད་པར་འཛིན་པ་རྒྱང་འཕེན་པ་ལ་སོགས་པའི་མུ་སྟེགས་པ་ཐམས་ཅད་ཀྱང་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་འདི་གཉིས་སུ་འདུས་ཤིང་། སྣ་ཚོགས་པའི་ལྟ་བ་ཐམས་ཅད་ཀྱང་ལུས་སེམས་ཀྱི་གཟུང་འཛིན་ལ་བརྟེན་ནས་བྱུང་བར་བཅོམ་ལྡན་འདས་ཀྱིས་ཚངས་པ་དྲ་བའི་མདོ་ལས་གསུངས་སོ། །འདི་རྣམས་ཐམས་ཅད་ལོག་པར་ལྟ་བ་ཡིན་པས་དགག་པའི་ཚུལ་རྒྱས་པར་དབུ་ཚད་ཀྱི་གཞུང་རྣམས་སུ་ཡང་དང་ཡང་དུ་གསུངས་པ་ལས་ཤེས་པར་བྱ་ཞིང་། དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་བ་ལས་ཀྱང་མདོར་བསྡུས་པ་ཙམ་གསུངས་ཏེ། ཇི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་ཚངས་པ་པའི་འདོད་པ་བརྗོད་པར་བཞེད་ནས། གང་དུ་རིག་བྱེད་རང་བྱུང་ཁ་དང་ལག་པ་རྐང་པ་ལ་སོགས་དག་ཀྱང་སྐྱེ་བོའི་སྐྱེ་གནས་ཏེ། ཨ་ཤྭ་མེ་དྷ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་དེ་ནི་ཚངས་པའི་བསྟན་པར་འགྱུར། །ཞེས་དང་། ཁྱབ་འཇུག་པའི་འདོད་པ་བརྗོད་པར་བཞེད་ནས། བྱེད་པོ་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་སྟོང་པ་ཉིད་ནི་ཉམས་པའི་ཆོས། བྱེད་པོ་འབྲས་བུའི་རྒྱུ་སྟེ་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་འདིར་ཁྱབ་འཇུག་པའོ། །ཞེས་དང་། ཞི་བ་པའི་འདོད་པ་བརྗོད་པར་བཞེད་ནས། ལམ་དྲུག་རྣམས་དང་དེ་ཉིད་ལྔ་དང་མཆོག་གི་གོ་འཕང་མ་ལུས་པ་ཡང་གཞན་ནི་སྔགས་ཀྱི་ལུས། རིག་པ་བདག་ཉིད་དམ་པའི་ཞི་བ་ཉིད་དང་རྣམ་གསུམ་གནས་ན་གནས་པའི་སྦྱོར་དང་གཏོང་བའི་དངོས། ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་མཐའ་དག་ལུས་ལ་གནས་པ་བཅུ་གཉིས་འདུད་པའི་དབྱེ་བ་སྟེ། འདི་དག་ཐམས་ཅད་གང་དུ་རབ་ཏུ་གྱུར་པ་དེ་ནི་ངེས་པར་ཞི་བ་པ་ཡི་བསྟན་པའོ། །ཞེས་དང་། ཕུར་བུ་པའི་འདོད་པ་བརྗོད་པར་བཞེད་ནས། དབང་ཕྱུག་མེད་ཅིང་ལས་ཀྱི་རྣམ་སྨིན་དག་ཀྱང་ཡོན་ཏན་ཡུལ་རྣམས་འབྱུང་བའི་ཚོགས་ནི་ལོངས་སྤྱོད་པ། དེ་མེད་པ་ན་འབྲས་བུ་མེད་པ་གསལ་བར་ལྷ་ཡི་བླ་མ་དག་གིས་བསྟེན་པར་རིག་པར་བྱ། ཞེས་དང་། ཀླ་ཀློ་སྟག་གཟིག་པའི་འདོད་པ་བརྗོད་པར་བཞེད་ནས། བྱེད་པོས་རྒྱུ་དང་མི་རྒྱུ་ལས་སྐྱེས་མཐའ་དག་བསྐྱེད་ཅིང་སྟག་གཟིག་རྣམས་ཀྱི་ཐར་བ་དག་གི་རྒྱུ། དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་སུ་འགྱུར་དེ་ནི་རཱ་་ཎ་བསྟན་པའོ། །ཞེས་དང་། རྒྱལ་བ་པའི་འདོད་པ་བརྗོད་པར་བཞེད་ནས། དུས་གསུམ་ཉིད་དང་རྫས་ནི་དྲུག་སྟེ་ཚིག་དགུས་བསྒྲུབ་དང་སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །གཞན་ནི་ཡོད་པའི་ལུས་ལྔ་བརཏལ་ཞུགས་སྡོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་དག་གི་དབྱེ་བ་རྣམས། སྲོག་ནི་ལུས་ཀྱི་ཚད་ཏེ་དཔག་ཏུ་མེད་པའི་སྲིད་པ་དག་གིས་རྟག་པའི་སྲོག་གིས་ཐར་བའོ། །གང་དུ་ཐར་བའི་ཚད་ནི་སྟེང་དུ་ངེས་པར་བརྗོད་པ་དེ་ནི་རྒྱལ་བ་པ་ཡི་བསྟན་པའོ། །ཞེས་གསུངས་སོ། །འདོད་པ་དེ་རྣམས་ལ་ཚངས་པ་པའི་འདོད་པ་དགག་པ་ནི། རིག་བྱེད་འདི་ནི་རང་བྱུང་མིན་ཏེ་སྲིད་པ་གསུམ་གྱི་གནས་སུ་རིག་བྱེད་སྒྲ་ནི་དོན་བརྗོད་བྱེད། ཚངས་པའི་གདོང་བཞི་རྣམས་ཀྱིས་སྔོན་ནི་རིག་བྱེད་སྒྲ་དག་གིས་ཀྱང་དོན་ནི་རབ་ཏུ་གསལ་བར་བྱས། ཅི་སྟེ་སྒྲ་དང་དོན་ནི་ཐ་དད་མིན་ཏེ་མེ་སྒྲ་བརྗོད་པ་དག་གིས་ཁ་ནི་ཅིས་མི་བསྲེག །དེའི་ཕྱིར་ངེས་པར་སྟོན་པ་པོ་ཡོད་རིག་པའི་ཡུལ་དང་མ་འོངས་དོན་དང་འདས་པ་དག་ལ་ཡང་། རིག་བྱེད་ནམ་མཁའ་མཚུངས་མིན་འདིར་ནི་གནས་ཀྱི་དབྱེ་བ་དག་ལས་ཁ་ཡིས་རབ་བརྗོད་བྱས་པའོ། །རིག་པས་གཉིས་སྐྱེས་ཁ་ཡིས་ཀླག་པ་ཉི་ཚེ་བ་སྟེ་ཀུན་ཏུ་འགྲོ་བ་གཞན་རྣམས་ཀློག །གང་ཕྱིར་དམངས་ལ་སོགས་པའི་རིགས་ནི་ཀུན་འགྲོ་མིན་པའི་རིག་བྱེད་འདི་དག་ཀློག་དང་འབྲི་བ་མིན། དེ་ཕྱིར་ཤེས་ལྡན་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ། །ཞེས་གསུངས་ལ། དེའི་དོན་ནི་འདི་ཡིན་ལ། རིག་བྱེད་ཀྱི་བསྟན་བཅོས་ནི་སྐྱེས་བུས་མ་བྱས་པའི་རང་བྱུང་མ་ཡིན་ཏེ།བརྗོད་བྱའི་དོན་བརྗོད་པར་བྱེད་པའི་ཕྱིར་ཏེ། མགྲིན་པ་དང་ལྕེ་རྐན་ལ་སོགས་པས་བསྐྱེད་པའི་ཕྱིར། གལ་ཏེ་རིག་བྱེད་ཀྱི་སྒྲ་རྟག་པ་དང་། བརྗོད་བྱའི་དོན་དང་གཅིག་ཏུ་གྲུབ་པས་སྐྱོན་མེད་དོ་ཞེ་ན། དེ་ལྟ་ན་རྣ་བའི་བུ་གའི་ནང་དུ་བུམ་པ་བརྗོད་པའི་རིག་བྱེད་ཀྱི་སྒྲ་རྟག་པར་ཐོས་པར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་དང་། མེ་ཞེས་བརྗོད་པའི་ཚེ་སྨྲ་བ་པོའི་ཁ་བསྲེག་པར་འགྱུར་ཏེ། སྒྲ་དོན་གཅིག་ཡིན་པའི་ཕྱིར། གཞན་ཡང་སྔོན་ཚངས་པའི་གདོང་བཞི་ལས་རིག་བྱེད་བཞི་བྱུང་བར་གྲགས་པས་སྟོན་པ་པོ་ཚངས་པ་ཡོད་པའི་ཕྱིར་རོ། །ཡང་རིགས་བཞི་ལས་ཚངས་པའི་ཁ་ནི་བྲམ་ཟེའི་སྐྱེ་གནས་དང་། ལག་པ་ནི་རྒྱལ་རིགས་ཀྱི་སྐྱེ་གནས་དང་། བརླ་གཉིས་རྗེ་རིགས་དང་། རྐང་པ་གཉིས་དམངས་རིགས་རྣམས་ཀྱི་སྐྱེ་གནས་ཡིན་པ་ཡང་མི་རིགས་ཏེ། བྲམ་ཟེ་མོ་རྣམས་ཀྱང་དེ་ལས་སྐྱེས་པར་འགྱུར་ལ། གལ་ཏེ་གྱུར་ན་དེའི་ཚེ་སྲིང་མོར་འགྱུར་ཏེ། སྐྱེ་གནས་གཅིག་ལས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་སྲིང་མོ་དང་ལྷན་ཅིག་བག་མ་ཇི་ལྟར་བྱེད་ཅི་སྟེ་བྱེད་ན་དེའི་ཚེ་ཀླ་ཀློའི་ཆོས་ལ་ཞུགས་པས་རིགས་ཉམས་ཏེ། རིགས་ཉམས་པ་ལས་དམྱལ་བར་འགྱུར་རོ། །ཞེས་རིག་བྱེད་ལས་འབྱུང་བ་དང་འགལ་ལོ། །གཞན་ཡང་སྐྱེ་བོ་རྣམས་རིགས་བཞིར་ཇི་ལྟར་འགྱུར་ཏེ། ཚངས་པ་གཅིག་པུ་ལས་སྐྱེས་པའི་ཕྱིར། དཔེར་ན་ཕ་གཅིག་གི་བུ་བཞིན་ནོ། །ཅི་སྟེ་ཡང་ཚངས་པའི་ཁ་ལ་སོགས་པའི་དབྱེ་བས་རིགས་ཐ་དད་ན་དེ་ཉིད་མི་འཐད་དེ། ཇི་ལྟར་ཨུ་དུམ་ཝ་རའི་འབྲས་བུ་རྩ་བ་དང་སྐེད་པ་དང་རྩེ་མོ་ལས་སྐྱེས་པ་རྣམས་རིགས་ཐ་དད་པ་མེད་པ་དེ་བཞིན་དུ། ཚངས་པའི་ཁ་ལ་སོགས་པ་ལས་སྐྱེ་བོ་རྣམས་རིགས་ཐ་དད་པ་མེད་དོ། །དེ་བཞིན་དུ་ཨ་ཤྭ་མེ་དྷའི་མཆོད་སྦྱིན་ལས་མཐོ་རིས་འགྲུབ་པ་ཡང་ཤུ་ཀས་སུན་དབྱུང་བ་འདི་ལྟ་སྟེ། མཆོད་སྡོང་བཅད་ཅིང་ཕྱུགས་བསང་ཏེ། །ཁྲག་འདམ་བྱས་ནས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྟ་ན། །དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་ཤུ་ཀས་སུན་དབྱུང་བར་གྲགས་སོ། །རིག་བྱེད་རང་བྱུང་མ་ཡིན་ཞིང་ཚངས་པའི་ཁ་ལ་སོགས་པའི་སྐྱེ་བོའི་སྐྱེ་གནས་དང་ཨ་ཤྭ་མེ་དྷ་ལས་གཞན་པ་མཆོག་གི་ཆོས་མེད་པ་མ་ཡིན་པ་དེའི་ཕྱིར། ཚངས་པའི་འདོད་པ་ཐམས་ཅད་རྣམ་པར་དཔྱད་ན་དོན་མེད་པའི་རབ་ཏུ་སྨྲ་བའོ། །ཁྱབ་འཇུག་པའི་འདོད་པ་དང་དབང་ཕྱུག་པའི་འདོད་པ་ལྷན་ཅིག་ཏུ་སུན་དབྱུང་བར་མཛད་ནས། གལ་ཏེ་ཐམས་ཅད་བྱེད་པོ་དབང་ཕྱུག་ཡོད་ན་དེ་ཡང་འགྲོ་བའི་ལས་ལོངས་སྤྱོད་པོ་གཞན་མ་ཡིན། གལ་ཏེ་དབང་ཕྱུག་ལས་ཀྱི་བྱེད་པོ་མིན་ན་དེ་ཡང་ཀུན་ནས་ཐམས་ཅད་བྱེད་པོར་མ་འགྱུར་རོ། །འདི་ནི་གལ་ཏེ་བྱེད་པོ་གཞན་དག་བསྐུལ་ན་འདི་ནི་བྱེད་པོ་དག་གི་མཆོག་ཏུ་གཞན་དབང་ཉིད། དེ་ཕྱིར་དགེ་དང་མི་དགེའི་འབྲས་སྟེར་བྱེད་པོ་དབང་ཕྱུག་མེད་དེ་སྲོག་ཆགས་ལུས་ནི་དོར་ནས་སོ། །ཞེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཡང་དབང་ཕྱུག་ཡིན་པར་འགྱུར་ཏེ། དེའི་ལས་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་པའི་ཕྱིར། དཔེར་ན་གཞན་གྱིས་ཁུར་བ་ཟོས་པ་ལས་གཞན་སྐོམ་པས་འཆི་བར་མི་འགྱུར་བ་བཞིན་ནོ། །ལས་བྱས་པ་དེའི་འབྲས་བུ་ལ་ལོངས་སྤྱོད་པ་པོ་ནི་ལས་བྱེད་པ་པོ་ཉིད་ཡིན་ཏེ། ལས་མེད་ན་ལས་བྱེད་པ་པོར་མི་འགྲུབ་པའི་ཕྱིར། དཔེར་ན་བུམ་པ་བྱེད་པའི་ཕྱིར་བུམ་པ་མཁན་བཞིན་ནོ། །གལ་ཏེ་དབང་ཕྱུག་རང་ཉིད་ལས་ཀྱི་བྱེད་པ་པོ་མ་ཡིན་ཀྱང་གཞན་ལས་བྱེད་པ་ལ་བསྐུལ་པ་པོ་ཡིན་ནོ་ཞེ་ན། དབང་ཕྱུག་ལས་བྱེད་པ་པོ་མ་ཡིན་ན་ཐམས་ཅད་ཀྱི་བྱེད་པ་པོར་སྨྲ་བ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་དགེ་དང་མི་དགེའི་འབྲས་བུ་སྟེར་བར་བྱེད་པ་པོ་དབང་ཕྱུག་མེད་ཀྱང་སྲོག་ཆགས་རྣམས་རང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པ་གྲུབ་བོ། །འོ་ན་ཐམས་ཅད་དབང་ཕྱུག་གིས་མ་བྱས་ན་རྒྱུ་མེད་དུ་བྱུང་བ་ཡིན་ནམ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་ཏེ། ཟླ་བའི་འོད་ཟེར་དང་ཆུ་ཤེལ་གྱི་སྦྱོར་བ་ལས་ཆུ་འབྱུང་བར་འགྱུར་བ་དང་། ཉི་མའི་འོད་དང་མེ་ཤེལ་ལས་མེ་དང་། མེ་ལོང་དང་སྐྱེས་བུའི་གཟུགས་ལས་གཟུགས་བརྙན་དུ་འགྱུར་བ་དང་། ཁབ་ལེན་ལས་ལྕགས་ཀྱི་ཐུར་མ་གཡོ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་འདི་དག་ལ་དབང་ཕྱུག་གི་འདོད་པས་བྱས་པ་ནི་ཅི་ཡང་མེད་དོ། །འདིས་ནི་དངོས་པོ་ཐམས་ཅད་རྒྱུ་མེད་དུ་བྱུང་བར་སྨྲ་བ་ཕུར་བུ་པའི་འདོད་པ་ཡང་ཁེགས་ཤིང་། མུ་སྟེགས་པ་གཞན་དག་གི་འདོད་པ་དགག་པར་སླ་བ་དང་། ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་ཐེག་པ་དམན་པའི་གྲུབ་པའི་མཐའ་བཤད་པ་ནི། ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཀུན་གཞི་ཡིད་བཅས་ཡུལ་སྣང་གི །ནུས་པ་མ་རྟོགས་དབང་གིས་ཏེ། །འོན་ཀྱང་བདག་སོགས་བྱེད་པ་པོ། །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད། །བདག་དང་གང་ཟག་བཏགས་པར་བརྗོད། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཡོད་ན་འབད་མེད་ཐར་བ་འམ། །ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། །དེ་སོགས་སེམས་ལ་སྣང་བ་ཡི། །སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། །ཞེས་གསུངས་ཏེ། རང་སྡེ་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བ་རྣམས་སེམས་ལས་ཕྱི་རོལ་ཏུ་གྱུར་པའི་རྡུལ་ཕྲན་ཆ་བཅས་དང་ཆ་མེད་པར་བསྐོར་བ་བར་བཅས་དང་ཐར་མེད་པ་ལ་སོགས་པ་དོན་རྣམ་མེད་རྗེན་པར་མངོན་སུམ་དུ་མཐོང་བར་འདོད་པ་དང་ཕག་ན་མོར་འདོད་པ་དེ་དག་ཀྱང་ཀུན་གཞི་ཡིད་དང་བཅས་པའི་ནུས་པ་ཡུལ་དུ་སྣང་བའི་ཆ་མ་རྟོགས་པའི་དབང་གིས་དོན་གཞན་དུ་རྟོག་པའི་འཁྲུལ་བ་བྱུང་བ་ཡིན་གྱི་རྣམ་པར་ཤེས་པ་ལས་གཞན་དུ་ཐ་དད་པར་བདེན་པ་ནི་མེད་དོ། །འོན་ཀྱང་བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་རྟོག་པ་དགག་པའི་ཕྱིར་རྡུལ་ཕྲ་རབ་ལ་སོགས་པ་ཁམས་ཀྱི་རང་བཞིན་རྒྱལ་བས་གསུངས་པ་ནི་ཡོད་ལ། དེ་ཡང་བྱང་ཆུབ་སེམས་འགྲེལ་ལས། གཟུང་དང་འཛིན་པའི་དངོས་པོ་ཡིས། །རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །ཕྱི་དོན་རྣམ་པ་ཀུན་ཏུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་ཆུ། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་སོ། །རང་སྡེ་ཉན་ཐོས་པ་འགའ་ཞིག་བདག་དང་གང་ཟག་ཡོད་པར་སྨྲ་བ་དེ་དག་ཀྱང་མིང་གིས་བཏགས་པ་ཙམ་དུ་བརྗོད་པར་ཟད་ཀྱིས་དོན་དམ་པར་བདེན་པའི་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །གལ་ཏེ་གང་ཟག་གི་རྫས་བདེན་པར་གྲུབ་པ་ཡོད་ན་རྫས་དེ་མྱ་ངན་ལས་འདས་པའི་ཆོས་སུ་ཡོད་དམ་འཁོར་བའི་ཆོས་སུ་ཡོད་དང་པོ་ལྟར་ན་འབད་མེད་དུ་ཐར་བའམ། གཉིས་པ་ལྟར་ན་ཡང་ཐར་བ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ལ་སོགས་པ་སེམས་ལ་སྣང་བའི་རྒྱུ་འབྲས་རྣམས་ལ་གོང་དུ་ཇི་སྐད་བརྗོད་པ་བཞིན་བྱེ་བྲག་ཏུ་སྨྲ་བས་ཕྱི་དོན་བདེན་པ་རྣམ་མེད་རྗེན་པར་མཐོང་བར་འདོད། མདོ་སྡེ་པས་ཕྱི་དོན་བདེན་པ་ཡིན་ཀྱང་རང་དུས་སུ་དངོས་སུ་སྣང་བ་སེམས་སུ་འདོད་པ་དང་། སེམས་ཙམ་པས་རྣམ་པ་གཏོད་བྱེད་ཀྱི་དོན་མེད་ཀྱང་རྨི་ལམ་གྱི་སྣང་བ་ལྟར་སེམས་ལས་གཞན་མ་ཡིན་པར་འདོད་པས་བྱེ་མདོ་གཉིས་ཀྱིས་ལྟ་བ་ངན་པ་རྣམས་སྤོང་ལ་དབུ་མ་ཐལ་རང་གིས་སེམས་སུ་འཛིན་པ་ཡང་སྤངས་པའི་མེད་དགག་ཙམ་ཡང་དོན་དུ་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་གཟུང་འཛིན་དང་བྲལ་བའི་སེམས་རང་རིག་རང་གསལ་ཡང་དག་པའི་དོན་དུ་འདོད་པ་སོགས་སྤང་གཉེན་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་ནོ། །དེ་སྐད་དུ་བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་པ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པ་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་དེ། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་གསུངས་ལ། མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པས་ཐེག་པ་ཐམས་ཅད་ལ་འཇུག་པའི་ཚུལ་གྲུབ་པའི་མཐའ་རང་རང་གི་བདེན་པ་གཉིས་ཀྱི་རྣམ་གཞག་མ་འདྲེས་པར་རྟོགས་པར་བྱའོ། །དེ་ལྟར་རྟོགས་པར་བྱས་ནས་ཅི་བྱ་ཞེ་ན། ལོག་པའི་ལྟ་བ་རྣམས་སྤངས་ནས་ཡང་དག་པའི་ལྟ་བ་གཏན་ལ་འབེབས་པའི་དོན་དུ་ཡིན་ནོ། །དེའི་ཕྱིར་རང་གི་སྡེ་བ་རྣམས་ཀྱི་ལྟ་བའི་རིམ་པ་ཡང་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་ཏེ། གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་གིས་ཉམས། །ཀུན་རྫོབ་དག་གི་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་པ་དག་ཏུ་འདོད་པའོ། །སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པ་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་གསུངས་ལ། དེའི་འགྲེལ་བ་ལས་སུན་འབྱིན་འདི་ལྟར་གསུངས་ཏེ། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག །གང་ཟག་ཅེས་བྱ་བ་རྫས་སུ་གྲུབ་པ་ཞིག་སེམས་ཅན་རྣམས་ཀྱི་ལུས་ཀྱི་ནང་ན་གནས་པར་འདོད་དོ། །དེ་ཉིད་རིགས་པས་རྣམ་པར་དཔྱད་ན་མི་འཐད་དེ། གང་ཟག་དེ་ཤེས་པའི་རང་བཞིན་ཡིན་ནམ་མི་ཤེས་པའི་རང་བཞིན་ཡིན། དང་པོ་ལྟར་ན་གང་ཟག་མི་རྟག་པར་འགྱུར་ཏེ། ཤེས་པའི་རང་བཞིན་ཡིན་པའི་ཕྱིར། དཔེར་ན་བུམ་པའི་ཤེས་པ་འགགས་པར་གྱུར་པ་ན་སྣམ་བུའི་ཤེས་པ་སྐྱེ་བ་བཞིན་ནོ། །འདོད་པར་མི་ནུས་ཏེ། འདིར་ཁུར་ཁུར་བའི་གང་ཟག་ཡོད་ཏེ། རྟག་པར་ཡང་བདག་མི་སྨྲ་མི་རྟག་པར་ཡང་བདག་མི་སྨྲའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྒྲ་ཇི་བཞིན་དུ་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་མི་ཤེས་པའི་རང་བཞིན་ཡིན་ན་དེའི་ཚེ་མི་ཤེས་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རིག་པ་མེད་པས། བྱེ་བྲག་ཏུ་སྨྲ་བ་འདོད་པའི་གང་ཟག་དེའི་རང་བཞིན་རྣམ་པར་དཔྱད་ན་ཉམས་སོ། །ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞི་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་སོ། །དེ་ལྟ་ན་སྐྱེས་བུ་ལྷ་སྦྱིན་གྱི་གཟུགས་དེ་མཛེས་པ་དང་མི་མཛེས་པ་དུ་མའི་བདག་ཉིད་དུ་འགྱུར་ཏེ། དེ་ལ་ལྟ་བའི་དགྲ་གཉེན་གྱི་དབང་པོའི་མངོན་སུམ་གྱིས་དེའི་གཟུགས་རྣམ་མེད་རྗེན་པར་དངོས་སུ་རིག་ཅིང་། གཉེན་གྱི་དབང་པོའི་མངོན་སུམ་ལ་མཛེས་པར་སྣང་བ་དང་། དགྲའི་དབང་པོའི་མངོན་སུམ་ལ་མི་མཛེས་པར་སྣང་བའི་ཕྱིར། ད་ནི་མདོ་སྡེ་པའི་འཛིན་པའི་སྐྱོན་བསལ་བར་བྱ་ཏེ། སངས་རྒྱས་ཀྱི་དོན་དམ་པ་ཡེ་ཤེས་ཆོས་ཀྱི་སྐུ་ཕྱི་དོན་ལ་ལྟོས་ནས་མ་རིག་པར་འགྱུར་ཏེ། དེ་སྣང་བའི་སངས་རྒྱས་ཀྱི་ཡེ་ཤེས་མོ་གཤམ་གྱི་བུ་བཞིན་དུ་མེད་པར་འདོད་པའི་ཕྱིར། ཡང་མདོ་སྡེ་པ་ན་རེ། ཤེས་པ་རྣམ་བཅས་བསྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་མཁའ་མཚུངས། །འདུ་བྱེད་སེམས་པ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་སོ། །དེ་ལྟ་ཡིན་ན་ཐོགས་པ་མེད་པའི་གཟུགས་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཐོགས་པ་མེད་པའི་གཟུགས་མེད་པའི་ཕྱིར་རོ། །དེས་ན་སྐུ་བཞི་མ་གཏོགས་པ་ཉི་ཚེ་བའི་སྐུས་སངས་རྒྱས་ཉིད་དུ་མི་འགྱུར་རོ། །ཐོགས་པ་མེད་པའི་སྐུ་དང་བྲལ་བའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྟོན་པར་མི་འགྱུར་རོ། །ཐམས་ཅད་ཀྱི་སྐད་ཀྱི་གསུང་དུ་མི་འགྱུར་རོ། །གཞན་གྱི་སེམས་མཁྱེན་པར་ཡང་མི་འགྱུར་རོ། །ལྷའི་མིག་ལ་སོགས་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་རོ། །ཞེས་པ་ནི་མདོ་སྡེ་པའི་འཛིན་པའི་སྐྱོན་ནོ། །གཞན་ཡང་བྱེ་མདོ་གཉིས་ལ་ཐུན་མོང་དུ་སྐྱོན་འདི་གནས་ཏེ། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་དུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པའི་སྐྱོན་ཡང་གནས་སོ། །ད་ནི་སེམས་ཙམ་པའི་འཛིན་པའི་སྐྱོན་བསལ་བར་བྱ་སྟེ། ཁམས་གསུམ་པོ་འདི་སེམས་ཙམ་མོ་ཞེས་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་དོན་དམ་དུ་འདོད་པར་བྱེད་དོ། །འདི་སྐད་ཅེས། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང་། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྨྲ། །ཅེས་སོ། །འདི་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་པས་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཁམས་གསུམ་པོ་རྣམ་པར་སྨྲ་བ་པོ་ཉམས་སོ། །འདིར་རྣམ་པར་ཤེས་པའི་ཆོས་རྣམས་སྐད་ཅིག་མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་གནས་པ་མེད་པར་འཇིག་པ་དང་སྐྱེ་བར་འགྱུར་ན་དེའི་ཚེ་རི་བོང་གི་ར་ཡང་འགྱུར་རོ། །ཅི་སྟེ་སྐྱེས་པ་ལས་གནས་ཤིང་གནས་པ་ལས་འཇིག་སྟེ་ཞིག་པ་ལས་སྐྱེ་བ་དེ་ལྟ་ན་གནས་པ་དང་འཇིག་པ་དང་སྐྱེ་བ་རྣམས་གཅིག་ཉིད་མེད་ཏེ་མཚན་ཉིད་ཐ་དད་པའི་ཕྱིར་རོ། །འདིར་གང་གི་དུས་ན་གནས་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་འཇིག་པ་མེད་དོ། །གང་གི་དུས་ན་འཇིག་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་གནས་པ་མེད་དོ། །གང་གི་དུས་ན་སྐྱེ་བ་ཡོད་པ་དེའི་དུས་ན་གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐད་ཅིག་གོ །གལ་ཏེ་དུས་གཅིག་ལ་ཡིན་ན། །སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་གཅིག་པ་ཉིད་དོ་ཞེས་པ་ལས་གཞན་པ་ཅི། འདིར་གང་དུ་སྐད་ཅིག་གཅིག་ལ་ཆོས་སྐྱེ་བ་དང་འཇིག་པ་ཅི། ཆོས་སྔ་མ་འགགས་པ་ལས་སམ་འོན་ཏེ་མ་འགགས་པས་ཆོས་ལས་ཆོས་ཕྱི་མ་སྐྱེ། གལ་ཏེ་འགགས་པའི་ཆོས་ལས་སྐྱེ་ན་དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ། །ཅི་སྟེ་མ་འགགས་པ་ལས་སྐྱེ་ན་དེའི་ཚེ་མ་འགགས་པའི་མར་མེ་ལས་མར་མེ་སྐྱེ་བ་བཞིན་དུ་དེ་ལས་གཞན་སྐྱེའོ། །དེ་ལྟར་སྐྱེས་པ་ལས་སྐྱེ་བས་ན་མར་མེའི་ཕྲེང་བ་བཞིན་དུ་རྣམ་པར་ཤེས་པའི་ཕྲེང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་གཞན་སྐྱེ་བ་བརྗོད་པར་མི་ནུས་ཏེ་འགགས་པ་ལས་ཀྱང་ངོ་། །འདྲེས་པ་ལས་ཀྱང་མ་ཡིན་ཏེ། དེ་དག་ཕན་ཚུན་འགལ་བས་གཅིག་པ་ཉིད་མེད་དོ། །དེའི་ཕྱིར་དབུ་མ་པས་སྨྲས་པ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །གང་ཞིག་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་གཉིས་སུ་མེད་པར་སྨྲ་བའི་དབུ་མ་པས་ནི་མཐའ་བཞི་ལས་རྣམ་པར་གྲོལ་བའི་ཟུང་འཇུག་གི་ཡེ་ཤེས་ཙམ་ཞིག་ཡང་དག་པའི་དོན་དུ་བཞེད་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བཤད་པ་ནི། འདིར་ནི་ཡུལ་སྣང་ལུས་འདི་ལ། །རྩ་རླུང་ཐིག་ལེའི་ངེས་པ་ཡི། །སྤང་གཉེན་དེ་བཞིན་གཤེགས་པས་གསུངས། །ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། །བསྡོམས་ན་བྱེ་བ་བདུན་བཅུ་བདུན། །ས་ཡ་བདུན་དང་འབུམ་ཕྲག་དྲུག །ཡོད་པས་སྦྱང་གཞི་དེ་སྦྱོང་བའི། །ཆོས་སྒོ་དེ་དང་མཉམ་པ་ཡིན། །བརྒྱད་ཁྲི་བཞི་སྟོང་རགས་རིམ་གྲགས། །ཞེས་གསུངས་ཏེ། གསང་སྔགས་བླ་ན་མེད་པའི་རྒྱུད་འདིར་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་སྣང་གི་ལུས་འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྩ་རླུང་ཐིག་ལེའི་ངེས་པ་ལས་སྦྱང་གཞི་སྦྱོང་བྱེད་ཀྱི་སྤང་གཉེན་དེ་བཞིན་གཤེགས་པས་གང་གསུངས་པ་ལ་དགོངས་ནས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་རྒྱ་མཚོ་ལས་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་རྟེན་ནས་ནི་གཡོ་བ་ཡིན། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོང་བ་མིན་ཞེས་ཡོངས་རྟོགས་ན། །དེ་ནི་སོ་སོ་རང་རིག་ཉིད། །ཅི་འདྲ་ཞེ་བྱ་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་ཡིན་པས། །དེ་ནི་དངོས་པོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་མིན། །རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་པ་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པ་ལྟར། ཁྱད་པར་དུ་འཛམ་བུ་གླིང་དུ་སྐྱེས་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་དང་ལྡན་པའི་སྐྱེས་བུའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་བའི་ཡུན་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱའི་རླུང་ཇི་སྙེད་བསྡོམས་ན་བྱེ་བ་ཕྲག་བདུན་བཅུ་རྩ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་དྲུག་ཡོད་པས་དེ་ཉིད་སྦྱང་གཞིར་བྱས་ནས་དེ་སྦྱོང་བར་བྱེད་པའི་ཆོས་སྒོ་ཡང་དེ་དང་མཉམ་པ་ཡིན་ལ་སྦྱང་གཞི་དེ་དག་ལས་རགས་རིམ་བསྡུས་པས་སྦྱོང་བྱེད་ཀྱི་ཆོས་སྒོ་ཡང་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ནི་རགས་རིམ་ཡིན་པར་གྲགས་སོ། །འདིར་སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་པ་ལ་ཕྱི་རོལ་གྱི་ཉིན་ཞག་གི་དབང་དུ་བྱས་པའི་ལོ་མ་ཡིན་གྱིས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་ཏུ་བྱས་པའི་སུམ་བཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལ་ལོར་རྣམ་པར་གཞག་པའི་ལོ་བརྒྱའོ། །དེའི་དབང་དུ་བྱས་ནས་མིའི་ཞག་གཅིག་ལ་ཤིན་ཏུ་ཕྲ་བ་ལུས་ལ་སྐྱེས་པའི་སྲིན་བུ་རྣམས་ཀྱི་ལོ་བརྒྱ་རྫོགས་ཤིང་། མི་རྣམས་ཀྱི་ལོ་གཅིག་ལ་འོག་མིན་པའི་ལྷ་རྣམས་ཀྱི་དབུགས་འབྱུང་རྔུབ་གཅིག་སྟེ། མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་བརྒྱ་ནི་འོག་མིན་པའི་ཚེའི་ཚད་ཡིན་ལ། འོག་མིན་པའི་ལོ་གཅིག་ལ་སྲིད་རྩེ་བའི་དབུགས་གཅིག་སྟེ། དེའི་ཕྱིར་འོག་མིན་པའི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སྲིད་རྩེ་བའི་ཞག་གཅིག་ཏུ་རྣམ་པར་གཞག་པའི་རང་ལོ་བརྒྱའོ། །དེས་ན་ཁམས་གསུམ་པོ་ཐམས་ཅད་ཚེ་ལོ་བརྒྱ་པར་བཤད་པ་ཡིན་ནོ། །དུས་མ་ཡིན་པར་འཆི་བ་ནི་ལས་ཀྱི་དབང་གིས་སོ། །དེས་ན་སེམས་ཅན་རྣམས་ཀྱིས་རང་རང་གི་ལོ་བརྒྱའི་ཚེ་གཅིག་ལ་ལས་ཀྱི་རླུང་ཇི་སྙེད་ཡོད་པ་རེ་རེ་ལ་གཉེན་པོ་ཡེ་ཤེས་ཀྱི་རླུང་གི་ཆ་ཤས་རེ་ཡོད་པས་སྦྱང་གཞིའི་དབུགས་གྲངས་དང་རྗེས་སུ་མཐུན་པར་རྣམ་པར་རྟོག་པའི་གྲངས་ཀྱང་དེ་སྙེད་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་དེ་དག་སྦྱོང་བའི་གཉེན་པོར་རྣམ་པར་དཀར་བའི་ཆོས་ཀྱི་སྒོའི་གྲངས་ཀྱང་བྱེ་བ་བདུན་བཅུ་རྩ་བདུན་དང་ས་ཡ་ཕྲག་བདུན་དང་འབུམ་ཕྲག་དྲུག་ཏུ་བསྟན་པ་ཡིན་ལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི་རགས་པའི་རིམ་པའོ། །བཞི་པ་བྱེ་བྲག་ཏུ་གཉེན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ནི། དེ་ལ་ཡེ་ཤེས་རླུང་ཇི་སྙེད། །རྒྱུ་བ་མྱང་འདས་ལམ་ལྡན་པ། །གཉེན་པོའི་མཆོག་སྟེ་བླ་མེད་རྒྱུད། །དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་། །བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། །ལོ་གསུམ་ཞག་ནི་སྟོང་བརྒྱད་བཅུ། །ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ། །བགྲོད་པ་རིགས་དྲུག་རྒྱུད་དུ་བཤད། །ཟླ་བའི་དབྱེ་བས་རིགས་རྣམས་ནི། །སུམ་བཅུ་སོ་དྲུག་རྒྱུད་དུ་བཤད། །གཡས་གཡོན་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་ཐབས་དང་ཤེས་རབ་རྒྱུད། །རྩ་རྒྱུད་བདུན་བཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། །ཕྱག་གྲངས་དག་པར་གསུངས་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་སྔར་བཤད་པའི་ལོ་བརྒྱའི་ལས་ཀྱི་རླུང་ཐམས་ཅད་ལས་བྱེ་བྲག་ཏུ་ཡེ་ཤེས་ཀྱི་རླུང་ཇི་སྙེད་པ་རྣམས་ནི་རྒྱུ་བ་མེད་པ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པས་སྤྱིར་གཉེན་པོའི་མཆོག་དང་ཁྱད་པར་བླ་ན་མེད་པའི་རྒྱུད་ལས་གསུངས་པའི་གཉེན་པོའི་མཆོག་ཡིན་ལ། དེའི་ཕྱིར་ལོ་བརྒྱའི་ནང་ནས་ཞག་རེ་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་རེ་རྒྱུ་བ་དེ་ཐམས་ཅད་བསྡོམས་པས་ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་ཅིང་། དེ་རྣམས་སྡེ་ཚན་དུ་བསྡུས་ན་ཡེ་ཤེས་ཀྱི་ཆ་ལོ་གསུམ་དང་ཕྱོགས་གསུམ་འབྱུང་བ་ལས་ལོ་གསུམ་པོ་དེ་ལ་ཞག་སྟོང་དང་བརྒྱད་བཅུ་འབྱུང་ལ། ལོ་གསུམ་པོ་དེ་ཡང་སྐུ་གསུང་ཐུགས་ཡིན་པས། དེའི་དབྱེ་བས་རྒྱུད་སྡེ་ཡང་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དང་། ལོ་གསུམ་པོ་དེ་ལ་ཡང་བགྲོད་པ་གཉིས་ཏེ་དྲུག་གི་དབྱེ་བས་རིགས་དྲུག་གི་རྒྱུད་དུ་བཤད་ཅིང་། ལོ་གསུམ་པོ་དེ་ལ་ཟླ་བ་སུམ་བཅུ་རྩ་དྲུག་འབྱུང་བའི་དབྱེ་བས་རིགས་སུམ་བཅུ་རྩ་དྲུག་གི་རྒྱུད་དུ་བཤད་ཏེ། དེ་དག་ནི་བསྡུས་རྒྱུད་ཡིན་ལ། སུམ་བཅུ་རྩ་དྲུག་པོ་དེ་རེ་རེ་ལ་གཡས་གཡོན་ནམ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཐབས་དང་ཤེས་རབ་ཀྱི་རྒྱུད་མ་རྒྱུད་བདུན་བཅུ་རྩ་གཉིས་ཡོད་ལ། དོན་འདི་ནི་བདེ་མཆོག་མཁའ་འགྲོ་རྒྱ་མཚོར་ཕྱག་གི་གྲངས་ཀྱི་དག་པར་གསུངས་པ་ཡིན་ཏེ། ནང་གི་རྩ་བདུན་བཅུ་རྩ་གཉིས་དང་། ལྟ་བའི་རྩ་དབུ་མའི་འཕོ་བ་དང་བཅས་པའི་རླུང་བདུན་བཅུ་རྩ་གཉིས་དང་། འདོད་པ་དང་མི་འདོད་པའི་རྣམ་པར་རྟོག་པ་བདུན་བཅུ་རྩ་གཉིས་ཀྱི་གཉེན་པོའི་ཡེ་ཤེས་གྲངས་དང་མཐུན་པར་ཕྱག་གྲངས་ཀྱི་དག་པ་ཡང་གསུངས་སོ། །ལྔ་པ་དེ་ཉིད་རྒྱས་པར་བཤད་པ་ནི། ཨ་སོགས་དབྱངས་ནི་སུམ་བཅུ་དྲུག །ཀ་སོགས་གསལ་བྱེད་དེ་དང་མཉམ། །བརྗོད་ཀྱང་ཡི་གེའི་གཙོ་བོར་གསུངས། །རེ་རེའང་རྒྱུད་ཕྲན་སུམ་བཅུ་སྟེ། །སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་པ་སྟེ། །ཐིག་ལེ་ཚེག་དྲག་གྲི་གུག་གི །དབྱེ་བས་ཐུང་རིང་ཤིན་ཏུ་རིང་། །གསལ་བྱེད་སུམ་བཅུ་དབྱངས་དྲུག་བསྒྱུར། །སུམ་བརྒྱ་དྲུག་བཅུ་རྩ་བའི་དབྱངས། །ཉིན་མཚན་དབྱངས་ཀྱང་དྲུག་བཅུ་སྟེ། །དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། །ལོ་གཅིག་ཆུ་ཚོད་དབྱངས་མཐུན་ཕྱིར། །གསལ་བྱེད་དེ་དང་མཚུངས་པ་ཡིན། །ཞིབ་ཏུ་དབྱངས་འཆང་ནང་དུ་ལྟོས། །བླ་ན་མེད་པའི་རྒྱུད་ཀྱི་ཚོགས། །རྣམ་དབྱེ་བསྡུས་པར་བསྟན་པ་ཡིན། །ཞེས་གསུངས་ཏེ། འདིར་ཨ་ལ་སོགས་པའི་དབྱངས་སུམ་བཅུ་ནི་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། །ཧ་ཡ་ར་ཝལ་སྟེ་ཐུང་ངུ་བཅོ་ལྔ་དང་། །ཨཱ་ཨཱི་རཱྀ་ཨཱ་ལཱྀ། ཨཱ་ཨཻ་ཨཱར་ཨཽ་ཨཱལ། ཧཱ་ཡཱ་རཱ་ཝཱ་ལཱ་རིང་པོ་བཅོ་ལྔ། དེའི་སྟེང་དུ་རྩ་བའི་དབྱངས་ལས་ཨ་ཡིག་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པ་ཅན་དང་ཨི་ཡིག་དབྱུག་པ། རི་ཡིག་ཚག་དྲག །ཨུ་ཡིག་ཐིག་ལེ། ལི་ཡིག་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་ཅན་ཨཾ་ཡིག་དང་དྲུག་སྟེ་སུམ་བཅུ་རྩ་དྲུག་དང་། ཀ་ལ་སོགས་པའི་གསལ་བྱེད་ཀྱང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ཉྥ་ཥ་ཤ་ྈྐ། །དེའི་སྟེང་དུ་ཧ་ཡ་ར་ཝ་ལ་ཀྵ་དང་དྲུག་བསྣན་པས་དབྱངས་དེ་དང་མཉམ་པར་གསལ་བྱེད་སུམ་བཅུ་རྩ་དྲུག་འབྱུང་བ་ནི་བརྗོད་བྱེད་ཀྱི་ཡི་གེའི་གཙོ་བོར་གསུངས་པ་ཡིན་ལ། གསལ་བྱེད་སུམ་བཅུ་པོ་རེ་རེའང་དབྱངས་སུམ་བཅུས་བསྒྱུར་བ་བསྡོམས་པ་ལས་དགུ་བརྒྱ་འབྱུང་སྟེ། དཔེར་ན་ཀ་རྡོ་རྗེའི་རྒྱུད་ཕྲན་ལྟ་བུ་ལ་མཚོན་ན་ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ་ཞེས་པ་ནས་ཀ་སྡེ་ལྔ་ལ་སྦྱར་བས་དབྱངས་གསལ་འདྲེས་པ་སུམ་བཅུ་འབྱུང་སྟེ། དེ་བཞིན་དུ་དབྱངས་སུམ་བཅུས་སྡེ་བ་གཞན་རྣམས་ལས་སྒྱུར་བས་དབྱངས་གསལ་ལྷན་ཅིག་པ་དགུ་བརྒྱ་དང་། དབྱངས་གསལ་སོ་སོར་ཕྱེ་བ་ལས་སྟོང་བརྒྱད་བརྒྱ་འབྱུང་བར་བཤད་ལ། དེ་ནི་དུས་སྦྱོར་གཅིག་གི་རླུང་དང་གྲངས་མཉམ་པ་ཡིན་པས་རྒྱུད་སྡེའི་དབྱེ་བ་ཡང་དེ་དང་གྲངས་མཉམ་པ་དང་། དུས་སྦྱོར་བཅུ་གཉིས་སུ་ལོངས་པ་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་དུ་གྱུར་པའི་ཡི་གེ་གྲངས་དེ་དག་ཀྱང་རྒྱུད་ཀྱི་གྲངས་ཀྱི་ཡན་ལག་དུ་ལྡན་པ་སྟེ། དེ་ལ་ཡང་ཐིག་ལེ་སྐུ། ཚེག་དྲག་གསུང་། གྲི་གུག་ཐུགས་ཀྱི་དབྱེ་བས་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་རྣམས་སུ་འགྱུར་ལ། གསལ་བྱེད་སུམ་བཅུ་དབྱངས་དྲུག་གིས་བསྒྱུར་བ་ལས་བརྒྱ་བརྒྱད་བཅུ་དང་། དེ་ཡང་དབྱངས་གསལ་སོ་སོར་དབྱེ་བ་ལས་སུམ་བརྒྱ་དྲུག་བཅུ། རྩ་བའི་དབྱངས་དང་ཉིན་མཚན་གྱི་ཆུ་ཚོད་དྲུག་བཅུའི་དབྱངས་ཀྱང་དྲུག་བཅུ་སྟེ། དེའི་ཕྱིར་ཞག་གཅིག་གི་དབུགས་གྲངས་དང་ལོ་གཅིག་གི་ཆུ་ཚོད་གཉིས་དབྱངས་ཀྱི་གྲངས་མཐུན་པའི་ཕྱིར་གསལ་བྱེད་ཀྱང་དེ་དང་གྲངས་མཚུངས་པ་ཡིན་ཏེ། ཞིབ་ཏུ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་དབྱངས་འཆར་གྱི་ནང་དུ་འབྱུང་བ་དང་། ཁོ་བོ་རང་བྱུང་རྡོ་རྗེས་བྱས་པའི་རྩིས་ཀུན་ལས་བཏུས་པར་ལྟོས་ཤིག་གོ། །དེ་ལྟར་ན་འདིར་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་ནས་གསུངས་པའི་རྣམ་དབྱེ་མདོར་བསྡུས་ནས་བསྟན་པ་ཡིན་ཏེ། རྒྱས་པར་ནི་དཔག་ཏུ་མེད་པས་བརྗོད་ཀྱིས་མི་ལང་བའི་ཕྱིར་རོ། །དྲུག་པ་དེ་དག་རྒྱུད་ཐམས་ཅད་ཀྱི་ལྷ་དང་སྦྱར་བ་ལ། ཡེ་ཤེས་ཀྱི་རླུང་དང་སྦྱར་བ། རྩ་ཁམས་དང་སྦྱར་བའོ། །དང་པོ་ལ། དུས་ཀྱི་འཁོར་ལོའི་ལྷ་གྲངས། །སྡོམ་པ་ཆེ་ཆུང་གི་ལྷ་གྲངས། སྒྱུ་འཕྲུལ་དྲ་བའི་ལྷ་གྲངས། གསང་བ་འདུས་པའི་ལྷ་གྲངས། རྒྱུད་གཞན་ནས་བཤད་པའི་ལྷ་གྲངས་དང་ལྔའོ། །དང་པོ་ནི། ད་ནི་ཐབས་ཤེས་གཉིས་མེད་རྒྱུད། །དེ་དག་གཙོ་བོ་ཅུང་ཟད་བརྗོད། །ལོ་གསུམ་ཞག་ལ་བདུན་གྱིས་བགོས། །བརྒྱ་དང་ལྔ་བཅུ་རྩ་བཞི་སྟེ། །དུས་འཁོར་ཉུང་ངུའི་ལྷ་གྲངས་ཡིན། །ལྷག་གཉིས་ཐབས་ཤེས་བདག་ཉིད་གསུངས། །ཞེས་གསུངས་ཏེ། དེ་ཡང་ངེས་དོན་དུ་རྒྱུད་ཐམས་ཅད་གཉིས་སུ་མེད་པའི་རྒྱུད་ཡིན་ཀྱང་དེ་དག་ལས་ཀུན་རྫོབ་ཏུ་ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་དང་ཐབས་དང་ཤེས་རབ་ཆ་མཉམ་དུ་སྟོན་པ་གཉིས་མེད་རྒྱུད་ཡིན་པའི་ཚུལ་དེ་དག་ཅུང་ཟད་བརྗོད་པར་བྱའོ་ཞེས་མཚམས་སྦྱར་ནས་གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོའི་ལྷ་གྲངས་ནི་ལོ་བརྒྱའི་ཡེ་ཤེས་ཀྱི་ཆའི་ལོ་གསུམ་གྱི་ཞག་སྟོང་བརྒྱད་བཅུ་ཡོད་པ་ལས། ཞག་རེ་ལ་རེ་མོས་ཀྱིས་ལོངས་སྤྱོད་པའི་རེས་གཟའ་བདུན་གྱིས་བགོས་པ་ལས་ཐོབ་པ་བརྒྱ་དང་ལྔ་བཅུ་ང་བཞི་འབྱུང་བ་ནི་དུས་འཁོར་ཉུང་ངུ་པདྨ་གདན་ཅན་གྱི་ལྷ་གྲངས་ཡིན་ལ། ལྷག་མ་གཉིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུངས་པ་ཡིན་ནོ། །གཉིས་པ་སྡོམ་པ་ཆེ་ཆུང་གི་ལྷ་གྲངས་ནི། ཟླ་བ་ཆ་ནི་བཅོ་ལྔ་སྟེ། །དེས་ཕྱེ་བདུན་བཅུ་རྩ་གཉིས་ཏེ། །བདག་པོ་འཁྲིག་བཅས་རྣལ་འབྱོར་མའི། །ངེས་བརྗོད་རྒྱུད་ཀྱི་ལྷ་རུ་བཤད། །བསྡུས་ན་དཔའ་མོ་སུམ་བཅུ་བདུན། །ཐབས་གཅིག་དང་བཅས་ལུས་ལ་གནས། །ཞེས་གསུངས་ཏེ། དེ་ཡང་ཡེ་ཤེས་ཀྱི་ཆའི་ཞག་སྟོང་བརྒྱད་བཅུ་ལ་ཟླ་བའི་ཆ་བཅོ་ལྔས་ཕྱེ་བ་སྟེ་བགོས་པ་ལས་ཐོབ་པ་བདུན་བཅུ་རྩ་གཉིས་དང་། བདག་པོ་འཁྲིག་པ་སྟེ་ཡབ་དང་བཅས་པའི་རྣལ་འབྱོར་མའི་གྲངས་ནི་སྡོམ་པ་ཆེ་ཆུང་ལྷ་གྲངས་ཏེ་ངེས་བརྗོད་འབུམ་པའི་རྒྱུད་ཀྱི་ལྷ་གྲངས་སུ་བཤད་ལ། དེ་ལྟར་རྣལ་འབྱོར་མ་བདུན་བཅུ་རྩ་གཉིས་ལས་གཉིས་གཉིས་གཅིག་ཏུ་བསྡུས་པ་ན་དཔའ་མོ་སུམ་བཅུ་རྩ་བདུན་དང་ཐབས་དཔའ་བོ་གཅིག་དང་བཅས་པ་ནི་སྡོམ་པ་ཆུང་ངུའི་ལྷ་གྲངས་ཡིན་ལ། དེ་ལྟར་སྡོམ་པ་ཆེ་ཆུང་གཉིས་ཀ་ལ་ལྷ་དཔའ་བོ་གཅིག་ལས་མི་འོང་བའི་རྒྱུ་མཚན་ཅི་ཞེ་ན། བདེ་ཆེན་གྱི་དག་པས་ལྷ་དཔའ་བོ་དང་སྟོང་ཉིད་ཀྱི་དག་པས་ལྷ་མོར་བཞག་པ་ཡིན་པས་ན། བདེ་ཆེན་ནི་རིས་མེད་ཅིང་རྣམ་པ་མེད་པའི་ཕྱིར་གཅིག་ཏུ་ངེས་ལ། སྟོང་ཉིད་ནི་རྣམ་པ་ཅན་དང་བཅས་པ་ཡིན་པས་དབྱེ་བ་དུ་མར་འགྱུར་བ་ཡིན་ཏེ། དེ་དག་ཐམས་ཅད་ལུས་ལ་གནས་པའི་ཡེ་ཤེས་ཀྱི་རླུང་གི་དབང་ལས་བྱུང་བ་ཡིན་ནོ། །དེ་སྐད་དུ་ཡང་མཁའ་འགྲོ་མ་ཀུན་སྤྱོད་ལས། ཐོད་པའི་དུམ་སོགས་འཁོར་ལོ་གནས། །ཉི་ཤུ་རྩ་བཞི་གཉིས་མེད་པས། །སེམས་ཅན་འཁོར་བ་ལས་གྲོལ་ཕྱིར། །དཔའ་བོ་ཉིད་དུ་བརྗོད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་ནི། །ཟླ་ཕྱེད་གསུམ་གྱི་ཞག་དེ་དག །ཁྱད་པར་ཐབས་ཀྱི་རྒྱུད་ཡིན་པས། །དུས་སྦྱོར་རྒྱུ་བ་བཅུ་གཉིས་ཀྱིས། །དབྱེ་བས་ལྔ་བརྒྱ་བཞི་བཅུ་ཡིན། །དེ་ལ་སྒྱུ་འཕྲུལ་དྲ་བ་ནི། །རྣམ་གསུམ་ཞེ་དགུའི་དཀྱིལ་འཁོར་དང་། །ཞེ་ལྔ་ཞེ་གསུམ་ཟུང་རྣམས་སོ། །ཉི་བརྒྱ་བདུན་བཅུ་རྩ་བཞི་ཡིན། །ཞེས་གསུངས་ཏེ། དེ་ཡང་ཡེ་ཤེས་ཀྱི་ཆའི་ཟླ་བ་ཕྱེད་པ་གསུམ་གྱི་ཞག་བཞི་བཅུ་ཞེ་ལྔ་པོ་དེ་དག་ཀྱང་ཕ་རྒྱུད་ཀྱི་ལྷ་གྲངས་སུ་འཆར་ལ། ཁྱད་པར་སྒྱུ་འཕྲུལ་དྲ་བ་ནི་ཐབས་ཀྱི་རྒྱུད་ཡིན་པས་དེའི་ལྷ་གྲངས་སུ་ཇི་ལྟར་འཆར་བའི་ཚུལ་ནི་ཟླ་བ་ཕྱེད་པ་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་ལ་དུས་སྦྱོར་ལ་རྒྱུ་བ་བཅུ་གཉིས་ཀྱིས་དབྱེ་བ་སྟེ་བསྒྱུར་བ་ལས་ལྔ་བརྒྱ་བཞི་བཅུ་འབྱུང་བ་ཡིན་ལ། དེ་ལ་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་སྟེ། ཞེ་དགུ་མའི་དཀྱིལ་འཁོར་དང་ཞེ་ལྔ་མ་དང་ཞེ་གསུམ་མ་རྣམས་ཏེ་དེ་དག་ཟུང་ཡིན་པས་ན་ཕྱེ་བ་ལས་ཉི་བརྒྱ་བདུན་བཅུ་རྩ་བཞི་འབྱུང་བ་ཡིན་ནོ། །བཞི་པ་གསང་བ་འདུས་པའི་ལྷ་གྲངས་ནི། དཔལ་ལྡན་འདུས་པ་རྣམ་དྲུག་སྟེ། །དགུ་དང་བཅུ་གསུམ་བཅུ་དགུ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་སྟེ། །ཐབས་དང་ཤེས་རབ་དབྱེ་བ་ཡིས། །ཉི་བརྒྱ་དྲུག་བཅུ་རྩ་བཞིའོ། །ཐབས་ཤེས་དང་བཅས་གྲངས་རྣམས་སོ། །ཞེས་གསུངས་ཏེ། སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་ཀྱི་ལྷག་མ་ཉི་བརྒྱ་དྲུག་བཅུ་རྩ་དྲུག་རྣམས་ནི་དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་རྣམ་པ་དྲུག་ཏུ་འཆར་ཏེ། ལྷ་དགུའི་དཀྱིལ་འཁོར་དང་བཅུ་གསུམ་མ་དང་བཅུ་དགུ་མ་ཉེར་ལྔ་མ་སོ་གཉིས་མ་སོ་བཞི་མ་སྟེ། དེ་དག་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བ་ལས་ཉི་བརྒྱ་དྲུག་བཅུ་རྩ་བཞི་འབྱུང་བ་ནི་ཐབས་ཤེས་རབ་དང་བཅས་པའི་རྒྱུད་ཀྱི་ལྷ་གྲངས་རྣམས་སོ། །ལྷག་མ་གཉིས་ནི་ཐབས་དང་ཤེས་རབ་མཚོན་པའོ། །ལྔ་བ་རྒྱུད་གཞན་ལས་འབྱུང་བའི་ལྷ་གྲངས་ནི། ཐོད་པ་རྡོ་རྗེ་བདུད་རྩི་དང་། །དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི། །སྡོམ་པའི་ནང་དུ་འདུས་པར་གསུངས། །གཤིན་རྗེ་གཤེད་སོགས་གསང་བར་བསྡུ། །དག་དབང་དུས་ཀྱི་འཁོར་ལོ་སོགས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །རྣལ་འབྱོར་རྒྱུད་ཀུན་ཀྱང་འདུས་ཏེ། །བྱ་སྤྱོད་འདི་ཡི་ཡན་ལག་ཡིན། །ངེས་ནི་ཡེ་ཤེས་རླུང་བཤད་དོ། །ཞེས་གསུངས་ཏེ། དེ་ཡང་ཐོད་པ་ཉེར་ལྔ་མལ་སོགས་པ་དང་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་དགྱེས་པ་རྡོ་རྗེ་ལ་སོགས་པ་མ་རྒྱུད་ཀྱི་དཀྱིལ་འཁོར་དེ་རྣམས་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ནང་དུ་འདུས་པར་གསུངས་ཤིང་གཤིན་རྗེ་གཤེད་དང་རྟ་མགྲིན་ལ་སོགས་པ་ཕ་རྒྱུད་ཡིན་པས་གསང་བ་འདུས་པར་བསྡུ་ལ། ཆོས་དབྱིངས་དག་དབང་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་བསྡུའོ། །དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀུན་ཀྱང་ཕ་རྒྱུད་དང་མ་རྒྱུད་དུ་བསྡུས་ཏེ། བྱ་བ་དང་སྤྱོད་པའི་རྒྱུད་རྣམས་ཀྱང་ཕ་མའི་རྒྱུད་དེའི་ཡན་ལག་ཡིན་པས་དེ་དག་ཐམས་ཅད་ནི་ཡེ་ཤེས་ཀྱི་རླུང་ལས་བྱུང་བར་བཤད་དོ། །གཉིས་པ་རྩ་ཁམས་ལ་སྦྱར་བ་ལ། དུས་ཀྱི་འཁོར་ལོ་དང་སྦྱར་བ། འཁོར་ལོ་སྡོམ་པ་དང་སྦྱར་བ། གསང་བ་འདུས་པ་དང་སྦྱར་བ། དཀྱིལ་འཁོར་གཞན་དང་སྦྱར་བའོ། །དང་པོ་ནི། རྩ་ཡང་དེ་བཞིན་གསུངས་པ་ནི། །སྙིང་ག་སྲོག་ནི་དུས་འཁོར་ལོ། །རོ་རྐྱང་ཞབས་ཀྱི་རང་བཞིན་ཏེ། །སྙིང་གར་སངས་རྒྱས་ལྷ་མོ་བརྒྱད། །ཡེ་ཤེས་སྣ་ཚོགས་ཡུམ་དུ་བརྗོད། །བུམ་པ་བཤང་གཅི་ཤ་དང་རྐང་། །ཁུ་ཁྲག་ཡིན་ཏེ་གཙུག་ཏོར་ནི། །ནོར་བུ་གཎྜྻི་ཤིང་དང་དུང་། །ཕུང་པོ་ཁམས་རྣམས་སངས་རྒྱས་ཡུམ། །མིག་སོགས་དྲུག་དང་ཡུལ་རྣམས་ནི། །བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །རྐང་སོགས་ལས་དབང་ཁྲོ་བོ་བཅུ། །ལྟེ་བའི་རྩ་རྣམས་འཇིགས་མ་སོགས། །གསུང་གི་དཀྱིལ་འཁོར་རང་བཞིན་ཡིན། །ཚིགས་ཆེན་བཅུ་གཉིས་རྩའི་འཁོར་ལོ། །སྐུ་ཡི་དཀྱིལ་འཁོར་གནས་པ་ཡིན། །སོར་ཚིགས་ཀླུ་དང་གཏུམ་མོ་སྟེ། །བ་སྤུ་འབྱུང་པོའི་རང་བཞིན་ནོ། །འདོད་དང་མི་འདོད་རྟོག་པ་ཀུན། །མཆོད་པའི་ལྷ་མོ་དང་བཅས་པས། །རྩ་ཁམས་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་སྟོང་དང་བརྒྱད་བཅུའོ། །ཞེས་གསུངས་ཏེ། དེ་ཡང་ཇི་ལྟར་ཡེ་ཤེས་ཀྱི་རླུང་གི་རྣམ་པར་དབྱེ་བ་ལས་རྒྱུད་ཐམས་ཅད་ཀྱི་ལྷ་གྲངས་བཤད་པ་དེ་ལྟར་རྩ་ལ་ཡང་དེ་བཞིན་དུ་སྦྱར་བར་གསུངས་པ་ཡིན་ལ། ཐིག་ལེ་ལ་སྦྱར་བ་ནི་དཀར་ཆ་ཐམས་ཅད་རླུང་དང་དམར་ཆ་ཐམས་ཅད་རྩ་དང་ཆོས་མཐུན་པའི་ཕྱིར་རྩ་རླུང་གཉིས་ཀྱི་ཁོངས་སུ་འདུ་བས། དེས་ན་རྩ་ལ་སྦྱར་བ་ནི་སྙིང་གའི་ཨ་ཝ་དྷཱུ་ཏཱི་དང་། སྲོག་རླུང་ནི་དུས་ཀྱི་འཁོར་ལོའི་གཙོ་བོ་དང་རོ་རྐྱང་གཉིས་ཞབས་དཀར་དམར་གྱི་རང་བཞིན། འཁོར་ལོ་དྲུག་གི་དབུས་ཀྱི་མི་ཤིགས་པ་ནི་སངས་རྒྱས་དྲུག་དང་། སྙིང་གའི་རྩ་བརྒྱད་ནི་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། ཡེ་ཤེས་ཀྱི་རང་བཞིན་བདུད་བྲལ་མ་ནི་སྣ་ཚོགས་ཡུམ་དུ་བརྗོད་དོ། །བུམ་པ་བརྒྱད་ནི། བཤང་བ་གཅི་བ་ཤ་རྐང་ཁུ་བ་ཁྲག་རྣམས་འབབ་པའི་རྩ་རྣམས་ཡིན་ལ། ནོར་བུ་གཎྜྻི་དཔག་བསམ་གྱི་ཤིང་དང་དུང་རྣམས་ནི་གཙུག་ཏོར་གྱིས་རྩ་འདབ་བཞི། ཕུང་པོ་དྲུག་དང་ཁམས་རྣམས་ཀྱི་རྩ་རྣམས་སངས་རྒྱས་དྲུག་དང་དེའི་ཡུམ་ལྷ་མོ་དྲུག །མིག་སོགས་དབང་པོ་དྲུག་དང་གཟུགས་སོགས་ཡུལ་དྲུག་གི་རྩ་རྣམས་ནི་བྱང་ཆུབ་སེམས་དཔའ་དྲུག་ལྷ་མོ་དྲུག་དང་བཅས་པ་རྐང་པ་ལ་སོགས་པའི་ལས་དབང་དྲུག་དང་དེའི་བྱ་བ་དྲུག་གི་རྩ་རྣམས་ཁྲོ་བོ་ཁྲོ་མོ་བཅུ། ལྟེ་བའི་རྩ་བདུན་བཅུ་རྩ་གཉིས་རྣམས་འཇིགས་མ་ལ་སོགས་པའི་གསུང་གི་དཀྱིལ་འཁོར་གྱི་རྣལ་འབྱོར་མའི་རང་བཞིན་ཡིན། ཚིགས་ཆེན་བཅུ་གཉིས་ཀྱི་རྩའི་འཁོར་ལོ་སུམ་བརྒྱ་དྲུག་བཅུ་རྣམས་སྐུའི་དཀྱིལ་འཁོར་ལ་གནས་པའི་ཆོས་ཀྱི་ལྷ་སུམ་བརྒྱ་དྲུག་བཅུ་ཡིན། སོར་ཚིགས་ཀྱི་རྩ་རྣམས་ཀླུ་དང་རབ་གཏུམ། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་རང་བཞིན་དང་། འདོད་པའི་རྟོག་པ་སུམ་བཅུ་རྩ་དྲུག་དང་། མི་འདོད་པའི་རྟོག་པ་སུམ་བཅུ་རྩ་དྲུག་ཀུན་ཀྱང་རིམ་པ་བཞིན་དུ་གསུང་དང་སྐུའི་དཀྱིལ་འཁོར་གྱི་མཆོད་པའི་ལྷ་མོ་རྣམས་དང་བཅས་པ་ཡིན་ལ། དེ་དག་ཀྱང་རྩ་ཐམས་ཅད་ཤེས་རབ་དང་ཁམས་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བ་ལས་སྟོང་དང་བརྒྱད་བཅུའོ། །གཉིས་པ་འཁོར་ལོ་སྡོམ་པ་རྩ་དང་སྦྱར་བཞི། དཔལ་ལྡན་འཁོར་ལོ་སྡོམ་པ་ནི། །རྩ་གསུམ་བདུད་བྲལ་བཅས་པ་དང་། །སྙིང་གར་ཡུམ་བཞི་མཆོད་པ་བཞི། །རྩ་ཆེན་ཉེར་བཞི་རྣལ་འབྱོར་མ། །རབ་གཏུམ་སོགས་ཡིན་དེ་ནང་ཁམས། །ཐོད་པའི་དུམ་སོགས་དཔའ་བོར་གསུངས། །ཁྭ་གདོང་ལ་སོགས་ཁྲོ་བཅུར་མཚུངས། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །ལྷ་ནི་བདུན་བཅུ་གཉིས་རང་བཞིན། །འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ། །ལྷ་རུ་རྡོ་རྗེ་མཁའ་འགྲོར་གསུངས། །ཞེས་གསུངས་ཏེ། དཔལ་ལྡན་འཁོར་ལོ་སྡོམ་པ་ནི་རྩ་གསུམ་དང་སྦྱར་བ་ཡིན་པ་ལས་རྩ་དབུ་མ་དང་གཙོ་བོ་དང་རོ་རྐྱང་གཉིས་དེའི་ཞབས་བདུད་བྲལ་མ་ཕག་མོ་དང་བཅས་པ་དང་། སྙིང་གར་རྩ་བརྒྱད་ལས་ཕྱོགས་ཀྱི་རྩ་བཞི་ཡུམ་བཞི་དང་། མཚམས་ཀྱི་རྩ་མཆོད་པ་བཞི། རྩ་ཆེན་ཉེར་བཞི་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཉེར་བཞི་དང་། དེའི་ནང་གི་ཁམས་རྣམས་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞིར་གསུངས་ལ། ཁྭ་གདོང་མ་ལ་སོགས་པ་བརྒྱད་ནི་ཁྲོ་བོ་བཅུ་དང་མཚུངས་ཏེ། རྩའི་རྩ་བ་སྙིང་ག་དང་མཐའ་དབང་པོའི་སྒོ་ལ་ཐུག་པ་ཡིན་པས་ན་ཁྭ་གདོང་མ་ལ་སོགས་པ་སྟེ་སྡོམ་པ་ཆུང་ངུའི་ལྷ་གྲངས་སོ། །དེ་ཉིས་འགྱུར་གྱི་སྡོམ་པ་ཆེན་པོ་ནི་རྩ་ཆེན་ཉེར་བཞི་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་དབྱེ་བ་ལས་ལྷ་བདུན་བཅུ་རྩ་གཉིས་ཀྱི་རང་བཞིན་དང་། རྒྱས་པར་ན་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ་ལས་དཀྱིལ་འཁོར་ལྷ་ཚོགས་ཀྱང་དེ་དང་མཉམ་པར་བརྗོད་དང་རྡོ་རྗེ་མཁའ་འགྲོར་གསུངས་པ་ཡིན་ནོ། །གསུམ་པ་གསང་བ་འདུས་པ་རྩ་དང་སྦྱར་བ་ནི། དཔལ་ལྡན་འདུས་པ་བཤད་བྱ་བ། །ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཁམས་བཞི་རེག་བཅས་ལྷ་མོ་ལྔ། །མིག་གཉིས་ས་ཡི་སྙིང་པོ་སྟེ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། །ལྕེ་ལ་བཞུགས་པ་འཇིག་རྟེན་དབང་། །ཡིད་ནི་འཇམ་དཔལ་ཁམས་རྣམས་ལ། །སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། །ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། །རྩ་རྒྱུད་བྱམས་པ་ཉིད་ཡིན་ནོ། །ཡན་ལག་ཚིགས་དང་མཁའ་གསང་བ། །ཁྲོ་བོ་བཅུ་ཡི་རང་བཞིན་ཏེ། །ལྟེ་བར་ལས་ཀྱི་རིགས་སྐྱེས་པ། །མཁྱེན་དང་གཏུམ་སོགས་ལྷ་མོ་ནི། །དྲུག་བཅུ་རྩ་བཞི་གསུངས་པ་ཡིན། །རྡོ་རྗེ་དབྱིངས་སོགས་སྙིང་གར་དགུ། །རྡོ་རྗེའི་རིགས་སུ་གསུངས་པ་སྟེ། །པདྨའི་སྒྲོན་མ་སོགས་བཅུ་དྲུག །མགྲིན་པར་པདྨའི་རང་བཞིན་ལ། །སྤྱི་བོར་རབ་ཏུ་སང་ལ་སོགས། །འཁོར་ལོའི་རིགས་ལྡན་སུམ་བཅུ་གཉིས། །རྒྱས་པར་རྡོ་རྗེ་ཕྲེང་བར་གསུངས། །ཞེས་གསུངས་ཏེ། དེ་ནས་དཔལ་ལྡན་གསང་བ་འདུས་པ་རྩ་དང་སྦྱར་ནས་བཤད་པར་བྱ་བ་ལ་རྩའི་འཁོར་ལོ་ལྔ་དང་ཕུང་པོ་ལྔའི་རྩ་སངས་རྒྱས་ལྔ་དང་། ས་ལ་སོགས་པའི་ཁམས་བཞི་རེག་བྱ་དང་བཅས་པ་ལྷ་མོ་ལྔ། མིག་གཉིས་ཀྱི་རྩ་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་ལ་བཞུགས་པའི་རྩ་འཇིག་རྟེན་དབང་ཕྱུག །ཡིད་འཇམ་དཔལ། ཆོས་ཁམས་སྒྲིབ་པ་རྣམ་སེལ། ལུས་ཀུན་ཏུ་བཟང་པོ། རྩ་རྒྱུད་བྱམས་པ། ཡན་ལག་གི་ཚིགས་བརྒྱད་དང་མཁའ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཏེ་ལྷ་སུམ་བཅུ་རྩ་བཞིའི་དཀྱིལ་འཁོར་རོ། །རིགས་ཀྱི་དབང་དུ་ན་ལྟེ་བ་སའི་དཀྱིལ་འཁོར་ལ་ལས་ཀྱི་རིགས་ལས་སྐྱེས་པའི་མཁྱེན་མ་དང་གཏུམ་མོ་ལ་སོགས་པའི་ལྷ་མོ་དྲུག་བཅུ་རྩ་བཞི་གསུངས་པ་ཡིན་ལ། སྙིང་ག་རླུང་གི་དཀྱིལ་འཁོར་ལ་རྡོ་རྗེའི་རིགས་རྡོ་རྗེ་དབྱིངས་ལ་སོགས་པ་ལྷ་དགུ། མགྲིན་པར་མེའི་དཀྱིལ་འཁོར་ལ་པདྨའི་རང་བཞིན་གྱི་རིགས་ལས་སྐྱེས་པ་པདྨའི་སྒྲོན་མ་ལ་སོགས་པ་ལྷ་བཅུ་དྲུག །སྤྱི་བོ་ཆུའི་དཀྱིལ་འཁོར་ལ་རབ་ཏུ་སད་ལ་སོགས་པ་འཁོར་ལོའི་རིགས་ལྡན་ལྷ་སུམ་བཅུ་རྩ་གཉིས། དེ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ་ཐམས་ཅད་ཀྱང་རྩ་དང་ཁམས་ཀྱི་རང་བཞིན་ཡིན་ནོ། །འགྲེལ་བར་སྙིང་ག་ཆུ་ཁམས་དང་སྤྱི་བོ་རླུང་ཁམས་སུ་བཤད་པ་ན་ཡི་གེ་པས་ནོར་བར་བྱས་སམ་བརྟག་པར་བྱའོ། །བཞི་པ་དཀྱིལ་འཁོར་གཞན་རྩ་ལ་སྦྱར་བ་ནི། དེ་སོགས་དཀྱིལ་འཁོར་དུ་མ་རྣམས། །རྐྱང་པ་ཕྱོགས་རེ་ཆ་ལྡན་པ། །གསུངས་པ་ཐམས་ཅད་འདིར་འདུས་ཏེ། །དཔེར་ན་དགྱེས་རྡོར་ལྷ་དགུ་ནི། །སྙིང་གའི་འཁོར་ལོ་རྐྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། །ཞེས་གསུངས་ཏེ། དེ་ལ་སོགས་པའི་དཀྱིལ་འཁོར་དུ་མ་རྣམས་ལས་རྐྱང་པ་དང་ཕྱོགས་རེའི་ཆ་དང་ལྡན་པར་གསུངས་པ་ཐམས་ཅད་ཀྱང་འདིར་འདུས་ཏེ། རྐྱང་པའི་དབང་དུ་ནི་དཔེར་ན་དགྱེས་པ་རྡོ་རྗེ་ལྷ་དགུ་ནི་སྙིང་གའི་འཁོར་ལོ་རྐྱང་པ་ལ་བཞག་པ་ཡིན་ལ། དེ་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་ཐིག་ལེའི་དབང་གིས་བྱུང་བ་ཡིན་ཏེ། སྤྱི་བོར་སྐུའི་ལྷ་འཇམ་དཔལ་དང་གཤིན་རྗེ་གཤེད་ལ་སོགས་པ་དང་། མགྲིན་པར་གསུང་གི་ལྷ་འོད་དཔག་མེད་དང་རྟ་མགྲིན་ལ་སོགས་པ་དང་། སྙིང་གར་ཡང་དག་དང་དགྱེས་པ་རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་ལྷ་ཚོགས་དང་། ལྟེ་བར་རིན་འབྱུང་དང་བདུད་རྩི་ལ་སོགས་པ་ཡོན་ཏན་གྱི་ལྷ་ཚོགས་དང་། གསང་གནས་ས་ཕུར་པ་དང་དོན་ཡོད་གྲུབ་པ་ལ་སོགས་པ་འཕྲིན་ལས་ཀྱི་ལྷ་ཚོགས་དང་། ཡན་ལག་ལ་མ་མོ་དང་ཉིང་ལག་ལ་འཇིག་རྟེན་མཆོད་བསྟོད་དང་སྨོད་པ་དྲག་སྔགས་ཀྱི་ལྷ་རྣམས་གནས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་ཀྱི་སེམས་ལས་བྱུང་བར་རྒྱུད་དང་མན་ངག་རྣམས་ལས་མང་དུ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། མདོར་ན་རྩ་ནི་སྐུ་ཡིན་ཏེ། །རླུང་ནི་སྔགས་དང་ཡི་གེའོ། །ཐིག་ལེ་ཕྲ་མོའི་རྫོགས་རིམ་མོ། །དེ་བཞིན་སྦྱིན་བསྲེག་ལས་རྣམས་ཀུན། །ནང་གི་སྦྱང་གཞི་སྦྱོང་བྱེད་ཡིན། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ས་དང་ལམ་དང་གཟུངས། །ཏིང་འཛིན་རབ་འབྱམས་ལྷ་དང་སྔགས། །ལུས་སེམས་སྣང་བའི་དབྱེ་བ་ལ། །བརྟེན་ནས་ཐམས་ཅད་གཟིགས་པས་གསུངས། །ཞེས་གསུངས་ཏེ། མདོར་བསྡུ་ན་སྔར་བཤད་པའི་རྩ་ཐམས་ཅད་ནི་སྐུ་ཡིན་ཏེ། ལམ་དུ་བསྐྱེད་པའི་རིམ་པ་བསྒོམ་པའི་གཞི་ཡིན་ནོ། །རླུང་རྣམས་ནི་སྔགས་དང་ཡི་གེའི་རང་བཞིན་ཡིན་ཏེ། ལམ་དུ་སྔགས་བཟླས་པའི་གཞིའོ། །ཐིག་ལེ་ནི་ཕྲ་མོ་བདེ་བའི་རྣལ་འབྱོར་ཡིན་ཏེ། རྫོགས་པའི་རིམ་པ་བསྒོམ་པའི་གཞིའོ། །དེ་བཞིན་དུ་སྦྱིན་བསྲེག་ལ་སོགས་པའི་ལས་རྣམས་ཀུན་ཀྱང་ནང་གི་སྦྱང་གཞིའི་སྟེང་གི་དྲི་མ་རྣམས་སྦྱོང་བར་བྱེད་པའི་ཐབས་ཡིན་ཞིང་འདིར་ནི་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་རབ་འབྱམས་ལ་སོགས་པ་ཐུན་མོང་བ་རྣམས་ཀྱང་ལྷ་དང་སྔགས་སུ་འཆར་བ་ཡིན་ཏེ། ལུས་དང་སེམས་ཀྱི་སྣང་བའི་དབྱེ་བ་ལ་བརྟེན་ནས་བཅོམ་ལྡན་འདས་ཐམས་ཅད་གཟིགས་པས་གསུངས་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ལས། ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པའི་དུམ་བུ་སྟེ་དགུ་པའོ།། །།ད་ནི་དུམ་བུ་བཅུ་པ་དེ་དག་ལམ་ལ་ཇི་ལྟར་སྦྱར་བའི་རིམ་པ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་བཤད་པ། ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ། སྔར་ཇི་སྐད་བཤད་པའི་དུམ་བུ་དང་པོར་འཁོར་འདས་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་ནས་དུམ་བུ་གཉིས་པར་བྱེ་བྲག་ཏུ་མངལ་སྐྱེས་ཀྱི་ལུས་ཇི་ལྟར་འགྲུབ་པའི་རིམ་པ་དང་། དུམ་བུ་གསུམ་པ་དང་བཞི་པ་དང་ལྔ་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་འཕེལ་བའི་རིམ་པ་དང་། དུམ་བུ་དྲུག་པར་རྩ་རླུང་ཐིག་ལེ་ལ་བརྟེན་པའི་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་ཇི་ལྟར་འབྲེལ་བའི་རིམ་པ་དང་། དུམ་བུ་བདུན་པར་ཕྱི་རོལ་ལྟར་སྣང་བར་འཇིག་རྟེན་གྱི་ཁམས་ནི་ནང་རྡོ་རྗེའི་ལུས་ཀྱི་རྩ་ཁམས་ཀྱི་སྣང་བ་ལས་གྲུབ་པས་ཕྱི་ནང་གཅིག་ཏུ་སྦྱར་ཚུལ་ཤེས་པར་བྱས་ལ། དེ་དག་ཐམས་ཅད་ནི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་ལ། དུམ་བུ་བརྒྱད་པར་ཇི་སྐད་བཤད་པའི་ཕུང་ཁམས་སྐྱེ་མཆེད་དེ་དག་ལ་ཀུན་བརྟགས་ཀྱི་ལྷ་རྣམས་བསྒོམ་པའི་ཚུལ་དང་། དུམ་བུ་དགུ་པར་ལྷ་དེ་དག་ཀུན་རྫོབ་ཙམ་དུ་བསྟན་ནས་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེན་པ་གཉིས་གཉིས་སུ་མེད་པའི་གནས་ལུགས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་དང་། རྩ་རླུང་ཐིག་ལེ་རྣམ་པར་རྟོག་པ་དང་བཞི་ཡེ་ཤེས་སུ་དག་པའི་ཚུལ་ཆོས་ཐམས་ཅད་ལ་སྦྱར་ནས་བཤད་པ་ནི་རྩ་རླུང་ཐིག་ལེ་རྣམ་པར་རྟོག་པ་དང་བཞི་འཆིང་བའི་ཐབས་སུ་བརྗོད་པ་ཡིན་ནོ། །དེ་ལ་བརྟེན་པའི་ལམ་བགྲོད་པའི་ཚུལ་ཇི་ལྟར་ཞེ་ན། དེ་ཉིད་འཆད་པ་ལ་དུམ་བུ་བཅུ་པ་འདི་བྱུང་བ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། །དེ་ཕྱིར་འདི་དོན་གནད་འཆིང་བ། །ལམ་རིམ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་ཏེ། དེ་ཡང་སྔར་བཤད་པ་དེ་ལྟར་རྩ་རླུང་ཐིག་ལེ་གསུམ་པོ་ཡང་སེམས་ཀྱི་ཆ་ལས་སྣང་བ་དེའི་ཕྱིར། རྩ་རླུང་ཐིག་ལེ་འདི་དག་གི་དོན་གྱི་གནད་འཆིང་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཐམས་ཅད་ཀྱི་ངེས་དོན་ཀྱང་སྔགས་ཀྱི་ལམ་རིམ་འདི་ཉིད་ཡིན་པའི་ཕྱིར་དང་། མཐར་སངས་རྒྱ་བ་ལ་ལམ་འདི་ཉིད་ལ་བརྟེན་དགོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སྙིགས་མ་ལྔ་ཡི་དུས་འདི་རུ། །མི་འགྲུབ་སྙམ་དུ་ཁྱོད་སེམས་ན། །ཕྱག་རྒྱའི་དཀྱིལ་འཁོར་བཟླས་པ་ཡིས། །སངས་རྒྱས་གྲངས་མེད་ཉིད་གཞན་དུ། །བཀྲེས་དང་སྐོམ་པས་ཉམས་པ་ན། །བདེ་བར་འགྲུབ་པར་མི་འགྱུར་རོ། །འབད་དེ་འདོད་ཆགས་དམིགས་ན་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། །ཅི་འདོད་པར་ནི་ཡོངས་སུ་ཐོབ། །རིངས་ནས་ཐོས་དང་མི་གཉིས་ཀྱི། །རྣལ་འབྱོར་པ་ཡིས་མོད་ལས་མཐོང་། །ཞེས་དང་། དྲི་མེད་འོད་ལས་ཀྱང་། སྔོན་དུ་མཚམས་མེད་བྱེད་པ་དག་ཀྱང་སྐྱེ་བ་འདི་ཉིད་ལ་བདེ་བ་ཆེན་པོའི་འབྲས་བུ་སྟེར་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ཐུན་མོང་གི་ལམ་དང་ཐུན་མོང་མ་ཡིན་པའི་ལམ་གཉིས་ལས། དང་པོ་ལ། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་གསུམ་ལས། དང་པོ་ནི། གང་ཟག་བདག་མེད་ཞི་བ་ཙམ། །མྱུར་བ་སྲིད་པ་ལན་གསུམ་སྟེ། །རྒྱུན་ཞུགས་འགོར་ནའང་ལན་བདུན་ཡིན། །དེ་ནི་རང་དོན་ཞི་བ་ཙམ། །ཞེས་གསུངས་ཏེ། ཉན་ཐོས་ནི་འཕགས་པའི་བདེན་པ་བཞིས་ཕྱེ་བ་ཡིན་པས་ན། །སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྤངས་ཤིང་ལམ་གྱི་བདེན་པ་བྱང་ཕྱོགས་སོ་བདུན་ལ་བརྟེན་ནས་འགོག་པའི་བདེན་པ་མངོན་སུམ་དུ་བྱེད་པ་ནི་འཕགས་པ་ཉན་ཐོས་ཡིན་པས་དེའི་ལྟ་བའི་ཁྱད་པར་གང་ཟག་གི་བདག་མེད་རྟོགས་ཤིང་བསམ་པའི་ཁྱད་པར་རང་ཉིད་ཞི་བ་ཙམ་འདོད་པ་དེས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་བསྒོམས་པས་རང་གི་བྱང་ཆུབ་མངོན་དུ་བྱེད་ལ། སྲིད་པ་ལས་འདའ་བའི་མྱུར་བུལ་གྱི་ཁྱད་པར་ཡང་ཤིན་ཏུ་མྱུར་བ་ནི་ཚེ་གཅིག་ལ་རྒྱུན་ཞུགས་ནས་དགྲ་བཅོམ་གྱི་བར་མངོན་དུ་བྱེད་ཅིང་མྱུར་བ་ཙམ་པོས་ནི་ཚེ་གཅིག་ལ་རྒྱུན་ཞུགས། ཚེ་གཉིས་ལ་ཕྱིར་འོང་ཕྱིར་མི་འོང་གཉིས་དང་། ཚེའི་སྲིད་པ་ལན་གསུམ་པ་ལ་དགྲ་བཅོམ་པ་མངོན་དུ་བྱེད་པ་ཡིན་ནོ། །རྒྱུན་ཞུགས་ཇི་ལྟར་འགོར་ནའང་ལྷའི་སྐྱེ་བ་ལན་བདུན་དང་མིའི་སྐྱེ་བ་བདུན། དེ་གཉིས་ཀྱི་བར་སྲིད་བདུན་ཏེ། དེ་དག་བདུན་ཚན་དུ་ཆོས་མཚུངས་པའི་ཕྱིར་སྲིད་པ་ལན་བདུན་པ་ཞེས་བྱ་ཞིང་དེ་ལ་དགྲ་བཅོམ་ཐོབ་པ་ཡིན་ནོ། །དེའི་འབྲས་བུ་ནི་རང་ཞི་བ་ཙམ་ཐོབ་པ་ཡིན་ལ། འདི་ལ་ཡང་ལྷག་བཅས་དང་ལྷག་མེད་གཉིས་ཡོད་པ་ཡིན་ནོ། །གཉིས་པ་རང་སངས་རྒྱས་ཀྱི་ལམ་ནི། །རང་རྒྱལ་བསྐལ་པ་ཉི་ཤུ་ནས། །བསེ་རུ་བསྐལ་པ་བརྒྱ་ཡིས་འགྲུབ། །ཅེས་གསུངས་ཏེ། དེ་ཡང་རང་རྒྱལ་ནི་རང་བཞིན་གྱིས་དབང་པོ་འབྲིང་བོ་ཡིན་ཞིང་ང་རྒྱལ་ཆེ་བ་ཡིན་ལ། དེའི་ལྟ་བའི་ཁྱད་པར་ནི་གང་ཟག་གི་བདག་མེད་དང་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར་ན་བདག་མེད་ཕྱེད་དང་གཉིས་རྟོགས་ཤིང་བསམ་པ་ནི་ང་རྒྱལ་ཆེ་བའི་ཕྱིར་སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་པར་འདོད་པ་ཡིན་ནོ། །དེས་ཀྱང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་ཚོགས་ན་སྤྱོད་པ་ཆེ་བས་བསྐལ་པ་ཉི་ཤུ་དང་། ཆུང་བས་བསྐལ་པ་ལྔ་བཅུ་དང་། བསེ་རུ་ལྟ་བུས་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་མངོན་དུ་འགྲུབ་བོ། །དེ་ཡང་རང་ལམ་ལ་ལྟོས་ནས་སྔ་མ་གཉིས་དབང་བོ་རྣོ་བ་ཡིན་ནོ། །འགྲེལ་བར་ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ་དང་། ཆུང་བ་བསྐལ་པ་ཉི་ཤུ་ཞེས་བྲིས་པ་ནི་ཡི་གེ་པས་ནོར་བ་ཡིན་ནམ་བརྟག་པར་བྱའོ། །དོན་འདི་ནི་མངོན་པར་རྟོགས་པའི་རྒྱན་ལས་གསུངས་ཏེ། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །བརྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང་ཆོས་མངོན་པ་མཛོད་ལས་ཀྱང་། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་གསུངས་སོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པའི་ལམ་ནི། སེམས་ཅན་ཐམས་ཅད་ཕན་བྱེད་པ། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཞེས་གསུངས་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་བསམ་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་ལྡན་ཞིང་ལྟ་བ་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་བདག་མེད་གཉིས་རྟོགས་པའི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་ལམ་ཐམས་ཅད་ལ་མཁས་པར་བྱེད་པ་དང་། དེ་དག་ཉམས་སུ་ལེན་པ་ལ་སྐྱོ་དུབ་མེད་པའི་ཚུལ་གྱིས་བསྐལ་པ་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སྦྱོར་ལམ་ཆོས་མཆོག་ཆེན་པོའི་མཐར་ས་དང་པོ་མཐོང་བའི་ལམ་མངོན་སུམ་དུ་བྱས་ནས། ཆོས་ཉིད་མངོན་སུམ་དུ་རྟོགས་པ་དོན་དམ་པའི་སེམས་བསྐྱེད་པ་ལ་ཞུགས་ཏེ། སེམས་ཅན་གྱི་དོན་ལ་འཁོར་བ་ཇི་སྲིད་དུ་འཇུག་པའི་སྙིང་རྗེ་ཆེན་པོ་དང་ལྷན་ཅིག་ཏུ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་ཐོབ་པར་བྱ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་བསྐལ་པ་གྲངས་མེད་པར་མི་སྐྱོ་བའི་སྤྱོད་པས་ས་བདུན་པ་ཐོབ་ཅིང་དེའི་འོག་ཏུ་མི་བརྗེད་པའི་གཟུངས་དང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་སོ་སོར་ཡང་དག་པར་རིག་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་པས་སེམས་ཅན་སྨིན་པར་བྱེད་པ་བྱང་ཆུབ་སྙིང་པོའི་རྒྱུ་ཡང་བསྐལ་པ་གྲངས་མེད་པར་སྦྱོང་བར་བྱེད་དོ་ཞེས་མདོ་ལས་གསུངས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལྟ་བུ་ལ་བརྟེན་ནས་སངས་རྒྱས་ཀྱི་རྣམ་པར་རོལ་བ་ནི་བསྐལ་པ་གྲངས་མེད་གསུམ་གྱིས་ཐོབ་པར་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་བསྟན་ཏོ། །དེ་ཡང་འདུལ་བ་ལུང་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པའོ། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་སངས་རྒྱས་ཐོབ་པ་ལ་བསྐལ་པ་གྲངས་མེད་གསུམ་ཐོགས་པར་གསུངས་པ་ནི་སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་བཞུགས་པར་ཟད་ཀྱི། རང་དོན་ཆོས་སྐུ་བསྒྲུབ་པ་ལ་དེ་ལྟར་ཐོགས་པ་མ་ཡིན་ཏེ། ཇི་སྐད་དུ། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་ལ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་གསུངས་སོ། །དེ་ལྟར་ན་ཐེག་པ་གསུམ་གྱི་ལམ་སོ་སོ་ལ་ཡང་ཉན་ཐོས་ཀྱི་ཚོགས་ལམ་སྦྱོར་ལམ་མཐོང་བའི་ལམ་བསྒོམ་པའི་ལམ་མི་སློབ་པའི་ལམ་དང་ལྔ། དེ་བཞིན་དུ་རང་རྒྱལ་ལ་ལྔ། །ཐེག་ཆེན་ལ་ལྔ་སྟེ། ལམ་ལྔ་གསུམ་བཅོ་ལྔ་ཞེས་གྲགས་ལ། དེ་དག་སོ་སོའི་ངོ་བོ། དབྱེ་བ་ས་མཚམས་དང་བཅས་པ་རྒྱས་པར་ནི་ཕ་རོལ་ཏུ་ཕྱིན་པའི་བཀའ་དང་བསྟན་བཅོས་རྣམས་ལ་ལེགས་པར་བསླབས་ནས་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་བཤད་པ་ལ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། ལམ་དངོས་བཤད་པའོ། །དང་པོ་ནི། འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལས། །བྱ་སྤྱོད་ཚུལ་གྱི་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་བཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །བླ་ན་མེད་པའི་ཚེ་གཅིག་གིས། །བརྩོན་ལྡན་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་ལམ་གྱི་དངོས་གཞི་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ཉིད་དང་མཚུངས་ལ། དེ་ཡང་ཐེག་པ་འོག་མ་རྣམས་དང་སྔགས་ཀྱི་ཐེག་པ་གཉིས་ངེས་དོན་ལ་ལྟོས་ནས་མཐར་ཐུག་གི་བགྲོད་པ་ནི་གཅིག་ཡིན་ཀྱང་། སྔགས་ཀྱི་ཐེག་པ་འདིར་ནི་ཐབས་མཁས་པའི་མཐུ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པ་མྱུར་བར་གསུངས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མེད་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཐབས་མང་བ་ལ་སོགས་པས་ཁྱད་པར་དུ་བྱས་པ་ཡིན་ལ། དེ་དག་ཀྱང་ལམ་བདེ་སྐྱོབ་དང་མྱུར་སྐྱོབ་གཉིས་ཀྱི་ཁྱད་པར་དུ་བྱས་པ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་དེ་ལས་བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ལྷ་དང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱིས་རང་གཞན་གྱི་དོན་བསྒྲུབ་པའི་ཚུལ་གྱི་ཐབས་མཁས་ཀྱིས་ཟིན་པ་ཙམ་དང་ལྡན་པས་ཀྱང་མི་ཚེ་དྲུག་བཅུས་བྱང་ཆུབ་ཐོབ་སྟེ། དེ་ཉིད་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་པས་ན་མི་ཚེ་རེ་དང་ལོ་བརྒྱ་དོན་གཅིག་པས་ན་ལོའི་དབང་དུ་བྱས་ན་ལོ་དྲུག་སྟོང་ཡིན་ནོ། །རྣལ་འབྱོར་རྒྱུད་ཀྱི་སྔགས་དང་ཕྱག་རྒྱ་དང་ལྡན་པས་ནི་མི་ཚེ་བཅུ་དྲུག་ཡིན་པ་དང་། བླ་ན་མེད་པའི་ལམ་གྱིས་ནི་བྱང་ཆུབ་ཚེ་གཅིག་གིས་འགྲུབ་སྟེ། བརྩོན་འགྲུས་དང་ལྡན་པས་བསྒྲུབས་ན་ལོ་གསུམ་ཕྱོགས་གསུམ་གྱིས་ངེས་པར་འགྲུབ་པ་ཡིན་ནོ། །འདི་ནི་སྔགས་ཀྱི་ཆེ་བ་བརྗོད་པ་ཙམ་མ་ཡིན་གྱིས་ངེས་པ་ཁོ་ནའོ། །སྔགས་ལ་ཞུགས་པའི་སྐྱེ་བོ་འགའ་ཞིག་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ལམ་མི་མཐུན་ནོ་སྙམ་པ་དེ་ནི་ལོག་པར་རྟོག་པའི་གདོན་གྱིས་ཟིན་པ་སྟེ། དྲི་མ་མེད་པའི་འོད་ལས། གཞི་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་པར་འདིར་སངས་རྒྱས་སུ་མི་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་མེད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གང་དག་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པའི་ཡོན་ཏན་དེ་དག་ཐོབ་པ་མེད་ཀྱང་སྔགས་ལ་བརྟེན་ནས་སེམས་རྣམ་པར་གྲོལ་བའི་ཞི་བ་ཐོབ་སྟེ་རང་ལ་ཡོན་ཏན་དེ་དག་མེད་ཀྱང་གཞན་ལ་སྣང་བར་འགྱུར་རོ་ཞེས་ཟེར་བ་ཡང་ཕྱིན་ཅི་ལོག་ཏུ་སྨྲ་བ་ཡིན་ཏེ། དེ་ནི་བདག་ཉིད་ལ་བཟའ་བ་མེད་པར་བདག་གིས་གཞན་དག་ལ་བཟའ་བ་དཔག་ཏུ་མེད་པའི་ཆར་དབབ་པར་བྱའོ་ཞེས་སྨྲ་བ་དང་མཚུངས་པའི་ཕྱིར་རོ། །གཉིས་པ་ལམ་དངོས་བཤད་པ་ལ་ཚོགས་ལམ་སྦྱོར་ལམ་མཐོང་ལམ་བསྒོམ་ལམ་མཐར་ཐུག་གི་ལམ་དང་ལྔ་ལས། དང་པོ་ནི། དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་བསྒྲུབ་ཚོགས་ལམ་སྟེ། །ཞེས་གསུངས་ཏེ། དེ་ཡང་དང་པོར་མཚན་ཉིད་དང་ལྡན་པའི་བླ་མ་ལས་ཆོ་ག་ཕྱིན་ཅི་མ་ལོག་པའི་སྒོ་ནས་དབང་བསྐུར་བ་ཐོབ་ཅིང་དབང་དོན་ངོ་འཕྲོད་པ་ལས། རིག་པ་འཛིན་པའི་དམ་ཚིག་དང་བསྡོམ་པར་ལྡན་པའི་རྣལ་འབྱོར་པས་ཀུན་བརྟགས་ཀྱི་བསྐྱེད་རིམ་དང་ཡོངས་སུ་གྲུབ་པའི་རྫོགས་རིམ་ལ་ཡིད་ཆེས་གསུམ་གྱི་སྒོ་ནས་ལེགས་པར་ཤེས་པར་བྱ་སྟེ། དེ་ཡང་རྒྱུད་ལ་ཡིད་ཆེས་པ་ལུང་ཚད་མ་དང་། སློབ་དཔོན་ལ་ཡིད་ཆེས་བ་རྗེས་དཔག་ཚད་མ་དང་། རང་ཉིད་ཀྱི་མྱོང་བ་ལ་སོགས་པ་ལ་ཡིད་ཆེས་པ་མངོན་སུམ་ཚད་མ་སྟེ་ཚད་མ་གསུམ་གྱི་སྒོ་ནས་ལེགས་པར་ཤེས་ཤིང་། ཉེར་ལེན་གྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དང་ལྷན་ཅིག་བྱེད་པའི་རྐྱེན་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ནས་བླ་མ་ལ་མོས་གུས་ཕུན་སུམ་ཚོགས་པ་དང་ལྡན་པས་ཐུན་བཞི་ལ་སོགས་པ་ཐུན་དུ་བཅད་པའི་བསྙེན་པ་དང་། དབེན་པའི་གནས་སུ་རྟག་སྦྱོར་གྱི་བརྩོན་འགྲུས་བར་མ་ཆད་པ་ནི་བསྒྲུབ་པ་ཡན་པས་དེ་དག་དང་ལྡན་པའི་རྣལ་འབྱོར་བ་ནི་ངེས་པར་ཚོགས་ལམ་པ་ཆེན་པོ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། རྡོ་རྗེ་ཆོས་འབྱུང་གི་ཁང་པར་ཞུགས་ཤིང་བདུད་རྣམས་འཇུག་པའི་སྒོར་བྱམས་པའི་སྒོ་གླེགས་བཅུག་ནས། དེར་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བསྒྲུབ་པར་བྱེད་ན་ངེས་པར་སྔོན་དུ་མཚམས་མེད་པ་བྱས་པ་ཡང་སྐྱེ་བ་འདི་ཉིད་ལས་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་གྱིས། གཞན་དུ་སྔགས་ཀྱི་ཐེག་པར་ཞུགས་ཤིང་ལས་ངན་པ་བྱེད་པས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཀུན་ཏུ་སྤྱོད་པའི་རྒྱུད་ལས་ཀྱང་། །དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སྔོན་བསྐལ་པ་དཔག་ཏུ་མེད་པར་སྦྱངས་པར་གསུངས་ཤིང་། འདི་ལ་མདོ་ལས་གསུངས་པའི་ཚོགས་ལམ་ཆེན་པོའི་མཚན་ཉིད་ཀྱང་ཚང་བར་ཡོད་དེ། མདོ་སྡེ་རྒྱན་ལས། བསྐལ་པ་དཔག་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱི་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པ། །རྒྱལ་སྲས་གཟོད་ནས་དག་པའོ། །ལེགས་པར་ཤེས་ཤིང་སེམས་དག་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་ནོད་པར་འགྱུར། །ཞེས་གསུངས་པའི་དོན་རྣམས་འདི་ལ་ཚང་བར་ཡོད་དེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་དང་། འབྲིང་བོར་ཡང་དག་སྤོང་བ་བཞི་དང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བསྒོམ་པར་གསུངས་པ་ནི་འདི་ཉིད་དུ་ལྷའི་རྣམ་པར་བསྒོམ་པ་ལ་ཡོད་ཅིང་། མཚན་ཉིད་དང་ལྡན་པའི་བླ་མ་ལ་ནི་རང་ལ་སྣང་བའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་དེ་ལས་ཞི་ལྷག་གི་གདམས་ངག་ཕྱིན་ཅི་མ་ལོག་པར་ནོད་པ་ནི་སངས་རྒྱས་རྣམས་ལས་གདམས་ངག་ནོད་པའི་དོན་དུ་འགྱུར་བ་ཡིན་པའི་ཕྱིར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་བསྒྲུབ་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །དེ་ལས་འཕྲོས་ནས་ཚོགས་ལམ་ཆུང་ངུའི་མངོན་རྟོགས་དྲན་པ་ཉེར་བཞག་བཞི་ལྟ་བུ་ལ་མཚོན་ན་སྤྱིར་གསང་སྔགས་པ་རྣམས་ལ་གཞི་སྤོང་བའི་ལམ། གཞི་བསྒྱུར་བའི་ལམ། གཞི་དངོས་པོ་ལམ་དུ་བྱེད་པ་ཞེས་པ་ཡོད་པའི་གཞི་སྤོང་བའི་ལམ་ནི། ལུས་གཙང་བར་འཛིན་པའི་གཉེན་པོར་ལུས་རང་གི་མཚན་ཉིད་མི་གཙང་བར་བསྒོམ་པ་དང་། ཚོར་བ་བདེ་བར་འཛིན་པའི་གཉེན་པོར་ཚོར་བ་རང་གི་མཚན་ཉིད་སྡུག་བསྔལ་དུ་བསྒོམ་པ་དང་། སེམས་རྟག་པར་འཛིན་པའི་གཉེན་པོར་སེམས་རང་གི་མཚན་ཉིད་མི་རྟག་པར་བསྒོམ་པ་དང་། ཆོས་ལ་བདག་ཏུ་འཛིན་པའི་གཉེན་པོར་ཆོས་རང་གི་མཚན་ཉིད་བདག་མེད་པར་བསྒོམ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མན་ཆད་དུ་གྲགས་པའི་དྲན་པ་ཉེར་བཞག་བཞིའི་བསྒོམ་ཚུལ་ཡིན་པས་ན་འཛིན་སྟངས་འགལ་བའི་གཉེན་པོ་ཡིན་ལ། གཞི་བསྒྱུར་བའི་ལམ་ནི། བདེ་མཆོག་ལྟ་བུ་ལ་མཚོན་ན་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞི་བོ་བསྒོམ་པ་དྲན་པ་ཉེར་བཞག་བཞི་ཡིན་ཏེ། དེའི་རྒྱུ་མཚན་ཡང་གཞི་སྤོང་བའི་ལམ་དེ་སྟེགས་སམ་རིང་རྒྱུར་བྱས་ནས་ལུས་མི་གཙང་བ་ལ་གཙང་བར་བློ་འབྱུང་བའི་རྒྱུ་དེ་གང་ཡིན་བརྟགས་པ་ལས། དེའི་རྒྱུ་སེམས་ཡིན་ཀྱང་བྱེད་པ་པོ་རླུང་དང་ཐིག་ལེ་ཡིན་པས་ན་མཁའ་འགྲོ་མའི་ས་བོན་ལཾ་ཡིག་གི་གདངས་ལ་སེམས་གཟུང་བས་རླུང་དེ་འཆིང་ཞིང་། དེ་ནས་ཡི་གེའི་གཟུགས་ཁ་དོག་ལ་སོགས་པ་བསྒོམས་པས་ཐིག་ལེ་འཆིང་བ་ཡིན་ལ། དེ་ལས་གཟུགས་སུ་བསྒོམ་པ་ཡང་རླུང་འཆིང་བ་ཡིན་པས། དེས་ནི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་འཛིན་སྟངས་ཀྱི་གཉེན་པོར་འགྱུར་ལ། དེའི་སྒྲོ་འདོགས་དེ་གང་ཡིན་ན། ཐ་མལ་གྱི་སྣང་ཞེན་ཡིན་པས་དེའི་གཉེན་པོར་ལྷ་ཞལ་ཕྱག་གི་རྣམ་པར་བསྒོམ་པ་ཡིན་ནོ། །བསྒྱུར་བའི་ལམ་འདིར་འཛིན་སྟངས་འགལ་བའི་གཉེན་པོ་ཡོད་པར་མ་ངེས་ཏེ། འདིར་ནི་ཞེ་སྡང་གི་གཉེན་པོ་ལྷ་ཡང་ཞེ་སྡང་གི་རྣམ་པ་ཅན་དུ་བསྒོམས་ནས་ཞེ་སྡང་དེའི་སྟེང་དུ་བསྣན་ཏེ་བསྒོམ་པ་ཡིན་ནོ། །འོ་ན་སྤོང་བའི་ལམ་དུ་འཛིན་སྟངས་འགལ་བའི་གཉེན་པོ་བསྒོམ་ཞིང་འདིར་ཞེ་སྡང་གི་སྟེང་དུ་བསྣན་ནས་བསྒོམ་པ་གཉེན་པོར་འགྱུར་བ་ཡིན་ན། འདི་གཉིས་འགལ་བ་ཡིན་ནོ་ཞེ་ན། དུས་ཀྱི་འཁོར་ལོའི་ངེས་པས་ལུས་ཀྱི་སྒོ་ནས་འཛིན་སྟངས་འགལ་བ་ཡིན་ཀྱང་། བསམ་པའི་སྒོ་ནས་རང་ངོ་ཤེས་པའི་གཉེན་པོར་འགྱུར་ཏེ། དཔེར་ན་ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པའི་ཚེ་ཞེ་སྡང་ནི་དམར་ཆས་བསྐྱེད་པས་ལུས་ཀྱི་སྒོ་ནས་མེ་ཡིན་ཀྱང་བྱམས་པ་དཀར་ཆས་བསྐྱེད་པས་ཆུ་ཡིན་ལ། དེ་གཉིས་འཇིག་རྟེན་ཀུན་རྫོབ་ཏུ་དགྲ་ཡིན་པས་འཛིན་སྟངས་འགལ་བའི་གཉེན་པོར་འགྱུར་བ་ཡིན་ཀྱང་། བསམ་པའི་སྒོ་ནས་ཞེ་སྡང་ཀྱང་ཆུ་ཡིན་པས་བྱམས་པ་ཉིད་རང་ངོ་ཤེས་པའི་གཉེན་པོར་འགྱུར་བ་ཡིན་ལ། དེ་དང་ཞེ་སྡང་གི་སྟེང་དུ་བསྣན་ནས་བསྒོམ་པ་གཉིས་མི་འགལ་བ་ཡིན་ཞིང་། དེས་ན་འཛིན་སྟངས་འགལ་བའི་གཉེན་པོས་ནི་ཉོན་མོངས་པའི་ཀུན་བརྟགས་ཀྱི་ཆ་སྤོང་བར་ནུས་ལ། བསྒྱུར་ལམ་འདིས་ནི་ལྷན་སྐྱེས་ཀྱི་ཆ་དེ་སྤོང་ནུས་པ་ཡིན་པས་བསྒྱུར་ལམ་འདི་ཉིད་བདེ་སྐྱོབ་དང་མྱུར་སྐྱོབ་གཉིས་ཀྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ནོ། །དེ་ཡང་འདི་ཉིད་མྱུར་བ་ཡིན་ཏེ་རྣམ་པར་རྟོག་པས་ལྷའི་རྣམ་པར་བསྒོམ་པའི་ཕྱིར་དང་ལམ་ཡིན་ཏེ་རྣམ་པར་རྟོག་པས་བཏགས་པ་དེ་ཡང་དངོས་པོ་དང་མཐུན་པར་བཏགས་པ་ཡིན་པའི་ཕྱིར་རོ། །འདིས་ཚོར་བ་དྲན་པ་ཉེ་བར་བཞག་པ་སོགས་གསུམ་ལ་ཡང་མཚོན་ཏེ་ཤེས་པར་བྱ་བ་ཡིན་ནོ། །གཞི་དངོས་པོ་ལམ་དུ་བྱེད་པ་ནི་རྫོགས་པའི་རིམ་པ་ཡིན་ཏེ་རགས་པ་དང་ཕྲ་བའི་ལུས་ཀྱི་བྱེད་པ་བཅིངས་པ་ལས་ཤིན་ཏུ་ཕྲ་བའི་ལུས་སྟོང་གཟུགས་མངོན་དུ་འགྱུར་བ་ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་བདེ་བ་དེ་ཉིད་བདེ་ཆེན་དུ་ཤར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཟུང་འཇུག་སྔོན་དུ་གྱུར་པ་ནི་ཆོས་དྲན་པ་ཉེ་བར་བཞག་པ་ཡིན་ལ། དེ་བཞིན་དུ་ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་ལམ་གསུམ་པོ་དེ་ཡོད་པས་སོ་སོར་སྦྱར་ནས་ཤེས་པར་བྱའོ། །ཞེས་རྒྱལ་བའི་དབང་པོའི་གསུང་ཁོ་ན་ལས་ཁོ་བོ་ཅག་གིས་རྙེད་པས་འདིར་གསལ་བར་བྲིས་པ་ཡིན་ནོ། །འདིར་སྨྲས་པ། སྔོན་བསགས་བསོད་ནམས་བྱེ་བས་བསྒྲུབས་པའི་མཐུས། །དགེ་བའི་བཤེས་གཉེན་སངས་རྒྱས་དངོས་དང་མཇལ། །དེ་གསུངས་ཡན་ལག་དྲུག་བཅུའི་ཆུ་གཏེར་ལས། །ལེགས་བཤད་ཡིད་བཞིན་ནོར་བུ་འདི་བྱོན་ནོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སྦྱོར་བའི་ལམ་བཤད་པ་ནི། རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་གནས་དྲོད་ཐབས་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །དེ་ཚེ་བརཏལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་གསུངས་ཏེ། དེ་ཡང་རྫོགས་པའི་རིམ་པ་ལ་འཇུག་པའི་ས་མཚམས་ནི་བླ་ན་མེད་པའི་རྒྱུད་སྡེའི་ངེས་པས་རྩ་རླུང་ཐིག་ལེ་གསུམ་གྱི་གནད་འཆིང་ཚུལ་ཤེས་ནས་རྫོགས་པའི་རིམ་པའི་ཉམས་རྒྱུན་ཆད་མེད་པར་སྐྱོང་བ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ལ། དེ་ལ་གནས་ནས་དྲོད་ཐོབ་པ་ཡིན་ཅིང་དེ་ནས་སྦྱོར་ལམ་ཉིད་ལ་གནས་པ་ཡིན་ནོ། །དྲོད་ཐོབ་པའི་རྟགས་ཀྱང་དུ་བ་ལ་སོགས་པ་མཚན་མའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཐོབ་པའོ། །དེར་སྤང་བྱ་ཇི་ལྟར་སྤོང་ཞེ་ན། ཀྱཻ་རྡོ་རྗེ་ལས། འཇིགས་ཁྲོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གྱིས་ནི་འཚེ་བ་དང་། །ཞེས་གསུངས་པ་ལྟར། འཇིགས་པ་དང་ཁྲོ་བ་དང་མྱ་ངན་ལ་སོགས་པས་མི་གནོད་པར་དེ་དག་ཕར་ལ་ཟིལ་གྱིས་གནོན་པར་ནུས་པ་འབྲིང་པོ་དང་། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་གསུངས་པ་ལྟར། ཏིང་ངེ་འཛིན་གྱི་འབྲས་བུ་མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཐོབ་པ་དྲོད་ཆེན་པོ་ཡིན་ཏེ། དེ་དག་ནི་ཐུན་མོང་བའི་སྦྱོར་ལམ་དང་པོ་གསུམ་དང་གཅིག་གོ །དེའི་ཚེ་སྦྱོར་ལམ་གྱི་བོགས་དབྱུང་བ་ལ་སྤྲོས་བཅས་དང་སྤྲོས་མེད་ཀྱི་བརཏལ་ཞུགས་གཉིས་ཡོད་པ་ལས་སྤྲོས་བཅས་ཀྱི་སྤྱོད་པ་ནི་རྐྱེན་སྣ་ཚོགས་དང་བསྲེས་ནས་བསྒོམ་པ་ཡིན་ལ། སྤྲོས་མེད་ནང་གི་སྤྱོད་པ་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་དོར་ནས་ཕྱག་རྒྱ་ཆེན་མོ་དང་སྦྱར་ནས་བརྩོན་འགྲུས་བར་མ་ཆད་དུ་བསྒོམ་པ་ཡིས་སྦྱོར་ལམ་བགྲོད་ནས་མཐོང་བའི་ལམ་ལ་སྦྱོར་བ་ཡིན་ནོ། །དེ་སྐད་དུ་རྒྱུད་ལས། ཅུང་ཟད་དྲོད་ནི་ཐོབ་པ་ལ། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །འདིས་ནི་འགྲུབ་འགྱུར་འདོད་ཡོད་ན། །དེས་ནི་སྤྱོད་པ་སྤྱད་པ་ཉིད། །བརཏལ་ཞུགས་སྤྱོད་པར་འདོད་པས་བྱ། །མི་འདོད་ནང་གི་སྤྱོད་པས་འགྲུབ། །ཅེས་གསུངས་ལ། དྲི་མེད་འོད་ལས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་དང་། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་གསུངས་པ་ལྟར། འདི་ཉིད་བསྒྲུབ་པའི་རིམ་པ་ནི་དབང་ཡུལ་གྱི་འབྲེལ་བ་གཅོད་པ་སོ་སོར་སྡུད་པ་དང་། ཡིད་དང་ཆོས་ཀྱི་འབྲེལ་བ་གཅོད་པ་བསམ་གཏན་གྱི་ཡན་ལག་བཞི་དང་ལྡན་པའི་ལམ་ཡིན་ཏེ། དེ་ཡང་ཕ་རྒྱུད་ལྟར་ན་སེམས་རྩེ་གཅིག་པ་བསམ་གཏན་གྱི་དངོས་གཞིར་བྱས་ནས་རྟོག་པ་སོགས་བཞི་ལ་ཡན་ལག་བཞིར་བྱས་པ་དང་། དུས་ཀྱི་འཁོར་ལོའི་ཚུལ་ལ། གཡོ་མེད་བདེ་བ་ལ་བསམ་གཏན་གྱི་དངོས་གཞིར་བྱས་ནས་ཤེས་རབ་སོགས་བཞི་ལ་ཡན་ལག་བཞིར་བྱས་པ་ཡིན་ལ། འདིས་ནི་གཙོ་བོར་རྩའི་བྱེད་པ་འཆིང་བའི་ཕྱིར་རྩ་སྦྱང་བའི་རྣལ་འབྱོར་ཞེས་བཤད་པ་ཡིན་ནོ། །དེ་ཡང་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་འབྲས་བུ་ནི་མངོན་པར་ཤེས་པ་ལྔ་ཐོབ་པར་གསུངས་པ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བ་དག་པས་སོ། །ཞེས་གསུངས་ལ། རྩ་རྒྱུད་ལས་ཀྱང་། སོ་སོར་སྡུད་པ་སྙོམས་ཞུགས་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབས། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱཻ། །ཞེས་གསུངས་སོ། །དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང་། །བསམ་གཏན་ལྔ་ཐོབ་མངོན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་དང་། ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་ཡོངས་སུ་མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པ་བྱ་བའི་ཕྱིར། །བློ་དང་ལྡན་པས་རྣམ་ཀུན་ཏུ། །ཀུན་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་བརྗོད་པ་མ་རྟོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །ཞེས་དང་། དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བའང་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པས། མདོ་རྒྱུད་རྣམས་ཀྱི་སྒོ་ནས་ཉམས་སུ་ལེན་ཚུལ་མ་གཏོགས་ལམ་གྱི་ངོ་བོ་དོན་གཅིག་གོ །དེ་ལྟར་ན་སོ་སོར་སྡུད་པ་བསམ་གཏན་གཉིས་ལ་བརྟེན་ནས་ཐོབ་པའི་སྦྱོར་བའི་ལམ་འདི་ཉིད་ནི་སྐུའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་ལམ་དུས་ཀྱི་སྐུ་རྡོ་རྗེ་དང་སྤྲུལ་པའི་སྐུ་ཞེས་བྱའོ། །མདོར་ན་བསམ་གཏན་དང་སྲོག་རྩོལ་གྱི་ཡན་ལག་གིས་ངེས་པར་མཐོང་བའི་ལམ་ལ་སྦྱོར་བས་ན་སྦྱོར་བའི་ལམ་ཞེས་བྱའོ། །གསུམ་པ་མཐོང་བའི་ལམ་བཤད་པ་ནི། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔར་ཡང་དག་འཇུག །རླུང་གི་རྣལ་འབྱོར་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ཡང་སོར་བསམ་གཉིས་འགྲུབ་པ་དེ་ནས་མཐོང་བའི་ལམ་ལ་སྦྱོར་བ་ཡིན་ནམ་མ་ཡིན་ཏེ། དེ་གཉིས་ཀྱི་སྟེང་དུ་སྲོག་རྩོལ་དང་འཛིན་པ་གཉིས་ཀྱི་སྦྱོར་བ་དང་ལྡན་པས་མཐོང་བའི་ལམ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་སྲོག་རྩོལ་ལ་སྦྱངས་པས་རོ་རྐྱང་གི་རླུང་དབུ་མར་བཀག་ཅིང་འཛིན་པས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་འཁོར་ལོ་སོ་སོའི་ལྟེ་བ་རྣམས་ལ་སྲོག་ཐུར་ལ་སོགས་པའི་རླུང་རྣམས་ཀྱི་འགྲོ་འོང་བཅིངས་པས་ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་ཀྱི་ནང་ནས་རླུང་སྟོང་བརྒྱད་བརྒྱ་འགག་ཅིང་དེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་འཕོ་བ་ཡང་དུང་ཅན་མའི་མར་སྣང་འགག་ལ། དེ་ནས་དེ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་སྟོང་བརྒྱད་བརྒྱ་འགགས་པ་ལས་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་བཅུའི་མཐར་ཐུག་པའི་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་། རྫུ་འཕྲུལ་ལ་དབང་ཐོབ་པས་མཐོང་བའི་ལམ་ཡིན་ནོ། །དེས་ན་འཛིན་པ་དང་སེམས་དབེན་གྱི་མཐར་བདེན་པ་མཐོང་ཞིང་བདེན་པ་མཐོང་བས་མཐོང་ལམ་ཡིན་པར་སྤྱོད་བསྡུས་སྒྲོན་མར་བཟང་སྐྱོང་གི་མདོ་དྲངས་ནས་བཤད་ཅིང་། དུས་འཁོར་རྩ་རྒྱུད་ལས་ཀྱང་། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔར་ཡང་དག་འཇུག །ཅེས་གསུངས་པའི་རྡོ་རྗེ་སེམས་དཔའ་ནི་བརྟག་གཉིས་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་གསུངས་པ་ལྟར་རོ། །འདི་ནི་གཙོ་བོར་རླུང་གི་གནད་འཆིང་བ་ཡིན་པའི་ཕྱིར་རླུང་གི་རྣལ་འབྱོར་ཞེས་བྱའོ། །འདི་ཡང་གསུང་གི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་ལམ་དུས་ཀྱི་གསུང་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དོན་འདི་ཡང་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་ཏེ། ཤེས་རབ་ཡེ་ཤེས་སྐད་ཅིག་དེ་ལ་བདེ་བ་སྟེར་བ་གལ་ཏེ་ཐིག་ལེའི་ཕྲེང་བ་མི་འཕོ་བས། དེ་ལ་འཛག་པ་མེད་པའི་ལྷན་སྐྱེས་སྐད་ཅིག་མ་ཡིས་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་འགྱུར། །རོ་ཡི་འགྲོ་བས་སེམས་ཅན་ཐམས་ཅད་སྲོག་གི་ཀུན་ནས་ཉོན་མོངས་བདུད་ནི་ངེས་མར་འཇོམས། །རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་རྣལ་འབྱོར་བ་ཡི་ཚེ་འདི་ལ། །ཞེས་གསུངས་ལ། དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང་། དེས་ན་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་ན་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་སྤོང་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་གསུངས་པས། མདོ་སྔགས་ཀྱི་ལམ་གྱི་ངོ་བོ་ལ་ཁྱད་པར་མེད་དོ། །བཞི་པ་བསྒོམ་པའི་ལམ་བཤད་པ་ལ། ལམ་གྱི་ངོ་བོ་དང་མཐོང་བསྒོམ་གཉིས་ཀྱི་རླུང་འགག་ཚུལ་གཉིས་ལས། དང་པོ་ནི། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱིས། །རྗེས་དྲན་ཡན་ལག་སྤྱོད་བྱས་ནས། །ཏིང་འཛིན་ཡེ་ཤེས་སྦྱོར་བ་ནི། །ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། །གཞན་དོན་ཚོགས་ཀྱི་སྤྱོད་དང་བཅས། །ཞེས་གསུངས་ཏེ། དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་པ་ལ་གཉིས་ཏེ། སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་། །ཤིན་ཏུ་སྤྲོས་མེད་མཉམ་བཞག་ནམ་མཁའ་ལྟ་བུ་གཉིས་ཀྱི་ཤེས་རབ་ཀྱིས་ཆགས་པ་རྗེས་སུ་དྲན་པའི་རྗེས་དྲན་གྱི་ཡན་ལག་ལ། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་གསང་བ་འདུས་པ་དང་དུས་འཁོར་རྩ་རྒྱུད་ལས་གསུངས་པ་ལྟར། སེམས་ཅན་གྱི་དོན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ལྷ་དང་། གཏོང་བ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་སྟེ་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མཐུན་པའི་རྗེས་དྲན་བཅུས་སྦྱང་བ་བྱས་པ་ལས། ཡན་ལག་དྲུག་ལས་ཏིང་ངེ་འཛིན་དང་ཡེ་ཤེས་སྦྱོར་བ་ཡིན་ལ་དེ་ནི་གསང་བ་འདུས་པ་ལས་བཤད་པའི་རིམ་པ་བཞི་པའི་འོད་གསལ་ལ་སྦྱོར་བ་ཡིན་ཞིང་དེ་ཡང་བདུད་དང་ཐེག་པ་དམན་པའི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་པ་ལས་ཏིང་ངེ་འཛིན་ནམ་འོད་གསལ་དེ་འགྲུབ་པ་ཡིན་ནོ། །དེ་ཉིད་གཞན་དོན་ཕུན་སུམ་ཚོགས་པ་དང་འབྲེལ་བས་ན་ཚོགས་ཀྱི་སྤྱོད་པ་ཆེན་པོ་དང་བཅས་པ་སྟེ་འདི་ནི་བསྒོམ་པའི་ལམ་ཡིན་ནོ། །འདིའི་སྤངས་རྟོགས་ཀྱང་མཆོག་གི་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ལས། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་འགགས་པ་ཡིས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ས་ནི་བཅུ་གཉིས་ཐོབ་པར་འགྱུར། །ཞེས་དང་། བསྡུས་པའི་རྒྱུད་ལས། རྣམ་པ་ཐམས་ཅད་བཟད་པ་མེད་པའི་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུར་འགྲོའོ། །ཡེ་ཤེས་ལ་ནི་རྫུ་འཕྲུལ་དང་ནི་གྲུབ་པར་མི་ཡི་བདག་པོ་སྐྱེས་བུ་ཚེ་འདི་ཉིད་ལ་འགྲོ། །ཞེས་གསུངས་སོ། །དེ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །མགོན་དང་བཅས་པའི་སྙོམས་འཇུག་དགུ། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་ནས། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་གསུངས་པས་ཀྱང་མདོ་རྒྱུད་དོན་འདི་ལ་གནད་གཅིག་གོ །འདི་ཡང་ཐུགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་ལམ་དུས་ཀྱི་ཐུགས་རྡོ་རྗེ་དང་ཆོས་ཀྱི་སྐུ་ཡིན་ནོ། །གཉིས་པ་མཐོང་བསྒོམ་གཉིས་ཀྱི་རླུང་འགག་པའི་ཚུལ་བཤད་པ་ནི། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །རླུང་དང་རྟོག་པ་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། །གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། །གསང་བར་འགགས་པ་མཐོང་བའི་ལམ། །དེ་ཡི་མ་རིག་སྐྱེ་ཤི་འགག །གསུམ་པར་དེ་ཉིད་དག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ག་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །ཅེས་གསུངས་ཏེ། དེ་ཡང་དང་པོར་རྩ་འགགས་པའི་སྟོབས་ཀྱིས་དུས་སྦྱོར་དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་རླུང་དང་། དེ་དང་གྲངས་མཉམ་པའི་རྟོག་པ་ལྷན་ཅིག་ཏུ་དག་པ་དེ་ནི་འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་ཡིན་ལ། དུས་སྦྱོར་གཉིས་པའི་རླུང་དང་ཐིག་ལེ་ལྷན་ཅིག་ཏུ་གསང་བར་འགགས་པས་ས་དང་པོ་མཐོང་བའི་ལམ་ཐོབ། དེ་ཡི་མ་རིག་པའི་ལུས་ཀྱི་ཆ་དེ་འགགས་ལ། དེ་ནས་ས་རེ་རེ་ཞིང་སྐྱེ་བ་དང་རྒ་ཤི་ལ་སོགས་པ་ལུགས་ལྡོག་ཏུ་འགག་པ་ཡིན་ནོ། །དེ་བཞིན་དུ་དུས་སྦྱོར་གསུམ་པའི་རླུང་དང་དེ་ལ་བརྟེན་པའི་རྟོག་པ་ཡང་དེ་དང་གྲངས་མཉམ་པ་གསང་བའི་གནས་དེ་ཉིད་དུ་དག་པས་ས་གཉིས་པ་ཐོབ། ལྟེ་བའི་འཁོར་ལོར་དེ་བཞིན་དུ་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་རྟོག་པ་འགགས་པས་ས་གསུམ་པ་དང་བཞི་པ་ཐོབ། དུས་སྦྱོར་དྲུག་པ་དང་བདུན་པའི་རླུང་དང་རྟོག་པ་སྙིང་གའི་འཁོར་ལོར་འགགས་པས་ས་ལྔ་པ་དང་དྲུག་པ་ཐོབ། དུས་སྦྱོར་བརྒྱད་པ་དང་དགུ་པའི་རླུང་དང་རྟོག་པ་མགྲིན་པའི་འཁོར་ལོར་འགགས་པས་ས་བདུན་པ་དང་བརྒྱད་པ་ཐོབ། དུས་སྦྱོར་བཅུ་པ་དང་བཅུ་གཅིག་པའི་རླུང་དང་རྟོག་པ་སྤྱི་བོར་འགགས་པས་ས་དགུ་པ་དང་བཅུ་པ་ཐོབ་པར་བཤད་པ་ཡིན་ནོ། །དྲི་མ་མེད་པའི་འོད་ལས། འཁོར་ལོ་དྲུག་པོ་རེ་རེར་དུས་སྦྱོར་གཉིས་གཉིས་རྣམ་པར་དག་པར་གསུངས་སོ། །ལྔ་པ་མཐར་ཐུག་པའི་ལམ་བཤད་པ་ནི། །དེ་ནས་གཙུག་ཏོར་རླུང་འགགས་པས། །དེ་ཚེ་སངས་རྒྱས་ཐོབ་པར་གསུངས། །རྟེན་འབྲེལ་བཅུ་གཉིས་འགགས་པ་དང་། །མས་བརྟན་དགའ་བ་བཅུ་དྲུག་ཡིན། །སྟོང་དང་སྙིང་རྗེ་དབྱེར་མེད་འགྲུབ། །ལོ་གསུམ་ཟླ་ཕྱེད་གསུམ་དག་པས། །ཡེ་ཤེས་སྐུ་ཉིད་འགྲུབ་པ་ཉིད། །ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་དང་མཚུངས་ཐོབ། །ཅེས་གསུངས་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་ས་བཅུ་རྒྱུན་མཐའི་སྐད་ཅིག་གཉིས་པར་སངས་རྒྱས་ཀྱི་ས་ཞེས་བྱ་བ་འོད་ཟེར་ཆེན་པོའི་དབང་ཐོབ་ཅིང་། སྔགས་ལྟར་ན་རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་མཐར་ཕྱིན་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཡང་སྤྱི་བོར་དུས་སྦྱོར་བཅུ་གཅིག་པའི་རླུང་འགགས་པ་དེ་ནས་གཙུག་ཏོར་དུ་མི་སློབ་པའི་ལམ་གྱི་སྤང་བྱར་གྱུར་པའི་དུས་སྦྱོར་བཅུ་གཉིས་པའི་རླུང་དང་དེ་ལ་བརྟེན་པའི་རྟོག་པ་འགགས་པ་དེའི་ཚེ་སངས་རྒྱས་ཐོབ་པར་གསུངས་པ་ཡིན་ཏེ། དེའི་ཚེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག་ཅིང་། དེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་འཕོ་བ་དང་དེ་ལ་བརྟེན་པའི་རྟོག་པ་ཡང་དེ་དང་གྲངས་མཉམ་པ་འགགས་པ་ལས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ཡིན་པའི་ཕྱིར་རོ། །དེའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་ལུགས་བཟློག་ཏུ་འགགས་པ་ཡིན་ནོ། །འོ་ན་མཐོང་ལམ་དུ་མ་རིག་པ་འགགས་པར་བཤད་པས་ན་ལུགས་འབྱུང་དུ་འགགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྟེན་འབྲེལ་རེ་རེ་ལ་ལུས་ངག་ཡིད་ཡེ་ཤེས་བཞི་བཞི་ཡོད་པས་མཐོང་ལམ་དུ་མ་རིག་པའི་ལུས་ཀྱི་ཆ་དེ་འགགས་པ་ཡིན་གྱི་ངག་ལ་སོགས་པ་གསུམ་ལུགས་བཟློག་གི་མཐར་འགགས་པ་ཡིན་ལ། དུས་སྦྱོར་འགགས་པ་ཡང་མས་བརྟན་གྱི་དགའ་བ་བཅུ་དྲུག་ཡིན་ཏེ་ཕྱི་རོལ་ཏུ་ཟླ་བ་ལ་དཀར་ཆ་བཅོ་ལྔ་དང་། དེའི་མཐར་ཆ་བཅུ་དྲུག་པ་གཅིག །ནག་པོའི་མ་བཅོ་ལྔ་དང་། དེའི་མཐར་ཆ་བཅུ་དྲུག་པ་སྟེ་སུམ་བཅུ་རྩ་གཉིས་ཡོད་པ་ལས། དཀར་པོའི་ཚེས་གཅིག་ནས་ལྔའི་བར་ཕུང་པོ་ལྔ་འགགས་པའི་དགའ་བ་ལྔ། ཚེས་དྲུག་ནས་བཅུའི་བར་ཁམས་ལྔ་འགགས་པའི་དགའ་བ་ལྔ། བཅུ་གཅིག་ནས་བཅོ་ལྔའི་བར་དབང་པོ་ལྔ་འགགས་པའི་དགའ་བ་ལྔ། ཆ་བཅུ་དྲུག་པ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་ཆ་རྣམས་འགགས་པའི་དགའ་བ་ཡིན་ལ། ནག་ཕྱོགས་དང་མཐུན་པའི་སྟོང་པ་ཉིད་བཅུ་དྲུག་ནི་ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཅིང་། དཀར་ཕྱོགས་དང་མཐུན་པའི་སྙིང་རྗེ་བཅུ་དྲུག་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ། ཆོས་ལ་དམིགས་པའི་སྙིང་རྗེ་ལྔ། དམིགས་པ་མེད་པའི་སྙིང་རྗེ་ལྔ། བཅུ་དྲུག་པ་ནི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་སྟེ། དེ་ལྟར་ན་དགའ་བ་བཅུ་དྲུག །སྟོང་པ་ཉིད་བཅུ་དྲུག །སྙིང་རྗེ་བཅུ་དྲུག་རྣམས་དབྱེར་མེད་པ་ཐོབ་པ་ནི་མི་སློབ་པའི་ལམ་འགྲུབ་པ་ཡིན་ནོ། །དེའི་དག་པ་ནི་ལོ་བརྒྱའི་ཡེ་ཤེས་ཀྱི་ཆ་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་རྣམ་པར་དག་པ་ལས་འབྲས་བུ་ཡེ་ཤེས་ཀྱི་སྐུ་དེ་ཉིད་འགྲུབ་པ་ཡིན་ལ། ཡེ་ཤེས་ཀྱི་རིམ་པ་ལྔ་པོ་ཐམས་ཅད་ཀྱང་སྔ་མའི་སྦྱང་གཞི་ཕུང་པོ་ལྔའི་དག་པ་དང་མཚུངས་པར་ཐོབ་པ་ཡིན་ཏེ། རྩ་བའི་རྒྱུད་ཀྱི་ཡེ་ཤེས་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་ལྔས་རྣམ་པ་ལྔའི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་གཟུགས་སྤངས་བེམས་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་ཀུན་མཉམ་པ་ཉིད་གྱུར་གནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ནི་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་འབྱུང་། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ན་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས་ཀྱང་། འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའོ་དེ་བ་རིན་ཆེན་འདི་ཡི་ཆགས་པ་ཉིད་དག་ནི། །པདྨའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་སྤྱོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། །གང་དུ་ངེས་པ་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྣམ་པར་ཤེས་པར་གསུངས་གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །ཞེས་རྒྱ་ཆེར་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ཡིན། །དབྱེ་བ་དཔག་མེད་འདིར་མ་བརྗོད། །ཅེས་གསུངས་ཏེ། དེ་ཡང་རྩ་རླུང་ཐིག་ལེ་རྣམ་པ་གསུམ་གྱི་བྱེད་པ་མ་བཅིངས་པ་ལས་འཁོར་བར་འགྱུར་ཞིང་བྱེད་པ་བཅིངས་པ་ལས་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ལ། བྱེད་པ་འཆིང་བའི་ཐབས་ཀྱང་སྦྱོར་བ་ཡན་ལག་དྲུག་ཡིན་ཏེ། སོར་བསམ་གཉིས་ཀྱིས་རྩའི་བྱེད་པ་བཅིངས་པས་ལུས་ཀྱི་དྲི་མ་དག་སྟེ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་ཅིང་། སྲོག་འཛིན་གཉིས་ཀྱིས་རླུང་གི་བྱེད་པ་བཅིངས་པས་ངག་གི་དྲི་མ་དག་སྟེ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་ལ། རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཀྱིས་ཐིག་ལེའི་བྱེད་པ་བཅིངས་པས་སེམས་དང་ཡེ་ཤེས་ཀྱི་དྲི་མ་དག་སྟེ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་ནི་སྦྱོར་བ་ཡན་ལག་དྲུག་མཐར་ཕྱིན་པའི་འབྲས་བུ་ཡིན་ནོ། །དེས་ན་སྦྱོར་བ་ཡན་ལག་དྲུག་པོ་འདིར་རྣམ་པར་དག་པའི་སངས་རྒྱས་ཀྱི་གསུངས་རབ་ཐམས་ཅད་འདུས་པ་ལ་སོགས་པ་དྲང་བའི་དོན་དང་ངེས་པའི་དོན་གྱི་དབྱེ་བ་དཔག་ཏུ་མེད་པ་ཡོད་ཀྱང་འདིར་མ་བརྗོད་དོ། །དྲི་མ་མེད་པའི་འོད་ལས། མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང་བར་པའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་སྦྱོར་བ་ཡན་ལག་དྲུག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་ཏེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ལས། ལམ་གྱི་རིམ་པ་དང་སྦྱར་བའི་དུམ་བུ་སྟེ་བཅུ་པའོ།། །།ད་ནི་དུམ་བུ་བཅུ་གཅིག་པ་རྩ་རླུང་ཐིག་ལེ་སྡུད་པའི་རིམ་པ་བཤད་པ་ལ། ལེའུའི་འབྲེལ། འབྲེལ་བ་ཅན་ལེའུའི་གཞུང་། ལེའུའི་མཚན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ལེའུ་གཉིས་པར་མངལ་སྐྱེས་ཀྱི་ལུས་ཇི་ལྟར་འགྲུབ་པའི་རིམ་པ་བསྟན་ཅིང་། དེ་ཡང་རྩ་རླུང་ཐིག་ལེ་གསུམ་གོང་ནས་གོང་དུ་འཕེལ་བ་ལས་ལུས་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་ནོ། །ཞེས་སྟོན་པ་ལ། ལེའུ་གསུམ་པ་དང་བཞི་པ་དང་ལྔ་པ་རྣམས་གསུངས་པ་ཡིན་ནོ། །རྩ་རླུང་ཐིག་ལེ་འཕེལ་བའི་རིམ་པ་དེ་ལྟར་ཡིན་མོད། སྡུད་པའི་རིམ་པ་ཇི་ལྟ་བུ་ཞེ་ན། དེ་ཉིད་འཆད་པ་ལ་དུམ་བུ་བཅུ་གཅིག་པ་འདི་གསུངས་པ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་ལེའུའི་གཞུང་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། །སྡུད་པའི་རིམ་པ་གསལ་བཤད་བྱ། །ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། །ངེས་མེད་སེམས་ལ་དབང་ཐོབ་ཕྱིར། །ཞེས་གསུངས་ཏེ། དེ་ཡང་ལེའུ་བཅུ་པར་ལམ་གྱི་རིམ་པ་དང་སྦྱར་ནས་བཤད་པ་དེ་ནས་རྩ་དང་ཐིག་ལེ་རྣམས་སྡུད་པའི་རིམ་པ་རྒྱུད་ཐམས་ཅད་ལས་གསུངས་པ་འདིར་གསལ་བར་བཤད་པར་བྱ་སྟེ། དེ་ཡང་སྐྱེ་བ་བསྐྱེད་རིམ་གྱི་སྦྱང་གཞི་དང་། འཆི་བ་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས་ན། གོང་དུ་རྫོགས་རིམ་བཤད་པ་ཉིད་ཀྱིས་སྡུད་རིམ་རགས་པ་བཤད་པར་འགྱུར་མོད། འོན་ཀྱང་སྐྱེས་མ་ཐག་ཏུ་འཆི་ལྟས་ཞུགས་པར་ཤེས་པས་རང་གི་ལུས་འདི་མི་རྟག་པ་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་ཡིད་ཕྱུང་ནས་ཆོས་ལ་འཇུག་པའི་སྒོ་ལ་སྦྱོར་བ་དང་། དུས་མིན་གྱི་འཆི་ལྟས་ཤེས་པས་འཆི་བ་བླུ་བ་ལ་སོགས་པའི་དགོས་པ་ཡོད་ལ། འཆི་བའི་ངོ་བོ་ནི་ཁམས་གསུམ་གྱི་ས་གང་དང་གང་གི་རིགས་མཐུན་གྱི་ལུས་དོར་ནས་སྲིད་པ་གཞན་དུ་འཕོ་བ་ཡིན་ནོ། །ཚེ་དང་སྲོག་གིས་རླུང་དང་དྲོད་དང་ཕུང་པོ་རྙིང་པ་འདོར་བ་ལ་འཆི་བ་ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་ཡང་སོ་སོ་སྐྱེ་བོ་ཐ་མལ་པ་ལ་ཡིན་གྱིས་ཡེ་ཤེས་གྲུབ་པ་བསམས་བཞིན་སྲིད་པར་སྐྱེ་བ་བླངས་པ་དང་། རྩ་རླུང་ཐིག་ལེའི་གནད་བཅིངས་པའི་རྣལ་འབྱོར་གྲུབ་པ་རྣམས་དང་། དེར་མ་ཟད་བསམ་གཏན་དང་ཏིང་ངེ་འཛིན་དང་རིག་སྔགས་དང་བཅུད་ལེན་ལ་སོགས་པའི་རྫས་བསྒྲུབ་པའི་སྟོབས་ཀྱིས་ཚེ་འགྲུབ་པ་རྣམས་ལ་ནི་ངེས་པ་མེད་དེ། དེ་དག་སེམས་ལ་དབང་ཐོབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་སྡུད་པའི་ཚུལ། རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་གནས་གང་དུ་འཕོ་བའི་ངེས་པ་བཤད་པའོ། །དང་པོ་ལ། ཕལ་པའི་རྩ་སྡུད་པའི་ཚུལ། འཁོར་ལོ་བཅོ་བརྒྱད་ཀྱི་རྩ་སྡུད་པའི་ཚུལ། རྩའི་གཙོ་བོ་ཉི་ཤུ་རྩ་བཞི་སྡུད་པའི་ཚུལ་ལོ། །དང་པོ་ནི། ཐ་མལ་རྡོ་རྗེའི་ལུས་འདི་ལ། །སྐྱེས་ནས་ལོ་གཅིག་བར་དུ་ནི། །ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། །དེ་ནས་ཞག་རེ་རྩ་གཉིས་གཉིས། །ནུས་པ་སྐམ་པར་བཤད་པ་ཡིན། །ལོ་བརྒྱ་སྟོང་ཕྲག་བདུན་བཅུ་གཉིས། །སྡུད་པ་རགས་པའི་རིམ་པའོ། །ཞིབ་པར་ལོ་ནི་དགུ་བཅུ་དྲུག །ཟླ་བ་ཕྱེ་དང་བཅུ་གཅིག་བར། །ཕྲ་བའི་རྩ་ཀུན་སྡུད་པ་སྟེ། །དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་། །ལྔ་བཅུ་སྡུད་འགྱུར་ཉིན་རེ་གཉིས། །ཞེས་གསུངས་ཏེ། དེ་ཡང་སོ་སོ་སྐྱེ་བོ་ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་རྩ་སྐྱེས་ཤིང་ཆགས་པ་ནས་ལོ་གཅིག་གི་བར་དུ་ནི་ཁམས་ཐམས་ཅད་བསྐྱེད་པར་བྱེད་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྫོགས་མ་ཐག་པའི་ཕྱི་ཉིན་དེ་ནས་ཞག་རེ་ལ་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམ་པར་བཤད་པ་ཡིན་པ་ལས། ལོ་བརྒྱ་ལ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སྡུད་པར་གསུངས་པ་ནི་རགས་པའི་རིམ་པ་ཡིན་ལ། དུས་ཀྱི་འཁོར་ལོའི་ངེས་པས་ཞིབ་པར་ནི་ལོ་གསུམ་ཕྱོགས་གསུམ་གྱིས་དམན་པའི་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ཕྲ་བའི་རྩ་ཀུན་སྡུད་ཏེ། དེའི་གྲངས་ནི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་ནང་ནས་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་ལྔ་བཅུ་སྡུད་པར་འགྱུར་ཏེ། དེ་ཡང་ཉིན་ཞག་རེ་རེ་ལ་གཉིས་གཉིས་བསྡུས་པ་ལས་ཡིན། གཉིས་པ་འཁོར་ལོ་བཅོ་བརྒྱད་ཀྱི་རྩ་སྡུད་པའི་རིམ་པ་བཤད་པ་ནི། དེ་འོག་ལོ་གསུམ་ཕྱོགས་གསུམ་ལ། །ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་དག །ཚིགས་ཆེན་སུམ་བརྒྱ་དྲུག་བཅུའི་རྩ། །ཞག་ནི་གསུམ་གསུམ་རེ་རེ་སྐམ། །སོར་ཚིགས་རྩ་ཡང་དེ་དང་མཉམ། །ལྟེ་བའི་དྲུག་བཅུ་རྩ་ཁྱིམ་ནི། །རླུང་གི་ནུས་དང་མཚུངས་པར་སྡུད། །སྤྱི་བོ་ཞག་ནི་བཅོ་ལྔ་སྟེ། །མགྲིན་པར་ཟླ་གཅིག་གསང་རྩ་མཚུངས། །སྙིང་གའི་ཞག་བརྒྱད་ནང་དུ་འདོར། །དེ་ལྟར་འཁོར་ལོ་བརྒྱ་དྲུག་བཅུ། །གཙུག་ཏོར་རྩ་བཞི་དང་བཅས་ཡིན། །ཞེས་གསུངས་ཏེ། དེ་ཡང་རྩ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་ལྔ་བཅུ་བསྡུས་པ་དེའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་རིང་ལ་ལྷག་མའི་རྩ་ཆེན་པོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་སྡུད་དེ། དེའི་ཚུལ་ཡང་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་སུམ་བརྒྱ་དྲུག་བཅུ་ནི་ཞག་གསུམ་གསུམ་ལ་རེ་རེ་སྐམ་ཞིང་། སོར་ཚིགས་ཀྱི་རྩའི་གྲངས་ཀྱང་ཚིགས་ཆེན་དེ་དང་མཉམ་པར་སུམ་བརྒྱ་དྲུག་བཅུ་ཡང་ཞག་གསུམ་གསུམ་ལ་རེ་རེ་སྐམ་ལ། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་བཅུ་ཡང་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་ཀྱི་ནང་དུ་སྡུད། སྤྱི་བོའི་ཟླ་རྐང་གི་རྩ་འདབ་བཅུ་དྲུག་གི་ནང་ནས་བཅུ་བཞི་ནི་ཉིན་ཞག་བཅོ་ལྔ་དང་། མགྲིན་པའི་རྩ་འདབ་སུམ་བཅུ་རྩ་གཉིས་ལས་རྒྱུ་སྐར་གྱི་རང་བཞིན་གྱི་ཉི་ཤུ་རྩ་བརྒྱད་པོ་ཟླ་བ་གཅིག་གི་ནང་དུ་སྡུད། གསང་གནས་ཀྱི་རྩ་འདབ་ཀྱང་དེ་དང་བྱེད་པ་མཚུངས་པས་མི་བགྲང་ངོ་། །སྙིང་གའི་རྩ་བརྒྱད་ནི་ཉིན་ཞག་བརྒྱད་ཀྱི་ནང་དུ་འདོར་ཏེ། དེ་ལྟར་འཁོར་ལོ་བརྒྱ་དང་དྲུག་བཅུ་ལས་དབུ་མའི་ཕྱོགས་ཀྱི་རྩ་རྣམས་མ་གཏོགས་ཤིང་གཙུག་ཏོར་གྱི་རྩ་བཞི་དང་བཅས་པ་ཡིན་ནོ། །གསུམ་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་སྡུད་པའི་ཚུལ་བཤད་པ་ནི། རྩ་ནི་ཉི་ཤུ་རྩ་བཞི་པོ། །རྩ་ཆེན་དྲུག་བཅུ་དྲུག་བཅུ་ནི། །ལྟེ་བ་དང་མཚུངས་ལོ་གསུམ་སྲུང་། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །རྩ་བ་བདུན་བཅུ་རྩ་གཉིས་པོ། །ཕྱོགས་གསུམ་ནང་དུ་སྡུད་པ་ཡིན། །དེ་ལྟར་འཁོར་ལོ་རྩ་ཆེན་རྣམས། །སྐམས་ཏེ་རླུང་རྣམས་མི་རྒྱུ་བ། །དེ་ནས་ཞག་གཅིག་ནས་འཕོའོ། །ཞེས་གསུངས་ཏེ། དེ་ཡང་རྩ་ཆེན་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་རྩ་ཆེན་དྲུག་བཅུ་དྲུག་བཅུ་ནི་ལྟེ་བའི་ཁྱིམ་གྱི་འཁོར་ལོ་དང་ནུས་པ་མཚུངས་པའི་ཕྱིར་ལོ་གསུམ་གྱི་ནང་དུ་སྡུད་ལ། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོས་ཕྱེ་བའི་རྩའི་རྩ་བ་བདུན་བཅུ་རྩ་གཉིས་པོ་དེ་ལས་དབུ་མའི་ཉེར་བཞི་མ་གཏོགས་པའི་དཀར་དམར་གྱི་རྩ་ཞེ་བརྒྱད་ནི་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ལ། དེ་ལྟར་འཁོར་ལོའི་རྩ་ཆེན་རྣམས་སྐམས་ཏེ་རླུང་དང་བྱང་ཆུབ་ཀྱི་སེམས་མི་རྒྱུ་བ་དེ་ནས་ཞག་གཅིག་ནས་རྣམ་ཤེས་འཕོའོ། །ཞག་གཅིག་པོའི་རིང་ལ་དབུ་མའི་རྩ་སུམ་བཅུ་རྩ་དྲུག་སྡུད་ཏེ། སུམ་བཅུ་རྩ་དྲུག་ནི་རྩ་བདུན་བཅུ་རྩ་གཉིས་ཀྱི་ལྷག་མ་ཉེར་བཞིའི་སྟེང་དུ་སྤྱི་བོའི་གཉིས་མགྲིན་པའི་གཉིས་སྙིང་གའི་སྟེང་འོག་གི་རྩ་གཉིས་ལྟེ་བའི་བཞི་དབུ་མའི་ཡར་སྣ་མར་སྣ་གཉིས་ཏེ་བཅུ་གཉིས་བསྣན་པ་ལས་སུམ་བཅུ་རྩ་དྲུག་འབྱུང་ངོ་། །གཉིས་པ་རླུང་གི་འཆི་ལྟས་བཤད་པ་ལ། རླུང་བཅུ་སྡུད་པའི་རིམ་པ། དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས། གཡས་ཉི་མའི་འཆི་ལྟས། གཡོན་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ནི། རླུང་གི་སྡུད་རིམ་བསྟན་པ་ནི། །རླུང་བཅུ་ཟླ་བ་བཅུ་ནས་རྫོགས་ཏེ། སྐྱེས་ནས་དུས་སུ་འཆི་བ་གང་། །ལོ་ནི་སུམ་བཅུ་རིམ་པ་ལྟར། །ནོར་རྒྱལ་ལྷ་སྦྱིན་རྩངས་རུས་སྦལ། །ཀླུ་དང་ཁྱབ་བྱེད་མཉམ་གནས་དང་། །གྱེན་རྒྱུ་ཐུར་སེལ་སྲོག་རླུང་གི །སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར། །འགྱུར་ཞེས་རྡོ་རྗེ་ཕྲེང་བར་གསུངས། །ཞེས་གསུངས་ཏེ། དེ་ཡང་རྩ་བ་དང་ཡན་ལག་གི་རླུང་གི་སྡུད་རིམ་བསྟན་པ་ནི་ནོར་ལས་རྒྱལ་ལ་སོགས་པའི་རླུང་བཅུ་བོ་རྣམས་ཟླ་བ་བཅུར་རིམ་གྱིས་རྫོགས་ཏེ། སྐྱེས་ནས་ལོ་བརྒྱའི་དུས་སུ་འཆི་བ་གང་ཡིན་པ་དེ་ལོ་བཅུ་བཅུ་ན་རླུང་རྣམས་ཀྱི་སྟོབས་རྣམས་རིམ་པ་ལྟར་སྡུད་དེ། ལོ་བཅུ་ལ་ནོར་ལས་རྒྱལ་དང་། ཉི་ཤུ་ལ་ལྷ་སྦྱིན་དང་། སུམ་བཅུ་ལ་རྩངས་པ། བཞི་བཅུ་ལ་རུས་སྦལ། ལྔ་བཅུ་ལ་ཀླུའི་རླུང་རྣམས་ཀྱི་སྟོབས་སྔ་མ་སྔ་མ་ཕྱི་མ་ཕྱི་མ་རྣམས་ལ་ཐིམ་ཞིང་། ལྔ་བཅུ་ནས་དྲུག་བཅུའི་བར་ཀླུ་དང་ཁྱབ་བྱེད་གཉིས་ཀྱིས་ལྷན་ཅིག་ཏུ་ལས་བྱེད་ཅིང་། དྲུག་བཅུ་པ་ལ་མཉམ་གནས་ལ་ཐིམ། །དེ་བདུན་བཅུ་པ་ལ་གྱེན་རྒྱུ་ལ་ཐིམ། དེ་དགུ་བཅུ་པ་ལ་སྲོག་ལ་ཐིམ་ཞིང་སྲོག་གི་སྟོབས་རྣམས་ལོ་བརྒྱ་ལ་ཐིམ་པར་འགྱུར་རོ། །དེ་ལྟར་ན་ནོར་ལས་རྒྱལ་ནས་སྲོག་རླུང་གི་བར་གྱི་རླུང་བཅུ་པོ་རྣམས་ལོ་བཅུ་བཅུ་ལ་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ། །ཞེས་རྡོ་རྗེ་ཕྲེང་བར་གསུངས་སོ། །གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས་བཤད་པ་ལ། འཆི་ལྟས་འཕེལ་བའི་རིམ་པ། ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་བཤད་པའོ། །དང་པོ་ནི། རྒྱས་པར་དུས་ཀྱི་འཁོར་ལོ་ལས། །སྐྱེས་བུ་ཚེ་ལོ་བརྒྱ་བ་གང་། །སྐྱེས་ནས་ལོ་གཅིག་རླུང་རྣམས་ནི། །དུས་སྦྱོར་གྲངས་ཀུན་མཉམ་པར་རྒྱུ། །དེ་ནས་བགྲོད་པ་གསུམ་པ་ལ། །མཁའ་རུ་རླུང་གཅིག་རྒྱུ་བ་འཕེལ། །བགྲོད་པ་བཞི་པར་འཕེལ་འགྲིབ་མེད། །ལོ་གཉིས་པ་ལ་ས་རླུང་དུ། །གཡས་སར་རླུང་གཉིས་འཕེལ་བ་ཡིན། །དེ་ལྟར་རེ་མོས་རེ་རེ་འཕེལ། །ཕྱོགས་གསུམ་མ་ཚང་ལོ་བདུན་ན། །ཆུ་སྲང་གཅིག་འགྱུར་དེ་ནས་ནི། །གཡོན་དང་གཡས་སུ་རིམ་པ་བཞིན། །ལོ་རེ་ཆུ་སྲང་རེ་རེ་འཕེལ། །དྲུག་བཅུ་རྩ་བདུན་ལོན་ནས་ནི། །ཆུ་ཚོད་གཅིག་གྱུར་གཡོན་ནས་རྒྱུ། །དེ་ནས་བགྲོད་པ་རེ་རེ་བཞིན། །ལོ་ནི་སུམ་བཅུར་དབྱུག་གུ་འཕེལ། །གཡོན་དང་གཡས་པར་རིམ་པ་བཞིན། །མཁའ་དང་ས་རླུང་གནས་དེར་འབྱུང་། །དགུ་བཅུ་གོ་དྲུག་ཟླ་བ་ནི། །བཅུ་གཅིག་ལོན་ནས་གཡོན་ཏུ་ནི། །ནམ་མཁའི་རང་བཞིན་ཞག་གཅིག་རྒྱུ། །དེ་ནས་ལོ་གསུམ་ཕྱོགས་གསུམ་ནི། །འཕོ་བར་འགྱུར་བ་ལོ་བརྒྱ་ཡིན། །ཞེས་གསུངས་ཏེ། དེ་ཡང་དུས་ཀྱི་འཁོར་ལོ་ལས། དབུ་མའི་དུས་ཀྱི་འཆི་ལྟས་འཕེལ་བའི་རིམ་པ་རྒྱས་པར་གསུངས་པ་ནི་སྐྱེས་བུ་ཚེ་ལོ་བརྒྱ་ཐུབ་པ་གང་ཡིན་པ་དེ་སྐྱེས་ནས་ལོ་གཅིག་གི་བར་ལ་བགྲོད་པ་གཉིས་སུ་བྱས་པའི་རླུང་རྣམས་ནི་འཆི་ལྟས་ཀྱིས་ཡོན་པོར་རྒྱུ་བ་མེད་པར་དུས་སྦྱོར་གྱི་གྲངས་ཀུན་མཉམ་པར་རྒྱུ་ལ། ལོ་རེ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་པ་བརྩེགས་པ་ན་ལོ་གཉིས་པའི་བགྲོད་པ་དང་པོ་དེ་ལོ་དང་པོ་ལ་ལྟོས་པའི་བགྲོད་པ་གསུམ་པ་ཡིན་པས། དེ་ལ་གཡོན་དུ་ནམ་མཁའི་དཀྱིལ་འཁོར་དུ་འཆི་ལྟས་ཀྱི་རླུང་གཅིག་རྒྱུ་བ་འཕེལ་ཞིང་། བགྲོད་པ་བཞི་པའི་ཟླ་བ་དྲུག་གི་རིང་ལ་འཕེལ་འགྲིབ་མེད་ལ། ལོ་གཉིས་པའི་རྗེས་ཀྱི་བགྲོད་པ་ལྔ་པ་ལ་སྣ་བུག་གཡས་ཀྱི་ས་རླུང་གི་དཀྱིལ་འཁོར་དུ་འཆི་ལྟས་ཀྱི་རླུང་གཉིས་འཕེལ་བ་ཡིན་ཞིང་། བགྲོད་པ་དྲུག་པ་ལ་འཕེལ་བ་མེད་དོ། །དེ་བཞིན་དུ་བགྲོད་པ་བདུན་པ་ལ་གཡོན་དུ་གསུམ། བརྒྱད་པ་ལ་འཕེལ་བ་མེད། དགུ་པ་ལ་གཡས་སུ་བཞི། བཅུ་པ་ལ་འཕེལ་བ་མེད། བཅུ་གཅིག་པ་ལ་གཡོན་ཏུ་ལྔ། བཅུ་གཉིས་པ་ལ་འཕེལ་བ་མེད། བཅུ་གསུམ་པ་ལ་སྣ་བུག་གཡས་སུ་ས་རླུང་གི་དཀྱིལ་འཁོར་དུ་འཆི་ལྟས་ཀྱི་དབུགས་དྲུག་འཕེལ་ལ། བཅུ་བཞི་པ་ལ་འཕེལ་བ་མེད་དེ། དེ་ལྟར་བགྲོད་པ་ཟུང་རྣམས་ལ་འཕེལ་བ་མེད་པ་དང་ཡ་རྣམས་ལ་རེ་མོས་ཀྱིས་འཆི་ལྟས་ཀྱི་རླུང་རེ་རེ་འཕེལ་བས་ཕྱོགས་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བའི་ལོ་བདུན་ལ་འཆི་ལྟས་ཀྱི་རླུང་དེ་ཆུ་སྲང་གཅིག་ཏུ་ལོངས་པ་ཡིན་ལ། དེ་ནས་ལོ་བརྒྱད་པ་ལ་སྣ་བུག་གཡོན་པ་ནས་ནམ་མཁའི་རླུང་གི་དཀྱིལ་འཁོར་དུ་ཆུ་སྲང་གཉིས་འཕེལ་ཏེ། ལོ་དགུ་པ་ལ་སྣ་བུག་གཡས་པ་ནས་ས་རླུང་གི་དཀྱིལ་འཁོར་དུ་ཆུ་སྲང་གསུམ་འཕེལ་ཏེ། དེ་ལྟར་སྣ་བུག་གཡོན་དང་གཡས་སུ་རིམ་པ་བཞིན་དུ་རེ་མོས་ཀྱིས་ལོ་དྲུག་བཅུའི་བར་ལོ་རེ་བཞིན་ཆུ་སྲང་རེ་རེ་འཕེལ་བས། ལོ་དྲུག་བཅུ་པ་ལ་སྣ་བུག་གཡོན་ནས་འཆི་ལྟས་ཀྱི་རླུང་ཆུ་སྲང་དྲུག་བཅུ་རྒྱུ་ཞིང་འཕེལ་ཏེ་ཆུ་ཚོད་ལོངས་སོ། །མདོར་ན་ལོ་དྲུག་བཅུ་རྩ་བདུན་ལོན་ནས་ནི་འཆི་ལྟས་ཀྱི་རླུང་ཆུ་ཚོད་གཅིག་ཏུ་ལོངས་པར་གྱུར་པ་ཡིན་ནོ། །དེ་ནས་ལོ་སུམ་བཅུའི་བར་ལོ་རེ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་པ་ལས་བགྲོད་པ་དྲུག་བཅུ་འབྱུང་ལ། དེ་དག་ལས་བགྲོད་པ་རེ་རེ་བཞིན་བགྲོད་པ་དང་པོ་ལ་སྣ་བུག་གཡོན་ནས་ནམ་མཁའི་རླུང་གི་དཀྱིལ་འཁོར་དུ་དབྱུག་གུ་གཅིག་འཕེལ། བགྲོད་པ་གཉིས་པ་ལ་སྣ་བུག་གཡས་ནས་ས་རླུང་གི་དཀྱིལ་འཁོར་གྱི་གནས་དེར་ཆུ་ཚོད་གཉིས་འབྱུང་བ་ལ་སོགས་པའི་རིམ་པས་གཡོན་ནས་བགྲོད་པ་ཡ་རྣམས་དང་གཡས་ནས་བགྲོད་པ་ཟུང་རྣམས་བགྲོད་པའི་གྲངས་དང་མཉམ་པ་འཕེལ་བ་ལས་བགྲོད་པ་དྲུག་བཅུ་པ་ལ་གཡས་ནས་ཆུ་ཚོད་དྲུག་བཅུ་འཕེལ་ཏེ། འཆི་ལྟས་དེ་ཞག་ཏུ་ལོངས་པ་ཡིན་ལ། དེ་ལྟར་སྐྱེས་ནས་འཆི་ལྟས་ཆུ་སྲང་དུ་ལོངས་པའི་བར་ལ་ལོ་བདུན་ལ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཆོག་པ་དང་། དེ་ཆུ་ཚོད་དུ་ལོངས་པ་ལ་ལོ་དྲུག་བཅུ། དེ་ཞག་ཏུ་ལོངས་པ་ལ་ལོ་སུམ་བཅུ་སྟེ། དྲིལ་བས་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ལོན་ནས་སྣ་བུག་གཡོན་དུ་ནམ་མཁའི་རླུང་གི་དཀྱིལ་འཁོར་དུ་ཞག་གཅིག་གི་བར་དུ་རྒྱུའོ། །དེ་ནས་ལོ་གསུམ་ཕྱོགས་གསུམ་ན་འཕོ་བར་འགྱུར་བ་ནི་ལོ་བརྒྱའི་འཆི་ཞག་འཕེལ་བའི་རིམ་པ་ཡིན་ནོ། །དོན་འདི་ནི་དྲི་མ་མེད་པའི་འོད་ལས་གསུངས་ཏེ། ད་ནི་དབུགས་ཞེས་པ་ལ་སོགས་པས་སྐྱེས་པར་གྱུར་པ་རྣམས་ཀྱི་འཆི་བའི་དབུགས་རྒྱུ་བ་གསུངས་ཏེ། འདིར་ལུས་ལ་དབུགས་ཀྱི་འཁོར་ལོ་དང་། ཆུ་སྲང་གི་འཁོར་ལོ་དང་། ཆུ་ཚོད་ཀྱི་འཁོར་ལོ་དང་། ཉིན་ཞག་གི་འཁོར་ལོ་ནི་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཡང་ངོ་། །དེ་ལ་དབུགས་དྲུག་གི་བདག་ཉིད་ནི་དབུགས་ཀྱི་འཁོར་ལོའོ། །ཆུ་སྲང་དྲུག་བཅུའི་བདག་ཉིད་ནི་ཆུ་སྲང་གི་འཁོར་ལོའོ། །ཆུ་ཚོད་དྲུག་བཅུའི་བདག་ཉིད་ནི་ཆུ་ཚོད་ཀྱི་འཁོར་ལོའོ། །ཉིན་ཞག་སྟོང་བརྒྱད་བཅུའི་བདག་ཉིད་ནི་འཆི་ལྟས་ཀྱི་འཁོར་ལོའོ། །ཉིན་ཞག་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་བདག་ཉིད་ནི་དུས་ཀྱི་འཆི་བའི་ཉིན་ཞག་གི་འཁོར་ལོའོ། །འཁོར་ལོ་འདི་རྣམས་ལ་འཆི་བ་ནི་དབུགས་ཀྱི་རང་བཞིན་དང་། ཆུ་སྲང་གི་རང་བཞིན་དང་། ཆུ་ཚོད་ཀྱི་རང་བཞིན་དང་། ཉིན་ཞག་གི་རང་བཞིན་གྱིས་རྒྱུ་སྟེ། གཡོན་གྱི་རྩ་དང་གཡས་ཀྱི་རྩ་ལ་གྲངས་བཞིན་དུ་རེ་རེ་ལྷག་པས་སོ། །དང་པོ་རེ་ཞིག་དབུགས་རྒྱུ་བ་ནི་བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་རྣམས་ཀྱིས་ཞེས་པ་སྟེ་འདིར་སྐྱེས་པ་གང་ལ་འཆི་ལྟས་མེད་ན་ལོ་བརྒྱའི་མཚམས་སུ་དུས་ཀྱི་འཆི་བ་འབྱུང་བར་འགྱུར་རོ། །དེའི་བགྲོད་པ་གཉིས་ནི་གཡོན་པའི་རྩ་དང་གཡས་པའི་རྩ་དང་དཀྱིལ་འཁོར་ལྔ་འབབ་པ་ཅན་གྱི་སྲོག་གི་རླུང་འབབ་བོ། །དེ་ནས་བགྲོད་པ་གསུམ་པ་ལ་གཡོན་པའི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་གཅིག་རྒྱུ་སྟེ་བཞི་པ་ལ་མི་རྒྱུའོ། །དེ་ནས་ལོ་གསུམ་བགྲོད་པ་ལ་གཡས་པའི་རྩའི་སའི་དཀྱིལ་འཁོར་ལ་དབུགས་གཉིས་རྒྱུ་སྟེ་སླར་ཡང་བགྲོད་པ་དྲུག་པ་ལ་མི་རྒྱུའོ། །དེ་ནས་བགྲོད་པ་བདུན་པ་ལ་གཡོན་པའི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་གསུམ་རྒྱུ་སྟེ་བརྒྱད་པ་ལ་མ་ཡིན་ནོ། །དེ་བཞིན་དུ་དགུ་པ་ལ་གཡས་པའི་རྩའི་སའི་དཀྱིལ་འཁོར་ལ་དབུགས་བཞི་རྒྱུ་སྟེ་བཅུ་པ་ལ་མ་ཡིན་ནོ། །སླར་ཡང་བཅུ་གཅིག་པ་ལ་གཡོན་པའི་རྩའི་སྟོང་པའི་དཀྱིལ་འཁོར་ལ་དབུགས་ལྔ་རྒྱུ་སྟེ་བཅུ་གཉིས་པ་ལ་མ་ཡིན་ནོ། །དེ་ནས་བགྲོད་པ་བཅུ་གསུམ་པ་ལ་གཡས་པའི་རྩའི་སའི་དཀྱིལ་འཁོར་ལ་དབུགས་དྲུག་རྒྱུ་སྟེ་བགྲོད་པ་བཅུ་བཞི་པ་ལ་མ་ཡིན་ནོ། །དེ་ལྟར་དབུགས་དྲུག་གི་འཁོར་ལོ་སྟེ་དེ་ནི་ལིཔྟཱའམ་ཆུ་སྲང་གཅིག་ཏུ་འགྱུར་རོ། །འདི་ལ་ཕྱེད་དང་བཅས་པའི་ཟླ་བས་དམན་པའི་ལོ་བདུན་ནོ། །མཚམས་འདི་ནས་ཆུ་སྲང་གི་འཁོར་ལོའི་སྟེང་དུ་དབུགས་རྒྱུ་བར་མི་འགྱུར་ཞིང་ཆུ་སྲང་གི་དངོས་པོས་ཆུ་སྲང་དུ་རྒྱུ་བ་ནི་བགྲོད་པ་འགྲོ་བའི་དབང་ལས་ལོ་ནི་དྲུག་བཅུས་ཀྱང་ཞེས་པ་ནི་ལོ་བདུན་པོ་རེའི་སྟེང་དུ་གཞན་ལོ་དྲུག་བཅུ་ཇི་སྲིད་བར་དུ་ཆོད་པའི་བགྲོད་པ་དག་གིས་གཡོན་གྱི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་གཅིག་ལ་སོགས་པ་མི་མཉམ་པའི་ཆུ་སྲང་རྣམས་ཆུ་སྲང་ལྔ་བཅུ་རྩ་དགུའི་བར་དང་། གཡས་ཀྱི་སའི་དཀྱིལ་འཁོར་ལ་གཉིས་ལ་སོགས་པས་མཉམ་པ་རྣམས་ཆུ་སྲང་དྲུག་བཅུའི་བར་དུ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གྱི་རང་བཞིན་གྱི་འདབ་མ་དྲུག་དྲུག་ལ་རྒྱུའོ། །ཆུ་སྲང་དྲུག་བཅུས་ཆུ་སྲང་གི་འཁོར་ལོ་སྟེ་དེ་ཉིད་ནི་ཆུ་ཚོད་གཅིག་ཏུ་འགྱུར་རོ། །ལོ་དྲུག་བཅུ་རྩ་བདུན་གྱི་མཚམས་འདི་ནས་འཆི་བ་ཆུ་ཚོད་ཀྱི་རང་བཞིན་གྱིས་ཆུ་ཚོད་དུ་རྒྱུ་བ་ནི་ཟླ་བ་གསུམ་ལས་སུམ་བཅུའི་ལོ་ཡིས་ཞེས་པ་སླར་ཡང་ཆུ་ཚོད་གཅིག་དང་པོར་བྱས་ནས་གཡོན་གྱི་རྩ་དང་གཡས་ཀྱི་རྩ་ལ་མི་མཉམ་པ་དང་མཉམ་པའི་ཆུ་ཚོད་གཅིག་གིས་བར་དུ་ཆོད་པས་རྒྱུ་སྟེ། བགྲོད་པ་ཕྱེད་ལ་ཟླ་བ་གསུམ་གྱིས་གཡོན་གྱི་རྩའི་ནམ་མཁའི་དཀྱིལ་འཁོར་ཆུ་ཚོད་གཅིག་ཏུའོ། །གཞན་ཟླ་བ་གསུམ་གྱིས་མ་ཡིན་ནོ། །སླར་ཡང་གཞན་བགྲོད་པ་ཕྱེད་ལ་ཟླ་བ་གསུམ་གྱིས་གཡས་ཀྱི་རྩའི་སའི་དཀྱིལ་འཁོར་ལ་ཆུ་ཚོད་གཉིས་རྒྱུའོ། །དེ་ལྟར་ཟླ་བ་གསུམ་གསུམ་གྱིས་གཡོན་དང་གཡས་ཀྱི་ཁྱིམ་གྱི་འདབ་མ་དྲུག་དྲུག་རྣམས་སུ་ནམ་མཁའི་དཀྱིལ་འཁོར་དང་སའི་དཀྱིལ་འཁོར་ལ་འཆི་བ་ཆུ་ཚོད་ཀྱི་རང་བཞིན་གྱི་ཆུ་ཚོད་དྲུག་བཅུ་པོ་རྣམས་རྒྱུའོ། །དེའི་ཕྱིར་ཕྱེད་དང་བཅས་པའི་ཟླ་བས་དམན་པའི་ལོ་དགུ་བཅུ་རྩ་བདུན་གྱི་མཚམས་སུ་ཆུ་ཚོད་ཀྱི་འཁོར་ལོ་རྒྱུ་སྟེ་དེ་ཉིད་ཉིན་ཞག་གཅིག་ཏུ་འགྱུར་རོ། །དེ་ནས་གཡོན་དང་གཡས་པའི་རྩ་ལ་ཉིན་ཞག་གི་རང་བཞིན་གྱིས་ཉིན་ཞག་གི་འཁོར་ལོ་སྔར་བརྗོད་པའི་རིམ་པས་རྒྱུ་སྟེ། དེའི་ཕྱིར་ཉིན་ཞག་ཏུ་བགྲོད་པའི་དབང་ལས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་ཞེས་པ་ལོ་གསུམ་དང་ཕྱོགས་གསུམ་དང་ཀྱང་ཡིག་གིས་གཞན་ཉིན་ཞག་སུམ་བཅུས་ཀྱང་ངོ་། །འདིར་འཆི་བའི་ཉིན་ཞག་རྒྱུ་བའི་གྲངས་ནི་དུས་ཀྱི་འཁོར་ལོ་དག་ལས་ཕྱེད་བཅས་སུམ་བཅུ་གཉིས་ཀྱིས་བགོས་པའི་ཞེས་པ་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ལས་ཐོབ་པའི་ཉིན་ཞག་གི་ཚོགས་ཏེ་ལྟེ་བའི་མཐར་ཐུག་པར་རིག་པར་བྱའོ། །འདིར་ཕྱེད་དང་བཅས་པའི་སུམ་བཅུ་རྩ་གཉིས་ཀྱིས་ཐོབ་པ་རྒྱུ་བའི་ཉིན་ཞག་སུམ་བཅུ་རྩ་བཞི་དང་། ཆུ་ཚོད་སུམ་བཅུ་རྩ་དྲུག་དང་། ཆུ་སྲང་ལྔ་བཅུ་རྩ་ལྔ་དང་། ཕྱེད་དང་བཅས་པའི་དབུགས་གཉིས་ཏེ་འདི་རྣམས་ལས་ཉིན་ཞག་གཅིག་ནི་ལྟེ་བ་ལའོ། །ལྷག་མ་ནི་གཡོན་དང་གཡས་པའི་འཆི་ལྟས་སུ་རིག་པར་བྱ་ཞིང་ཉིན་ཞག་སོ་སོར་རྒྱུ་བ་ནི་ཆུ་ཚོད་ལྷག་པར་འགྱུར་ཏེ། མཐའི་རྒྱུ་བ་ནི་གཡས་པའི་རྩ་ལའོ། །དུས་ཀྱི་འཆི་བའི་ངེས་པའོ། །ཞེས་གསུངས་སོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་བཤད་པ་ནི། ང་ནི་ལོ་གསུམ་ཕྱོགས་གསུམ་གྱི། །དབུ་མའི་འཆི་ལྟས་ངེས་པ་ནི། །ཟླ་བ་སོ་བདུན་ཕྱེད་བཅས་ལ། །ཞག་གི་འཕེལ་བ་སོ་གསུམ་སྟེ། །སོ་བཞི་ཕྱེད་བཅས་ཞག་གྲངས་ལ། །རེ་རེ་འཕེལ་འགྱུར་སུམ་བཅུའི་བར། །ལྟེ་བའི་ཁྱིམ་གྱི་རྩ་དྲུག་བཅུ། །གཡོན་དུ་མཁའ་ནས་རིམ་པ་ལྟར། །གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག །སྐམ་ཞིང་མི་མཉམ་རྒྱུ་བ་འཕེལ། །དེ་བཞིན་གཡས་ནས་མཉམ་པ་རུ། །གཉིས་བཞི་ལ་སོགས་ས་རླུང་ནས། །སྡུད་རིམ་འགག་ཅིང་ཁྱིམ་དྲུག་སྟོངས། །དེ་རྗེས་ཟླ་བ་གསུམ་པ་ལ། །གཡོན་ནས་སོ་གཅིག་སྙིང་སྟོབས་ཟད། །གཡས་ནས་སོ་གཉིས་རྡུལ་ཟད་བྱེད། །རྩ་བའི་རྩ་ཆེན་དྲུག་དྲུག་འགག །དེ་རྗེས་སོ་གསུམ་རླུང་ཀུན་འགག །མུན་པ་ཆེན་པོ་ཟད་བྱེད་རླུང་། །ཞག་གཅིག་རྒྱུ་ཞིང་འཕོ་བར་བྱེད། །སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས། །དབུ་མའི་འཆི་ལྟས་ངེས་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་དབུ་མའི་དུས་འཆིའི་ངེས་པ་བཤད་ཟིན་ནས་ང་ནི་ལོ་གསུམ་ཕྱོགས་གསུམ་གྱི་དབུ་མའི་འཆི་ལྟས་ཀྱི་ངེས་པ་ནི་འདི་ཡིན་ཏེ་ཞེས་མཚམས་སྦྱར་ནས་ལོ་གསུམ་ཕྱོགས་གསུམ་དེ་ལ་ཟླ་བ་སོ་བདུན་ཕྱེད་དང་བཅས་པ་ཡོད་ལ། དེའི་རིང་ལ་འཆི་ཞག་གི་འཕེལ་བ་སུམ་བཅུ་སོ་གསུམ་འབྱུང་སྟེ། སུམ་བཅུ་སོ་བཞི་ཕྱེད་དང་བཅས་པའི་ཞག་གྲངས་ལ་སྣ་གཡས་གཡོན་རེ་མོས་ཀྱིས་འཆི་ཞག་རེ་རེ་འཕེལ་བར་འགྱུར་བས་འཆི་ལྟས་ཞག་སུམ་བཅུའི་བར་དུ་འཕེལ་བ་ཡིན་ནོ། །དེ་ལྟར་འཆི་ལྟས་ཞག་སུམ་བཅུར་འཕེལ་བ་དེ་ཡང་ལྟེ་བའི་ལུག་སོགས་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་དྲུག་བཅུ་ལས་གཡོན་དུ་ལུག །འཁྲིག་པ། སེང་གེ །སྲང་། གཞུ། བུམ་པ་རྣམས་ལ་ནམ་མཁའི་རླུང་ནས་རིམ་པ་ལྟར་རླུང་མེ་ཆུ་སའི་དཀྱིལ་འཁོར་སྐྱེ་བའི་རིམ་པས་གཅིག །གསུམ། ལྔ་ལ་སོགས་པ་མི་མཉམ་པའི་རླུང་གི་རྒྱུ་བ་འཕེལ་བའི་དབང་གིས་འཆི་ལྟས་འཕེལ་བའི་ཞག་གསུམ་གྱིས་ནི་རྩ་དྲུག་གི་ནུས་པ་སྐམ་ཞིང་འཆི་ལྟས་འཕེལ་བར་འགྱུར་རོ། །སྣ་བུག་གཡོན་དེ་བཞིན་དུ་སྣ་བུག་གཡས་ནས་གླང་། ཀརྐ་ཊ། བུ་མོ། སྡིག་པ། ཆུ་སྲིན། ཉ་སྟེ་མཉམ་པའི་ཁྱིམ་དྲུག་ལ་གཉིས་བཞི་དྲུག་ལ་སོགས་པ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལ་སྡུད་རིམ་གྱི་རྒྱུ་བས་འཆི་ལྟས་འཕེལ་བའི་ཞག་གསུམ་གྱིས་ནི་རྩ་དྲུག་གི་ནུས་པ་འགག་ཅིང་སྐམ་པས་ཁྱིམ་དྲུག་གི་རྩ་སྟོངས་སོ། །ཟླ་བ་ཕྱེད་དང་སོ་ལྔ་པོ་དེའི་རྗེས་སུ་ཟླ་བ་ལྷག་མ་གསུམ་པོ་ལ་འཆི་ལྟས་འབྱུང་བའི་ཚུལ་ནི། ཟླ་བ་དང་པོ་ལ་སྣ་གཡོན་ནས་འཆི་ཞག་སོ་གཅིག་རྒྱུ་བས་ལུས་ཀྱི་སྙིང་སྟོབས་བད་ཀན་གྱི་ཁམས་ཟད་པས་ལྟེ་བའི་གཡོན་གྱི་མི་མཉམ་པའི་ཁྱིམ་དྲུག་གི་རྩ་སུམ་བཅུ་ནས་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་ཟད་པས་ཟླ་བའི་བགྲོད་པ་མཐར་ཐུག་པ་ཡིན་ནོ། །དེ་རྗེས་ཟླ་བ་གཉིས་པ་ལ་སྣ་གཡས་ནས་འཆི་ཞག་སོ་གཉིས་རྒྱུ་བས་རྡུལ་དང་མཁྲིས་པའི་ཁམས་ཟད་ཏེ་ལྟེ་བའི་གཡས་ཀྱི་མཉམ་པའི་ཁྱིམ་དྲུག་གི་རྩ་སུམ་བཅུ་ནས་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་སྡུད་ཅིང་ཉི་མའི་བགྲོད་པ་མཐར་ཐུག་པ་ཡིན་ནོ། །དེས་ན་ཟླ་བ་གཉིས་དང་ཞག་གཉིས་ཀྱིས་སྙིང་སྟོབས་དང་རྡུལ་གྱི་ཁམས་ཟད་པས་དཀྱིལ་འཁོར་དྲུག་བཅུའི་རྩ་བའི་རྩ་ཆེན་གཡས་ནས་དྲུག་དང་གཡོན་ནས་དྲུག་ཏེ་བཅུ་གཉིས་འགག་གོ །དེ་རྗེས་ཟླ་བ་གསུམ་པ་ལ་སྣ་གཉིས་ཀ་ནས་འཆི་ཞག་སོ་གསུམ་རྒྱུ་བས་རླུང་དང་སྒྲ་གཅན་གྱི་ཁམས་ཀུན་འགག་པར་བྱེད་པས་སྤྱི་བོའི་རྩ་འདབ་བཅུ་བཞི། མགྲིན་པའི་ཉེར་བརྒྱད་སྙིང་གའི་བརྒྱད། གསང་བའི་སོ་གཉིས་རྣམས་འགག་ཅིང་ཕུང་ཁམས་སྐྱེ་མཆེད་རྣམས་སྦྱོར་བ་མེད་པས་མུན་པ་ཆེན་པོའི་མིང་ཅན་ཡེ་ཤེས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་གཅིག་རྒྱུ་ཞིང་དེ་ནས་ཡེ་ཤེས་ཀྱི་རླུང་ཟད་ནས་འཆི་འཕོ་བར་བྱེད་དོ། །མདོར་ན་ལོ་བརྒྱའི་དབུ་མའི་ཐོབ་སྐལ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་ཀྱི་ངེས་པ་ནི། ལོ་གསུམ་ཕྱོགས་གསུམ་པོ་དེ་ཟླ་བ། ཞག །ཆུ་ཚོད། ཆུ་སྲང་། དབུགས་ཀྱི་བར་བསིལ་ནས་དེ་ཉིད་དབུགས་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས་ཤེས་པ་ཡིན་ཏེ། དེ་ཡང་དབུགས་ཕྱེད་གཞུག་པའི་ཕྱིར་དུ་དབུགས་སོ་གཉིས་པོ་གཉིས་ཀྱིས་བསྒྱུར་བ་ལ་ཕྱེད་པ་གཅིག་བཅུག་པས་དྲུག་བཅུ་རྩ་ལྔ་འབྱུང་། དེ་ནི་བགོད་བྱེད་སྐྱེས་བུ་ཡིན་ལ། བགོ་བྱ་དང་བགོད་བྱེད་ཤེད་མཚུངས་པའི་ཕྱིར་དུ་བགོ་བྱའང་གཉིས་ཀྱིས་བསྒྱུར་ནས་བགོད་བྱེད་ཀྱིས་བགོས་པས་ལྷག་ཉི་ཤུ་ལུས་པ་ཕྱེད་དང་བཅས་པའི་དབུགས་སོ་གཉིས་ཀྱི་ཆ་ཡིན་ལ། རྙེད་པ་ལ་དྲུག་གིས་བགོས་པས་ལྷག་གཉིས་ལུས་པ་དབུགས། དེས་རྙེད་པ་ལ་དྲུག་བཅུས་བགོས་པས་ལྷག་ལྔ་བཅུ་རྩ་ལྔ་ལུས་པ་ཆུ་སྲང་དང་། དེའི་རྙེད་པ་ལ་དྲུག་བཅུས་བགོས་པས་ལྷག་སོ་དྲུག་ལུས་པ་ཆུ་ཚོད་དང་། རྙེད་པ་སོ་བཞི་རྗེས་འབྲང་དང་བཅས་པ་ནི་དབུ་མའི་འཆི་ལྟས་ཀྱི་ངེས་པ་ཡིན་ནོ། །ཞེས་བྱ་བ་ནི་གཞུང་ཇི་ལྟ་བ་བཞིན་དུ་བཤད་པའོ། །འདིར་ཞིབ་པར་བརྩིས་ན་ལོ་གསུམ་ཕྱོགས་གསུམ་ལ་ཟླ་བ་ཕྱེད་དང་སོ་བརྒྱད་ཡོད། དེ་ལ་ཡང་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་འབྱུང་བ་དེའི་རིང་ལ་འཆི་ཞག་སོ་གསུམ་འབྱུང་ངོ་། །ཇི་ལྟར་འབྱུང་བའི་ཚུལ་ཡང་ལྟེ་བའི་འཁོར་ལོའི་གཡོན་དུ་རྒྱུ་བ་འཕོ་བའི་ཉིན་ཞག་ལྔ་རྣམས་ཀྱིས་ལུག་ལ་སོགས་པ་མི་མཉམ་པའི་འདབ་མ་དྲུག་པོ་རྣམས་ལ་ནམ་མཁའི་རླུང་གི་དཀྱིལ་འཁོར་དྲུག་འབབ་པ་འདོར་བར་བྱེད་དོ། །དེ་བཞིན་དུ་གཡས་པ་ལ་རྒྱུ་བའི་འཆི་ཞག་གཅིག་འཕེལ་བས་འཕོ་བའི་ཉིན་ཞག་དྲུག་རྣམས་ཀྱིས་གླང་ལ་སོགས་པ་མཉམ་པའི་འདབ་མ་དྲུག་པོ་རྣམས་ལ་སའི་རླུང་གི་དཀྱིལ་འཁོར་འབབ་པ་འདོར་བར་བྱེད་དོ། །ཡང་གཡོན་པའི་རྩ་ལ་འཆི་ཞག་ལྔ་འཕེལ་བས་ཉིན་ཞག་བཅུ་གཅིག་གིས་རླུང་གི་རླུང་གི་དཀྱིལ་འཁོར་འབབ་པ་རྣམས་འདོར་བར་བྱེད་དོ། །ཡང་གཡས་པའི་འདབ་མ་ལ་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་བཅུ་གཉིས་ཀྱིས་ཆུ་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །སླར་ཡང་གཡོན་པའི་འདབ་མ་ལ་འཆི་ཞག་ལྔ་འཕེལ་བས་ཉིན་ཞག་བཅུ་བདུན་གྱིས་མེ་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །ཡང་གཡས་པའི་འདབ་མ་ལ་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་བཅོ་བརྒྱད་ཀྱིས་མེ་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །སླར་ཡང་གཡོན་པའི་འདབ་མེ་ལ་འཆི་ཞག་ལྔ་འཕེལ་བས་ཉིན་ཞག་ཉི་ཤུ་རྩ་གསུམ་གྱིས་ཆུ་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །ཡང་གཡས་ཀྱི་འདབ་མ་ལ་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་ཉི་ཤུ་རྩ་བཞིས་རླུང་གི་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །སླར་ཡང་གཡོན་གྱི་འདབ་མ་དྲུག་ལ་འཆི་ཞག་ལྔ་འཕེལ་བས་ཉིན་ཞག་ཉི་ཤུ་རྩ་དགུས་ས་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །ཡང་གཡས་ཀྱི་འདབ་མ་དྲུག་ལ་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་སུམ་བཅུས་ནམ་མཁའི་རླུང་གི་དཀྱིལ་འཁོར་རྣམས་འདོར་རོ། །དེ་ལྟར་ན་གཡོན་དང་གཡས་ཀྱི་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་དྲུག་བཅུར་རླུང་མི་རྒྱུ་བས་ལྟེ་བའི་ཕྱི་བསྐོར་གྱི་རྩ་འདབ་དྲུག་བཅུ་བསྐམས་སོ། །དེའི་རྗེས་སུ་གཡོན་ནས་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་སྙིང་སྟོབས་ཟླ་བའི་རླུང་ཐམས་ཅད་ཟད་ཏེ་ཟླ་བའི་འཕོ་བ་མཐར་ཐུག་ཅིང་ལུག་སོགས་མི་མཉམ་པའི་ཁྱིམ་དྲུག་གི་རྩ་དྲུག་ཀྱང་སྟོངས་སོ། །ཡང་གཡས་སུ་འཕོས་ནས་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་སོ་གཉིས་རྒྱུས་པས་མཁྲིས་པའི་ཁམས་དང་རྡུལ་ཉི་མའི་རླུང་ཐམས་ཅད་ཟད་པར་བྱས་ཏེ་ཉི་མའི་འཕོ་བ་མཐར་ཐུག་ཅིང་གླང་སོགས་མཉམ་པའི་ཁྱིམ་དྲུག་གི་རྩ་དྲུག་ཀྱང་སྟོངས་སོ། །དེ་ལྟར་ལྟ་བའི་ཕྱི་བསྐོར་གྱི་རྩ་འདབ་དྲུག་བཅུ་དང་བར་བསྐོར་གྱི་བཅུ་གཉིས་ཏེ་ལྟེ་བའི་རྩ་དོན་གཉིས་པོ་ཐམས་ཅད་འགགས་ཤིང་སྟོངས་སོ། །དེ་རྗེས་འཆི་ཞག་གཅིག་འཕེལ་བས་ཉིན་ཞག་སུམ་བཅུ་སོ་གསུམ་དུ་མུན་པ་དང་རླུང་གི་ཁམས་ཟད་པར་བྱེད་པའི་རླུང་རྒྱུ་སྟེ། དེའི་རིང་ལ་སྤྱི་བོའི་རྩ་བཅུ་བཞི། མགྲིན་པའི་ཉེར་བརྒྱད། སྙིང་གའི་བརྒྱད། གསང་བའི་ཉེར་བརྒྱད་རྣམས་བསྐམས་ཤིང་སྒྲ་གཅན་གྱི་འཕོ་བ་མཐར་ཐུག་པ་ཡིན་ནོ། །དེ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་ཡུལ་དང་ཡུལ་ཅན་རྣམས་ཡང་དག་པར་སྦྱོར་ཞིང་གནས་པ་མེད་པས་མུན་པ་ཆེན་པོའི་རླུང་ཞེས་བྱ་བ་ཡེ་ཤེས་ཀྱི་རླུང་ཟད་པར་བྱེད་པའི་རླུང་ཞག་གཅིག་རྒྱུ་བས་ལྟེ་བའི་ནང་བསྐོར་གྱི་རྩ་འདབ་བཞི་ལ་སོགས་པ་འཁོར་ལོའི་ལྟེ་བ་རྣམས་བཅད་ནས་རླུང་རྣམས་འགགས་ཤིང་ཁམས་ཐམས་ཅད་དོར་ནས་སྲིད་པ་གཞན་དུ་འཕོ་བ་ཡིན་ནོ། །ལྟེ་བའི་གཡོན་དང་གཡས་ནས་འཆི་ཞག་འཕེལ་ཚུལ་ཅི་ལྟ་བུ་ཞེ་ན། ལྟེ་བའི་གཡོན་ནས་འཆི་ཞག་འཕེལ་བའི་ཚེ་ཟླ་བ་དྲུག་དྲུག་ལ་འཆི་ཞག་ལྔ་ལྔ་འཕེལ་བས་ཟླ་བ་སུམ་བཅུ་ན་འཆི་ཞག་ཉེར་ལྔ་འབྱུང་ལ། ལྟེ་བའི་གཡས་ནས་འཆི་ཞག་འཕེལ་བའི་ཚེ་ཉིན་ཞག་གསུམ་གྱིས་མ་ཆོག་པའི་ཟླ་བ་རེ་ན་འཆི་ཞག་རེ་འཕེལ་བས་ཟླ་བ་ཕྱེད་དང་ལྔ་ན་འཆི་ཞག་ལྔ་འབྱུང་བ་གོང་གི་འཆི་ཞག་ཉེར་ལྔའི་སྟེང་དུ་བསྣན་པས་འཆི་ཞག་སུམ་བཅུ་དང་ཟླ་བ་ཕྱེད་དང་ལྔ་པོ་གོང་གི་ཟླ་བ་སུམ་བཅུའི་སྟེང་དུ་བསྣན་པས་ཟླ་བ་ཕྱེད་དང་སོ་ལྔ་དང་གུང་འགྲིག་པ་ཡིན་ནོ། །འདི་ནི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཇི་ལྟ་བ་བཞིན་བཤད་པ་ཡིན་ཏེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། དུས་ཀྱི་ལོ་སྟེ་ལོ་གསུམ་དང་ཕྱོགས་གསུམ་གྱི་བར་དུ་ཉིན་ཞག་བགྲོད་པའི་དབང་གིས་ཞེས་པ་ལ་ཉིན་ཞག་ནི་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་སྟེ་དེ་རྣམས་ཀྱི་བགྲོད་པའི་དབང་གིས་ཇི་སྲིད་སྲོག་ཟད་པར་འགྱུར་བ་དེ་སྲིད་དུ་འཕོ་ཞིང་རྒྱུ་བར་བྱེད་པའོ། །ཟླ་བ་ཞེས་པ་གཡོན་པའི་ལམ་དང་ཉི་མའི་ལམ་གཡས་པ་ལ་མི་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་རིམ་པས་སོ་ཞེས་པ་ནི་གལ་ཏེ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པར་གྱུར་ན་གཡོན་པའི་རྩ་ལ་ཉིན་ཞག་གཅིག་རྒྱུའོ། །གལ་ཏེ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པར་གྱུར་ན་གཡས་པ་ལ་ཉིན་ཞག་གཉིས་རྒྱུའོ། །དེ་ནས་སླར་ཡང་འཕོ་བའི་དབྱེ་བ་ནི་མི་མཉམ་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡོན་པ་ལ་རྒྱུ་བའི་མཇུག་དང་གཡས་པ་ལ་རྒྱུ་བའི་མཇུག་ཏུ་རྒྱུ་བའི་ཉིན་ཞག་གི་ཚད་ཀྱིས་བྱེད་པ་ནི་བཅུ་གཉིས་རྩིབས་ཀྱི་ཁྱིམ་གྱི་འཁོར་ལོ་ལ་རིམ་པས་དཀྱིལ་འཁོར་ལྔ་ཡོངས་སུ་དོར་བའི་སླད་དུ་སྟེ་གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་ཅིང་གཡས་ཀྱི་རྩ་ལ་ས་ལ་སོགས་པའི་དཀྱིལ་འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་དོ། །འདིར་རྩ་གཡོན་པ་ལ་རྒྱུ་བ་དང་འཕོ་བའི་ཉིན་ཞག་ལྔ་རྣམས་ཀྱིས་ལུག་ལ་སོགས་པ་མི་མཉམ་པའི་འདབ་མ་དྲུག་པོ་རྣམས་ལ་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པ་སྲོག་གི་རླུང་གིས་འདོར་རོ། །གཡས་པ་ལ་རྒྱུ་བའི་ཉིན་ཞག་དྲུག་དང་འཕོ་བའི་ཉིན་ཞག་དྲུག་རྣམས་ཀྱིས་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་པོ་རྣམས་ལ་སའི་དཀྱིལ་འཁོར་རབ་ཏུ་འབབ་པ་སྲོག་གིས་འདོར་རོ། །དེ་བཞིན་དུ་གཡོན་པའི་རྩ་ལ་ཉིན་ཞག་བཅུ་གཅིག་གིས་རླུང་གི་དཀྱིལ་འཁོར་འདོར་རོ། །གཡས་པ་ལ་ཉིན་ཞག་བཅུ་གཉིས་ཀྱིས་ཆུའི་དཀྱིལ་འཁོར་འདོར་རོ། །དེ་བཞིན་དུ་གཡོན་པའི་འདབ་མ་ལ་ཉིན་ཞག་བཅུ་བདུན་གྱིས་མེའི་དཀྱིལ་འཁོར་འདོར་རོ། །གཡས་པའི་འདབ་མ་ལ་ཉིན་ཞག་བཅོ་བརྒྱད་ཀྱིས་མེའི་དཀྱིལ་འཁོར་འདོར་རོ། །སླར་ཡང་གཡོན་པའི་འདབ་མ་ལ་ཉིན་ཞག་ཉི་ཤུ་རྩ་གསུམ་གྱིས་ཆུའི་དཀྱིལ་འཁོར་འདོར་རོ། །གཡས་པའི་འདབ་མ་ལ་ཉིན་ཞག་ཉི་ཤུ་རྩ་བཞིས་རླུང་གི་དཀྱིལ་འཁོར་འདོར་རོ། །སླར་ཡང་གཡོན་པའི་འདབ་མ་དྲུག་ལ་ཉིན་ཞག་ཉི་ཤུ་རྩ་དགུས་སའི་དཀྱིལ་འཁོར་འདོར་རོ། །གཡས་པ་ལ་ཉིན་ཞག་སུམ་བཅུས་ནམ་མཁའི་དཀྱིལ་འཁོར་འདོར་ཏེ་དེ་ལྟར་ན་མཉམ་པ་དང་མི་མཉམ་པའི་ཉིན་ཞག་རྣམས་གཡོན་པ་དང་གཡས་པ་ལ་རྒྱུ་བའི་ཉིན་ཞག་སུམ་བཅུ་དང་འཕོ་བའི་ཉིན་ཞག་སུམ་བཅུས་དུས་སྦྱོར་བཅུ་གཉིས་ཀྱི་རྩའི་འདབ་མ་རྣམས་ལ་དཀྱིལ་འཁོར་ལྔ་ཡོངས་སུ་འདོར་རོ། །དེ་ནས་གཡོན་པའི་རྩ་མི་མཉམ་པའི་འདབ་མ་རྣམས་ལ་རྒྱུ་བའི་ཉིན་ཞག་སུམ་བཅུ་རྩ་གཅིག་དང་འཕོ་བའི་ཉིན་ཞག་སུམ་བཅུ་རྩ་གཅིག་གིས་ཀྱང་སྙིང་སྟོབས་ཀྱི་ཁམས་ཟད་དོ། །གཡས་པའི་རྩ་ལ་རྒྱུ་བའི་ཉིན་ཞག་སུམ་བཅུ་རྩ་གཉིས་དང་འཕོ་བའི་ཉིན་ཞག་སུམ་བཅུ་རྩ་གཉིས་ཀྱིས་ཀྱང་རྡུལ་གྱི་ཁམས་ཟད་དོ། །དེ་ནས་མི་མཉམ་པའི་འདབ་མ་ལ་རྒྱུ་བའི་ཉིན་ཞག་སུམ་བཅུ་རྩ་གསུམ་དང་འཕོ་བའི་ཉིན་ཞག་སུམ་བཅུ་རྩ་གསུམ་གྱིས་མུན་པའི་ཁམས་ཟད་ཏེ་དེ་ལྟར་བད་ཀན་གྱི་རྩ་ཟད་པ་ནི་སྙིང་སྟོབས་ཀྱི་ཁམས་དང་མཁྲིས་པའི་རྩ་ཟད་པ་ནི་རྡུལ་གྱི་ཁམས་དང་རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་ཞེས་བརྗོད་ཏེ་རྒྱུ་བའི་ཉིན་ཞག་སུམ་བཅུ་རྩ་གསུམ་དང་འཕོ་བའི་ཉིན་ཞག་སུམ་བཅུ་རྩ་གསུམ་གྱིས་སོ། །ཁྱིམ་གཉིས་ཀའི་ཉིན་ཞག་བསྡུས་པས་ཉིན་ཞག་གསུམ་གྱིས་དམན་པའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཏེ་ཉིན་ཞག་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩ་གཅོད་པ་ནི་སྲོག་གི་རླུང་གི་གནས་ཡོངས་སུ་འདོར་བ་སྟེ་དེ་ལྟར་ཕྱེད་དང་བཅས་པའི་ཟླ་བ་དང་ཇི་སྲིད་ལོ་གསུམ་གྱི་ཉིན་ཞག་རྣམས་སྲོག་རྒྱུ་བས་སོ། །དེ་ནས་གཞན་ནི་སུམ་བཅུ་དག་དང་ཞེས་པ་མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་སུམ་བཅུའི་བདག་ཉིད་དང་འཆི་བདག་གི་ཉིན་ཞག་གསུམ་གྱི་བར་དུ་གཡས་པའི་རྩ་ལ་རྒྱུ་ཞིང་འཕོ་བ་ཐམས་ཅད་མེད་པས་ཉིན་ཞག་སུམ་བཅུ་རྩ་གསུམ་གྱི་བར་དུ་ཕུང་པོ་དང་ཁམས་རྣམས་རྣམ་པར་གཅོད་པ་སྟེ་འདིར་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་ས་ལ་སོགས་པ་ཁམས་ལྔ་དང་ལུས་ཀྱི་དབང་པོ་ལ་སོགས་པ་དབང་པོ་ལྔ་དང་དྲི་ལ་སོགས་པ་ཡུལ་ལྔ་དང་བཤང་ལམ་ལ་སོགས་པ་ལས་ཀྱི་དབང་པོ་ལྔ་དང་སྨྲ་བ་ལ་སོགས་པ་ལས་ཀྱི་དབང་པོའི་ཡུལ་ལྔ་སྟེ་འདི་རྣམས་ཉིན་ཞག་སུམ་བཅུ་རྩ་གསུམ་གྱིས་གཅོད་ཅིང་ཕན་ཚུན་ཡང་དག་པར་སྦྱོར་བ་མེད་པར་འགྱུར་རོ། །དེ་ནས་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་ཉིན་ཞག་གཅིག་དབུ་མ་ལ་འཇུག་གོ །ཕུང་པོ་དྲུག་པ་དང་ཁམས་དྲུག་པ་དང་དབང་པོ་དྲུག་པ་དང་ཡུལ་དྲུག་པ་དང་ལས་ཀྱི་དབང་པོའི་ཡུལ་དྲུག་པ་ཁུ་བ་འཕོ་བ་ནི་འཆི་བའི་མཐར་འགྱུར་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་གཅོད་པའི་ངེས་པའོ། །ཞེས་གསུངས་སོ། །རྣམ་གཉིས་ཀྱི་འགྱུར་དང་གཞུང་གི་བཤད་ཚུལ་ཅུང་ཟད་མ་མཐུན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བརྟག་པར་བྱའོ། །གསུམ་པ་གཡས་ཉི་མའི་འཆི་ལྟས་བཤད་པ་ནི། དེ་ནས་དུས་མིན་ཉི་མ་ཡི། །འཆི་ལྟས་ངེས་པ་འདི་ལྟ་སྟེ། །གཡས་སུ་ཞག་གཅིག་རྒྱུ་བ་ནི། །ལོ་གསུམ་ཕྱོགས་གསུམ་ན་འཆིའོ། །ལྔ་རྒྱུ་ལོ་གསུམ་ཚེ་ཡིན་ཏེ། །བཅུ་རྒྱུ་ལོ་གཉིས་ཚེ་ཡིན་ནོ། །བཅོ་ལྔ་རྒྱུ་ན་ལོ་གཅིག་ཚེ། །ཉི་ཤུ་རྒྱུ་ན་ཟླ་དྲུག་འཚོ། །ཉེར་ལྔ་རྒྱུ་ན་ཟླ་བ་གསུམ། །དེ་རྣམས་ལྔ་ཚན་འཕེལ་བ་སྟེ། །ཁྱིམ་ལྔ་སྟོངས་པར་འགྱུར་བ་ཡིན། །དེ་ནས་རེ་རེས་ཁྱིམ་རེ་འདོར། །ཉེར་དྲུག་རྒྱུ་བས་ཟླ་གཉིས་ཚེ། །ཉེར་བདུན་རྒྱུ་བས་ཟླ་གཅིག་ཐུབ། །ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། །དེ་ནས་སུས་ཀྱང་བཟློག་མི་ནུས། །ཞག་ནི་སོ་གསུམ་ན་འཆི་བ། །བཅོ་ལྔ་བཅུ་དང་ལྔ་དང་གསུམ། །ཁྱིམ་བཞི་འདོད་བྱེད་བཅུ་གཅིག་སྟོངས། །ཉི་མའི་སྟོབས་ཟད་དེ་འོག་ཏུ། །ཟླ་བ་ཟད་པར་བྱེད་པའི་རླུང་། །གཡོན་ནས་ཞག་གཉིས་རྒྱུ་བར་བྱེད། །ཁྱིམ་ནི་བཅུ་གཉིས་པ་ཡང་སྟོངས། །དེ་ནས་དགུ་མར་ཞག་གཅིག་རྒྱུ། །རྣམ་ཤེས་ཕ་རོལ་འགྲོ་བར་བྱེད། །ཅེས་གསུངས་ཏེ། དེ་ཡང་དབུ་མའི་འཆི་ལྟས་བསྟན་པ་དེ་ནས་དུས་མིན་འཆི་བ་ཉི་མའི་འཆི་ལྟས་ཀྱི་ངེས་པ་ནི་འདི་ལྟ་སྟེ་ཞེས་མདོར་བསྟན་ཚུལ་གྱིས་མཚམས་སྦྱར་ནས་རྒྱས་པར་བཤད་པ་ནི་ལྟས་ངན་པ་སྟོན་པ་དང་ནད་ལ་སོགས་པའི་རྐྱེན་གྱིས་མ་ཡིན་པའི་འཆི་ལྟས་ཡིན་ངེས་ཀྱི་ཡོན་པོ་གཡས་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཕྱོགས་གསུམ་ན་ངེས་པར་འཆི་བའི་ལྟས་ཡིན་ནོ། །དེ་ནས་གཡས་སུ་ཡོན་པོ་ལྔ་རྒྱུ་ན་གཡས་ཀྱི་དུས་སྦྱོར་གླང་གི་དཀྱིལ་འཁོར་ལྔ་བཅད་དེ་འཚོ་བའི་ཚེ་ལོ་གསུམ་ཡོད་པ་ཡིན་ལ། དེའི་སྟེང་དུ་ལོ་གཅིག་ལ་འཆི་ཞག་ལྔ་འཕེལ་ཏེ་སྣ་གཡས་སུ་རླུང་འཆི་ཞག་བཅུ་རྒྱུས་པ་ལས་གཡས་ཀྱི་དུས་སྦྱོར་གཉིས་པའི་རྩེ་ལྔ་དོར་ནས་ལོ་གཉིས་ཀྱི་ཚེའི་ལྷག་ལུས་པ་ཡིན་ནོ། །ཡང་ལོ་གཅིག་གི་རིང་ལ་འཆི་ཞག་ལྔ་འཕེལ་ནས་སྣ་གཡས་ནས་ཞག་བཅོ་ལྔ་རྒྱུས་ན་གཡས་ཀྱི་ཁྱིམ་གསུམ་པའི་རྩ་ལྔ་འགགས་ནས་འཚོ་བའི་ཞག་ལོ་གཅིག་གི་ཚེ་ལུས་སོ། །དེ་ནས་ཟླ་བ་རེ་རེ་ལ་ཞག་རེ་འཕེལ་ནས་ཟླ་བ་དྲུག་གི་རིང་ལ་སྣ་གཡས་ནས་ཞག་ཉི་ཤུ་རྒྱུ་ན་ཁྱིམ་བཞི་པའི་རྩ་ལྔ་འགགས་ནས་ཚེའི་ལྷག་མ་ཟླ་བ་དྲུག་ཏུ་འཚོའོ། །དེ་ནས་ཟླ་བ་གསུམ་གྱི་རིང་ལ་འཆི་ཞག་ལྔ་འཕེལ་ནས་སྣ་གཡས་ནས་ཞག་ཉེར་ལྔ་རྒྱུ་ན་གཡས་ཀྱི་ཁྱིམ་ལྔ་པའི་རྩ་ལྔ་འགགས་ཏེ་ཚེའི་ལྷག་མ་ཟླ་བ་གསུམ་ལུས་སོ། །དེ་རྣམས་ནི་ལྔ་ཚན་དུ་འཕེལ་བ་སྟེ་དེ་ལྟར་ན་གཡས་ཀྱི་ཁྱིམ་ལྔ་སྟོངས་པར་འགྱུར་བ་ཡིན་ནོ། །དེ་ནས་འཚོ་བའི་ཞག་ཟླ་བ་གསུམ་ཡོད་པ་ལས་ཟླ་བ་རེ་རེ་བཞིན་འཆི་ཞག་རེ་རེ་འཕེལ་བས་ལྟེ་བའི་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ་དེ་ཡང་སྣ་གཡོན་ནས་ཞག་བཞི་ཐ་མལ་པའི་རླུང་རྒྱུས་ནས་སྣ་གཡས་སུ་འཆི་ཞག་ཉེར་དྲུག་རྒྱུ་བས་གཡས་ཀྱི་ཁྱིམ་དྲུག་པའི་རྩ་ལྔ་སྟོངས་ནས་ཟླ་བ་གཉིས་ཀྱི་ཚེའི་ལྷག་ལུས་སོ། །དེ་ནས་སྣ་གཡོན་ནས་ཐ་མལ་པའི་རླུང་ཞག་གསུམ་དང་གཡས་ནས་འཆི་ཞག་ཉེར་བདུན་རྒྱུ་བས་ཁྱིམ་བདུན་པའི་རྩ་ལྔ་སྟོངས་ནས་ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་བོ། །དེ་ལྟར་ཁྱིམ་བདུན་པ་ཕན་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བླུ་བར་ནུས་ལ། བདུན་པ་འདས་ནས་འཆི་ལྟས་ཀྱི་སྟོབས་རྒྱས་པའི་ཕྱིར་སུས་ཀྱང་བཟློག་པར་མི་ནུས་སོ། །དེ་ནས་ཞིབ་མོར་བརྩིས་ན་ཞག་པོ་སོ་གསུམ་ན་འཆི་བ་ཡིན་པ་ལས་ཚེའི་ལྷག་མ་ཟླ་བ་གཅིག་པོ་དེའི་ནང་ནས་འཆི་ཞག་བཅོ་ལྔ་རྒྱུས་པ་དང་། བཅུ་དང་། ལྔ་དང་། གསུམ་རྣམས་རིམ་པ་བཞིན་དུ་རྒྱུས་པ་ལས། ཁྱིམ་བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པའི་ཁྱིམ་བཞི་པོ་རྣམས་ཀྱི་རྩ་ལྔ་ལྔ་འདོར་བར་བྱེད་པས་ཁྱིམ་བཅུ་གཅིག་གི་རྩ་ལྔ་བཅུ་རྩ་ལྔ་སྟོངས་སོ། །དེ་ལྟར་ཁྱིམ་བཅུ་གཅིག་སྟོངས་ནས་ཉི་མའི་སྟོབས་ཟད་ཏེ་དེའི་འོག་ཏུ་ཟླ་བའི་སྟོབས་ཟད་པར་བྱེད་པའི་རླུང་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་པ་དེས་ཁྱིམ་བཅུ་གཉིས་པའི་རྩ་ལྔ་པོ་ཡང་སྟོངས་ཤིང་། དེ་ནས་དབུ་མར་མུན་པ་ཆེན་པོའི་རླུང་མཉམ་རྒྱུ་ཞག་གཅིག་གི་རིང་ལ་རྒྱུ་བས་འཁོར་ལོའི་ལྟེ་བ་རྣམས་བཅད་ནས་རྣམ་པར་ཤེས་པ་སྲིད་པ་ཕ་རོལ་ཏུ་འགྲོ་བར་བྱེད་དོ། །དོན་འདི་ནི་དྲི་མ་མེད་པའི་འོད་ལས་རྒྱས་པར་གསུངས་ཏེ། དེ་ནི་ལྔ་ནས་ཞེས་པ་ལ་སོགས་པས་རྩ་གཡས་པ་ལ་ཉི་མའི་འཆི་ལྟས་གསུངས་ཏེ། འདིར་ལུས་ལ་ཟླ་བས་ཉི་མའི་ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ཏེ། ཉི་མའི་ཟླ་བའི་ཡོན་ཏན་སྒྲ་དང་རེག་པ་དང་རོ་དང་གཟུགས་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ཏོ། །ཁྱིམ་ལྔའི་བར་དུ་ལྔ་ལྷག་པ་སྟེ་ལྔ་པ་ལྔས་སོ། །དེ་ནས་ཁྱིམ་གཉིས་ནི་རེ་རེ་ལྷག་པས་སོ། །དེ་ནས་རྩ་བ་ནས་བརྩམས་ནས་ཉིན་ཞག་སུམ་བཅུ་རྩ་གསུམ་གྱི་བར་དུ་རྒྱུ་སྟེ། ཉིན་ཞག་བཅོ་ལྔས་ཁྱིམ་བརྒྱད་པ་འདོར་ཞིང་བཅུས་ཁྱིམ་དགུ་པ་འདོར་ཏེ་ལྔས་ཁྱིམ་བཅུ་པ་འདོར་རོ། །གསུམ་གྱིས་ཁྱིམ་བཅུ་གཅིག་པ་འདོར་ཏེ། དེ་ལྟར་ན་ཉིན་ཞག་སུམ་བཅུ་རྩ་གསུམ་དུ་གཡས་ཀྱི་རྩ་ལ་སྲོག་རྒྱུའོ། །དེ་ནས་ཁྱིམ་བཅུ་གཉིས་པ་ལ་གཡོན་གྱི་རྩའི་ཁམས་ལྔ་ཟད་པའི་དོན་དུ་གཡོན་གྱི་རྩ་ལས་ཉིན་ཞག་གཉིས་སོ། །དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་དབུ་མའི་རྩ་ལ་ཉིན་ཞག་གཅིག་སྟེ་དེ་ནས་འཆི་བར་འགྱུར་རོ། །འདི་ལྟ་སྟེ་ཉིན་ཞག་ལྔའི་མཐའ་ནས་ཉིན་ཞག་ཉི་ཤུ་རྩ་ལྔའི་བར་དུ་བགྲོད་ཅིང་སྐྱེ་བ་ཉིན་ཞག་ལྔ་ལྔ་ཡིས་ནི་སྐྱེ་ཞིང་འཕེལ་བ་སྟེ་ཞེས་པ་ཉིན་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉི་ཤུ་རྩ་ལྔ་རྣམས་ཏེ་སྐྱེས་པ་ནས་ཁྱིམ་ལྔ་རྣམས་ལའོ། །དེ་ནས་རེ་རེ་ལྷག་པས་ཁྱིམ་དྲུག་པ་དང་བདུན་པ་ལ་རིམ་པས་སྙིང་སྟོབས་དང་རྡུལ་ཟད་པའི་དོན་དུ་ཉིན་ཞག་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་ནོ། །དེ་ནས་དུས་ནི་རྫོགས་པའི་གྱུར་ན་བཅུ་ནི་གསུམ་གྱིས་བསྒྱུར་བ་དག་སྟེ་ཁྱིམ་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་སྲོག་རྒྱུའོ། །དེ་ནས་བཅུ་གཅིག་པ་ལ་གསུམ་ལྷག་པའི་ཟླ་བར་འགྱུར་བ་ཇི་སྲིད་པ་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པས་འགྲེལ་ཆེན་ཉིད་ལས་ཤེས་པར་བྱའོ། །བཞི་པ་གཡོན་ཟླ་བའི་འཆི་ལྟས་བཤད་པ་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། །གཡོན་ནས་ཞག་གཅིག་རྒྱུ་བ་ནི། །ལོ་གསུམ་ཕྱོགས་གསུམ་ནང་འཕོའི་རྟགས། །དེ་ནས་ཟླ་བ་དྲུག་པ་ལ། །ཞག་རེ་འཕེལ་བས་ཞག་གསུམ་རྒྱུ། །དེ་ནི་ཟླ་བ་གསུམ་གྱི་ཚེ། །ལྟེ་བའི་ཁྱིམ་གཅིག་སྟོངས་པ་ཡིན། །དེ་ནས་ཟླ་བ་རེ་རེ་བཞིན། །འཆི་ལྟས་ཞག་ནི་རེ་རེ་འཕེལ། །ཟླ་བ་གསུམ་གྱིས་ཁྱིམ་རེ་འདོད། །གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། །འཚོ་བའི་ཟླ་བ་བྲི་བ་ཡིན། །གང་ཚེ་ཞག་ནི་སོ་གསུམ་རྒྱུ། །ངེས་པར་ཞག་ནི་གསུམ་ན་འཆི། །ཁྱིམ་ནི་བཅུ་གཅིག་སྟོངས་པ་ཡིན། །དེ་ནས་ཞག་གཉིས་ཉི་མའི་ཁམས། ཟད་པར་བྱེད་པ་གཡས་ནས་རྒྱུ། དེའི་འོག་དབུ་མར་ཞག་གཅིག་ནས། རྣམ་ཤེས་གཞན་དུ་འཕོ་བ་ཡིན། ཞེས་གསུངས་ཏེ། དེ་ཡང་གཡོན་གྱི་ཟླ་བའི་འཆི་ལྟས་ཞུགས་པའི་རྟགས་བཤད་པ་ནི་ཞེས་མདོར་བསྟན་པའི་ཚུལ་གྱིས་མཚམས་སྦྱར་ནས་དེ་ཉིད་རྒྱས་པར་བཤད་པ་ནི། ལྟ་ངན་པ་སྟོན་པ་དང་ནང་ལ་སོགས་པའི་གཅིག་རྒྱུ་བ་ནི་ལོ་གསུམ་དང་ཕྱོགས་གསུམ་ན་འཆི་འཕོ་བའི་རྟགས་ཡིན་ལ། དེ་ནས་ཟླ་བ་གཉིས་གཉིས་ལ་འཆི་ཞག་རེ་རེ་འཕེལ་བ་ལས་ཟླ་བ་དྲུག་གི་རིང་ལ་འཆི་ཞག་གསུམ་རྒྱུ་སྟེ། དེ་ནས་འཚོ་བའི་ཟླ་བ་སུམ་བཅུའི་ཚེའི་ལྷག་ལུས་པ་ལས་ལྟེ་བའི་ལུག་གི་ཁྱིམ་གཅིག་པོའི་རྩ་ལྔ་སྟོངས་པ་ཡིན་ནོ། །དེ་ནས་ཟླ་བ་རེ་རེ་བཞིན་འཆི་ལྟས་ཀྱི་ཞག་རེ་འཕེལ་བ་ལས་ཟླ་བ་གསུམ་གསུམ་གྱིས་ཁྱིམ་རེ་འདོར་ཏེ། གཡོན་ནས་རླུང་འཆི་ཞག་འཕེལ་བའི་གྲངས་བཞིན་དུ་འཚོ་བའི་ཟླ་བའི་གྲངས་ཀྱང་འབྲི་བ་ཡིན་ལ། དེའི་ཚུལ་ཡང་སྔར་གྱི་འཆི་ཞག་གསུམ་གྱི་སྟེང་དུ་ཟླ་བ་གསུམ་གྱི་རིང་ལ་བསགས་པའི་འཆི་ཞག་གསུམ་དང་བཅས་པའི་འཆི་ཞག་དྲུག་གིས་ཁྱིམ་གཉིས་པའི་རྩ་ལྔ་སྟོངས་ཤིང་། འཚོ་བའི་ཚེའི་ལྷག་མ་ཟླ་བ་ཉེར་བདུན་ལུས་སོ། །དེ་བཞིན་དུ་འཆི་ཞག་དགུ་རྒྱུ་བ་ན་ཁྱིམ་གསུམ་པའི་རྩ་ལྔ་སྟོངས་ཤིང་། འཚོ་བའི་ཚེའི་ལྷག་མ་ཟླ་བ་ཉེར་བཞི་ལུས་སོ། །ཞག་བཅུ་གཉིས་རྒྱུ་བ་ན་ཁྱིམ་བཞི་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་ཉེར་གཅིག་ལུས་སོ། །ཞག་བཅོ་ལྔ་རྒྱུ་བ་ན་ཁྱིམ་ལྔ་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་བཅོ་བརྒྱད་ལུས་སོ། །ཞག་བཅོ་བརྒྱད་རྒྱུ་བ་ན་ཁྱིམ་དྲུག་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་བཅོ་ལྔ་ལུས་སོ། །ཞག་ཉེར་གཅིག་རྒྱུ་བ་ན་ཁྱིམ་བདུན་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་བཅུ་གཉིས་ལུས་སོ། །ཞག་ཉེར་བཞི་རྒྱུ་བ་ན་ཁྱིམ་བརྒྱད་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་དགུ་ལུས་སོ། །ཞག་ཉེར་བདུན་རྒྱུ་བ་ན་ཁྱིམ་དགུ་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་དྲུག་གོ །ཟླ་བ་གཅིག་རྒྱུ་ན་ཁྱིམ་བཅུ་པའི་རྩ་ལྔ་སྟོངས་ཤིང་འཚོ་བའི་ཚེའི་ལྷག་མ་ཟླ་བ་གསུམ་མོ། །གང་གི་ཚེ་ཟླ་བ་གསུམ་པོ་དེའི་རིང་ལ་འཆི་ལྟས་ཀྱི་རླུང་སྣ་གཡོན་པ་ནས་ཞག་སོ་གསུམ་རྒྱུ་བ་དེའི་ཚེ་ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཞག་ནི་གསུམ་ན་འཆི་ཞིང་ཁྱིམ་བཅུ་གཅིག་པའི་རྩ་ལྔ་སྟོངས་པ་ཡིན་ནོ། །དེ་ནས་འཚོ་བའི་ཚེའི་ལྷག་མ་ཞག་གསུམ་ལུས་པ་ལས་ཞག་གཉིས་ཀྱི་རིང་ལ་ཉི་མའི་ཁམས་ཟད་པར་བྱེད་པའི་རླུང་སྣ་བུག་གཡས་པ་ནས་རྒྱུ་བས་ཁྱིམ་བཅུ་གཉིས་པའི་རྩ་ལྔ་ཡང་སྟོངས་ནས་ཚོ་བའི་ཚེའི་ལྷག་མ་ཞག་གཅིག་ལུས་སོ། །དེའི་འོག་ཏུ་མུན་པ་ཆེན་པོའི་རླུང་ཞེས་བྱ་བ་དབུ་མའི་མཉམ་རྒྱུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་གཅིག་གི་རིང་ལ་རྒྱུས་ནས་རྣམ་པར་ཤེས་པ་སྲིད་པ་གཞན་དུ་འཕོ་བ་ཡིན་ནོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ལུས་ལ་ནད་དང་བྲལ་བ་རྣམས་ནི་ཁམས་མཉམ་པ་ཉིད་ཉེ་ནད་ཀྱིས་ཟིལ་གྱིས་མནན་པ་རྣམས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱིས་ཁམས་མི་མཉམ་པ་ཉིད་ཏེ་མི་མཉམ་པ་དེ་ལས་སྲོག་མི་མཉམ་པའོ། །དེས་ན་རྩ་གཅིག་སྟེ་གཡོན་པ་ལ་ཉིན་དང་མཚན་མོར་གལ་ཏེ་འབབ་ན་དེའི་ཚེ་འཚོ་བ་དག་ནི་དུས་ཀྱི་ལོ་ཞེས་པ་ལོ་བརྒྱ་རྫོགས་པའི་དབུ་མའི་མཚན་ཉིད་ནི་མི་རྣམས་ཀྱི་འཚོ་བའི་གྲངས་སུ་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་པར་འབབ་ན་དེའི་ཚེ་ཕྱེད་དང་བཅས་པའི་ལོ་ནི་ཚེར་འགྱུར་ཏེ་དེ་ནས་འཆི་བར་འགྱུར་རོ། །གལ་ཏེ་ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་དེ་བར་ཆད་མེད་པར་རྩ་གཡོན་པར་འབབ་ན་དེའི་ཚེ་འཚོ་བ་ཟླ་བ་གསུམ་དུ་འགྱུར་རོ། །དེ་ལྟར་རྣལ་འབྱོར་བས་ནི་རང་ལུས་ངག་ལ་ཟླ་བགྲོད་འཆི་བ་དུས་ཀྱི་འཁོར་ལོར་ཤེས་པར་བྱ་ཞེས་པ་ནི་འཆི་ལྟས་ཀྱི་ཡུལ་ལ་དུས་ཀྱི་འཁོར་ལོར་རྩིབས་བཅུ་གཉིས་པའི་ཁྱིམ་གྱི་འཁོར་ལོ་ཏེ། དེ་ཉིད་ས་ལ་བྲིས་ནས་འདབ་མ་དང་པོ་ལ་འཆི་ལྟས་ཀྱི་ཉིན་ཞག་གཅིག་དང་ཚེའི་ཟླ་བ་སུམ་བཅུ་རྩ་དྲུག་དགོད་པར་བྱའོ། །དེ་ནས་ཟླ་བ་གཅིག་མི་འབབ་བོ། །འཆི་ལྟས་ཀྱི་ཉིན་ཞག་འཕེལ་བ་ནི་ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་འཇུག་པ་ན་གཡོན་པའི་རྩ་དེ་ཉིད་ཀྱི་འདབ་མ་ལ་ཉིན་ཞག་གཉིས་པ་འབབ་བོ། །དེ་ནས་ཟླ་བ་བཞི་པ་ལ་མི་འབབ་བོ། །ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་འཇུག་པ་ན་གཡོན་པའི་རྩར་ཉིན་ཞག་གསུམ་པའི་སྲོག་འབབ་བོ། །ཟླ་བ་ལྔ་པ་དེ་ནས་ཟླ་བ་དྲུག་པ་ལ་མི་འབབ་བོ། །དེ་ལྟར་ན་ཟླ་བ་དྲུག་གི་འཆི་ལྟས་ཀྱི་ཉིན་ཞག་གསུམ་སྟེ། བར་གྱི་ཉིན་ཞག་གསུམ་པོ་ནི་མཐར་གཡས་དང་དབུས་ཀྱི་འཆི་ལྟས་ཀྱི་ཆོས་ཅན་ནོ། །འཆི་ལྟས་ཞེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་སྟེ། འཆི་ལྟས་མིན་པ་ནི་ལོ་བརྒྱའི་མཚམས་སུ་འཆི་བའོ། །དེ་ལྟར་ན་འཆི་ལྟས་ཀྱི་ཉིན་ཞག་དང་བཅས་པ་འཚོ་བའི་ཟླ་བ་སུམ་བཅུ་རྩ་དྲུག་ལས་ཟླ་བ་དྲུག་སོང་སྟེ་དེ་ནས་འདབ་མ་དེ་ལ་སྲོག་གི་རླུང་ཡང་དག་པར་རྒྱུ་བ་མེད་དོ། །འཕོ་བ་བཅུ་གཅིག་དང་དབུགས་དབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཉིན་མཚན་དུ་འགྱུར་ཏེ། འདིར་ཁྱིམ་གྱི་འདབ་མ་ཡོངས་སུ་དོར་ཀྱང་དབུགས་ཀྱི་འཁོར་ལོ་ནི་དམན་པ་མེད་དོ། །དེ་ནི་འདབ་མ་གཉིས་པ་ལ་ཉིན་ཞག་བཞི་བ་དང་ཉིན་ཞག་ལྔ་པ་དང་ཉིན་ཞག་དྲུག་པ་ནི་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་གྲངས་བཞིན་དུ་འབབ་སྟེ་འཚོ་བའི་ཟླ་བའི་ཚོགས་སུམ་བཅུ་པོ་དེ་ལས་ཟླ་བ་གསུམ་སོང་ངོ་། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་སྲོག་ཡང་དག་པར་རྒྱུའོ། །འདབ་མ་གཉིས་སྤངས་ཤིང་འཕོ་བ་བཅུས་ཉིན་མཚན་བྱེད་དེ་འདབ་མ་བཅུ་ལ་སྲོག་ཡང་དག་པར་འཕོའོ། །ཟླ་བ་ཉི་ཤུ་རྩ་བདུན་ལས་སླར་ཡང་ཟླ་བ་སོ་སོ་ལ་ཉིན་ཞག་བདུན་པ་གཡོན་གྱི་རྩར་འབབ་སྟེ་ཉིན་ཞག་བརྒྱད་པ་དང་དགུ་པ་འབབ་བོ། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་ལས་ཟླ་བ་གཞན་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་སྔར་བརྗོད་པའི་རྣམ་པས་ཁྱིམ་གྱི་འདབ་མ་གསུམ་དོར་ཏེ་འདབ་མ་དགུ་ལ་སྲོག་ཡང་དག་པར་འཕོ་བར་བྱེད་དོ། །དེ་བཞིན་དུ་ཉིན་བཞག་བཅུ་པ་དང་ཉིན་ཞག་བཅུ་གཅིག་པ་དང་ཉིན་ཞག་བཅུ་གཉིས་པ་གཡོན་གྱི་རྩར་