དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་་་།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "༼༡ ན ༡༽༄༅། །དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པ...")
 
No edit summary
 
Line 1: Line 1:
༼༡ ན ༡༽༄༅། །དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་འོད་བརྒྱ་པ་ཞེས་བྱ་བ་བཞུགས་སོ། །  
{{TibFontClass12}}
༼༡ ན ༡༽༄༅། །དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་འོད་བརྒྱ་པ་ཞེས་བྱ་བ་བཞུགས་སོ། ། {{Ref - Karma Lekshey Ling}}

༼༡ བ ༢༽རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པ་འགྲོ་བའི་བླ་མ་ཆེན་པོ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཀུན་ཏུ་མི་ཕྱེད་པའི་དད་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ངག་གི་མཆོག་སྦྱིན་མཁྱེན་དབང་འཇམ་པའི་དབྱངས། ཆོས་རྣམས་ཡོངས་ཀྱི་གསང་བདག་རྡོ་རྗེ་འཛིན། རྒྱལ་བ་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། སྤྲོ་མཛད་ཐོག་མའི་མགོན་པོ་དེ་ལ་འདུད། ཆགས་པ་གཏན་བཅོམ་འགྲོ་ལ་ཀུན་ཏུ་ཆགས་པ་སྣ་ཚོགས་སྤྲུལ་པ་སྟོན་པར་མཛད་པའི་སྐུ། སྤྲོས་པ་ཉེར་ཞི་རྟོགས་པར་བྱ་སླད་སྤྲོས་པ་སྣ་ཚོགས་ཆོས་ཀྱི་སྒོ་རྣམས་བརྗོད་པའི་གསུང་། ཤེས་བྱ་ཐམས་ཅད་མ་འདྲེས་འབྱེད་ཀྱང་ཤེས་བྱ་སྣ་ཚོགས་བདེ་ཆེན་གཅིག་པུར་སྡུད་པའི་ཐུགས། ཡོན་ཏན་མཐའ་རྣམས་བརྗོད་བརྩོན་རྣམས་ཀྱིས་ཡོན་ཏན་སྣ་ཚོགས་ནམ་ཡང་རྟོགས་མིན་མགོན་དེ་རྒྱལ། གནའ་སྔོན་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ནས་གྲོང་ཁྱེར་གྲོང་རལ་དག་དང་རྒྱལ་སྲིད་འབྱོར་པ་རིན་ཆེན་ནོར་བུ་གོས་བཟང་རླུང་མགྱོགས་ཤུགས་ལྡན་རྟ་དང་གླང་པོ་ཤིང་རྟ་ཆུང་མ་བུ་སྡུག་དང་། རང་གི་མགོ་དང་མིག་ལག་རྐང་པ་ཤ་བཅད་གཏང་བར་དཀའ་བ་བ་ཀུན་སྦྱིན་ཚུལ་ཁྲིམས་རྣམ་དག་འབྲི་ཡི་རྔ་མ་ཅི་འདྲ་དེ་འདྲར་བསྲུངས་ཤིང་འགྲོ་བའི་མི་ཕན་སྣ་ཚོགས་བཟོད་བྱས་རིམ་གྲོར་བགྱིས། ཡོན་ཏན་རྣམ་མང་ཡེ་ཤེས་སྒྲུབ་ལ་བརྩོན་འགྲུས་ཤིན་ཏུ་བརྟན་ཞིང་མི་གཡོ་ཡུལ་ལ་དགའ་བ་རྒོད་ཅིང་འཕྲོ་བའི་སེམས་གཏུལ་བསམ་གཏན་ལ་དགྱེས་རྒྱ་ཆེན་ཤེས་པའི་རབ་ཀྱིས་ཕ་མཐར་ཕྱིན་གྱུར་༼༢ ན ༣༽པ། དེ་ལྟ་མོད་ཀྱི་བྱང་ཆུབ་ཞི་བའི་གོ་འཕང་ཐོབ་ནས་སྡུག་བསྔལ་རྒྱ་མཚོར་ཆུད་པའི་སེམས་ཅན་ཐེག་གསུམ་གདམས་པས་ཡོངས་སུ་སྒྲོལ་བའི་བླ་མ་ལ་ནི་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །པདྨ་དྲི་མ་མེད་པ་རྒྱས་པའི་སྙིང་པོ་དང་ནི་སྟོན་ཟླ་ཉ་བ་ལྟ་བུའི་ཞལ། ཨུཏྤལ་དར་བའི་འདབ་མེ་ལྟར་ཡངས་བཻ་ཌཱུརྻ་ཡི་མཆོད་སྡོང་བཞིན་དུ་མཛེས་པའི་སྤྱན། མར་གྱི་སྦྱིན་སྲེག་བགྱིས་པའི་འོད་འཕྲོ་བཞུས་སྦྱངས་འཛམ་ཀླུང་གསེར་གྱི་རི་འདྲ་གཟི་བརྗིད་མདའ། དཔལ་ལྡན་གྲགས་པ་བགྲང་ཡས་ཀུན་གྱིས་མཆོད་པ་ངག་གི་དབང་པོ་ལྕེ་བརྒྱ་ས་བསྔགས་པར་འོས། གང་ཡང་སྙིང་རྗེའི་ཚ་ཟེར་ཅན། སྨོན་ལམ་རླུང་གིས་འགྲོ་བ་ན། ཇི་སྙེད་འགྲོ་བའི་ཡིད་མཚོ་ལ། འཆར་བའི་ཕ་མཐའ་སུ་ཡིས་ཤེས། དེ་ལྟ་མོད་ཀྱི་དད་པའི་གླེགས་བུ་ལ། གྲགས་པ་ཉི་མའི་རི་མོ་བལྟ་ན་སྡུག །དག་སྙན་ལྷ་ཡི་ཚོན་བཀྲ་བརླན་བྱས་པའི། ཀུན་རྟོག་པིར་གྱིས་ལེགས་པར་བྲི་བར་བྱ། མཉན་པའི་རྣ་བ་བལྟ་བའི་མིག །དོན་སེམས་ཡིད་དང་ཀློག་པའི་ལྕེ། ཀུན་དགའ་རབ་སྐྱེད་བདུད་རྩི་འདི། བདག་གི་བློ་གྲོས་དགེ་བས་སྦྱིན། བསྐལ་པ་གྲངས་མེད་པ་མང་པོར་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་ཤིང་སེམས་ཅན་ཚད་མེད་གྲངས་མེད་པ་མཐོ་རིས་དང་ཐར་པའི་ལམ་དུ་བཙུད་པར་མཛད། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་ནས་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་སངས་རྒྱས་ཀྱི་ས་ཆེན་པོ་ལ་བཞུགས་པ། ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་མཆོག་དམ་པ་ཐོགས་པ་མེད་པར་བསྐོར་བ་འཁོར་ལོ་བསྒྱུ་བའི་བརྒྱུད་དུ་བྱུང་བ། ཆོས་ཀྱི་འཁོར་ལོ་སྒྱུར་བ་ཆེན་པོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་མི་གཡོ་ལ། རྣམ་པར་རྟོག་པ་མེད་པར་ཐུགས་རྗེ་ཆེན་པོ་དང་། སྔོན་གྱི་སྨོན་ལམ་གྱི་དབང་དམ་པས། འགྲོ་བའི་རྒྱུད་དག་པའི་ས་གཞི་ཇི་སྙེད་པ་༼༢ བ ༤༽ལ་དེ་སྙེད་པའི་སྐུར་འཆར་བ། དེ་ཉིད་སྨན་པ་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་ཏོ། དེ་ཡང་། འདིར་བདག་ཅག་གི་སྐལ་བ་ཇི་ཙམ་པ་དེ་ཙམ་པའི་ཡོན་ཏན་གྱི་ཕུང་པོ། དགེ་བའི་བཤེས་གཉེན་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྐུའི་བདག་ཉིད། དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་སྙན་པའི་བ་དན་འཇིག་རྟེན་གསུམ་ན་རབ་ཏུ་བསྒྲེང་བ་དེའི་རྣམ་པར་ཐར་པའི་རོལ་པ་རྨད་དུ་བྱུང་བ་འདི་ལྟ་སྟེ། སྔོན་བྱུང་བའི་དུས་ན། འཕགས་པའི་ཡུལ་གྱི་གྲོང་ཁྱེར་ག་ལ་བར་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ་གྲུབ་པའི་སློབ་དཔོན་ཆེན་པོ་ཌོམྦྷི་ཧེ་རུ་ཀ་ཞེས་གྲགས་པས་རྫུ་འཕྲུལ་གྱིས་སྐྱེ་བོ་མང་པོའི་འཁོར་བ་བསྙིལ་ནས། དེ་ལས་ཁ་ཕྱིར་ཕྱོགས་པར་མཛད་པ་གང་དང་། ཁ་བ་ཅན་གྱི་ལྗོངས་འདིར། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུས། དྲི་མ་མེད་པའི་འོད་དཀར་ཅན་གྱི་ཞབས་སེན་ལ་རེག་པར་བྱས་ཤིང་བཏུད་པའི། ལོ་ཙ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ཞེས་བྱ་རྒྱ་མཚོའི་ཕ་མཐའ་གཟིགས་ཤིང་། མཆོག་གི་དེ་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པས། དབང་རྣོན་ངེས་པ་དང་བྲལ་བའི་ཚོགས་ལུས་གཅིག་གིས་སངས་རྒྱས་ཐོབ་པར་བྱེད་པའི་ཆོས་སྟོན་པར་མཛད་པ་པོ་དང་། གྲུབ་པའི་རིང་ལུགས་འཛམ་བུའི་གླིང་ན་འགྲན་ཟླ་མེད་པར་འཛིན་པའི་དབང་པོ། མཁྱེན་བརྩེ་ནུས་པའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱིས་གང་བའི་རྒྱ་མཚོ། དབོན་རས་དར་མ་སེང་གེ་ཞེས་ལྷ་དང་བཅས་པའི་སྐྱེ་དགུ་ཐམས་ཅད་མཛེས་པར་བྱེད་པའི་རྒྱན་གཅིག་པུ་པ་དང་། གནའ་དུས་ཀྱི་སྐྱེ་བོ་དག་དགའ་བ་བསྐྱེད་པའི་ཟློས་གར་གྱི་རྩེད་འཇོ་ཅི་ཡང་མཛད་དོ་ཞེས་འཇིག་རྟེན་ན་མངོན་པར་གྲགས་ཤིང་སྐྱེ་བོས་ཤེས་པ་ཉིད་དོ། །དེ་ལྟར། རྟེན་ཅིང་འབྲེལ་པར་འབྱུང་བའི་དཔལ་རྒྱས་ཤིང་འབྱོར་པ་བདེ་བ་དང་ལེགས་ཤིང་ཉམས་དགྱེས་པ་སྐྱེ་བོ་མང་པོས་གང་བ་ལ། གསེར་ས་ལེ་སྦྲམ་གྱི་ཁ་དོག་ལྟར་ཀུན་ཏུ་བཟང་པོའི་ཟབ་པ་དང་རྒྱ་ཆེ་བའི་རྩིབས་སྟོང་དང་མུ་ཁྱུད་ལྟེ་བ་དང་བཅས་པ། དམ་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་ཆོས་ཀྱིས་བསྐོར་བ་ལ་ཐོགས་པ་མེད་པ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་༼༣ ན ༥༽དབང་བསྐུར་བ་ཐོབ་པའི་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་འབྲུག་པ་ཞེས་རབས་ནས་རབས་སུ་བྱོན་པ་དག་ཀྱང་། འཕགས་པ་ཐུགས་རྗེ་ཆེན་པོ་ཅན། སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་ཤ་སྟག་སྟེ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ། ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་ཞུགས་པ། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཡོན་ཏན་ཐམས་ཅད་དང་རྟག་ཏུ་འདྲིས་པ། འཇིག་རྟེན་ཐམས་ཅད་ཀྱི་མགོན་དང་། སྐྱབས་དང་། སྐྱོབ་པ་དཔུང་གཉེན་བླ་ན་མེད་པ་འབའ་ཞིག་གོ། །དེ་ཡང་། མཁས་པ་དང་གྲུབ་པར་གྲགས་པའི་སྒྲས་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོའང་འདར་བར་བྱས་ཤིང་། ཕས་རྒོལ་གླང་པོའི་ཚོགས་ཀྱི་ཀླད་པ་འགེམས་པ། སྨྲ་བའི་སེང་གེ་ཀུན་དགའ་དཔལ་འབྱོར་ལྷ་དང་བཅས་པའི་སྲིད་པ་ན་རྒྱལ་བའི་དབང་པོ་ཞེས་འགྲན་ཟླ་མེད་པའི་དཔའ་བོ་གཅིག་པུ་བར་གྱུར་པ་དེ་ཉིད་གདན་རབས་བཅུ་བཞི་པ་ཡིན་ལ། གང་གི་གཅུང་མཐོ་རིས་ཀྱི་ཡོན་ཏན་དུ་མས་བརྗིད་པའི་ནང་སོ་ལྷའི་དབང་པོ་པ་ནི་སྲིད་སྐྱོང་བ་པོར་གྱུར་ཏོ། དུས་ནམ་ཞིག་གི་ཚེ་ཡར་འབྲོག་ཁྱུང་པོ་དོ་པའི་སྲས་མོ། བསོད་ནམས་ཆེན་པོའི་གཟི་རྒྱས་པ་མཆོག་དང་ལྡན་པས། ལྷའི་ན་ཆུང་ཐིག་ལེའི་མཆོག་མ་ལ་འགྲན་པར་བཟོད་པ། གཟུགས་མཛེས་པ། ཚུལ་དུ་ཤིས་པ། བལྟ་ན་དུག་པ། ཡིད་དུ་འོང་བ། ལང་ཚོ་རྒྱས་པ་ཟླ་བའི་མེ་ལོང་གསར་པ་སྨྲ་ཤེས་པ་ལྟ་བུ་བྱང་སེམས་ནམ་མཁའ་འཇོམ་ཞེས་པ། བྲོས་སྟབས་ཀྱིས་ར་ལུང་དུ་ཕེབས་པ་ཡང་། རེ་ཞིག་གསང་བ་ལྟར་བཞུགས་ཏེ། གདུང་གཅིག་གཉིས་འཁྲུངས་པ་གཞན་དུ་གྱུར་པའི་དབང་གིས་སྲས་འདོད་པའི་གདུང་བས་མཆོད་སྦྱིན་སྣ་ཚོགས་པའི་ཐབས་ལ་ཞུགས་སོ། །དེར། སྔོན་སངས་རྒྱས་དབོན་རས་པས། མཆོད་རྟེན་ཆེན་མོའི་རབ་ཏུ་གནས་པའི་སྐབས། མ་འོངས་པ་ན་འདི་ལ་ཞིག་གསོས་དགོས་པའི་དུས་ཞིག་འོང་། དེ་དུས་ཁོ་བོ་རང་བསྟན་པའི་འཛིན་སྐྱོང་ལ་སླེབ་དགོས་པར་འདུག་གསུང་བའི་ཞལ་གྱིས་འཆེས་པར་བྱ་བ་དུས་ཚོད་ལ་བབ་པ། སྙིང་རྗེ་ཆེན་པོས་འཇིག་རྟེན་ཀུན་ཏུ་གཟིགས་ཏེ། ཉི་སྒྲོལ་༼༣ བ ༦༽བྱེད་ཀྱི་ལོ། ས་ག་ཟླ་བའི་དཀར་པོའི་ཆ་རྣམ་པར་འཕེལ་བའི་བཟང་པོ་གསུམ་པའི་ཐོ་རངས་རྔ་བརྡུང་བ་ཙམ་གྱི་ཚོད་ལ། བོད་ཡུལ་གྱི་ལྟེ་བ། དབུས་གཙང་གཉིས་ཀྱི་ཅོན་པན། རྩེ་མོ་ཤིན་ཏུ་མཐོ་བའི་ཤེལ་གྱི་ལྷུན་པོ་དང་ཁ་དོག་བཟང་པོ་རིན་པོ་ཆེ་སྣ་ཚོགས་པའི་རི་བོས། ཁོར་མོ་ཡུག་ངུ་བསྐོར་བ། གང་གི་ལྟེ་བ་དང་བཅས་པའི་ས་ཕྱོགས་ལག་མཐིལ་ལྟར་མཉམ་ཞིང་། ཀ་ཙ་ལིནྡ་ལྟར་རེག་ན་བདེ་བ། ཤིན་ཏུ་བཟང་བ། ཡངས་པ་འདབ་མ་བརྒྱད་པ་རབ་ཏུ་རྒྱས་པ་ལྟ་བུའི་ལེགས་ལ་བཀྲ་ཤིས་པའི་རྟགས་རྣམས་ལེགས་པར་བཀོད་པ། རྩ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུས་ཁེབས་པ། རྩ་བ་དང་། སྡོང་བུ་དང་། མེ་ཏོག་བཟང་པོས་བརྒྱན་པ། སྒྲོ་གཤོག་མཛེས་པ་ཡིད་དུ་འོང་བ་སྙན་པའི་སྒྲ་འབྱིན་པའི་བྱའི་ཚོགས་དང་། རི་དྭགས་གཞོན་ནུ་བལྟ་ན་སྡུག་པ་རྩེད་འཇོལ་མཁས་པས་ཡོངས་སུ་གཏམས་པ། འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཡུལ་གཞན་དོར་ནས་འདི་ན་འདུས་པ་བཞིན། འཇིག་རྟེན་གཞན་དུ་བསོད་ནམས་བྱས་པ་ལྷན་ཅིག་ཏུ་སྐྱེས་པ་འདྲ་བ་ལེགས་པར་བྱས་པ་ཐམས་ཅད་ཀྱིས་ལེགས་པར་བྱས་པ། བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ། མེ་ཏོག་མདངས་འཕྲོག་གི་ལྗོངས། དཔལ་ར་ལུང་ཐེལ་གྱི་རི་བོ་ཆེན་པོ་གྲུ་འཛིན་གྱི་དོགས། སྤོས་སྐྱ་ཆོས་ཀྱི་ཕོ་བྲང་དུ་དགེ་ལེགས་བྱེ་བའི་རྟགས་དང་བཅས་ཏེ་ལྷུམས་སུ་ཞུགས་སོ། །དེ་ནས་གཟུང་ཡུམ་ཉིད་ནི་ཏིང་ངེ་འཛིན་གྱི་འཚོ་བ་བཟང་པོས་ལུས་སེམས་བརྟས་ལ། ཡུལ་ཕྱོགས་རྣམས་སུམ་རྩེན་གྱི་གྲོང་ཁྱེར་ས་ལ་འཕོས་པ་བཞིན་དུ་མངོན་པར་མཐོ་བའི་དཔལ་ཟད་མི་ཤེས་པ་ལ་སྤྱོད་པར་གྱུར་ཏོ། དེར་རྗེའི་ཞལ་སྔ་ནས། མ་འདིའི་ལུས་ལ་ཡོད་པ་འདི་བསྟན་པ་དང་འགྲོ་བ་ལ་ཕན་པའི་སྐྱེས་བུ་ཆེན་པོ་ཞིག་འོང་ངེས་པས། བྲག་འཇམ་དབྱངས་ཡེ་ཤེས་རིན་ཆེན་གྱིས་མགོན་པོ་ཕྱག་བཞི་པའི་གྲུབ་པ་བརྙེས་པའི་གནས་ཡིན་པས་འདི་ཉིད་དུ་མཚམས་དམ་པར་ཆོད་ལ་བཀའ་སྲུང་ཀྱི་གསོལ་མཆོད་ལ་བརྩོན་པར་གྱེས་ཞེས་ཞལ་བཀོད་དང་། དཔལ་ཡེ་ཤེས་༼༤ ན ༧༽མགོན་པོ་ཕྱག་བཞི་བའི་རྗེས་གནང་བཀའ་བསྒོ་སྩལ། བཀའ་སྲུང་ཀྱི་རྟག་གཏོར་བཞེངས། བླ་མ་ཀུན་དགའ་བཀྲ་ཤིས་སྐུའི་སྲུང་བ་པོར་བསྐོས། དེར་ཀྱང་མི་འགྱེད་པར་སླེབ་ཡོང་གསུང་བའི་བཀའ་གནང་སྟེ་རྗེ་ཉིད་ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཏྲར་བྱོན་ཏེ། དེ་ཡང་རིན་པོ་ཆེའི་མཆོད་སྡོང་བཞིན་དུ་དབུས་གཙང་ལྷོ་བྱང་གི་དབུང་ན་འཕྱུར་བུར་གསལ་བ་གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཕོ་བྲང་གདན་ས་རིན་པོ་ཆེ་ར་ལུང་གི་ཆ་བ་འོག་བྲག་ཁ་ཆོས་དབྱིངས་རྡོ་རྗེ་གདན་དུ། ས་སྐྱོང་གི་ལོ་བཅོམ་ལྡན་འདས་ཤཱཀྱའི་ཏོག་གིས་ཆོ་འཕྲུལ་ཆེན་པོས་སེང་གེ་རྣམ་པར་རྩེ་བ་བསྟན་པའི་དུས་ཆེན་གྱི་དངོས་གཞི་ཆོས་བརྒྱད་ལ་ཉིན་བྱེད་དབང་པོ་སྣང་བ་ཆེན་པོའི་དགའ་སྟོན་འགྱེད་པར་འོངས་པ་ཤར་རིའི་རྩེར་སོན་པ་དད་དུས་མཉམ་པར། དཔལ་དང་གཟི་བརྗིད་ཀྱིས་འབར་བ་འཇིག་རྟེན་ན་མཐུ་དང་དབང་ཆེ་བར་གྲགས་པ་རྣམས་ཀྱང་མོག་མོག་པོར་བྱེད་པ་དེ་བཙས་སོ། །དེ་མ་ཐག་ཏུ། སྙིང་སྟོབས་ཀྱི་ཕུང་པོ་ཆེན་པོ་འདི་འདྲ་བའི་ཁུར་གང་གིས་བཟོད་པར་མི་ནུས་སོ་སྙམ་དུ་རྒྱ་མཚོའི་གོས་ཅན་སྐྲག་པ་བཞིན་དུ་འདར་ཞིང་གཡོ་བར་གྱུར་ལ། སྤྲིན་དབང་པོའི་མཚོན་ཆས་བརྒྱན་པ་དག་སྐབས་གསུམ་པའི་རིན་པོ་ཆེའི་གདུགས་བཟང་པོ་ལྟར་མཛེས་པས་ཀུན་ཏུ་འཁྲིགས་ཤིང་། མཱ་ལ་ཡའི་རླུང་གིས་ཧ་རི་ཙན་དན་གྱི་ནགས་བསྐྱོད་པ་ལྟ་བུའི་རླུང་འཇམ་པོ་རེག་ན་བདེ་བ་དྲི་ཞིམ་པ་དག་ཀྱང་ལྡང་། ལྷའི་མེ་ཏོག་གི་ཆར་བཟང་པོ་དལ་བུ་དལ་བུར་འབབ་པོ་ཞེས་སྐྱེ་བོ་སྔོན་གྱི་ཚུལ་དྲན་པ་དག་སྒྲོག་གོ། །དེ་ནས་རྒྱ་གྲགས་བོན་པོ་རྒྱལ་མཚན་པ་ལ་སྲིའུ་བཅོལ་ནས། རིང་པོར་མ་ལོན་པ་ཞིག་ན་ཀུན་མཁྱེན་རྒྱལ་བའི་དབང་པོ་ཕེབས་ཏེ། བཀའ་རྗེས་གནང་མང་དག་གནང་། ཡུམ་གཤེགས་པའི་དགོངས་པ་རྫོགས་ཐབས་རྣམས་ལེགས་པར་བསྒྲུབས་སོ། །དེ་དུས་རྗེའི་སྐུ་པང་དུ་བཞེས་ཤིང་མཉེས་མཉེས་མང་དུ་མཛད་ནས་གཅེས་སྤྲས་སུ་གྱིས་ཤིག་གསུངས་ཏེ། དཔོན་སློབ་ཀུན་སླར་བོད་ཡུལ་ཤར་ཕྱོགས་པ་རྣམས་ཀྱི་མོས་པའི་ཤིང་རྟ་ཆེན་པོར་ཐེགས་སོ། །དེ་ནི་གང་འཁྲུངས་པའི་ཕྱི་ལོ་༼༤ བ ༨༽ཡིན་ནོ། །དེ་ནས་རྒྱ་གྲགས་ཐང་སྤེར་ལོ་གསུམ་ཙམ་སྲི་བྲོས་ཀྱི་ཚུལ་དུ་བཞུགས་སོ། །དེའི་དུས་ལྷོའི་བླ་མ་དབུ་ཆེ་མང་དག་འདུས་ནས་དགའ་སྟོན་ཆེན་པོ་བྱས་སོ། །དུས་དེ་དག་ཏུ་རྩེད་འཇོའི་རྣམ་འགྱུར་ལའང་སྐྱེས་བུ་དམ་པ་ཅི་བྱ་བ་བསྔགས་པར་འོས་པ་འབའ་ཞིག་མ་གཏོགས་གཞན་ལ་གནོད་པར་འགྱུར་བ་ནི་ཅུང་ཟད་ཀྱང་མི་མཛད་ཅིང་། ན་ཚོད་ཀྱི་ཁུར་ལྕི་བ་དག་ཀྱང་གནས་དེ་ལས་བཟློག་པར་བྱེད་དེ། སྐབས་དེ་ཉིད་དུ་བླ་མ་ཀུན་དགའ་བཀྲ་ཤིས་ཀྱིས་ཡི་གེ་ཀློག་པའི་ཚུལ་ཕུལ་ཀྱང་། དག་པ་དང་རུས་ཐོན་པའི་ཆེན་དུ་སྐོམ་སྡེ་འགྲོ་མགོན་བླ་བྲང་པར་གཙུག་ལག་གི་གཞི་མ་འདྲི་བ་དང་ཀློག་པ་དཔྱིས་ཕྱིན་པ་སློབ་པར་མཛད་པའི་སྐབས། ཚངས་པའི་དབྱངས་ཀྱིས་རྒྱལ་བའི་བཀའ་སྒྲོགས་པ་ན། ཐག་རིང་མོ་ན་གནས་པའི་སྐྱེ་དགུ་རྣམས་ཀྱིས་ཐོས་པས་རབ་ཏུ་ཆགས་ཤིང་ཡིད་སྟོར་བ་ལྟར་གྱུར་ཏོ། དུས་དེ་དག་ཏུ། དམ་པ་དང་ངན་པ་ལྷན་ཅིག་སྐྱེས་ཀྱང་སྐྱེས་ཀྱང་ཡུན་རིང་མོ་ནས་ལེགས་པ་དང་ཉེས་པའི་སྤྱོད་པས་གོམས་པའི་ངང་ཚུལ་མ་མཚུངས་པས་བཀུར་སྟི་མ་ཡིན་པ་དུ་མར་བགྱིས་པ་དེ་དག་གི་བདེ་བའི་རྒྱུར་འགྱུར་བ་ཁོ་ན་ཡིན་ཏེ། སྐྱེས་བུ་ཆེན་པོ་འདི་ལ་ཁྲོ་བ་དང་འཛིན་པ་མི་མངའ་བས། དེ་དག་བཟོད་ཅིང་བྱམས་པ་ཆེན་པོས་རིམ་གྲོར་བྱེད་པས་སོ། །དགུང་ལོ་བཅུ་གཉིས་པ་གདོང་ཅན་གྱི་ལོ་ལ། ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་བདུད་ལས་རྣམ་པར་རྒྱལ་བའི་ཚལ་དཔལ་མེ་རག་མདོར་སྒྲུབ་པའི་རྒྱལ་མཚན་བསྒྲེང་ཞིང་། ཙ་རི་སྒམ་པོ་སོགས་དཀར་རྒྱུད་ཀྱི་བསྟན་པ་འཕེལ་རྒྱས་སུ་མཛད་དེ། སླར་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཞབས་ཀྱིས་འཆག་པར་མཛད་ནས་གདན་ས་ཆེན་པོར་ཕེབས་རྒྱུའི་གཏམ་གསན་པས་དགྱེས་པ་བླ་ན་མེད་པར་གྱུར་ཏོ། དེ་ལྟའི་མདོ་ལ་འཁོར་རྒྱ་ཆེན་པོའི་ཚོགས་དང་བཅས་ཏེ་བསུ་བ་ལ་བྱོན། རྗེ་བཙུན་མར་པའི་གདན་ས་གྲོ་བོ་ལུང་དུ་ཕེབས་ནས་ཟངས་ཕུག་ཏུ་བཞུགས་གནས་མཛད་དོ། །དེར་རྗེའི་གསུང་འཕྲིན། དེད་དཔོན་སློབ་དེ་རིང་སླེབ་ཀྱི་ཡོད་པས་བསུ་བ་ལ་མ་ཡོང་སང་འབོད་མི་ཤྲ་ཏོང་གསུང་བ་ཕེབས་དགེ་བའི་བཤེས་གཉེན་ཆེན་པོ་སྔོན་ཡུན་རིང་པོ་ནས་བསྟེན་༼༥ ན ༩༽པ་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་རྣམས་ཀྱིས་ནམ་ཡང་བརྗེད་པར་མི་འགྱུར་བ་ཆོས་ཉིད་ཡིན་པས། བླ་མ་མཇལ་བར་རིངས་ཏེ། འདི་སྙམ་དུ་ཐུན་ཚོད་བརྒྱ་དང་ལྡན་པ་བཞིན་ཡོངས་སུ་མི་འཛད་པའི་མཚན་མོ་འདིས་བདག་གི་དོན་ཆེན་པོ་ཐོབ་པའི་གེགས་བྱས་སོ་ཞེས་ཡང་ཡང་དུ་སེམས་པར་མཛད་ཅིང་གཟིགས་སོ། །དེ་ནས་བདུད་རྩིའི་འོད་ཀྱི་ཐིག་ལེ་གསར་པ་དང་། རྒྱུ་སྐར་གྱི་དོ་ཤལ་བཟང་པོའི་མཛེས་པ་འཆང་བའི་སྔོ་བསངས་མ་ཡང་ནུབ་ཕྱོགས་པའི་སྲེད་ལྡན་གྱི་རྩེ་དགའི་ཆེད་དུ་སོང་ནས་མི་རིང་བར་གདན་འདྲེན་པས་སླེབ་སྟེ། རིངས་སྟབས་ཀྱིས་བྱོན་པ་ན་ཅོག་པུ་བཞི་དུལ་གྱིས་མཛེས་པ་བརྒྱ་ཕྲག་དུ་མས་སེར་སྦྲེང་དང་བྲོ་མོ་ཆེ་འབུལ་བ། ཕྱག་དང་བཅས་པའི་ཞེ་སས་མདུན་བསུས་ཏེ། གཙུག་ལག་ཁང་གི་གཡས་ཕྱོགས་ཀྱི་སྤང་ཁར་བཞུགས་སྒར་འདུག་སར་ཕེབས་སོ། །པདྨ་ཅན་གྱི་དགའ་བ་ཤར་བ་དང་དུས་གཅིག་དང་། ཉི་མ་བརྒྱ་པས་ལྷག་པའི་གཟི་བརྗིད་རབ་ཏུ་གསལ་བ། གདན་སེང་གེའི་ཁྲི་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་མཐོང་ངོ་། །དེ་མ་ཐག་ཏུ་དད་པའི་ཚ་ཟེར་གྱིས་ལག་པའི་ཀུ་མུ་ཏ་ཟུམ་པ་བཞིན་དུ་བྱས་ཏེ་ཕྱག་འཚལ་ཞིང་ཞབས་མཐིལ་བཀྲ་ཤིས་པའི་ཚོན་བྱུགས་པ་སྤྱི་བོར་བཀོད་པས་ནོར་བུས་མཚན་པའི་ཅོན་པཎ་རྣམས་སྐྱེངས་པར་བྱས་སོ། །དར་ཅིག་ན་ཞབས་ཕྱིར་ཡོད་པ་རྣམས་ལ་འབྱོན་ལམ་གྱི་དྲི་རྩ་ད་ཞིབ་པར་གནང་སྐབས། ཉིད་ཀྱི་དགོངས་པར། ང་ཡོང་བ་ལ་མཉེས་ཚོར་ཆེན་པོ་གནང་གི་འདུག་ཟེར་བ་མི་བདེན་པ་འདྲ་ཅི་ལྟར་ཡིན་སྙམ་པ་བྱུང་གསུང་། དེ་ནས་བཀའ་སྩལ་ཕེབས་པ་དང་། སྒར་གྱི་ལོགས་སུ་མ་ནམ་མ། དྭགས་པོའི་ཆོས་བཞི་དང་བཅས་པའི་བཤད་པ་དང་དོགས་པ་ཞིབ་པར་གསུངས་ནས། དེང་ཕྱིན་ཆད་མ་ཆག་པར་གྱིས། ཕེབས་པ་ལྟར་རྣམ་ཀུན་ཏུ་ཞལ་འདོན་དུ་མཛད་པ་ཡིན་ནོ། །དེ་ཉིན་རྗེ་འགྲོ་བའི་མགོན་པོའི་དུས་ཆེན་གཟའ་དང་སྐར་མ་འཕྲེད་དང་སྦྱོར་བ་བཟང་པོ་ཐམས་ཅད་འཛོམས་པས། རྗེ་མར་པའི་སྐུ་འདྲ་རིན་པོ་ཆེའི་དྲུང་དུ་གཙུག་ཕུད་འབྲེག་པ་གནང་། མཚན་ངག་དབང་ཆོས་ཀྱི་རྒྱལ་པོར་གསོལ། རྒྱལ་༼༥ བ ༡༠༽བའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པར་གཏད། སེམས་ཅན་ཐམས་ཅད་སྒྲོལ་བའི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་དགེ་བསྙེན་དང་། བར་མ་རབ་ཏུ་བྱུང་བ་བསྒྲུབས་སོ། །སེམས་བསྐྱེད་ཀྱི་ཆོ་ག་ཆོས་རྗེས་པཎྜྻི་ཏའི་ལུགས་ལས་སྨོན་འཇུག་ཆབས་གཅིག་པའི་སྡོམ་པ་བཞེས་པ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྷག་པར་འཕེལ་བས་འགྲོ་བ་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་དུ་བརྩེ་བ་མངའོ། །མངའ་བདག་རྒྱལ་པོ་མཻ་ཏྲི་པའི་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་སུ་རྫོགས་པ་ཆེ་ག་མཚན་ཉིད་དང་ལྡན་ཞིང་འཁྲུལ་པ་མེད་པར་ནོས་པས། རིག་འཛིན་བླ་ན་མེད་པའི་སྔགས་སྡོམ་ཐོབ་ཅིང་། དེ་རྣམས་མི་ཉམས་པར་བསྲུང་བའི་ཐབས། བསླབ་བྱ་མདོར་བསྡུས། སྡོམ་པ་ཉི་ཤུ་པ། རྩ་ལྟུང་བཅུ་བཞི་པ་ལ་སོགས་པ་བསླབ་པའི་གནས་མཐའ་དག་གི་བཤད་པ་གསན་ཅིང་། ལག་ལེན་མཐར་ཐུག་པ་བསླབ་པར་མཛད་པས་བླང་དོར་འབྱེད་པ་ལ་ཤིན་ཏུ་མཁས་ཏེ། ཉེས་བྱས་ཕྲ་མོས་ཀྱང་མ་གོས་སོ། །དེ་ནས་གཟུང་བདེ་མཆོག་གི་རྒྱ་བོད་ཀྱི་གཞུང་། སློབ་དཔོན་ལས་ཀྱི་རྡོ་རྗེའི་ལུགས་ཕྱག་ན་རྡོ་རྗེ་ལྷ་ཉེར་ལྔ་མ་དང་། ལྷ་ལྔ་ལ་སོགས་པའི་དབང་བྱིན་རླབས། རྒྱ་བོད་ཀྱི་སྒྲུབ་ཐབས་ལས་སྣ་ཚོགས་པ། ཤ་བ་རའི་ལུགས། ཕག་མོ་ལྷན་ཅིག་སྐྱེས་མའི་བྱིན་རླབས་དང་ཡིག་སྣ། སློབ་དཔོན་དྲིལ་བུ་ཞབས་ཀྱི་ལུགས། དབང་པོ་རབ་ཀྱི་ཉམས་ལེན་བདེ་མཆོག་ལྷན་ཅིག་སྐྱེས་པའི་བྱིན་རླབས་དང་། རྒྱ་བོད་ཀྱི་སྒྲུབ་ཐབས་ཀྱི། གཞུང་། དཔལ་རྡོ་རྗེ་སྲིན་པོ་ཧེ་རུ་ཀ་ཕྱག་བཞི་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་པཎྜྻི་ཏ་ཆེན་པོ་མང་དག་དང་། སྐད་གཉིས་སྨྲ་བའི་དབང་པོ་མཁས་ཤིང་གྲུབ་པ་རྣམས་ཀྱིས་མཛད་པའི་ཞི་བ་རྒྱས་པ་དབང་དྲག་པོའི་བསྙེན་པ་སྒྲུབ་པ་ལས་སྦྱོར་གྱི་གཞུང་ལག་ལེན་ཡོངས་སུ་རྫོགས་པར་གསན་ནོ། །ཕྱག་ཆེན་ཡེ་ཤེས་འཁོར་ལོ་ལ་ཁྲིང་། དཀར་བརྒྱུད་གསེར་འཕྲེང་རྒྱ་བ་ཆོས་སུ་གསན་ཏེ། རིམ་གྱིས་ཕེབས་སྐབས་པདྨ་གླིང་ནས་གྲུབ་ལ་ལ་ཐེགས་ཉིན། འཕྲེད་རིངས་དེར་རྗེ་ཁུ་དབོན་གྱི་ཆིབས་ཀྱི་༼༦ ན ༡༡༽ཐད་ཀར་བ་བོད་ཆེན་པོ་ཞིག་རྦབ་ཏུ་འདྲིལ་བ་ལ། རྗེའི་དྲུང་གིས་གཟིགས་སྟངས་དང་སྡིགས་མཛུབ་མཛད་པ་ཙམ་གྱིས་དུམ་བུ་གསུམ་དུ་སོང་སྟེ། གཉིས་མདུན་རྒྱབ་ཏུ་ཐལ་ཞིང་། གཅིག་སྐུ་མདུན་གོང་གི་ཕ་བོང་ཞིག་གིས་བརྟེན་ནོ། །དེ་དག་གི་ལོ་རྒྱུས་ཞིབ་པ་རྭ་འཆད་མ་ཐུབ་པའི་གནད་ཅིག་བྱུང་གསུང་། དེ་ནས་གད་མདོར་ཕེབས། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་ཅིག་གི་དབང་དང་། རྗེ་བཙུན་ཆེན་པོ་འབར་ར་བས་མཛད་པའི་ཚེ་ཁྲིད་ཀྱང་གསན་ནོ། །དེ་ནས་སྟག་རི་བའི་གདན་འདྲེན་བྱུང་བས་ཕེབས། བཞུགས་རིང་དཔོན་སློབ་མང་དག་གིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉམས་ཁྲིད་དུ་སྐྱོང་བར་མཛད། ཕྱག་ཆེན་སྐོར་གསུམ་ཆ་ལག་ཚང་བ་ལུང་དུ་གསན། དེ་ནས་ཆོས་རྫོང་དུ་ཕེབས། གཙུག་ལག་ཁང་དུ་མངའ་བདག་མར་པ་ལོ་ཙ་དང་རྨོག་རིན་པོ་ཆེ་བདུན་བརྒྱུད་ཀྱི་ཕྱག་བཞེས་གཙང་མའི་དགྱེས་རྡོར་ལྷ་དགུའི་དབང་བཞི་ཡོངས་སུ་རྫོགས་པར་གསན་ཅིང་། སྒྲུབ་དཀྱིལ་ལག་ལེན་རྣམ་བཤད་དང་བཅས་པའང་གནང་ངོ་། །དེ་ནས་དཔལ་བརྟག་པ་གཉིས་པའི་རྒྱུད་ཐུགས་ལ་འཛིན་པ་དང་། འགྲེལ་པ་རིན་པོ་ཆེའི་རྒྱན་འདྲ་བའི་སྟེང་ནས་བཤད་པ་ཚིག་དོན་དཔྱིས་ཕྱིན་པར་གནང་བ་གཉིས་ཀ་མི་རིང་བར་རྫོགས་པར་མཛད་དོ། །བཞི་ཆོས་གཞུང་འགྲེལ་རྗེ་དྭགས་པོའི་རྣལ་འབྱོར་ལམ་རིམ། ལ་ཡག་བྱང་ཆུབ་དངོས་གྲུབ་ཀྱི་ཆོས་བཞི་རྩ་འགྲེལ། རྗེ་བཙུན་གླིང་གི་སྒྲོན་མེ་རྣམ་དྲུག་དང་བཅས་པའི་བཀའ་འབུམ་ཚང་མ། འགྲོ་མགོན་གྱི་བཀའ་འབུམ། ཆོས་རྗེ་ན་རིམ་གྱི་གསུང་ངག་ཁྲིགས་སུ་བཀོད་པ་རྣམས་གསན་ནོ། །དེའི་ཚེ་སངས་རྒྱས་དབོན་གྱི་དུས་ན་ཡོད་ལ། རྗེས་ཐོགས་ཀྱི་སྐྱེ་བོས་མི་མངོན་པའི་ཁྲོན་པ་ཞིག་གཞོན་ནུ་གང་གིས་འཁོར་ཁ་ཡར་དང་བཅས་ལྕགས་རིའི་ཟུར་ཁུགས་དེར་ཕེབས་ནས་སྐྱེ་དགུས་ཤེས་པར་མཛད་པ་ན། ཐམས་ཅད་དུ་སངས་རྒྱས་དབོན་གྱི་རྣམ་པར་སྤྲུལ་པ་ཉིད་དོ་ཞེས་གྲགས་སོ། །དེ་ནས་རི་ནག་དང་། རྩེ་ཐུར་སོགས་ནས་དགེའུ་གངས་སུ་ཕེབས། རྗེའི་གསུང་གི་རྟེན་འབྲེལ་༼༦ བ ༡༢༽གྱི་སྒོ་ཆེན་པོ་ཞིག་ཡོད་པས། གནས་འདི་ཉིད་དུ་དབོན་གྱི་སྤྱིལ་པོ་ལ་དམིགས་པ་ཞིག་ཅོག་པུ་བ་རྣམས་ཀྱིས་རྩིགས་ཤིག །གྲུབ་རྗེས་ཞག་གསུམ་གྱི་བར་དེ་ཉིད་དུ་འདུག་གནས་ཀྱིས་ཞེས་དང་། གོས་ཆེན་གྱི་དབུ་སྒོམ་ཤིན་ཏུ་ལེགས་པ་ཅིག་གནང་ངོ་། །སྐབས་དེ་དག་ཏུ་ཆོས་ཀྱི་གསན་པ་ནི་ནམ་ལངས་ནས་ས་རུབ་ཀྱི་བར་དུའོ། །དེ་ནས་གདན་ས་ཆེན་པོ་མེ་ཏོག་མདངས་འཕྲོག་གི་ལྗོངས་ར་ལུང་ཐེལ་དུ་ཕེབས་ཏེ། ར་ལུང་པ་རྣམས་ཀྱིས་བསུ་བའི་རིམ་པ་དང་བཅས་ནས་ནཱ་རོ་པའི་ཕྱི་རྟེན་བཀྲ་ཤིས་སྒོ་མངས་བྱིན་རླབས་ཀྱི་གཟི་བྱིན་ཆེ་བར་འཇིག་རྟེན་ན་གྲགས་པ་དེའི་མདུན་གྱི་སྤང་ཁར་སྒར་མཛད་དོ། །དེ་དུས་ཕྱོགས་ནས་དགེ་བའི་བཤེས་གཉེན་ལུང་རིགས་ཀྱི་སྦྱངས་པ་ཆེན་པོ་མང་དུ་ཚོགས་ཏེ། ཆོས་ཀྱི་འབེལ་བའི་གཏམ་གྱི་བགྲོ་གླེང་། དད་འདུས་ཀྱི་ཉ་མའི་ཁྲོམ་ལ་ཆོས་གནང་བས་ཁོར་མོ་ཡུག་ཏུ་འདའ་བ། དེའི་ཚེ་གངས་ཅན་གྱི་སྐྱེས་བུ་དམ་པ་རྣམས་ལ་གནོད་པར་བྱེད་པའི་མི་མ་ཡིན་ཆེན་པོ་ཞིག་གཞོན་ནུ་གང་ལ་བར་དུ་གཅོད་པའི་ཆེད་དུ། རེ་ཞིག་རབ་ཏུ་བྱུང་བའི་ཆ་བྱད་ཅན་དུ་བརྫུས་ཏེ། ཕྱོགས་དེར་གནས་ནས་གླགས་མ་རྙེད་པར་རིང་ཞིག་ཐལ་བ་དེ་ཡང་། རྗེའི་བྱིན་རླབས་གཟི་འོད་ཀྱིས་འཇིགས་ཤིང་། དམ་པའི་ཆོས་ཀྱི་བགྲོ་བས་ངོ་འཁུམས་ཏེ། བྲོས་པ་ཕྱོགས་གར་སོང་དང་འདིར་སླེབ་བྱ་བ་སྐྱེ་བོ་སུས་ཀྱང་མ་ཤེས་སོ། །དེ་ནས་རི་བོ་ཆེན་པོ་གྲུ་འཛིན་གྱི་དོགས་འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས་པའི་གནྡྷོ་ལ་དཔལ་སྤོས་སྐྱར་ཁུ་དབོན་ལྷན་དུ་གདན་ཆགས་པར་མཛད་དོ། །དེ་དུས་དབང་རྣོན་ཚེ་གཅིག་ལ་སངས་རྒྱས་ཀྱིས་རབ་ཀྲི་བའི་གདམས་པ། རྗེ་བཙུན་དཔལ་ནཱ་རོ་པའི་གསུང་ངག་བསྲེ་འཕོའི་ཁྲིད། ཉམ་ང་མེད་སེང་གེ་ལྟ་བུའི་སྤྱོད་པས་བཟང་ངན་གྱི་སྣང་བ་ལམ་དུ་འཁྱེར་བའི་གདམས་པ་རོ་སྙོམས་སྐོར་དྲུག །དམ་པའི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་རྟེན་ཅིང་འབྲེལ་པར་འབྱུང་བ་རབས་བདུན་གྱི་ཁྲིད་ལུང་། ལམ་རྦ་བླ་མ་སྒྲུབ་པ་འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཁྱད་ཆོས་ཁྲིད་ཆེན་པོ་བརྒྱད། ༼༧ ན ༡༣༽སློབ་དཔོན་དཔེ་མེད་འཚོ་དང་ཤ་བ་རའི་ལུགས། པཎྜྻི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལ་གསན་པའི་རྣལ་འབྱོར་ཡན་ལག་དྲུག་པའམ། རྡོ་རྗེ་བཞིའི་བསྙེན་སྒྲུབ་གསར་མ། གྲུབ་ཐོབ་ཆེན་པོ་ཨོ་ཌི་ཡ་ཎཱ་བ་རིན་ཆེན་དཔལ་གྱིས། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་དབང་མོར་ཐོས་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དང་། འཕྲེང་བསྐོར། བརྡ་རྩ་ལ་སོགས་པ་ཞོགས་ཆོས་སྔ་ཆོས་དགོངས་ཆོས་མཚན་མོ་ཟླ་བ་ཡོད་པའམ། མེད་དུས་སྒྲོན་མེ་ལ་འབེལ་གཏམ། རྣམ་པར་བཤད་པ་ཐུགས་རྩོམ་ལ་སོགས་པ་འཆད་རྩོད་རྩོམ་པའི་བྱ་བས་འཁོར་མོ་ཉིད་འདས་པའི་དུས་དེ་དག་ཏུ་ངང་ཚུལ་བཟང་ཞིང་དུལ་བ་ཐོས་བསམ་ལ་འགྲུས་པའི་སྐྱེ་བོའི་ཡིད་འཕྲོགས་སོ། །རྗེའི་གསུང་ནས། ངེད་ཙ་རི་སྒམ་པོ་ཕྱོགས་ལ་བསྡད་ན་ཚེ་རིང་བར་ཡོད་པས་མྱུར་དུ་འགྲོ་བ་ཡིན་ཞེས་མང་དུ་ཕེབས་རུང་། ཕྱོགས་གང་དུ་གནས་པ་རྣམས་ཀྱིས་ནན་ཆགས་པའི་ཞུ་བ་ལ་བརྟེན། མི་བཞུགས་ཀ་མེད་པར་གྱུར་པ་ནས། ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ལ་སྐུ་ཁམས་ཅུང་ཟད་མཉེལ་བ་སྐུ་འབྲུམ་ཡིན་པར་ངེས་ཏེ། རྒྱལ་བའི་རྒྱལ་ཚབ་ཏུ་འོས་པ་གང་། དུས་དེ་ཕན་སྐུ་དང་གྲིབ་མ་བཞིན་དུ་མིང་བྲལ་བས། དགེ་བའི་བཤེས་གཉེན་མཉེས་པར་མཛད་མོད། སྐབས་དེར་བཟད་པའི་ཞལ་ངོ་དབོན་པོ་རྣམ་པར་གྲོལ་བའི་སྡེ་ཞེས་པ་བློ་གྲོས་ཕུན་སུམ་ཚོགས་པ་དེ་དང་། གཟིམས་དཔོན་ཨའོ་དཀོན་མཆོག་མཛེས་གཉིས་ཀྱིས་གཙོ་སར། ཕྱག་གཡོག་ཏུ་གཉེར་བ་མཛད་དེ། མར་ཁུའི་གཞོང་པ་གང་ཞེས་པར་བཞུགས་སོ། །སྔ་དགོངས་ཐུགས་སྦྱོང་ཁྲིགས་ཆགས་དང་། དགུང་སེང་ལ་སྤོས་སྐྱ་གཟིགས་སར་ཕྱག་འབུལ་དང་གསོལ་བ་འདེབས་པ་སོགས་དུ་མར་མཛད་དོ། །དེ་ནས་སྨིན་དྲུག་ཅན་གྱི་དམར་པོའི་ཆ་ཡི་རྫོགས་པ་གསུམ་པའི་སྲོད་ཀྱི་དུས་ལ་བབ་པའི་ཚེ། དཔོན་སློབ་ཀུན་ཐུགས་བཤར་གྲུབ་རྗེས། གཟིམས་མལ་དུ་ཕེབས་མ་ཐག་འོད་ཟེར་ཉི་མའི་དཀྱིལ་འཁོར་ལྟ་བུ་ཕྱི་ནང་གི་གནས་ཀུན་གསལ་བའི་རྟགས་དང་ཆོ་འཕྲུལ་དཔག་ཏུ་མེད་པས་དུས་༼༧ བ ༡༤༽འདས་སོ། །དེར་གནས་ནང་པ་རྣམས་ཀྱིས་སྤོས་སྐྱ་གཟིམས་ཁང་ནས་འོད་ཀྱི་ཕུང་པོ་རྫམ་ཙམ་ཞིག་ཤར་ཕྱོགས་ར་ལའི་སྟོངས་སུ་ཐལ་སོང་བ་ཀུན་མཐུན་གྲུབ་ཏུ་གླེང་ངོ་། །དེ་ཡང་མཆོག་གི་སྤྲུལ་པ་བྱའི་རིགས་ཀྱི་རྒྱལ་པོར་ཕེབས་པའི་སྔ་རྟགས་སུ་ངེས་སོ། །དེ་ནས་ཟླ་བ་ཙམ་གྱི་བར་གསང་ཐབས་ཀྱི་ངང་ནས་མཆོད་སྤྲིན་རྒྱ་མཚོའི་ཚོགས་ཀྱིས་བཀུར་སྟི་ཕུལ་དུ་བྱུང་བ་བགྱིས་སོ། །ཟླ་མཆོད་ཀྱི་སྟེངས་སུ་དགོངས་རྫོགས་དངོས་གཞི་བསྒྲུབ་པའི་སྐབས། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུར་རྒྱལ་སྲས་གཞོན་ནུ་ཉིད་ཕེབས་པར་མཛད་པས་རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་མཛེས་པ་མཐོང་བས་སྐྱེ་དགུ་རྣམས་ཀྱི་མྱ་ངན་བསངས་པར་གྱུར་ཏོ། དེ་རྗེས་བུ་སློབ་རྣམས་སོ་སོར་བསྟན་པའི་འཛིན་སྐྱོང་དང་། སྒྲུབ་པའི་རྒྱལ་མཚན་དབེན་པའི་སྦོ་མཐོན་པོ་རྣམས་སུ་འཛུགས་པ་ལ་བྱོན་ནོ། །ཉིད་ཀློག་པའི་སློབ་དཔོན་དུ་དགེ་སློང་བསོད་ནམས་མཆོག་ལྡན་པ་བསྟེན་ཏེ། སྦྱངས་པ་འཕྲོ་མ་དང་རྗེའི་གསུང་ཟིན་ཐུན་དུ་སྐྱོར་བར་མཛད་ཅིང་། རྟོགས་པའི་མངའ་བདག་གྲུབ་ཆེན་ཤཱཀྱ་འཕེལ་བར་རྗེ་སྤོས་སྐྱ་པའི་ཕྱག་ཆེན་གྱི་ཁྲིད་ཡིག་སྟེང་ནས་ཉམས་ཁྲིད་དུ་ཟླ་བ་གསུམ་སྐྱོང་བར་མཛད་པ་དང་རོ་སྙོམས་ཁྲིད་དང་ཁྲིགས་མ། ཞལ་གདམས་ངེས་པ་ཅན་རྣམས་གསན་ཅིང་། གསང་བའི་སྤྱོད་པ་མང་དུ་མཛད་དོ། །དེ་ནས་མི་འཁྲུགས་པ་ལྷ་སོ་བདུན་གྱི་དབང་དང་། འབྲུག་སྐོར་གྱི་ཁྲིད་གདམས་པ་ཕལ་ཆེ་བ་དག་ཀྱང་གསན་ནོ། །འགྲོ་མགོན་བློ་མཆོག་གྲགས་པར་སྒྲུབ་དཀྱིལ་ལྔའི་ཕྱག་ལེན་བསླབས་ཤིང་། གྲུབ་ཆེན་དཔལ་བཟང་བ་དང་། དྲུང་དོན་རིན་པར་ཉེར་མཁོ་རེ་ཡང་གསན་ནོ། །དགུང་ལོ་བཅུ་བཞི་ལོན་པ་གནན། འཕྱང་གི་ལོ་ལ་རྗེའི་ནང་རྟེན་རྣམས་གྲུབ་ནས། བུ་ཆེན་ཕལ་ཆེར་འདུས། རྒྱལ་བའི་མྱུ་གུ་གང་དཀར་བརྒྱུད་རིན་པོ་ཆེ་ཡབ་སྲས་ཀྱིས་རིམ་པར་བཞུགས་པའི་གདན་སེང་གེའི་ཁྲིར་ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་མངའ་གསོལ་ཏེ་དགའ་སྟོན་རྒྱ་ཆེན་པོ་ཡང་བྱས་༼༨ ན ༡༥༽སོ། དེ་ཡང་། པདྨའི་རྫིང་བུར་ངང་པའི་རྒྱལ་པོ་བྱ་ཕྲན་གྱིས་བསྐོར་བ་ལྟར། བསྟན་འཛིན་ཐམས་ཅད་ཀྱི་མགོན་དུ་མཛེས་པ་དེ་ཉིད། དགུང་ལོ་བཅོ་ལྔ་པ་ལ། བསྟན་པ་འཕེལ་རྒྱས་ཀྱི་ཁུར་ཆེན་པོ་ཁྱེར་བ། འགྲོ་བའི་མགོན་པོ་ཆོས་སྐྱབས་དཔལ་བཟང་པོ་དང་། ཕྱག་ཆེན་ཤེས་རབ་བཟང་པོས་གཙོས་པ་རི་པ་དཔོན་སློབ་དང་། འདུས་པ་མང་པོ་ལ། འབྲུག་སྐོར་ལྔའི་དཔང་རྗེས་གནང་། བྱིན་རླབས། གསུང་ངག་རོ་སྙོམས་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་དོ། །ཀུན་ལྡན་ལྕགས་ཕོ་བྱི་ལོ་ལ་ཙ་རི་ཏྲར་རྫོང་དར་མཛད་དེ། ལྷོ་ཕྱོགས་ཀྱི་གདུལ་བྱའི་ཆེད་དུ་ཕེབས་ནས་རིམ་པས་སྟག་རི་དང་འབྲོག་བརྒྱུད་ཡར་རྒྱབ་ཏུ་བྱོན། རྗེ་རྒྱལ་བའི་དབང་པོའི་མཆེད་པོ་ཐུགས་ཡིད་གཉིས་སུ་མེད་པ་མཁས་པ་དང་གྲུབ་པའི་རྒྱལ་མཚན་གྱི་ཏོག་དམ་པ་སྐད་གཉིས་སྨྲ་བ་ཆེན་པོ་བསོད་ནམས་རྒྱ་མཚོའི་སྡེར། ལམ་དྲ་བེ་བླ་མའི་རྣལ་འབྱོར་གྱི་བཀའ་འབྲེལ་རྒྱས་པ་ཞིག་གསན་ནོ། །དེ་དུས་རྗེ་ལོ་ཙ་བའི་གསུང་ནས། དབོན་རིན་པོ་ཆེ་ད་ལན་ཕེབས་པ་ཤིན་ཏུ་ལེགས། རྗེ་འབྲུག་པ་རིན་པོ་ཆེ་ཉི་མ་དང་ཟླ་བ་ལྟ་བུ་དེ་གཞན་དོན་ལ་གཤེགས་རྗེས། ད་སྒོས་ངེད་རང་ཤུལ་ན་མཆིས་པ་རྣམས་ཀྱིས་བསྟན་པ་ལ་ཕན་པའི་འབུངས་གསུམ་འདོན་དགོས་པས། ལོ་ཤས་བཞུགས་པའི་ཐུགས་རྩིས་མཛོད། དེ་རིང་སང་བླ་མ་གཡམ་སྤྱིལ་བ་སྤྱིར་ཐོབ་རྒྱ་ཆེ་ཞིང་ཁྱད་པར་འབྲུག་སྐོར་གྱི་ཆ་ལ་ཤིན་ཏུ་ངེས་པར་ཡོད་པས། དེར་ཞག་བར་བཞུགས། དེ་ནས་ངེད་ཀྱི་སར་གདན་འདྲེན་གཏོང་གསུང་བ་ཕེབས་ཀྱང་། མི་རིང་བར་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་ནོ། །དེ་ནས་གྲ་དགའ་ལྡན་དང་གཡམ་སྤྱིལ་དུ་གྲུབ་ཆེན་རིན་པོ་ཆེ་བློ་གྲོས་ཆོས་རྒྱལ་བར་སྒྲུབ་ཐབས་སྐོར་ལྔའི་དབང་རྗེས་གནང་། བྱིན་རླབས་ཡིག་སྣའི་ལུང་ཤིན་ཏུ་ཚང་བ་དང་། རས་ཆུང་སྙན་རྒྱུད་ཀྱི་དབང་ཁྲིད་ཆ་ཚང་། ཚེ་དཔག་མེད་འཆི་མེད་རྔ་སྒྲ། གཙུག་ཏོར་རྣམ་པར་རྒྱལ་མའི་དབང་། ལམ་ཟབ་སོགས་འབྲུག་སྐོར། འབར་ར་བའི་ཆོས་སྐོར། གཅོད་ཡུལ་གྱི་རིམ་པ་མཐའ་དག །༼༨ བ ༡༦༽སེམས་ཁྲིད་ཡིད་བཞིན་ནོར་བུ། ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་རྒྱལ་བའི་སྔགས་འདུལ་ཆེན་མོ། རྒྱལ་པ་ཡང་དགོན་ཞབས་ཀྱི་རི་ཆོས་སྐོར་གསུམ་སོགས་ཤིན་ཏུ་རྒྱ་ཆེ་བར་གསན་ནོ། །དེ་ནས་གདན་ས་ཆེན་པོ་ཐེལ་དུ་ཕེབས། ལྷུན་སྡེར་བཞུགས་ཏེ། དཔལ་རྡོ་རྗེ་བྲག་སླེ་བདུད་ལས་རྣམ་པར་རྒྱལ་བའི་གཟིམས་ཁང་དུ། རྒྱལ་དབང་རྗེའི་བུ་ཆེན། མཁས་གྲུབ་ཆེན་པོ་མཁན་ཆེན་དཔལ་འབྱོར་རྒྱལ་མཚན་པའམ། ལྷུན་སྡེ་རབ་འབྱམས་པ་ཞེས་གྲགས་པ་ལ་ལུགས་ཀྱི་གསར་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་བཞི་ཡོངས་སུ་རྫོགས་པ་སྒྲུབ་དཀྱིལ་དང་བཅས་པ་ཀུན་མཁྱེན་ཁ་ཆེ་ཉིད་ཀྱིས་མཛད་པ། མན་ངག་གི་མཐར་ཐུག་རིམ་པ་ལྔའི་དམར་ཁྲིད། དཀར་ཁྲིད་ནག་ཁྲིད་ཀྱི་སྐོར་ཤིན་ཏུ་ཚང་བ། སྤྱོད་བསྡུས་སྒྲོན་མེ། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་དུ་དབང་བཞི་ཡོངས་སུ་རྫོགས་པ། སྒྲུབ་དཀྱིལ་གྱི་ལུང་དྲིལ་བུ་པས་མཛད་པའི་རིམ་པ་ལྔ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཁྲིད་སོགས་དང་། གཤེད་དམར་གྱི་དབང་དང་སྤྲོས་མེད་ཀྱི་ཆོས་སྐོར་གློ་བོ་ལོ་ཙ་བས་མཛད་པ། བཞི་ཆོས་སྒྲ་འཁོར་དང་ཤ་བ་རི་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་རྗེས་གནང་། སྤྱན་སྔ་ཉེར་གཉིས་རིན་པོ་ཆེས་མཛད་པའི་ཕྱག་ཆེན་ལྔ་ལྡན་དང་སེམས་ཁྲིད་ཡིད་བཞིན་ནོར་བུ། མཁའ་སྤྱོད་པས་མཛད་པའི་ཕྱག་རྒྱ་ཆེན་པོ། རྗེ་བཙུན་མི་ལའི་བཀའ་འབུམ་ངན་རྫོང་སྟོན་པས་བསྒྲིགས་པ། དྭགས་པོའི་བཀའ་འབུམ་དང་། འགྲོ་བའི་མགོན་པོ་ཞང་རིན་པོ་ཆེ་བརྩོན་འགྲུས་གྲགས་པའི་བཀའ་འབུམ་དང་བཅས་པ་ཤིན་ཏུ་ཚང་བར་གསན་ནོ། །དེ་ནས་ཆོས་འཁོར་ཆེན་པོ་ལྷ་སར་བསྟན་པའི་གཙོ་བོ་ཇོ་ཤཱཀ་རྣམ་གཉིས་མཇལ་སྨོན་ལམ་རྒྱ་ཆེན་པོ་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས་ཏེ། གངས་ཆེན་པོ་འབྲུག་ཏུ་རེ་ཞིག་སྟན་ཆགས་ནས། དཔལ་མེ་ཏོག་མདངས་འཕྲོག་ཏུ་ཕེབས་སོ། །དེར་བག་མེད་པའི་སྒོ་ནས་ཉེས་པར་སྤྱོད་པ་སྣ་ཚོགས་པ་ལ་ཞུགས་པའི་སྐྱེ་བོ་གཞན་ལ་སྡང་ཞིང་བཟོད་པར་དཀའ་བ། བརྐམ་ཞིང་ཆགས་པ། བླུན་ཞིང་༼༩ ན ༡༧༽གཏི་མུག་པའི་རང་བཞིན་ཅན་འགའ་ཞིག་ཐབས་ལ་མཁས་པས་འདུལ་བར་དགོངས་ཏེ། ཐུགས་ལས་ཆུང་དུས་གཞོལ་བར་མཛད་དོ། །དེར་མོས་པའི་རླུང་གིས་བགྲོད་པས། བསྟན་པའི་ཉིན་བྱེད་ལྷོའི་གདུལ་བྱ་པདྨོའི་རྩ་ལ་གཉིད་དུ་གྱུར་ཏོ། དུས་དེའི་ཚེ། གདན་ས་ཆེན་པོའི་ཕྱོགས་རྣམས། བདུད་རྩིའི་འོད་དང་བྲལ་བའི་ཀུ་མུ་ཏ་བཞིན་དུ་གྱུར་པ་ན། ནོངས་པ་ཅན་རྣམས་ཀྱང་འགྱོད་པ་ཆེན་པོས་སྒྲིབ་པ་བསྲབས་པར་གྱུར་ནས། སྦྱིན་བདག་ས་སྐྱོང་བ་ཆེན་པོ་རིན་ཆེན་སྤུངས་པའི་ནད་སོ་མཚོ་སྐྱེས་རྡོ་རྗེ་དང་། རྒྱལ་མཁར་རྩེ་བའི་ནང་སོ་སོག་པོ་འཕགས་པ་ཞེས་པ་ཆོས་ལ་མངོན་པར་གཞོལ་བ་གཉིས་ཀྱིས་གདན་འདྲེན་གསེར་ཡིག་དང་། ཉི་བོ་གཙང་ཕྱོགས་པའི་བུ་སློབ་གཏོས་ཆེ་བ་སླེབ་སྟེ། ནན་ཏན་གྱིས་གསོལ་བ་བཏབ་པས། སྙིགས་དུས་ཀྱི་སྐྱེ་བོ་བྱས་པ་དྲིན་དུ་གཟོ་བར་མི་བྱེད་ལ་མགུ་བར་ཤིན་ཏུ་དཀའ་བས། ཁོ་བོ་ཅག་བྱ་བཏང་ཆོས་བཞིན་དུ་བགྱིས་པས་ཐོས་བསམ་སྒོམ་པའི་བྱ་བ་འཕེལ་བར་བྱེད་དོ། །ཞེས་གསུངས་པ་ན། དེ་དག་དགེ་བའི་ཚ་ཟེར་གྱིས། སྡིག་པའི་བློ་བཞུ་བ་བཞིན་དུ་མཆི་མའི་རྒྱུན་གྱིས་གདོང་ཁེབས་ཤིང་གཡིག་པ་སངས་པ་མེད་པ་དང་། དབུགས་རིང་འབྱིན་པའི་མཐར་པ་རྒྱལ་བར་གྱུར་པའི་སྐབས་དེར། སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་སྔོན་ཡུན་རིང་པོ་ནས་མགྲོན་དུ་གཉེར་བའི་ཁམས་ཡོངས་སུ་སྨིན་པའི་དུས་ལ་བལྟས་ཏེ། སྙིང་རྗེ་ཆེན་པོས་ཞལ་གྱིས་བཞེས་ནས་དགུང་ལོ་ཉི་ཤུ་ག་ཁྲོམ་ཞེས་པ་ཤིང་པོ་འབྲུག་གི་ལོ་གདན་ས་རིན་པོ་ཆེ་དཔལ་ར་ལུང་དུ་ཕེབས། འདོད་པའི་ལོངས་སྤྱོད་ཀྱི་སྐྱོན་རྣམས་ཤིན་ཏུ་རྟོགས་ཤིང་ཤེས་པས་འཇིག་རྟེན་གྱི་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་རྒྱལ་བ་སྲས་དང་བཅས་པས་རྗེས་སུ་གནང་། མཁས་པས་བསྟོད། མཛངས་པས་མ་སྨད་པའི་བགྱི་བ་བཟང་པོས་ཐུབ་པའི་བསྟན་པ་ལ་བྱ་བ་མཛད་ཅིང་། འགྲོ་བ་རྣམས་དགའ་བ་བསྐྱེད་པར་བྱས་སོ། །དེའི་ཕྱི་ལོ། །གཙུག་ལག་ཁང་ཆེན་མོ་ཡོ་༼༩ བ ༡༨༽འཁྱོམས་ཆེ་བས་རྡིག་ཏུ་ཉེ་བའི་དུས། དབོན་པོ་བསོད་ནམས་དཔལ་བཟང་གིས་སྦྱིན་པའི་བདག་པོ་བྱས་ནས། སྟེང་ཐོག་བཤུ་བ་དང་། ཁྱམས་འདེགས་པ། ཤིང་ཆ་སྤོ་ལེན་རྣམས་ཉེས་པ་མེད་པར་ཚང་བར་བསྒྲུབས་སོ། །དེ་ནས་ཟིལ་གནོན་གྱི་ལོ། མཆོད་རྟེན་ཆེན་པོ་བཀྲ་ཤིས་སྒོ་མང་། ཆོས་ཆེན་རིམ་གྱི་ཐོག་གང་ལའང་ཉེས་པ་མེད་པར་གྱུར་ཀྱང་། སྐབས་དེར་ནུབ་བྱང་གི་ཕྱོགས་གཉིས་ཀ་ཞིག་སྟེ། སླར་གསོ་བ་ལ་ཞུགས་པའི་ཚེ། དགེ་སློང་རིན་ཆེན་རྣམ་རྒྱལ་བསོགས་ཆོས་ལྡན་གྱི་བུ་ཆེན་མང་པོས་སྲིད་པའི་སྡུག་བསྔལ་ཁྱད་དུ་གསོད་པའི་ལས་འཁུར་དྲག་པོས་བཀའ་བ་དང་དུ་བླངས་ཤིང་། མི་མ་ཡིན་རྣམས་ཀྱིས་མཚན་ཐོག་ཐག་ཏུ་བྱ་བ་བརྩམས་པས་མིས་བསྒྲུབས་པ་ལས་རྗེས་ཆོས་དོད་པ་བྱུང་ངོ་། །དུས་དེར་ཚོགས་ཆེན་པོས་གཞན་གྱི་དོན་སྒྲུབ་པ་ལ། སྒྱིད་ལུག་པ་ནམ་གཞར་ཡང་མི་མངའ་བས། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཕན་པ་དང་བདེ་བར་མཛད་པ་ལ། རང་གི་ལུས་དང་སྲོག་ལ་མི་བལྟ་བ་འདི་ནི་བདག་ཅག་གི་མཉེས་གཤིན་བཟང་པོ་དང་། བླ་མའོ་ཞེས་གླེང་ལ། དགའ་བ་ལས་ཀྱང་ཆོས་དགའ་བ་དང་། མགུ་བས་རིམ་གྲོར་བྱེད་ཅིང་། སངས་རྒྱས་དབོན་ཉིད་ཀྱི་ཞལ་གྱིས་བཞེས་པ་ཇི་ལྟ་བ་དེ་ནི་མངོན་དུ་གྱུར་ཏོ། དེ་ནས་འགྲོ་མགོན་བསོད་ནམས་བཟང་པོ་དང་། ཕྱག་ཆེན་ཆོས་དབང་གིས་མགོ་བྱས། རི་པ་རྣམས་ལ་ཙ་རི་ཏྲར་འགྲོ་ཆོས་གནང་བ་གྲོལ་སྟོན་གྱི་ཉི་མ་སྔ་ཕྱི་བར་དུ་མེ་ཏོག་གི་ཆར་ཆེན་པོ་ལྷའི་ཚོགས་ཀྱིས་ཀུན་མཐུན་གྲུབ་ཏུ་ཕབ་བོ། །དེ་དུས་ཡང་དགོན་རྒྱལ་པོའི་ཕོ་བྲང་ལ་ཞིག་གསོས་དགོས་པའི་ལྟས་དང་མཚན་མ་མང་དུ་བྱུང་བའི་མཐུས། མེ་མོ་ལུག་གི་ལོ་ལ། ས་སེལ་དང་བཅས་པ་རྣམས་ལེགས་པར་བསྒྲུབས། དེ་ནས་བླ་མ་ཀུན་དགའ་བསམ་གཏན་པས། མཁར་ཆུ་ཀུ་རི་བྱང་ཆུབ་སྙིང་པོའི་ཀྵྨྱོར་གཙུག་ལག་ཁང་བཞེངས་པའི་རབ་གནས་ལ་གདན་དྲངས། དེ་དུས་ལྷོ་བྲག་གཞུང་ཏལ་མར་འཇའ་འོད་ཀྱི་ལམ་སྣ་འདྲེན་པ་དང་། བྱ་རྒྱལ་རྒོད་པོའི་ཁྱུ་ཆེན་པོས་མཁའ་ལ་སྐྱེལ་བསུ་བྱེད་པ་༼༡༠ ན ༡༩༽ཁོར་མོ་ཉིད་དུ་བྱུང་བས། ཀུན་ཡིད་མགུ་ཞིང་། ངོ་མཚར་གྱིས་ཚིམ་པར་གྱུར་ཏོ། དེ་ནས་ཙ་རི་ཕྱོགས་ལ་ཐེགས་པའི་རྩིས་མཛད་དེ་ལམ་ལ་ཞུགས་པ་ན། བྱ་རོག་མང་པོས་ལམ་འགེགས་པ་དང་། མི་སྙན་པའི་སྒྲ་སྒྲོགས་པ། འཇིགས་སུ་རུང་བ། མཐོང་ན་སྐྱི་ཟེར་བྱེད་པ་རབ་ཏུ་མང་པོས་སླར་ལྡོག་པའི་བསྐུལ་མ་མང་དུ་བྱས་སོ། །དེ་དག་ལ་བཏང་སྙོམས་པར་བྱས་པ་ནའང་། དཔལ་ལྡན་ལྷ་མོ་དུས་མཚན་རེ་མ་ཏཱི་སྐྱེ་བོའི་ལུས་ལ་ཞུགས་ཏེ་སྨྲས་པ། ར་ལུང་དུ་ཡང་དགོན་གྱང་རར་བཅོས་ནས་ཐག་རིང་ལ་འདེག་པ་མི་ཡོང་། དེ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྒོར་བ་ཡིན། ད་ཞིག་གསོས་རྣམས་རྫོགས་པར་གྱིས། ངེད་རྣམས་ཀྱིས་ཀྱང་འཕྲིན་ལས་བསྒྲུབ་པ་ཡིན་ཞེས་ཟེར་བ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གཙོ་འཁོར་རྣམས་ཞལ་གཟིགས་སོ། །དུས་དེ་ནས་བཟུང་ལུས་དང་གྲིབ་མ་བཞིན་སྐད་ཅིག་ཀྱང་མི་འབྲལ་ལ། ལེགས་ཉེས་ཐམས་ཅད་ཐག་ཐོགས་མེད་པར་ལུང་སྟོན་ཅིང་། ཅི་བསྒོ་བའི་བཀང་ལ་མཉན་པས་བདུད་དང་བདུད་ཀྱི་ཕྱོགས་འཇོམས་པའི་དཔའ་བོ་ཆེན་པོར་གྱུར་ཏོ། དེ་ནས་བཟོ་རིགས་མཁས་པ་མང་པོ་བགགས་ཏེ། སྔར་གྱང་ཁང་དུ་འདུག་པ། རྡོ་ལས་གྲུབ་པ་ཞིག་བྱུང་ན་ཟེར་གླེང་ངོ་། །དེར་དཀོན་མཆོག་ལ་གསོལ་བ་བཏབ་པས་རྡོ་རབ་ཏུ་ལེགས་པའི་གཏེར་མང་དུ་འཐོན་ཏེ། ས་ཕོ་སྤྲེའུའི་ལོ་རགས་པ་གྲུབ་ནས། ལྷོ་ཕྱོགས་ལ་འབྱོན་པའི་ཕྱིར་ལམ་སྟག་རིར་ཕེབས་སོ། །སྐབས་དེ་ཉིད་དུ་བླ་མ་ཀོང་པོ་ཟེར་བ་ཆ་ལུགས་བརྗོད་པར་དཀའ་བ་ཞིག་མཇལ་དགོས་ཟེར་བ། ཉི་མ་ཤར་མཚམས་ལ་མཇལ་ལོ། །མཆིད་མོ་ལ། ཨ་མ་རྡོ་རྗེ་ཕག་མོའི་ལུང་བསྟན་ཡིན། རྒྱ་ནག་ལ་ཐོགས། རྔ་མོ་ག་པ་ཁལ་དུ་ཁྲིད་ཅེས་སོགས་བསྟན་པ་འཛིན་སྐྱོང་གི་ཚིག་འགའ་ཞིག་ལས་ཕལ་ཆེར་མ་དགོངས་ཤིང་། དེ་ནས་གར་སོང་གི་མཐའ་མ་ངེས་པར་གྱུར་ཏོ། དེ་རྗེས་རིམ་པས་བྲག་ཐོག་དགོན་པའི་མདའ་ཀུ་བེ་ར་ཕེབས་ཏེ་ཁྲོམ་དབང་མཛད་རྒྱུའི་མི་དམངས་མ་འཛོམ་གོང་དུ་རྟོགས་ལྡན་གངས་༼༡༠ བ ༢༠༽ཀྱི་སེང་གེ་ཡིན་ཟེར་བ། ལོ་བདུན་ཅུ་ཙམ་ཤ་མདོག་དངས་པ། སྨ་ར་སྨིན་མ་ཨོག་ཞོལ་རྣམས་དམར་ཞིང་དབྱེས་ཕྱེད་པ། པད་ཞྭ་དང་ཆ་འདྲ་བའི་ཞྭ་ངང་པའི་མདོག་ཅན་ཅུང་ཟད་བརྙིངས་པ་ཞིག་གྱོན་པ། རྒྱུ་ཅི་ཡིན་སུས་ཀྱང་མི་ཤེས་པ་ཁ་དོག་ངང་ཆའི་སྒྲོ་ལྟར་མཛེས་པའི་གོས་དང་ཟླ་གམ་གྱོན་པ་ཞིག་བྱུང་སྟེ། ངེས་མེད་ཀྱི་མོལ་མཆིད་སྣ་ཚོགས་པ་བགྱིད་རྗེས། ངས་ཁྱེད་ཀྱི་སར་རྟེན་འབྲེལ་མང་པོ་བསྒྲིག་པར་ཡོངས་པ་ཡིན། ད་ང་འགྲོ་ཡི་ཟེར་ནས་སོང་ངོ་། །དེར་འདུས་པ་རྣམས་ལ་རི་བྲན་བཞིན་གནས་གར་ཡོད་ཀྱི་དྲི་བ་མཛད་པ་ན། མཐོང་བ་དང་ལོ་རྒྱུས་ཀྱི་རབས་གང་ལའང་མ་མཆིས་སོ། །དེ་ནས་ར་ལུང་དུ་ཕེབས་ཏེ། སྤོས་སྐྱར་བཞུགས་དུས། ཕྱོགས་འདུས་ཀྱི་བསྐོར་ར་བ་མང་དུ་འཛོམ་པའི་ཚེ། བན་གཟུགས་བྱ་བཏང་གི་ཚུལ་ལ་གནས་པ་མང་པོའི་དཀྱིལ་དང་། གཅིག་པུ་གང་དུ་འདུག་རུང་། རྣམ་པ་ཀུན་ཏུ་མི་གཡོ་བ་གཟུགས་ཚད་ལས་རིང་ཞིང་སྐད་ཤིན་ཏུ་གོ་དཀའ་བ་ཞིག་ཀྱང་ཁམས་ཕྱོགས་ནས་རྗེ་མཇལ་བ་ཆེད་དུ་གཉེར་ཏེ་ཡོངས་ཚུལ་ཕུལ་བས། སྤོས་སྐྱ་གཟིམས་ཁང་གི་རྩེ་པོ་ཏ་ལ་ར་མཇལ། ཆོས་ཕྱོགས་ཀྱི་གླེང་མོ་དང་། བསྟན་པའི་བྱ་བ་ཐོར་བུ་དེས་པ་ཙམ་བྱུང་ཞིང་། དེ་ཡང་གར་སོང་དང་། འདི་ནས་བྱུང་བྱ་བ་རྟོགས་པར་མ་གྱུར་ཏོ། དེ་དག་ཁྱད་ཐ་མལ་པ་མ་ཡིན་ཞིང་། གང་འདུལ་གྱི་གཟུགས་སྐུ་ཅིར་ཡང་འཆར་བ་ཡིན་པའི་ངེས་པ་རྙེད་པ་ཞིག་ཕྱིས་བྱུང་ཡང་། དེའི་གནད་ཕྱིན་ཅི་མ་ལོག་པ་མ་རྟོགས་པ་ན་སོ་གཞོན་པའི་སྐྱོན་ཙམ་ཞིག་བྱུང་གསུང་ངོ་། །དུས་དེར་ཁྱད་འཕགས་མཇལ་ཀའི་ཉིན་ཁྲོམ་ཕྱེད་ཙམ་རྫོགས་དུས། ཉམས་གྲིབ་ཅན་གྱི་སྐྱེ་བོ་ཞིག་གི་མཐུས། འཕགས་པར་སརྦ་ཎ་མི་སྣང་བར་གྱུར། ཞག་བདུན་གྱི་བར་དུ་གསོལ་བ་འདེབས་པར་མཛད་པས་སྔ་མཁོ་ལྟར་ཕེབས་སོ། །འདི་ལྟ་བུའི་མཐུ་མངའ་བའི་བླ་མ་དང་མཇལ་བར་སྐྱེ་བ་མང་པོར་དགེ་བའི་བཤེས་གཉེན་མཉེས་པར་བྱས་པ་ཞིག་དགོས་སོ། །དེའི་སྐབས་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཀྱིས་སྐྱོང་བའི་སྲས་སུ་རྒྱལ་དབང་སྤྲུལ་པའི་སྐུ་༼༡༡ ན ༢༡༽འཁྲུངས་པར་ཀུན་མཐུན་སྣང་གྲུབ་སྟེ། རྒྱུན་ཆགས་པར་ཅོག་པུ་བ་བརྒྱད་བརྒྱ་ཙམ་གྱིས་ཆོས་རྒྱལ་ལྷུན་པོ་ཞེས་པ་ཕོ་བྲང་གང་ནས་ཕྱོགས་བྲལ་གྱི་བསྟན་པ་སྐྱོང་བར་གསོལ་བ་འདེབསཔ་ཡུན་རིང་དུ་གནས་སོ། །དེ་དུས་ཐོག་མར་ཇ་ཞུས་ལ་གསོལ་དཀར་ཨེན་བོན་ཆག་མེད། ཆིབས་གསེར་གླིང་དུ་གྲགས་པས་གཙོས་པའི་འབུལ་བ་གཏོས་ཆེ་བ་གནང་ངོ་། །དེར་བྱ་བ་ནང་སོས་གདན་འདྲེན་དུ་དགེ་སློང་རིན་ཆེན་རྣམ་རྒྱལ་བརྫོང་དར་མཛད་དེ། ར་ལུང་དུ་འབྱོར་ནས། རྗེ་ཉིད་དཔོན་སློབ་རགས་བསྡུས་དང་བཅས་པ་འབྲོག་བརྒྱུད། གཉལ་ཡངས་པ་ཅན་ཞེས་པའི་གྲོང་ཁྱེར་གྱི་ཕོ་བྲང་ཆེན་པོ་ཆོས་རྒྱལ་ལྷུན་པོར་མི་དབང་བཀྲ་ཤིས་དར་རྒྱས་ལེགས་པའི་རྒྱལ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་དང་ཐོག་མར་མཇལ་ཏེ། དགྱེས་སྤྲོའི་དཔལ་རྒྱ་ཆེན་པོས་སྲི་ཞུར་མཛད་དོ། །སྤྲུལ་པའི་སྐུ་གསལ་རྗེ་པདྨ་དཀར་པོ་ན་བཞུགས་པ་སྤྱན་དྲངས་ནས་གཟིམས་ཁང་བཀྲ་ཤིས་བརྩེགས་པར་མཇལ་བ་ན་གསུང་གིས་ཡིད་ཆེས་པའི་གནས་ཀྱང་མང་དུ་སྩལ་ལོ། །ཚ་བའི་ཟེར་དང་པདྨོ་བཟང་པོའི་ཚལ་ཕྲད་པ་ལྟར། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་། འབྲུག་སྐོར་གྱི་རིམ་པ་ཟླ་གཉིས། ཙམ་གྱི་བར་འགྲོ་ཙ་ཚེར་མཛད་དོ། །དེའི་ཚེ་སྐུ་ཚེ་སྔ་མའི་སྐུ་གདུང་རིལ་པོར་བཞུགས་པ་ལས། ཞུགས་ལ་ཕུལ་ན་གང་སར་ལེགས་པར་འདུག་ཅེས་མཆོད་ཡོན་བཀའ་བགྲོས་ཏེ། རིན་ཐང་ཅན་གྱི་དངོས་པོ་གཏོས་ཆེ་མའི་འབུལ་བ་མཛད་དོ། །དེ་ནས་ཕྱིར་ཕེབས། ཀུན་མཁྱེན་རྒྱལ་བའི་དབང་པོའི་སྐུ་གདུང་ཞུགས་འབུལ་མཛད་པ་ན། ངོ་མཚར་བའི་ལྟས་ཆེན་པོ་དང་། སྤུར་ཁང་ཞལ་དབྱེ་བའི་ཚེ་དབུ་ཐོད་རིན་པོ་བཻ་ཌཱུ་རྻའི་མདོག་ལྟ་བུ་རིང་བསྲེལ་ཁ་དོག་སྣ་ཚོགས་པས་ཚོམ་བུར་སྤྲས་པའི་ནང་ན་ལྷ་སྐུའི་རྣམ་པ་མང་དུ་ཡོད་པ། ཐུགས་ལྗགས་སྦྲེལ་མ་རིང་བསྲེལ་གྱིས་བརྒྱན་པ་ཞལ་ཀློ་སྤོས་ཤེལ་གྱི་མདངས་ཅན་རིང་བསྲེལ་གྱི་ཕྲ་ཚོམས་ཀྱིས་འབྲེལ་བ། གདུང་གས་པའི་བསྲུབས་ནས་འཕགས་ཁ་སརྦ་ཎ་༼༡༡ བ ༢༢༽ཤིན་ཏུ་གསལ་བ་དང་རིང་བསྲེལ་གྱི་ཚོགས་མང་དུ་བྱོན་ནོ། །དེ་ནས་ཞ་ལུ་རི་ཕུག་ཏུ་ཐེགས་ཏེ། སྐུ་ཞང་ཆོས་ཀྱི་རྗེ་རྡོ་རྗེ་འཆང་ཆེན་པོ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོའི་དྲུང་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔལ་མཆོག་རྡོར་སེམས་འཇམ་དཔལ་ནམ་མཁའ་དྲི་མེད། འཇམ་དཔལ་རིགས་བསྡུས་ནམ་མཁའ་དྲི་མེད་ཆུང་བའི་དབང་རྣམས་དང་། བདེ་མཆོག་དྲིལ་བུ་ལྷ་ལྔ་དང་། ཐུགས་རྗེ་ཆེན་པོ་པདྨ་དྲ་བའི་དབང་བཞི་རྫོགས། རྣམ་འཛེམས་ལྗང་ཁུ། ཁྲོ་བོ་རྨ་བ་བརྩེགས་པ། མི་གཡོ་བ་དཀར་པོ། རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་གཙོ་འཁོར་གསུམ་མའི་རྗེས་གནང་སྒྲུབ་ཐབས། འཕགས་པ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་སྨྱུང་བར་གནས་པའི་ཆོ་ག །བཅོམ་ལྡན་འདས་མ་བསྲུང་བ་ལྔའི་དཀྱིལ་འཁོར་དང་རིག་གཏད། ཐུགས་རྗེ་ཆེན་པོ་སེང་གེ་སྒྲ་དང་། ཀུ་རུ་ཀུལླེའི་བྱིན་རླབས་དང་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ཉུང་ངུ་དང་། འགྲེལ་ཆེན་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་སྟེང་ནས་སློབ་བཤད་གཙོ་བོ་དང་། གཞན་ཞར་བྱུང་། སྔགས་བཏུ་དང་བཅས་པ་གསན་ནོ། །བུ་སྟོན་ཞབས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པ་ཉམས་ཁྲིད་དུ་མཛད་ཅིང་ཡོངས་རྫོགས་དང་། གྲུབ་ཐོབ་ཆེན་པོའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དང་། སེམས་ཉིད་ངལ་བསོའི་སྐོར། ཐེག་ཆེན་བློ་སྦྱོང་དོན་བདུན་མ་རྒྱལ་སྲས་རིན་པོ་ཆེས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ། རྭ་རྩེ་སེམས་འཛིན། མཚན་མ་གྱེན་བསྒྲེང་། མཚན་མོ་རྒྱུ་བ་དང་བཅས་པ་མདོར་ན་བཀའ་ལུང་མང་དུ་གསན་ནོ། །དེ་ནས་གདན་ས་ར་ལུང་དུ་གདན་ས་ར་ལུང་དུ་གདན་དྲངས་ཏེ་དཔོན་སློབ་ཐུགས་ཡིད་གཉིས་མེད་དུ་གྱུར་ལྕགས་མོ་ཕག་གི་ལོ་འགྲོ་མགོན་དགོན་ཐུང་བས་མགོ་བྱས་རི་ཐེས་རྣམས་ཙ་རི་ཏྲར་བསྟན་པའི་འཛིན་སྐྱོངས་ལ་བརྫངས་སོ། །རྗེ་ཉིད་དཔལ་ལྡན་བླ་མ་དམ་པའི་རིང་བསྲེལ་རྣམས་བཞུགས་པའི་རིན་པོ་ཆེའི་མཆོད་སྡོང་ཞིག་སྒྲུབ་པར་དགོངས་ནས། བྱ་ཡུལ་དུ་བྱོན། གསལ་༼༡༢ ན ༢༣༽རྗེ་པདྨ་དཀར་པོར་རྒྱལ་ཡུམ་དབྱངས་ཅན་དགའ་མས་ཞབས་ཏོག་ཞུས་ཏེ་རེ་ཞིག་བཞུགས་སོ། །དེ་ནས་སྐུ་སྐྱེ་རིན་པོ་ཆེ་ཡབ་སྲས་དང་ཆོས་རྒྱལ་གླིང་དུ་མཇལ་བ་མཛད་དེ། ཆོས་དབང་གི་རིམ་པ་ཐུགས་བཞེད་ཇི་ལྟ་བ་བཞིན་བསྐང་བ་མཛད་དོ། །དེ་དུས་ཆོས་རྒྱལ་བྱ་པས་གསེར་དངུལ་སྲང་གྲངས་གཏོས་ཆེ་བ་དང་བཅས་པའི་འབུལ་བས་འོད་ཡངས་ཀྱི་བུ་ཡང་ཞུམ་པར་བྱས་སོ། །སླར་གཙང་དུ་ཕེབས་ཏེ། རྒྱལ་རྩེ་ནས་དཔོན་རྡོ་རྗེ་བས་བཟོའི་རིག་བྱེད་བགྱིས་ནས་བདེ་ཆེན་མན་གསེར་ཟངས་ལས་གྲུབ་པ། བང་རིམ་རྣམས་གསེར་ཟངས་དངུལ་ལྗང་བརྡུངས་སྤེལ་མ་བུམ་པ་དང་བྲེ་དངུལ་རྐྱང་འབའ་ཞིག་པ། རྒྱན་དང་ཏོག་ལ་སོགས་པ་བལྟ་ན་ཆོག་མི་ཤེས་པ་རིན་པོ་ཆེའི་ཚོགས་ཀྱི་ཕུད་པོར་བྱས་པ། དེའི་བུམ་ནང་དུ་དངུལ་སྐུ་དང་བྲེའི་ལོགས་ལ་ཁ་སརྦ་ཎ་རང་བྱོན། དབུ་ཐོད་དང་ཐུགས་ལྗགས་གསེར་ཆབ་ཀྱིས་སྦྲན་ཏེ་ན་བཟས་ཕུང་པོར་ཀླུབས་གསངས་རྒྱས་ཀྱི་འཕེལ་གདུང་ལ་སོགས་པ་དང་། གཟུངས་ཀྱི་རིམ་པ་ནི་འཁྲུལ་པ་མེད་པར་བཤད་པ་ཉིད་བཞིན་དུ་བཞུགས་སོ། །ཆུ་ཕོ་བྱི་བའི་ལོ་ལ་རབ་ཏུ་གནས་པ་དགའ་སྟོན་དང་བཅས་པ་ལེགས་པར་བསྒྲུབས་དུས་མིག་མི་འཛུམ་པའི་ཚོགས་དག་གིས་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །གསུང་རྟེན་གསང་སྔགས་རྒྱུད་འབུམ་དུ་སྟོན་རིན་པོ་ཆེའི་དཀར་ཆག་དང་མཐུན་པར་གསེར་དངུལ་སྤེལ་མ་ལས་གྲུབ་པ་པོ་ཏི་བཅོ་བརྒྱད་བཞེངས་པར་མཛད་དོ། །དེ་ནས་ལྷོ་བྲག་མཁར་ཆུ་དེ་ཝི་ཀོ་ཊི་བྱང་ཆུབ་སྙིང་པོའི་སྤོར། ཟླ་བ་གསུམ་སྦྲེལ་ཙམ་གྱི་བར་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་པའི་ཚེ། གཞོན་ནུ་འཇིགས་སུ་དངར་བ་མི་བསྲུན་པའི་མདོག་ཅན་ཤའི་རལ་དམར་གཟིངས་པ། རྒྱུ་མ་དང་མི་མགོའི་ག་ཤ་འཕྱང་བ་མང་པོས། ཕྱག་ཞབས་ནས་བཟུང་སྟེ། རྒྱབ་ཏུ་ཁུར་ནས་ཁང་པ་ལ་ཐོགས་པ་མེད་པར་ཕྱོགས་ཀུན་ཏུ་ཁྱེར་སོང་བའི་ཚེ་བདག་ཏུ་འཛིན་པ་མེད་པའི་ངང་ལ་མཉམ་པར་གཞག་པས། ཏིང་ངེ་འཛིན་གྱི་མཐུས་བསྐྱོད་མ་ནུས་ཏེ་སྔར་མལ་དུ་ཆུད་དོ། །ཡང་ལན་ཅིག་ཟིལ་ཆེན་པོ་ཡང་ནས་ཡང་དུ་བྱུང་བ་དང་༼༡༢ བ ༢༤༽དེར་བསམ་གཏན་ལ་རྩེ་གཅིག་ཏུ་མི་གཡོ་བར་བཞུགས་པ་ན། ཁང་པ་ཞིག་པ་དང་ཐོག་རྡིབ་པའི་རྣམ་པ་ཆག་ཚོམ་དང་བཅས་པས་སྐུ་ལུས་སྤྲིང་ཅིང་ཐིབ་ཀྱིས་ནོན་པ་ལྟ་བུ་དང་། ཏིང་ངེ་འཛིན་ལས་སད་ལ། བད་པ་ཙམ་པ་བྱུང་ནས་དེ་ཡུན་རིང་ལོན་པ་དང་ཇོ་ཡང་དུ་སོང་སྟེ་སྲོངས་པ་འདྲ་བ་ཚག་ཆོམ་གྱི་སྒྲ་ཆེན་པོ་དང་བཅས་ཏེ་སངས་ཀྱེས་སོང་བ་སོགས། མངོན་སུམ་ཉམས་སྣང་རྨང་ལམ་དུ་ཉམས་སད་པའི་མཐོ་འཚམ་པ་སྣ་ཚོགས་པ་བྱས་སོ། །དེ་དག་དགེ་བསྙེན་ཆེན་པོ་སྙོང་ཁ་ལ་སོགས་ཕྱོགས་དེར་གནས་པའི་མི་མ་ཡིན་རྣམས་ཀྱི་ཆོ་འཕྲུལ་ཏེ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུ་བཅུག་ནས། བཀའི་འབངས་བགྱིད་པར་རྩིས་ལ་ཕབ་བོ། །སྐུ་མཚམས་གྲོལ་རྗེས་བྱ་ཡུལ་སའི་ཐིག་ལེར་ཞབས་ཀྱི་པདྨོ་བཀོད་ནས་རིམ་པས་འོན་ཚོང་འདུས་བྲག་ཁར། རྒྱལ་བ་ཀུན་གྱི་གོང་མུ་སྟག་ལུང་ཐང་པ་ཆེན་པོ་དག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོ་ཕེབས་པ་མཇལ་ནས་ཆོས་འབྲེལ་གསན་ནོ། །ཆོས་འཁོར་ཟན་གཡང་ལྷུན་གྱིས་གྲུབ་པ་དང་། སྣ་ཕུ་གཟིགས་ཏེ། སྟོན་ཚུན་འབྲུག་ཏུ་བཞུགས་སོ། །དེ་ཡང་དམ་པའི་ཆོས་ཡོངས་སུ་འཚོལ་བ་ལ་བརྩོན་འགྲུས་ལྟག་པར་གྱུར་ཅིང་ཐོས་བསམ་ལ་ངོམས་པ་མེད་པས། ན་ལནྡྷར་སྐུ་ཞང་རིན་པོ་ཆེར་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་ལུང་གསན་ནས། དཀར་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྟག་ལུང་ཐང་དུ་ཕེབས་སོ། །གཟིམས་ཁང་གྲོག་ཁ་རུ་རིན་པོ་ཆེར། རྡོག་པའི་དཀྱིལ་འཁོར་བདུན་བཤད་བཀའ་དང་བཅས་པ་དགོས་ཞེས་ཞུས་པས། རྗེའི་གསུང་ནས་དབུས་གཙང་ཕྱོགས་ན་བླ་མ་མཁས་འདོད་རག་ལངས་པས་བསྙེན་པ་མ་སོང་བར་དབང་བསྐུར་བྱེད་ལོབ་མང་པོ་སྣང་། ང་རང་གིས་དགྱེས་རྡོར་འདི་ལ་བསྙེན་པ་མང་པོ་རག་སོང་བས། ཐོག་མ་ཆ་འདི་བྱེད་གསུངས་ནས། རྡོག་ལུགས་ཀྱི་དགྱེས་པ་རྡོ་རྗེའི་དབང་བཞི་རྫོགས། མངོན་དཀྱིལ་སོགས་དང་། རྩ་རྒྱུད་བརྟག་པ་གཉིས་པ། འགྲེལ་པ་ཟིན་བྲིས་ཆེན་མོ། བཤད་རྒྱུད་རྡོ་རྗེ་གུར། དགྱེས་རྡོར་གྱི་སྒྲུབ་ཐབས་མཚོ་སྐྱེས་ཀྱིས་མཛད་པ། དེས་མཛད་པའི་བསྟོད་པ། ༼༡༣ ན ༢༥༽བདག་མེད་ལྷོ་མོ་བཅོ་ལྔའི་བྱིན་རླབས་དང་སྒྲུབ་ཐབས། མཧཱ་མཱ་ཡའི་རྒྱུད་དང་དེའི་འགྲེལ་པ་ཟིན་བྲིས་ཆེན་མོ། སྒྲུབ་དཀྱིལ་དང་བསྲེ་འཕོའི་དབྱིབས་རྣལ་འབྱོར་གསུམ་ལ་སོགས་པ། རྡོ་རྗེ་འཆང་ཆེན་པོ་རྡོག་པའི་ཟབ་ཆོས་སྐོར། དབང་ཉམས་ཆེན་མོ། ནཱ་རོ་པའི་གདུགས་ཀྱི་ཡུ་བའི་འགྲེལ་པ་ཞེ་སྡང་རྡོ་རྗེས་མཛད་པ། རྗེ་མར་པའི་ཤོག་དྲིལ་བཞི་པ། དགུ་པ། བཅོ་ལྔ་པ། ཆོས་དྲུག་མཁར་དཀར་མ་ལ་སོགས་པ་བཀའ་འབུམ་ཡོངས་སུ་རྫོགས་པའི་ལུང་དང་། ན་རོ་པའི་ལྟ་བ་མདོར་བསྡུས། གཏུམ་མོ་ཀ་དཔེ། རིམ་ལྔ་བསྡུས་གསལ། སྟག་ལུང་ཐང་པ་ཆེན་པོའི་ཆོས་དྲུག་ཡིད་བཞིན་ནོར་བུ་རྣམས་ཁྲིད་དུ་མཛད་དོ། །མི་ལ་དང་། ཕག་མོ་གྲུ་པའི་བཀའ་འབུམ། བདེ་མཆོག་ནག་པོ་ལུགས་ཀྱི་དབང་བཞི་རྫོགས། མཁས་པ་འཇིགས་མེད་གྲགས་པའི་ཡིག་ཅའི་སྟེང་ནས། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང་། དཔལ་ཡེ་ཤེས་མགོན་པོའི་བུམ་དབང་བཅུ་བཞི་པ་བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་གསན་ནོ། །ཆོས་རྗེ་ཟུར་བཞུགས་པར་མོས་གུས་སྲོག་གི་འཁོར་ལོ་ལ་སོགས་པ། འབྲི་སྟག་གི་ཟབ་ཆོས་བཀའ་འབུམ་གྱི་རིམ་པ་མུད་དག་ཏུ་ཉན་པར་མཛད་དོ། །དེ་དུས་པཎྜྻི་ཏ་ཆེན་པོ་འབུམ་ཕྲག་གསུམ་པ་བྱ་རྒོད་གཤོངས་ཞེས་ཀློག་པའི་ཆོས་གྲྭ་གཙུགས་ནས་རིང་ཞིག་ན། གང་སྤོང་བ་བསམ་གཏན་ལ་མངོན་དུ་ཕྱོགས་པ་སྐབས་དེར་གདན་འཛོམ་པ་ན། མཁའ་འགྲོའི་ལུང་བསྟན་གྱིས། རྗེ་བཙུན་འདི་ལ་བླ་མ་ཞང་གཡུ་བྲག་པའི་སྤྲུལ་པའི་སྐུ་ཡིན་པས་དེ་ཉིད་ཀྱི་ཆོས་སྐོར་ཚད་པ་ཞུས་ཤིག་པ་དང་། སྔོན་ར་ལུང་དུ་གནས་བསྐོར་ལ་ཕེབས་པའི་ཚེ་ཡང་། ཚུལ་དེ་ལྟ་བུ་ལ་བསྐུལ་པའི་ལུང་བསྟན་ཞིག་བྱུང་བ་དང་མཐུན་ནས། ཞང་འགྲོ་བའི་མགོན་པོར་ཡིད་ཆེས་པའི་དད་པ་མི་ཕྱེད་པར་ཐོབ་ནས། དམ་པ་ཉིད་ཀྱི་དྲུང་དུ་ནན་ཏན་གྱིས་གསོལ་བ་བཏབ་སྟེ། མཁས་པ་དེ་ཉིད་དང་། ལྗང་བླ་མ་གསང་སྟེ་བ་དང་བཅས་ཚོགས་པ་ཤིན་ཏུ་མང་པོར་ཞང་གི་བཀའ་རྒྱ་ཁྲིད་དུ་གནང་ངོ་། །གཞན་རྣམས་ལུང་དུ་སྩལ་ཅིང་། ༼༡༣ བ ༢༦༽སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་དང་། རྒྱལ་དབང་བཀའ་འབུམ་ལ་སོགས་པའི་གསུང་གི་བདུད་རྩིས་སྐལ་ལྡན་རྣམས་ཚིམ་པར་མཛད་དོ། །ཕྱིར་ཡང་ན་ལནྡར་མཁྱེན་རབ་རིན་པོ་ཆེ་མཇལ་བ་ན་རྗེའི་གསུང་ནས། བྱང་རིས་ཕ་གི་ཚོན་བླ་མ་ན་བཟའ་དང་འཆོར་པོ་བཞུགས་ཁྲི་དང་མཐོན་པོ་མང་པོ་རང་ཞིག་བཞུགས་ཡོད་པར་འདུག །ད་ལྟའི་སྟག་ལུང་ཆོས་རྗེ་འདི་པ་གཞན་དང་མི་འདྲ་བ་ཅིག་ཡོད་འདུག་པས། ད་ལམ་སྟག་ལུང་ཆོས་དྲུག་ཅིག་གསན་ལས་ཆེ་ཞེས་ཀུ་རེ་དང་། ཐུགས་དམ་སྐྱོང་ཚུལ་གྱི་གནད་ཤིན་ཏུ་རིག་པར་དཀའ་བ་མང་དུ་དྲི་བ་མཛད་པ་ན། ཇི་ལྟ་བའི་ལན་གྱིས་སྒྲོ་འདོགས་གཅོད་པར་མཛད་པས་དགྱེས་པ་ཆེན་པོར་གྱུར་ཏོ། དེ་ནས་གཙང་ར་ལུང་དུ་ཕེབས། ཞིག་གསོས་འཕྲོ་རྣམས་མཛད་དོ། །གཞུང་ལུགས་རབ་འབྱམས་སྨྲ་བ་ལ་འཇིགས་པ་མེད་པ་འདར་པ་སེང་གེ་བཟང་པོ་བྱོན་པ་ལ་གསུང་ཆོས་མང་དུ་གནང་ངོ་། །དེ་དུས་གཞུ་ཀུན་དགའ་ར་བར་འགྲན་ཟླ་མེད་པའི་མིའི་དབང་པོ་དོན་ཡོད་རྡོ་རྗེ་མཆོད་ཡུལ་དུ། སྟག་ལུང་ཕ་རིན་པོ་ཆེ་ཕེབས་པ་མཇལ་ཏེ། མཁས་པ་བོ་དོང་པའི་གསང་འདུས་འཇམ་རྡོར་གྱི་ཆོ་ག་རྒྱས་པའི་སྟེང་ནས་དབང་བཞི་ཡོངས་སུ་རྫོགས་པ། གསང་སྔགས་རྙིང་མའི་ཚེ་དཔག་མེད་ཡུམ་ཅན་གྱི་དབང་དང་སྒྲུབ་ཐབས། བདེ་མཆོག་ཉུང་ངུའི་རྒྱུད། འགྲེལ་ཆེན་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱིས་མཛད་པའི་སྟེང་ནས་ཚོགས་བཤད་ཀྱི་ཚུལ་གསན་ནོ། །དེ་ལྟར་མཁས་པ་དང་གྲུབ་པའི་ལེགས་བཤད་ཀྱི་བདུད་རྩིས་བློ་གྲོས་ཀྱི་བུམ་པ་ཁེངས་པར་མཛད་དོ། །དེ་དུས་སྡེ་པ་སྒར་ནས་དམ་པའི་ཆོས་ལས་བྱུང་བའི་དྲི་བ་ཤིན་ཏུ་མང་བ་གནང་བ་ལ་ལན་ཆོས་བཞིན་དུ་བློན་པར་མཛད་པ་ན་དགྱེས་པའི་འཛུམ་དཀར་ལས་སྙན་པའི་བསྟོད་ཚིག་གི་འོད་ཟེར་འཕྲོ་བར་མཛད་དོ། །དེ་ནས་ཤིན་ཏུ་ཡོས་ཀྱི་ལོ་འགྲོ་མགོན་བསོད་དབང་དང་ཕྱག་ཆེན་ཆོས་དབང་གིས་མགོ་བྱས་རི་བ་བཟང་རགས་ཆོས་ཀྱི་དགའ་སྟོན་ཆེན་པོས་ཚིམ་པར་མཛད་ནས། ཙ་རི་ཏྲར་བརྫངས་སོ། །དེའི་ཕྱི་ལོ་ལྟོ་ཡོན་ཕྱོགས་ཀྱིས་བྱིན་གྱིས་རློབ་པའི་ཆེད་དུ་གདན་དྲངས་པར་ཕེབས་ཏེ། འགྲོ་༼༡༤ ན ༢༧༽བའི་ཚོགས་དམ་པའི་ལམ་བཟང་ལ་བཀོད་དོ། །མེ་མོ་སྦྲུལ་ལོ་བྱ་ཡུལ་ཆོས་ཀྱི་རྒྱལ་པོའི་གདན་འདྲེན་གཏོས་ཆེ་བ་སླེབ་ཏེ་མི་འགྱད་པར་ཕབས་པར་ཞལ་གྱིས་འཆོས་ཏེ། ཐོག་མར་སྟག་ལུང་དུ་བྱོན་པ་རིན་པོ་ཆེའི་དགོངས་པ་རྫོགས་ཐབས་རྣམས་བསྒྲུབས་སོ། །དེ་ནས་མཁའ་ལྡིང་དབང་པོའི་རིགས་ཅན་གྱི་རྒྱལ་པོའི་བཀའ་ངོར་ཕེབས་པར་ཞུགས་པ་ན། ཡར་ཀླུངས་རྩེ་ཞབས་དྲུང་གིས་ཇ་འདྲེན་གནང་། ཧ་ལ་སྒང་དུ་མཁས་པའི་དབང་པོ་འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང་དང་། མཁས་པ་ཀུན་མཁྱེན་པས་གཙོས་པའི་འདུས་པ་དག་ལ་བཀའ་འགྲེལ་གནང་བས་དཔོན་སློབ་ཀུན་མི་བསྐྱུད་པའི་དད་པ་ཐོབ་པར་བྱས་སོ། །གཡེ་སྤེལ་སྔོན་དུ་སྤྲུལ་པའི་སྐུ་དཔོན་གཡོག་སྣ་ལེན་དུ་ཕེབས་ཏེ་ཐབས་གཅིག་པར། ཕོ་བྲང་ཆོས་རྒྱལ་ལྷུན་པོར་མངོན་པར་མཐོ་བའི་འབྱོར་པ་ཟད་མི་ཤེས་པ་ལ་ཅི་དགར་སྤྱད་དོ། །དེ་ནས་རྗེ་བཙུན་རས་ཆུང་པ་འཇའ་ལུས་བརྙེས་པའི་གནས། གྲུབ་ཐོབ་གླིང་གི་གཟིམས་ཕུག་ལོ་གྲོ་མོག་པ་ལྷ་རྩ་ཞེས་པར་ཕེབས་ཏེ། འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་དང་། དུས་འཁོར་ཞབས་ཤཱཀྱ་དབང་ཕྱུག །ཤར་ཀོང་པོའི་མཁས་པ་སངས་རྒྱས་བསྐྱངས་དང་། ཁྲི་ལྕམ་དོན་ཡོད་སྒྲོལ་མ་ལ་སོགས་པ་ཆེ་གཉན་གྱི་འདུས་པ་མང་དག་ལ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ནཱ་རོ་པ་ཆེན་པོའི་ཆོས་དྲུག །གསུང་ངག་རོ་སྙོམས་ཆེན་མོ། ལམ་ཟབ་བླ་མ་སྒྲུབ་པ། ཆོས་ཀྱི་སྒོའི་གནད་ཀུན་འདོམས་པ་རྟེན་འབྲེལ་རབས་བདུན་ལ་སོགས་པའི་ཁྲིད་དང་། བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་དང་བཅས་མང་དུ་སྩལ་ལོ། །དེ་ནས་གསལ་རྗེ་སྒྲུབ་སྡེ་པདྨ་དཀར་པོར་ཕེབས་ནས་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་ཡབ་བཀའ་ཡུམ་བཀའ། ཆོས་སྐྱོང་གི་རྗེས་གནང་དང་བཅས་པའི་ཁྲིད་ལུང་ཡོངས་སུ་རྫོགས་པར་གནང་ངོ་། །རྒྱལ་དབང་གཉིས་པར་བདེ་ཆེན་སྐོར་གསུམ་ལ་སོགས་པའི་ཟབ་ཁྲིད་ཐོར་བུ་བ་གསན་ཏེ། དཔོན་སློབ་ལྷན་དུ་ཙ་རི་ཏྲ་མཁའ་ལ་སྤྱོད་པའི་དབང་པོར་ཕེབས་སོ། །གནས་གསར་རྙིང་གི་རི་བ་རྣམས་ཀྱིས་བསུ་བ་ཞབས་ཏོག་ཕུན་སུམ་༼༡༤ བ ༢༨༽ཚོགས་པར་བྱས་སོ། །དེར་ཚོགས་ཀྱི་འཁོར་ལོ། མཚོ་མཆོད། དར་འཕན། འགྱེད་བཟང་པོ་བསམ་པའི་ཡུལ་ལས་ཆེས་བརྒལ་བསྩལ་བས། ལུས་ཅན་རྣམས་དགའ་ཆེས་པའི་དབང་གིས་རྟབ་རྟབ་པོར་འགྱེལ་ཏོ། །དེ་དུས་ཕྱགས་ཕྱིར། ཚོགས་ཆེན་མཁན་པོ་བསྟན་པ་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ནམ་མཁའ་བཀྲ་ཤིས་པ་སོགས་མང་དུ་ཕེབས་པ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གདམས་ངག་ཁོར་མོ་ཉིད་དུ་གནང་ངོ་། །དེའི་ཚེ་ཅིག་ཅར་ཕུར་འཕགས་པ་འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའ་ལ་གཟིགས་པ་དང་མཉམ་དུ་ཐུགས་ཉམས་འབར་སྟེ་བྲོ་བརྡུངས་པས། རྡོ་བ་ལ་འཇིམ་པར་བྱས་པ་བཞིན། ཞབས་ཀྱི་པདྨོ་རབ་ཏུ་གསལ་བར་བཀོད་དོ། །གཞན་ཡང་སོ་སོའི་ཐད་དུ་འོད་ཕུང་འཁྲིགས་པ། གྲི་གུག་དང་རིན་པོ་ཆེ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པ་མང་པོ་དང་། ཡི་དམ་ལྷའི་གཟུགས་བརྙན་ཇི་སྙེད་པ་ཤར་བ་ལ་སོགས་པ་རྨད་དུ་བྱུང་བའི་རྟགས་གཞལ་བར་དཀའ་བ་མང་དུ་བྱུང་ཀྱང་། དེ་ནི་འདི་དང་འདིའོ་ཞེས་རྒྱས་པར་མི་གསུང་ངོ་། །དེ་ཡང་། ཇི་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གསངས་པས་འགྲུབ་པར་བཤད་པ་དེ་ཉིད་གཞན་ལ་བསྟན་པའི་ཆེད་ཁོ་ན་ཡིན་ནོ་ཞེས་ཁོ་བོ་ཅག་བསམ་མོ། །ཚུར་ཕེབས་ཏེ་མི་དབང་བཀྲ་ཤིས་དར་རྒྱས་ལ་དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་སུ་གནང་བ་སྩལ་ཅིང་། ལྗོངས་དེའི་རྒྱལ་བློན་བཙུན་མོ་འབངས་དང་བཅས་པའི་ཕྱག་གི་གནས། མཆོད་པའི་རྟེན། བཀུར་སྟིའི་ཡུལ་གཅིག་པུར་གྱུར་ནས་གཙང་དུ་ཕེབས་སོ། །ཤེལ་དཀར་རྒྱལ་རྩེ་ནས་མི་དབང་ཆོས་ཀྱི་རྒྱལ་པོ་སོག་པོ་འཕགས་ཀྱིས་འབུལ་བ་གྱ་ནོམ་པས་མཆོད་པར་བགྱིས་སོ། །དེ་ནས་སྐྱིད་ཤོད་དུས་སྐྱོང་དོན་ཡོད་རྡོ་རྗེ་དང་། བྱ་བཀྲ་ཤིས་དར་ཞིང་རྒྱས་པའི་ལྷ་གཉིས་ཕེབས་པར་འཇིག་རྟེན་ལས་བརྒལ་ཡང་འཇིག་རྟེན་གྱི་སྲོལ་ལུགས་མི་འགོང་བའི་ཆེད་དུ་གཞི་ལེན་ཕུན་སུམ་ཚོགས་པ་མཛད་དོ། །ནང་སོ་རྣམ་པ་གཉིས་ཀྱང་༼༡༥ ན ༢༩༽གུས་པ་ལྷག་པར་ཐོབ་པས་སྲི་ཞུའི་གཙོ་བོར་མཛད་ཅིང་། བསྔགས་པ་ཆེན་པོ་སྒྲོགས་པ་ལ་བརྩོན་པ་ལྷུར་བྱེད་དོ། །དེ་ནས་གདན་ས་ཆེན་པོ་མེ་ཏོག་མདངས་འཕྲོག་གི་ཡང་དབེན་སྤོས་སྐྱ་དཀར་ཆུང་ངུ་སྐུ་མཚམས་ཤིན་ཏུ་དམ་པའི་ཞིག་མཛད་རྗེས། ཡང་དབོན་དུ་བདེ་མཆོག་བཅུ་གསུམ་མའི་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་ལྷག་པ་བསྐོར་ནས། ལྕགས་ཕོ་སྤྲེའུའི་ལོ་ཙ་རི་ཅིག་ཅར་དུ་འགྲོ་མགོན་ཟུང་མཁར་དབོན་པོ་བསོད་དཔལ་དང་། ཕྱག་ཆེན་གྱི་མགོ་བྱས་སྒོམ་ཆེན་མང་དག་བརྫངས་སོ། །དེ་ནས་གདན་ས་འབྲུག་སེ་བྱང་ཆུབ་ཀྱི་གླིང་དུ་ཕེབས་ཏེ། གནམ་སྡིངས་དཔལ་གྱི་རི་ཁྲོད་དུ་གདན་ཆགས་པར་མཛད། འདུལ་བའི་སྡེ་མཐའ་ཡས་པ་ལ་མཐའ་ཡས་པའི་གསུང་གིས། སྡོམ་པ་བཅུ་གསུམ་མའི་དབང་དང་། གསུང་ངག་རོ་སྙོམས་ཀྱིས་གཙོས་པའི་ཟབ་ཆོས་མང་དུ་གནང་ངོ་། །དེ་ནས་སྟག་རིའི་བར་དུ་ཕེབས་ནས་གནས་ཀྱི་འཛིན་བཀོད་གྱ་བ་མེད་པ་བགྱིས་ཏེ། སླར་གདན་ས་ཆེན་པོ་ར་ལུང་གི་ཡང་དགོན་རྒྱལ་བའི་ཕོ་བྲང་དུ་ཟླ་ཤས་ཀྱི་བར་བཅད་རྒྱ་ཤིན་ཏུ་དམ་པར་བཞུགས་པའི་ཚེ། མི་དགེ་བའི་བཤེས་གཉེན་གྱིས་ཟིན་པར་འབྱུང་པོ་ཆེན་པོ་ཞིག་རང་གི་སྟོབས་ཇི་སྙེད་པས་བརྒལ་བ་ན། སྙིང་རྗེ་ཆེན་པོ་དང་བློ་གྲོས་ཀྱི་ཡ་ལད་བཟང་པོ་བགོས་པ། སྲེད་མེད་ཀྱི་བུའི་སྟོབས་མངའ་བ། བྱམས་པའི་མཚོན་ཆ་རྣོན་པོས་རྨེག་མེད་པར་བཅོམ་མོ། །སླད་ཆན་གཞན་ལ་གནོད་པ་ཡང་མཚན་ཐོས་ཙམ་གྱིས་ཞི་བའི་མཐུ་ཅན་དུ་གྱུར་ཏོ། ལྷོ་བྲག་ནས་བླ་མ་བསམ་གཏན་པ། དྲུང་ནས་ལྕ་པ་རྒྱ་བོ། རྣལ་འབྱོར་ཆེན་པོ་ལྷ་བཙུན་པ། ལྷོ་ནས་དྲུང་ཆེན་པོ་པ་ལ་སོགས་པའི་མང་དུ་འདུས་པའི་དགའ་སྟོན་མཛད་དོ། །དགུན་འབྲུག་ཏུ་ཕེབས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། རིམ་པས་བྲག་ཐོག་དགོན་པར་དཀར་བརྒྱུད་ཕོ་བྲང་ལྷ་ཁང་བཅས་པའི་རབ་ཏུ་གནས་པ་མཛད་ནས། ལྷོར་ཕེབས་སོ། །པ་གྲོ་སྟག་ཚང་ཨུ་རྒྱན་གྱི་མཁན་པོ་པདྨ་སམྦྷ་ཝའི་སྒྲུབ་གནས་དེ་ཉིད་དུ་ཟླ་བ་བཞི་ཙམ་གྱི་རིང་གཅིག་པུ་ཉིད་༼༡༥ བ ༣༠༽དུ་བཞུགས་པའི་དུས། ལྷོངས་དང་ཟིལ་ཆེ་བས་ཐུགས་དམ་གྱི་རྩལ་ཆེར་རྒྱས་པར་གྱུར་ཏེ། རྣམ་པ་གང་ཤར་ཐམས་ཅད་སྒྱུ་འཕྲུལ་དྲ་བའི་རོལ་པར་འཆར་བར་བྱུང་གསུང་། དེ་གྲོལ་རྗེས་གདུལ་བྱ་རྣམས་འདུལ་བར་རིམ་གྱིས་ཐེགས་པ་ན། གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་དབོན་པོ་བསྟན་འཛིན་ཉི་མ་བཟང་པོ་མཇལ་དུ་བྱོན་པ་ལ་བཀའ་ཆོས་ཀྱི་འབྲེལ་པ་དང་སྣ་ལེན་ཡང་དག་པ་གནང་ངོ་། །དེ་ནས་ཚུར་ཕེབས་ནས་གདན་ས་ཆེན་པོའི་ཀུན་དགའ་ར་བར་སྐུ་མཚམས་མུས་ནས། བར་འབྲོག་རྡོར་གླིང་གི་གདན་ས་བ། ཡར་ཀླུངས་ནས་གཏེར་མཛོད་རབ་འབྱམས་པ་འདར་བ་རབ་འབྱམས་པ་ལ་སོགས་པའི། དབུ་ཆེ་དང་ཆོས་ལྡན་གྱི་སྒོམ་ཆེན་མང་དུ་ཚོགས་པ་ལ་དགྱེས་པ་རྡོ་རྗེའི་དབང་དང་། ཞང་དང་། དཔལ་ལྡན་ཕག་མོ་གྲུ་པའི་བཀའ་འབུམ་ལ་སོགས་པ་དབྱར་གྱི་རིང་གསུང་ཆོས་ཀྱིས་ཁོར་མོ་ཡུག་ཏུ་འདས་པ་དང་། རྒྱལ་དབང་རྗེས་འདེབས་པ་གནང་བའི་འོད་གསལ་སྒང་སྒོམ་སྡེའི་དགེ་འདུན་རྣམས་ལ་སྦྱར་ནས། སྤོས་སྐྱར་སྒྲུབ་ཁང་སུམ་ཅུ་ལྷག་པ་འདེབས་པ་མཛད་དོ། །ར་ལུང་བོད་དང་ཉིང་རོ་ནས་སྒྲུབ་པའི་ལས་རྐྱེན་མང་དུ་གཙུགས། སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་རིན་པོ་ཆེ་མ་ལུས་པ་འབྱུང་བའི་ཡོན་ཏན་གྱི་རྒྱ་མཚོ་ཉིད་དུ་གྱུར་ཏོ། ཆུ་མོ་ཕག་གི་ལ་རྗེ་མར་པའི་གདན་ས་གྲོ་བོ་ལུང་གི་གཙུག་ལག་ཁང་ཆེན་པོ། དྲུང་ཀུན་དགའ་བསམ་གཏན་པས་ཞིག་གསོས་ལེགས་པར་གྲུབ་ནས་གདན་འདྲེན་སླེབ། ཧོར་ཟླ་བདུན་པའི་ནང་དུ་ཕེབས་ནས་རབ་ཏུ་གནས་པ་མཛད་པ་ངོ་མཚར་བའི་བལྟས་བསམ་གྱིས་མི་ཁྱབ་པས་འགྲོ་ཀུན་དང་བར་བྱས་སོ། །དེ་ནས་ར་ལུང་དུ་ཕེབས། ཙ་རི་ནས་རྡོ་རྗེ་འཛིན་པ་ཆེན་པོ་བསྟན་པ་རྒྱ་མཚོ། རྟོགས་པའི་མངའ་བདག་ལྷ་བཙུན་ཀུན་དགའ་ཆོས་རྒྱ་མ། བྲག་ཐོག་རབ་འབྱམས་པ་ལ་སོགས་པའི་འདུས་པ་མང་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་ནས། ཙ་རི་ཏྲར་འགྲོ་མགོན་ཇོ་བོ་དང་། ཕྱག་ཆེན་མགོ་བྱས། བྱི་བ་ལོ་ལ་རྫོང་དར་མཛད་དོ། །འདར་བ་རབ་༼༡༦ ན ༣༡༽འབྱམས་པ་སེང་གེ་རྩེ་བའི་བདག་པོ་ཡུམ་སྲས་ཀྱིས་མཆོད་པའི་ཡུལ་དུ་བརྫངས་སོ། །དེ་ནས་ཧོར་ཟླ་གཉིས་པར་ལྷོ་ནས་བླ་མ་སྒང་སྟག་པའི་གདན་འདྲེན་པས་སླེབ་སྟེ། ལྷོར་ཕེབས། ཐེང་ཐིམ། པ་གྲོ་ལ་གཏོགས་པ་ལིང་སྦང་རུས་སྤང་ཞུས། སྒད་སྟགས་ཡུལ་གསར་གྱིས་ཕྱེད་གནམ་ཕྱེད་བླ་མ་སྐུ་མཆེད་ཀྱིས་བསྔོ་རྟེན་དུ་ཕུལ་ལོ། །དེ་ནས་ཚུར་ཕེབས་ཏེ། གཞིས་ཀ་རིན་ཆེན་སྤུངས་པའི་སྐྱེད་ཚལ་ཁ་རུ་སྟེང་དུ་ཟླ་བ་གཉིས་ཙམ་བཞུགས་ཏེ། གཉེན་ཆེན། མཁར་བ། འདར། བོ་དོང་པ་ལ་སོགས་པའི་ནང་སོ་དང་དྲུང་འཁོར། ཕྱོགས་འདུས་ཀྱི་དགེ་འདུན་མང་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཤིག་ཏུ། རལ་ལྔ་ལྕང་གསེབ་ཏུ་གཟིམས་གུར་མཛད། མི་དབང་དོན་ཡོད་རྡོ་རྗེ་ཡབ་ཡུམ་གྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། རྡོ་རྗེ་སློབ་དཔོན་དུ་རྗེ་བཙུན་ཆེན་པོ་ཉིད་བཞུགས་ལྷ་བཙུན་ཆེན་པོ་སོགས་འགྲན་ཟླ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་ཚོགས་ཏེ། རྒྱལ་བ་རྒོད་ཚང་པའི་དབུ་ཐོད་དམ་ཚིག་གི་རྫས་བཟང་པོས་བཀང་སྟེ། ཉིད་ཀྱི་ཕྱག་ཏུ་བཞེས་ནས། གང་གི་རྣམ་པར་ཐར་པ་མདོར་བསྡུས་སུ་འཆད་པ་གནང་སྟེ། དཀར་བརྒྱུད་བྲོ་མོ་ཆེ་འདེབས་པ་མཛད་པ་ན། འདུས་པ་ཐམས་ཅད་ཚེ་འདིའི་ཞན་འཁྲིས་རང་སར་གྲོལ། དད་པ་ཆེན་པོས་རྩེ་གཅིག་ཏུ་འདས་སོ། །འཆི་མེད་ཀྱི་རྫས་དམ་པ་ཐོག་མར་གསོལ་བ་གནང་། དེ་ནས་སྡེ་པ་ཡབ་ཡུམ་གྱིས་གསོལ་ཏེ་རིམ་གྱིས་བསྐོར་བ་ན། མི་དབང་ཆེན་པོས། འབྲུག་ར་ལུང་ཟེར་བའི་སྒྲ་བོ་ཆེ། ངག་དབང་ཆོས་རྒྱལ་འབྱོན་པའི་སྔ་རྟགས་སུ་འདུག་ཅེས་སོགས་ཉམས་དབྱངས་གནང་བ་ན། དེ་ཉིད་ཀྱི་ལན་ཐོག་ལག་ཏུ། གཞིས་ཀ་རིན་ཆེན་སྤུངས་པ་འདི་ལ། ཕོ་བྲང་ཡོངས་ཀྱི་གཡང་ཅིག་ཆགས། མི་དབང་དོན་ཡོད་རྡོ་རྗེ་འདི་ལ། ཆོས་རྒྱལ་ཡོངས་ཀྱི་གཡང་ཅིག་ཆགས། འདིར་ཚོགས་དྲུང་འཁོར་དྲ་མའི་ཚོགས་ལ། རྡོ་རྗེ་སྤུན་གྱི་གཡང་ཅིག་ཆགས་སོ། །ཞེས་མགུར་ཆེན་གྱི་དབྱངས་རྟ་ལ་༼༡༦ བ ༣༢༽དྲངས་ཏེ་གསུང་བར་མཛད་པས། འདུས་པ་ཐམས་ཅད་བྱིན་གྱིས་བརླབས་པ་ཆེན་པོའི་ཟིལ་གྱིས་བརྒྱལ་བ་བཞིན་དུ་གྱུར་ཏོ། དེ་ནས་ལྷོའི་ཡུལ་ལྗོངས་སུ་ཐོགས་ཏེ། དགུན་པ་གྲོ་བསམ་གཏན་རྩེ་མོར། དྲུང་ནས་ཉི་ཟླ་བས་ཐོག་དྲངས་རྣམས་ལ། གསུང་ངག་རོ་སྙོམས་ཆེན་མོ། དྭགས་པོ་རིན་པོ་ཆེའི་བཀའ་འབུམ་ལ་སོགས་ཁྲིད་ལུང་མང་དུ་གནང་ངོ་། །དེ་ནས་གདན་ས་གོང་འོག་གི་འཛིན་སྐྱོང་མི་དམན་པའི་ངང་ནས། འབྲུག་ཏུ་གཙུག་ལག་ཁང་ལ་ཞིག་གསོས་ཕྲན་བུ་དང་། ཡང་དགོན་གྱི་ཞིག་གསོས། དགོན་པའི་དབྱེ་འགྱེད་ལ་སོགས་མཛད་དོ། །ལྷ་ས་པོ་ཏ་ལར། སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ཕེབས་པ་མཇལ། གསུང་ཆོས་ཀྱི་འབྲེལ་བ་ཙམ་གསན་ནས། ར་ལུང་དུ་བྱོན། ས་ཕོ་འབྲུག་ལོ་འགྲོ་མགོན་ཡེ་ཤེས་དབང་པོ་དང་། ཕྱག་ཆེན་ཤེས་རབ་དབང་པོས་མགོ་བྱས་རི་ཐེས་གཏོས་ཆེ་བ་ཙ་རི་ཏྲར་བརྫངས་སོ། །བུ་མ་ཀུན་དགའ་བསམ་གཏན་པའི་ནང་རྟེན། ཆོས་རྗེ་ལྕེ་ས་པ་དཔོན་སློབ་ཀྱིས་བསྒྲུབས་པའི་རབ་ཏུ་གནས་པ་མཛད་དེ། བགྲང་བས་དབེན་པའི་འབུལ་ཚོགས་ཀྱང་མང་དུ་ཕུལ་ལོ། །སྐབས་ཤིག་ཏུ་རོང་འཕྲེད་མོར་སྡེ་པ་སྒར་པ་དང་མཇལ་དེ་དུས་ཆག་ལོ་ཙ་བ་རིན་ཆེན་ཆོས་ཀྱི་རྒྱལ་པོའི་ཇ་འདྲེན་དང་བཅས་པ་ཟད་མི་ཤེས་པའི་འདོད་དགུའི་ཚོགས་ལ་སྤྱད་དོ། །དེ་ནས་དྲུང་ཁྲ་ཕུ་བ་དཔོན་སློབ་ཀྱིས་གདན་འདྲེན་ཞུས་ཏེ། མདོ་མཁར་དུ་ཕེབས། ཆོས་དབང་དུ་མ་གནང་ནས། དགུན་འབྲུག་ཏུ་གསུང་ངག་རོ་སྙོམས་དང་གཞན་ཡང་ཁྲིད་ལུང་མང་དུ་གནང་ངོ་། །དེ་དུས་ལྷ་སར་ཇོ་མཇལ་ལ་ཕེབས། སྡེ་པ་དགའ་ལྡན་པ་ནང་སོ་ཆོས་རྗེའི་དྲུང་གི་གདན་འདྲེན་པས་སླེབ། ཚལ་དུ་བྱོན་ནས། ཟབ་པ་དར་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཀྱིས་བཞེད་པ་གང་བར་མཛད། མི་ཕྱེད་པའི་དད་པ་ལ་བཀོད་དེ། རིམ་པས་གཙང་དུ་ཕེབས་སོ། །ལྷོ་བྲག་ཏུ་གྲུབ་པའི་དབང་ཕྱུག་ལྕེས་པས་གདན་དྲངས། འཕྲིན་ལས་ཀྱི་བ་དན་རབ་ཏུ་བསྒྲེང་བར་མཛད་དོ། །༼༡༧ ན ༣༣༽ར་ལུང་དུ་ཤངས་བདེ་ཆེན་པའི་དབོན་པོ་ཆོས་སྐྱོང་བཟང་པོ་དང་། དྭགས་སྒོམ་རབ་འབྱམས་པ་སོགས་གསར་འདུས་རྣམས་ལ་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་དབང་ཁྲིད་ཡོངས་སུ་རྫོགས་པར་གནང་ངོ་། །དེ་ནས་འབྲུག་ཏུ་ཕེབས། ཁམས་པ་ཆོས་མཛད་བསོད་ནམས་ཆོས་འཕེལ་བ་དང་། ཆོས་རྒྱལ་མཚན་པ་ཕྱག་ཕྱིར་སླེབ་བོ། །དེ་དུས་སྡེ་པ་སྒར་ནས་ཞལ་ངོ་རྣམས་དང་ལྷུན་པོ་རྩེར་མཇལ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་སྨྱུག་ལ་པཎྜྻི་ཏ་ཆེན་པོ་ངག་དབང་གྲགས་པ་མཇལ་དུ་ཕེབས་ཏེ་རེ་ཞིག་ཞབས་ཕྱིར་བྱོན། ཟབ་པ་དང་རྒྱ་ཆེ་བའི་དབང་ཁྲིད་ལུང་མང་དུ་གནང་བས་ཐུགས་ཀྱི་བཞེད་དོན་གང་བར་བྱས་སོ། །དཔོན་ལོབ་རྣམས་གདན་ས་ར་ལུང་དུ་ཕེབས། འགྲོ་མགོན་སྐུ་སྐྱེ་དང་། ཕྱག་ཆེན་རིན་ཆེན་དབང་པོས་མགོ་བྱས། གསུང་གི་བདུད་རྩིས་ངོམས་པར་མཛད་མཁའ་སྤྱོད་དབང་པོའི་བསྟན་སྐྱོང་ལ་བརྫངས་སོ། །དེ་ཡང་། བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་འཛིན་པར་བྱ་བ་ནི། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལས་གཞན་གང་ཡང་ཡོད་པར་མ་གཟིགས་ཤིང་། གཞན་ལ་སྨན་པའི་ཡོན་ཏན་ཆེན་པོ་མངོན་པར་བསྒྲུབས་པ་ལ་ཆོག་མི་ཤེས་པའི་ཆོས་ཉིད་འདི་དང་ཡང་ལྡན་པ་ལགས་པས་ཇི་ལྟར་ཐོས་པ་དེ་དག་གི་ངེས་པའི་དོན་མངོན་སུམ་དུ་གཏན་ལ་ཕབ་པར་དགོངས་ཏེ། དཀའ་ཐུབ་པའི་གནས་མང་དུ་བརྟགས་པས། ཆོས་རྗེ་ཁུ་དབོན་གྱི་གདན་སའི་ཉི་འོག །གྲུབ་པ་བརྙེས་པ་མང་པོས་བྱིན་གྱིས་བརླབས་པ། དབེན་པའི་ཡོན་ཏན་ཐམས་ཅད་ཀྱིས་བལྟ་ན་སྡུག་པར་བྱས་པ། གནོད་སྦྱིན་གྱི་དགེ་བསྙེན་གང་བ་བཟང་པོའི་ཕོ་བྲང་གི་ཤར་ལོགས། ཁ་རོ་ལུང་པར་དཀོན་མཆོག་གིས་ལུང་བསྟན་པའི་དུས་ལ་ཉེ་བར་བབ་པར་གཟིགས་སོ། །སྤོས་སྐྱའི་གཟིགས་ཁང་དུ་རང་བྱོན་ཁྱད་པར་འཕགས་པ་རྣམས་མཆོད་རྫས་རྒྱ་མཚོས་མཆོད་ཅིང་། དགེ་འདུན་གྱི་འདུས་པ་ལ་དགའ་ཏོན་ཆེན་པོ་དང་བཅས་པས། དབོན་སྐུ་བགྲེས་པའི་གཙུག་ཕུད་བཞེས། མཚན་༼༡༧ བ ༣༤༽ངག་གི་དབང་པོ་གྲགས་པ་དཔལ་བཟང་པོར་གསོལ། དགེ་བསྙེན་ཡོངས་རྫོགས་དང་། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་གནང་ནས། ཁུ་དབོན་ལྷན་དུ། ཆུ་ཕོ་སྤྲེའུ་ལོ་དགུང་ལོ་ཞེ་བརྒྱད་པ། ཧོར་ཟླ་དང་པོའི་ནང་དུ་མེ་ཏོག་མདངས་འཕྲོག་གི་ལྗོངས་ནས་ཕྱོགས་དེར་ཕེ་བླ་སོ། ཐོག་མར་ཟླ་བ་ལྷག་པ་སྐུ་མཚམས་ཤིན་ཏུ་དམ་པ་ཞིག་མཛད་དེ། སྒྲུབ་ཁང་བཟོ་དགོས་རྣམས་ལེགས་པར་བསྒྲུབས་སོ། །དེ་དུས་མངའ་རིས་གུ་གེ་ནས་མཁས་པ་ཀུན་དགའ་རྣམ་རྒྱལ་བ་བྱོན་ཏེ་ཕྱག་ཕྱིར་བཞུགས། བུག་སྒོ་ནས་འབྲུག་སྐོར་གྱི་ཟབ་ཁྲིད་ཕལ་ཆེ་བ་གནང་ངོ་། །བྱ་བཏང་འབྲུག་སྒྲ་རྒྱ་མཚོ་ཞེས་འདོགས་པ་གནང་། ཞལ་སློབ་ཀྱི་དངས་མར་གྱུར། ཕྱིས་བསྟན་པ་ལ་ཕན་པའི་བྱ་བ་ཆེར་བྱས་སོ། །དེར་ནང་སོ་སྒར་པ་དོན་ཡོད་རྡོ་རྗེའི་ལེགས་བྱའི་འབུལ་བ་གཏོས་ཆེ་བ་དང་། བྱ་ཡུལ་ནས་རྒྱལ་དབང་སྤྲུལ་པའི་སྐུས་བརྟན་བཞུགས་དང་འབུལ་ཚོགས་རྒྱ་ཆེན་པོ་དང་བཅས་པ་དབོན་པོ་བདེ་ཆེན་པ་བརྫངས་ཏེ་ཕུལ་ལོ། །དེའི་ཚེ་སྨྱུག་ལ་ཆོས་རྗེ་སྐུ་མཚམས་ཁོངས་ཕེབས་པའི་ཞུ་འཕྲོད་བྱུང་བ་སླར་བརྫངས་སོ། །སྣ་དཀར་རྩེ་ནས་ནང་སོའི་གདན་འདྲེན་བྱུང་ཡང་ཕེབས་པ་མ་གནང་སྟེ། སྐྱེས་བུ་དམ་པ་ཐམས་ཅད་ནི། མང་པོ་ཁས་ཀྱིས་མི་འཆེ་ལ། རྡོ་བ་ལ་བྲིས་པའི་རི་མོ་བཞིན་དུ་དམ་བཅས་པ་ལས་འདའ་བ་ནི་མི་སྲིད་པས་སོ། །སླད་མར་གསོལ་དཔོན་སླེབ་ནས་ཞལ་ངོ་རྣམས་དྲུང་དུ་ཕེབས་པར་གསོལ་བའི་ཞུ་འཕྲོད་ཀྱང་ཕྱིར་སྐབས་སུ་མི་བབ་པར་གསོལ་ནས། ཤིན་ཏུ་དབེན་པའི་ངང་ནས་ལོ་གསུམ་ཕྱོགས་གསུམ་གྱི་རིང་འདག་སྦྱར་གསུང་བཅད་ཤིན་ཏུ་དམ་པ་ལ་བཞུགས་སོ། །ཆུ་བོ་ཆེན་པོའི་རྒྱུན་ནམ། མར་མའི་རྩེ་མོ་བཅིངས་པ་ལྟ་བུར། རྡོ་རྗེའི་ཐེག་པ་ལ་ལྷག་པར་གནས་པས། རླུང་བཅུ་དབུ་མར་ཞུགས་ཏེ་པྲ་ཕབ་པའི་སྣང་བ་བཞིན་དུ་རྟགས་བཅུ་ལ་སོགས་པ་འབྱམ་ཀླས་པའི་སྣང་བ་ཉི་མའི་འོད་ཟེར་ཆུ་ནང་དུ་ཤར་བ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་མཚན་དཔེ་འབར་བ་ཇི་སྙེད་པ་གཟིགས་པས་༼༡༨ ན ༣༥༽སྟོང་ཉིད་རྣམ་པ་ཐམས་ཅད་པའི་རྡོ་རྗེའི་སྐུ་འགྲུབ་ཅིང་། འཇིག་རྟེན་གྱི་སྒྲ་ཐམས་ཅད་ལས་འདས་པའི་ནཱ་དའི་རང་སྒྲས་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་པ་རྣམ་པ་ཐམས་ཅད་པའི་གསུང་རྡོ་རྗེ་དང་། ཟག་པ་མེད་པའི་ཕུང་པོ་མཁའ་ཁྱབ་འོད་གསལ་བའི་རྡོ་རྗེ་ཅན་གྱི་ཐུགས་དང་། ཡས་བབས་ཀྱི་དགའ་བ་བཞིའི་བདེ་བ་ལ་སེམས་རོ་གཅིག་ཏུ་བརྟན་པའི། རེ་ཞིག་ན་ཁམས་ཐམས་ཅད་གྱེན་དུ་གཤེགས་པ་གཙུག་ཏོར་གྱི་འཁོར་ལོ་ཁེངས་པ། འགྱུར་བ་མེད་པ་ལས་སྐྱེས་ཤིང་འགྱུར་བ་རྣམ་པར་ཉམས་པ། གང་གི་རེག་ན་ཕུང་པོ་དང་ཁམས་དང་དབང་པོ་ལ་སོགས་པ་མཐའ་དག་འཛག་པའི་བདེ་བ་ཐམས་ཅད་ཀྱིས་བྱེ་བའི་ཆར་ཡང་བསྒྲུན་དུ་མེད་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐུ་ཉམས་སུ་བརྟས་པའི། ཡེ་ཤེས་ཀྱི་རྡོ་རྗེ་མངོན་སུམ་དུ་གྲུབ་པར་གྱུར་ཏོ། དེང་དཔལ་ལྡན་བླ་མའི་བཀའ་དྲིན་ལས་བྱུང་བའོ་སྙམ་དུ་དགོངས་ནས་བྱས་པ་དྲིན་དུ་བཟོ་བའི་མོས་པ་ཆེན་པོའི་ཆེན་པོ་ལ་གནས་པའི་མཐུས་རྡོ་རྗེའི་མགུར་འདི་ཐོ་ལག་ཏུ་འཐེན་ནོ། །ན་མོ་མཧཱ་མུ་དྲཱ་ཡ། རྗེ་མཚན་ལྡན་བླ་མ་ཆོས་ཀྱི་མྱང་དུ་སྩལ་ལོ། །ཕག་ལོ་ཤར་འཕྲལ། སྐུ་མཚམས་ཡངས་སུ་གནང་སྟེ། དགུང་སེང་ལ་བླ་གཡེར་འཐོན་པ་མཛད། དེ་ཡང་། སྔ་མོ་ཉིད་ནས་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་ལུང་ཡོད་དོ་ཅོག་གསན་པར་བཞེད་པ་ལས། དེ་དུས་ཅིག་ཅར་རྡོ་རྗེ་འཛིན་པ་ཆེན་པོ་སྙན་པ་རྒྱ་མཚོ། བྱ་བ་ཐོངས་ཤིང་དམ་པའི་སྤྱོད་པ་ལ་ཤིན་ཏུ་གོམས་པ། རང་གི་བུ་སློབ་ནང་གཙང་བར་དགོངས་ནས་གདན་དྲངས་སོ། །ར་ལུང་ནས་གསུང་རབ་རྣམས་ལེན་པར་མཛད། ལུང་གསན་པའི་དབུ་བཙུགས། དེར་རྣལ་༼༡༨ བ ༣༦༽འབྱོར་གྱི་དབང་པོ་དྲུང་ལྕེ་ས་པ། བྱ་བཏང་རིན་པོ་ཆེ་ཤེས་རབ་པ། ཞི་བྱེད་པ་ཆེན་པོ་ལ་སོགས་པ། བླ་མ་དབུ་ཆེ་ཆོས་ལྡན་གྱི་འཁོར་འདུས་པ་ཤིན་ཏུ་ཚབས་རི་སུལ་དེ་ཉིད་ཏིལ་གྱི་གང་བུ་བཞིན་དུ་ཁེངས་པར་གྱུར་ཏོ། དེ་དག་ལ་ཕྱག་ཆེན། ཆོས་དྲུག །སེམས་ཁྲིད་ཡིད་བཞིན་ནོར་བུ་སོགས་ཟབ་པ་དང་རྒྱ་ཆེ་བའི་གསུང་ངག་མང་དུ་བུག་སྒོ་ནས་སྩལ་ལོ། །ལོ་བཞི་འདས་ནས་སྐུ་མཚམས་གྲོལ་བ་གནང་། རྡོ་རྗེ་འཛིན་པ་ཆེན་པོ་ར་ལུང་ནས་ཁ་རོར་བྱོན། རྗེ་བཙུན་མི་ཏྲ་ཛོ་ཀིའི་ཐུགས་དམ་བརྒྱ་རྩའི་དབང་། གསང་སྔགས་རྙིང་མའི་རྒྱུད་འབུམ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའམ། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་ཀྱི་བཀའི་གླེགས་བམ། དཔལ་ས་ར་ཧ་ཆེན་པོ་དང་མི་གཉིས་པའི་རྗེ་བཙུན་ཆེན་པོ་འབའ་ར་བའི་ཆོས་དྲུག་ཆེན་མོ་སོགས་མང་དུ་གསན་ནོ། །དེའི་ཚེ། གནས་གསར་ནས་ནང་སོ་ཞལ་ངོ་ཐམས་ཅད་དང་། ཤར་ཀོང་པོའི་རྣལ་འབྱོར་པ་བདེ་ཆེན་རོལ་པ་སོགས་མང་དུ་བྱོན་པ་རྣམས། རྒྱ་ཆེ་བའི་ཆོས་ཀྱི་སྣང་བ་ཆེན་པོས་མཆོག་གི་ལམ་ལ་འགོད་པར་མཛད་དོ། །ཀོང་པོ་དང་། ལྷོ་བྲག་སྒྲུབ་སྡེ་ནས་རྟ་འབུལ་གཏོས་ཆེ་བ་སླེབ། དེ་དུས་ཆོས་རྗེ་རྡོ་རྗེ་འཛིན་པ། གྲུབ་ཐོབ་གཡུལ་རྒྱལ་རྫོང་པ་ཆོས་ཀྱི་ཤེས་རབ་དང་། བླ་མ་བསྟན་པ་བརྒྱ་བྱིན་གྱིས་གཙོས་པའི་ཅོག་པུ་བ་བརྒྱ་ཕྲག་བཞི་ལྷག་པ་བྱ་ཡུལ་དུ་རྒྱལ་དབང་གཉིས་པའི་ཞབས་ཕྱིར་བརྫངས་སོ། །ཏིང་ཏིང་ནས་ཆོས་མཛད་སོགས་ཞབས་ཕྱིར་གསར་པ་མང་དུ་ཚོགས་ར་ལུང་དུ་ཕེབས་ཏེ། དགའ་སྔོན་ཆེན་པོས་རིང་ཞིག་འདས་ནས། འདུས་པ་རྣམས་ཅོག་པུ་བ་ཆོས་ལྡན་ཁོ་ནས་སྒྲུབ་པ་སྙིང་པོ་ར་ལེན་པའི་སྡེ་བཙུགས་སོ། །དེ་རྗེས་གདོད་ནས་དག་པའི་དུར་ཁྲོད་ཆེན་པོ་ཙ་རི་ཏྲར། འགྲོ་མགོན་དཔལ་འབྱོར་ལྷུན་གྲུབ་དང་། ཕྱག་ཆེན་བྱམས་པས་མགོ་བྱས་རི་པ་རྫོང་དར་གནང་ངོ་། །དེ་ཡང་། སྤངས་པ་དྲུང་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། ༼༡༩ ན ༣༧༽ཚད་མེད་པའི་ཐུགས་རྗེ་ཆེན་པོ་མངའ་བ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། མཐོང་བ་དང་། ཐོས་པ། དྲན་ཅིང་རེག་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་འགྱུར་བའི་དཔལ་ལྡན་བླ་མ་དེ་ཉིད། བསྡུ་བ་བཞིའི་སྒོ་ནས་མཆོག་དང་། བར་མ་དང་། ཐ་མའི་གདུལ་བྱ་རྣམས། སྐྱེ་རྒ་ན་འཆིའི་རྦ་གློང་དྲག་ཏུ་འཁྲུག་པའི་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་དང་། རེ་བ་དང་། དོགས་པའི་ཞགས་པས་དམ་པོར་བཅིངས་པ་དགྲོལ་བ་དང་། མྱ་ངན་གྱིས་གདུངས་པ་རྣམས་དབུགས་དབྱུང་བ་དང་། ཐེག་པ་གསུམ་གྱི་ལམ་ཆེན་པོ་ལ་བཀྲི་བའི་ཚད་དུ། །ཆོས་ལྡན་གྱི་འཁོར་བརྒྱ་ཕྲག་གཉིས་ལས་མི་ཉུང་བས་ཉི་འོག་དབུས་ཀྱི་རྒྱལ་ཁམས་ཆེན་པོར་བྱོན་ནོ། །དེར་མདོ་མཁར་དང་། འབྲུག་ཏུ་ཕེབས། ལམ་བར་གྱི་ལུས་ཅན་ཀུན་གྱི་བསོད་ནམས་གསོག་པའི་ཞིང་དམ་པར་གྱུར་བཞིན་པ་དང་། སྣེའུར་སྡེ་པ་ངག་དབང་རྣམ་རྒྱལ་དང་མཇལ་ཏེ། ལྷ་སར་སྒར་ཕབ་ནས་རེ་ཞིག་བཞུགས་སོ། །དེར་ཁྲོམ་གྱི་ཚོགས་ལ་ཁྱམས་ཁྲ་སྟེང་ནས་གསུང་ཆོས་མང་དུ་གནང་ཞིང་། གྲོལ་དབང་ཁྱམས་ཁྲ་ཤོད་དུ་གནང་ངོ་། །ཕྱིར་རིམ་པས་འབྲུག་ཏུ་ཕེབས་སོ། །དགུན་ཆོས་གྲོལ་རྗེས། ཚལ་ནས་ནང་སོ་ཆོས་རྗེ་ཕེབས། ཉམས་སྣང་དང་བཅས་པར་བདེ་མཆོག་གི་དབང་དང་། འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཟབ་ཁྲིད་ཀྱང་མང་དུ་སྩལ་ལོ། །དེའི་ཁྲིད་གཉེར་བ་གང་གི་གསུང་སྐྱེས། དྲུག་ཀུན་དགའ་རྒྱལ་པོས་བྱས་སོ། །དེ་དུས་ཕྱོགས་མཐའ་ནས་ཆོས་བྱེད་གསར་བུ་མང་དུ་ཚོགས། དེ་ནས་གཙང་སྟག་རིའི་བར་དུ་ཕེབས། དབྱར་ཁང་ལྟག་གི་གཟིམས་ཁང་ཞིག་གསོས་མཛད། གཞི་བྱེད་ནོར་བུ་དགའ་ལྡན་པའི་སློབ་དཔོན་པ་ལ་སོགས་པ་དགེ་འདུན་འདུས་པ་ཆེན་པོའི་ཚོགས་ལ་གསུང་གི་བདུད་རྩིའི་ཆར་ཆེན་པོས་དགེ་ལེགས་ཀྱི་མྱུ་གུ་བསྐྱེད་པར་མཛད་དོ། །དེ་ནས་ར་ལུང་དུ་ཕེབས། རྒྱལ་རྩེར་བྱོན་ཏེ་ནེའུ་ཐང་དུ་སྒར་༼༡༩ བ ༣༨༽ཕཊ། ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས་གཞི་ལེན་ཕུན་སུམ་ཚོགས་པར་ཞུས། ལུམ་པ་ནས་ཆོས་མཛད་ལ་སོགས་པ་ཆོས་སྡེ་ནས་དགེ་འདུན་མང་འདུས་དང་། སྐྱེ་བོའི་ཁྲོམ་ཆེན་པོ་ལ་དམ་པའི་ཆོས་མང་དུ་གནང་ངོ་། །སྐབས་དེར་དབུས་གཙང་དུ་དུས་འཁྲུག་ཆེན་མོ་བྱུང་སྟེ། རང་གི་བདེ་བ་ཕྱག་དུར་ཁྲོད་ཀྱི་རྩྭ་བཞིན་དུ་དོར་ནས་བྱ་དཀའ་བ་ཆེན་པོས་གཞན་གྱི་དོན་བསྒྲུབ་པ་ལ་སྔོན་ཡུན་རིང་མོ་ནས་གོམས་པར་བགྱིས་པ་དེའི་མཐུས། སྐབས་དེར་དབུས་ཕྱོགས་སུ་ཕེབས་བཟད་མ་དར་སྤྱན་སྔ་རིན་པོ་ཆེ་བཞུགས་པའི་སར་བྱོན་ནས། གོང་མ་ཆེན་པོ་དཔོན་བློན་གོང་དཀར་ན་བཞུགས་པ་ལ་ཞུ་སྐོར་ཕུལ་ཞིང་། གཞིས་ཀ་བའི་སྒར་གྲལ་ཐང་ན་ཡོད་པར་དཔོན་སློབ་བྱོན་ཏེ། འཇགས་དན་ལ་འཁྱོལ་བས་དུས་ཀྱི་འཁྲུགས་པ་ཞི་བར་མཛད་དོ། །དེ་ནས་འབྲུག་ཏུ་ཕེབས་ལམ་ལྗང་འཕྲད་དུ། ཆིབས་ནོར་བུ་བསམ་འཕེལ་ཅུང་ཟད་བུག་པའི་རྣམ་པར་གྱུར་པས། རྗེས་ཆིབས་ཁ་བ་འཕྲིན་ལས་པར་ཅི་འདུག་ལྟོས་གསུང་བ་བལྟས་པ་ན། རྡོ་བའི་དོགས་ལ་དེའི་རྗེས་ཤིན་ཏུ་གསལ་བར་བཀོད་པ་མཐོང་ནས། དེ་གསོལ་པས། མཚན་དལ་དོར་ཞིག་ཅེས་བཀའ་ཕེབས་པ་བཞིན་བགྱིས་སོ། །དེ་ཡང་སྐུ་ཚེ་དང་འཕྲིན་ལས་ཀྱི་རྟེན་འབྲེལ་བསྒྲིགས་པར་མངོན་ནོ། །གདན་ས་འབྲུག་སེབ་བྱང་ཆུབ་ཀྱི་གླིང་ནས་མི་རིང་བར། སྡེ་སྲིད་ཕག་མོ་གྲུ་པ་དཔོན་བློན་ལ་གསོལ་ཇ་ཞུ་བར་སྣེའུར་བྱོན། ཀླུ་སྡིངས་སུ་སྒར་མཛད་རིམ་པས་ལྷ་ས་རྡོ་རགས་ཁར་བཞུགས། ཀ་ཎི་བཤག་ཏུ་ཆེ་ས་རིན་པོ་ཆེས་སྣ་ལེན་ཡང་དག་པ་གནང་། རྟ་ར་བཤག་ཏུ་བློན་ཆེན་ནང་སོ་རིན་ཆེན་རྒྱལ་མཆོག་པས་ཐོག་མའི་བཀའ་འབྲེལ་གསན་ཅི་པ། བསྟི་སྟང་ཆེན་པོས་མཉེས་པར་བྱས་སོ། །ཡར་རྒྱབ་ནང་སོ་ལ་སོགས་པ་མི་དབང་དུ་མས་མཆོད་འོས་དང་བསྟོད་པའི་གནས་སུ་བགྱིས་སོ། །དེ་ནས་ཚལ་དུ་ཕེབས། ནང་སོ་ཆོས་རྗེའི་རྣམ་དཔྱོད་ཀྱི་བུམ་པ་ལྡེགས་པར་བཤད་པའི་བདུད་རྩིས་གང་བར་མཛད་དེ། ༼༢༠ ན ༣༩༽འབྲུག་ནས་ར་ལུང་དུ་ཕེབས་ལམ་ཡང་། ལྗང་འཕྲང་གི་ཡར་ཟུར། ཆིབས་སྔ་མ་དེ་ཉིད་ཀྱིས། གོར་མ་ས་ལ་རྗེས་སྔ་མ་ལས་ཀྱང་ཆེས་གསལ་བ་ཞིག་བཀོད་པ་དེ་འདོར་བར་མ་ནུས་པས། སྐྱེ་དགུའི་ལས་དར་ཉོན་མོངས་པའི་ཆུ་བོ་སྐེམ་པའི་བྱེད་པ་པོ། དད་པ་ལྷག་པར་འཕེལ་བའི་རྒྱུ་ཉིད་དུ་དིང་སང་ཡང་མཆིས་སོ། །གདན་ས་ཆེན་པོ་ར་ལུང་ཐེལ་དུ་གདན་ཆགས་པར་མཛད། དགེ་སློང་ཀུན་དགའ་བཟང་སྐྱོང་བས་གཙོས་པའི་ཅོག་པུ་བ་རྣམས་ལྷོ་མོན་དུ་རྫོང་དར་མཛད་དོ། །དགུན་གྱི་རིང་སྐུ་མཚམས་ཤིན་ཏུ་དམ་པ་དང་། དབྱར་ཀ་གསུང་ཆོས་འཛུགས་པ་དང་། ཅོག་སྒར་བ་རྣམས་ཕྱིར་འཁོར། དེ་དུས་ཉང་སྟོད་དུ་གཟིངས་ཆེར་བྱུང་བ་ལ་བརྟེན། ཆོས་སྡེ་དཔལ་འཁོར་སྡེ་ཆེན་མཁན་པོའི་གདན་འདྲེན་སླེབ་ནས། ཕྱོགས་དེར་ཕེབས་ཏེ། གཞི་ལེན་ཡང་དག་པས་མཉེས་པར་བྱས་སོ། །གཞི་སེང་གི་སྒར་དུ་ཞུ་འཕྲིན་གནས་སྐབས་ཀྱི་ཁྱད་སྡ་ཙམ་བྱུང་ཞིང་། དེ་དུས་དྲུང་རབ་བརྟན་པ་སྐུ་མཆེད་ལ་སོགས་པ་གསར་དུས་དུ་མས་སླེབ་བོ། །དེ་ནས་ཕྱིར་ཕེབས་ནས་རིམ་པས་དབུས་ཕྱོགས་ཐེགས། ལམ་ཞོར་མོན་རྩེའི་ཉེ་ལོགས་གཞིས་ཀ་བའི་སྒར་དུ་ཕེབས་ཤིང་། སྤོ་མཐོན་རྫོང་དུ་སྡེ་པ་ཡར་རྒྱབ་ནས་དཔོན་ཆེན་སྐུ་མཆེད་དང་། དགའ་ལྡན་ཁང་གསར་ནས་ནང་སོ་ཨ་བསོད་པ་རྣམས་ལ་ཆོས་དབང་ཕྲན་ཚོགས་གནང་བར་མཛད་དོ། །དབོན་ས་རིན་པོ་ཆེ་དཔོན་བློན་ལྷུན་པོ་རྩེར་བཞུགས་པ་མཇལ། སེམས་ཅན་གྱི་བདེ་སྐྱིད་ཐོབ་པའི་ཆེད་དུ་རྒྱུ་མཚན་འབུལ་བར་མཛད་པས། འཆིངས་འཐུད་ཡུན་རེ་ཞིག་མཛད་དོ། །དེ་ནས་ཕྱིར་ཕེབས་ནས་སླད་མར་གདན་ས་འབྲུག་ཏུ་བྱོན། ཐེག་ཆེན་ཡོངས་འདུའི་གཟིམས་ཁང་འདེབས་པར་གནང་ངོ་། །ལྷ་ས་ར་ཇོ་བོ་རིན་པོ་ཆེ་མཇལ་བའི་སྐབས། ནང་སོ་ཆོས་རྗེས་གདན་འདྲེན་པར་གསོལ་ཏེ། བདེ་ཆེན་རྫོང་དུ་ཆིབས་ཁ་བསྒྱུར་བ་གནང་ནས། རེ་ཞིག་གི་བར་དུ་བཞུགས་༼༢༠ བ ༤༠༽ཏེ་མི་དབང་དེ་ཉིད་འཁོར་བཅས་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་གསང་བས་ཀུན་ནས་དང་བའི་རྒྱུད་མངོན་པར་གང་བར་བགྱིས་སོ། །དེ་ནས་རིམ་གྱིས་གཙུག་གི་ཕྱོགས་སུ་ཕེབས་པ་ན། འཕྱོང་རྒྱས་པ་ནང་སོ་རིན་ཆེན་རྒྱལ་མཆོག་པ་དང་། བྱ་པ་ནང་གྱི་ཆོས་མཛད་པ་སྐུ་འཁོར་བཅས་མཇལ་བར་བྱོན་ནོ། །དེ་དག་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་སུ་གནང་བ་དང་བཅས་ཏེ་ལུགས་གཉིས་ཀྱི་སྣ་ལེན་གྱ་ནོམ་པར་མཛད་དོ། །དེ་རག་གིས་འབུལ་བའི་རྣམ་གྲངས་ཀྱང་རྒྱ་ཆེར་ཕུལ་ལོ། །དེ་ནས་འགྲོ་མགོན་ཇོ་བོ་ལ། བསྐོ་འཇ་གནང་སྦྱིན་བཟང་པོ་སྩལ་ཏེ་ལྷོ་བྲག་སྒྲུབ་སྡེའི་བླ་མར་བརྫངས་སོ། །དཔོན་སློབ་རྣམས་ལྷོ་དགོན་པ་ཡུལ་ནས། ཤར་ཐིང་ཡུལ། པ་གྲོ་རྣམས་སུ་ཕེབས། བླ་མ་དབུ་ཆེ་ཡོན་བདག་ཐམས་ཅད་ཀྱིས་མོས་པ་ཆེན་པོས་ཡོ་བྱད་ཡོད་དོ་འཚལ་གྱིས་བསྟབས་པར་བྱས་སོ། །འབྲུག་འཕྲིན་ལས་སྒང་། གློང་རྫོགས་ཐེག་ཆེན་ཚོས་འཁོར། པུས་མོ་རབ་བརྟན་ཆོས་འཁོར། འབྲས་ལ་བསམ་གཏན་ཆོས་འཁོར། བསམ་གཏན་རྩེ་མོ་ལ་སོགས་པའི་སྒྲུབ་སྡེ་གསར་འདེབས་མང་དུ་བགྱིས་སོ། །སྒང་མཁར་གྱི་གཙུག་ལག་ཁང་ཞིག་གསོས་གྲུབ་པའི་རབ་ཏུ་གནས་པ་མཛད་དེ། ཕྱིར་གདན་སར་བྱོན་ནོ། །རིང་ཞིག་ལོན་པ་ན། མདོ་མཁར་དུ་གདན་དྲངས་ཏེ། ཕྱག་ཕྱིའི་ཅོག་སྒར་བ་དང་། ངང་འདུས་ཀྱི་ཚོགས་པ་མང་པོ་ལ། རྗེ་བཙུན་ཆེན་པོ་ནཱ་རོ་པའི་གསུང་ངག་རོ་སྙོམས་ཆེན་མོའི་ཁྲིད་ཀྱིས་གཙོས་དམ་པའི་ཆོས་ཀྱི་སྦྱིན་པས་དུས་དང་རྣམ་པ་ཐམས་ཅད་འདའ་བར་མཛད་དོ། །སླར་ར་ལུང་ནས་ལྷོ་བྲག་མཁོ་མཐིང་གསེར་གྱི་ལྷ་ཁང་དུ་ཐེགས། དེ་དུས་སྨན་ཐང་ཕུར་ཤིན་ཏུ་མཁྲེགས་པའི་གོར་མ་ས་ལ་ཞབས་ཀྱི་རེ་ཁཱ་ཆེས་གསལ་བར་མཆོད་པའི་ཞིང་དུ་བཀོད་དོ། །ལྷ་ཁང་གསར་པ་བཞེངས་པའི་དཀར་བརྒྱུད་བླ་མའི་སྐུ་རྣམས་རབ་ཏུ་གནས་པར་མཛད་དོ། །ལྷ་ཁང་གདན་ས་པ་དང་། རྟོགས་ལྡན་ཆེན་པོ་ངག་དབང་ལྷུན་གྲུབ་པ་ལ་སོགས་པ་བཀའི་བདུད་རྩིས་ཡིད་དགའ་བ་ཐོབ་པར་བགྱིས་སོ། །ཁྲ་ལྷ་ཁང་མ་འཆམ་པའི་བསྡུམས་ཀྱང་མཛད། བཙོན་ཁང་དུ་གནས་པ་མང་པོ་མི་འཇིགས་པའི་༼༢༡ ན ༤༡༽གནས་ལ་འགོད་པར་མཛད་ནས། ར་ལུང་དུ་ཕེབས་སོ། །འགྲོ་མགོན་བདེ་ཆེན་པ་དང་། ཕྱག་ཆེན་པ་སངས་བློས་མགོ་བྱས་སྒོ་མཚན་མང་དུ་ཙ་རི་ཏྲར་ཡེ་ཤེས་ཀྱི་འཁོར་ལོར་བརྫངས་སོ། །གསེར་མདོག་ཅན་ནས་མཁས་པ་ཆེན་པོ་འབུམ་རབ་འབྱམས་པ་དགེ་འདུན་ཉི་མ་དང་། སྨྱུག་ལ་རབ་འབྱམས་པ་ལ་སོགས་པ་ལ་འབྲུག་སྐོར་གྱི་ཟབ་ཁྲིད་མང་དུ་སྩལ་ནས་དབུས་ཕྱོགས་སུ་ཕེབས་སོ། །སྣམས་མདའ་ལོ་མོ་ནང་དུ་སྒར་གནང་ཟླ་བ་གསུམ་ཙམ་གྱི་རིང་བཞུགས། དབོན་རིན་པོ་ཆེ་སྐུ་བགྲེས་པ་དང་། དྲུང་ནས་ཀུན་དགའ་ལྷུན་གྲུབ་པ་དཔོན་སློབ་བདུན་ཅུ་ཙམ་དང་། གཞུང་ལུགས་རབ་འབྱམས་སྨྲ་བ་སློབ་དཔོན་ཆོས་ཀྱི་བཤེས་གཉེན། སྒར་པའི་དབུ་མཛད་ཆེན་མོ་ཏིང་ཏིང་ཆོས་མཛད། ནང་སོ་ལྗང་སྨྱོན་ལ་སོགས་པ་ཅོག་སྒ་ར་བའི་དགེ་འདུན་ཕྱེད་དང་སུམ་བརྒྱ་ལྷག་པ་དང་བཅས་པ་ལ། དཀར་བརྒྱུད་གསེར་འཕྲེང་། མར་པ་ནས་རྒྱལ་དབང་རྗེའི་བར་གྱི་བཀའ་འབུམ། བླ་མ་ཞང་རིན་པོ་ཆེ། རྒྱལ་བ་ལོ་རྒོད་གཉིས་ཀྱི་བཀའ་འབུམ། མཁས་གྲུབ་ཆེན་པོ་ཨོ་རྒྱན་པའི་གསུང་འཕྲེང་བ་སྐྲོར་རྣམས་ཀྱི་ལུང་དང་། དབང་རྣོན་ཆོ་ག་ཅིག་གིས་རྡོ་རྗེ་སེམས་དཔའི་སར་བཀྲི་བའི་གདམ་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཟླ་སེང་པའི་ལུགས་ཡོངས་སུ་ཚང་བ་ཉམས་ཁྲིད་དུ་གནང་ངོ་། །དུས་དེར་སྐྱེ་བོ་འགའ་ཞིག་གིས་གནོད་པ་ལ་ཁྲོ་བོ་མེད་ཅིང་བྱམས་པའི་དབང་གིས་བཏང་སྙོམས་སུ་བཞག་མོ་དེ་ལྟ་ནའང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་ཆད་པས་ཚར་བཅད་དོ། །གང་ལ་འབྲེལ་པ་ཐོགས་པའི་མཐུ་ཆེན་པོས་འཁོར་བ་ལས་ཐར་པའི་རྒྱུར་གྱུར་ཏོ། དེ་དུས་འབྲུག་ཏུ་སྐུ་མཚམས་མུར་རེ་ཞིག་བཞུགས་ནས་ཡར་ཀླུངས་སུ་ཕེབས། ཕོ་བྲང་སྣེའུ་གདོང་རྩེར་གོང་མ་རིན་པོ་ཆེ་མཇལ། ཞབས་འདེགས་གྱ་ནོམ་པ་བཏེག་སྟེ། ཐེལ་རྩེས་ཐང་ཚོགས་ཆེན་མོའི་དགེ་འདུན་མང་དག་དམ་པའི་ཆོས་ཀྱི་ཟིལ་དར་ཕུན་སུམ་ཚོགས་པས་ཡིད་སིམ་པ་ཐོབ་པར་བྱས་སོ། །དེ་ནས་སལ་ལ་ལ་བརྒྱུད། བྱང་སྟག་ལུང་དུ་ཕེབས། གླིང་པ་རྣམས་ཀྱིས་བཀོད་པ་ཆེན་པོས་ཡ་ཐང་ནས་བསུས། ཆོས་རྗེ་རིན་པོ་ཆེར་འབུལ་བ་དང་། ཚོགས་པའི་རྣམ་གཞག་གྱ་ནོམ་བསྩལ་ལོ། །དེ་དག་གིས་མཆོད་པའི་ཕུང་པོ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་༼༢༡ བ ༤༢༽འགྲན་པར་བཟོད་པས་བླ་མར་བྱས་སོ། །ཧོར་ཁང་ནས་ནང་སོ་ཡབ་ཡུམ་དང་། མཁན་སློབ་ཀྱིས་གཙོས་པ་རྣམས་དབང་ཁྲིད་ལུང་གིས་སྐལ་བ་ཇི་ལྟ་བའི་ལམ་ལ་དྲངས་ཏེ། དཔོན་སློབ་རྣམས་ཚུར་ཕེབས། རས་ཆེན་ནམ་མཁའ་བློ་ལྡན་གྱིས་ཀརྨ་གླིང་གི་དགོན་པ་ཕུལ་བ་རྩིས་བཞེས། ཟབ་དོན་ཆོས་ཀྱི་འཁོར་ལོར་མིང་བཏགས་ཏེ། ཆོས་འཁོར་ཆེན་པོ་ལྷ་སར་ཕེབས་སོ། །དུས་དེ་དག་ཏུ་འཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་བོ། །དེ་ནས་སྡེ་སྲིད་རིན་པོ་ཆེ་མཆོད་ཡོན་ཕེབས་པར་བསུ་བ་སེར་སྦྲེང་མཛད། ཡོན་མཆོད་ཐམས་ཅད་ཀྱིས་མང་ཇ་འགྱེད་འབུལ་གནང་དང་བཅས་པ་ཡང་དག་པ་མཛད་དོ། །དེ་དུས་བསམ་སྡེ་ནས་མིའི་དབང་པོ་ཙ་རི་དབང་ཕྱུག་གྲགས་པར་དབང་ལུང་ལ་སོགས་པ་མང་དུ་གནང་ཞིང་། མཆོད་ཡོན་གྱི་དྲུང་འཁོར་རགས་པ་དང་། གསང་ནེའུ་ཐོག་ལ་སོགས་པ་ནས་བྱོན་པའི་ཆེ་གཉན་གྱི་འདུས་པ་མང་དག་ལ་གསུང་གི་གསང་བ་ཟླ་བ་གཉིས་ཙམ་གྱི་བར་དུ་སྩལ་ལོ། །གནས་སྐབས་དེར་ཆུའི་འཇིགས་པས་ལྷ་སར་གནས་པ་དག་གཙེས་པར་གྱུར་པ། ཐབས་གང་གིས་ཀྱང་བཟློག་པར་མ་ནུས་པས། རབ་ཏུ་དངས་ཏེ། ཀུན་གྱིས་སྤྱན་སྔ་རིན་པོ་ཆེར་གསོལ་བ་བཏབ་པ་ན། དེ་ཉིད་ཀྱི་ཞལ་སྔ་ནས། འབྲུག་པ་རིན་པོ་ཆེ་རྟེན་འབྲེལ་གྱི་བདག་པོ་ཡིན་པས་དེར་གསོལ་བ་འཐད་ཅེས་ཕེབས་པས། ཡོན་མཆོད་ཐམས་ཅད་ཀྱིས་གསོལ་བ་འདེབས་པ་ལ་ཞུགས་སོ། །དེའི་ཚེ་རྗེ་བཙུན་ཆེན་པོས་རགས་སྟོད་སྨད་པར་གསུམ་དུ་གྲུབ་ཐོབ་ཨོ་ཌི་ཡ་ཎ་པ་ཆེན་པོའི་གསུང་འཕྲེང་བསྐོར་གསུམ་གནང་བའི་ནུབ་མོ་དེ་ཉིད་ལ་ཆུ་རྣམས་པར་བཟློག་པར་གྱུར་ཏེ། འཇིགས་པ་ལས་གྲོལ་ནས་ཀུན་ངོ་མཚར་ཞིང་ལྷག་པའི་དད་པ་ཐོབ། ཡིད་མགུ་ཞིང་ཚིམ་པས་བཀུར་སྟི་བྱས་སོ། །དེ་ནས་གདན་ས་ཆེན་པོ་འབྲུག་ཏུ་ཕེབས། གནམ་སྡིངས་རི་ཁྲོད་དུ་དཔོན་སློབ་ཐམས་ཅད་ཟླ་བ་གསུམ་གྱི་བར་སྤྱིལ་པོས་མ་ཁེབས་པ་རྣམས་ལ་ཅོག་པུ་དང་རང་ཤོང་ཁང་བུ་བསྒྲུབས་ཏེ་བཅད་རྒྱ་ཤིན་ཏུ་ངམ་པར་མཛད་དོ། །དེར་དབོན་རིན་པོ་ཆེ་སྐུ་བགྲེས་པར་བརྟག་པ་གཉིས་པ་འགྲེལ་པ་རིན་ཆེན་རྒྱན་འདྲའི་སྟེང་ནས་ཟིན་ཐུན་དང་བཤད་པ་རྫོགས་པར་གནང་ངོ་། །དེ་ནས་སྐུ་མཆེད་དྲུང་ཆེ་སར་འདོན་པའི་སྟ་གོན་གྲུབ་ནས། མེ་ཏོག་མདངས་འཕྲོག་གི་ལྗོངས་ར་ལུང་ཐེལ་དུ་༼༢༢ ན ༤༣༽ཕེབས་སོ། །དེ་དུས་དབུས་གཙང་གིས་ཀུན་འབྲུམ་ནག་གི་ནད་ཀྱིས་གང་བས་བཀའ་བགྲོས་པ་རྣམས་ཡིད་ནེམ་ནུར་དུ་གྱུར་ཏོ། རྗེ་བཙུན་དམ་པ་འདིས་ནི། འདོད་དབང་རྩ་ལག་དང་བཅས་པའི་དཔུང་ཡང་བྱམས་པའི་མཚོན་ཆས་ཕམ་པར་མཛད་ཅིང་སྲེད་མེད་ཀྱི་བུ་ཡང་སྟོབས་ཀྱིས་ཞུམ་ཞུམ་པར་བྱེད་པས། མི་མ་ཡིན་གྱི་ཚོགས་ཀྱིས་གནོད་པར་བགྱིད་ག་ལ་ནུས། བསྲུང་མའི་བབས་དག་ལས་ཀྱང་དེ་ལྟར་གསོལ་བས། ཉེས་པ་ཅུང་ཟད་ཀྱང་མི་ཡོང་པར་དགོངས་སོ། །དེ་ནས་ཁྱུང་མཆོག་གི་ལོ་ཆུ་སྟོང་ཅན་གྱི་དཀར་པོའི་ཕྱོགས་རྣམ་པར་རྒྱལ་བའི་དགའ་དང་པོ་རྒྱལ་དང་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་ལ། གངས་རི་ཆེན་པོ་ཏི་སེ་ནས་རྒྱ་ནག་རྒྱལ་པོའི་ཕོ་བྲང་ལ་ཐུག་གི་བར་ནས་འདུས་པ་གང་གི་རིང་ལུགས་འཛིན་པའི་སྤོང་བ་པ་བརྒྱ་ཕྲག་བརྒྱ་ཙམ་གྱི་དགེ་འདུན་དང་། ཉི་མ་འབུམ་ཕྲག་གཅིག་ལས་བརྒལ་བ་ཙམ་གྱི་འཁོར་གྱི་ཁྱམས་ཆེན་པོར་བཀོད་པའི་ཁྱབ་པར་ཐམས་ཅད་ཀྱིས་མཛེས་པ་སྔོན་གྱི་དམ་པ་རྣམས་ཀྱིས་སྤྱད་པ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱས་པའི་སེང་གེའི་ཁྲིར། བཤད་པ་དང་སྒྲུབ་པའི་བཀའ་བཏགས་ཀྱིས་ཕྱག་རྒྱས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བསྒྱུར་བའི་རྒྱལ་པོ་ཆེན་པོར། དབོན་རིན་པོ་ཆེ་སྐུ་མཆེད་མངོན་པར་དབང་བསྐུར་རོ། །དེ་ཡང་ལྷུན་པོ་གཟི་བརྗིད་འབར་བས་རི་གཞན་རྣམས་ཟིལ་གྱིས་གནོན་པའམ། དྲི་མ་མེད་པའི་ཀུན་གསལ་ལ་འོད་ཟེར་འབུམ་ཕྲག་འཕྲོ་བའི་དཀྱིལ་འཁོར་གྱིས་འོད་གཞན་མོག་མོག་པོར་བྱེད་པ་དང་འགྲན་ཟླ་མེད་པའི་དཔའ་བོ་གཉིས་ཀྱིས་མརྔོས་བ་ཡང་འདྲའོ། །དེར་གདན་ས་ཆེན་པོ་ཐེལ་ནས་སྤྱན་སྔ་རིན་པོ་ཆེ་དང་། སྡེ་སྲིད་གོང་མ་ཆེན་པ་དཔོན་བློན་གྱིས་བསྐོ་འཇ་གནང་སྤྲིན། བྱ་ཡུལ་ནས་རྒྱལ་དབང་སྤྲུལ་པའི་སྐུའི་གནང་སྦྱིན། གཞིས་ཀ་རིན་ཆེན་སྤུངས་པ་དང་། ཤེལ་དཀར་རྒྱལ་རྩེ་པ་སྟེ་ཆོས་ཀྱི་རྒྱལ་པོ་གཉིས་ཀྱི་ས་གཙོས་པའི་མིའི་དབང་པོ་མཐའ་དག་གིས་ལགས་རྔ་དང་འབུལ་ཆས་སྐྱེ་བོའི་ཚོགས་ཆེན་པོས། སོ་བྱད་སྣ་ཚོགས་པས་གསོལ་ཞིང་བསྟི་སྟང་དུ་བྱས་སོ། །དེ་དུས་རྗེ་བཙུན་ཆེན་པོ་གང་གིས་ཐོག་མ་མཛད་པའི་ངུར་སྨྲིག་འཛིན་པ་རྒྱ་མཚོ་ལྟ་བུས་བཀྲ་ཤིས་༼༢༢ བ ༤༤༽པ་བརྗོད་པ་དང་། མངའ་གསོལ་བའི་མེ་ཏོག་ཀུན་ཏུ་འཐོར་རོ། །དེའི་ཉིན་ཕྱོགས་ཁོར་མོ་ཡུག་གི་རི་བོ་དབང་པོའི་ཚོན་གྱིས་བརྒྱན་པའི་ན་བུན་མཛེས་པ་བལྟ་བས་མི་ངོམས་པ་དག་གིས་ཀུན་ནས་གཡོགས་ཤིང་། ནམ་མཁའ་རབ་ཏུ་དངས་པ་འཇའ་དང་འོད་ཀྱི་དྲ་བས་ཕན་ཚུན་དུ་སྦྲེལ་བའི་གུར་དང་། མེ་ཏོག་གི་ཆར་ཆེན་པོ་རྒྱུན་མི་འཆད་པར་ཆལ་ཆིལ་དུ་བབས་སོ། །དེ་ཀུན་གྱི་མཐུན་སྣང་དུ་གྲུབ་པས། ཐམས་ཅད་གུས་པ་བསྐྱེད་པའི་རྒྱུ་ཆེན་པོར་གྱུར་ཏོ། དེ་ནས་སྤོས་སྐྱ་གཟིན་ས་ཁང་དུ་རང་བྱོན་ཁྱད་དུ་འཕགས་པ་རྣམས་ཀྱི་ཞལ་འབྱེད་མཛད་ནས། ཕྱོགས་མཐའ་བ་རྣམས་ཡིད་ངོམས་པར་བྱས་ཏེ་རྫོང་དར་མཛད་དོ། །ཁྲི་ཐོག་རིན་པོ་ཆེ་རྣམ་གཉིས་ལ་འཁོར་ལོ་སྡོམ་པ་མཻ་ཏྲི་བཅུ་གསུམ་མའི་དབང་། སློབ་དཔོན་ལས་ཀྱི་རྡོ་རྗེའི་གཏུམ་པོ་ལྷ་ཉེར་ལྔ་མ། ཁྱུང་ལྔ་ཕུར་གཅིག་མའི་དབང་བྱིན་རླབས། ལྷན་སྐྱེས་དང་། ཕག་མོ་ལྷན་ཅིག་སྐྱེས་མའི་བྱིན་རླབས། མགོན་པོ་ཕྱག་བཞི་པའི་རྗེས་གནང་རྒྱས་པ། མི་འཁྲུགས་པ་ལྷ་སོ་བདུན་མའི་དབང་། སྤྱན་རས་གཟིགས་ཀྱི་རྗེས་གནང་། དཔལ་དགྱེས་པ་རྡོ་རྗེའི་དབང་བཞི་རྫོགས། བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་ཡབ་བཀའ་བཞི་དང་ཡུམ་བཀའ་བཞི། ཚེ་དཔག་མེད་འཆི་མེད་རྔ་སྒྲ་ཇོ་ཏཱ་རིའི་ལུགས། འཆི་བདག་འཇོམས་པ་རྣམས་ཀྱི་དབང་། ཚེ་རིང་མཆེད་ལྔའི་རྗེས་གནང་ལ་སོགས་པ་དབང་ཁྲིད་ལུང་མང་དུ་གནང་ངོ་། །དེ་ནས་ཁུ་དབོན་གཉིས་དགེ་འདུན་གྱི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་མཐའ་འཁོབ་ཀྱི་འགྲོ་བ་འདུལ་བར་དགོངས་ཏེ། ལྷོ་མོན་ཕྱོགས་སུ་ཕྱོགས་བྲལ་གྱི་སྒར་འདེབས་པར་མཛད་དོ། །དེ་དུས་བྱ་ཡུལ་ནས། འཇམ་དབྱངས་ཆོས་ཀྱི་གྲགས་པ་ཞིང་གཞན་དུ་གཤེགས་ཞེས་བཟོད་དཀའ་བའི་གཏམ་གྱིས་སྐུ་མདུན་དུ་སོན་མ་ཐག །དྲུང་དཔལ་རྒྱམ་པ་སོགས་ལ་མཆོད་པའི་རྫས་དུ་མ་དང་བཅས་བསྟབས་ཏེ་རྫོང་དར་མཛད་དོ། །དཔོན་སློབ་རྣམས་ཕྱིར་ར་ལུང་དུ་ཕེབས་ཏེ་བཞུགས་པ་ན། བྱ་ཡུལ་ནས་རྒྱལ་དབང་སྤྲུལ་པའི་སྐུའི་དབུ་རྒྱན་སྲོག་ཞུ་བཟོ་དང་རྒྱུས་འཇིག་རྟེན་ན་འགྲན་ཟླ་མེད་པ་ཞིག་དང་། ཧོར་གོས་ཏ་ཧུན་གསེར་མའི་བེཊ་ཐུལ་ཁྱད་པར་བ་དང་། གསེར་རྩེས་སྲང་གི་ཞོ་བརྒྱ་རྣམས། རྗེའི་དྲུང་དུ་ཕུལ་ཞིག་ཅེས་འདའ་དཀའི་༼༢༣ ན ༤༥༽ཞལ་ཆེམས་སུ་ཕེབས་པ་ནང་སོ་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་གྱིས་ཡིད་དམ་དུ་མཛད་དེ་དགོངས་རྫོགས་བསྔོ་ཞུས་སུ་ཕུལ་ལོ། །ནང་རྟེན་གྱི་སྐུ་འདྲ་རིན་པོ་ཆེ་བཞེད་པའི་སྐུ་རྒྱུ་དང་ཡོན་རྫོངས། ཞལ་ངོ་དྲུང་ཚོར་གནང་ཆ་གྱ་ནོམ་པ་དང་བཅས་པ་འབུལ་བར་ཏིང་ཏིང་ཆོས་མཛད་པ་དང་། ཤངས་པ་དགའ་བཅུ་བ་བརྫངས་ནས་དབུས་ཕྱོགས་སུ་ཕེབས་པར་མཛད་དོ། །འཕན་ཡུལ་ནས་གདན་འདྲེན་ནན་ཆེ་བའི་སྟོབས་ཀྱིས། ཟབ་དོན་ཆོས་འཁོར་དུ་བྱོན་ནོ། །སྟག་ལུང་ནས་མཁན་ཆེན་པ་ལ་སོགས་པའི་འདུས་པ་མང་དག་དང་། འགྲོ་མགོན་ཐང་པོ་བ། ཕྱག་ཆེན་ས་བུག་པས་མགོ་བྱས་རྣམས་ལ། གསུང་ངག་རོ་སྙོམས་ཆེན་མོ་ལ་སོགས་པའི་དབང་ཁྲིད་མང་དུ་སྩལ་ལོ། །ཙ་རི་ཏྲའི་འཛིན་སྐྱོང་དུ་རི་པ་བཟང་རགས་རྫོང་དར་མཛད་དོ། །དེ་དུས་རྒྱ་མ་ཁྲི་དཔོན་གྱི་བརྒྱུད་པ་སྡེ་པ་མཁར་རྩ་བས་སྤྱན་དྲངས་ཏེ། གསུང་ཆོས་མང་དུ་གནང་། མི་ཕྱེད་པའི་དད་པས་རིམ་གྲོ་ཆེར་བགྱིས་སོ། །དེ་ནས་གྲུབ་རྒྱལ་ལ་སོགས་པར་ཕེབས་ནས། དགའ་ལྡན་ཁང་གསར་གྱི་ཀླུ་སྡིངས་སུ་སྒར་མཛད་དེ། ནང་སོ་ཆོས་རྗེ་དཔོན་གཡོག་འགའ་ལ་རོ་སྙོམས་ཕྱག་རྒྱ་ཆེན་པོར་སྒང་དྲིལ་བ་སོགས་དབང་ཁྲིད་མང་དུ་གནང་ངོ་། །ཤིང་རོ་སྤྲེའུ་ལོ་ཧོར་ཟླ་དང་པོ་ཤར་འཕྲལ། སྐུ་མཚམས་བཞུགས་ཡུལ་དཀོན་མཆོག་གིས་ལུང་བསྟན་པ་བཞིན། རྣལ་འབྱོར་པ་སའི་རྡུལ་སྙེད་ཀྱིས་གྲུབ་པ་ཆེན་པོ་བརྙེས་པའི་རྡོ་རྗེའི་གདན་མེ་ཏོག་མདངས་འཕྲོག་གི་ལྗོངས་གདན་ས་ཆེན་པོ་ར་ལུང་ཐེལ་ཞེས་ལྷ་དང་བཅས་པའི་མཆོད་སྡོང་བླ་ན་མེད་པ་དེ་ཉིད་ཀྱི་ཡང་དགོན་རྒྱལ་བའི་ཕོ་བྲང་གི་ཀུན་སྣང་བདེ་ཆེན་ཁོར་ཡུག་ཏུ་ལོ་གསུམ་ལྷག་ཙམ་བཅད་རྒྱ་ཤིན་ཏུ་དམ་པ་ལ་བཞུགས་སོ། །དེའི་ཚེ་ཉིན་ཐུན་གསུམ་མཚན་ཐུན་གསུམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་ཆོས་འདའ་ཞིང་། དེ་དུས་རང་བྱོན་ཁ་སྔ་པ་ཎའི་དྲུང་དུ། དབོན་རིན་པོ་ཆེ་སྐུ་གཞོན་པའི་གཙུག་ཕུད་བཞེས། ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་ཏུ་ཐུགས་བསྐྱེད་བ་གནང་། དེ་ནས་བཟུང་དགུང་སེང་ལ། བཀའ་༼༢༣ བ ༤༦༽འགྱུར་རོ་ཅོག་གི་ལུང་དང་། ཕྱག་ཕྱིར་ཅིག་ཅར་རྡོ་རྗེ་འཛིན་པའི་དབོན་པོ་ཡེ་ཤེས་རྒྱལ་མཚན་པ་དང་སྔགས་པ་ཆོས་མགོན་པོ་སོགས་ཆོས་དོན་དུ་གཉེར་བ་རྣམས་ལ། ཚོམས་སྟེང་ཤོད་དུ་ཡོལ་བས་བཅད་པའི་ངོས་ནས་བདེ་མཆོག་དང་ཕག་མོ་ལྷན་སྐྱེས། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ལུང་སོགས་གནང་བར་མཛད་དོ། །དེ་ནས་དྲུང་ངག་དབང་པ་དཔོན་སློབ་བརྗེ་ལེན་པ་རྣམས་ལ་གསུང་མཇལ་གནང་། དེའི་སྐབས་རང་བྱོན་ཁྱད་དུ་འཕགས་པའི་བཞུགས་ཁང་གསར་དུ་བསྒྲུབ་པར་བཞེད་ནས། རང་བྱོན་ཁ་སརྦ་ཎ་བཞུགས་པའི་གདུང་རུས་གོང་བུ་ལ། གསེར་ཞུན་མའི་ཆུས་གླན་པར་མཛད་པས། ཡུངས་འབྲུ་ལྟར་དབྱིབས་ལེགས་ཤིང་། ཀུ་མུ་ཏ་བཟང་པོ་དང་ཁ་བ་དངུལ་གྱི་མདངས་བས་ཀྱང་ཆེས་བཀྲག་པའི་རིང་བསྲེལ་བརྒྱད་ཕྱག་མཐིལ་དུ་བབས་པ་ན། སྐྱེ་བོ་རྨད་དུ་བྱུང་བའི་འཕྲུལ་མཐོང་བ་དག །གང་བྱིན་རླབས་ཐོབ་པ་ལ། དད་པ་ཕུན་སུམ་ཚོགས་པའི་རྒྱུ་འདི་མེད་དུ་མི་རུང་བ་ཉིད་དོ་ཞེས་སེམས་པར་བྱེད་ཅིང་། མོས་པ་རྒྱ་ཆེན་པོའི་ས་བོན་བསྐྲུན་པ་ལ་ནན་ཏན་དུ་གྱུར་ཏོ། །དེ་ལྟར་འཛམ་བུའི་གླིང་ན། ངོ་མཚར་བའི་རྟེན་རང་བྱུང་བ་ཐམས་ཅད་ཀྱི་མཆོག་ལས་ཀྱང་མཆོག་ཏུ་གྱུར་པའི་གཙོ་བོ་བཅུ་ཕྲག་གཉིས་དང་། བཞི་ལྷག་པ་རེ་རེ་ལ་བདེ་བར་གཤེགས་པའི་མཆོད་རྟེན། རྗེ་བཙུན་ཆེན་པོ་ཉིད་ཀྱི་ཕྱག་མཐོ་གང་། མི་ཚད་ཀྱི་རྐང་གདམ། སེང་ཁྲི་གསར་ཟངས། བང་རིམ་བུམ་གདན་དང་བྲེ་རྣམས་དངུལ་དཀར། བུམ་པ་གསེར་ལྗང་བརྡུངས། འདེགས་པད་ཆོས་འཁོར་གདུགས་རྣམས་བྱུ་རུ། མུ་མེན་སྤོས་ཤེལ་རྣམས་ལས་གྲུབ་པ། སྒོ་རྒྱན་གཡུ་སྤྱད་ཤིན་ཏུ་ལེགས་པ་དང་། མུ་ཏིག་བཟང་པོ་ལ་སོགས་པས་བརྒྱན་པ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེའི་བཀོད་པ་ཇི་ལྟ་བ། ཕྱིར་ལྗང་གསེར་གྱི་དྲ་མིག་གིས་འཁོར་མོ་ཡུག་ཏུ་མཛེས་པར་བྱས་པ་རྣམས་དང་། རྒྱལ་དབང་རྗེའི་གདུང་བཞུགས་པ། ཚེ་འཕྲུལ་མཆོད་རྟེན་ཐོག་ཚད་མ། གསེར་ཟངས་ལས་གྲུབ་པ། རིན་པོ་ཆེའི་ཕྲ་ཚོམས་ཀྱིས་བལྟ་ན་སྡུག་པ་དང་། རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་པ་རྗེ་སྙི་སྒོམ་བསོད་ནམས་རིན་ཆེན་གྱི་ལི་སྐུ་མི་ཚད་མ་དང་། དྲུང་མ་ཐེ་བས། བདེ་དགྱེས་ལ་སོགས་༼༢༤ ན ༤༧༽པའི་བྲིས་དཀྱིལ་སྒྲུབ་པ་སོགས། རིག་བྱེད་མཁས་པས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་མྱ་ངན་ལས་མ་འདས་ཀྱི་བར་དུ་རྒྱུན་མ་ཆད་པ་ཡིན་ནོ། །ཁམས་པ་མཆེད་དང་། བླ་མ་རྒྱལ་མཚན་པ་རྣམས་སྤྱི་བླར་བཀོད་དེ། དབུ་མཛད་དགེ་མ་ཆོས་མཛད། བློ་གྲོས་པ། རབ་བརྟན་པ། སྟོན་ཆེན་པ། རྣམ་ཐོས་པ། ཐུགས་རྗེ་དབང་པོ། འཇའ་ཚོན་པ། དགུན་ཐུང་བ། ཆོས་རྒྱལ་དཔལ་བཟང་བ་ལ་སོགས་པ། ཕྱོགས་རེར་དགེ་འདུན་བརྒྱ་ཕྲག་ཕྱེད་གཉིས་ཙམ་བགོ་བར་མཛད། ལྷོ་བྱང་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་བརྗེ་ལེན་ཐོག་མར་གནང་ངོ་། །སྐུ་མཚམས་གྲོལ་འཕྲལ་སྤོས་སྐྱ་གཟིམས་ཁང་དུ་འགྲོ་མགོན་ཤེས་རྒྱམ་པ་དང་། ཕྱག་ཆེན་ཆོས་རྒྱལ་གྱིས་མགོ་བྱས་རྣམས་ལ། བདེ་མཆོག་ལ་སོགས་པའི་དབང་ཁྲིད་མང་དུ་གནང་ནས་ཙ་རིར་བརྫངས་སོ། །དེ་དུས་ཁྲི་ཐོག་རིན་པོ་ཆེས་སྒོམ་སྡེ་འདུ་ཁང་ཞིག་གསོས་མཛད་པའི་རབ་ཏུ་གནས་པ་བགྱིས་ཏེ་འབྲུག་ཏུ་ཕེབས་ཨོ། གཙུག་ལག་ཆེན་མོ་ཞིག་གསོས་མི་དགོས་ཀ་མེད་དུ་གྱུར་ནས། བཟོ་རིག་མཁས་པ་མང་དུ་འཛོམ། ཨརྒྷའི་ཆོ་ག་མཛད། གཙང་ཁང་འོག་ཐོག་མ་གཏོགས་ཚང་མར་བཤིག་ནས། དེའི་དབྱར་ཕལ་ཆེར་གྲུབ་པར་མཛད། དེ་ནས་འཕན་ཡུལ་ཕྱོགས་སུ་ཐོགས་ཏེ་འཕྲིན་ལས་ཀྱི་རྔ་ཆེན་རབ་ཏུ་བསྒྲགས་པས་གདུལ་བྱའི་ཚོགས་བགྲང་བ་ལས་འདས་པ་ཁོར་མོ་ཡུག་ཏུ་ཚོགས་པ་རྣམས་ལ་གསང་བ་དེ་ཁོ་ན་ཉིད་ཀྱི་གསུང་གི་བདུད་རྩི་སྩོལ་བཞིན་པར་ཟབ་དོན་ཆོས་འཁོར་དུ་བཞུགས་སོ། །དེ་དུས་ས་སྐྱ་བདག་ཆེན་རིན་པོ་ཆེ་ངག་པ་ཉེ་ལོགས་སུ་ཕེབས་པ། ཕན་ཚུན་སྐྱེས་དང་ཇ་ཞུས་སྐུའི་ཉེ་བསྐོར་དུ་གནས་པ་རྣམས་ཀྱིས་མཇལ་བ་དང་བཀའ་ཡི་བདུད་རྩིས་བློ་གྲོས་གང་བར་མཛད་པ་སོགས་བླ་ལྷག་པའི་འབྲེལ་ཟབ་མོ་མཛད་དོ། །དེ་ནས་བྱང་སྟག་ལུང་གི་བར་དུ་ཕེབས་ཏེ། མཆོད་ཁང་སྟོང་། གླིང་པ། ཧོར་ཁང་། སྟག་ལུང་ཆོས་མཛད་མ་སོགས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད་དོ། །ཕྱིར་སྐྱིད་ཤོད་ནས་དབུས་རི་བརྒྱུད་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ཕེབས་སོ། །དེ་དུས་བུ་ཚལ་ནས་སྡེ་པ་མ་ཆེ་བ། ལྷ་རིན་པོ་ཆེས་ཐོག་དྲངས་ཞལ་ངོ་རྣམས་ལ་གསུང་ཆོས་མང་༼༢༤ བ ༤༨༽དུ་གནང་སྣེ་གདོང་བདག་མོས་སྣ་ལེན་ཡང་དག་པར་ཞུས་ཏེ། ཡར་ཀླུངས་ཀྱི་བར་དུ་ཞབས་ཀྱིས་བཅགས་སོ། །སླད་མར་སེང་གེ་སྒང་དང་། ལུམ་པ་ལ་སོགས་པ་རྣམས་སུ་ཕེབས། མཐའ་ཡས་པའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཆེན་པོ་སྐྱེ་བའི་ཞིང་དུ་གྱུར་ཏོ། ཏིང་ཏིང་ཆོས་མཛད་པ་ཙ་རི་ཏྲ་ཉམས་རྟོགས་ཅིག་ཏུ་འཆར་བའི་གནས་ཆེན་རྡོ་རྗེ་འཛིན་པའི་གདན་སར་བཀོད་ནས་རྫོང་དང་མཛད་དོ། །རིམ་པས་འབྲུག་ནས་གཙང་དུ་ཕེབས། གཞིས་ཀ་རིན་སྤུངས་ཁ་རུ་སྟེང་དུ་སྒར་མཛད་ནས། དབོན་དྲུང་གཡུང་པ་སྐུ་མཆེད། ནང་པ་གཉེར་ཆེན་པ་སོགས་དྲུང་དུ་འཁོར་རྣམས་ལ་གསུང་གི་གསང་བ་བླ་ན་མེད་པ་བསྟན་ནོ། །དེ་དུས་རྒོད་ཚང་དབུ་ཐོང་མཇལ་བ་ན། སྡེ་པ་དཔོན་བློན་གྱི་གསུང་གིས་ཉེ་བར་བསྐུལ་ནས། ཅོག་པུ་བ་སུམ་བརྒྱ་ལྷག་པ་ཙམ་གྱིས་བྲོ་མོ་ཆེ་དང་། དཀར་བརྒྱུད་རིན་པོ་ཆེའི་རྡོ་རྗེའི་མགུར་གྱི་ཚོགས་འབུལ་བར་བྱས་པས། གང་དུ་གནས་པ་རྣམས་སྲིད་པའི་འབྱོར་བ་ལས་ཡིད་འབྱུང་བར་གྱུར་ཏོ། དེ་ནས་བླ་མ་གྲགས་པ་མཐའ་ཡས་པས་གདན་འདྲེན་བྱས་པར་རིམ་གྱིས་ཕེབས་དུས་ཡང་རྒྱབ་སྡེ་པ་དཔོན་ཆེན་པ་མཇལ་བར་བྱོན། ཆོས་དབང་ཐུགས་བཞེད་དང་མཐུན་པ་གནང་བར་མཛད་དོ། །རིམ་པར་ཉ་མོ་ཕྱོགས་ནས་སྟག་རྩེར་ཕེབས། གནས་གསར་དུ་གདན་དྲངས་ཞག་ཤས་བཞུགས་ཞལ་ངོ་རྣམས་ལ་བཀའ་དབང་མང་དུ་གནང་། རྩེ་ཆེན་དུ་ཕེབས། གཉེར་པ་ལྷུན་ཆེན་སྐུ་མཆེད་རྣམས་ལ་བཀའ་ཆོས་ཀྱི་འབྲེལ་པ་སྩལ་ནས་རྒྱལ་རྩེར་ཕེབས། ནེའུ་ཐང་དུ་སྒར་མཛད་དོ། །སྡེ་པ་ཞལ་ངོ་རྣམས་དར་མཇལ་གཞི་ལེན་ཕུན་སུམ་ཚོགས་པ་ཞུས། དུས་དེ་དག་ཏུ་རིས་མེད་པའི་འགྲོ་བ་ལ། ཆོས་ཀྱི་བདུད་རྩི་ངོ་སྐལ་དུ་སྩལ་བས། ཡིད་ཀྱི་གདུང་བ་ཐམས་ཅད་འཇོམས་པར་བྱས་པས་འཇིག་རྟེན་ལ་ཐུགས་བརྩེ་བ་ཕན་པ་དང་བདེ་བ་ཐམས་ཅད་མཛད་པ། ཐེག་པ་གསུམ་གྱི་ལམ་ལ་དྭངས་ཏེ་ཞིབ་ཆེན་པོ་ཡི་གྲོང་ཁྱེར་དུ་བགྲོད་པའི་སྐལ་བ་དང་ལྡན་པར་བྱས་སོ། །དེ་ནས་ར་ལུང་། ལྷོ་མོན་ཕྱོགས་ལ་ཐེད། གྲོ་འབྲུག་ཆོས་སྡིངས་ཀྱི་གཙུག་ལག་ཁང་བཏབ། སོས་ཐེད་དུ་འབྲུག་འཕྲིན་ལས་སྒང་གི་སྒྲུབ་སྡེ་བཙུགས་ནས། ཐིམ་བུ་ཕྱོགས་སུ་ཕེབས་ཏེ། སྤང་རིངས་ཟམ་གདོང་༼༢༥ ན ༤༩༽དུ་འདུག་ཕོ་བྲང་སྡིངས་དང་། འབྲུག་རབ་བརྟན་སྒང་གི་གཟིམས་ཁང་། ལྷ་ཁང་། སྒྲུབ་སྡེ་འདེབས་པའི་བཀའ་བཀོད་མཛད་ནས་སྒང་ཁར་དང་བཅས་པའི་ཕྱོགས་སུ་ཕེབས། ཕྱིར་གདན་སར་ལུང་དུ་བྱོན་མ་ཐག །ཤར་ཀོང་པོའི་ཡུལ་ནས་མེ་རག་མདོ་པ་རྟོགས་པའི་མངའ་བདག་ངག་དབང་པ་དཔོན་སློབ་ཀྱིས་གདན་འདྲེན་པར་ནན་གྱིས་གསོལ་བ་ན། བསྟན་པའི་ཆེད་དང་གདུལ་བྱ་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། མྱུར་ཐབས་སུ་ཕེབས་པར་ཞལ་གྱིས་འཆོས་སོ། །དེ་ནས་ཆོས་ལྡན་འགའ་ཞིག་གི་དཔོན་སློབ་གཏོས་ཆེ་བ་ཕེབས་པ་ལ་མངོན་དུ་ཕྱོགས་སོ། །ཡང་གསུམ་ལྷུན་པོ་རྩེར་ཆེ་ས་འགྲོ་བའི་མགོན་པོ་དང་མཇལ་འཕྲད་མཛད་དེ། གཞུང་རྣམ་རྒྱལ་རབ་བརྟན་དུ་ཕེབས་སོ། །དེར་ཞལ་ངོ་རྣམས་དང་རྡོ་རྗེ་འཆང་རྔོག་སྟོན་གྱི་དབོན་བརྒྱུད་ཐར་པ་གླིང་པ་སོགས་ལ་བཀའ་ཆོས་ཀྱིས་ཚིམ་པར་མཛད་དོ། །དེ་དུས་གསེར་ཏོག་གདན་ས་པ་ཕྱག་ཕྱིར་སོན། རིམ་པས་ཡར་རྒྱབ་རྒྱལ་ཆེན་གླིང་དུ་མི་དབང་ཡུམ་སྲས་རྣམས་ལ་ཆོས་དབང་དུ་མ་གནང་བར་མཛད་དོ། །རེ་ཞིག་བཞུགས་པར་གསོལ་ཀྱང་མ་གནང་སྟེ། མོ་ནམ་མཁར་རྣམ་སྲས་གླིང་སོགས་བརྒྱུད་དེ་ཕེབས་པར་མཛད་པའི་ཚེ་ནང་སོ་རྣམ་སྲས་གླིང་པ་དང་། བྱིང་བ་རྣམས་ཀྱིས་དགྱེས་སྤྲོའི་འདོད་དགུ་དཔག་ཏུ་མེད་པས་ཀུན་ནས་མཆོད་པར་བྱས་སོ། །ཚངས་པའི་དབྱངས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་བསྒྲགས་པས་དང་བའི་མྱུ་གུ་ཆེར་བསྐྱེད་དོ། །དེ་ནས་འཕྱོང་རྒྱས་སུ་གདན་དྲངས་ཏེ། ས་སྐྱོང་དབང་པོ་བཙུན་མོར་བཅས་པ། འཕགས་སྡེ་པ་དཔོན་སློབ། བླ་མ་མིག་བཞི་པ། བླ་མ་རྒོད་ཚང་པ་སོགས་ལ་གསུང་ཆོས་མང་དུ་གནང་ངོ་། །གྱ་བ་མེད་པའི་བཀུར་སྟིའི་ཚོགས་རྒྱ་ཆེན་པོར་སྤྱོད་བཞིན་པ་ནས་ཡར་སྟོང་ལྷུན་པོ་སྒང་དུ་ཕེབས་སོ། །སྡེ་པ་ཞལ་ངོ་རྣམས་དང་། བྱང་ཆུབ་སྡིངས་པ་དཔོན་ལོབ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་གསུང་ངག་ཀྱང་མང་དུ་སྩལ་བས་མི་ཕྱེད་པའི་མོས་པ་ལྷག་པར་འཕེལ་བར་མཛད་དོ། །རིམ་པས་དྭགས་པོར་བྱོན། བྷུ་མ་ལྕང་སྒོ་པ་སོགས་ཀྱིས་སྲིད་ཞུ་ཕུལ་དུ་བྱུང་བ་བགྱིས་ཏེ། གྲུམ་ལུང་ཕུ་བརྒྱུད་ནས་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཅིག་ཅར་དཔལ་གྱི་ནགས་༼༢༥ བ ༥༠༽ལྗོངས་སུ་ཕེབས་སོ། །དེ་དུས་རྡོ་རྗེ་འཛིན་པ་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་དཔོན་སློབ་ཀྱིས་མཆོད་པའི་རྫས་སྣ་ཚོགས་པས་སྐུའི་མདུན་བསུས་ཏེ། ཕུན་སུམ་ཚོགས་པའི་ཡོ་བྱད་མཐའ་ཡས་པའི་ཚོགས་ཀྱིས་ཞབས་ཀྱི་པདྨོ་མངོན་པར་མཆོད་དོ། །གནས་གསར་རྙིང་གི་རི་ཛ་བཟང་རྣམས་ལ་མང་ཇ་བུར་འགྱེད་དང་དར་འཕན་རྣམ་གཞག་སོགས་མི་དམན་པ་གནང་ངོ་། །ཤར་ཀོང་པོའི་སྐལ་བཟང་ཀྱི་གདུལ་བྱ་རྣམས་རྗེས་སུ་འཛིན་བཞིན་པར་ཕེབས་པའི་མུས། སུམ་མཁར་དུ་དྲུང་ངག་དབང་པ་དཔོན་སློབ་རྣམས་བསུ་བ་ལ་བྱོན་ནོ། །རིམ་པས་བུ་ཆུ་གསང་བ་ཆེན་པོའི་གནས་ཆེན་མེ་རག་མདོ་བདུད་ལས་རྣམ་པར་རྒྱལ་བ་བདེ་ཆེན་ཧ་ཧ་ར་བཞད་པ་ཡོངས་འདུའི་ཚལ་དུ་གཅགས་མལ་གཅིག་བཞུགས་སོ། །དེ་ནས་གཞིས་ཀ་འབྲུག་ཆོས་སྡིངས་སུ་གདན་ཆགས་པར་མཛད་དོ། །དད་འདུས་ཀྱི་ཁྲོམ་ཤིན་ཏུ་མང་པོར་སྒྲུབ་པའི་ཐབས་རྒྱ་མཚོ་ལྟ་བུའི་ཡི་དམ་གྱི་རྗེས་སུ་གནང་བ་སྩལ་ལོ། །དེར་གཞི་པ་རྣམས་ཀྱིས་རྟ་དྲེལ་ལེགས་པ་བཅུ་གཉིས་ཀྱིས་མགོ་བྱས་པའི་བརྒྱ་འབུལ་གྱི་ཚོགས་མུ་མེད་པ་བགྱིས་སོ། །དེའི་ཚེ་གདན་ས་ཆེན་པོར་ཕེབས་དགོས་པའི་དུས་ལ་བབ་པ་ན་མནལ་ལམ་དུ་མིའུ་ཐུང་མདོག་ནག་པ་ཤིན་ཏུ་ཁྲོས་པའི་ཚུལ་ཅན་མང་པོས་ཆོ་འཕྲུལ་སྟོན་པ་དང་། དངོས་སུ་བྱ་རོག་གི་སྒྲ་དྲག་པོ་སྒྲོག་པ་དང་། ཁྲོམ་གྱི་དབུས་སུ་ནམ་མཁའ་ནས་རྡོ་འཕང་བ་སོགས་བསྡུད་མའི་ཚོགས་ཀྱིས་བསྐུལ་མ་དྲག་ཏུ་བྱུང་བའི་མཐུས་ཕྱིར་མྱུར་ཐབས་སུ་ཕེབས་པ་ལ་ཞུགས་སོ། །དེ་དུས་ཅོག་པུ་བ་ཕྱེད་དང་དྲུག་བརྒྱ་ཙམ་པ་ཞིག །རྒྱལ་དབང་ཀརྨ་པ་བསེན་མོ་གཉའ་ཁྲིར་བཞུགས་པ་ལ་ཇ་ཞུས་དང་མཇལ་བར་བརྫངས་སོ། །དེ་ནས་དཔོན་སློབ་རྣམས་རིམ་པས་མཆིམས་ཡུལ་ཆབ་ནག་ཕྱོགས་སུ་ཕེབས། རྩ་གོང་དུ་ལྕགས་ཟམ་དབོན་པོ་བ་ལ་སོགས་པ་དང་། ཡང་དགོན་དུ་སྒྲུབ་སྡེ་པ་རྣམས་ཀྱིས་འབུལ་བ་དང་ཞབས་ཏོག་རྒྱ་ཆེན་པོ་ཞུས་ཏེ། ཞག་པར་བཞུགས་ནས་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་དོ། །དེ་ནས་འོས་ཤོད་དུ་ཕེབས། སྤྲིན་ཐོག་ཏུ་རྒྱལ་དབང་རྗེས་གཟིམས་ཁང་བཏབ་པའི་སར། སྒྲུབ་པའི་སྡེ་ཡང་གཙུགས་པར་༼༢༦ ན ༥༡༽མཛད་དོ། །ཁོ་མཐིང་ལྷ་ཁང་དུ་ཉིད་ཀྱི་གཟིགས་པ་ཡང་དག་པའི་གདམས་ངག་གཞན་ལ་འདོམས་པར་རེ་ཞིག་བཞུགས་ཏེ། གདན་ས་པ་སྐུ་མཆེད་རྣམས་ཀྱིས་ཆེས་མཉེས་པའི་རིམ་གྲོ་ཕུལ་དུ་བྱུང་བ་ཞུས་སོ། །ཕྱིར་དོལ་བཀྲ་ཤིས་རྣམ་རྒྱལ་དུ་ཕེབས། ཡར་རྒྱབ་པ་དཔོན་ས་ཡུམ་སྲས་རྣམས་ལ་ཁྲིད་ལུང་དང་དབང་བཀའ་འགའ་ཞིག་གནང་། རིམ་གྱིས་གཞིས་ཀ་གོང་དཀར་དུ་ཕེབས། དཔོན་ས་ཡུམ་གྱིས་སྣ་ལེན་ཡང་དག་པར་མཛད་ནས། འབྲུག་ཏུ་སྒྲུབ་པའི་བརྒྱགས་ལོ་རེ་བཞིན་འཆག་མེད་དུ་ནས་ཁལ་བརྒྱ་ཕྲག་རེ་འབུལ་བར་མཛད་དོ། །དེ་ནས་འབྲུག་ཏུ་ཕེབས་གཙུག་ལག་ཁང་ཆེན་པོའི་ལོགས་བྲིས་རྣམས་སྒྲུབ་པའི་དུས། རྒྱལ་དབང་སྤྲུལ་པའི་སྐུའི་ཞལ་སློབ་ཀུན་སྤངས་རིན་པོ་ཆེ་སྒྱུ་མའི་གར་མཁན་ནམ་མཚན་གཞན་ཤེས་རབ་རྒྱ་མཚོ་ལ་སོགས་པ་ཆེ་གཉན་གྱི་འདུ་ཚོགས། ལྗང་རྣལ་འབྱོར་ཆེན་པོ་ལ་སོགས་པ་བསྟན་པ་ལ་ཕན་པའི་བྱ་བ་ནུས་པ་མང་དག་དང་བཅས་པའི་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་དུ་མ་འདུས་པ་ལ། དཔལ་ལྡན་ཕག་མོ་གྲུ་པ་དང་། བླ་མ་ཞང་འགྲོ་བའི་མགོན་པོའི་བཀའ་འབུམ་ཡོངས་སུ་རྫོགས་པ་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ནཱ་རོ་པ་ཆེན་པོའི་ཆོས་དྲུག །ལམ་ཟབ་བླ་མ་མོས་གུས་ཀྱི་ཁྲིད་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རིས་མེད་པར་ཡོངས་སུ་བསྐོར། དེར་གཙུག་ལག་ཁང་ཆེན་པོའི་ལོགས་བྲིས་རྣམས་གྲུབ་སྟེ། བདེ་མཆོག་བཅུ་གསུམ་མལ་བརྟེན་པའི་རབ་ཏུ་གནས་པ་མཛད་དོ། །སྐབས་དེར་གློ་བོ་ནས་ཆོས་རྗེ་སྒྲོལ་འབུམ་པ་ཞེས་མཁྱེན་རབ་ཀྱི་དབང་ཕྱུག་དེ་ཡང་བྱོན་ཏེ། ལམ་ཟབ་བླ་མའི་རྣལ་འབྱོར། ཕྱག་ཆེན་ངོ་སྤྲོད་དང་བཅས་པ་གསན་ཏེ་གུས་པ་ཆེན་པོ་མཛད་དོ། །དེ་ནས་གཙང་དུ་ཕེབས་ནས་རིང་པོར་མ་ལོན་པར་ཁུ་དགོན་གསུམ་ཀ་ལྷོ་ཕྱོགས་སུ་ཐེགས། པ་གྲོ་འབྲུག་ཆོས་སྡིངས་ཀྱི་གཙུག་ལག་ཁང་སྟེང་ཤོད་ཀྱི་རི་མོ། རྟེན་འབྲེལ་བསྒྲིག་པ་དང་། ཁྱམས་སྟེང་ཤོད་ཀྱི་འཕྲོ་རྣམས་ཡོངས་སུ་རྫོགས་པར་བསྒྲུབས། སྤང་རིང་༼༢༦ བ ༥༢༽ཟས་གདོང་གི་ལྷ་ཁང་སྒྲུབ་སྡེ་དང་བཅས་པའི་འཕྲོ་ཀུན་ཀྱང་གྲུབ་པར་མཛད་དོ། །དེ་དུས་ཤར་ཕྱོགས་ནས་སྤྱན་འདྲེན་པར་ནན་གྱིས་གསོལ་བའི་ངོར། ཁྲི་རིན་པོ་ཆེས་ཕེབས། ཁུ་དབོན་གཉིས་རྡོ་རྒྱ་ཐོབ་ཏུ་སྒྲུབ་སྡེ་ལྟ་ཁང་དད་བཅས་གཞི་ཚུགས་པའི་ཕྱག་ནས་ལ་བྱོན། སྐྱེ་བོའི་ཚོགས་མང་པོ་ལ་དབང་དང་ཆོས་ཀྱི་སྦྱིན་པ་མཛད་དོ། །ཁྲོམ་ཤིན་ཏུ་ཆེ་བར་དབང་གནང་། ད་ེནས་ཁུ་བྱུག་ལར་ས་བྱིན་གྱིས་བརླབས་ནས་སྒྲུབ་སྡེའི་རྨད་བཏིངས་མིང་འབྲུག་ཆོས་སྐྱོང་ཕོ་བྲང་དུ་བཏགས་སོ། །དེ་ནས་རིམ་པས་འབྲུག་ཆོས་སྡིངས་སུ་ཕེབས། བདེ་མཆོག་བཅུ་གསུམ་མ་དང་། ཕྱག་ན་རྡོ་རྗེ་ལྷ་ཉེར་ལྔ་མའི་དབང་བཞི་རྫོགས་ཕག་མོ་ལྷན་སྐྱེས་ཀྱི་བྱིན་རླབས་དང་ཁྲོམ་རྣམས་ལ་ཚེ་དཔག་མེད་ལྷ་དགུ་མ། རགས་བསྡུས་ལ་གསུང་ངག་རོ་སྙོམས་ཀྱི་ཁྲིད། སྤྱི་ཆོས་རྗེ་མར་མི་དང་། རྒྱལ་དབང་རིན་པོ་ཆེའི་བཀའ་འབུམ་དང་བཅས་པ་གནང་ནས། ཝང་འདུལ་ཆོས་འཁོར་སྒང་དུ་ཕེབས་སོ། །དེ་དུས་རྒྱ་གདུང་ཡན་གྱི་གཙོ་བསྡུས་ཚོགས། རྒྱ་མཚམས་སུ་དགོན་གནས་ལྷ་ཁང་། ལྕགས་ཟམ་འཛུགས་པའི་ཞལ་བཀོད་ཕྱག་ནས་དང་བཅས་པ་གནང་ངོ་། །དེ་ནས་རིམ་པར་བོད་དུ་ཕེབས། ་་་་ལ་ཕྱིར་སློབ་དཔོན་བཤེས་གཉེན་པས་གདན་དྲངས། ཕག་མོའི་བྱིན་རླབས་གནང་། ལྷ་ཁང་དང་གདུང་ཁང་ལ་མེ་ཏོག་འཐོར་བ་མཛད་དོ། །དེ་ནས་ར་ལུང་དུ་ཕེབས། སྤོས་སྐྱར་ཞིག་གསོས་ཕྲན་བུ་དང་རྩ་བརྒྱད་གཟིམས་སྤྱིལ་གྱི་ཞིག་གསོས་རྫོགས་པར་སྒྲུབས་ཏེ། རེ་ཞིག་ན་རྒྱལ་རྩེར་བྱོན། སྡེ་པ་དང་མཇལ་བར་མཛད། མངོན་དགའ་ནས་སྒེར་དུ་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་སོ། །རི་ཁྲོད་དགའ་ལྡན་ནས་ལུམ་པ་ཆོས་མཛད་དཔོན་སློབ་མཇལ་དུ་བྱོན་གསུང་ཆོས་ཡིད་བཞིན་དུ་སྩལ་བས་བློ་ཡི་རེ་འདོད་རྫོགས་པར་བགྱིས་སོ། །དེ་དུས་ཁང་གསར་གྲྭ་ཚང་པའི་གྲྭ་ཁང་གསར་བཅོས་ལ་ཕྱག་ནས་མཛད། དཔོན་སློབ་པས་ཐོག་དྲངས་༼༢༧ ན ༥༣༽ཐམས་ཅད་ལ་གསུང་ཆོས་ཀྱི་འབྲེལ་པས་མངོན་པར་ངོམས་པར་བྱས་སོ། །དེ་ནས་རིམ་པས་མཁར་དགའ་ཉ་མོ་སོགས་བརྒྱུད་དེ་རིན་སྤུངས་སུ་ཕེབས། ཁ་རུ་སྟེང་དུ་སྒར་ཕབ་སྟེ་སྡེ་པ་དང་མཇལ། དབོན་དྲུང་ཡབ་སྲས་ནང་སོ་ཐོན་པ། བྱང་པ་དྲུང་འཚོ་བ། གཉེར་ཆེན་རྣམས་ལ་དབང་རྗེས་གནང་མང་དུ་སྩལ་ལོ། །དེ་དུས་འབྲས་ཡུལ་སྐྱེད་མོས་ཚལ་ནས་དགེ་བཤེས་མང་པོ་མཇལ་བར་བྱོན། གསུང་ཆོས་ཀྱི་འབྲེལ་པས་ཚིམ་པར་མཛད། བྱམས་ཆེན་དུ་ཕེབས་རྟེན་གསུམ་རྣམས་མཇལ། སློབ་དཔོན་རྣམས་ཀྱིས་གཙོས་པའི་དགེ་འདུན་མང་པོ་ལ་ཆོས་འབྲེལ་གྱིས་ཡིད་དད་པའི་ས་ལ་བཙུད་དོ། །དེ་ནས་གཡུང་དར་རྒྱས་སུ་མཁར་རྩེ་ནས་ཨ་ཆེ་དྲུང་པས་གདན་དྲངས་ཏེ། དབང་རྗེས་གནང་བཞེད་པ་དང་སྦྱར་ཏེ་གནང་ནས་ར་ལུང་དུ་ཕེབས་སོ། །ཆུ་ཕོ་འབྲུག་གི་ལོ་གསར་མཚམས་འགྲོ་མགོན་མཐུ་སྟོབས་པ་དང་། ཕྱག་ཆེན་བཀྲས་རྒྱམ་པས་མགོ་བྱས་རི་པ་རྣམས་ལ་ཆོས་དབང་གནང་སྐབས། རྒྱལ་རྩེ་ནས་སྡེ་པ་མངོན་དགའ་བ་གནས་མཇལ་དུ་ཕེབས་པ་ལ། གཞི་ལན་ཕུན་སུམ་ཚོགས་པ་མཛད་ནས། སྤོས་སྐྱ་གཟིམས་ཁང་དུ་ཁྱད་འཕགས་མཇལ་བ་ལ་བྱོན་ཏེ། རང་བྱོན་ཁ་སརྦ་ཎ་ཕྱག་ཏུ་བཞེས་པ་ནས། དེ་ཉིད་ལས་སྐུ་བང་དུ་གསེར་གྱི་ཆར་བ་ཀུན་མཐུན་གྲུབ་ཏུ་བབས་སོ། །དེ་དུས་སྡེ་པ་དཔོན་གཡོག་གིས་གཞི་བྱེས་རྣམས་ལ་མང་ཇ་འགྱེད་འབུལ་ཆས་དང་བཅས་པ་མཛད་དོ། །དེ་ནས་རི་པ་རྣམས་མཁའ་ལ་སྤྱོད་པ་ཡེ་ཤེས་ཀྱི་འཁོར་ལོར་བརྫངས་ནས། དཔོན་སློབ་རྣམས་དབུས་ཕྱོགས་སུ་ཕེབས། འབྲུག་ཏུ་བཀའ་ཡི་བདུད་རྩི་བར་མ་ཆད་དུ་སྩོལ་ཞིང་སྟན་ཆགས་པ་ན། སྡེ་པ་ཡང་འཕྱོང་གིས་ནན་གྱིས་གསོལ་བའི་མཐུས། ཐོག་མར་གཞིས་ཀ་གོང་དཀར་དུ་ཕེབས་ཏེ། ཀུན་བཟང་ཕོ་བྲང་དུ་བཞུགས། དབོན་ས་བདག་མོའི་དྲུང་ལ་ཚེ་རྟ་དང་། མགོན་པོ་ཕྱག་བཞི་པའི་རྗེས་གནང་རྒྱས་པ་གནང་བར་མཛད་དོ། །དྲུང་འཁོར་སྤྱིལ་ཟབ་ཆོས་ཀྱི་འབྲེལ་པ་རྒྱ་ཆེན་པོས་༼༢༧ བ ༥༤༽དམན་པའི་ལམ་རྣམས་ལས་བཟློག་བར་བགྱིས་སོ། །ཕྱིར་ལམ་ཕེབས་དགོས་ཚུལ་གྱི་བཀའ་ནན་དུ་བྱུང་བ་ཞལ་གྱིས་འཆེས་ཏེ། རྒྱལ་ཆེན་གླིང་དུ་ཕེབས། ཀླུ་ཁང་དུ་སྒར་མཛད་དེ་དམ་པའི་ཆོས་ཀྱི་རྔ་བོ་ཆོས་ཀྱི་རྔ་བོ་ཆེ་ཀུན་ཏུ་བསྒྲགས་པས་ས་སྐྱོང་བ་འཁོར་དང་བཅས་པ་དང་། དགེ་འདུན་སྒང་ནས་མཁན་ཆེན་རིན་ཆེན་བཀྲ་ཤིས་པས་གཙོས་པའི་ངུར་སྨྲིག་འཛིན་པའི་དགེ་འདུན་གྱི་ཚོགས་རྣམས་ཀྱི་ཐུགས་མངོན་པར་ཚིམ་པར་མཛད་དོ། །དེ་ནས་བྱམས་པ་གླིང་གི་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་བཞུགས་པ་ན། འཕྱོང་རྒྱས་སྟག་རྩེ་ནས་སྤྱན་འདྲེན་པའི་ཕོ་ཉས་སོན་ཏེ་དྲག་ཏུ་གསོལ་བ་བཏབ་པས་ཕེབས་པ་ལ་ཞུགས་སྡེ་པ་མ་ཆེན་དང་སྐུ་མཆེད་དྲུང་རྣམས་ཀྱིས་བསམ་དགུའི་འདོད་ཡོན་བསོད་པ་བསྣམས་ཏེ། གང་ལ་མཆོད་ཅིང་ཉེ་བར་འདུད་པའི་ཕྱིར་བསུ་བར་ཕེབས། སྤེའུ་མཁར་དུ་མཆོད་རྟེན་ཆེན་མོ་བཞེངས་པའི་རབ་ཏུ་གནས་པ་མཛད་དོ། །བདེ་སྐྱིད་གླིང་དུ་ཕེབས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་དོ། །དེ་ནས་ཕོ་བྲང་འཆིང་བར་སྟག་རྩེར་ཕེབས། མི་དབང་སྲས་དང་བཅས་པ་ལ་བདེ་མཆོག་བཅུ་གསུམ་མའི་དབང་བཞི་རྫོགས། ཚེ་རྟ་དང་བཅས་པ་གནང་ངོ་། །བཀའ་འགྱུར་རོ་འཚལ་གསེར་ལས་གྲུབ་པའི་རབ་ཏུ་གནས་པ་ཉིན་གཉིས་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བ་གནང་བའི་དངོས་གཞིའི་ཉིན། ཡོངས་སུ་རྫོགས་པར་དབང་པོའི་མཚོན་ཆ་རབ་ཏུ་བཀྲ་བས་ཀུན་གསལ་གྱི་ཁོང་རྣམས་མཛེས་པར་བརྒྱན། འོད་ཀྱི་ཕུང་པོ་འབར་བའི་ལྷའི་མེ་ཏོག་གི་ཆར་ཆེན་ཚལ་ཅིལ་དུ་བབ། དེ་ཡང་། བསོད་ནམས་ཀྱི་ཚོང་ཟོང་ཆེན་པོས་ཐོབ་པའི་ནོར་ཅན་རྣམས་ནི་རབ་ཏུ་དད་པ་སྐྱེ་བར་བླ་ཞིང་ཕྱིར་བཟློག་པར་དཀའ་ལ། ལྟས་རབ་ཏུ་དགེ་བའི་རྒྱུ་ཤེས་པས་དད་པ་ཆེར་འཕེལ་བར་གྱུར་ཅིང་། ལོག་རྟོག་གི་ནད་ཀྱིས་དགེ་བའི་མིག་ལོང་བདག་ཀྱང་གནས་དེ་ལ་ངོ་མཚར་དུ་བརྩིའོ། །དེ་ནས་བསམ་བདེ་བའི་སྤྱན་འདྲེན་བྱུང་ནས། སྡེ་པ་སྒྱུ་མཆེད་ཡུམ་སྲས་ཀྱིས་གཤེགས་སྐྱེལ་མཛད་དེ་ཕེབས་པ་ན། ནང་སོ་རྫོང་དཔོན་པ་དཔོན་གཡོག་གིས་བསུས་ནས། ལྷུན་པོ་སྒང་དུ་ཕེབས་སོ། །༼༢༨ ན ༥༥༽སྡེ་པ་མ་ཆེན་གྱིས་གཙོས་པའི་ཞལ་ངོ་རྣམས་དང་། གཡའ་བཟང་ནས་ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེ་དང་བཅས་པར་ཕྱག་ཆེན་ཡི་གེ་བཞི་པ། རོ་སྙོམས་སྒང་དྲིལ་དབང་རྗེས་གནང་དང་བཅས་པ་མང་དག་གནང་ངོ་། །བྱང་ཆུབ་སྡིངས་པ་དཔོན་སློབ་མང་འདུས་ལ་ཁྲིད་ལུང་གི་རིམ་པ་དུ་མ་སྩལ་བས་དགེ་བའི་མྱུ་གུ་གོང་དུ་སྤེལ། དེ་དུས་ཙན་དན་དཀར་དམར་ལས་གྲུབ་པའི་སྔགས་སྐུ་སོགས་རྟེན་མང་དུ་བཞེངས་པ་ལ་རབ་ཏུ་གནས་པ་ཚུལ་བཞིན་དུ་མཛད་པ་ན། དེའི་ཉིན་འཇའ་འོད་ཀྱི་གུར་དང་ཁ་དོག་བཟང་པོའི་མེ་ཏོག་གི་ཆར་ཆེན་པོས་ས་ཀུན་ཁོར་མོ་ཡུག་ཏུ་ཁྱབ་པར་བྱས་པས་ནོར་འཛིན་རྗེ་བོ་འབངས་དང་བཅས་པ་མི་བསྐྱུད་པའི་དང་བ་ཀུན་ནས་རྒྱས་པར་གྱུར་ཏོ། དེ་ནས་རིམ་པས་འཕྱོང་རྒྱས་བརྒྱུད་ནས། ཡར་རྒྱབ་ཏུ་ཐེགས་སྡེ་པ་དཔོན་ཆེན་པའི་དྲུང་གིས་བསུ་བ་ལ་ཕེབས་ཏེ་དར་ལུང་དུ་གདན་ཆགས་པར་མཛད། དཔོན་ས་ཕུན་ཚོགས་བཀྲ་ཤིས་དབང་གི་རྒྱལ་མོ་དང་། མིའི་བདག་པོ་ངག་དབང་རིན་ཆེན་ཕུན་ཚོགས་གཉིས་ལ་ཕག་མོའི་བྱིན་རླབས་སོགས་དབང་རྗེས་གནང་། དགས་བསྡུས་ལ་ཕྱག་ཆེན། ཆོས་དྲུག །དབོན་རིན་པོ་ཆེ་ངག་གི་དབང་ཕྱུག་དང་། ས་སྐྱོང་བའི་དབང་པོ་དབོན་ཆེན་པ་དང་། སྔགས་སྟོན་ཤཱཀྱ་དཔལ་མགོན་དང་། བླ་མ་བྱ་པ། བླ་མ་ས་ཕུག་པ། རབ་འབྱམས་པ་གསུམ་རྣམས་ལ། དཔལ་ལྡན་ནཱ་རོ་པའི་གསུང་ངག་རོ་སྙོམས་ཆེན་མོའི་ཁྲིད་དང་ཁྲིགས་མ་ཞལ་གདམས་ངེས་པ་ཅན་རྣམས་གནང་དུས། ཞག་ཉི་ཤུ་རྩ་བདུན་གྱི་རིང་ཚང་མར་ཆོས་ཐུན་ཚུགས་ནས་མ་གྲོལ་གྱི་བར་ལ་མདངས་སྣ་ཚོགས་ལ་རབ་ཏུ་བཀྲ་བ། འདབ་མ་མང་པོའི་འོད་ཟེར་གྱི་ཕུང་པོ་ཅན་བསུང་ཞིམ་པོའི་དད་ལྡང་བ་ལྷའི་གནས་ཀྱི་མེ་ཏོག་གི་ཆར་ཉི་མའི་འོད་ཟེར་འགྲིབ་པ་ཙམ་བབས། དམ་པ་རྣམས་ཀྱི་འཇིག་རྟེན་ལས་བརྒལ་བའི་སྤྱོད་པ་མ་སྨད་པ་འདི་དག་གདུལ་བྱའི་བསོད་ནམས་ཀྱི་སྟོབས་སྣང་བ་དེས་སོ། །དེ་དུས་བྱ་ཡུལ་ནས་མིའི་དབང་ཕྱུག་ཆེན་པོ་བསྟན་འཛིན་ནོར་བུ་རྒྱལ་༼༢༨ བ ༥༦༽སར་བཀོད་པའི་ཤིས་བརྗོད་ལ་སྤྱན་འདྲེན་ཅིག་ཅར་རྡོ་རྗེ་འཛིན་པ་དཔོན་སློབ་ཤིན་ཏུ་མང་བར་འབྱོར་ཏེ་གསོལ་བའི་ངོར་ཆིབས་ཀྱི་ཁ་ལོ་བསྒྱུར་བར་ཞལ་གྱི་འཆེས་སོ། །ནོར་འཛིན་དབང་པོ་ཡུམ་སྲས་རྣམས་ཀྱིས་མཁོ་དགུའི་ཡོ་བྱད་བཟང་པོ་ཇི་སྙེད་པ་ཕུལ་ནས་རིམ་པས་འཕྱོང་རྒྱས་སུ་ཕེབས་སོ། །གོང་མ་ཆེན་པོའི་རྒྱལ་སྲིད་ཀྱི་ཁ་ལོ་པའི་གཙོ་བོ་རྒྱལ་སྲིད་ཆོས་བཞིན་དུ་སྤྱོད་པའི་ལྷ་རིན་ཆེན་རྒྱལ་མཆོག་མེས་དབོན་དེའི་ཁྲི་ལྕམ་དོན་ཡོད་སྒྲོལ་མས། འཛད་པ་མེད་པའི་ཡོ་བྱད་ཀྱིས་མཆོད་ཅིང་སྤྱི་སྒོས་ཀྱི་གནས་ཚུལ་འབུལ་བ་དང་བཅས་མཛད་ནས། བསམ་བདེར་མི་དབང་ཡབ་སྲས་སྤྱན་སྔ་རིན་པོ་ཆེ་དང་བཅས་པར་ཆོས་ཀྱི་འོད་ཟེར་ཁྱབ་པར་སྤྲོས་ཏེ། སྡེ་པ་རྫོང་དཔོན་པའི་དྲུང་གིས་གཤེགས་སྐྱེལ་མཛད། དེ་ནས་རིམ་པས་གཉལ་གྱི་ཡུལ་གྲུ་ཆེན་པོའི་ཡ་གྱལ་ཤོ་བོ་ཞེས་པའི་ནང་དུ་ཕེབས་པ་ན། ཆོས་ཀྱི་རྗེ་བཀྲ་ཤིས་རྣམ་པར་རྒྱལ་བ་ཁུ་དཔོན་བློན་འབངས་དང་བཅས་པས་མཆོད་སྤྲིན་ཆེན་པོས་བཀུར་ཞིང་བསྟོད་ནས་བྱོན་ནོ། །ལམ་བར་དག་ཏུ་སྐྱེ་དགུ་རྣམས་རང་རང་གི་ནུས་པ་ཇི་སྙེད་པའི་མཆོད་པས་བཀུར་སྟི་དང་རི་མོར་བྱེད་བཞིན་པས་ཕོ་བྲང་ཡང་རྩེར་ཕེབས་པའི་ཚེ། རབ་ཏུ་བྱུང་བ་བརྒྱ་སྟོང་གི་ཚོགས་ཀྱིས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བསྟི་སྟང་དུ་བྱེད་ཅིང་བསུས་སོ། །འབུམ་ཕྲག་ཙམ་གྱི་འཁོར་གྱིས་བསྐོར་ཅིང་མདུན་གྱིས་བལྟས་པ། བྱང་ཆུབ་སྙིང་པོའི་སྤོར་སྲིད་པ་ཐམ་པའི་བྱང་ཆུབ་སེམས་དཔའ་བཞུགས་པ་ལྟ་བུའི་བཀོད་པའི་ཁྱད་པར་ཆེན་པོ་ལས་ཁྱད་ཆེན་པོར་གྱུར་པ་ཐམས་ཅད་གཅིག་ཏུ་སྤུངས་པའི་མཛེས་པས་བལྟ་ན་ཆོག་མི་ཤེས་པར་བྱས་པའི་སྤྱོད་ཡུལ་གྱི་གཙོ་བོར་བྱོན། །ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ནང་ལ། དཔོན་སློབ་རྣམས་ཀྱིས་གཞལ་དུ་དབེན་པའི་གནང་སྦྱིན་བགྲང་བ་ལས་ཀྱང་ཆེས་བགྲང་དུ་མེད་པ་དག་སྩལ་ཏེ། བཀྲ་ཤིས་པའི་ཚིགས་སུ་བཅད་པས་མེ་ཏོག་མངོན་པར་འཐོར་རོ། །ཁྲི་དཔོན་ཆེན་པོ་བློན་འབངས་རྣམས་ཀྱིས་རྐྱང་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་པས་གཙོས་པའི་མཐའ་ཡས་པའི་འབུལ་བ་གྱ་ནོམ་པ་མཛད་དོ། །དེ་ནས་རྗེ་དམ་ངས་༼༢༩ ན ༥༧༽བཤད་སྒྲུབ་ཀྱི་ཚོགས་དང་བཅས་པས་ཟད་མི་ཤེས་པའི་འབྱོར་པས་བསྟབས་ཏེ་དེ་དག་ཏུ་རྒྱལ་བའི་བཀའི་བགྲོ་གླེང་དང་། དཀར་བརྒྱུད་གོང་མའི་མགུར་དབྱངས་དང་བཅས་པས་དགྱེས་དགུའི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སྤྱད། དེར་རྗེས་གསལ་རྗེ་སྒྲུབ་སྡེ་པདྨ་དཀར་པོར་སྤྱན་དྲངས་ཁྱད་འཕགས་ཀྱི་ཚོགས་མང་དུ་བཞུགས་པ་རྣམས་མཇལ་ཞིང་སྒོམ་ཆེན་པ་རྣམས་ལ་ཚེ་དབང་ལ་སོགས་པའི་གསུང་གི་དགའ་སྟོན་ཆེན་པོ་བཀྱེའོ། །དེ་ནས་ཆོས་རྒྱལ་གླིང་དུ་ཕེབས་ཏེ་སྡེ་པ་ཁུ་དབོན་ལ་ཚེ་དབང་བརྒྱ་རྩ་སོགས་ཀྱི་ཟབ་མོ་ཐེག་པའི་བཀའི་འཁོར་ལོ་ཀུན་ནས་བསྐོར་བས་ཡང་དག་པའི་ངེས་པ་ལ་ཐུགས་མངོན་པར་བཀྲི་བར་མཛད། མཆོད་ཡོན་ལྟན་དུ་རྡོ་རྗེ་ནག་པོ་ཕྱག་བཞི་པ་ལ་མངའ་གསོལ་གྱི་གཏོར་འབུལ་རྒྱ་ཆེན་པོས་མཆོད། བྲིས་སྐུ་དང་རྟེན་གསུམ་མང་པོར་རབ་ཏུ་གནས་པ་གནང་ལ། རིང་ཞིག་གདན་ཆགས་པར་གསོལ་ཀྱང་མ་གནང་བར་རིམ་གྱིས་ས་འཛིན་དབང་པོ་ཁུ་དབོན་རྣམས་དང་ཐབས་གཅིག་པར་གཉལ་རྒྱ་རབ་ཅེས་པའི་ཕུའི་བར་ཕེབས་སོ། །དཔོན་སློབ་རྣམས་རིམ་པས་བསམ་བདེར་བྱོན་ཏེ། ལྷ་ཙ་རི་དབང་པོ་རྗེ་བློན་དང་བཅས་པས་རབ་ལོ་གསུམ། འབྲིང་ལོ་གཅིག་ཐ་ནའང་ཟླ་བ་གཉིས་གསུམ་གྱི་རིང་མཆོད་པའི་ཡུལ་དམ་པར་བཞུགས་ཞེས་ནན་ཏུར་གྱིས་གསོལ་བ་བཏབ་པས་ཀྱང་ཞལ་གྱིས་མ་འཚེས་པར། རིངས་སྟབས་ཀྱིས་འཕྱོང་རྒྱས་བརྒྱུད་ནས། ཡར་རྒྱབ་ཏུ་ཕེབས་སོ། །དར་ལུང་། དཔལ་འབྱོར་རབ་བརྟན། བཀྲ་ཤིས་རྣམ་རྒྱལ་རྣམས་སུ་བཞུགས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་རྟེན་འབྲེལ་གྱི་སྐོར་ལ་སོགས་པ་ཆོས་ཀྱི་འཁོར་ལོ་ཁོར་མོ་ཉིད་དུ་བསྐོར་བར་མཛད་པའི་ཚེ་རྒྱལ་མཁར་གླིང་དུ་གནས་བཅུའི་རབ་གནས་ལ་ཕེབས་པར་གསོལ་བ་གནང་སྟེ་དཔལ་ལྡན་སྡོམ་པའི་སྒོ་ནས་ཚུལ་དང་མཐུན་པའི་རབ་ཏུ་གནས་པ་བགྱིས་ཤིང་། དེ་ནས་གདན་ས་ཕྱོགས་སུ་ཕེབས་པ་ལ་ཞུགས་ཏེ། རྣམ་རྒྱལ་ནས་ཕོ་བྲང་གོང་དཀར་བརྒྱུད་གདན་ས་ཆེན་པོ་འབྲུག་ཏུ་ཕེབས་སོ། །༼༢༩ བ ༥༨༽དེར་འགྲོ་མགོན་གཙང་པ་རྒྱ་རས་པའི་གདུལ་ཐལ་གྱི་མྱང་འདས་མཆོད་རྟེན་ལ་ཨརྒྷའི་ཆོ་ག་མཛད་ནས། སེང་ཁྲི་མ་གཏོགས་ཚང་མར་ཞིག་གསོས་བསྒྲུབས་ཏེ། རབ་ཏུ་གནས་པའི་ཉིན་མོ་འཇའ་འོད་ཕན་ཚུན་དུ་སྦྲེལ་བའི་སྣ་མཆོད་རྟེན་ལ་ཟུག་པ་སོགས་ངོ་མཚར་བའི་ལྟས་ཀྱིས་འདུས་པ་རྣམས་ཡིད་དང་བར་བྱས། དེར་སྔགས་འཆང་ཤཱཀྱ་དཔལ་མགོན་པ་དང་། ཆོས་ཀྱི་མགོན་པ། རབ་འབྱམས་སྨྲ་བ་དཔལ་རིན་པ་དང་། དྷརྨ་པ། རིན་ཆེན་རྡོ་རྗེ་བ་ལ་སོགས་པའི་སྒོམ་ཆེན་དུ་མ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་སྙིང་པོར་སྤྱོད་པ་ལ་བཞག་སྟེ། དཔོན་སློབ་རྣམས་ར་ལུང་དུ་ཕེབས་སོ། །ཁྲི་ཐོག་རིན་པོ་ཆེ་རྣམ་པ་གཉིས་ལ་ཨོ་རྒྱན་གྱི་ཕྲེང་སྐོར་ལ་སོགས་པའི་ཟབ་ཆོས་རིམ་པ་བར་མ་ཆད་དུ་སྩོལ་ཞིང་པར་མ་རུངས་པའི་སྤྱོད་ཚུལ་དག་ཀྱང་ཐབས་ལ་མཁས་པས་རང་ཞིར་མཛད། དེ་ནས་སྟོན་གྱི་དུར་ཁྲི་རིན་པོ་ཆེ་དཔོན་སློབ་བཅུ་ཕྲག་བདུན་ལྷག་པའི་དགེ་འདུན་གྱི་ཚོགས་དང་བཅས་པ་ལྷོའི་འགྲོ་བ་འདུལ་བའི་ཆེད་དུ་རྫོང་དར་མཛད་དོ། །རྗེ་ཉིད་འདུས་པའི་ཚོགས་རྒྱ་ཆེན་པོ་དང་ལྡན་པས་དབུས་ཀྱི་རྒྱལ་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། མགར་གྲོང་ཐེག་ཆེན་ཡོངས་འདུའི་ཞིང་ཁམས་སུ་ཕེབས། གཅུང་རིན་པོ་ཆེ་དཔོན་སློབ་རྣམས་ལ་མཻ་ཏྲི་ལུགས་ཀྱི་བདེ་མཆོག་དང་། ཕྱག་རྡོར་གཏུམ་པོ་ལྷ་མངས་གཉིས་ཀྱི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པའི་དབང་བཞི་རྫོགས། ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ་ཕྱག་བཞི་པའི་རྗེས་གནང་བཀའ་གཏད་དང་བཅས་པ་གནང་། གསར་འདུས་ཀྱི་དགེ་འདུན་མང་དག་ལ་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་པཎྜྻི་ཏའི་ཆོས་དྲུག་ལ་སོགས་པའི་ཁྲིད་ལུང་སྩོལ་བཞིན་པར་འབྲུག་ཏུ་ཕེབས་སོ། །ཕག་མོ་ལྷན་ཅིག་སྐྱེས་མའི་བྱིན་རླབས། འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཐུགས་དམ་དགེ་སྦྱོར་བདུན་པའི་ཁྲིད། རྒྱལ་དབང་རྗེའི་བཀའ་འབུམ་སོགས་མུ་མེད་པའི་ཆོས་ཀྱི་འཁོར་ལོ་མངོན་པར་བསྐོར་རོ། །དེ་དུས་ལྷོ་བྲག་ནས་དྲུང་ཀུན་དགའ་ལྷུན་གྲུབ་པ་ཞབས་ཀྱི་པདྨར་ཕྱག་བགྱི་བར་བྱོན། ༼༣༠ ན ༥༩༽དཔལ་རྒྱམ་པས་མགོ་བྱས་བ་རྗེ་ལེན་འཁོར་བ་རྣམས་ཀྱིས་འབུལ་བའི་ཚོགས་མང་དུ་ཕུལ། དྲུང་ཀུན་དགའ་བསམ་གཏན་པའི་དཔོན་པོ་དྲུང་དུ་སོན་ཏེ། གཙུག་ཕུད་བཞི་སིང་ཆོས་ཀྱི་གཏེར་མཛོད་ཅེས་གནང་ངོ་། །དེ་ནས་སྐྱིད་ཤོང་ཕན་ཚུན་དུ་ཞབས་ཀྱིས་འཆག་པར་མཛད་དེ་ཆོས་དང་ཟང་ཟིང་གི་འབྲེལ་བས་ཡུལ་འཁོར་དུ་གནས་པ་རྣམས་ལ་དགེ་ལེགས་ཀྱི་དཔལ་ཡོན་སྦྱིན་པའི་སྐབས་ཤིག་ཏུ། ཐོན་ནས་བསྟན་པའི་སྦྱིན་བདག་ཆེན་པོ་ནད་སོ་དོན་གྲུབ་མགོན་པོ་པའི་གདན་འདྲེན་པར་གསོལ་བའི་ངོར་ཕེབས་ཏེ་སྡོམ་པ་བཅུ་གསུམ། གཏུམ་པོ་ལྷ་མངས། ཚེ་རྟ་ལ་སོགས་པའི་དབང་རྫས་གནང་། གསུང་ངག་རོ་སྙོམས་ཆེན་མོ། ཕྱག་ཆེན་ཆོས་དྲུག་དགེ་སྦྱོར་བདུན་པ་རྣམས་ལ་ཁྲིད་དུས་འཐོན་ཞིང་སོ་སོའི་ངོ་སྤྲོད། རྒྱལ་དབང་རྗེའི་བཀའ་འབུམ་དང་བཅས་པའི་ཁྲིད་ལུང་མང་དག་ཁུ་དབོན་གཉིས་ཀྱིས་གནང་ངོ་། །དེར་བྲིས་ཐང་གྲུབ་བརྒྱད་པ། ཉིད་ཀྱི་སྐུ་འདྲ་ལ། མཻ་ཏྲི་ལུགས་ཀྱི་རབ་ཏུ་གནས་པ་རྒྱས་པ་མཛད་དེ་སླར་སྨྱུག་པར་ཕེབས་སོ། །ཡབ་ཡུམ་ལ་ཕྱག་ཆེན་ཡི་གེ་བཞི་པས་གཙོས་པའི་ཁྲིད་ལུང་དབང་རྗེས་གནད་དང་བཅས་པ་མང་དག་གནང་བར་རེ་ཞིག་བཞུགས། དེ་དུས་བཀོད་པོ་མེ་རག་མདོ་ནས་རི་བསྐུལ་བས་སླེབ་སྟེ། དབོན་པོ་ཆོས་ཀྱི་གཏེར་མཛོད་པ་སྒྲུབ་སྡེའི་བླ་མར་བསྐོས། ལོ་ལྔ་ལས་འགྱངས་མེད་ཀྱི་བརྗེ་ལེན་དུ་རྫོང་དར་མཛད་དོ། །དེ་ནས་ཆུ་བོ་རི་བརྒྱུད་ར་ལུང་དུ་ཕེབས། མི་བསྲུན་པ་སྐྱེ་བོ་དན་པ་རི་བྱ་བ། འདམ་བུའི་ཚལ་ལ་གླང་པོ་ཅེས་བྱ་བ་བཞིན་དུ་ཐམས་ལ་མཁས་པས་རྨེག་མེད་པར་བཏུལ་ཏེ་བཞག་གོ། །བལྟ་ན་བཟང་པོའི་སྨོན་མཐོང་བས་ནད་ལས་གྲོལ་བ་ལྟར། དད་པ་དང་། ཞེ་སྡང་བ་དང་། ཆགས་པས་གང་ལ་བལྟ་བ་ཐམས་ཅད་ཀྱི་གཏི་མུག་དང་འདོད་ཆགས་སྡང་བའི་ནད་ཀྱིས་གཙས་པ་ལས་གྲོལ་བ་རང་གྱུར་རོ། །རང་བྱ་ཁ་སརྦ་ཎ་བཞུགས་པའི་གཙུག་ལག་བདེ་ཆེན་པོ་སྤོས་སྦྱར་ཕེབས། རྡོར་འཛིན་གྱི་སྤོ་ལེན་དང་། རི་ཐེས་ཀྱི་རྫོང་དེར་རུས་ལ་ཕབ་སྟེ། ༼༣༠ བ ༦༠༽ཁམས་པ་ཆོས་མཛད་ཆོས་རྒྱལ་མཚན་པ་གདན་སར་བཀོད། འགྲོ་མགོན་སྐྱ་སེ་བ་དང་བཅས་དཔོན་སློབ་ཕྱེད་དང་ཉིས་བརྒྱ་ཙམ་ཙ་རིར་རྫོང་དང་མཛད་དོ། །དེའི་དུས་ཕག་མོའི་བྱིན་རླབས། རྟེན་འབྲེལ་རབས་བདུན་མ། ཞང་བཀའ་འབུམ་དང་བཅས་པའི་གསུང་གི་གསང་བ་དུ་མ་གནང་། བྱ་ཡུལ་ནས་ཆེན་པོ་གླིང་སྨད་པས་གཙོས་པ་རྣམས་ཀྱིས་སྤྱན་འདྲེན་པར་གསོལ་བའི་མཐུས། མཐོ་རིས་ཀྱི་འབྱོར་པ་ཐམས་ཅད་ཀྱིས་ཁེངས་པ། ཕོ་བྲང་གོང་རི་དཀར་པོར་ཕེབས། ལུགས་གཉིས་ཀྱི་བཀའ་བཏགས་ཀྱིས་ས་ཆེན་པོའི་ཁྱོན་ལས་རྒྱལ་བ་གྱུར་པའི་ཆེ་ས་ཡབ་ཡུམ་གྱིས་དཔོན་སློབ་ཐམས་ཅད་ལྔ་ཞབས་ཏོག་རྒྱ་ཆེན་པོས་ཕུད་དུད་དང་རི་མོར་མཛད་དོ། །དབོན་ས་བདག་མོའི་དྲུང་ལ་མགོན་པོ་ཕྱག་བཞི་པའི་རྗེས་གནང་། རྗེ་བཙུན་ཡིད་བཞིན་འཁོར་ལོའི་རྗེས་གནང་སྒྲུབ་ཐབས་དང་བཅས་པ་གནང་ཞིང་། དེའི་ཚེ་ཡར་ཀླུངས་ཀྱི་ཕྱོགས་སུ་འབྲུམ་ནད་ཡོད་པའི་གཏམ་གསན་པའི་སྟོབས་ཀྱིས་བྱ་ཡུལ་དུ་ཕེབས་པ་བཤོལ་ཏེ་ཆེན་པོ་འཕྱིང་རྫོང་དང་མཛད། དཔོན་སློབ་རྣམས་འབྲུག་ཏུ་ཕེབས་དུས། བྱང་སྟག་ལུད་ལ་ཕེབས་དགོས་པའི་ཞུ་བ་བྱུང་བས། ཆིབས་བྱི་ཁ་ལོ་བསྒྱུར་ཏེ་ལམ་བར་གྱི་སྐྱེ་བོ་དྲག་ཞན་རྣམས་ཀྱིས་མཆོད་སྤྲིན་ཆེན་པོའི་དབུང་དུ་གཤེགས་བཞིན་པར། ལྷ་སང་ཇོ་ཤཱཀྱ་གི་དྲུང་དུ་སངས་རྒྱས་ཀྱི་བསྟན་པ་བཤད་པ་དང་སྒྲུབ་པའི་སྒོ་ནས་ཡུན་དུ་གནས་པའི་སྨོན་ལམ་དཔག་མེད་མཛད། དེ་ནས་རིམ་པས་བྱོན་ཏེ་ཉིད་པོ་ཀམ་པ་ནས་སྟག་ལུང་པས་བསུས་བ། དྭགས་ལུང་ནས་དཔྱིད་ལ་ལ་བྱོན་ནོ། །སྟག་ལུང་ཐེལ་དུ་མཁན་སློབ། དཔོན་ཆེན་དང་བཅས་པའི་ཀླིང་པའི་བསུ་བ་ཀུན་ཏུ་བཟང་པོའི་སྤྲིན་གྱི་ཕུང་པོས་མཚོན་པའི་དཔེར་འོས་པའི་བཀོད་པའི་ཁྱད་པར་གྱིས་གཙུག་ལག་ཁང་ཆེན་མོར་གདན་དྲངས་ཏེ། ཁྱམས་སུ་དབོན་རིན་པོ་ཆེ་ཕྱག་འབུལ་ལ་ཕེབས། མཉམ་ཕྱག་མཛད། མཆོད་ཁང་སྟེང་དུ་དགའ་སྟོན་ཆེན་པོའི་དཔལ་འཛད་མི་ཤེས་པ་ལ་དགྱེས་དགུར་སྤྱད་དོ། །བཞུགས་ཡུལ་འཇག་སྤྱིལ་རིན་པོ་ཆེ་དང་༼༣༡ ན ༦༡༽ཡང་དགོན་སྦྲེལ་མར་གནང་སྟེ། གཞི་པ་དཔོན་སློབ་རྣམས་ལ་འབུལ་འགྱེད་རྒྱ་ཆེན་པོ་གནང་ཞིང་། དེ་ནས་ཤིན་ཏུ་མི་རིང་བར་སྐྱེ་བ་དང་སྐྱེ་བར་སྦྱངས་པའི་སྟོབས་སད་པའི་ཡོན་ཏན་ཚད་མེད་པའི་མངའ་བདག་ཆོས་ཀྱི་རྗེ་དཔོན་རིན་པོ་ཆེ་རྣམ་རྒྱལ་བཀྲ་ཤིས་གྲགས་པ་དཔལ་བཟང་པོའི་དྲུང་ལ་ཐོག་མའི་བཀའ་འབྲེལ་དུ་བརྒྱུད་པའི་ལོ་རྒྱུས་བླ་མའི་རྣལ་འབྱོར་ཤིན་ཏུ་རྒྱས་པ་ངོ་སྤྲོད་དང་བཅས་པ་སྩལ་ལོ། །དེ་ནས་བདེ་མཆོག་བཅུ་གསུམ་མའི་དབང་། རྒྱལ་བ་ཡང་དགོན་ཆོས་རྗེའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ཕ་རིན་པོ་ཆེའི་ཆོས་དྲུག་སོགས་ཉམས་ཁྲིད་དུ་བསྐྱང་བར་མཛད། སྟག་ལུང་ཐང་པ་ཆེན་པོ་ནས་ཀུན་མཁྱེན་ངག་དབང་གྲགས་པའི་བར་གྱི་བཀའ་འབུམ་ཡོངས་སུ་རྫོགས་པ། དྭགས་པོ་བཀའ་འབུམ། ཕག་མོ་བརྡ་བཞིའི་དབང་། ཤ་བ་རའི་ཕག་མོ་ལྷན་ཅིག་སྐྱེས་མའི་བྱིན་རླབས། སློབ་དཔོན་ལས་ཀྱི་རྡོ་རྗེའི་ལུགས་ཕྱག་ན་རྡོ་རྗེ་ལྷ་ཉེར་ལྔ་མའི་དབང་བཞི་རྫོགས། རྒྱལ་དབང་བཀའ་འབུམ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པ་མང་པོས་ཐུགས་ཀྱི་བཞེད་པ་གང་བར་བྱས་སོ། །མཆོད་ཁང་སྟེང་ནས་འབུལ་ཆེན་བགྲང་བར་ཡས་པས་མཆོད། གཞན་མ་རྣམས་ཀྱིས་རང་རང་གི་མཐུ་སྟོབས་ཇི་སྙེད་པའི་འབུལ་བའི་ཚོགས་ཕུལ་ལོ། །ཕྱིར་ཕེབས་ལམ་རྣམས་སུ་ཡང་མཆོད་པའི་སྤྲིན་མཐའ་ཡས་པས་མཆོད་པར་བགྱིས་ཤིང་། དེ་ནས་ལྷུན་གྲུབ་རྫོང་སྐྱེས་ཚུལ་དུ་བཞུགས་སྒར་ཕབ། ནང་སོ་ཡབ་ཡུམ་དབང་ཆོས་ཀྱིས་ཚིམ་པར་མཛད་ནས་ཟབ་དོན་ཆོས་འཁོར་དུ་ཕེབས། འདུས་པ་རྣམས་ལ་གསུང་ཆོས་ཀྱི་འཁོར་ལོ་རིས་མེད་པ་ན་བསྐོར་བཞིན་དུ་མཁར་རྩེགས་གྲུབ་རྒྱལ། ལྷུན་པོ་རྩེ་རྣམས་ཀྱིས་འབུལ་བ་ཞབས་ཏོག་ཡང་དག་པ་ཞུས་ཏེ། བཀའ་དབང་ཕྲན་ཚེགས་ཀྱང་གནང་བར་མཛད་དོ། །དེ་དུས་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོ་བློ་མོས་རྒྱལ་དུ་སྙིང་པོའི་བརྟན་པ་དར་ཞང་རྒྱལ་པའི་རྟེན་འབྲེལ་བསྒྲིག་པར་མཛད་པའི་ཚེ། གཡར་ལམ་དུ་ཤར་གྱི་ཕྱོགས་ནས་འོད་ཟེར་ཚད་མེད་པ་འཕྲོ་བ་ཉིན་༼༣༡ བ ༦༢༽མོར་བྱེད་པའི་དཀྱིལ་འཁོར་བདུན་ཤར་བས་ས་ཆེན་པོའི་ཁྱོན་མ་ལུས་པར་གསལ་བར་བྱས་ཤིང་། པདྨོའི་ཚོགས་རྣམས་རབ་ཏུ་རྒྱས་པར་གྱུར་ཏོ། དེ་ནི་གང་གི་འཕྲིན་ལས་ཀྱི་བ་དན་བསྒྲེང་བའི་སྐྱེས་བུ་ཇི་ལྟར་འབྱོན་གྱི་སྔ་ལྟས་སུ་ངེས། དེ་དུས་བྲག་དཀར་དབོན་ས་ཆོས་མཛད་མས། གྱེར་རེ་མར་འཕྲང་དུ་གཞི་ལེན་དང་འབུལ་བ་གཏོས་ཤིན་ཏུ་ཆེ་བས་མཆོད་པར་མཛད། དེ་ནས་ལྷ་སར་ཕེབས་ཏེ་ཇོ་བོ་རིན་པོ་ཆེ་ལ་གསེར་ཆབ་གསོལ་བར་མཛད་ནས། གདན་ས་འབྲུག་ཏུ་ཕེབས། འདུས་པའི་སྡེ་དུ་མ་ལ་ཁྲིད་ཆེན་བརྒྱད་དང་། རྟེན་འབྲེལ་ཆིག་ཆོག་མ་ལ་སོགས་པའི་ཁྲིད་གནང་བར་མཛད་དོ། །དེར་ལྷོ་སྒྲུབ་སྡེའི་བླ་མར་རྡོར་འཛིན་ཀུན་སྤངས་པ་བསྐོ་གཞག་མཛད་ནས། ཆོས་ལུང་སྨར་མུས་ཐོན་དུ་ཕེབས། ལམ་བར་གྱི་སྡེ་དབོན་རིགས་རྣམས་ཀྱིས་ཞབས་ཏོག་རྒྱ་ཆེན་པོས་མཆོད། དེ་ནས་ལྷོ་བརྗེ་ལེན་པ་དགེ་འདུན་བརྒྱ་ཉི་ཤུ་ཙམ་བཟང་རགས་རྫོང་དར་མཛད་ལ། དེ་དུས་ཀོང་པོ་ནས་བླ་མ་ཆོས་ཀྱི་གཏེར་མཛོད་དཔོན་སློབ་ཀྱང་བྱོན། ནང་སོ་དོན་གྲུབ་མགོན་པོ་པ་ལ་ཕག་མོའི་བྱིན་བརླབས། ཚེ་རིང་མཆེད་ལྔའི་རྗེས་གནང་། རྟེན་འབྲེལ་རབ་བདུན་མ། པཎ་ཆེན་ནཱ་རོ་པའི་ཁྱད་ཆོས་བསྲེ་བསྐོར་གསུམ་རྣམས་ཀྱི་ཁྲིད་ཐོན་གཞིས་ཀ་བསམ་འགྲུབ་མཐོང་སྨོན་དུ་སྩལ། དེ་ནས་སྒྲུབ་སྡེ་གསར་བཏབ་ཟབ་དོན་དར་རྒྱས་སུ་ཕེབས། ཤིས་བརྗོད་ཀྱི་རབ་ཏུ་གནས་པ་གནང་། ལྷན་སྐྱེས་ཀྱི་དབང་། མགོན་པོའི་བུམ་དབང་བཅུ་བཞི་པ། དཔོན་རིན་པོ་ཆེ་མཆོད་ཡོན་གཉིས། བླ་མ་ཆོས་རྒྱལ་དཔལ་བཟང་བ་དང་བཅས་པར། པཎྜྻི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད། ནང་སོ་དང་། བླ་མ་དོ་འོ་རི་པར་ཐུབ་པ་ལྔ། དོ་འོ་རི་པ་ལ་སྒེར་དུ་དཀོར་མཛད་ལེའུ་དྲུག་པའི་ཁྲིད། ནང་སོ་ལ་བླ་མ་སྒྲུབ་པའི་ལུང་ཁྲིད་ཞལ་གདམས། དགེ་བསྙེན་གྱི་སྡོམ་པ། མགོན་པོའི་ལྷ་ཁྲིད་འཁོར་ལོ་བཞི་མ་རྣམས་གནང་ནས། རིམ་པས་སྨྱུག་ལར་ཕེབས་སོ། །བླ་མ་ཆོས་རྒྱལ་དཔལ་བཟང་ཐོན་༼༣༢ ན ༦༣༽སྒྲུབ་སྡེའི་བླ་མར་བསྐོས། སྨྱུག་ལར་ནང་སོ་ཡབ་ཡུམ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྡོམ་པ་བཅུ་གསུམ་མའི་དབང་། ཚེ་རྟ། རོ་སྙོམས་ཕྱག་རྒྱ་ཆེན་པོར་སྒང་དུ་དྲིལ་བ་ཁྲིད་དུ་གནང་ངོ་། །བླ་མ་ཆོས་ཀྱི་གཏེར་མཛོད་ལ་རྟེན་འབྲེལ་རབ་བདུན་མ་དང་བཅས་པའི་ཁྲིད་འགའ་ཤས་གནང་། དེ་ནས་གོང་དཀར་དུ་ཕེབས། རེ་ཞིག་བཞུགས་པར་གསོལ་བ་བཏབ་ཀྱང་ཕྱིར་ཕེབས་པར་ཞལ་གྱིས་བཞེས་ཏེ། ཡར་རྒྱབ་རྒྱལ་ཆེན་གླིང་གི་རབ་གནས་ལ་གདན་དྲངས་པར་ཕེབས་སོ། །ནང་སོ་དཔོན་ཆེན་པས་སྐུའི་མདུན་བསུས་ཏེ་དཔོན་སློབ་ཉུང་བཏུས་ཞིག་གཞིས་ཀ་ནང་དུ་གདན་ཆགས་པར་མཛད་དོ། །དགེ་འདུན་ཕལ་མོ་ཆེ་ཕྱི་རུ་སྒར་ཕབ་སྟེ་གཟའ་ཚེས་འགྲུབ་སྦྱོར་བཟང་པོ་ལ། ས་བརྟག་བསླང་སྦྱང་བ་སྟ་གོན་དང་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ཞག་ཤས་གནང་། གསེར་འཕྱང་གི་ལོ་ཆོ་འཕྲུལ་ཆེན་པོའི་དུས་བཟང་པོ་གསུམ་པ་ལ་རབ་གནས་ཀྱི་སྟ་གོན་དང་། རྒྱལ་བ་གསུམ་པ་ལ་དངོས་གཞི་མཛད་དོ། །དེ་དུས་ནམ་མཁའ་རབ་ཏུ་དངས་པ་ལ་མེ་ཏོག་གི་ཆར་བབ་པ་ནོར་འཛིན་གྱི་འཛན་ཕོ་དང་འཛན་མོ་དག་གི་ཀུན་དགའ་རྩེད་འཇོའི་དཔྱིད་སྣ་ཚོགས་ལས་ལྷའི་དགའ་ཚལ་བཞིན་དུ་བལྟ་བས་མི་ངོམས་པར་བྱས་སོ། །དེར་སྡེ་པ་ཡུམ་སྲས་དྲུང་ལ་རྟེན་འབྲེལ་ཆིག་ཆོག་མའི་ཁྲིད། ནང་སོ་སྐུ་གཞོན་པ་ལ་རྣལ་འབྱོར་ཡན་ལག་དྲུག་པ་དང་ཅོག་སྒར་གྱི་དགེ་འདུན་རྣམས་ལ་ལམ་ཟབ་བླ་མ་སྒྲུབ་པ། རྟེན་འབྲེལ་གསིལ་ལུ་མར་རྒྱས་བཤད་དང་བཅས་པ་གནང་། དེ་ནས་དཔོན་ས་བདག་མོའི་དྲུང་གི་གདན་འདྲེན་པས་སོན་ཏེ། འབུལ་བའི་རྣམ་གྲངས་ཆེས་བཟང་པོས་མཆོད་པར་བྱས་ནས། རིམ་གྱིས་ཕོ་བྲང་གོང་རི་དཀར་པོར་ཕེབས་སོ། །སྤེལ་ཆེན་གྱི་དགའ་ལྡན་དུ་གཟིམས་ཆུང་མཛད། དེར་མཁས་པ་ཆེན་པོ་རྗེ་བཙུན་མིའི་མཆོག་གི་གསུང་ངག་རོ་སྙོམས་ཆེན་མོའི་ཁྲིད་དང་། གཞན་དབང་རྗེས་གནང་མང་དུ་གནང་ངོ་། །དྲུང་འཁོར་དྲག་ཞན་གྱི་རེ་བ་ཆོས་ཀྱི་སྦྱིན་པས་གང་བར་མཛད། བླ་མ་ཆོས་ཀྱི་གཏེར་མཛོད་དང་། ༼༣༢ བ ༦༤༽བླ་མ་བརྒྱ་བྱིན་པའི་སྐྱེ་བ་བསམ་གཏན་གཏེར་མཛོད་པ་གཉིས་ལྷན་ཅིག་ཏུ་ཀོང་པོར་རྫོང་དར་མཛད། ལྷ་ཁང་དཔོན་པོ་པ་སོགས་ལྷོ་བྲག་གི་བསྟན་པའི་འཛིན་བཀོད་ལ་རྫོང་དར་གནང་སྟེ། འདུས་པའི་སྐྱེ་བོ་རྣམས་ལ་བཀའ་འབྲེལ་གྱིས་ཚིམ་པར་མཛད་དོ། །ཆོས་ཡབ་ཡུམ་གྱིས་གྱ་ནོམ་པའི་འབུལ་བ་མཛད་དེ། སླར་འཕྱོང་རྒྱས་སུ་གདན་དྲངས། སྡེ་པ་ཡབ་ཡུམ་རྣམས་ལ་རྟེན་འབྲེལ་རབས་བདུན་མ་དང་། ཚེ་རྟ་ལམ་ཟབ་བླ་མ་སྒྲུབ་པ། ཕྱག་ཆེན་དང་བཅས་པའི་ཁྲིད། འཕགས་སྡེ་པ་རྣམས་ལ་ཡི་གེ་བཞི་པའི་ཁྲིད་རྣམས་གནང་། རིམ་པས་བདེ་སྐྱིད་གླིང་དུ་ཕེབས་གཏུམ་པོ་ཁྱུང་ལྔའི་བྱིན་རླབས་མཛད། རིམ་གྱིས་གདན་ས་འབྲུག་ཏུ་ཕེབས་ཏེ། མི་རིང་བར་བདག་ཀྱང་ཞབས་ཕྱིར་སོན་ནོ། །བྱང་ཆུབ་ཆེན་པོའི་དྲུང་དུ་སྐྲ་བཅད། ནཱ་རོ་ཏ་པའི་རྒྱལ་ཚབ་འགྱུར་མེད་ངག་དབང་ནོར་བུའི་སྡེ་ཞེས་མིང་དང་། དགེ་བསྙེན་གྱི་སྡོམ་པ་གནང་། དེ་ནས་སྡོམ་པ་བཅུ་གསུམ་མའི་དབང་བཞི་རྫོགས། གཏུམ་པོ་ཁྱུང་ལྔའི་བྱིན་རླབས། མགོན་པོ་ཕྱག་བཞི་པའི་རྗེས་གནང་ཤིན་ཏུ་རྒྱས་པ། ཚེ་རྟ། ཁྲིད་ཆེན་བརྒྱད། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གནད་རྟེན་འབྲེལ་རབ་བདུན་གྱི་ཁྲིད་དང་། ལུང་། མངའ་བདག་མར་པ། ཆོས་རྗེ་གཙང་པ། རྒྱལ་དབང་རིན་པོ་ཆེའི་བཀའ་འབུམ། རྗེ་ཉིད་ཀྱི་བཀའ་འབུམ་དང་བཅས་པ་གནང་ངོ་། །གཞན་དཀར་བརྒྱུད་བཀའ་འབུམ་རྣམས་དབོན་རིན་པོ་ཆེའི་དྲུང་གིས་སྩལ་ལོ། །སྐབས་དེའི་ཚེ་རྡོ་རྗེ་འཛིན་པོའི་དབོན་པོ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་དང་རྒྱལ་དབང་པ་སོགས་ཕྱོགས་མཐའི་བུ་སློབ་མང་དུ་འདུས་པ་རྣམས་ཀྱང་གསུང་གི་བདུད་རྩིས་འཁོར་བའི་གདུང་བ་ཉེ་བར་ཞི་བར་མཛད་དོ། །དེ་ནས་མགར་གྲོང་ཐེག་ཆེན་ཡོངས་འདུར་ཕེབས་རོ་སྙོམས་རྣམ་རྟོག་ལམ་ཁྱེར་གྱི་ཁྲིད་དུ་བྱ་བ་ཙམ་གནང་། རྒྱལ་དབང་རིན་པོ་ཆེའི་དངུལ་སྐུ་ཞིག་ཀྱང་སྒྲུབ་པར་མཛད་དེ། ངེད་རྣམས་བྱ་ཡུལ་དུ་ཕྱིར་རྫོང་བ་གནང་ངོ་། །དེ་ནས་བྱང་སྟག་ལུང་ནས་གདན་འདྲེན་པས་སླེབ། ལུས་ཅན་རྣམས་༼༣༣ ན ༦༥༽ཀྱི་བདེ་སྐྱིད་སྐྱེ་བའི་ཆེད་དུ་རིམ་པས་ཕེབས། སྟག་ལུང་ཐང་དུ་གདན་ཆགས་པའི་ངོས་དབོན་རིན་པོ་ཆེ་སྐུ་མཆེད་གཉིས་ལ་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་ཡབ་བཀའ་ཡུམ་བཀའ། གཏུམ་པོ་ཁྱུང་ལྔ་མ། རྡོ་རྗེ་ཕག་མོའི་བྱིན་རླབས། གྲུབ་རྒྱལ་མའི་ཚེ་རྟ། རྒྱལ་དབང་རྗེའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། བླ་སྒྲུབ། རོ་སྙོམས། རྟེན་འབྲེལ་གྱི་ཁྲིད། ཕྱག་ཆེན་སྐོར་གསུམ་ཞང་བཀའ་འབུམ་ལ་སོགས་པའི་ལུང་། བཀའ་འགྱུར་རོ་འཚལ་གྱིས་གཙོས་པའི་པོ་ཏ་དབང་དང་བཅས་པ་གནང་ངོ་། །དེ་ཡང་། ཆོས་ཀྱི་སྒོ་ཐས་ཅད་ལ་དབང་འབྱོར་པའི་བླ་མ་སྐལ་བ་ཆེན་པོའི་ཁྱད་པར་གྱིས་བརྒྱན་པའི་སློབ་མ་ལ། ཆོས་འདིའི་བདག་པོ་གྱིས་ཤིག་པ་ཉིད་མཆོག་ཡིན་གྱི། གཞན་དག་གིས་ཡུན་རིང་དུ་དལ་བས་བཀླགས་པ་ནི། ཅི་ཡང་མི་བྱེད་པ་རྣམས་ལས་ལྷག་པ་ཙམ་མོ། །དེར་གཞི་བྱེད་ཀྱི་ཚོགས་པ་སུམ་སྟོང་ཙམ་ལ་དགས་པོའི་ཆོས་བཞི། ལམ་ཟབ་མོས་གུས་ཀྱི་ཁྲིད་ལ་སྲོགས་པ་གནང་། ཞལ་ཐང་གཏོས་ཆེ་བ་ལ་རབ་ཏུ་གནས་པ་སྩལ། ཆོས་རྗེ་རིན་པོ་ཆེ་སྐུ་མཆེད་ཀྱིས་འབུལ་བ་ཤིན་ཏུ་གྱ་ནོམ་པ་དང་། གཞན་ཡང་ཟང་ཟིང་གི་ལོངས་སྤྱོད་ནི་ཆར་ལྟར་དུ་བབས་ཤིང་། དེ་དུས་དབོན་རིན་པོ་ཆེ་མཆེད་ཀྱིས་ཡ་ཐང་གི་བར་དུ་གཤེགས་སྐྱེལ་ལ་ཕེབས། ཐུགས་ཡིད་གཅིག་ཏུ་གྱུར་པའི་སྟོབས་ཀྱིས་འབྲལ་བར་མི་ཕོད་པའི་གདུང་བས་ཡུན་རིང་དུ་འདའ་བར་གྱུར་ཏོ། དཔོན་སློབ་རྣམས་རིམ་པས་ཕེབས་ཚེ། ཡབ་པ་གདན་ས་པ་དཔོན་སློབ་ཀྱིས་གདན་དྲངས། བཀའ་ཆོས་ཀྱི་འབྲེལ་བས་ཡིད་མགུ་བ་བསྐྱེད་པར་མཛད་ནས་འབྲུག་ཏུ་ཕེབས། དེ་དུས་ཁྲི་རིན་པོ་ཆེ་སྐུ་ཁམས་བསྙུང་བ་ལ་བརྟེན། གཅུང་རིན་པོ་ཆེ་དཔོན་སློབ་ར་ལུང་དུ་རྫོང་བ་གནང་། དཀར་པོའི་ཕྱོགས་རྒྱས་པར་བྱེད་པའི་ཐབས་སྣ་ཚོགས་པ་བགྱིས་མོད་ཀྱི། དེ་ལྟ་ནའང་། གདུལ་བྱའི་སྐལ་བས་རིང་པོ་རམ་ལོན་པར་ཞིང་གཞན་དུ་གཤེགས་པའི་དགོངས་པ་རྫོགས་ཐབས་ཀྱི་གྲལ་དབུར་ཕེབས། ༼༣༣ བ ༦༦༽དེར་ནང་རྟེན་གསེར་ཟངས་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་ཐོག་ཚད་མ་ཕྲ་ཡང་རིན་ཐང་ཅན་གྱི་རིན་པོ་ཆེ་འབའ་ཞིག་གིས་བྱས་པ་དང་། རྒྱལ་དབང་རྗེའི་སྐུ་ཚད་མ་ཤིན་ཏུ་བྱོན་གཙང་བ་བཞེངས། ཡོན་རྫོངས་ཤིན་ཏུ་ཆེ་བ་སྩལ། བདེ་མཆོག་གི་རབ་ཏུ་གནས་པ་རྒྱས་པ་གནང་ངོ་། །དེ་དུས་རྗེ་ཉིད་ཀྱི་ཞལ་སློབ་འབར་ར་དོན་གྲུབ་སྡིངས་ཀྱི་གདན་ས་བ་སྨྱུག་ལ་རབ་འབྱམས་པ་དཔོན་སློབ་སུམ་བརྒྱ་ལྷག་པ་མཇལ་བར་བྱོན། གཞན་ཡང་གཙང་ཉང་རོང་། འབྲོག །ལྷོ་མོན་རྣམས་ནས་སྐྱེ་བོ་ཁྲི་ཕག་མང་པོས་མཇལ་བར་སླེབ། སྲིད་པའི་སྡུག་བསྔལ་འཇོམས་པའི་དགྲ་བོར་གང་གི་སྐུ་མཐོང་བ་དང་གསུང་གི་བདུད་རྩི་མྱོང་པ་དང་། རེག་པ་ཉིད་གྱུར་ཏོ། དེ་དུས་ལྷོ་བྲག་ནས་བླ་མ་རྒྱལ་དབང་པ་དང་། ཀོང་པོ་སྒྲུབ་སྡེ་ནས་དགེ་སློང་དབང་བཟང་པོ་གྲོགས་མཆེད། ལྷོ་བྱང་སྒྲུབ་སྡེ་ནས་ཤཱཀྱ་དོན་གྲུབ་དང་ལེགས་པ་རྒྱ་མཚོ་སོགས་འཛོམ་པའི། སྒར་སྒྲུབ་སྡེ་ཁྱོན་གཅིག་ཏུ་བསྲེ་བའི་བཀའ་བགྲོས་ཀྱི་གཞི་བཏིང་། གསར་བུ་ཐམས་ཅད་སྒར་དུ་བརྟེན་པའི་ཆོས་ཐོབ་གང་ཆེ་དང་བསྟུན་སྒྲུབ་སྡེ་སོ་སོར་རྫོང་དར་བྱེད་པའི་དམ་བཅའ། བརྗེ་ལེན་ཀྱང་བྲང་སྤྲོད་མ་ཡིན་པའི་བསྒོར་མོ་བྱེད་པར་ཐག་བཅད་དེ་སྒྲུབ་སྡེའི་མི་སྣ་རྣམས་ཀྱིས་ཐེའུ་རྩེ་དང་། བདེན་དབང་གི་བཀའ་ཤོག་ཀྱང་འབྱོར་བ་བྱས་ཏེ་རྫོང་དར་སོ་སོར་བྱས་སོ། །རྒྱལ་བའི་བདག་པོ་དཔལ་ལྡན་བླ་མ་དམ་པའི་གསུང་ངག་ཚིག་ཉུང་བས་ཆོས་ཀྱི་སྒོ་མོ་ཐམས་ཅད་སྟོན་པར་ནུས་པ། དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་རྡོ་རྗེའི་ཚིག་རེ་རེས་སྐལ་ལྡན་གྱི་གདུལ་བྱ་གྲོལ་བར་མཛད་པ་ལས། ཡི་གེར་འཁོད་པ་དག་ནི། གསུང་མགུར། བསྟོད་ཚོགས། འཕྲིན་ཡིག །དྲིས་ལན། སྒྲུབ་པ་ཞལ་བཀོད། ཚོགས་ཆོས། བདེ་མཆོག་གི་སྒྲུབ་དཀྱིལ། སྦྱིན་སྲེག་རབ་གནས་ལ་སོགས་པའི་ཕྱག་ལེན་གྱི་སྐོར། ཕྱག་ཆེན་ཆོས་དྲུག །བླ་སྒྲུབ། རྟེན་འབྲེལ་སོགས་ཟབ་ཁྲིད། མདོ་ལུང་རིན་ཆེན་སྤུངས་པ་ལ་སོགས་པ་བཀའ་པོ་ཏཱ་གསུམ་ཙམ་བཞུགས་༼༣༤ ན ༦༧༽པ། འཕྲལ་མར་གོ་བླ་ཞིང་། གསེར་བཟང་པོ་ལྟར་བརྟགས་ཤིང་དཔྱད་ན། ཟབ་པ་དང་རྒྱ་ཆེ་བའི་གཏིང་མཁས་པའི་དབང་པོ་དབྱིག་གི་རྩ་ལག་གིས་ཀྱང་རྟོགས་པར་མི་ནུས་པ། ལེགས་པར་བཤད་པ་མཐའ་དག་གི་འབྱུང་གནས་དམ་པའི་གཏེར་བཞིན་དུ་བཞུགས་སོ། །དེ་ཡང་། རྗེ་འདི་ཉིད་ཀྱི་སྐུའི་རིང་ལ། གདན་ས་རིན་པོ་ཆེ་རྣམས་དར་ཞིང་རྒྱས་པ་བགྲང་བ་ལས་འདས་པའི་ནོར་འཛིན་གྱི་ཁྱོན་ཆེན་པོར་མཁས་པ་དང་གྲུབ་པའི་དབང་ཕྱུག་དང་། རྣལ་འབྱོར་རྟོགས་ལྡན་ལ་སོགས་པའི་སློབ་བུས་ཁྱབ་པར་བྱས་པས། རྒྱལ་བའི་བསྟན་པ་ཉིན་མོར་མཛད་དོ། །དེ་ནས་ཡིད་དུ་འོང་བའི་འབྲས་བུའི་ཚོགས་ཀྱིས་ལྗོན་ཤིང་རྣམས་དུད་ཅིང་མཛེས་པར་བྱས་པའི་ཚེ། ངེད་འབོད་པར་བླ་མ་བྱ་པ། དབུ་མཛད་ཐུགས་རྗེ་པ་དང་ཀུན་ཁྱབ་པས་མགོ་བྱས། དགེ་འདུན་བདུན་ཅུ་ལྷག་ཙམ་གནང་སྟེ། མི་འགྱང་བར་ཞབས་ཀྱི་པད་མོར་སོན་ནོ། །དེ་དུས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ཐུགས་དམ་དགེ་སྦྱོར་བདུན་པ། ལམ་ཟབ་བླ་མ་སྒྲུབ་པ་ཚེ་ཁྲིད་དང་བཅས་པ་ཉན་ནོ། །དེའི་ཚེ་ལྷོ་སྒྲུབ་སྡེར་དགེ་འདུན་བརྒྱ་ཕྲག་གཅིག་ལྷག་ཙམ་རྫོང་དར་བགྱིས་ཏེ་རྗེ་དབོན་གཅུང་རིན་པོ་ཆེ་དབུས་ཕྱོགས་སུ་ཆིབས་ཁ་བསྐྱོད་པར་གྱུར་པའི་སྐབས། རྗེའི་ཞལ་ནས། ངེད་ཉི་ཤུ་དགུའི་ཟླ་བ་ཡིན་དུས། ད་སྒོས་བ་ན་པའི་འཛིན་སྐྱོང་གི་ཁུར་ཀུན་ཁྱེད་ལ་བབ་པ་ཡིན་པས། ཚུལ་འདི་ལྟ་བུ་གྱིས་ཞེས་པའི་བཀའ་བཀོད་ནན་ཆགས་སུ་མཛད་དོ། །གཞན་ཡང་སྤྱི་སྒོས་ཀྱི་བཀའ་སྩལ་ཞིབ་ཐེམས་ཀྱི་རྗེས་སུ། དགོས་དུས་ལྷུག་པར་སྨྲ་ན་ཟབ་པ་ཡིན། ཁ་ཆེམས་དལ་དུས་འཇོག་པ་བརླིང་བ་ཡིན། ཞེས་ཡང་ཡང་དུ་གསུང་བ་དང་། གསོལ་དཔོན་ནམ་མཁའ་དང་། གཟིམས་ཚེ་བ་སོགས་སྐུའི་ཉེ་ལོགས་སུ་གནས་པ་དག་ལ། ཁྱེད་རྣམས་ཀྱང་ཁོ་བོའི་འཚོ་རྩིས་ཡུན་རིང་པོར་བྱེད་མི་དགོས་པར་འདུག །ཅེས་ཞིང་འདིའི་མཛད་པ་མཐར་སོན་པའི་གསུང་ངག་ཀྱང་མང་དུ་ཕེབས། དེ་ནས་ལོ་གསར་འཕྲལ། མཁའ་༼༣༤ བ ༦༨༽ལ་སྤྱོད་པའི་གནས་མཆོག་ཅིག་ཅར་གྱི་རྡོར་འཛིན་དུ་དམར་ཌཱ་ཀི་རས་ཆེན་བསྐོ་གཞག་གནང་སྟེ། འགྲོ་མགོན་རི་ཐེབས་དང་བཅས་དགེ་འདུན་བརྒྱ་ཟིན་ཙམ་རྫོང་དར་མཛད་དོ། །ཧོར་ཟླ་དང་པོའི་ཉེར་བཞི་ལ། ཆོས་བྱེད་སྤྱིའི་དྲན་པའི་གསལ་འདེབས་སུ་བྱས་པའི་ཞལ་གདམས་དང་། བཀའ་ཤོག་ཞིབ་འཐེམས་དབུས་ཕྱོགས་སུ་ཐེབས། ངེད་རྣམས་ལ་རྟེན་འབྲེལ། རོ་སྙོམས། ལམ་ཟབ་བླ་མ་སྒྲུབ་པའི་ཞལ་གདམས་བཀའ་རྒྱ་མ་རྣམས་ཉེར་བརྒྱད་ཚུན་ལ་རྫོགས་པར་གནང་ངོ་། །དེ་ཡང་། བཞེད་་སྲིད་མཐའི་བར་དུ་སྐུའི་སྣང་བ་གཅིག་གིས་འདའ་བར་ནུས་མོད་ཀྱི། འདོད་སྲེད་ཀྱིས་ཀུན་ཏུ་གཅོས་པའི་འགྲོ་བ་རྣམས། རྡོ་རྗེའི་སྐུ་དེ་ལྟ་བུ་འཇིག་ན། བདག་ཅག་ཆུའི་ལྦུ་བ་འཁྲིགས་པ་ལྟ་བུའི་ལུས་ཀུན་ལྟ་སྨོས་ཀྱང་ཅི་དགོས། ཞེས་ཡིད་བྱུང་བས་ངེས་པར་འབྱུང་བའི་ལམ་ལ་ཞུགས་ཏེ། སྡུག་བསྔལ་ཐ་མར་བྱེད་པའི་དབང་དང་མཐུ་འདི་གཟིགས་ནས། དགུང་ལོ་བདུན་ཅུ་དོན་དྲུག་བཞེས་པ་ཀུན་ལྡན་ཞེས་པ། ལྕགས་ཕོ་བྱི་བ་ལོའི་དགུན་ཟླ་ཐ་ཆུང་། མཆུས་ཉ་པ་ཧོར་ཟླ་དང་པོར་གྲགས་པའི་ཉེར་བདུན་མཚན་མོ་ཐུན་གྱི་འགོ་རྩོམ་པར་མངོན་དུ་ཕྱོགས་པའི་ཚེ། ཉམས་པའི་སྐྱེ་བོའི་གྲིབ་ཀྱིས་གོས་པའི་ཚུལ་བསྟན་ནོ། །དེ་ལ་རྒྱལ་བའི་བཀའ་འགྱུར་རོ་འཚལ་བསྒྲག་པ་དང་། བསྲུང་མའི་བསྐང་གསོ་བརྒྱ་རྩ་ལ་སོགས་པའི་ནག་པོའི་ཕྱོགས་ཕམ་པར་བྱེད་པའི་ཐབས་སྣ་ཚོགས་པ་བགྱིས་ཀྱང་སྙུན་ལས་གྲོལ་བའི་ཚུལ་མ་གྱུར་ཏོ། དེ་ཡང་། རྣམ་པར་འཐོར་བའི་རླུང་ཆེན་པོས་བསྐྱོད་ཅིང་རྒྱུ་སྐར་འཁྲུག་པ་དང་། སྐར་མདའ་ལྟུང་བ་ལ་སོགས་པ་མི་དགེ་བའི་བལྟས་རབ་ཏུ་མང་བ་བྱུང་ངོ་། །དེ་ནས་ཁོ་བོ་ཅག་ལ་སྤྱན་སྔར་ལ་གོར་ཤོག་ཅེས་པའི་བཀའ་ཐོད་དུ་ནོས་ཏེ། ཞབས་ལ་ཕྱག་བགྱིས་པའི་ཐ་མར་སོན་ནོ། །བསྟན་པ་འཛིན་སྐྱོང་རྒྱས་པར་འགྱུར་བའི་སྨོན་ལམ་ཀྱང་གནང་སྟེ། མང་པོ་ལབས་ཀྱང་ལྷག་མ་ལུས་པ་ལས་མེད། ད་གདན་མྱུར་དུ་དྲོངས་ཤིག་ཅེས་བཀའ་སྩལ་བའི་མ་ནུས། ཞལ་གྱི་དཀྱིལ་འཁོར་བལྟ་བ་དང་། ལུས་ངག་ཞབས་ཀྱི་པདྨར་འདུད་པའི་ཕྱི་མར་༼༣༥ ན ༦༩༽བགྱིས་ཏེ་སོང་ངོ་། །དེ་ནས་གནམ་གང་གི་ཉིན་མོ་དེ་ཉིད་ཐུན་གསུམ་པའི་སྐབས་ལ་མངོན་པར་བབས་པ་ན། ཐབས་ཀྱིས་སྒྲོལ་བའི་སྐུ་མཁའ་ཁྱབ་ཀྱི་ཞིང་དུ་བསྡུ་བའི་ཚུལ་བསྟན་པ་ལས། དེ་མ་ཐག་འཛམ་བུའི་གླིང་ཆེན་པོ་རི་དབང་དབང་བཅས་པ་མངོན་པར་གཡོས་པར་གྱུར་ཏོ། འདོད་པ་རིགས་དྲུག་པའི་ལྷའི་གནས་བཞི་པ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཀུན་ཏུ་ཕབ། ཚངས་རིས་ལ་སོགས་པ་འོག་མིན་དུ་ཐུག་པའི་བར་གྱི་ལྷ་རྣམས་ཀྱིས་ཀྱང་། མཆོད་པའི་ཆེད་དུ་སྐུའི་གདུང་ག་ལ་བར་དམིགས་ཏེ། སྙན་པའི་རོལ་མོ་སྣ་ཚོགས་པ་བསྒྲག་པ་དང་། དྲི་བཟང་པོའི་བསུང་འབྱིན་པ་དང་། སྣ་ལྔ་པའི་འོད་ཟེར་འཕྲོ་བ་གདུགས་ཕུབ་པ་ལྟ་བུའི་མེ་ཏོག་མང་པོ་རབ་ཏུ་འཐོར་བར་བྱེད་དོ། །ཕྱོགས་ཀུན་ཏུ་འཚུབ་མའི་ཚུལ་བསངས་པར་གྱུར་ནས། རབ་ཏུ་དངས་པའི་ཀུན་གསལ་ལ། མཁའ་ཡི་གླང་པོ་བཀྲ་ཤིས་པའི་རྟགས་མཚན་དུ་མའི་གཟུགས་ལ་རས་བལ་རྒྱུད་ཀྱིས་མཛེས་པར་བྱས་པ་དང་། འཇའི་གུར་རིམ་བརྩེགས་སུ་ཕུབ་པ་ལ་སོགས་པའི་ངོ་མཚར་བའི་ལྟས་ཀྱིས་དགོངས་པ་རྫོགས་ཐབས་ཡོངས་སུ་རྫོགས་པ་མ་གྲུབ་ཀྱི་བར་དུ་བསྟན་ནོ། །རེ་ཞིག་གསང་བའི་ཚུལ་བརྩམས་ཀྱང་རྨད་དུ་བྱུང་བའི་རྟགས་མཐའ་ཡས་པ་མཐོང་བས་འགྲོ་བ་ཀུན་གྱིས་ཤེས་ཏེ་ཡིད་བྱུང་བར་གྱུར། དེ་ནས་རྒྱལ་བའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བ་ཐོབ་པའི་དབོན་རིན་པོ་ཆེ་ངག་གི་དབང་ཕྱུག་ཉིད་ཀྱིས་གང་ལ་བྱ་བ་བྱས་པས་རྒྱལ་བ་ཐམས་ཅད་ལ་བྱས་པར་འགྱུར་བའི་ཁུར་བཞེས་ཏེ་བཀའ་ཕེབས་པ་ལྟར། ངེད་ཅིག་འགས་ཟླ་བ་གཉིས་པའི་དགའ་བ་དང་པོ་ནས་བརྩམས་ཏེ་དཀར་པོའི་མཐར་ཐུག་གི་བར་ལ། འཁོར་ལོ་སྡོམ་པའི་ཚོགས་བརྒྱ། སྦྱིན་སྲེག་བརྒྱ་རྩ། མཆོད་པའི་བྱེ་བྲག་གཞལ་དུ་མེད་པས་སྐུ་ཡི་གདུང་མཉེས་པར་བྱས་སོ། །འདུས་པའི་ཚོགས་བརྒྱ་ཕྲག་ཕྱེད་དང་གཉིས་ཙམ་གྱིས། དཔལ་སྡོམ་པ། རྡོ་རྗེ་གཏུམ་པོ། ནག་པོ་ཕྱག་བཞི་པ་ལ་སོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་༼༣༥ བ ༧༠༽ཟླ་བ་གཅིག་གི་བར་དུ་མཆོད་ཅིང་བསྟོད་དོ། །དེ་ནས་ཕྱོགས་མཐའི་དབུ་ཆེ་ཕལ་མོ་ཆེ་འདུས་ཏེ། དགེ་འདུན་ཉིས་སྟོང་ལྷག་ཙམ་ཚོགས་ནས་ཟླ་བ་བཞི་པའི་དགའ་བ་དང་པོའི་ཉིན་འབུལ་འགྱེད་རྣམ་གཞག་དང་བཅས་པས་དགོངས་རྫོགས་ཀྱི་འདུན་ཐབས་ལེགས་པར་བསྒྲུབས། དེ་ནས་དཔལ་འཁོར་ལོ་བདེ་ཆེན་དང་། རོང་བྱམས་ཆེན་རྣམས་སུ་འགྱེད་ལ་སོགས་པའི་དགོངས་རྫོགས་བྱས་སོ། །ནང་རྟེན་ཉིད་ཀྱི་སྐུ་ཚད་མ་གསེར་ཟངས་ལས་བལ་པོའི་རིག་བྱེད་ཟུང་གིས་བསྒྲུབས་ཤིང་། ལོངས་སྤྱོད་རྫོགས་སྐུའི་བྲིས་ཐང་ཆེ་བ་གཅིག་ཀྱང་བཞེངས། དེ་ནས་དཔལ་མགོན་གདན་ས་ཐེལ། བྱང་སྟག་ལུང་། ན་ལནྡ་གནམ་རྩེ་ལྡིང་རྣམས་སུ་ལ་དགོངས་པ་རྫོགས་ཕྱིར་འགྱེད་ལ་སོགས་པས་དགེ་འདུན་གྱི་ཚོགས་མཉེས་པར་བགྱིས་སོ། །དེར་རྗེའི་ཕྱི་རྟེན་སྒྲུབ་པར་བཞེད་ནས། དགེ་བྱེད་དེ་ཆུ་ཕོ་སྟག་གི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ནས་འགོ་བརྩམས་ཏེ། བལ་པོ་དཔོན་མོ་ཚ་བ་ལུ་གུ་སིང་དང་། ཨ་བ་ལ་སྲིང་གཉིས་ཀྱིས་གཙོས་པའི་རིག་བྱེད་པ་བཅུ་གཉིས་ཀྱིས། སྐུ་རྒྱུ་ཟངས་ཁལ་སུམ་བརྒྱ་དང་གཉིས། གསེར་ཞོ་དགུ་བརྒྱ་དང་ཉི་ཤུ། དངུལ་ཆུ་བརྒྱ་ཕྲག་ལྔ་བཅུ་རྩ་ལྔ་ལྷག་པའི་ཉི་ཤུའི་གྲངས་ལས་གྲུབ་པར་བྱས་པའི་རིན་པོ་ཆེའི་མཆོད་རྟེན་བཀྲ་ཤིས་སྒོ་མང་རྐྱང་ཁུ་བཅོ་ལྔའི་དཔངས་དང་ལྡན་པ། དེའི་བྲེའི་ནང་དུ་རྒྱལ་དབང་རིན་པོ་ཆེའི་སྐུ་གསེར་ཞོ་བཅུ་ཕྲག་བཞི་ལས་གྲུབ་པ། བུམ་ནང་ལ་གསེར་ཞོ་སུམ་བརྒྱ་ལས་གྲུབ་པའི་རྗེ་ཉིད་ཀྱི་སྐུ། བང་རིམ་ལ་དངུལ་སྤོ་རེ་བདུན་བརྒྱ་དང་ཉེར་དགུ། ལི་སྤོ་རེ་ལྔ་བརྒྱ་དང་སུམ་ཅུ་ལས་གྲུབ་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་བསྲུང་མ་དང་བཅས་པའི་སྐུ་རྣམས་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པ་དག་གིས་ལེགས་པར་སྤྲས་པའི་མཆོད་སྤོང་དམ་པ་དེ་ཉིད་ཡོས་ལོ་ཟླ་བ་བདུན་པའི་ནང་དུ་རྫོགས་པར་གྲུབ་པར་བགྱིས་སོ། །དེ་ཡང་། སྐུ་གདུང་རིན་པོ་ཆེ་དར་ཟབ་ཀྱིས་སྤྲས་པ་སྙིང་པོར་བཞུགས་སུ་གསོལ་ཞིང་། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་རིམ་པས་གཙོས་༼༣༦ ན ༧༡༽པའི་རྒྱལ་བའི་བཀའ་ཕལ་མོ་ཆེ་ལ་སོགས་པ་དང་། བྱིན་རླབས་ཀྱི་རྟེན་ཆེས་བཟང་བ་དག་ཀྱང་མང་དུ་བཞུགས་སུ་གསོལ། བཟོ་བའི་ཚོགས་ལའང་འཛུགས་སྟོན་ལ་སོགས་པ་ཀུན་ལ་བགྲང་བ་ལས་ཆེས་འདས་པའི་ལོངས་སྤྱོད་དང་། གསེར་ཞོ་ཉིས་བརྒྱ་གཙོས་པའི་ཟང་ཟིང་དངོས་པོས་ཡིད་དགའ་མགུ་རངས་སར་བྱས་སོ། །དེ་ནས་མཛེས་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་ཉེར་ལྔ་ལ་ས་ཆོག་ནས་གཟུང་སྟེ་དཔལ་ལྡན་སྡོམ་པ་ལ་བརྟེན་པའི་རབ་ཏུ་གནས་པ་ཁྲུམས་སྟོད་ཀྱི་རྫོགས་པ་དང་པོ་ཡན་ལ། ངེད་དང་བཅས་པའི་དགེ་འདུན་བདུན་བརྒྱ་ཙམ་གྱིས་གྲུབ་པར་བྱས་སོ། །རྒྱ་མཚོ་དགའ་དང་དབྱིག་གི་ཁུ་བ་འོད་ཡངས་ཚ་བོ་གོམ་གསུམ་གནོན་པ་གཞན་སྙེམས་བཟོད། མི་བཟད་མཚོན་ཆ་སྣ་ཚོགས་སྒྲུབ་བྱེད་གངས་རིའི་བུ་མོའི་བདག་པོའི་དཔལ་དང་གཟི་བརྗིད་རྣམས། གང་གི་གན་དུ་མོག་མོག་པོར་གྱུར་ཀུན་གྱིས་ཕྱག་བྱས་བསྟོད་པའི་སྡིག་མེད་བླ་མ་ནི། དཔལ་ལྡན་བསོད་ནམས་བརྒྱ་པའི་མཚན་དང་དཔེ་བྱད་འབར་བའི་ཕུང་པོ་ཀུན་ཏུ་བསྔགས་པར་འོས། ལྷས་རྩེན་ཕ་མཐའ་རྣམས་འདུལ་སྐྱེས་ཀྱི་རྒྱལ་པོའི་བགྲོད་པས་མངོན་པ་དང་། དབྱིག་འཛིན་རྡུལ་ཕྲན་རེ་རེ་བསྐལ་བརྒྱར་དབྲོག་པས་ཟད་འདི་བྱ་དཀའ་མིན། ཤེས་རབ་ཀུན་དང་ངག་གི་ལྷ་མོའི་མཁྱེན་པས་སྲིད་པར་གཞལ་བྱས་ཀྱང་། ཡོན་ཏན་གཏིང་མཐའ་དཔོག་པར་མི་ནུས་བདག་འདྲའི་སྤྱོད་ཡུལ་ག་ལ་ཡིན། དེ་ལྟ་ནའང་དད་པའི་གཞི་ལ་བརྟན་ཟུག་པའི། རྣམ་ཐར་ལེགས་བྱས་ལྡན་པའི་འཁྲི་ཤིང་ཆེ། བྱུ་རུའི་ལྕུག་ཕྲན་གསེར་ཟངས་སྙེ་མས་ནི། ལྕིད་པ་རླུང་བཞོན་གྱིས་བསྐྱོད་ལྟར་མཛེས་སོ། །དེ་ལྟའི་དགེ་བ་ཀུ་མུ་ཏ་དང་པད་དཀར་གསར་བའི་འདབ་མ་དང་། ཟླ་བ་ཉ་བ་ལྟ་བུར་དྲི་མེད་གསལ་བའི་འོད་ཆགས་འདི་ཡིས་ནི། ལས་ཀྱི་རླུང་ལྡན་སྡུག་བསྔལ་མེ་ལྕེས་གདུངས་པ་ཐམས་ཅད་བསལ་བྱས་ཏེ། འགྱུར་བ་ཉམས་པའི་བདེ་བ་ཆེན་པོས་ཡིད་ལ་སིམ་པ་སྟེར་བར་བྱེད་གྱུར་ཅིག །རྒྱ་མཚོའི་སྐ་རགས་ཅན་འདི་ཉིད། དུས་མཐའི་རླུང་གིས་མ་གཏོར་བ། །༼༣༦ བ ༧༢༽ད་སྲིད་དམ་པའི་རྣམ་ཐར་འདི། གནས་པས་ལེགས་བྱས་ཀུན་བྱེད་ཤོག །དེ་ལྟར་དཔལ་ལྡན་བླ་མ་དམ་པ་འཇིག་རྟེན་གསུམ་ན་འགྲན་པའི་ཟླ་མེད་པའི་རྒྱལ་བ་ཆེན་པོ་གང་གི་རྣམ་པར་ཐར་པ་ངོ་མཚར་འོད་བརྒྱ་པ་ཞེས་བྱ་བ་འདི་ནི། རྒྱལ་ཚབ་རྗེ་བཙུན་དམ་པ་ངག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོའི་བཀའ་གནང་བ་གཙུག་ཏུ་བཀུར་ཞིང་སྤྱན་སྔར་ཞུས་ཤིང་དག་པར་བྱས་པ། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་དང་། ཆོས་རྫོང་མཁན་པོ་བསམ་གཏན་དབང་ཕྱུག །སྒོམ་སྡེ་འགྲོ་མགོན་བླ་མ་རྒྱ་མཚོ་ལ་སོགས་པ་རྣམས་ཀྱིས་ཡང་ཡང་བསྐུལ་བའི་དོར། དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། གདན་ས་ཆེན་པོ་མེ་ཏོག་མདངས་འཕྲོག་གི་ལྗོངས། དཔལ་ར་ལུང་ཐེལ་གྱི་རི་བོ་ཆེན་པོ་གྲུ་འཛིན་གྱི་སྤོ། སྤོས་ཀྱི་དད་ལྡན་པའི་ཞིང་ཁམས། འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས་པའི་གནྡྷོ་ལའི་ཉེ་ལོགས། བསམ་གཏན་གྱི་ཁང་པ་ཡིད་སྨོན་པའི་རྩེ་མོར། ཞིབ་ཞེས་པ་ས་མོ་བྱའི་ལོ་ཁྲུམས་སྟོད་ཅན་གྱི་དཀར་པོའི་ཆེའི་རྫོགས་པ་གསུམ་པ་ལ་གྲུབ་པར་བགྱིས་པའི། ཡི་གེ་པ་ནི་ཡར་སྟོད་པ་ལྷུན་གྲུབ་རྡོ་རྗེས་སོ།། །།མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ན། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ། །

</div>
==Notes==
<references />
[[Category: ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།]]

Latest revision as of 06:43, 3 March 2013

{{{1}}}

༼༡ ན ༡༽༄༅། །དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་འོད་བརྒྱ་པ་ཞེས་བྱ་བ་བཞུགས་སོ། ། [1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net