འབབ་བོ། །དེ་ནས་འདབ་མ་བཞི་པ་དོར་ཏེ་འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་བཅུ་གསུམ་པ་དང་ཉིན་ཞག་བཅུ་བཞི་པ་དང་ཉིན་ཞག་བཅོ་ལྔ་པ་སྟེ་དེ་ནས་འདབ་མ་ལྔ་པ་དོར་ཏེ་འདབ་མ་བདུན་པ་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་བཅུ་དྲུག་པ་དང་ཉིན་ཞག་བཅུ་བདུན་པ་དང་ཉིན་ཞག་བཅོ་བརྒྱད་པ་ཟླ་བ་སོ་སོར་རིམ་པ་བཞིན་དུ་འབབ་བོ། །དེ་ནས་འདབ་མ་དྲུག་པོ་དོར་ཏེ་འདབ་མ་དྲུག་ལ་འཕོ་བར་བྱེད་ཅིང་འཚོ་བའི་ཟླ་བ་བཅོ་བརྒྱད་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་བཅུ་དགུ་པ་དང་ཉིན་ཞག་ཉི་ཤུ་པ་དང་ཉི་ཤུ་རྩ་གཅིག་པ་ལ་འབབ་བོ། །དེ་ནས་ཁྱིམ་གྱི་འདབ་མ་བདུན་འདོར་ཏེ་ཁྱིམ་གྱི་འདབ་མ་ལྔ་ལ་ཉིན་མཚན་གྱི་སྲོག་འཕོ་བར་བྱེད་དོ། །དེ་ནས་འཚོ་བའི་ཟླ་བ་བཅོ་ལྔ་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་གཉིས་པ་དང་ཉིན་ཞག་ཉི་ཤུ་རྩ་གསུམ་པ་དང་ཉིན་ཞག་ཉི་ཤུ་རྩ་བཞི་པ་བར་ཆད་མེད་པར་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བརྒྱད་པ་དོར་ཏེ་འདབ་མ་བཞི་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་བཅུ་གཉིས་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་ལྔ་པ་དང་ཉིན་ཞག་ཉི་ཤུ་རྩ་དྲུག་པ་དང་ཉིན་ཞག་ཉི་ཤུ་རྩ་བདུན་པ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ་འདབ་མ་གསུམ་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་དགུ་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་བརྒྱད་པ་དང་ཉིན་ཞག་ཉི་ཤུ་རྩ་དགུ་པ་དང་ཉིན་ཞག་སུམ་བཅུ་པ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་གཉིས་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་དྲུག་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་སུམ་བཅུ་རྩ་གཅིག་པ་དང་ཉིན་ཞག་སུམ་བཅུ་རྩ་གཉིས་པ་དང་ཉིན་ཞག་སུམ་བཅུ་རྩ་གསུམ་པ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བཅུ་གཅིག་པ་དོར་ཏེ་འདབ་མ་གཅིག་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་ལས་ཉིན་ཞག་དགུ་བཅུས་དམན་པར་འགྱུར་རོ། །དེ་ནས་སྔར་གྱི་འདབ་མ་ལ་མ་བབས་པའི་ཉིན་ཞག་གསུམ་པོ་དེ་ནི་འདབ་མ་བཅུ་གཉིས་པ་ལ་ཉིན་ཞག་གཉིས་འབབ་བོ། །དེ་ནས་འདབ་མ་བཅུ་གཉིས་དོར་རོ། །དེ་ནས་ལྟེ་བ་ལ་ཉིན་ཞག་གཅིག་འབབ་སྟེ་སྲོག་གི་འཁོར་ལོ་དབུགས་ཆད་པར་འགྱུར་བའི་བར་དུའོ། །དེ་ནས་རྩ་གཡོན་པའི་འཆི་ལྟས་ཀྱིས་གང་དག་རྣལ་འབྱོར་པ་མ་ཡིན་པའི་མི་རྣམས་འཆི་བར་འགྱུར་རོ། །གཡོན་པའི་རྩ་ལ་ཟླ་བའི་འཆི་ལྟས་ཀྱི་ངེས་པའོ། །ཞེས་རྒྱས་པར་གསུངས་སོ། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་ནི། དེ་ལྟར་ཉི་ཟླའི་རྟགས་འབྱུང་བ། །ལྟེ་བའི་མི་མཉམ་ལུག་སོགས་ཀྱི། །ཁྱིམ་ནས་ཐོག་མར་རླུང་རྒྱུ་བ། །ཟླ་བའི་འཆི་རྟགས་གཙོ་བོ་སྟེ། །གླང་སོགས་མཉམ་པའི་ཁྱིམ་རྣམས་ལ། །རླུང་འབྱུང་ཉི་མ་གཙོ་བོ་ཡིན། །སྔ་མ་ལོ་བརྒྱ་ཐུབ་པ་ནས། །སྐྱེས་ནས་ཞག་གཅིག་ཐུབ་པའི་བར། །རྩ་ཀུན་རྒྱུ་དང་དབུ་མ་རྐྱང་། །རྒྱུ་བའི་རིམ་པར་གསུངས་པ་ཡིན། །གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྩ་རྣམས་གཅིག་ཆར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས། །ཇི་ལྟར་ལྟེ་བ་འགག་པ་བཞིན། །ཐུན་དང་རྒྱུ་སྐར་ཟླ་རྐང་གི། །རིམ་པས་འཁོར་ལོ་གཞན་ཡང་མཚུངས། །འཁོར་ལོ་ལྔ་དང་ཚིགས་ཀུན་ལ། །དབྱུག་གུ་བཅུ་གཉིས་བཅུ་གཉིས་ནི། །ཞག་དྲུག་རྒྱུས་ནས་ཟད་པ་ཡིན། །རླུང་གི་འཆི་ལྟས་བསྟན་པའོ། །ཞེས་གསུངས་སོ། །དེ་ཡང་དེ་ལྟར་ཉི་ཟླའི་འཆི་ལྟས་ཀྱི་རྟགས་འབྱུང་བའི་ངེས་པ་ཡང་ལྟེ་བའི་མི་མཉམ་པའི་ལུག་སོགས་ཀྱི་ཁྱིམ་ནས་ཐོག་མར་རླུང་རྒྱུ་བ་ནི་གཡོན་ཟླ་བའི་འཆི་ལྟས་གཙོ་ཆེ་སྟེ་གླང་སོགས་མཉམ་པའི་ཁྱིམ་རྣམས་ལ་ཐོག་མར་རླུང་འབྱུང་བ་ནི་གཡས་ཉི་མའི་འཆི་ལྟས་གཙོ་བོ་ཡིན་ལ། དེ་ལྟར་སྔ་མ་དབུ་མའི་དུས་འཆི་ལོ་བརྒྱ་ཐུབ་པ་ནས་སྐྱེས་ནས་ཞག་གཅིག་ཐུབ་པའི་བར་ནི་དབང་ཕྱུག་པའི་གཞུང་རྣམས་སུ་སྐྱེས་ནས་ཡོན་པོ་དབྱུག་གུ་ལྔ་རྒྱུ་ན་ལོ་བརྒྱ་ན་འཆི་བ་དང་། ཞག་གཅིག་ཏུ་ཡོན་པོ་རྒྱུ་ན་ལོ་བཅུ་ཐུབ་བོ་ཞེས་ངེས་བཟུང་ཅན་གྱི་ཚིག་སྨྲ་བ་དེ་དགག་པའི་ཕྱིར་དང་། རྩ་ཀུན་ཏུ་རྒྱུ་བ་ནི་དབུ་མའི་ལོ་བརྒྱའི་འཆི་ལྟས་ཡིན་ཏེ། རྩ་ནང་གི་རླུང་ཐམས་ཅད་ཀྱི་སོ་གཉིས་ཆ་བསགས་པ་ལས་འཆི་ལྟས་སུ་ལོང་དགོས་པའི་ཕྱིར་དང་། སྐྱེས་ནས་ཞག་གཅིག་ན་འཆི་བ་ནི་དབུ་མ་རྐྱང་པ་ནས་རྒྱུ་བའི་རིམ་པར་གསུངས་པ་ཡིན་པའི་ཕྱིར་རོ། །དེར་མ་ཟད་ཞག་གསུམ་ལ་སོགས་པར་འཆི་ན་ཡང་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུར་རྒྱུ་ཞིང་གཞན་རྣམས་སུ་མི་རྒྱུ་ལ། གང་གི་ཚེ་དུག་དང་མཚོན་དང་ནད་དྲག་པོས་འཆི་བ་དེའི་ཚེ་རྩ་རྣམས་གཅིག་ཆར་འགག་ཅིང་རྒྱུ་དེས་གློ་བུར་དུ་འཆི་བར་གསུངས་སོ། །ཇི་ལྟར་སྔར་བཤད་པ་དེ་ལྟར་ལྟེ་བའི་འཁོར་ལོ་རྣམས་འགག་པ་དེ་བཞིན་དུ་སྙིང་གའི་ཐུན་བརྒྱད་ཀྱི་རྩ་བརྒྱད་དང་། མགྲིན་པའི་རྒྱུ་སྐར་གྱི་རྩ་ཉེར་བརྒྱད་དང་། སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་རྣམས་རིམ་པས་འགག་པ་ནི་གོང་དུ་རྩ་འགག་པའི་སྐབས་སུ་བཤད་པ་ལྟར་ཡིན་ལ། ཡན་ལག་གི་འཁོར་ལོ་ལ་སོགས་པ་གཞན་རྣམས་ལ་ཡང་མཚུངས་ཏེ་ལྟེ་བ་མ་གཏོགས་པའི་འཁོར་ལོ་ལྔ་དང་ཡན་ལག་གི་ཚིགས་ཀྱི་འཁོར་ལོ་ཀུན་ལ་ཡང་ས་ཆུ་མེ་རླུང་ནམ་མཁའི་རླུང་རེ་རེ་ལ་དབྱུག་གུ་བཅུ་གཉིས་བཅུ་གཉིས་ཀྱིས་ཕྱེ་བའི་དྲུག་བཅུ་དྲུག་བཅུ་ཡོད་པ་ནི་མཐར་ཞག་དྲུག་རྒྱས་ནས་ཟད་པར་འགྱུར་བ་ཡིན་ནོ། །དེ་དག་གིས་ནི་རླུང་གི་འཆི་ལྟས་བསྟན་པའོ། །གཞུང་ཁ་ཅིག་ཏུ་ལྟེ་བའི་མཉམ་པ་ལུག་སོགས་ཀྱི། །ཞེས་དང་། གླང་སོགས་མི་མཉམ་ཁྱིམ་རྣམས་ལ། །ཞེས་པ་ནི་ཡི་གེ་པས་ནོར་བར་བྲིས་པའོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་བཤད་པ་ལ། ལོ་དགུ་བཅུ་རྩ་བདུན་གྱིས་ཐིག་ལེ་འདོར་བའི་ཚུལ། ལོ་གསུམ་གྱི་འཆི་ལྟས་དངོས་བཤད་པའོ། །དང་པོ་ནི། དེ་ནས་ཐིག་ལེ་འགག་པ་ནི། །ལོ་གཅིག་ནང་གི་ཁམས་འཕེལ་ནས། །རླུང་གི་ནུས་པ་ཕྱིར་ཤོར་བས། །དཀར་ནག་རྩ་འགྲིབ་སྔ་མ་བཞིན། །དེ་ནས་ལོ་ནི་བཅུ་དྲུག་བར། །ཐིག་ལེ་འཕེལ་ཏེ་དེ་ནས་ནི། །དཀར་ཆ་འགྲིབ་ཅིང་འདོར་བར་བྱེད། །དེ་ནས་ཁྲག་ནི་འཕེལ་བ་ཡིན། །སོ་གཉིས་ནས་ནི་དེ་ཡང་འདོར། །རླུང་དང་མེ་དང་ཆུ་སའི་སྟོབས། །བཅུ་དྲུག་རེ་ནས་འགྲིབ་པ་སྟེ། །རགས་པར་དགུ་བཅུ་གོ་བདུན་པ། །སྟོབས་ཀུན་དོར་ནས་ལོ་གསུམ་ན། །འཆི་བའི་ངེས་པར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་རྩ་རླུང་གཉིས་འགག་པའི་ཚུལ་བཤད་པ་དེ་ནས་ཐིག་ལེ་འགག་པའི་ཚུལ་འཆད་པ་ཡིན་ཏེ། རྩ་འཕེལ་བའི་ལོ་གཅིག་པོ་དེའི་རིང་ལ་ནང་གི་ཁམས་བྱང་ཆུབ་ཀྱི་སེམས་ཀྱང་འཕེལ་ཞིང་། དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཉིན་ཞག་རེ་ལ་དཀར་ནག་གི་ཐབས་ཤེས་ཀྱི་རྩ་གཉིས་གཉིས་འགྲིབ་པར་སྔར་བསྟན་པ་བཞིན་དུ་འཆི་ལྟས་སུ་འགྱུར་བའི་ཐིག་ལེ་ཡང་འགག་པ་ཡིན་པ་ལས། དེ་ནས་སྤྱིར་སྐྱེས་པ་རྣམས་ལ་ལོ་བཅུ་དྲུག་གི་བར་དུ་ཐིག་ལེ་འཕེལ་ཞིང་བུད་མེད་རྣམས་ལ་ལོ་བཅུ་གཉིས་ཀྱི་བར་དུ་འཕེལ་བས་ཡེ་ཤེས་ཀྱི་ཁམས་རྫོགས་པ་ཡིན་ནོ། །དེ་ནས་དཀར་ཆ་འགྲིབ་ཅིང་འདོར་བར་བྱེད་ལ། དེ་ནས་ལོ་བཅུ་དྲུག་ཏུ་ཁྲག་ནི་འཕེལ་བ་ཡིན་ཅིང་ལོ་སོ་གཉིས་ནས་དམར་ཆ་དེ་ཡང་འདོར་ལ། དེ་བཞིན་དུ་ལོ་བཅུ་དྲུག་ཏུ་མེ་དང་། བཅུ་དྲུག་ཏུ་ཆུ་དང་། བཅུ་དྲུག་ཏུ་སའི་སྟོབས་འཕེལ་ནས་བཅུ་དྲུག་རེ་སོང་བའི་མཐའ་ནས་འགྲིབ་པ་ཡིན་ཏེ། དེ་ལྟར་རགས་པར་བརྩིས་པའི་ལོ་དགུ་བཅུ་གོ་བདུན་པ་ལ་སྟོབས་ཀུན་དོར་ནས་ལོ་གསུམ་ན་འཆི་བའི་ངེས་པར་ཤེས་པར་བྱའོ། །གཉིས་པ་འཆི་ལྟས་དངོས་བཤད་པ་ནི། ལྟེ་བའི་རྩ་གཅིག་ཆད་པ་དང་། །གཡས་གཡོན་ཞག་གཅིག་དུས་སྦྱོར་ཉམས། །གཅི་བ་འགྱུར་བ་ཟླ་དྲུག་སྟེ། །རྣ་བའི་སྒྲ་དོར་ཞག་དྲུག་སྟེ། །ལྕེ་ཡི་རོ་དོར་ཞག་ལྔ་ཡིན། །མའི་དབུས་རི་མོ་ཞག་བཞིའི་ཚེ། །སྣ་ཞོམ་དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཡིན། །ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་གཅིག་ནས་ནི་ཕ་རོལ་འགྲོ། །དཀར་ཆ་འོག་ཏུ་ལྟུང་བ་སྟེ། །དམར་ཆ་གྱེན་དུ་འགྲོ་བ་ཡིན། །རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ། །དེ་ནས་རྣམ་ཤེས་ཀུན་གཞི་ནི། །ཞེས་གསུངས་ཏེ། དེ་ཡང་ལྟེ་བའི་དུས་སྦྱོར་གྱི་རྩ་གཅིག་ཆད་པ་དང་སྣ་བུག་གཡས་གཡོན་གང་ཡང་རུང་བའི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་པ་ཡིན་ལ་གཅི་བའི་རོ་ངེས་པར་འགྱུར་ནས་ཀྱུར་བོར་གྱུར་ན་ཟླ་བ་དྲུག་ན་འཆི་བའོ། །རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་ནའོ། །ལྕེའི་རོ་དོར་ན་ཞག་ལྔ་ལའོ། །མིག་གི་དབུས་སུ་ཚངས་པའི་རི་མོ་སྔར་མེད་པར་གློ་བུར་དུ་བྱུང་ན་ཞག་བཞིའི་ཚེའོ། །སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཞག་གསུམ་ནའོ། །ལུས་ཀྱི་རེག་བྱ་དོར་བཞག་གཉིས་ན་འཆི་བ་ཡིན། ཆོས་ཀྱི་ཁམས་ཁུ་བ་སྟེང་འོག་ཏུ་ཉམས་པ་ནི་ཞག་གཅིག་ནས་སྲིད་པ་ཕ་རོལ་ཏུ་འགྲོ་ཞིང་སྟེང་འོག་ཏུ་ཁུ་བ་འཕོ་བའི་ཚུལ་ཡང་དཀར་ཆ་སྤྱི་བོ་ནས་སྙིང་གར་འོག་ཏུ་ལྟུང་ཞིང་། དམར་ཆ་ལྟེ་བ་ནས་སྙིང་གར་གྱེན་དུ་འགྲོ་བ་ཡིན་ནོ། །ཇི་སྐད་དུ། ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྒྲ་གཅན་ཉི་མ་གྱེན་དུ་འགྲོ། །རྣམ་ཤེས་སྲིད་པའི་ཉིང་མཚམས་སྦྱོར། །ཞེས་གསུངས་པའི་རིམ་པས་དཀྱིལ་འཁོར་གྱི་རླུང་རྣམས་སྣའི་སྒོ་ནས་ཕྱིར་འགྲོ་སྟེ་ནང་དུ་མི་ལྡོག་ལ། དེ་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསྡུས་ནས་གཞིའི་འོད་གསལ་ཆོས་སྐུའི་རང་བཞིན་ལ་ཐིམ་སྟེ་སྒོ་གང་ཡང་རུང་བ་གཅིག་ནས་སྲིད་པ་གཞན་དུ་འཕོ་བར་འགྱུར་རོ། །ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། ད་ནི་ཆད་པ་ཞེས་པ་ལ་སོགས་པས་འཆི་ལྟས་ཀྱི་དབང་གིས་གཅི་བ་ལ་སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་གསུངས་ཏེ། འདིར་ལུས་ལ་ཆད་པ་གལ་ཏེ་གཡོན་པའམ་གཡས་པའི་རྩ་གཅིག་སྲོག་རབ་ཏུ་འབབ་པ་དང་བྲལ་བ་ཡིན་ན་མིའི་བདག་པོ་ཞེས་པ་ནི་བོད་པ་སྟེ། ཟླ་བ་དྲུག་གི་མཚམས་སུ་གཅི་བ་དག་ནི་ཀྱུར་བ་ཉིད་དུ་འགྱུར་རོ། །དེ་ཙམ་རྣམས་ན་ཉིན་ཞག་ལྔ་ནས་མཆོག་གི་ཚེ་སྲོག་གི་ནུས་པ་ཆེན་པོ་ཡིས་འདོར་ཏེ་རིམ་པ་བཞིན་ཉིན་ཞག་སོ་སོར་གོང་བུ་ཆད་པའི་དུས་སུའོ། །ཉིན་ཞག་དྲུག་གི་མཚམས་སུ་ཡུལ་སྒྲ་རྣ་བ་ལ་འདོར་ཏེ་རྣ་བ་ལ་ཞེས་པ་ནི་ལུང་གི་ཚིག་ལས་ལྔ་པའི་དོན་ལ་བདུན་པའོ། །ཉིན་ཞག་ལྔའི་མཚམས་སུ་རོ་ཡང་ངེས་པར་ཁ་ལས་ཏེ་ལྕེ་ལས་འདོར། ཉིན་ཞག་བཞིའི་མཚམས་སུ་མིག་འབྲས་མིག་གི་དབུས་ནས་སོ། །ཉིན་ཞག་གསུམ་གྱི་མཚམས་སུ་དྲི་ནི་སྣ་ལས་སོ། །ཉིན་ཞག་གཉིས་ཀྱི་མཚམས་སུ་མི་རྣམས་དག་གི་ལག་པ་རྐང་པའི་ལུས་ལ་དྲོ་བའི་དངོས་པོ་སྟེ་རེག་པའི་རང་བཞིན་ནོ། །མཐའི་ཉིན་ཞག་ལ་ཆོས་ཀྱི་ཁམས་ཁུ་བ་འཕོ་བ་དང་དབུགས་ཀྱི་འཁོར་ལོ་ཡང་འདོར་རོ། །ཞེས་གསུངས་སོ། །གཞུང་འདིར་མ་བསྡུས་པའི་འཆི་ལྟས་གཞན་ཡང་གསུངས་ཏེ། ཇི་སྐད་དུ་དེ་ཉིད་ལས། ཉིན་ཞག་གི་ནང་དུ་འཆི་བའི་མཚན་ཉིད་གཞན་ཡང་གསུངས་ཏེ། འདིར་ལུས་ལ་འཆི་བ་རབ་ཏུ་ཞུགས་པར་གྱུར་ན་རང་གི་ལུས་ལ་སྣའི་རྩེ་མོ་འཕྱང་བ་གླང་པོ་ཆེའི་སྣའི་རྣམ་པར་མཐོང་བ་དང་། རང་གི་སྤྱི་བོར་ལག་པ་བཞག་པ་དེའི་རང་བཞིན་དག་ཏུ་མཐོང་སྟེ་ཕྲ་མོར་མཐོང་བ་མིན་པ་དང་། དེ་བཞིན་དུ་ལག་པ་གཉིས་ཀའི་མཐིལ་ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་བྱུགས་ཀྱང་ལག་པ་མཐིལ་གྱི་ལྤགས་པ་དམར་པོ་ཉིད་དུ་བྱེད་པ་མ་ཡིན་པ་དང་། ཉི་མ་ཁ་དོག་ནག་པོར་མཐོང་བ་དང་། ཡོངས་སུ་གྱུར་པའི་རི་བོང་འཛིན་པ་སྟེ་ཉའི་ཟླ་བ་ཡོངས་སུ་རྫོགས་པ་སེར་པོར་མཐོང་བ་ནི་ཉིན་ཞག་དྲུག་གི་མཚམས་སུའོ། །དེ་ནས་ཉིན་ཞག་གང་ལ་གཅི་བ་དང་ནི་ལུས་ཀྱང་བསིལ་བར་གྱུར་པའི་ཉིན་ཞག་དེ་ལ་འཆི་བ་ཉིད་ཏེ་མིའི་བདག་པོ་ཞེས་པ་ནི་བོད་པའོ། །ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་མཚན་མ་གཞན་ཡང་གསུངས་ཏེ། འདིར་དུས་མ་ཡིན་པར་འཆི་བས་ནོན་པའི་ལྕེ་འོག་ཏུ་ནག་པོའི་ཐིག་སྟེ་རི་མོ་ནག་པོར་རབ་ཏུ་འགྱུར་རོ། །དེ་བཞིན་དུ་མིག་ལ་ཚངས་པའི་རི་མོ་ཤིན་ཏུ་ཕྲ་མོ་སྐྲའི་ཚད་ཙམ་གྱི་རི་མོ་སྟེ་ནག་པོ་དང་དམར་པོའི་དཀྱིལ་འཁོར་འབྱེད་པར་བྱེད་པར་འགྱུར་རོ། །དབུགས་ནི་ཉི་མ་ཟླ་བའི་ལམ་དུ་འཕྲོ་བ་དང་། ཁུར་ཚོས་གཉིས་པོ་བསྐྱོད་པ་དང་། དེ་བཞིན་དུ་ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་ཏེ་ནུ་མེའི་སྟེང་གི་རྩ་དག་མཆན་ཁུང་དུ་ཞུགས་པར་གྱུར་པ་དང་། གཟའ་ཡི་ཚོགས་རྣམས་མཐའ་དག་མི་མཐོང་སྟེ་མེ་སྟག་དང་བཅས་པར་མཐོང་བ་དང་། དེའི་མགྲིན་པ་ལུས་དང་བཅས་པ་སྟེ་རྐང་པ་དང་ལག་པ་དང་བཅས་པ་རེངས་ཤིང་སེམས་མེད་པ་དང་འཁོར་བ་ཡང་སྟེ་འདི་རྣམས་ནི་ལུས་ལ་འཆི་བའི་མཚན་ཉིད་དུ་འགྱུར་བར་འདོད་ཏེ་གསུངས་པ་ཡིན་ནོ། །གཞན་ཡང་ལུས་སམ་ཕྱི་རོལ་ལ་གྲིབ་མའི་སྐྱེས་བུ་ལ་སོགས་པ་གང་ཅུང་ཟད་ཕྱིན་ཅི་ལོག་ཏུ་མཐོང་བ་དེ་ཐམས་ཅད་འཆི་བའི་མཚན་ཉིད་དུ་རྣལ་འབྱོར་བས་རིག་པར་བྱའོ། །དེ་ཤེས་ནས་སྦྱིན་པ་ལ་སོགས་པ་བྱ་སྟེ་གལ་ཏེ་བསོད་ནམས་ཀྱི་སྟོབས་ཀྱིས་འཚོ་བ་དེ་ལྟ་ན་ཡང་ལེགས་ཤིང་། ཅི་སྟེ་འཆི་བར་འགྱུར་བ་དེ་ལྟ་ན་ཡང་གང་བྱིན་པ་དེའི་འབྲས་བུ་ལ་ལོངས་སྤྱོད་དོ། །དེའི་ཕྱིར་ཕྱོགས་གཉིས་ཀ་ལ་ཡང་བདེ་བར་གཤེགས་པའི་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་སྦྱིན་པ་བྱིན་པར་བྱའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་རྒྱས་པར་གསུངས་སོ། །བཞི་པ་གང་དུ་འཕོ་བའི་ངེས་པ་བཤད་པ་ནི། ཚངས་བུག་ནས་ནི་གཟུགས་མེད་ཏེ། །ཐིག་ལེ་ལས་ནི་ལྷ་མོ་ཆེ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །མིག་ལས་འདོད་པའི་མིའི་དབང་པོ། །སྣ་ལས་གནོད་སྦྱིན་གནས་སུ་སྐྱེ། །རྣ་བ་ལས་ནི་གྲུབ་པའི་ལྷ། །སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོར་འགྱུར། །འོག་སྒོ་ལས་ནི་དམྱལ་བ་བརྒྱད། །དེ་ནས་བར་དོ་འབྱུང་བ་ཡིན། །ཞེས་གསུངས་ཏེ། དེ་ཡང་རྣམ་པར་ཤེས་པ་ཀུན་གཞི་ལ་ཐིམ་ནས་འོད་གསལ་དུ་གནས་པ་དེ་ཚངས་བུག་ནས་དཀར་དམར་གྱི་སྙིགས་མ་དང་ལྷན་ཅིག་ཏུ་འཕོས་ན་གཟུགས་མེད་ཀྱི་ཏིང་ངེ་འཛིན་དུ་བསྡུས་ནས་གནས་སོ། །སྨིན་མཚམས་ཀྱི་ཐིག་ལེའི་གནས་ལས་འཕོས་ན་ནི་གཟུགས་བཅུ་དྲུག་ཏུ་སྐྱེའོ། །ལྷ་མོ་ཆེ་ཞེས་པ་འབོད་པའོ། །ལྟེ་བ་ལས་འཕོས་ན་ནི་འདོད་ཁམས་ཀྱི་ལྷ་རིགས་དྲུག་ཏུའོ། །མིག་ལས་འཕོས་ན་འདོད་པའི་མིའི་དབང་པོར་འགྱུར་རོ། །སྣ་ལས་འཕོས་ན་གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་དུའོ། །རྣ་བ་ལས་འཕོས་ན་གྲུབ་པའི་ལྷ་ཞེས་པ་སུམ་བཅུ་རྩ་གསུམ་པ་དང་སྐལ་བ་མཉམ་པའི་རིག་འཛིན་དུའོ། །ཡང་ན་རྣ་བ་ལས་ལྷ་མ་ཡིན་དུ་སྐྱེ་བར་བཤད་པ་ཡང་ཡོད་དོ། །སྲིད་པའི་སྒོ་སྟེ་ཁུ་བའི་ལམ་ལས་འཕོས་ན་ཡི་དྭགས་དང་། དྲི་ཆུའི་ལམ་ལས་འཕོས་ན་དུད་འགྲོར་སྐྱེ་བར་འགྱུར་ལ། འོག་སྒོ་ལས་འཕོས་ན་དམྱལ་བ་བརྒྱད་པོ་གང་ཡང་རུང་བར་སྐྱེའོ། །དེ་ལྟར་ལམ་དེ་རྣམས་ལས་འཕོས་ནས་སྐྱེ་བར་ཉིང་མཚམས་མ་སྦྱར་གྱི་བར་དེར་བར་དོ་འབྱུང་བ་ཡིན་ནོ། །བར་དོ་དེ་ཡང་ཆོས་མངོན་པ་ནས་བཤད་པ་ཉིད་གཞིར་བྱས་ཀྱི་སྟེང་དུ་སྔགས་ཀྱི་ཚུལ་དང་མན་ངག་རྣམས་ཀྱིས་ནི་ཚེ་འདིའི་སྣང་བ་ཤས་ཆེར་འབྱུང་ཞིང་། གང་དུ་སྐྱེ་འགྱུར་གྱི་སྣང་བ་ཡང་ཡད་ཡུད་འབྱུང་བར་གསུངས་སོ། །དེ་ལྟར་འཆི་སྲིད་ཆོས་ཀྱི་སྐུ་དང་། བར་སྲིད་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྐྱེ་སྲིད་སྤྲུལ་པའི་སྐུ་ཡིན་ནོ། །རྣམ་ཤེས་གང་ལས་འཕོ་བའི་ཚུལ་འདི་ཡང་སམྦྷུ་ཊི་དང་སྡོམ་པ་འབྱུང་བའི་རྒྱུད་རྣམས་ནས་བསྡུས་ནས་གསུངས་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །སྐུ་གསུམ་རང་བཞིན་ཉིད་མ་ཤེས། །འོད་གསལ་སྣང་དང་མུན་པ་ཡི། །སྟོང་དང་སྟོང་བ་ཆེན་པོ་རྣམས། །མ་གཏོགས་འཁོར་བའི་འཁོར་ལོར་འཁྱམ། །དེ་ཉིད་སྦྱངས་པ་ཡེ་ཤེས་ཏེ། །རྣམ་པར་དག་པས་མྱ་ངན་འདའ། །ཞེས་གསུངས་ཏེ། དེ་ཡང་རྟེན་སྣང་མཆེད་ཐོབ་གསུམ་ཐིམ་པ་ལས་བརྟེན་པ་རྣམ་ཤེས་ཚོགས་བརྒྱད་ཀྱང་ཐིམ་པར་འགྱུར་བ་ཡིན་ཏེ། རྣམ་ཤེས་ཚོགས་དྲུག་ཡུལ་དང་བཅས་པ་ཐིམ་པ་སྣང་བ་སྤྲུལ་པའི་སྐུ། ཡིད་རྒྱུན་ཅན་དང་རྣམ་པར་རྟོག་པ་ཕྲ་བ་ཐིམ་པ་མཆེད་པ་ལོངས་སྐུ། ཀུན་གཞིའི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཉེར་ཐོབ་ཆོས་ཀྱི་སྐུ་ཡིན་ལ། དེ་ལྟར་སྣང་མཆེད་ཐོབ་གསུམ་སྐུ་གསུམ་གྱི་རང་བཞིན་ཡིན་པར་མ་ཤེས་ཤིང་། སེམས་ཀུན་གཞིའི་རང་བཞིན་འོད་གསལ་བའི་སྣང་བའི་བདག་ཉིད་ཡིན་ཀྱང་འདུ་བྱེད་ཡིད་ཀྱི་གཡོ་བའི་དབང་གིས་མུན་པར་གྱུར་པ་ཡིན་ལ། སྣང་བ་གསུམ་པོ་དེ་ཡང་རྣམ་ཤེས་ཚོགས་དྲུག་གིས་སྟོང་པའི་སྟོང་པ་དང་། ཡིད་རྒྱུན་ཅན་གྱིས་སྟོང་པའི་ཤིན་ཏུ་སྟོང་པ་ཆེན་པོ་དང་། ཀུན་གཞིའི་རྣམ་པར་ཤེས་པས་སྟོང་པའི་ཤིན་ཏུ་སྟོང་པ་ཡིན་པ་དེ་ཉིད་མ་རྟོགས་པས་འཁོར་བའི་འཁོར་ལོར་འཁྱམ་པ་ཡིན་ནོ། །དེ་ཉིད་སྦྱངས་པ་ལས་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པས་མཇུག་བསྡུ་བ་ནི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ལས། རྩ་རླུང་ཐིག་ལེ་སྡུད་པའི་ཚུལ་བསྟན་པ་སྟེ་དུམ་བུ་བཅུ་གཅིག་པའོ།། །།གསུམ་པ་ཐ་མར་དགེ་བ་བསྟན་བཅོས་ཀྱི་དོན་བསྡུ་བ་བསྔོ་བ་སྨོན་ལམ་དང་བཅས་པ་བཤད་པ་ལ། སྡེ་སྣོད་གསུམ་སྤྱིར་བཤད་པ། སྡེ་སྣོད་སོ་སོ་ལ་སྦྱར་བ། བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ། འབྲས་བུའི་རང་བཞིན་བསྡུ་བ། འདི་གང་ལས་རྙེད་པར་བཅོམ་ལྡན་འདས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པའོ། །དང་པོ་ནི། རྒྱལ་བས་རྒྱུད་རྣམས་ཐམས་ཅད་དུ། །ཕྱི་རོལ་ཐུན་མོང་སྣང་བ་དང་། །ནང་དུ་རྩ་རླུང་ཐིག་ལེ་དང་། །གཞན་དུ་ཀུན་བརྟགས་ལྷ་དང་སྔགས། །དྲི་མ་དང་བཅས་རྟོག་པ་དང་། །དྲི་མེད་ཡེ་ཤེས་རྣམ་པ་གཉིས། །ཐམས་ཅད་དོན་དམ་ཀུན་རྫོབ་དང་། །སྤྲོས་དང་སྤྲོས་མེད་གསུངས་པ་ལ། །ཞེས་གསུངས་ཏེ། དེ་ཡང་རྒྱལ་བས་བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཐམས་ཅད་དུ་ཕྱི་རོལ་ཐུན་མོང་བ་རྣམ་རིག་ཙམ་གྱི་སྣང་བ་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་དང་། གཞན་ལམ་དུ་ཀུན་བརྟགས་ཀྱི་ལྷ་དང་སྔགས་ལ་སོགས་པ་གསུངས་པ་ཐམས་ཅད་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་དང་བཅས་པའི་རྟོག་པས་སེམས་ལ་སྦགས་པ་དེ་སྲིད་དུ་སྦྱང་གཞི་དང་། དྲི་མ་དེ་དག་སྦྱོང་བའི་ཐབས་འཁོར་བཅས་ནི་ལམ་དང་། དྲི་མ་མེད་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ནི་འབྲས་བུ་ཡིན་ལ། དེ་ལྟར་གཞི་ལམ་འབྲས་བུ་ཐམས་ཅད་དོན་དམ་པ་རང་བཞིན་དང་ཀུན་རྫོབ་ཐ་སྙད་ལས་བརྩམས་ཏེ་གསུངས་ལ། གསུངས་པའི་ཚུལ་ཡང་སྤྲོས་བཅས་མིང་ཚིག་ཡི་གེ་ལ་སོགས་པ་ལུང་དང་། སྤྲོས་མེད་རང་རིག་པའི་མངོན་སུམ་དུ་གསུངས་པ་ཡིན་ནོ། །གཉིས་པ་སྡེ་སྣོད་སོ་སོ་ལ་སྦྱར་བ་ལ། སྡེ་སྣོད་རེ་རེ་ལ་ཡང་ཕྱི་ནང་གཉིས་གཉིས་ཡོད་པ་ལས། དང་པོ་ཕྱིའི་མངོན་པ་ནི། ཕྱི་རོལ་བྱེད་པོ་གཞན་མེད་པ། །རྟེན་ཅིང་འབྲེལ་འབྱུང་རང་སྣང་སྟེ། །རྟོག་པས་ལྡན་མིན་འདུ་བྱེད་ཀྱི། །སྣོད་བཅུད་ཕྲ་རགས་མིང་ཚིག་དང་། །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། །ཞེས་གསུངས་ཏེ། དེ་ཡང་སེམས་ཅན་གྱི་རིས་ཐ་དད་དུ་ལྷུང་བ་དག་དྲང་བའི་ཕྱིར་ཕྱི་རོལ་གྱི་བྱེད་པ་པོ་གཞན་མེད་པར་བསྟན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ལུས་དང་སེམས་དང་ཕྱི་རོལ་གྱི་ཁམས་སོགས་རང་གི་སེམས་དང་སེམས་ལས་བྱུང་བའི་སྣང་བ་སྟེ། ཆོས་སྤང་བྱ་དང་གཉེན་པོའི་རྣམ་པར་གཞག་པའི་རྟོག་པས་ལྡན་མིན་འདུ་བྱེད་ཀྱི་སྣོད་བཅུད་ཀྱི་སྣང་བ་ཕྲ་རགས་དང་། དེ་དག་གི་མིང་དང་། ཚིག་དང་། ཡི་གེ་དང་། ཕྱོགས་དང་། དུས་ལ་སོགས་པ་གསུངས་པ་ཇི་སྙེད་པ་དག་ནི་ཕྱི་རོལ་གྱི་མངོན་པ་སྟེ། ཀུན་ལས་བཏུས་དང་མཛོད་ལ་སོགས་པར་གསུངས་པ་བཞིན་ནོ། །གཉིས་པ་ནང་གི་མངོན་པ་ནི། །ཇི་ལྟར་ཕྱི་བཞིན་ནང་ན་གནས། །རྩ་དང་ལུས་དབྱིབས་འཇིག་རྟེན་ལ། །རླུང་གིས་ངག་དུས་ཡི་གེ་བསྐྱེད། །ཐིག་ལེ་གཟའ་དང་རྒྱུ་སྐར་དང་། །ཆུ་བོ་མ་སོགས་ངེས་པ་བསྟན། །ཇི་ལྟར་མིག་བཙུམ་གཟུགས་མི་མཐོང་། །ཕྱེ་བས་སྣང་བར་འགྱུར་བ་དང་། །བཙིར་ན་ཟླ་བ་གཉིས་མཐོང་ལྟར། །རྟེན་གྱི་གནད་འཆང་མ་ཤེས་པས། །དབང་བྱེད་ཡེ་ཤེས་མཐོང་བ་མིན། །རྟེན་བཅིངས་ལམ་གྱི་ཡེ་ཤེས་མཐོང་། །ཕྱི་རོལ་མེད་ཀྱང་གཞན་སྣང་ལ། །ཀུན་བརྟགས་ལྷ་དང་དཀྱིལ་འཁོར་སྟོན། །དེ་ཕྱིར་ནང་དོན་མངོན་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་ཇི་ལྟར་ཕྱི་རོལ་ན་གནས་པ་ཇི་ལྟ་བ་བཞིན་ནང་ན་ཡང་གནས་པ་ལས་ནང་གི་རྩ་དང་ལུས་ཀྱི་དབྱིབས་སོགས་ཕྱི་རོལ་ཏུ་སྣོད་ཀྱི་འཇིག་རྟེན་ལ་བཞག་པ་དང་། ནང་དུ་རླུང་དང་དེས་བསྐྱེད་པའི་ངག་སོགས་ཕྱི་རོལ་ཏུ་དུས་དང་ཡི་གེ་སོགས་བསྐྱེད་པ་དང་། ནང་གི་ཐིག་ལེས་ཕྱི་རོལ་གྱི་གཟའ་དང་རྒྱུ་སྐར་དང་ཆུ་བོ་དང་མེ་ལ་སོགས་པ་མཚོན་པའི་ངེས་པ་རྣམས་ནི་ཞིབ་པར་སྔར་ནང་ལ་སྦྱར་བའི་སྐབས་སུ་བསྟན་པ་ལྟར་ཤེས་པར་བྱའོ། །གཞན་ཡང་ཐབས་ལ་མཁས་པའི་ཁྱད་པར་བསྟན་པ་ནི། ཇི་ལྟར་འཇིག་རྟེན་ན་མིག་བཙུམ་པས་གཟུགས་མི་མཐོང་བ་མངོན་སུམ་དུ་གྲུབ་ལ། མིག་ཕྱེ་བས་ཟླ་བ་ལ་སོགས་པའི་གཟུགས་རྣམས་སྣང་བར་འགྱུར་བ་དང་། མིག་བཙིར་ན་ཟླ་བ་གཉིས་སུ་སྣང་བར་མཐོང་བའི་དཔེ་ལྟར་ཡང་དག་པའི་ལམ་དུ་འཇུག་པར་འདོད་པ་རྣམས་ཀྱང་ཕྱིའི་མངོན་པར་གསུངས་པའི་སྤང་གཉེན་གྱི་ཚུལ་ཙམ་ཤེས་ཀྱང་། རྟེན་རྩ་ཐིག་རླུང་གསུམ་གྱི་གནད་ཇི་ལྟ་བ་འཆིང་ཤེས་པས་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བ་མ་ཡིན་ལ། རྟེན་གྱི་གནད་འཆིངས་ན་རྟགས་བཅུས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་ལམ་ཟུང་འཇུག་གི་ཡེ་ཤེས་མངོན་སུམ་དུ་མཐོང་སྟེ། མིག་བཙུམ་པ་དང་ཕྱེ་བའི་ཁྱད་པར་ལྟ་བུ་ཡིན་ནོ། །གཞན་ཡང་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་དོན་གཞན་ཕྱི་རོལ་ན་གྲུབ་པ་མེད་ཀྱང་གཞན་སྣང་ལ་དབང་འབྱོར་བའི་སྤྲུལ་པ་དུ་མ་སྤྲོ་བར་ནུས་པའི་ཕྱིར་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་སྟོན་པ་ཡིན་ལ། འདི་ནི་མིག་བཙིར་བས་ཟླ་བ་གཉིས་སུ་སྣང་བ་ལྟ་བུ་སྟེ། བདེན་པར་མེད་བཞིན་དུ་མཚུངས་པར་སྣང་བ་ཡིན་ནོ། །དེའི་ཕྱིར་སྔགས་གཞུང་ཐམས་ཅད་ནི་ནང་གི་དོན་གྱི་མངོན་པ་ཡིན་ནོ། །གཉིས་པ་མདོ་སྡེ་ཡིན་པའི་ཚུལ་བཤད་པ་ནི། གཞན་བཤད་ལྷ་དང་དཀྱིལ་འཁོར་ཡང་། །ས་དང་ལམ་དང་ཕ་རོལ་ཕྱིན། །གཟུངས་དང་སྔགས་བཅས་བྱང་ཆུབ་ཕྱོགས། །ཟད་པར་ཟིལ་གནོན་ལ་སོགས་པ། །བསྒྲུབ་ཕྱིར་ཟབ་དང་རྒྱ་ཆེའི་ཕྱིར། །མདོ་དང་ཕ་རོལ་ཕྱིན་པར་བརྗོད། །ཅེས་གསུངས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པ་ལྟར་འདིར་ཡང་གཞན་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་ནང་གི་གནས་ལ་སོགས་པའི་ས་བཅུ་དང་ལམ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གཟུངས་སྔགས་དང་གསང་སྔགས་དང་རིག་སྔགས་ལྷ་དང་བཅས་པ་ལམ་གྱི་རིམ་པར་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། བསྐྱེད་རྫོགས་ཀྱི་ཡན་ལག་ཟད་པར་དང་ཟིལ་གྱིས་གནོན་པ་ལ་སོགས་པ་རང་དང་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པར་བྱེད་པའི་རྒྱུ་མཚན་དེའི་ཕྱིར་ན། སྔགས་ཀྱི་ཐེག་པ་འདི་ནི་ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །གསུམ་པ་འདུལ་བའི་དོན་ཡིན་པའི་ཚུལ་བཤད་པ་ནི། ཕྱི་རོལ་ལུས་ངག་བསྲུང་སྡོམ་དང་། །རང་བཞིན་བཅས་ལྡན་འདུལ་བ་ནི། །ནང་དུ་རང་དང་གཞན་དོན་ལ། །མ་རྨོངས་ཐབས་མཁས་ཁྱད་པར་གྱིས། །ཉོན་མོངས་ཡེ་ཤེས་བསྒྱུར་བྱེད་པ། །དེ་ཕྱིར་ནང་གི་འདུལ་བ་གསུངས། །ཞེས་གསུངས་ཏེ། དེ་ཡང་འདུལ་བའི་མདོ་ལས་གསུངས་པ་བཞིན་ཕྱི་རོལ་གྱི་ལུས་ངག་གི་བསྲུང་སྡོམ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་ཞིང་རང་གི་ཞི་བ་མངོན་སུམ་དུ་བྱེད་པའི་འདུལ་བ་ནི་ཕྱིའི་འདུལ་བ་ཡིན་ལ། ནང་དུ་རང་དང་གཞན་གྱི་དོན་ལ་མ་རྨོངས་པར་ཀུན་རྫོབ་དོན་དམ་དང་། རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྡོམ་པའི་ཚུལ་ཁྲིམས་ཐབས་ལ་མཁས་པའི་ཁྱད་པར་དང་བཅས་པས་ཉོན་མོངས་པའི་ཚོགས་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་སུ་བསྒྱུར་བར་བྱེད་པ་དང་། ཉོན་མོངས་པ་སེལ་བར་བྱེད་ཅིང་འཁོར་བའི་ཉེས་པ་ལས་ལུས་ཅན་ཐམས་ཅད་བསློང་བར་བྱེད་པའི་ཕྱིར་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་འདུལ་བར་གསུངས་སོ། །དེ་ལྟར་སྡེ་སྣོད་གསུམ་པོ་ཐམས་ཅད་དང་མཐུན་པའི་ཕྱིར་ན་རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱའོ། །བཞི་པ་བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་དགོས་པ་ནི། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཉན་རང་འབྲས་བུ་ཐོབ་བྱེད་ཏེ། །ཟབ་མོའི་མདོ་འདུལ་མངོན་པ་རྣམས། །སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། །ཐབས་མཁས་ནང་དོན་རྒྱས་པར་ཤེས། །སངས་རྒྱས་སྙིང་པོའི་ཚུལ་རྟོགས་ནས། །འབྲས་བུ་རྟོགས་པ་ལམ་བྱེད་པ། །བླ་མེད་སངས་རྒྱས་མྱུར་ཐོབ་བྱེད། །ཅེས་གསུངས་ཏེ། དེ་ཡང་ཐེག་པ་འོག་མའི་འདུལ་བ་དང་མདོ་སྡེ་དང་ཤེར་ཕྱིན་རྣམས་ཤེས་ཤིང་བསླབས་པས་ཉན་རང་གི་འབྲས་བུ་ཐོབ་པར་བྱེད་ལ། དེ་བས་ཀྱང་ཆོས་རྨད་དུ་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་མདོ་སྡེ་དང་འདུལ་བ་མངོན་པ་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི་ལོགས་སུ་བཤད་པས་དེ་རྣམས་ཤེས་ཤིང་བསྒྲུབས་ན་དེ་དག་ལ་སྤྱོད་པའི་བྱང་ཆུབ་སེམས་དཔར་འགྱུར་ལ། གཞན་ཡང་ཐབས་མཁས་པའི་ཁྱད་པར་རྒྱུད་སྡེ་རྣམས་ནས་གསུངས་པ་གཞུང་འདིར་བསྡུས་པའི་ནང་གི་དོན་རྒྱས་པར་ཤེས་ཤིང་། སངས་རྒྱས་རྣམས་ཀྱི་སྙིང་པོའི་དོན་ཚུལ་བཞིན་དུ་རྟོགས་ནས་འབྲས་བུ་རྟོགས་པ་ལམ་དུ་བྱེད་པ་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས་དེའི་རྡོ་རྗེ་ཐེག་པའི་སྔགས་ཀྱི་ཚུལ་རྒྱུད་ཐམས་ཅད་ལས་གསུངས་པ་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །བཞི་པ་འབྲས་བུའི་རང་བཞིན་བསྡུས་པའི་ཚུལ་བསྟན་པ་ནི། ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། །དེ་སྒྲིབ་འཁྲུལ་རྟོག་གཟུང་འཛིན་གྱི། །ཤེས་པ་གློ་བུར་བར་སྐྱེས་ནས། །འདུ་བྱེད་མངོན་པར་འདུ་བྱས་ནས། །ཡོད་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་པས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །རྟོགས་པས་སངས་རྒྱས་རང་བཞིན་ཏེ། ཀུན་རྫོབ་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་གཟིགས། །དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། །དབྱེར་མེད་གཅིག་ཏུ་བདེན་གཟིགས་པས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་དང་བྲལ་རང་རིག་ཉིད། །ཇི་ལྟ་ཇི་སྙེད་ཡེ་ཤེས་གསུངས། །ཞེས་གསུངས་ཏེ། དེ་ཡང་ཐོག་མར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གི་ངོ་བོ་བསྟན་པ་ནི་གོང་དུ་བཤད་པའི་དབང་པོ་དང་ཡིད་དང་རང་རིག་པའི་མངོན་སུམ་རྣམས་ཀྱང་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན་ཐམས་ཅད་ཀྱང་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ལ། དེའི་ཚེ་ཤེས་བྱ་དང་ཤེས་པར་བྱེད་པའི་རྣམ་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པའི་ལྟ་བས་ཟིན་པས་རྒྱུ་འབྲས་སོ་སོར་རྟོག་པའི་ཡེ་ཤེས་དང་། རང་གི་ངོ་བོས་སྟོང་པའི་ཡེ་ཤེས་དང་། དེ་ལ་དབང་ཐོབ་པས་དེའི་མཐུ་སྟོན་པར་བྱེད་པའི་བྱ་བ་གྲུབ་པ་དང་། ཐམས་ཅད་མཉམ་པ་ཉིད་དུ་གནས་པས་མཉམ་པ་ཉིད་དང་། དེ་བཞིན་ཉིད་ལས་གཡོ་བ་མེད་པའི་དོན་གྱིས་ན། བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པས། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་འབྱུང་བ་ལྟར་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡེ་ཤེས་དེའི་སྒྲིབ་པ་གང་ནས་བྱུང་ན་དེའི་སྒྲིབ་པ་འཁྲུལ་བའི་རྟོག་པ་ལས་གཟུང་འཛིན་གྱི་ཤེས་པ་གློ་བུར་བར་སྐྱེས་ནས་སྔར་ཉོན་མོངས་པ་ཅན་གྱི་ཡིད་གང་ནས་བྱུང་བ་བསྟན་པ་ལྟར་ཐམས་ཅད་ཀྱི་རྩ་བ་ང་དང་བདག་ཏུ་ལྟ་བ་ལས་བྱུང་བར་དཔལ་ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་འདུ་བྱེད་ཀྱིས་མངོན་པར་འདུ་བྱས་ནས་ཡང་དག་པའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མ་མཐོང་ཞིང་དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་བར་འགྱུར་ཏེ། སྨིག་རྒྱུ་ལ་ཆུར་འཁྲུལ་བ་བཞིན་དུ་གྱུར་པས་ཡོད་པ་མ་མཐོང་མེད་པ་མཐོང་བས་རྣམ་པར་རྟོག་པའི་འདམ་དུ་བྱིང་བར་གྱུར་པས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁོར་བའི་ནང་དུ་བྱིང་བ་ཡིན་ལ། དེའི་ཕྱིར་གཟུང་འཛིན་གྱི་འཁྲུལ་བ་རྣམས་དང་བྲལ་ན་སྔར་བསྟན་པ་ལྟར་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་རྟོགས་པས་ཆོས་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། གོང་དུ་བདེན་པ་གཉིས་ཀྱི་སྐབས་སུ་ཀུན་རྫོབ་གཉིས་སུ་སྣང་བ་རྣམས་ཆུ་ནང་གི་ཟླ་བ་ལྟ་བུར་སྣང་ཡང་སྣང་བ་ལྟར་མ་གྲུབ་པའི་དོན་དུ་གཟིགས་ཤིང་། དོན་དམ་སྟོང་ཉིད་བཅོ་བརྒྱད་པོ་དབྱེར་མེད་གཅིག་ཏུ་བདེན་པའི་དོན་དུ་གཟིགས་པའི་རྒྱུ་མཚན་གྱིས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་པའི་མཚན་ཉིད་ཅན་གྱི་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པའི་མཚན་ཉིད་ཅན་གྱིས་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་ནས་བདེན་གཉིས་ཀྱི་གནས་ཚུལ་སོ་སོ་རང་གིས་རིག་པ་དེ་ཉིད་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སུ་གསུངས་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །འགྲོ་བ་ཞི་བའི་ཆོས་ཉིད་ཕྱིར། །གཟིགས་ཕྱིར་ཇི་ལྟ་ཉིད་དེ་ཕྱིར། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བའི་ཕྱིར། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོག་མེད་ཕྱིར་དེ་དག་པ་ཉིད། །ཅེས་གསུངས་སོ། །དེའི་ཕྱིར་འདི་ལྟར་རྟོགས་ན་སྔགས་ཀྱི་འབྲས་བུ་མཐར་ཐུག་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །ལྔ་པ་བསྟན་བཅོས་འདི་གང་ལས་རྙེད་པ་ནི། དེ་བས་རྡོ་རྗེ་ཐེག་པ་རུ། །གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། །འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། །རྒྱས་པར་བསྟན་པ་དཔག་མེད་ཀྱང་། །རྒྱལ་སྲས་རྣམས་ཀྱིས་བསྟན་པ་ཡི། །རྒྱུད་འགྲེལ་རྣམས་ལ་བལྟ་བར་གྱིས། །དེ་རྣམས་ཀུན་ལ་འཇུག་པའི་སྒོ། །ཟབ་མོ་ནང་གི་དོན་བཤད་པ། །འདི་ནི་རང་གཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་རྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པ་དེ་ལྟ་བས་ན་རྡོ་རྗེའི་ཐེག་པ་འདི་རུ་གསུངས་པའི་ནང་གི་གནས་ལུགས་རྟོགས་པར་བྱ་བའི་ཕྱིར་གཞུང་འདིར་ནི་ཕྱོགས་ཙམ་ཞིག་བསྡུས་ནས་བཤད་པ་ཡིན་ལ། རྒྱས་པར་ནི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ལས་བསྟན་པ་དཔག་ཏུ་མེད་པར་གསུངས་ཀྱང་ཕྱི་ནང་གཞན་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་ལ་འཇུག་པར་འདོད་པ་གང་གིས་རྒྱལ་བའི་སྲས་པོ་པདྨ་དཀར་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པའི་རྒྱུད་འགྲེལ་ཆེན་པོ་རྣམས་ལ་འབད་པས་བལྟ་བར་གྱིས་ཤིག་པའོ། །དེ་དག་ལ་བལྟ་བ་ལ་ཡང་གཞུང་འདི་ལྟ་བུ་ལ་སློབ་དགོས་པས་དེ་རྣམས་ཀུན་ལ་འཇུག་པའི་སྒོ་ཡང་གཞུང་འདི་ཡིན་ནོ། །འོ་ན་འདི་ཁྱོད་རང་གིས་དྲན་པ་ཁོ་ན་བྲིས་སམ་ཞེ་ན། མ་ཡིན་ཏེ། ཟབ་མོ་ནང་གི་དོན་བཤད་པ་འདི་ནི་ཁོ་བོའི་རང་གཟོ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་མཁྱེན་ཅིང་གཟིགས་པ་བཅོམ་ལྡན་འདས་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པ་དང་མཐུན་པ་ཁོ་ན་བྲིས་པ་ཡིན་ནོ། །རྒྱལ་བས་གསུངས་པའི་རྒྱུད་རྣམས་མཐའ་དྲུག་ལ་སོགས་པས་བཅིངས་པས་རྟོགས་པར་དཀའ་བ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱིས་ཀྱང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་འཇམ་དཔའི་དབྱངས་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པས་མཛད་པའི་རྒྱུད་འགྲེལ་རྣམས་དང་། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་དང་། དཔལ་ས་ར་ཧ་དང་མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱད་དང་། མཁས་པ་ཆེན་པོ་ཤན་ཏི་པ་དང་། དུས་འཁོར་ཞབས་པ་ཆེན་པོ་དང་། །དཔལ་ཏཻ་ལོ་པ་ཆེན་པོ་དང་། ནཱ་རོ་པ་དང་། མཻ་ཏྲི་པ་ལ་སོགས་པ་ཕྱིས་བྱོན་པའི་གྲུབ་ཆེན་རྣམས་དང་། རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པའི་བླ་མ་དམ་པ་རྣམས་ཀྱིས་མཛད་པའི་རྣམ་འགྲེལ་གྱི་མཐུ་ལ་རྟེན་ནས་རྡོ་རྗེ་ཐེག་པའི་ནང་གི་དོན་བློ་གྲོས་ཀྱི་མིག་གིས་མཐོང་ནས་ཕྱིན་ཅི་མ་ལོག་པར་རྙེད་པ་ཡིན་གྱིས་རང་གཟོས་བཤད་པ་ནི་མ་ཡིན་ནོ། །དྲུག་པ་བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ། བསྟོད་པ་དང་། བསྔོ་བ་དང་། བཟོད་པར་གསོལ་བའོ། །དང་པོ་ནི། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། །ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོས་པར་མཛད། །ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བས་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དེ་ལྟར་རྡོ་རྗེའི་ཐེག་པ་འདིས་བྱང་ཆུབ་ཆེན་པོ་བསྒྲུབས་ཤིང་མཐར་སོན་པར་བྱས་པའི་རྒྱལ་བ་དེ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །དེ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྐྱེ་འགག་མེད་པའི་ཞི་བ་ཆེན་པོ་མཐར་སོན་པ་སྟེ། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་པའི་མེ། །ཞི་དེའི་ཚུལ་གྱིས་རྒྱལ་རྣམས་ཆོས་སྐུ་སྟེ། །དེའི་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་ཟླ་བའི་ཞབས་ཀྱིས་གསུངས་པ་ལྟར་སེམས་ཀུན་གཞིའི་རྣམ་པར་ཤེས་པས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་མཛད་པ་ནི་ཆོས་དབྱིངས་དྲི་མེད་ངོ་བོ་ཉིད་ཀྱི་སྐུ་སྟེ་ནམ་མཁའི་སྐུ་ཅན་ནོ། །དེའི་རྒྱུ་མཐུན་པ་ཟབ་པས་བསྒྲུབས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་བཞི་པོ་ཡིན་པའི་ཕྱིར། དེ་ནི་དུས་ཀྱི་འཁོར་ལོ་ལས་ཉི་མའི་སྐུ་ཡང་ཡིན་པས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས་ཞེས་དཔེ་དང་བཅས་ཏེ་བསྟན་ནོ། །ཡེ་ཤེས་དེ་ཉིད་གདུལ་བྱ་དག་པ་དང་མ་དག་པ་རྣམས་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གཟུགས་སྐུ་རྣམ་པ་གཉིས་འཁོར་བ་ཇི་སྲིད་བར་རྒྱུན་མི་ཆད་པར་སྟོན་པ་སྟེ་སྐུའི་གསང་བའོ། །ལྷའི་རྔ་སྒྲ་ལྟ་བུར་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སྩོལ་བའི་གསུང་ནི་ངག་གི་རྩོལ་བའི་འདུ་མཛད་པ་མེད་པར་ནམ་མཁའི་ཁམས་དང་མཉམ་པར་འབད་པ་མེད་པར་འགྲོ་བ་ཀུན་གྱིས་ཐོས་པར་མཛད་པ་ནི་གསུང་གི་གསང་བའོ། །དེའི་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲི་མ་ཐམས་ཅད་དང་བྲལ་བ་ལྟར་འབད་རྩོལ་གང་ཡང་མེད་པར་སོ་སོར་རྟོག་པའི་ཡེ་ཤེས་དང་བྱ་བ་གྲུབ་པའི་ཡེ་ཤེས་དང་ལྷན་ཅིག་ཏུ་རྩོལ་བའི་སྤྲོས་པ་མི་མངའ་ཡང་བྱང་ཆུབ་སེམས་དཔའ་དང་ཉན་རང་སོ་སོ་སྐྱེ་བོ་སོགས་སྤྲོས་ལྡན་རྣམས་ལ་སོ་སོའི་ཡིད་བཞིན་དུ་འཇུག་པའི་རེ་བ་སྐོང་བར་མཛད་པ་ནི་ཐུགས་ཀྱི་གསང་བའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་གསང་བ་སེམས་ཅན་གྱི་ཁམས་ཇི་སྙེད་པའི་ཉོན་མོངས་པ་དང་ལྷན་ཅིག་ཏུ་འཇུག་ཀྱང་རྒྱལ་བ་ཁྱོད་ཀྱི་སྐུ་གསུང་ཐུགས་ལ་ཉེས་པས་གོས་པ་མེད་དེ། ཉི་མའི་དཀྱིལ་འཁོར་ནི་ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་ཞུགས་ཀྱང་དེ་དག་ལ་གོས་པ་མེད་པ་བཞིན་ནོ། །དེའི་ཕྱིར་རང་བྱུང་རྒྱལ་བས་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་སྐུ་སྤྲུལ་པའི་སྐུ། གསུང་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་ཆོས་ཀྱི་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་གྲུབ་བོ། །གཉིས་པ་བསྔོ་བ་ནི། ཟབ་མོ་ནང་དོན་བཤད་པ་ལ། །དགེ་བའི་མཐུ་ཡངས་ནི་ཡོད་པས། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཅེས་གསུངས་ཏེ། ཟབ་མོ་ནང་གི་དོན་བཤད་པ་ལས་བྱུང་བའི་དགེ་བའི་མཐུ་ཡངས་ཤིང་དཀར་བ་ཅི་ཐོབ་ཅིང་རྣམ་པར་བྱང་བའི་ངོ་བོར་ཡོད་པའི་མཐུ་ལས་ནམ་མཁའ་དང་མཉམ་པའི་འགྲོ་བ་ཀུན་གྱིས་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ལྟར་དོན་གཉིས་ཀྱི་སྙིང་པོ་ཅན་དེ་ཉིད་ཐོབ་པར་ཤོག་ཅིག་ཅེས་སོ། །གསུམ་པ་བཟོད་པར་གསོལ་བ་ནི། །ཅུང་ཟད་འགལ་བར་གྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་གསུངས་ཏེ། དེ་ལྟར་བཤད་པ་འདི་དག་ཀྱང་རྒྱུད་འགྲེལ་གྱི་དོན་ཇི་ལྟ་བར་ཕྱོགས་འཛིན་གྱི་བློ་སྤངས་ནས་བཤད་མོད་ཀྱང་ཚིག་ཅིག་ཙམ་དོན་དང་མི་མཐུན་པར་བརྗོད་ན་ཡང་བསྟན་པ་ལ་མ་གུས་པར་འགྱུར་བས་རྒྱ་ལ་ཚིག་དོན་མདོ་རྒྱུད་དང་ཅུང་ཟད་འགལ་བར་གྱུར་སྲིད་ན་ཡང་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད་ཅིག །ཅེས་ཏེ། མཁའ་འགྲོ་ཞེས་སྨོས་པ་ཡང་ཀྱཻ་རྡོ་རྗེ་ལས། ཀྱེའི་རྡོ་རྗེའི་དབང་བསྐྱུར་གང་། །གསང་བའི་སྐད་ཀྱིས་མི་སྨྲ་ན། །དེ་ནི་དམ་ཚིག་ཉམས་འགྱུར་བས། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ལྟར་ཟབ་མོ་ནང་གི་དོན། རྡོ་རྗེ་ཐེག་པ་ལས་འབྱུང་བ་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོའི་དོན་ཕྱུང་བ་དུམ་པུ་བཅུ་གཅིག་གི་བདག་ཉིད་ཅན། དཔལ་ཀརྨ་པ་རང་བྱུང་རྡོ་རྗེའི་མིང་ཅན་གྱི་ཞལ་སྔ་ནས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའི་ངེས་པ་ཕྱིན་ཅི་མ་ལོག་པ་རྫོགས་སོ།། །།དབེན་གནས་བདེ་ཆེན་སྟེང་དུ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ།། །།སྭ་སྟི་སིདྡྷཾ། མི་འགྱུར་བདེ་ཆེན་ཉིན་མོར་བྱེད་པའི་འོད་བརྒྱ་པ། །སྟོང་ཉིད་ནམ་མཁའི་དགའ་མ་ལ་དགྱེས་རོལ་རྩེད་མཁན། །གཟུང་འཛིན་སྤྲོས་པའི་ཆུ་འཛིན་དང་བྲལ་ཟུང་འཇུག་སྐུ། །མ་རིག་མུན་སེལ་རང་བྱུང་རྡོ་རྗེ་ལ་ཕྱག་འཚལ། །ཡེ་ནས་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང་། །རྒྱལ་བའི་སྲས་ཀྱི་ཚུལ་འཛིན་ཀརྨ་པ། །ཞྭ་ནག་ཅོད་པན་འཛིན་པ་བདུན་པ་ཡི། །ཞབས་པད་སྐྱེ་དགུའི་གཙུག་ན་རྒྱལ་གྱུར་ཅིག །རིག་གནས་ཀུན་ལ་མཁས་པའི་པཎྜྻི་ཏ། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །གང་གི་ཞབས་ཟུང་པདྨའི་འཛུམ་ཕྲེང་ནི། །མགོ་སྐྱེས་ནགས་ཚལ་མཛེས་པའི་རྒྱན་དུ་བསྟེན། །རང་བྱུང་རྡོ་རྗེ་མ་ཡིན་ཞིང་། །ཞྭ་ནག་ཅོད་པན་མ་བཟུང་ཀྱང་། །ནང་དོན་ཇི་བཞིན་སྨྲ་བ་ནི། །ཞྭ་ལྗང་ཅོད་པན་འཛིན་པའོ། །བདེ་འབྱུང་གཙུག་རྒྱན་མ་ཕྲོགས་ཤིང་། །ལྷ་ཡི་ལམ་ལས་མ་འཕོས་ཀྱང་། །ལུང་རིགས་འོད་དཀར་འཕྲོ་བ་ཡི། །ལེགས་བཤད་ཟླ་བ་དེང་འདིར་ཤར། །གང་གིས་རྒྱུད་སྡེ་ཀུན་ལས་བཏུས་ཏེ་ཕྱི་དང་ནང་དང་གཞན་པའི་ཆེས་རྣམས་མ་ཚང་མེད་པ་འདིར་ཆུད་པས་ན་ཐར་བ་དོན་གཉེར་རྣམས་ལ་འདོད་དགུ་འབྱུང་བའི་མཛོད། གཅིག་ཤེས་པས་ནི་ཐམས་ཅད་ཤེས་པར་འགྱུར་བའི་ལེགས་པར་བཤད་པ་འདི་འདྲ་སྔོན་ཆད་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་མ་བྱུང་ཕྱིས་ཀྱང་འབྱུང་བར་ག་ལ་འགྱུར། དེ་ཕྱིར་གཞུང་ལུགས་འདི་ལ་རབ་དད་བློ་ཡིས་འཛིན་དང་ཉན་དང་ཀློག་པར་བྱེད་པའི་སྐྱེ་བོ་དེ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་དགོངས་ཤིང་བྱིན་གྱིས་རློབས། རྒྱལ་བའི་སྤྱན་སྔར་བསྟན་དང་བསྟན་འཛིན་སྐྱོང་བར་ཞལ་གྱིས་བཞེས་པའི་བསྲུང་མ་དམ་ཅན་རྣམས་ཀྱིས་གཞུང་བཟང་འདི་དང་དེ་འཛིན་བྱེད་པའི་སྐྱེས་བུ་ཀུན་ནས་སྐྱོང་གྱུར་ཅིག །ངན་འགྲོའི་སྲིད་ལས་སྐྱོབ་པའི་མཆོག་སྦྱིན་ཅན། །ཟབ་རྒྱས་དུས་ཀྱི་འཁོར་ལོས་ལེགས་དཔྱད་ཏེ། །ཕྱི་ནང་གསང་བ་ཟབ་མོ་ནང་གི་དོན། །ཀུན་གསལ་སེམས་ཀྱི་རྣམ་ཐར་འདི་འཁྲུངས་སོ། །འདི་བྱས་དགེ་བ་དུང་དང་ཀུ་མུད་ཏ། །སྟོན་ཟླ་ལྟ་བུར་དཀར་བ་ཅི་མཆིས་པ། །འགྲོ་ཀུན་ཀུན་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག །ཉེས་པར་གྱུར་གང་མཁས་རྣམས་བཟོད་པར་མཛོད། །དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་གྱི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་འདི་ནི། དཔལ་ཀརྨ་པ་ཞྭ་ནག་ཅོད་པཎ་འཛིན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་དང་། དེའི་འཕྲིན་ལས་པར་མངའ་གསོལ་བ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལ་བརྟེན་ཅིང་། རྗེ་དེ་ཉིད་ཀྱི་བཀའ་ནན་དྲག་པོས་ཡང་དང་ཡང་དུ་བསྐུལ་པ་ལ་བརྟེན་ནས། ཆོས་སྨྲ་བའི་བཙུན་པ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་ཞེས་པའམ། མིང་གཞན་ཕྱག་ཆེན་ཀློང་ཡངས་རབ་འབྱམས་པ་ཞེས་བྱ་བས། འབྱུང་བ་ལྔ་ལྡན་ཤིང་ཕོ་ཁྱིའི་ལོ་ཧོར་ཟླ་བདུན་པའི་ཚེས་བརྒྱད་ལ་ཡེར་བ་ལྷ་རི་སྙིང་པོའི་མགུལ་དུ་རྫོགས་པར་སྦྱར་བའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །འདིར་ལུང་དང་རྟོགས་པའི་ཡོན་ཏན་དུ་མས་ལེགས་པར་བརྒྱན་པ། མཁས་གྲུབ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་གསུངས་པའི། དཔལ་རྡོ་རྗེའི་ཚིག་ཟབ་མོ་ནང་གི་དོན་གྱི་འགྲེལ་བཤད་སེམས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་པར་དུ་བསྒྲུབས་པ་འདིས། སྡེ་བ་ཀརྨ་འཕྲིན་ལས་རྣམ་རྒྱལ་གྱི་དགོངས་པ་སྐང་ཕྱིར་དང་། ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་པར་བཞེད་པའི་ཐུབ་བསྟན་མདོ་སྔགས་རྒྱ་མཚོའི་སྡེའི་དགེ་འདུན་པ་རྣམས་ཀྱི་འཆད་ཉན་དར་བའི་ཆེད་དུ་དང་འབྱོར་ལྡན་པ་ཆོས་མཛད་རྒྱལ་པོ་དོན་འགྲུབ་ཀྱིས་ཉེ་བར་བསྐུལ་སྟེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྐྱོང་མི་ཡི་དབང་པོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་མི་ཟད་སྤར་གྱི་ཆོས་སྦྱིན་རྒྱ་ཆེན་པོ་ལེགས་པར་བགྱིས་ཏེ། ཆོས་རྒྱལ་བྱང་ཆུབ་སེམས་པ་དག་གི་རིམ་པར་བཞེངས་པའི་དཔལ་ལྡན་རྒྱ་མཚོ་ལྷ་ལུང་གི་གཙུག་ལག་ཁང་དམ་པ་དང་ཉེ་བར་ལྷོ་བྲག་གི་ལྟེ་གནས་ལྷ་ལུང་ཀླུ་སྡིངས་སུ་ཤིང་མོ་ཡོས་ཀྱི་ལོའི་ཟླ་བ་བཅུ་གཅིག་པའི་ལང་ཚོ་གསུམ་པ་ཉིད་ལ་དཔར་དུ་གྲུབ་པའོ། །འདི་ལ་འཁྲུལ་ཞིང་ནོངས་པ་མཆིས་ན་མཁའ་འགྲོའི་ཚོགས་ཀྱི་གཟོད་པར་གསོལ་ཞིང་དགེ་བའི་ཚོགས་གང་ཞིག་ཐོབ་པ་དེས་རྒྱུ་དང་མི་རྒྱུའི་སྐྱེ་དགུ་ཐམས་ཅད་གནས་སྐབས་བདེ་མང་ལྡན་ཞིང་མཐར་ཐུག་དོན་གཉིས་མཐར་ཕྱིན་རྫོགས་སངས་གོ་འཕངས་མྱུར་ཐོབ་ཤོག །མངྒ་ལཾ། མདོ་རྒྱུད་བསྟན་བཅོས་ཀུན་གྱི་སྒོ་འབྱེད་པའི། །ལྡེ་མིག་ལྟ་བུ་འདི་ཉིད་ལ་བརྟེན་ནས། །རང་གཞན་དོན་གཉིས་འབྱུང་བའི་རིན་པོ་ཆེ། །ཡིད་བཞིན་ནོར་བུ་བས་ཀྱང་ཨེ་མ་མཚར། །བསྟན་བཅོས་ཆེན་པོ་ཟབ་མོ་ནང་དོན་གྱི། །འགྲེལ་བཤད་སེམས་ཀྱི་རྣམ་ཐར་གསལ་བྱེད་རྒྱན། །སྤེལ་བྱེད་དཔར་ཡིག་ཞུ་དག་བྱེད་པ་པོ། །གཞུང་ལུགས་ཀུན་གྱི་སྨྲ་མཁས་རིགས་པའི་ལྕེ། །རིང་པོར་སྐྱོང་མཛད་ཨེ་པ་སློབ་དཔོན་གྱིས། །རྩོལ་བས་ཞུས་ཆེན་རྣམ་དག་བགྱིས་པའོ། །བརྐོས་ཀྱི་བྱེད་པོ་སྒྲང་འདས་ནང་རོལ་ནས། །དལ་འབྱོར་ཕུན་ཚོགས་ལུས་མཆོག་འཛིན་མའི་གཞིར། །རྒྱལ་བའི་བཀའ་དང་བསྟན་བཅོས་ས་བོན་མཆོག །བརྩོན་འགྲུས་ཕུན་ཚོགས་བརླན་དང་ལྡན་པའི་མཐུས། །བློ་གྲོས་དབང་པོའི་མྱུ་གུ་རྒྱས་པ་ཡི། །སོར་མོའི་ཟློས་གར་ཁུར་དང་རབ་ལྡན་པའི། །ཡུལ་རྣམས་ཀུན་གྱི་སྨད་བྱུང་ལྷོ་སྟོད་ནས། །བརྐོས་ཀྱི་འདུ་བྱེད་ཕུལ་དུ་ཕྱིན་པ་ཡི། །འགྲན་ཟླ་བྲལ་བ་ཐང་ལྷ་རྡོ་རྗེ་དང་། །ཚེ་རིངས་ལ་སོགས་བདུན་ཕྲག་གཅིག་རྣམས་ཀྱིས། །ལྷག་བསམ་རྣམ་པར་དག་པས་ལེགས་པར་བརྐོས། །དགེ་དེས་མཁའ་སྙམ་འགྲོ་བ་མ་ལུས་པ། །ངན་འགྲོའི་གཟེབ་ལས་ཐར་ནས་འཚང་རྒྱ་ཞིང་། །འདིར་གང་འབད་རྩོལ་བྱེད་པོ་གཞན་རྣམས་ཀྱང་། །གནས་སྐབས་མཐར་ཐུག་དོན་རྣམས་བགེགས་མེད་ཤོག། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net