རང་བྱུང་རྡོ་རྗེའི་གསུང་འགུར་ཐོར་བུ་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 
(3 intermediate revisions by the same user not shown)
Line 1: Line 1:
<div class=TibUni16>
{{TibFontClass12}}
༄༅། །རང་བྱུང་རྡོ་རྗེའི་གསུང་མགུར་ཐོར་བུ་བཞུགས་སོ།
༄༅། །རང་བྱུང་རྡོ་རྗེའི་གསུང་མགུར་ཐོར་བུ་བཞུགས་སོ།{{Ref - Karma Lekshey Ling}}

༄༅། །ན་མོ་རཏྣ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཕྱི་རོལ་ནམ་མཁའ་སྟོང་པ་ལ། །འབྱུང་བ་དཀྱིལ་འཁོར་དུ་མ་བརྟན། །སྐྱེ་འགགས་སྣང་ཡང་འདུས་མ་བྱས། །ཕྱིའི་རྟེན་འབྲེལ་གཞི་མ་ཡིན། །སེམས་ཉིད་དག་པའི་དབྱིངས་ཉིད་ལ། །ཕུང་པོ་ཁམས་སོགས་དུ་མར་སྣང་། །སྣང་ཡང་སྐྱེ་འགག་ངོ་བོ་སྟོང། །ནང་གི་རྟེན་འབྲེལ་གནས་ལུགས་ཡིན། །ཕྱི་རོལ་རླུང་གི་དཀྱིལ་འཁོར་གྱིས། །རྒྱ་མཚོ་རི་གླིང་ཐམས་ཅད་བརྟེན། །རྩ་ཤིང་ལོ་འབྲས་འཕེལ་ཞིང་རྒྱས། །སྣ་ཚོགས་སྡུད་དང་འཇིགས་པར་བྱེད། །འདུ་བྱེད་རླུང་ལྟར་གཡོ་བ་ཡིས། །ལས་དང་ཉོན་མོངས་ཆུ་ཚོགས་བསྐྱེད། །གཟུགས་སོགས་སྐྱེ་འགགས་དུ་མ་རྣམས། །འདུ་བྱེད་དབང་གི་འབྱུང་བ་ཡིན། །ཕྱི་རོལ་མེ་ཡི་རྐྱེན་གྱིས་ནི། །དྲོད་དང་སྨིན་དང་གསལ་བར་བྱེད། །རྩ་ཤིང་དངོས་པོ་ཀུན་བསྲེགས་ཅིང་། །རྟེན་མེད་སྐྱེ་ཞིང་འགག་པར་སྣང་། །ཚོར་བ་མེ་ལྕེ་ལྟ་བུ་ནི། །ཡུལ་གྱི་རྐྱེན་གྱི་རབ་འབར་ཞིང་། །བླང་དོར་འདོད་སྲེད་བྱས་ནས་ཀྱང་། །རྟེན་མེད་སེམས་ཀྱི་ངང་དུ་ཡལ། །ཕྱི་རོལ་འབྱུང་བའི་ཆུ་བོ་ནི། །སྣ་ཚོགས་རི་གླང་ཀུན་བསྐྱེད་ཅིང་། །དངོས་པོ་རླན་དང་འཕེལ་བར་བྱེད། །རྟེན་མེད་རང་བཞིན་འགག་པར་སྣང་། །འདུ་ཤེས་ཆུ་བོ་སྨིག་རྒྱུ་འདྲ། །ཡུལ་ལ་མཚན་འཛིན་སྐྱེད་བྱེད་ཅིང་། །ལས་དང་ཉོན་མོངས་ཆུ་བོར་ལྡན། །རྟེན་མེད་སྐྱེ་ཞིང་འགག་པར་སྣང་། །ཕྱི་རོལ་ས་རྡོ་རི་བྲག་ཀུན། །གཡོ་མེད་བརྟན་པ་ལྟར་སྣང་ཡང་། །སྐད་ཅིག་མི་རྟག་འཇིག་འགྱུར་ཞིང་། །རྟེན་མེད་ནམ་མཁའི་ངང་དུ་འགག །གཟུགས་ཀྱི་ཕུང་པོར་སྣང་བ་ཡང་། །ཁམས་དང་སྐྱེ་མཆེད་དུ་མ་རྣམས། །བརྟེན་སྣང་སྐད་ཅིག་སྐྱེ་འགག་བྱེད། །སེམས་ཀྱི་ཆོ་འཕྲུལ་ངང་དུ་འགག །གླུ་ངོ་མཚར་དཔེ་དོན་བཅུ་པོ་འདི། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །ཉམས་ལ་ཤར་ནས་བླངས་པ་ལགས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཆོས་རྗེ་རང་བྱུང་རྡོ་རྗེ་ཡིས། རིན་ཆེན་ཟངས་བཟང་པ་རྣམས་ལ་དབང་བསྐུར་མཛད་དུས་ཞུས་པ་ལ་གསུངས་པའོ།། །། ༈ ན་མོ་གུ་རུ། འཁོར་དང་མྱ་ངན་འདས་པའི་ཆོས། །གཉིས་སུ་མེད་པར་མངོན་གྱུར་པ། །སྒྱུ་མ་ལྟ་བུའི་རྣམ་འཕྲུལ་དུ། །རྟོག་པ་དེ་ལ་ཕྱག་འཚལ་ལོ། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །རང་གི་སེམས་ཀྱི་ཆོ་འཕྲུལ་སྟེ། །གཞན་དུ་བདེན་པ་རྡུལ་ཙམ་མེད། །དེ་ཕྱིར་རང་གིས་ངང་དུ་ལྟོས། །རྣམ་པར་ཤེས་པའི་ངོ་བོ་དེ། །སྒྱུ་མ་སྨིག་རྒྱུའི་ངོ་བོ་ལྟར། །སྣང་ཡང་བདེན་པར་མ་གྲུབ་པས། །རང་གྲོལ་གཅིག་ཏུ་ཀློད་ལ་ཞོག །དེ་ལྟར་མ་རྟོགས་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རྒྱུན་དུ་བསྒོམ། །སེམས་ཅན་བདེན་པར་མི་འཛིན་པར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཡིན། །དེ་ལྟར་སྟོན་པའི་བླ་མ་ལ། །མོས་གུས་རྒྱུན་ཆད་མེད་པར་བསྒོམ། །ངེས་ཤེས་ཆེན་པོ་གསོལ་བ་གདབ། །རྟག་ཏུ་བྱིན་རླབས་འབྱུང་བ་ཡིན། །སེམས་ཉིད་རྟེན་ཅིང་འབྲེལ་འབྱུང་ལ། །འགག་མེད་རྩལ་སྦྱོང་དུ་མ་ཡི། །རང་ངོ་སེམས་ལ་སྦྱངས་པ་ན། །སྣ་ཚོགས་ཡོན་ཏན་དུ་མ་འབྱུང་། །ལྟ་སྟངས་གནད་དུ་བརྟེག་པ་དངས། །མ་ཡེངས་ངང་དུ་འཇོག་པ་དེ། །ཞི་གནས་འགྲུབ་པར་བྱེད་པ་ཡིན། །ལུས་ངག་ཡིད་གསུམ་ལོངས་སྤྱོད་རྣམས། །རྟག་ཏུ་སེམས་ཅན་དོན་དུ་བསྔོ། །སྨོན་ལམ་རྒྱ་ཆེན་རྒྱུན་དུ་གདབ། །ཡོན་ཏན་སེམས་ལ་འཆར་བ་ཡིན། །ཞེས་པ་འདི་བྱི་བ་ལོ་ལ་བདེ་ཆེན་སྟེང་གི་རི་ལ་བྱོན་དུས་གསུངས་པའོ།། །། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །མན་ངག་དམ་པ་དབྱངས་སུ་ལེན། །སྐལ་བར་ལྡན་རྣམས་སྙན་གསན་མཛོད། །ཐེག་ཆེན་བླ་མ་དམ་པ་ལ། །མོས་གུས་ཚུལ་བཞིན་བྱས་ནས་ཀྱང་། །ངེས་ཤེས་རྒྱུན་ཆད་མེད་པར་བསྒོམ། །བྱིན་རླབས་སེམས་ལ་འཇུག་པ་ཡིན། །དང་པོ་རྣམ་རྟོག་དབེན་པ་དང་། །རི་ཁྲོད་དབེན་པ་བརྟེན་བྱས་ནས། །རྣམ་པར་འཛིན་པ་དེ། །ཞི་གནས་བསྐྱེད་པར་བྱེད་པ་ཡིན། །ཐོས་པ་རྒྱུད་ལ་བརྟེན་པ་དང་། །ཤེས་རབ་སྣང་བ་བསྐྱེད་པ་དང་། །ཆོས་ཀུན་བདག་མེད་རྟོག་བྱེད་པ། །ལྷག་མཐོང་བསྐྱེད་པར་བྱེད་པ་ཡིན། །མ་ཡེངས་རྩེ་གཅིག་འཇོག་པ་དང་། །བསམ་གཏན་གོམས་པར་བྱེད་པ་དང་། །སྣང་སྟོང་སྒྱུ་མ་ལྟར་སྦྱོང་བ། །འབྲས་བུ་རྟོག་པར་བྱེད་པ་ཡིན། །སྙིང་རྗེ་ཆེན་པོས་ཟིན་པ་དང་། །སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོངས། །ཅེས་པ་རྣམ་བར་ཕུག་ཏུའོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཚིགས་འདི་ལ་འདིར་བཞུགས་སྙན་གསན་མཛོད། །དོན་དགོས་ཆེད་གདའ་ན་ཐུགས་ལ་ཞོག །དལ་འབྱོར་མི་ལུས་ཐོབ་ནས་ཀྱང་། །ཐེག་ཆེན་བླ་མ་རྙེད་གྱུར་ནས། །ཆོས་ཚུལ་བཞིན་ཉམས་སུ་མི་ལེན་པར། རྩབ་རྩུབ་མང་ཀྱང་དགོས་རྒྱུ་ཆུང་། །རང་ལུས་དབེན་པར་མི་ཤེས་ཤིང་། །སྒྲོ་འདོགས་ནང་ནས་མ་ཆོད་པར། །ཕྱི་རོལ་གནས་ཀུན་བསྒྲོད་བྱས་ཀྱང་། །ཐང་ཆད་སྡུག་བསྔལ་མྱོང་བ་ལགས། །སྣང་བ་དཔེ་ཆ་མ་ཤར་ཅིང་། །གཅིག་ཤེས་ཀུན་གྲོལ་མ་བྱུང་ན། །ཡིག་ཚོགས་ནོར་རྩིས་བྱས་ལགས་ཀྱང་། །གླུ་མཁན་ཆོས་བཞིན་དགོས་པ་མེད། །དབེན་གནས་སེམས་སུ་ཤེས་ནས་ཀྱང་། །འགོག་པ་ཉོན་མོངས་རང་སར་འགོག །སྦྱང་ན་ཏིང་འཛིན་ཕྱོགས་མེད་སྦྱོང་། །འདི་སྒྲུབ་ན་ངོ་མཚར་ཆེ་བ་ལགས། །ཤེས་རབ་རང་བྱུང་སྒྲོན་མེ་འདི། །ཐམས་ཅད་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྤྲོས་བྲལ་དབྱིངས་སུ་དག །རྟོགས་ན་མཁས་པའི་མཐར་ཐུག་ཡིན། །ཐོག་མེད་དུས་ན་འབྲེལ་པ་ཡིན། །ཁམས་གསུམ་སེམས་ཐམས་ཅད་ལ། །སྙིང་རྗེ་ནང་ནས་བསྐྱེད་བྱས་ནས། །ཐེག་དམན་ལམ་དུས་འགྲོ་དགོས་མེད། །དེ་ཕྱིར་སྟོང་ཉིད་སྙིང་རྗེ་དང་། །ཟབ་མོའི་བསམ་གཏན་རྒྱུན་དུ་བསྒོམ། །དོན་ཐམས་ཅད་བསྡུས་ཀྱང་དེ་ལས་མེད། །དེ་འདིར་བཞུགས་སྙན་དུ་འབུལ་བ་ལགས། །ཞེས་པའི་མགུར་འདི། བྱི་བ་ལོ་ཟླ་བ་རྒྱལ་ལ། འབྲུག་གོང་གསལ་གྱི་དགོན་པར་ཚོགས་གྲལ་དུ་གསུངས་པའོ།། །། ༈ ན་མོ་གུ་རུ། འཁོར་འདས་རོ་མཉམ་རང་བཞིན་ཉིད། །ཆོས་དབྱིངས་གཅིག་གི་དཀྱིལ་འཁོར། །རྟོག་པ་ལྷུན་གྲུབ་ངོ་བོ་ཉིད། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །གངས་ཅན་འགྲོ་བ་འདུལ་བའི་ཕྱིར། །སྣ་ཚོགས་རྫུ་འཕྲུལ་བསམ་མི་ཁྱབ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཡིན། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་རྣམས་ཀུན་གྱི་རྣམ་འཕྲུལ་སྟེ། །སྣ་ཚོགས་སྒྱུ་མའི་རོལ་པ་ལ། །ཆུ་ཟླ་ལྟ་བུར་རྟོགས་ན་ཡིན། །དངོས་པོར་སྣང་བ་ཐམས་ཅད་ཀུན། །རང་བཞིན་སྟོང་ཞིང་དག་པ་སྟེ། །བློ་ཡི་སྤྲོས་པས་མ་བསླད་པ། །འཛིན་མེད་མཁའ་ལྟར་དག་ན་ཡིན། །རྣམ་རྟོག་ཐ་མལ་གྱི་ཤེས་པ་འདི། །བྱིང་རྨུགས་ཀྱི་ཕྱོགས་སུ་མ་ལྷུང་བར། །བདེ་གསལ་མི་རྟོགས་མཉམ་འབྲེལ་པར། །དྲན་པས་སྐྱོང་ན་སྒོམ་པ་ཡིན། །ཐུབ་པའི་བཀའ་ལས་བྱུང་བ་ལྟར། །རང་འདོད་ཞེན་པས་མ་བཅིངས་པར། །འགྲོ་ལ་ཕན་པའི་རྗེ་འཇུག་པ། །རྒྱུན་དུ་སྤྱོད་ན་སྤྱོད་པ་ཡིན། །སྲིད་དང་ཞི་བར་མི་གནས་ཞིང་། འཁོར་འདས་ཕྱོགས་སུ་མ་ལྷུང་བར། །ཇི་ལྟ་ཇི་སྙེད་མཉམ་ཉིད་དུ། །ལྷུན་གྱི་གྲུབ་ན་འབྲས་བུ་ཡིན། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡིན། །རང་བཞིན་གཏན་ལ་འབེབས་པའི་གླུ། །བསམ་ཡས་འཆིམ་ཕུའི་རྩེ་མོ་རུ། །རང་བཞིན་ངག་ཏུ་བརྗོད་པ་ལགས། །ཞེས་པ་འདི། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེ་ཡིས། བསམ་ཡས་འཆིམ་ཕུའི་རྩེ་མོ་རུ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་སུ་གསུངས་པའོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་དམ་པ་བཀའ་དྲིན་ཅན། །གཉིས་མེད་ཡེ་ཤེས་སྟོན་པ་པོ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །རི་བོ་གངས་ཅན་ཤར་ཕྱོགས་སུ། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ལ། །དཔོན་སློབ་ཀྱི་གཟུང་འཛིན་མི་གདའོ། །སྣང་བ་རང་སེམས་སུ་ངེས་ཤེས་སྐྱེས། །བསམ་ཤིང་རང་སེམས་སུ་ངེས་ཤེས་སྐྱེས། །ནོར་དང་སོ་སོར་སྣང་བ་སྒྱུ་མ་སྟེ། །ནོར་དུ་རྟོག་མཁན་འཁྲུལ་པ་ལགས། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ནི། །ལོངས་སྤྱོད་ཀྱི་མངོན་ཞེན་མི་གདའོ། །ཡུལ་སྣང་སེམས་སུ་ངེས་ཤེས་སྐྱེས། །བསམ་ཞིང་རང་སེམས་ལ་ངེས་ཤེས་སྐྱེས། །སྙིང་པོའི་ཡུལ་སྣང་རྫུན་པ་སྟེ། །སྙིང་རྗེའི་མཁན་རྣམ་རྟོག་ལགས། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ནི། །བླང་དོར་གྱི་རྟོག་པ་མི་དགའོ། །སྙིང་རྗེ་རང་སེམས་སུ་ངེས་ཤེས་སྐྱེས། །བསམ་ཞིང་རང་སེམས་ལ་ངེས་ཤེས་སྐྱེས། །ཆོས་སུ་སྣང་བ་འཁྲུལ་པ་སྟེ། །བྱའོ་སྙམས་ན་འཛིན་རྟོག་ལགས། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ནི། །ཆོས་ཀུན་ཆོས་ཉིད་ཀྱི་ངང་དུ་དུ་ཐལ། །གཉིས་མེད་ཀྱི་སེམས་ལས་ངེས་ཤེས་སྐྱེས། །བསམ་ཞིང་རང་སེམས་ལ་ངེས་ཤེས་སྐྱེས། །མིང་ཚིག་བརྗོད་པ་ཡང་ཡེ་ཤེས་སྟེ། །བརྗོད་མེད་ཀྱི་དོན་ཡང་ཡེ་ཤེས་ལགས། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ནི། །བརྗོད་མ་བརྗོད་བླང་དོར་མི་གདའོ། །སེམས་ཡེ་ཤེས་ཀྱི་ངོ་བོར་ངེས་ཤེས་སྐྱེས། །བསམ་ཤིང་རང་སེམས་ལ་ངེས་ཤེས་སྐྱེས། །སྒོམ་སེམས་འཛིན་གྱི་དམིགས་གསལ་རྟོགས་པ་སྟེ། །དམིགས་མེད་ལ་སྒོམ་རྒྱུ་མ་མཐོང་བས། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ནི། །དམིགས་དང་དམིགས་མེད་མཉམ་པར་རྟོགས། །སེམས་བསམ་གཏན་ཡིན་པར་ངེས་ཤེས་སྐྱེས། །བསམ་ཤིང་རང་སེམས་ལ་ངེས་ཤེས་སྐྱེས། །སླད་ཀྱི་ཉམས་སུ་ལེན་པ་ཀུན། །རྗེ་གྲུབ་ཐོབ་གོང་མའི་རྗེས་སུ་སྙོགས། །གྲུབ་ཐོབ་གཙང་བའི་སྐྱོ་སྐྱེས་ལ། །རྟེན་ནས་ཁོ་བོས་ནང་དུ་བལྟས། །དབྱངས་མཆོད་པར་འབུལ་ལོ་སྐྱེས་ཆེན་རྣམས། །དོན་ཐུགས་ལ་ཞོག་ཅིག་སྐལ་ལྡན་ཀུན། །ཞེས་པ་འདི་ཆོས་རྗེ་རང་བྱུང་རྡོ་རྗེ་ཡིས། རྐོག་འཕྲང་དུ་གཙང་པ་རྒྱ་ཡིས་སྐྱོ་སྐྱེས་དྲུག་བླངས་པའི་དུས་གསུངས་སོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འདིར་བཞུགས་སྐལ་ལྡན་སྙན་གསོན་ལ། །དགོས་ཆེད་གཅིག་གདའ་ན་ཐུགས་ལ་ཞོག །འཁོར་བའི་རྒྱ་མཚོ་ཆེན་པོ་ནས། །སྐྱེ་རྒ་ན་འཆིའི་ཆུ་བོ་འབབ། །ཉོན་མོངས་ཆུ་སྲིན་དུ་མས་གང་། །ཐར་མེད་བཟའ་ཀློང་འཁྲུགས་པ་ལ། །མྱུར་དུ་རྒལ་བར་འདོད་པ་རྣམས། །དལ་འབྱོར་གྲུ་ཆེན་ཐོབ་དུས་སུ། །རྒས་པའི་སྐྱོན་གྱི་མ་གོས་པར། །ཚུལ་ཁྲིམས་བཟང་པོའི་ཟག་ལྡན་གྱི། །སྦྱིན་པའི་ཡོ་བྱད་ལྡན་བྱ་ཞིང་། །ཚུལ་ཁྲིམས་སྐྱ་བ་ལྡན་པ་དང་། །བཟོད་པའི་བ་དན་གཡོ་བས་བརྒྱན། །ཐེག་ཆེན་བླ་མའི་མཉེན་པ་དང་། །བསམ་གཏན་ཟས་ཀྱི་ལེགས་འཚོ་ཞིང་། །ཤེས་རབ་ཆེན་པོས་ལེགས་བརྟགས་སྟེ། །འཁོར་བའི་ཀློང་དུ་མ་ཤོར་བར། །ཐར་པའི་གླིང་དུ་བགྲོད་པར་བྱ། །ཡང་གཅིག་གསོན་དང་སྐལ་ལྡན་ཀུན། །ཚེ་འདིར་བརྩོན་པ་མ་བསྐྱེད་ན། །རིག་པའི་ཁྱེའུ་ཆུང་ཡེངས་ལ་དགའ། །འདོད་ཡོན་སྣང་བ་བྲིད་ལ་མཁས། །འཁོར་བའི་དབའ་ཀློང་འཇིགས་པ་ཆེ། །རྣམ་རྟོག་གཡེངས་བ་དགྲ་ཐབས་མཁས། །བྱིང་རྒོད་སྐྱོན་འདི་སྣ་ཚོགས་འབྱུང་། །འཁོར་བའི་ཀློང་དུ་འཆོར་ཉན་གདའ། །དེ་ཕྱིར་རྒྱལ་བའི་སྙིགས་དུས་འདིར། །ཐེག་ཆེན་བླ་མའི་བཀའ་བཞིན་བསྒྲུབ། །ཟང་ཟིང་གཡེང་བ་རིང་དུ་སྤོངས། །དབེན་གནས་རི་ཁྲོད་དགོན་པ་བསྟེན། །འདོད་ཡོན་ཟས་ཀྱི་སྲེད་པ་ཆོས། །འཁོར་བའི་འབྲེལ་བ་ཀུན་ཆོད་ལ། །དེ་ལྟར་བརྗོད་པའི་མགུར་དབྱངས་འདི། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །རི་བོ་གངས་ཅན་གྱི་ཤར་ཕྱོགས་ཀྱི། །རྩཱ་རིའི་གཞོལ་དུ་བླང་པ་ལགས། །ཞེས་པའི་ཆོས་རྗེ་རང་བྱུང་རྡོ་རྗེ་ཡིས། གླང་ལོ་ཟླ་བ་གསུམ་པའི་ཉི་ཤུ་གསུམ་ལ། བང་རམ་སྤངས་གིས་ཚོགས་གྲལ་དུ་གསུངས་པའོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་རྒྱུད་གྲོལ་བར་བྱིན་གྱིས་རློབས། །སྙིགས་དུས་གངས་ཅན་ཤར་ཕྱོགས་སུ། །བྱུང་བའི་རྣལ་འབྱོར་འདི་སྐད་ལོ། །དཔག་མེད་སྦྱང་བར་ལས་འཕྲོ་ཡིས། །དལ་འབྱོར་མི་ལུས་ཐོབ་དུས་སུ། །གཡེང་བའི་སད་ལ་མི་བསྐུར་བར། །ཚུལ་བཞིན་ཉམས་སུ་བླང་ཡང་འཚལ། །རྒྱལ་བའི་རྣམ་འཕྲུལ་དཔག་མེད་ཀྱི། །བླ་མའི་རྣམ་ཐར་བསྟན་པ་ལ། །རང་སེམས་དག་པའི་མོས་གུས་ཀྱི། །རྩེ་ཅིག་དག་སྣང་བསྐྱེད་ཀྱང་འཚལ། །ཉོན་མོངས་རྣམ་པར་དབེན་པ་ཡིད། །རི་ཁྲོད་བས་མཐའ་ཉམས་དགའ་བར། །རྩེ་ཅིག་དབེན་པ་བསྟན་ཡང་འཚལ། །རང་སེམས་ནང་དུ་བཀུག་པ་ཡི། །བདེ་གསལ་མི་རྟོག་ཏིང་འཛིན་ནི། །འབད་མེད་རྒྱུད་ལ་སྐྱེས་པའི་ཚེ། །གཡེང་བའི་རྐྱེན་ལ་མི་བསྐུར་འཚལ། །ཐོག་མེད་ལས་ཀྱི་བག་ཆགས་ཀྱི། །ལུས་སེམས་ལ་བར་དུ་གཅོད་པ་ཡི། །རྐྱེན་ངན་སྡུག་བསྔལ་ཐམས་ཅད་ཀྱང་། །ལམ་དུ་བསླང་ཞིང་བསྒོམ་ཡང་འཚལ། །ཟག་མེད་རྒྱལ་བའི་སྙིང་པོ་ཡི། །རྣམ་འཕྲུལ་རྟེན་འབྲེལ་ཤེས་རབ་འདི། །བྱིང་རྨུག་སྐྱོན་གྱི་མ་བསླད་པར། །དག་གསལ་གཉེན་པོ་སྤྲོ་ཡང་འཚལ། །བདག་དང་སེམས་ཅན་སྤྲོ་ཡང་འཚལ། །བདག་དང་སེམས་ཅན་བདག་མེད་ཀྱང་། །སྙིང་རྗེ་ཆེན་པོའི་རང་བཞིན་གྱིས། །རྒྱུན་དུ་རྗེས་སུ་བཟུངས་སེམས་ཀྱིས། །འཁོར་བ་ཇི་སྲིད་བསྔོ་ཡང་འཚལ། །ཉམས་ལེན་ལམ་གྱི་སྒྲོན་མེའི་མགུར། །རྣམ་རྟོག་འཕྲོ་འདུ་ལ་བརྟེན་ནས། །ནགས་ཕུ་དཔལ་གྱི་དགོན་པར་བྲིས། །སྐལ་ལྡན་རྣམས་ཀྱི་གདམས་ངག་མཛོད། ཞེས་ཆོས་རྗེ་རང་བྱུང་རྡོ་རྗེའི་གསུངས་སོ།། །། ༈ ན་མོ་གུ་རུ། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་འདུས་པའི་གཙོ། །རང་སེམས་ཆོས་སྐུར་ངོ་སྤྲོད་པའི། །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །སྙིགས་མ་ལྔ་ལྡན་རྩོད་པའི་དུས། རྒྱལ་བ་ཐུགས་རྗེའི་མངའ་བདག་གི །འགྲོ་ལ་སྣ་ཚོགས་ཐབས་ཚུལ་གྱིས། །ཐེག་པ་བླ་ན་མེད་པ་གསུངས། །ལས་དང་སྐལ་བར་ལྡན་པ་ཡི། །གྲུབ་ཐོབ་བརྒྱུད་པའི་གདམས་ངག་ཐོབ། །མདོ་རྒྱུད་བསྟན་བཅོས་དཔག་མེད་ཤེས། །ཡང་དག་ལྟ་བ་མ་ནོར་རྙེད། །ད་ཚུལ་བཞིན་ཉམས་སུ་ལེན་པ་ན། །དབེན་གནས་འདུ་འཛི་མེད་པ་ཡི། །ཙཱ་རི་དབེན་པའི་ཉེ་འཁོར་དང་། །ནགས་ཕུ་དཔལ་ལྡན་ལྟ་བུ་ཡི། །འཇིག་རྟེན་རྣམ་གཡེངས་མེད་པ་རུ། །བསྒྲུབ་པ་ཚུལ་བཞིན་བྱས་ན་ལེགས། །གནས་འདི་ནི་ཕྱོགས་མེད་རི་བོའི་རྩེ། །ཕལ་གྱི་བསྒྲོད་པར་རབ་དཀའ་ཞིང་། །འདུ་འཛིའི་བབ་ཆོས་རྣམ་པར་དབེན། །གང་རྩི་དཔལ་ལྡན་ཏི་ཅིའི་དྲུགས། །གང་རི་མཛེས་པའི་ཕྲེང་བས་བསྐོར། །བྲག་རི་མཆོད་རྟེན་འཕྲེང་བ་འདྲ། །ནགས་ཚལ་ལྗོན་པ་དུ་མས་གང་། །བདུད་རྩིའི་ཆུ་རྒྱུན་གང་འདོད་བབ། །སྤངས་ལྗོངས་ཤིན་དུ་མཛེས་པ་ལ། །སྨན་དང་བཟའ་བའི་རོ་བཅུད་ཀྱིས། །རྫས་རྣམས་དུ་མས་རབ་གང་ཞིང་། །བསྒྲུབ་པ་འཕེལ་བའི་གནས་མཆོག་ཡིན། །འདིར་བཞུགས་སྐྱེས་བུ་དམ་པ་རྣམས། །བསྒྲུབ་པ་ཉམས་སུ་ལེན་པ་ཡིན། །བཟང་འདོད་མཁན་གྱི་རྟོག་ལྡན་དང་། །མི་མགོ་བསྐོར་བའི་དགེ་བཤེས་དང་། །ལྟོ་གདུང་ཅན་གྱི་སྒོམ་ཆེན་དང་། །རྣམ་གཡེངས་འདོད་པའི་སྐྱེས་བུ་ཀུན། །གནས་འདིར་ཕྱིན་ཀྱང་འདུག་མི་ཚུལ། །དེ་ཕྱིར་སྒྲུབ་པ་འཕེལ་བ་སྟེ། །སྙིགས་དུས་དབེན་གནས་ཨེ་མ་ཧོ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །རང་གི་ཉམས་སུ་མྱོང་པའི་དོན། །སྒྲོ་འདོགས་ནང་ནས་མ་ཆོད་ན། །ཕྱི་རུ་གོ་ཡང་མི་ཕན་པས། །ཕྱི་ནང་གཅིག་ཏུ་གདར་ཤ་ཆོད། །ཡོད་པའི་ལོངས་སྤྱོད་མི་འདོར་ཅིང་། །མེད་པ་འདོད་པར་མི་བྱ་སྟེ། །དཀའ་ཐུབ་དོན་མེད་མི་བྱེད་ཅིང་། །ཅུང་ཟད་དཀའ་ཡང་ཏིང་འཛིན་སྤེལ། །མི་ཤེས་གཞན་ལ་མི་བསྟན་ཅིང་། །ཤེས་ཀྱང་དཔེ་འཁྱུད་བྱེད་པ་དོར། །མི་ཉན་སློབ་མ་མི་བསྡུ་ཞིང་། །གུས་ལྡན་གཞན་དུ་སྐྲད་མི་བྱ། །ཉམས་མྱོང་གཞན་ལ་མི་སྨྲ་ཞིང་། །སྒྲོ་འདོགས་སེམས་ལ་ལན་སྨྲ་བྱ། །ང་བཟང་ཚུལ་འཆོས་མི་བྱ་ཞིང་། །དམན་པའི་ཚུལ་ཆོས་མི་འདོར་བར། །མཐའ་གཉིས་རྣམ་པར་སྤངས་ནས་ཀྱང་། །ཐོབ་བསམ་བསྒོམ་ལ་བརྟེན་བྱ་ཞེས། །གོ་ནས་ངག་ཏུ་སྨྲས་པ་ལགས། སླད་མ་ཉམས་ལེན་མཛད་པ་རྣམས། །དེ་ལྟར་དགོངས་ལ་བསྒྲུབ་པ་མཛོད། །ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །། ༈ ན་མོ་རཏྣ་གུ་རུ། འགྲོ་བ་ཀུན་ལ་ཐུགས་རྗེ་ཅན། །སྐྱབས་ཤཱཀྱའི་རྒྱལ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་སྨོན་ལམ་དཔག་མེད་ཀྱང་། །ལོག་པའི་སེམས་ཅན་དམུ་རྒོད་རྣམས། །ཐུགས་རྗེས་ཐུལ་བར་དཀའ་བ་ཡིན། །འདུལ་བར་མཛད་པ་ཤིན་ཏུ་རྨད། །ཀྱེ་མ་རང་བྱུང་མིང་ཅན་བདག །ཁྱེད་ལ་མོས་པས་གསོལ་བར་བགྱིད། །བསྟན་པའི་སྙིགས་མ་ལྔ་ལྡན་དུས། །བསྟན་པ་འཛིན་པའི་དགེ་བཤེས་ཀུན། །ཕོ་ཚུག་ཚུལ་འཆོས་སྤྱོད་པ་ཡི། །བླུན་པོ་དད་བྱེད་ངོ་མཚར་ཡང་། །རང་དོན་ཉོན་མོངས་མ་བྲི་བས། །ང་ཁྱོད་ཆོས་ལ་བྱེད་པ་དེ། ཆོས་སྤོང་ཉེ་བ་འདི་མ་མཚར། །དང་པོ་གཞོན་ནུ་རབ་བྱུང་ཞིང་། །འཕགས་པའི་རྒྱལ་མཚན་ཐོགས་པ་འདི། །ཤིན་ཏུ་ངོ་མཚར་རྨད་བྱུང་ཡང་། །དར་བབ་ཅུང་ཟད་རྣམ་པའི་ཚེ། །ཉོན་མོངས་ལོངས་སྤྱོད་ངན་འགྲོར་ལྟུང་། །ཕན་བཙུན་སེར་གཟུང་འདི་མ་མཚར། །མཁས་པའི་དྲུང་དུ་བློ་གྲོས་ཅན། །སྡེ་སྣོད་གསུམ་ལ་སློབ་པ་འདི། །དེ་བས་རབ་ཏུ་ངོ་མཚར་ཡང་། །བཤད་ཅིང་སྟོན་པར་མིང་ཐོག་ནས། །ཆོས་མིན་སྤྱོད་ཅིང་ནན་ཆགས་སྤངས། །རང་རྒྱུད་རིངས་པ་འདི་མ་མཚར། །བླ་མའི་གདམ་ངག་ཐོབ་ནས་ཀྱང་། །དབེན་པ་ཚུལ་བཞིན་སྒོམ་པ་དེ། །ཤིན་ཏུ་ངོ་མཚར་ཆེ་ལགས་ཀྱང་། །བསམ་གཏན་ཉམས་མྱོང་བྲ་སྲིག་ལ། །བརྟེན་ནས་རྫུན་དུ་སྨྲ་བ་འདི། །བདག་གཞན་བསླུ་བས་འདི་མ་མཚར། །བདེ་གསལ་མི་རྟོག་ཏིང་ངེ་འཛིན། །སྐྱེས་ནས་ཉོན་མོངས་ཞི་བ་འདི། །ཁྱད་པར་རྨད་དུ་ངོ་མཚར་ཀྱང་། །འདུ་ཤེས་བཀག་པའི་ང་རྒྱལ་ལ། །ཞེན་ནས་འདུ་ཤེས་མེད་པའི་ལྟར་། །ཡི་ཁོམ་གྱུར་པ་འདི་མ་མཚར། །ཐོས་བསམ་བླ་མའི་བྱིན་རླབས་ཀྱི། །བསམ་གཏན་ཤེས་རབ་འབྲེལ་བ་ཡི། །ངོ་བོ་གོ་བ་ཀུན་ལ་ངོ་མཚར་ཡང་། །རྟོགས་པ་བརྟན་པོར་མ་གྱུར་པར། །གཞན་གྱི་ཐེ་གཏོང་བསོད་ཆུང་གི །ཕྱིར་ལ་ཁྲིད་པ་འདི་མ་མཚར། །རང་གི་ཉམས་སུ་བླངས་ནས་ཀྱང་། །འཇིག་རྟེན་སྲེད་པ་ཆོད་པ་འདི། །སྲེད་ལས་གྲོལ་བར་ངོ་མཚར་ཕངས། །སྙིང་རྗེ་ཀུན་སློང་ཆུང་བ་ཡིན། །ཐབས་མཁས་གཞན་དོན་བོར་བ་དེ། །ཐེག་དམན་ལྟུང་བ་འདི་མ་མཚར། །བློ་ལྡན་ཐེག་ཆེན་རིག་ལྡན་པས། །ཤེས་རབ་སྙིང་རྗེ་འཛོམ་པ་ཡི། །སྡུག་བསྔལ་དང་ལེན་འདི་མཚར་ཡང་། །བདག་དང་སེམས་ཅན་གདོད་མ་ནས། །སྒྱུ་འདྲ་མངོན་དུ་མ་གྱུར་པས། །འཁོར་བར་ལྟུང་བ་འདི་མ་མཚར། །སྡུག་བསྔལ་ཀུན་འབྱུང་ལ་བརྟེན་པའི། །མ་དག་པ་ཡི་ཞིང་དོར་ནས། །དག་པའི་ཞིང་སྦྱང་ངོ་མཚར་ཀྱང་། །ཞིང་ཀུན་རང་སྣང་མ་ཤེས་ནས། །བླང་དོར་བྱས་པས་སྡུག་བསྔལ་བསྐྱེད། །མཉམ་ཉིད་མ་གྱུར་འདི་མ་མཚར། །དེ་སོགས་དཔག་ཏུ་མེད་པ་ཡི། །ངོ་མཚར་ངོ་མཚར་མ་ཡིན་པའི། །རང་བྱུང་སེམས་ལ་རྟོག་ལགས་ཀྱང་། །བཤད་ཀྱང་གཞན་ལ་མི་ཕན་ཅིང་། །སླར་ཡང་ཟུར་ཟར་མཐོང་སྲིད་པས། །མཉམ་པ་ཉིད་ལ་ཀློད་ལ་ཞོག །འགྲོ་ཀུན་མཐའ་གཉིས་སྤངས་ནས་ཀྱང་། །རྒྱལ་བའི་བསྟན་པ་རྒྱས་པར་ཤོག །ནགས་ཕུ་དཔལ་གྱི་རི་ཁྲོད་དུ། །རྣམ་རྟོག་འཕྲོས་པས་དབྱངས་སུ་བླངས།། །། ༈ ན་མོ་རཏྣ་གུ་རུ། དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཨེ་མ་དུས་མཐའི་རྣལ་འབྱོར་པ། །བདག་མཁོས་ཆུང་རི་ཁྲོད་གནས་པ་འདི། །གཡེང་བའི་སད་ཀྱིས་མ་ཁྱེར་ན། །བླ་མས་བྱིན་གྱིས་རློབ་པར་ངེས། །བདག་འདྲ་རང་བྱུང་མིང་ཅན་འདི། །དཔལ་ལྡན་ཁྱུང་རྫོང་ཞེས་བྱ་རུ། རྩེ་ཅིག་བསྒྲུབ་པ་བྱེད་དུས་སུ། །ཁྱི་ལོ་དབྱར་ཟླ་འབྲིང་པོ་ཡི། །ཡར་ངོའི་ནུབ་གཅིག་རྨི་ལམ་ན། །རི་བོ་རིན་ཆེན་སྤུངས་འདྲའི་ངོས། །ཐུགས་རྗེའི་བདག་པོ་སྤྱན་རས་གཟིགས། །སྟོན་ཟླའི་དཀྱིལ་འཁོར་ལྟར་དཀར་བ། །དེ་མདུན་མི་གཙང་འཁོར་བ་ཡི། །གཡང་ས་འཇིགས་པ་འདུག་པ་རྨིས། །དེ་ན་རྣལ་འབྱོར་ཏཻ་ལོ་པ། །བཞུགས་ནས་བདག་ལ་འདི་སྐད་གསུང་། །ཟང་ཟིང་བདུད་ཀྱི་བསླུ་བྲིད་ཡིན། །ཁྱོད་དེ་ལ་ཆགས་པར་མ་བྱེད་ཨང་། །འཁོར་བ་དུག་གི་རང་བཞིན་ཡིན། །འདི་ལ་འདྲེ་བར་མ་བྱེད་ཨང་། །སྐལ་ལྡན་སློབ་མ་ནོར་བུ་འདྲ། །བཟང་པོ་བྱུང་ན་སྐྱོང་གཅིག་ཨང་། །ཐུན་མོངས་ཉམས་མྱོང་དཔག་མེད་ཀྱང་། །བདེན་པར་འཛིན་པར་མ་བྱེད་གསུངས། །དེ་ནས་མི་སྣང་ཡལ་ནས་ཐལ། །ཨེ་མ་བདག་འདྲ་རྣལ་འབྱོར་འདི། །གླང་ལོ་ཟླ་བ་དགུ་པའི། །ཡར་ཚེས་ངོ་ཡི་ཐོ་རངས་ན། །དཀར་སེར་དམར་ལྗང་མཐིང་འོད་འཁྲུག །འོད་ཟེར་སྣ་ཚོགས་མཛེས་དཀྱིལ་ན། །པཎྜྻི་ཏ་ནི་དྲི་མེད་སྐུ། །རབ་གསལ་སྒྲིབ་པ་མེད་པར་བཞུགས། །ཞལ་ནས་གདམས་ངག་མ་གསུངས་ཀྱང་། །བྷི་མ་ལ་མི་ཏྲ་ཡིན་པར་ངེས། །བར་དོ་འོད་ཀྱི་ཟེར་ཐིག་གི། །གནད་ཀྱི་སྙིང་པོ་ཁོང་ནས་ཤེས། །ཨེ་མ་རང་བྱུང་མིང་ཅན་བདག །དཔལ་ལྡན་ཀརྨའི་ཡང་དགོན་ན། །དེ་ལྟར་རྫོགས་ཆེན་གནད་བཀྲོལ་ལོ། །བདག་ནི་སངས་རྒྱས་བྱང་ཆུབ་སེམས། །ཀུན་གྱི་ཐུགས་རྗེས་དགོངས་པ་སྙམས། །ཡོས་བུ་དགུན་ཟླ་འབྲིང་པོ་ཡི། །ནུབ་གཅིག་འདི་ལྟར་རྨི་ལམ་ན། །རིན་ཆེན་འོད་དུ་འབར་གྱུར་པ། །རྒྱལ་བའི་མཆོད་རྟེན་དྲུང་དུ་ནི། །རབ་ཏུ་མཛེས་པའི་དགེ་སློང་གསུམ། །ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་། མགྲིན་གཅིག་སྐད་ཀྱི་རབ་གསུངས་སྟེ། །བདག་གིས་རྩེ་ཅིག་ཡིད་བརྟན་ཉན། །དེ་ནས་ཟབ་མོའི་མདོ་སྡེ་ཀུན། །མཐོང་ནས་གོ་བར་གྱུར་པ་ཡི། །བློ་གྲོས་བདག་གི་ཐོབ་པར་གྱུར། །འདི་ལྟར་འཁྲུལ་པའི་རྨི་ལམ་ལ། །གཟའ་གཏན་ཡོད་པ་མ་ཡིན་ཀྱང་། །འཁྲུལ་སྣང་བག་ཆགས་དཀར་པོ་ལ། །འདྲིས་པའི་དབང་གི་རྨིས་པ་རྣམས། །གཞོན་ནུའི་མིང་ཅན་བཞེད་པ་ན། །འཁྲུལ་སྣང་འདི་ལ་དགྱེས་པར་མཛོད། །འོ་སྐོལ་ད་ལྟ་ལམ་པ་ལ། །མཚན་ལྟས་བཟང་ངན་གང་བྱུང་ཡང་། །སྒྱུ་མ་ལྟ་བུར་ཤེས་པ་ངས། །གསང་བར་བྱ་བ་མན་ངག་ཡིན། །དེས་ན་རྫུན་གྱི་རང་བཞིན་འདི། །གཞན་ལ་མི་སྤེལ་གསང་བར་ཞུ། །ཅེས་པ་འདི་ལྷ་སྟེང་པ། བླ་མ་གཞོན་ནུ་འབུམ་ལ་གསུངས་སོ།། །། ༈ ན་མོ་རཏྣ་གུ་རུ། ཀྱེ་ཀྱེ་བརྩེ་བ་ཆེན་པོས་རབ་གང་བའི། །ཐུགས་རྗེ་ལྡན་པ་རྣམས་ཕྱག་འཚལ། །ཐོག་མེད་དུས་ན་རྗེས་སུ་འབྲེལ་གྱུར་པའི། །བག་ཆགས་སྐྱོན་རྣམས་ཞི་བར་མཛད་དུ་གསོལ། །སེམས་ཀྱི་གསར་སྐྱེ་རྒྱལ་བས་མ་གཟིགས་ཤིང་། །ཐོག་མེད་དུས་ནས་སྐད་ཅིག་ཤེས་པའི་ཡུལ། །འགག་པའི་རང་བཞིན་རྣམ་པར་དག་གྱུར་པ། །འདི་དང་ཉེར་འབྲེལ་ཀུན་ཏུ་གསོ་བའི་ཡིད། །མ་རྟོགས་ཡུན་རིང་འགྲོ་འདིར་འཁོར་བྱས་པས། །ཡུལ་མེད་པ་ལ་ཡུལ་དུ་བཟུང་གྱུར་ཏེ། །གཟུགས་སྒྲ་དྲི་རོ་རེག་བྱ་ཐ་དད་པས། །བདེ་སྡུག་ཡུལ་གྱི་རོ་ལ་མྱོང་གྱུར་ཏེ། །སྐྱེ་རྒས་ན་འཆི་ཟོ་ཆུ་བཞིན་དུ་འཁོར། །དམྱལ་བ་ཡི་དྭགས་དུད་འགྲོའི་འཇིག་རྟེན་དང་། །ལྷ་དང་ལྷ་མིན་སྲིད་པ་གཞན་དག་དུ། །དཀར་ནག་ལས་ཀྱི་སོ་སོར་འཕང་གྱུར་ཅིང་། །སོ་སོའི་ལས་དང་སྐྱིད་སྡུག་བྱེད་པ་དག །མྱོང་བ་དེ་ཡང་མ་རིག་གིས་སྒྲིབ་པས། །མི་དྲན་བཞིན་དུ་སྤྱོད་པ་འདི་རེ་མཚར། །ཐུགས་རྗེ་ལྡན་པའི་རྒྱལ་བ་དཔག་མེད་རྣམས། །བགྲང་ལས་འདས་པ་མྱ་ངན་འདས་གྱུར་ཀྱང་། །ཀུན་གྱི་ཐུགས་རྗེ་ལྕགས་ཀྱུས་མ་ཟིན་ཅིང་། །དོན་མེད་རྣམ་རྟོག་ཅི་ཞིག་ལྟར་བྱོལ་ཏེ། །ད་དུང་འཁོར་བའི་ཀློང་ན་འཁྱམ་པ་མཚར། །ཀྱེ་མ་ཐུགས་རྗེའི་མངའ་བདག་ཐུབ་པ་ཆེ། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི། །ཅུང་ཟད་ཙམ་གཅིག་ཕོག་པར་གྱུར་མོད་ཀྱང་། །བདག་བློ་ཤེས་རབ་སྟོབས་ནི་གཞན་གྱུར་ཅིང་། །མ་རིག་སྒྲིབ་པ་ཤིན་ཏུ་འཐུག་གྱུར་པས། །རང་གི་བློ་ལ་ཤིན་ཏུ་རྨོངས་གྱུར་ཏེ། །དེ་ནི་སངས་རྒྱས་སྟོབས་དང་མི་འཇིགས་དང་། །ཡོན་ཏན་དཔག་མེད་ཁྱེད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་འཕགས་པའི་ས་ལམ་དང་། །ཡེ་ཤེས་སྣང་བ་བསྐྱེད་པར་མཛད་དུ་གསོལ། །ཀྱེ་མའོ་བདག་ནི་ཐོག་མེད་འཁོར་རྩ་ནས། །སྦྱིན་པའི་མཐུ་ནི་ཆུང་གྱུར་ཅིང། །ཚུལ་ཁྲིམས་སྟོབས་ཀྱང་རབ་དམན་པས། །དུས་རིང་འགྲོ་བ་དབུལ་བ་རྣམས། །ཕུན་ཚོགས་ལོངས་སྤྱོད་གྱིས་འཚལ་ཞིང་། །ཆོས་ཀྱི་ཡོངས་སུ་བསྐྱང་པ་དང་། །ནག་པོ་འདྲེས་མར་མ་གྱུར་པའི། །འཕགས་པའི་དགེ་འདུན་སྤྲིན་ཚོགས་ལ། །རྣམ་པར་དག་པའི་ཆོས་སྟོན་ཅིང་། །ཐེ་ཚོམ་གཅོད་པར་མ་གྱུར་ཏོ། །འོན་ཀྱང་སྙིགས་མའི་དུས་སུ་ནི། །རྒྱལ་སྲས་རྣམས་ཀྱི་རྗེས་འཇུག་ཏུ། །བློའི་སྟོབས་ཀྱི་འབད་བྱས་ཤིང་། །སེམས་ཅན་དོན་ནི་ཅི་འགྲུབ་ཏུ། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །ལུས་ངག་ཡིད་ཀྱི་འབད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྨོན་ལམ་ཆེན་པོའི་དབང་གིས་ནི། །གང་གི་སྲིད་པ་ཅི་སྲིད་པར། །སྣ་ཚོགས་ཐབས་ཀྱི་རོལ་པ་མཛད། །དེ་དག་རྗེས་སུ་བསླབ་བྱ་ཞིང་། །སེམས་ནི་མཐུ་དང་ལྡན་པར་བྱ། །གང་དག་དམིགས་པ་ཅན་རྣམས་ཀྱི། །རྒྱལ་སྲས་སྤྱོད་ལ་འཇུག་མིན་པས། །ཅི་ལྟར་སྒྱུ་མ་རྨི་ལམ་ལྟར། །དངོས་རྣམས་ཞེན་པ་མེད་པའི་བློས། །རྟག་ཏུ་རྗེས་སུ་སྤྱད་པར་བྱ། །དངོས་རྣམས་ཀུན་ལ་ཆགས་མེད་པས། །བཟང་ཡང་གཞན་དོན་གྱུར་ཅིག་ཅེས། །བློ་ནི་རྟག་ཏུ་གོམ་པར་བྱ། །ཅི་ལྟར་ལུས་ངག་ཡིད་གསུམ་གྱི། །རྣམ་པ་གཞན་གྱི་དོན་འགྱུར་བར། །ཉོན་མོངས་བཅས་ཀྱང་བློའི་མཐུ། །འགྲོ་ལ་ཕན་པར་སྤྱད་པར་བྱ། །ཅི་ལྟར་ཕྱི་རོལ་ཡུལ་སྣ་ཚོགས། །ནུས་ལྡན་ནུས་ལྡན་མིན་སྣང་ཡང་། །ཆོས་རྣམས་རོ་གཅིག་ཉིད་ཡིན་ཞེས། །སྟོང་པ་ཉིད་ལ་བཟོད་པར་བྱ། །བརྩོན་པའི་སྟོབས་ཆུང་ཉིད་འགྱུར་ཀྱང་། །བྱང་ཆུབ་འགྱུར་རམ་མི་འགྱུར་ཞེས། །ཐེ་ཚོམ་གྱུར་པའི་བློ་སྤངས་ནས། །རྟག་ཏུ་རྒྱལ་སྲས་རྗེས་སུ་སློབ། །རྟོག་དཔྱོད་ལ་སོགས་བསམ་གཏན་རྣམས། །མངོན་དུ་ཐོབ་པར་མ་གྱུར་ཀྱང་། །དྲན་རིག་འགྱུ་བ་སྣ་ཚོགས་འདི། །མ་ཡེངས་ཤེས་རྩེ་གཅིག་བསྐྱངས། །ཤེས་རབ་ལམ་ལ་འཇུག་པའི་སྒོ། །ཐོས་བསམ་རྣམ་པར་བརྩོན་པ་ཡི། །རྒྱལ་བའི་གསུངས་རབ་ལ་སྦྱངས་བྱ། །ཆོས་རྣམས་གདོད་ནས་རྣམ་དག་པ། །སྐྱེ་འགག་ཉེ་བར་ཞི་བའི་དོན། །གཟུགས་སོགས་འདུ་མི་བྱེད་པ་ཡི། །དོན་ལ་རྟག་ཏུ་བལྟ་བྱ་ཞེས། །འཇམ་དཔལ་གྱི་ནི་གང་གསུངས་པ། །དབུ་མའི་རྗེས་སུ་འཇུག་པར་བྱ། །དེ་ལྟར་རྒྱལ་སྲས་རྣམས་ཀྱི་ལེགས་གསུངས་ཤིང་། །བླ་མ་དམ་པ་རྣམས་ཀྱི་མཛད་པ་ལྟར། །བསྒྲུབ་པར་མི་ནུས་བརྩོན་པའི་མཐུ་ཆུང་བ། །རང་བྱུང་མིང་ཅན་གྱིས་སྦྱར་བར་ཡིན། །ཞེས་བགྱི་བའི་མགུར་མ་འདི་ནི། ཆོས་རྗེ་རང་བྱུང་རྡོ་རྗེས་གངས་ཡར་ལྷ་ཤམ་པོའི་འགུལ་གསེར་ཁུང་ཆུང་མདོ་ཞེས་བྱ་བ་ན་བཞུགས་པའི་དུས། ཤིན་དུ་བསྙུང་བར་གྱུར་ནས་ཞིང་གཞན་དུ་གཤེགས་དགོས་སྙམས་པའི་ཐུགས་དགོངས་ཤར་ཅིང་། སླར་ཡང་འདིར་ལས་དང་ཉོན་མོངས་ཀྱི་མནར་བའི་སེམས་ཅན་རྣམས་ལ་ཐུགས་སྙིང་རྗེ་ཆེན་པོ་སྐྱེས་ནས་གསུངས་པའོ།། །། ༈ ན་མོ་གུ་རུ། གནས་རྒྱ་གར་ཡུལ་དུ་སྒྲ་ཆེ་བ། །ན་རོ་མཻ་ཏྲི་མ་ལགས་སམ། །དེའི་རྗེས་འཇུག་ལྷོ་བྲག་པ། སྐྱེས་མཆོག་བཞད་པའི་རྡོ་རྗེ་དང་། །ཟླ་འོད་གཞོན་ནུ་དུས་གསུམ་མཁྱེན། །དགོས་ཆེད་གཅིག་གདའ་ན་ཐུགས་ལ་ཞོག །སངས་རྒྱས་ཞིང་ཁམས་ཐམས་ཅད་ནི། །གནས་ཉི་ཤུ་རྩ་བཞི་སྐད་པ་དེ། །ཕྱི་རོལ་བདེན་པར་གྲུབ་པ་མེད། །རང་ལུས་རྩའི་འཁོར་ལོ་ཡིན། །ཁྱད་པར་གནས་ཆེན་ཐམས་ཅད་ལ། །དཔའ་བོ་མཁའ་འགྲོ་ཟེར་བ་དེ། །ཁམས་དང་ཐིག་ལེ་བཞུགས་པ་ཡིན། ཁམས་དང་ཐིག་ལེ་སྐད་པ་དེ། །མི་ཕྱེད་པུ་ལི་ར་ཡིན་ཏེ། །སྐྲ་དང་སེན་མོ་འབབ་པ་ཡིན། །དེ་བཞིན་གནས་རྣམས་ཐམས་ཅད་ལ། །ཁམས་ཉི་ཤུ་རྩ་བཞི་འབབ་པ་ལགས། །ཁྱད་པར་རྩ་གསུམ་སྦས་པའི་རྩ། །རོ་རྐྱང་ཨ་ཝ་དྷཱུ་ཏི་ཡིན། །ཐབས་ཤེས་དབྱེར་མེད་ཟུང་འཇུག་ལ། །རྟེན་འབྲེལ་སྣ་ཚོགས་གནད་དུ་བསྣུན། །འཁོར་འདས་གཉིས་མེད་རང་ངོ་མཐོང་། །གནས་ཆེན་ཞེས་སུ་རྒྱལ་བས་གསུངས། །བདེ་གསལ་མི་རྟོག་ཡེ་ཤེས་འཆར། །སྦས་པའི་རྩ་ལྔ་གནས་མཆོག་སྟེ། །མཁའ་འགྲོ་ལྔ་པོ་བཞུགས་པ་ཡིན། །རླུང་རྣམ་དག་མཁའ་འགྲོའི་ངོ་བོ་ཉིད། །གཟུགས་སྣང་སྟོང་སྒྱུ་མ་ལྟར་བུར་འཆར། །སྒྲ་གྲགས་སྟོང་དབྱེར་མེད་ཆོས་ཀྱི་སྒྲ། །དྲི་སྣང་སྟོང་ཚུལ་ཁྲིམས་དག་པའི་དྲི། །རོ་སྣང་སྟོང་ཞེན་མེད་ཆོས་ཀྱི་རོ། །ཡིད་ཟག་མེད་བདེ་བ་ཆེན་པོར་འཆར། །དེ་སྒོ་ལྔ་དག་པའི་དངོས་གྲུབ་སྟེར། །ནང་སྦས་པ་དྷཱུ་ཏིའི་རང་བཞིན་ཏེ། །འཁོར་འདས་དབྱེར་མེད་མཁའ་འགྲོ་ཡིན། །དབྱིངས་སྤྲོས་བྲལ་དག་པའི་ནམ་མཁའ་ལ། །ཡེ་ཤེས་རང་གྲོལ་སྣང་བ་འགྲོ། །འཁོར་འདས་དབྱེར་མེད་རང་བཞིན་ཏེ། །དེ་རྟོགས་ན་ཐར་པའི་གྲོགས་སུ་འགྲོ། །ཕྱི་རོལ་གནས་སུ་རྟོག་པ་དེ། །ཡུལ་ལ་མངོན་ཞེན་སྐྱེས་པ་ཡིན། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །ཕྱི་རོལ་གནས་ཀྱི་སྤྲོས་པ་ཆོད། །ཡུལ་སུམ་ཅུ་རྩ་དྲུག་རང་ལ་རྫོགས། །ཁམས་རྣམ་དག་དཔའ་བོའི་རང་བཞིན་མཐོང་། །རླུང་རྣམ་དག་མཁའ་འགྲོའི་རང་བཞིན་མཐོང་། །བདེ་ཆེན་ཟུང་འཇུག་རང་ངོ་ཤེས། །ད་ཐེ་ཚོམ་གྱི་སྤྲོས་པ་མི་གདའོ། །བགེགས་བྱིང་རྒོད་ཀྱི་རྐྱེན་གྱི་ཉམས་ང་མེད། །ང་སེང་གེ་ལྟ་བུའི་རྣལ་འབྱོར་པས། །ཐབས་མཁས་རི་སུལ་བརྟེན་ནས་སུ། །ལོག་ལྟའི་རི་དྭགས་སྐྲག་པར་བྱེད་། །གཟུང་འཛིན་གཉིས་ལ་རྒྱལ་ནས་ཐལ། །དེ་མཁྱེན་ནམ་དུས་མཐའི་སྐྱེས་བུ་ཀུན། །སེམས་ནང་དུ་ཁུག་ལ་མཉམ་པར་ཞོག །ཐམས་ཅད་སེམས་སུ་མ་ཤེས་ན། །ཕྱི་རོལ་ལྟས་ཀྱང་གོ་བ་མེད། །རང་སེམས་གཅིག་པུ་གོམ་པར་གྱིས། །ཡུལ་སྣང་སྒྱུ་མ་ལྟ་བུར་འཆར། །རང་སེམས་བླ་མ་མ་རྙེད་ན། །མཐུན་འཇུག་བླ་མས་དོན་འགོ་ཆུང་། །རང་རིག་ཡེ་ཤེས་བླ་མ་བསྟེན། །འཁོར་བ་རང་གྲོལ་བྱིན་རླབས་འབྱུང་། །ནང་གསན་པ་སྒྲའི་རྟེན་འབྲེལ་ལྟོས། །ཚིག་སྤྲོས་མེད་རང་གྲོལ་ཤེས་ན་མཆི། །འབད་མེད་ཀྱི་སྙིང་རྗེ་མ་སྐྱེས་ན། །ཕྱོགས་རིས་ཀྱི་སྙིང་རྗེ་འཁོར་བའི་རྒྱུ། །ཕྱོགས་མེད་རང་གྲོལ་སྙིང་རྗེ་བསྒོམ། །འབད་མེད་འགྲོ་དོན་ཤུགས་ལས་འབྱུང་། །ཅེས་པའི་མགུར་མ་འདི་སྟག་ལོ་ལ་ག་རམ་སྤངས་སུ་གསུངས་སོ།། །། ༈ ན་མོ་གུ་རུ། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཡང་དག་མ་ཡིན་ཀུན་རྟོག་འཁོར་བའི་གཞི། །དེ་ཉིད་རང་གྲོལ་རྟོགས་ན་མྱ་ངན་འདས། །རང་བཞིན་རྣམ་པར་དག་པ་གཞིའི་དོན། །མ་རྟོགས་འགྲོ་ལ་སྙིང་རྗེ་ཆེར་བསྐྱེད་ནས། །འཕགས་ལམ་དམ་ཆོས་སྟོན་པའི་བླ་མ་ལ། །མོས་པ་བསྐྱེད་ཅིང་བརྩོན་འགྲུས་རབ་བརྟེན་པ། །ལམ་ལ་འཇུག་པའི་གཞི་རུ་ཤེས་པར་བྱ། །དེས་བརྟེན་ཕ་རོལ་ཕྱིན་དྲུག་རྫོགས་བྱའི་ཕྱིར། །ཞི་གནས་ལྷག་མཐོང་ལམ་ལ་འཇུག་པ་དང་། །ཐབས་མཁས་རྩོལ་པའི་གནད་ཀྱི་ལེགས་ཟིན་པས། །འཕགས་པའི་ལམ་དུ་འགྲོ་བའི་གཙོ་བོ་ཡིན། །རྣམ་རྟོག་མཚན་མ་བྲལ་བའི་ཤེས་རབ་དང་། །དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གྱི། །ཆོས་ཅན་ཆོས་ཉིད་མ་ནོར་མཐོང་ནས་ཀྱང་། །སྲིད་ཞི་གཉིས་ལས་གྲོལ་བའི་འབྲས་བུར་འཇུག །དྲི་མེད་རྒྱལ་བའི་སྙིང་པོ་རང་བཞིན་ལ། །གློ་བུར་སྒྲིབ་པའི་ཚོགས་རྣམས་དང་པའི་ཚེ། སྐུ་དང་ཡེ་ཤེས་མཛད་པ་འཕྲིན་ལས་ཀྱིས། །འཁོར་བ་ཇི་སྲིད་འཇུག་པའི་ནུས་མཐུ་འབྱུང་། །རྒྱལ་བས་གསུང་པའི་གཞི་ལམ་འབྲས་བུའི་དོན། །ཐུན་མོང་མ་ཡིན་གནད་ཀྱི་གདམས་པ་འདི། །འགྲོ་བ་ཀུན་གྱི་དོན་དུ་འགྱུར་བར་ཤོག །ཅེས་པ་འདི་སྤྲེལ་ལོ་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ལ་རང་བྱུང་རྡོ་རྗེའི། འདམ་དུ་རྭ་སྒྲེངས་པ་དཔོན་སློབ་ལ་གདམས་པའོ།། །། ༈ ན་མོ་གུ་རུ། དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཐེག་ཆེན་བླ་མ་དམ་པ་བརྟེན་པ་དང་། །བསླབ་གསུམ་དྲི་མེད་བསྲུང་ལ་བརྩོན་པར་བྱ། །སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོ་བསྐྱེད། །མ་ཡེངས་རྩེ་གཅིག་བསམ་གཏན་རྒྱུན་དུ་བསྒོམ། །སྣ་ཚོགས་སྣང་བ་སེམས་ཀྱི་སྒྱུ་མ་མཁན། །སྐྱེ་འགག་མེད་ཀྱང་སྣང་བ་རྨི་ལམ་འདྲ། །བླང་དོར་བྱས་ན་འཁོར་བའི་སྡུག་བསྔལ་བསྐྱེད། །རང་སྣང་རང་གྲོལ་སྣང་ཡང་བདེན་མེད་ཕྱིར། །མཚན་འཛིན་མེད་པར་ཤེས་རབ་ངོ་བོར་བཞག །གཤིས་དེ་རྟོགས་པ་རྒྱལ་བའི་དགོངས་པ་སྟེ། །མ་ཡེངས་དྲན་པའི་རྒྱུན་དང་ལྡན་པར་བསྒོམ། །ཐུན་འཚམས་བསྔོ་བ་སྨོན་ལམ་ལེགས་ཟིན་བྱས། །འདི་ནི་ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རྟག་ཏུ་ཉམས་སུ་ལེན་ལ་བརྩོན་པར་མཛོད། །ཞེས་བྱ་བ་འདི་ཆོས་རྗེ་རང་བྱུང་རྡོ་རྗེས་ལུག་ལོ་ལ་བདེ་ཆེན་དུ་ཤེས་རབ་སེང་གེ་ལ་གདམས་པའོ།། །། ༈ ན་མོ་གུ་རུ། རྒྱལ་བའི་བསྟན་པའི་སྙིགས་མའི་དུས་འདི་རུ། །རྩེ་གཅིག་སྒྲུབ་ལ་བརྩོན་པར་མ་བྱས་ན། །རྒས་ནད་འཆི་བ་རྟག་ཏུ་རྗེས་འབྲང་པའི། །འཁོར་བའི་གནས་ན་ཐོན་པ་ཤིན་ཏུ་དཀའ། །རྣམ་པར་རྟོག་པའི་མཚན་མར་འཛིན་པ་གང་། །འདུ་བྱེད་གཡོ་བའི་རྐྱེན་ལས་བྱུང་བའི་ཕྱིར། །དེ་ཉིད་ཆོད་ན་འཁོར་བའི་རྩ་བ་བཏོན། །རང་སར་ཆོད་པར་འགྱུར་བར་ཤེས་པར་བྱ། །ཅི་སྣང་སྒྱུ་འདྲར་རྟོག་པའི་འགོག་པ་ཡི། །སྲིད་ཞི་མཉམ་པ་ཉིད་དུ་གྲོལ་འགྱུར་ཏེ། །སྐྱེ་འགག་མེད་པའི་རང་སེམས་ལྷན་ཅིག་སྐྱེས། །དེ་ཉིད་མངོན་སུམ་རྟོགས་པར་བྱ་བའི་ཕྱིར། །འཕགས་ལམ་སྙིང་པོ་ཞི་གནས་ལྷག་མཐོང་སྟེ། །མ་ཡེངས་དྲན་པའི་བརྩོན་འགྲུས་མ་བྲལ་བ། །ཏིང་འཛིན་ཤེས་རབ་ཟུང་དུ་འབྲེལ་བ་ཡི། །རྒྱལ་བ་རྣམས་ཀྱི་ལམ་མཆོག་རྙེད་པར་འགྱུར། །དེ་ཉིད་ཉམས་ལེན་པ་ཡི་དུས་སུ་ནི། །ལེ་ལོ་གཡེངས་བའི་བདུད་ཀྱི་གེགས་བྱུང་ཚེ། །འདུན་པ་བརྩོན་དང་དྲན་པ་ལེགས་པར་སྐྱེད། །གདམས་པ་བརྗེད་ན་མདོ་རྒྱུད་བསྟན་བཅོས་བལྟ། །བྱིང་རྒོད་བྱུང་ན་རང་ངོ་དྲན་པས་སེལ། །འདུ་མི་བྱེད་ན་གཉན་པོའི་ཤེས་རབ་བསྐྱེད། །འདུ་བྱེད་གཡོ་ན་གསལ་སྟོང་ངང་དུ་བཞག །ཚུལ་འདི་རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །གདམས་པ་ཀུན་གྱི་སྙིང་པོ་བསྡུས་པ་ཡིན། །དེ་ལྟར་རྟག་ཏུ་ཉམས་སུ་བླང་བར་མཛོད། །ཅེས་པ་འདི་ནི། ཆོས་རྗེ་རང་བྱུང་རྡོ་རྗེ་ཡིས། དཀོན་མཆོག་སེང་གེ་ལ་གདམས་པའོ།། །། ༈ ན་མོ་གུ་རུ། གདམས་པ་རྣམས་ཀྱི་དོན་ཀུན་བསྡུས་པ་ནི། །བླ་མ་དམ་པའི་གདམས་ངག་ལེགས་ཐོབ་ནས་། །ཞི་གནས་ལྷག་མཐོང་གོམ་པར་བྱེད་པ་ལ། །རྟོག་པའི་འགྱུ་བ་གསལ་སྟོང་རྩེ་ཅིག་ཏུ། །གཡོ་མེད་གནས་པ་ཞི་གནས་ངོ་བོ་ཡིན། །གཟུགས་སོགས་ཡུལ་སྣང་རང་གི་སེམས་ཀྱི་དངོས། །རྨི་ལམ་སྒྱུ་མ་ལྟ་བུར་སྣང་བ་འདི། །འཛིན་བྱེད་རྣམ་པར་ཤེས་པའི་ཚོགས་དྲུག་པོ། །རང་གིས་ངོ་བོ་གསལ་སྟོང་སྐྱེ་མེད་དུ། །རྟོག་པ་སྟོང་པའི་རང་ངོ་མཐོང་བ་སྟེ། །འགགས་མེད་རིག་པའི་རྩལ་ལ་ཤར་བ་ཡི། །དཀར་ནག་རྒྱུ་འབྲས་རྟེན་འབྲེལ་འགག་མེད་པར། །བླང་དོར་ཚུལ་ཤེས་དེ་ཡང་སྤྲོས་བྲལ་དུ། །རྟོགས་ཤིང་མ་རྟོགས་ཀུན་ལ་སྙིང་རྗེ་སྐྱེད། །དེ་ཉིད་ལྷག་མཐོང་ཞེས་སུ་རྒྱལ་བས་གསུང་། །དེ་གཉིས་དབྱེར་མེད་གཅིག་ཏུ་ཉམས་ལེན་པ། །ཐེག་ཆེན་ལམ་གྱི་གཞུང་དུ་བཤད་པ་ཡིན། །དེ་དོན་རྟོགས་པའི་བོག་འདོན་གེགས་སེལ་ནི། །ཉོན་མོངས་གཟུང་འཛིན་འཁོར་བའི་གེགས་ཡིན་ཏེ། །ཞི་ལྷག་ཡོན་ཏན་མངོན་ཤེས་ཏིང་འཛིན་ལ། །འགའ་ཞིག་མཚན་མར་འཛིན་ན་དེ་ཡང་གེགས། །རྒྱུ་འབྲས་བླང་དོར་བདེན་འཛིན་གེགས་ཡིན་ཏེ། །བདེན་མེད་སྟོང་པར་འཛིན་ན་དེ་བས་འཁྲུལ། །དེ་ཕྱིར་རྣལ་འབྱོར་ཉམས་ཀྱི་སྣང་བ་དང་། །ཡོན་ཏན་གང་ལ་ཡང་མ་ཞེན་རྩོལ་མེད་སྦྱང་། །སྙིང་རྗེ་ཆེན་པོའི་སེམས་ཅན་དོན་བྱེད་ཅིང་། །དགེ་བ་ཀུན་སྤེལ་བསོད་ནམས་རྒྱ་ཆེན་འདེབས། །སངས་རྒྱས་ཆོས་ཀུན་ཤེས་ཤིང་རྟོགས་པར་འདོད། །དེ་ཡང་གཞན་གྱི་དོན་དུ་ཡོངས་སུ་བསྔོ། །དེ་དག་ཀུན་ཡང་ཆུ་ཟླ་ལྟ་བུ་རུ། །མ་ཡེངས་དྲན་པའི་རྒྱུན་གྱི་བརྟན་བྱས་ན། །དངོས་དང་དངོས་མེད་བདུད་ཀྱི་ཚུགས་མི་འགྱུར། །སངས་རྒྱས་ཡོན་ཏན་ཚོགས་རྣམས་རབ་ཏུ་འཕེལ། །རྒྱལ་བ་སྲས་བཅས་ཀུན་གྱི་བསྔགས་འགྱུར་ཞིང་། །རིང་པོར་མི་ཐོགས་འབྲས་བུ་ཐོབ་འགྱུར་ནས། །འདི་ལྟར་བསྒྲུབ་ལ་མངོན་པར་བརྩོན་པར་མཛོད། །ཞེས་བྱ་བ་འདི་ནི། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེའི་ཡོས་བུ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་བདུན་ཀར་མའི་རི་ཁྲོད་སྒང་དགོན་དུ་གསུངས་སོ། །འདི་ལྟར་ཉམས་སུ་བླང་ན་དཔེ་ཆ་མང་པོ་མི་དགོས་གསུངས་སོ།། །།། ༈ ན་མོ་གུ་རུ། ཀྱཻ་ཧོ་དཔལ་ལྡན་འགྲོ་མགོན་རིན་པོ་ཆེ། །སྐལ་ལྡན་བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། །བདག་འདྲ་བློ་དམན་རྣལ་འབྱོར་རི་ཁྲོད་པ། །རང་ལ་གྲོས་འདེབས་གསལ་བའི་མེ་ལོང་བྲི། །དཔལ་ལྡན་བླ་མ་དམ་པ་རྗེ། །སྐལ་ལྡན་ལམ་སྣ་དྲང་དུ་གསོལ། །རྗེ་ལ་གསོལ་བ་བཏབ་ལགས་པས། །སྙིང་ལ་གདམས་ངག་བདུད་རྩི་ཞུགས། །དམ་ཆོས་ཐུགས་ཀྱི་སྙིང་ཁུ་ཕྱུང་། །སྙིང་ནས་གདམས་ངག་བྱོན་ལགས་ཀྱང་། །བདག་གི་བསྒྲུབ་པ་མ་བྱུང་བ། །རང་གི་རང་ལ་ཁྲེལ་ལོ་ཨང་། །ད་ལྟར་འཇིག་རྟེན་སྣང་བ་ལགས། །ཚུལ་འཆོས་གང་ཆེ་ཆོས་པ་བཟང་། །ཤིན་ཏུ་དགའ་བར་འདོད་ལགས་ཀྱང་། །འཆི་དུས་འགྱོད་དོགས་ཡོད་དོ་ཨང་། །གཞན་སྐྱོན་མཐོང་བས་རང་སྐྱོན་དྲན། །བདག་བསྟོད་གཞན་ལ་སྨོད་བྱེད་པ། །མ་འདྲིས་ཚེ་ན་བདེན་བདེན་འདྲ། །འདྲིས་ན་ཁྲེལ་དགོས་ཡོད་དོ་ཨང་། །འདིའི་བདེ་བ་ཡུད་ཙམ་ལ། །བལྟས་ནས་ཁེ་དང་བསོགས་འཇོག་བྱེད། །རྟག་མེད་སྒྱུ་མ་ལྟ་བུ་ལ། །གཞན་ནས་རང་རྒྱལ་མ་བྱེད་ཨང་། །ད་ལྟ་འཇིག་རྟེན་འདི་ཉིད་དུ། །མེ་སྟགས་ཚ་ཚ་མི་བཟོད་ན། །རིག་དྲུག་བར་དོའི་སྡུག་བསྔལ་ལ། །བཟོད་རེ་བྱེད་པ་འཁྲུལ་ལོ་ཨང་། །ད་ལྟར་བདག་གི་ཡིད་འདི་ལ། །ཚིག་ངན་ཙམ་ཡང་མི་བཟོད་ན། །གཞན་ལ་ཚིག་ངན་སྨྲ་བ་ནི། །འཁྲུལ་བ་བས་ཀྱང་འཁྲུལ་ལོ་ཨང་། །འཁོར་བ་པ་ལ་བདེ་བ་མེད། །སྲིད་པའི་མུ་མཐར་ཐུག་པ་ཡི། །སྡུག་བསྔལ་རྣམ་པ་བགྲང་མཐའ་ཡས། །འདི་ལ་ཞེན་པར་མ་བྱེད་ཨང་། །ཕྱིའི་ཡུལ་དྲུག་དཔེར་བཞག་ནས། །རང་གི་སྐྱོན་དྲུག་རྟོག་མཛོད་ལ། །སྤོངས་ལ་ཡོན་ཏན་དྲུག་པོ་ལོངས། །འབྲས་བུ་དྲུག་པོ་འབྱུང་ངོ་ཨང་། །བདེར་གཤེགས་བཀའ་དང་བླ་མའི་གསུང་། །ཐོས་ནས་མཐའ་རུ་འདོན་བྱ་ཞིང་། །ནང་ནུབ་རྒྱུན་དུ་སྐྱོན་བརྟགས་ཏེ། །སྐྱོན་དེ་སྤངས་ཞིང་ཡོན་ཏན་བསྒྲུབ། །དེ་ལ་རྒྱུན་དུ་འབད་གཅིག་ཨངས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །བླ་མ་སངས་རྒྱས་ཀུན་དག་ལ། །ངེས་ཤེས་ཆེན་པོ་རྒྱུན་དུ་བསྒོམ། །གསུངས་སྒྲུབ་བྱང་ཆུབ་ཐོབ་པོ་ཨང་། །ཨ་ཙ་མ་ན་སེམས་ཅན་རྣམས། །ཡི་རེ་མུག་ན་འཁོར་བ་ཚོ། །ཡ་རེ་ཆད་ན་འཁྲུལ་སྣང་ཅན། །རང་ལ་ཞེ་ཁྲེལ་སྒོམ་གཅིག་ཨང་། །རྟག་པ་མེད་དོ་འཁོར་བ་ཡི། །མཚན་ཉིད་སྒྲིབ་གཡོག་འཐུག་པོ་ཡི། །སྒྲིབ་པས་ད་རུང་འཁོར་བར་འཁྱམ། །རང་ལ་ཡི་མུག་སྒོམ་གཅིག་ཨང་། །འཁོར་བ་དོན་མེད་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པ་ཡིན་པ་ལ། །ད་རུང་རྟག་པའི་མཐའ་བཙན་བཟུང་། །སྣང་སེམས་གཉིས་ཀ་འཁྲུལ་ལོ་ཨང་། །ཀུན་རྫོབ་རྒྱུད་དུ་སྣང་བ་ཡིས། །ཞེན་པ་དང་བཅས་རང་གི་སེམས། །བཟང་ངན་འཁྲུལ་པ་བསམ་མི་ཁྱབ། །འདི་ལ་བདེན་འཛིན་མ་ཆེ་ཨང་། །འཇིག་རྟེན་སྒྱུ་མ་ལྟ་བུ་ལ། །དངོས་འཛིན་བྱུང་ན་བདུད་ཀྱི་ལས། །ཡིན་པར་ཤེས་པར་གྱིས་མཛོད་ལ། །བདེན་འཛིན་མ་བྱེད་ཐོང་གཅིག་ཨང་། །གཞན་སྐྱོན་ཅི་ཙམ་སྣང་བ་དེ། །བདག་ལའང་དེ་ཙམ་ཡུས་ཡོད་ཀྱིས། །གཞན་ལ་ཡང་ཁྲེལ་དུ་མ་ལྟ་བར། །རང་ལ་བསམ་གཞིག་ཐོང་གཅིག་ཨང་། །བླ་མ་དམ་པའི་བཀའ་དྲིན་གྱིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །སྤྲོ་བྲལ་ཆོས་སྐུའི་ངོ་བོ་དེ། །བརྗོད་ཡུལ་བློ་ལས་འདས་སོང་། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ལྟོ་གོས་གཏན་ནས་མེད་ལགས་ཀྱང་། །གཏུམ་མོའི་དྲོ་དང་བཅུད་ལེན་གྱིས། །ཆོག་པའི་འདུན་བསམ་ཡོད་དོ་ཨང་། །ད་ལྟ་སྡུག་བསྔལ་ཅི་བྱུང་ཡང་། །སྔོན་གྱི་དུས་ནས་བསགས་པ་ལེན། །དེ་ཕྱིར་རྐྱེན་ངན་ཕྲ་མོས་ཀྱང་། །སྔར་གྱི་ལས་ངན་སེལ་ལོ་ཨང་། །ཅི་ལྟར་བྱས་ཀྱང་ཆོས་ལས་མེད། །ཆོས་བྱས་རང་རྒྱུད་དུལ་ལས་མེད། །ཉོན་མོངས་འདུལ་བར་གྱིས་ལགས་ཨང་། །འཇིག་རྟེན་མི་རྟག་འཁོར་བ་འདི། །ཡང་དག་དོན་ལས་མ་འདས་ཀྱིས། །ཆགས་འཛིན་བདེན་བསམས་མ་བྱེད་པར། །སྤྲོས་མེད་དོན་མཆོག་སྒོམ་གཅིག་ཨངས། །འཇིག་རྟེན་འདི་ན་གནས་པ་ཡི། །ཕན་གནོད་ལྷ་འདྲེར་མིང་བཏགས་རྣམས། །དོན་ལ་བདེན་པར་མི་བདོག་གི། །དེར་འཛིན་ཞེན་པ་ཐོང་གཅིག་ཨང་། །ཕ་རོལ་ཕྱིན་པའི་དོན་མཆོག་ཉིད། །བདེན་མེད་བརྒྱད་ཀྱི་རྣམ་གྲངས་ཅན། །སྨྲ་བརྗོད་བློ་འདས་དེ་རང་ཉིད། བདེན་མེད་གཟའ་གཏད་བྲལ་ལོ་ཨང་། །དེ་ལྟར་ཡིན་ཡང་རྣལ་འབྱོར་བདག །རྒྱུན་དུ་བླ་མ་བརྟེན་ནོ་ཨང་། །རི་ཁྲོད་དགོན་པ་འགྲིམ་མོ་ཨང་། །ལས་ནག་ཕྱོགས་ལ་འཛེམ་མོ་ཨང་། །དཀར་པོ་རིམ་གྱི་བསྒྲུབ་བོ་ཨང་། །བློ་སྐྱེད་རིམ་གྱི་འདོན་ནོ་ཨང་། །ཐམས་ཅད་ཆོས་དབྱིངས་བསྔོའོ་ཨང་། །བཀའ་དྲིན་དམ་པ་འབྱུང་ངོ་ཨང་། །ཅེས་ཆོས་རྗེས་རང་བྱུང་རྡོ་རྗེས་གསུངས་སོ།། །། ༈ ན་མོ་གུ་རུ། དཔལ་ལྡན་བླ་མ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཡི། །ཀུན་ཀྱང་བདེ་བའི་གནས་སུ་དྲོངས། །ད་ལྟ་སྙིགས་མ་ལྔའི་དུས། །ཆོས་བྱེད་པར་འདོད་པའི་སྒོམ་ཆེན་རྣམས། །སྙིང་ནས་དམ་ཆོས་མཛད་མཁན་ཉུང་། །ད་ལྟ་མ་དག་གདུལ་བྱ་རྣམས། །གོས་བཟང་གཅིག་ལ་བྱང་ཆུབ་རེ། །སྔོན་གྱི་གྲུབ་ཐོབ་གོང་མ་རྣམས། །ན་བཟའ་མེད་པར་སྒྲུབས་པས་ཀྱང་། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །ད་ལྟའི་དུས་ལ་བབ་ཙ་ན། །གོས་བཟང་མེད་ན་དམ་ཆོས་མེད། །གོས་བཟང་པོ་དེ་ལ་བཀུར་བསྟི་བྱེད། །གོས་ངན་ནས་བྱང་ཆུབ་བསྒྲུབ་ན་ཡང་། །ཁྱོད་ཕར་སོང་ཟེར་ནས་བྲང་ནས་ཕུལ། །ཆོས་མེད་གསོལ་བཟང་བྱུང་བ་ན། །འདིར་བྱོན་ཞུ་ཟེར་ནས་བཀུར་སྟི་བྱེད། །དེ་ཡི་པ་མི་ནག་པ་ཡི་མཛད་སྤྱོད་ཡིན། །དེར་མ་ཟད་ད་ལྟའི་ཆོས་པ་ཀུན། །ང་མི་འདོད་ཟེར་ནས་འདུ་འཛི་བསྒྲུབ། །ཨ་ཙ་མ་ན་སེམས་ཅན་ཀུན། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཡི། །གཟིགས་དང་དུས་ལ་བབ་ནས་གདའ། །འོན་ཀྱང་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེ་ཆུང་བ་མ་ལགས་ཏེ། །ལས་ངན་ཅན་གྱི་སེམས་ཅན་རྣམས། །མོས་གུས་གཏིང་ནས་མེད་པ་ལེན། །འོན་ཀྱང་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབས། །ཅེས་གསུངས་སོ།། །། ༈ ན་མོ་གུ་རུ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །དཔལ་ལྡན་བླ་མས་བྱིན་གྱིས་རློབས། །བདག་འཛིན་གྲོལ་བར་མཛད་དུ་གསོལ། །ཀྱེ་མ་འཁོར་བའི་རྒྱ་མཚོ་ནས། །ཐར་མེད་འཛིན་པའི་དབའ་ཀློང་འཁྲུགས། །ཡེ་ཤེས་ཆེན་པོའི་ཏིང་འཛིན་གྱི། །ཉི་མས་བསྐམས་པར་མཛད་དུ་གསོལ། །འདི་ལྟར་མ་རུང་དུས་འདི་རུ། །སྐྱེས་ཆེན་རྣམས་ཀྱང་མི་བཞུགས་ཤིང་། །ཕན་སེམས་ལྡན་པ་ཤིན་ཏུ་ཉུང་། །དུས་འདིར་ཐུགས་རྗེས་གཟིགས་སུ་གསོལ། །སངས་རྒྱས་བསྟན་པའི་སྙིགས་མ་ལ། །ཆོས་མཛད་རྣམས་ཀྱང་ཧོར་སྤྱོད་བྱེད། །རི་པ་རྣམས་ཀྱང་གྲོང་དུ་བབ། །རྣལ་འབྱོར་རྣམས་ཀྱང་ཞིང་ལས་བྱེད། །དགེ་བཤེས་རྣམས་ཀྱང་མི་མགོ་སྐོར། །ཀྱེ་མ་འདི་ལྟར་མ་རུངས་པས། །སྙིགས་མའི་དུས་འདིར་སྐྱེས་ཆེན་ཀུན། །བདག་གི་ཚིག་འདི་གོ་བར་མཛོད། །བཅོམ་ལྡན་འདས་ཀྱི་གསུངས་པ་ལྟར། །ཉམས་སུ་བླངས་ན་མི་ལེགས་སམ། །ཉེ་བའི་ངོ་ལ་ལྟ་བ་བས། །ལྟ་ན་མདོ་སྡེ་རྣམས་ལ་ལྟོས། །ཁ་ལན་སྟོན་མོ་བྱེད་པ་བས། །མཆོད་ན་འཕགས་པ་དཀོན་མཆོག་མཆོད། །དོན་མེད་འཁོར་གཡོག་བསྟེན་པ་བས། །བསྟན་ན་ཇ་མ་དམ་པ་བསྟན། །ཚེ་འདིའི་ཁེ་གྲགས་བསྒྲུབ་པ་བས། །ཕྱི་མར་ཕན་པ་ཉམས་སུ་ལོངས། །མདོར་ན་འཇིག་རྟེན་འདིའི་སྣང་བ་ཀུན། །རྒྱབ་ཏུ་བོར་ན་ལེགས་པར་མཆིས། །དམ་ཆོས་སྙིང་ནས་མཛད་པ་རྣམས། །གང་ལ་གང་ཞེན་མེད་པར་མཛོད། །དུས་རྣམས་མ་ལུས་ཐམས་ཅད་དུ། །འགྲོ་རྣམས་མ་ལུས་ཐམས་ཅད་ལ། །བྱམས་དང་སྙིང་རྗེ་ཕུན་ཚོགས་པས། །ཐེག་གསུམ་ལམ་ལ་འགོད་པར་ཤོག །ཅེས་པ་འདི་ཆོས་རྗེ་རང་བྱུང་རྡོ་རྗེས་དགུང་ལོ་ལྔ་པ་ལ་གསུངས་པའོ།། །། ༈ ན་མོ་གུ་རུ། བླ་མ་རྗེ་ལ་ཕྱག་འཚལ་ལོ། །རི་བོ་གངས་ཅན་ཤར་གྱི་ཕྱོགས། །ཁྱད་པར་ཙ་རིའི་ཉེ་འཁོར་འདིར། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡི། །སེམས་ལ་ཤར་ནས་ངག་ཏུ་བརྗོད། །སྙིགས་མའི་སེམས་ཅན་འདུལ་བ་དཀའ། །ཕྱོགས་མེད་སྙིང་རྗེ་བསྐྱེད་པ་དང་། །རྒྱལ་བའི་ཐུགས་རྗེས་སྐྱབས་མ་ནུས། །མ་རིག་སེམས་འདི་གཏི་མུག་ཆེ། །མི་བདག་གཞན་དོན་གཉིས་འགྲུབ་པ་དཀའ། །འོན་ཀྱང་རྒྱལ་བའི་དགོངས་པ་ཡི། །རང་དོན་མི་འདོད་བསྒྲུབ་པོ་སྙམས། །ཐབས་མཁས་སྤྱོད་པ་སྣ་ཚོགས་ཀྱིས། །སྐྱོ་མེད་རྒྱལ་བའི་བསྟན་ལ་འབད། །གཞན་མེད་ཏིང་འཛིན་རྩལ་སྦྱོང་བྱེད། །ལུས་ངག་འགྲོ་བའི་དོན་དུ་བསྔོ། །རྨུ་རྒོད་སེམས་ཅན་བག་མེད་རྣམས། །ཕྱི་མ་ལེགས་པར་དུལ་ནས་ཀྱང་། །རྒྱལ་སྲས་ས་ལ་འགོད་པ་སྙམས། །འོན་ཀྱང་བྱ་བློ་སྟོར་ནས་ཐལ། །ཡུལ་སྣང་རང་སེམས་ཆོ་འཕྲུལ་ཡིན། །སྒྱུ་མའི་སྤྲུལ་པ་ལྟ་བུར་མཐོང་། །བདེན་མེད་འཆིང་བ་ཞིག་ནས་ཐལ། །སྤངས་བླང་བྱོ་རོན་མི་གདའ་ཡང་། །རྗེས་འཇུག་ཉམས་ལེན་མཛད་པ་རྣམས། །མྱུར་དུ་བརྩོན་འགྲུས་བྱེད་རེ་རན། །ཐེག་ཆེན་བླ་མའི་བཀའ་བཞིན་དུ། །ཞེ་འདོད་མེད་པར་ཉམས་སུ་ལོངས། །མི་རྟག་འཆི་བ་རྒྱུན་དུ་བསྒོམ། །རྒྱལ་སྲས་ཀུན་ལ་མོས་གུས་བསྐྱེད། །བདག་མེད་སྟོང་པའི་དོན་ལ་བརྩོན། །གདམས་ངག་ཀུན་གྱི་རྩ་བ་ལགས། །ཐུགས་དགྱེས་པར་མཛོད་ཅིག་འདིར་བཞུགས་རྣམས། །ཅེས་པ་འདི་ནི་ལུག་ལོ་ལ་ལྷུན་གྲུབ་སྟེངས་སུ་དབྱར་བཞུགས་མཛད་པའི་དུས། གོང་མའི་གདན་འདྲེན་བྱུང་བ་ལ་རྐོང་པོའི་ཡོན་བདག་རྣམས་ཀྱི་མཆོད་པ་འབུལ་བ་བྱས་ནས་ཧོར་ཡུལ་དུ་མི་འབྱོན་པའི་ཞུ་བ་བྱས་པའི་དུས་གསུངས་པའོ།། །། ༈ ན་མོ་རཏྣ་གུ་རུ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དུས་ངན་བསྟན་པའི་སྙིགས་མར་གྱུར། །རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །རབ་བྱུང་ཆོས་བཞིན་མི་སྤྱོད་ཅིང་། །འདོད་ང་ལོག་པའི་འཚོ་བ་བསྒྲུབ། །ཆོས་གོས་རྣམ་གསུམ་མི་གོན་པའི། །སེར་གཟུགས་རྒྱ་སེར་བེར་ག་ཅན། །ཁྱི་དང་བུ་ཚ་ཁྱིམ་ཚེས་རྣམས། །སྐྲོགས་ཅིང་ཟས་ལ་ཁྱི་ལྟར་རྐམ། །ཆོས་སྤྱོད་ཉམས་ཆུང་ཆད་པས་གཅོད། །རྫུན་དང་སྡིག་སྤྱོད་བྱ་དགའ་སྟེར། །ཆེན་པོའི་ཚུལ་བཟུང་ཆོས་མིན་སྤྱོད། །ཤན་པ་མ་རུང་རི་དྭགས་གསོད། །ཆང་འཐུང་དྲན་པ་ཉམས་བྱེད་ཅིང་། །བུད་མེད་གསོ་ཞིང་འདོད་ལོག་སྤྱོད། །རྒྱལ་པོ་ཆོས་བཞིན་མི་སྤྱོད་ཅིང་། །ཆགས་སྡང་ཅན་གྱི་དབང་དུ་གྱུར། །བློན་པོ་ཆེན་པོར་གྱུར་པ་ཡང་། །ཇག་རྐུན་རྣམས་ཀྱི་དཔོན་བྱེད་ཅིང་། །བདེན་པ་རྣམས་ལ་ཆད་པ་འབེབ། །རྐུན་མ་རྣམས་ཀྱི་ས་སྟེང་ཁྱབ། །ལྷ་ཁང་མཆོད་རྟེན་འཇིག་བྱེད་ཅིང་། །སྐུ་གཟུགས་བཅོམ་ཞིང་ཟ་བ་དང་། །ཆོས་ཀྱི་པོ་ཏི་མ་རུངས་བྱེད། །དེའི་རྐྱེན་གྱི་ལྷ་སྲིན་རྣམས། །འཁྲུགས་སྟེ་ནད་ཀྱི་རྒྱལ་ཁམས་གང་། །ཆར་མི་འབབས་ཅིང་ལོ་ཉེས་འབྱུང་། །ཅུང་ཟད་སྐྱེས་པར་གྱུར་པ་ཡང་། །སད་དང་སེར་བས་ཁྱེར་བྱེད་ཅིང་། །འཕྲོགས་དང་འཇོམས་པའི་མི་རྣམས་ཀུན། །མུ་གེ་ཉམ་ཐག་ཀྱེ་ཧུད་འབོད། །ཕལ་ཆེར་ལམ་དུ་འགྱེལ་ཅིང་ཤི། །ལ་ལ་གཅིག་ཤ་གཅིག་གི་ཟ། །ལ་ལ་བུ་ཡང་ཚོགས་ཞིང་ཟ། །ཁ་གཅིག་བཀྲེས་པ་ཆུ་རུ་མཆོང་། །ཉིན་མཚན་མེད་པར་ཆོ་ངེ་འབྱིན། །རུས་འགོ་པགས་པས་བཏུམ་ཙམ་དང་། །ཁ་ཅིག་ཚལ་ཤིང་བསྲེགས་པ་བཞིན། །ཡི་དྭགས་མངོན་དུ་གྱུར་པ་བཞིན། །གསོད་དང་འཆིང་དང་བརྡེག་པས་གང་། །མཛེ་དང་ཕོལ་འབྲས་རྣག་ཁྲག་འཛགས། །དམྱལ་བ་མངོན་དུ་འོང་བ་བཞིན། །གླེང་བཞི་དཀར་པོ་ལམ་ཆད་པས། །དུད་འགྲོ་མངོན་སུམ་ཁྱེར་བས་ན། །མི་ལུས་ངན་སོང་སྡུག་བསྔལ་ཅན། །ཀྱེ་མ་འདི་འདྲ་ཡིས་དུས་ངན་འགྱུར། །ཀྱེ་ཧུད་སེམས་ཅན་སྙིང་རེ་རྗེ། །མདོ་ཁམས་སྟོད་ཀྱིས་ས་འདི་རུ། །རྒྱལ་སྲས་རྣམས་ཀྱི་མ་དགོངས་སམ། །གངས་ཅན་ཀུན་ཀྱང་འདི་འདྲ་བར། །མྱུར་དུ་མ་རུང་འགྱུར་གྱི་དོགས། །ཞེས་པ་འདི་འབྲུག་ལོ་ལ་གསུངས་སོ།། །། ༈ ན་མོ་གུ་རུ། ཡོན་ཏན་མཆོག་གྱུར་དཔལ་ལྡན་བླ་མ་དང་། །བདུད་རྩིའི་མཆོག་གྱུར་དམ་ཆོས་བདུད་རྩིའི་རྒྱུན། །བལྟས་དེ་སྐྱེ་མེད་མཆོག་དེ་མ་རྟོགས་པར། །ལྟ་བ་བདག་མེད་དོན་ལ་ལེགས་པར་ལྟོས། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྐྱེ་མེད་མཆོག་རྟོགས་སྐྱེ་བྲལ་བླ་མ་དང་། །སྐྱེ་བ་ཀུན་ཏུ་སྐྱེ་མེད་ཆོས་སྒོམ་ཞིང་། །སྐྱེ་ནའང་འགྲོ་དོན་སྐྱེ་མེད་ངང་དུ་ཤོག །འཁོར་བ་ལས་ཡིད་ངེས་པར་འབྱུང་ནས་རང་ལ་གྲོས་འདེབས་ཞེས་བྱ་བ་མཚུར་ཕུར་གསུངས་པའོ།། །། ༈ ན་མོ་གུ་རུ། ཕྱག་རྒྱ་ཆེན་པོ་སྐད་པ་དེ། །རིག་དང་མ་རིག་གཉིས་དང་ནི། །དོན་དམ་ཀུན་རྫོབ་གཉིས་དང་ནི། །ཐམས་ཅད་ཀུན་ཀྱང་མ་ཡིན་ཞིང་། །སྣང་བ་ཐམས་ཅད་དགག་བསྒྲུབ་བྲལ། །འཛིན་དང་མི་འཛིན་རང་སར་གྲོལ། །གྲོལ་བས་སྟོང་ཉིད་མཉམ་པའི་ངང་། །ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུ། །གསལ་དང་འཛིན་ལ་རྙོག་པ་མེད། །འཛིན་པ་མེད་པ་ཆོས་ཀྱི་སྐུ། །སྣང་སྟོང་དབྱེར་མེད་དམ་ཆོས་འདི། །སེམས་ཅན་ཀུན་གྱི་གོ་བར་མཛོད། །ཡང་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད་འཁྲུལ་པ་དང་། མ་འཁྲུལ་པ་ལ་སོགས་པའི་སྣང་བ་བདེན་མེད་དུ་ཤེས་པའི་གདམས་ངག་འདི་ཤེས་པར་མཛོད། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་གྲུབ་པ་མངོན་སུམ་དུ་མ་གྲུབ་ཅིང་། སྣང་བའི་དགག་བསྒྲུབ་ཐམས་ཅད་དང་བྲལ་བ་འཛིན་པ་མེད་པའི་ངོ་བོ་དང་མཚན་ཉིད་ཐམས་ཅད་མ་གྲུབ་ཅིང་། བདེ་བ་དང་སྡུག་བསྔལ་བ་གང་ཡང་མ་གྲུབ་པའི་གདམས་ངག་ཀུན་གྱིས་ཤེས་པར་མཛོད།། །། ༈ ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུཾ། སེམས་ཉིད་ནམ་མཁའ་ལྟ་བུ་ཉིད། །ལུས་འདི་བེམས་པོ་ཡིན་པ་ལ། །ཕྱག་རྒྱ་ཆེན་པོ་རྟོགས་ཚུལ་བསྟན། །ཐམས་ཅད་ནམ་མཁའ་ལྟ་བུ་ཉིད། །གོ་བར་གྱིས་ཅིག་རིགས་ཀྱི་བུ། ༈ །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། དོན་དམ་ཆོས་ཉིད་བདེན་པ་ལ། །སེམས་ཉིད་ནམ་མཁའ་ལྟ་བུ་དེ། །འབྱུང་བ་བཞིའི་བཙོན་རར་ཚུད། །འབྱུང་བཞིའི་བཙོན་རར་ཚུད་པ་མེད། །འོ་ན་གང་ཡིན་བྱས་ཙ་ན། །རྟོག་པ་བསྡུས་པ་ལེན་པ་ཡིན། །གོ་བར་གྱིས་ཅིག་རིགས་ཀྱི་གཅིག ༈ །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། ཕྱག་རྒྱ་ཆེན་པོ་སྒོམ་དུ་མེད། །སྒོམ་དུ་ཡོད་ན་ཕྱག་ཆེན་མིན། །སེམས་ཉིད་དངོས་པོ་རྟོག་རྒྱུ་མེད། །རྟོགས་རྒྱུ་བྱུང་ན་སེམས་ཉིད་མིན། །གོ་བར་གྱིས་ཅིག་རིགས་ཀྱི་བུ། ༈ །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། ང་རྒྱལ་བཙོང་པས་རྫ་མཁན་བུ་རུ་སྐྱེས། །འདི་ནས་འཆི་འཕོས་དགའ་ལྷན་གནས་སུ་འགྲོ། །འགྲོ་ལ་སེམས་བརྩེ་གདུལ་བྱ་གར་ཡོད་འབྱུང་། །བདག་ལ་གཞན་དོན་མིན་པ་བྱ་བློ་མེད། །ཡེ་ཤེས་རྟོགས་པས་གཟུང་འཛིན་རྩད་ནས་དག །དཔལ་ལྡན་སྐུ་གསུམ་རྒྱལ་སྲས་ཐོབ་པར་ཤོག །གནས་སྐབས་བཞི་པོ་སྐུ་བཞི་ལྷུན་གྱིས་གྲུབ། །དེ་ལྟར་བདག་གི་ཀྱང་ནམ་འགྲུབ་པར་ཤོག །ཅེས་རང་བྱུང་རྡོ་རྗེས་ལ་སྟོད་བྱང་དུ་གསུངས་པའོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་རྣམས་ཀྱི་བྱིན་གྱིས་རློབས། །ཞྭ་ནག་པོ་ཁྱུང་གཤོགས་གསེར་མདོང་ཅན། །ཞྭ་འདིའི་ཡོན་ཏན་ཟུར་ཙམ་བཤད། །གཞི་མ་ཅུང་ཞིག་སྒུག་པ་དེ། །ཆོས་སྐུ་འགྱུར་བ་མེད་པའི་བརྡའ། ངོ་སྒོ་གྲུ་བཞིར་འདུག་པ་དེ། །ཚད་མེད་བཞི་དང་ལྡན་པའི་བརྡའ། །ཁྱུང་གཤོག་གཉིས་དང་ལྡན་པ་དེ། །ཐབས་ཤེས་རབ་གཉིས་སུ་མེད་པའི་བརྡ། །རྩེ་མོ་གསུམ་དུ་ཡོད་པ་དེ། །སྐུ་གསུམ་རང་ལ་རྫོགས་པའི་བརྡའ། །ཁ་དོག་བཞི་རུ་ཡོད་པ་དེ། །འཕྲིན་ལས་རྣམ་བཞི་གྲུབ་པའི་བརྡའ། །དར་སྣ་ལྔའི་བརྒྱན་པ་དེ། །རིགས་ལྔ་དབུ་ལ་བཞུགས་པའི་བརྡ། །གདུགས་ཉི་ཟླ་གཉིས་དང་ལྡན་པ་དེ། །བླ་མ་ཡིད་བཞིན་ནོར་བུ་དང་། །རྟག་དང་མི་འབྲལ་འགྲོགས་པའི་བརྡ། །དཔྲལ་བར་མདོང་ཅིག་ཡོད་པ་དེ། །ཆོས་གཅིག་ཤེས་ཀུན་གྲོལ་མཁྱེན་པ་དང་། །ཀུན་ཤེས་གཅིག་ཏུ་གོ་བའི་བརྡ། །བརྡ་དེ་དང་ལྡན་པ་ཞྭ་ནག་འདི། །བྲམ་ཟེ་ཆེན་པོའི་དབང་ཞུ་ཡིན། །མཁའ་འགྲོ་རྣམས་ཀྱི་གནང་བ་ཡིན། །དུས་གསུམ་མཁྱེན་པའི་དབང་ཞུ་ཡིན། །ཞྭ་འདི་ལ་མོས་ཤིང་གུས་པ་དེ། །དཔལ་དུས་གསུམ་མཁྱེན་དང་མཇལ་བར་ཤོག། །། ༈ ན་མོ་གུ་རུ། རྣམ་རྟོག་ཆོས་སྐུའི་རོལ་པ་ལ། །སེམས་གནས་པ་རྐྱང་པ་ཆོས་སྐུ་མིན། །ཡན་པར་ཐོང་ལ་ལྟད་མོ་ལྟོས། །རང་ངོ་ཤེས་ན་དེ་ཀས་ཆོག །ཉོན་མོངས་ཡེ་ཤེས་ཆེན་པོ་ལ། །གཉེན་པོ་བསྒོམ་པས་མི་སྤོངས་ཀྱིས། །རང་ངོ་ལྟོས་ལ་ཉམས་སུ་ལོངས། །རང་ངོ་ཤེས་ན་གྲོགས་སུ་འཆར། །ཚོགས་དྲུག་སེམས་ཀྱི་འཆར་ཚུལ་ལ། །ཡུལ་སྣང་བཀག་པས་མི་ཁེགས་ཀྱིས། །གསོལ་བ་ཐོབ་དང་ཉམས་སུ་ལོངས། །ཡུལ་སྣང་སྒྱུ་མའི་རོལ་པར་འཆར། །གཉིས་སྣང་འཁྲུལ་པའི་ཐིབ་ཚུལ་ལ། །སྒོམས་ཤུགས་གསལ་བའི་སྒྲོན་མེ་ཐེག །གསལ་སྣང་མཐར་ཐུག་འོད་གསལ་ཉམས། །སྒོམ་པ་ཀློང་དུ་གྱུར་པ་འཆར། །བླ་མའི་བྱིན་རླབས་མ་ཞུགས་ན། །ཁ་པོ་སྨྲས་ཀྱང་གོ་བ་ཡིན། །རྒྱུན་ཆད་མེད་པར་གསོལ་བ་ཐོབ། །ཅི་གསུངས་བཀའ་བཞིན་རྗེས་སུ་བསྒྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དུ་འགྲོ་བ་ཐམས་ཅད་སྨིན་ཅིང་གྲོལ་བར་གྱུར་ཅིག ༈ །དག་སྣང་མཁའ་སྤྱོད་དཔལ་གྱི་རི། །དུས་གསུམ་རྒྱལ་བ་ས་ར་ཧ། །དབྱེར་མེད་བླ་མ་རིན་པོ་ཆེ། །འགྲོ་བའི་མགོན་གྱིས་བྱིན་གྱིས་རློབས། །རྗེ་བཙུན་དེའི་ཞལ་སྔ་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་རྣམས། །ཞལ་ནས་འདི་སྐད་གསུང་བར་གདའ། །ང་དང་དབྱེར་མེད་ས་ར་ཧ། །བྲམ་ཟེ་ཆེན་པོ་སྐད་པ་དེ། །སྐུ་མདོག་ནག་ལ་གཟི་བརྗིད་ཅན། །རུས་པའི་རྒྱན་ཆ་དྲུག་གིས་བརྒྱན། །དགྱེས་པའི་ཞལ་རས་འཛུམ་མདངས་བཅས། །སྐྱིལ་ཀྲུང་ཕྱག་རྒྱ་བཏང་སྙོམས་ཅན། །མཆོག་གི་མོས་གུས་ཆེན་པོ་ཡིས། །ཉིན་བཞིན་སྤྱི་བོའི་གཙུག་དུ་བསྒོམ། །མཚན་བཞིན་སྙིང་གིས་དཀྱིལ་དུ་བསྒོམ། །སེམས་ཉིད་རང་གྲོལ་ཆེན་པོ་དེ། །རང་ཡན་རང་གྲོལ་མཉམ་པ་ཉིད། །ཡིད་ལ་བྱར་མེད་ཆོས་ཉིད་དབྱིངས། །བྱར་མེད་བསམ་མེད་ཡེངས་སུ་མེད། །གོམས་པར་གྱུར་ན་མཉམ་རྗེས་མེད། །ཡེངས་མེད་བསྒོམ་མེད་སེམས་གཉིས་བྲལ། །འགྲོ་ན་འགྲོ་འོང་མེད་པར་འགྲོ། །འདུག་ན་འདུག་བསམ་མེད་པར་འདུག །སྤྱོད་ལམ་སྤྱོད་བྱ་སྤྱོད་བྱེད་མེད། །ཉིན་མཚན་རྒྱུན་ཆད་མེད་པ་རུ། །འོད་གསལ་ཆེན་པོའི་ངང་ཉིད་དུ། །བསྒོམ་བྱ་བསྒོམ་བྱེད་གཉིས་དང་བྲལ། །སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དུ། །མཆོག་གི་མོས་གུས་རྒྱུན་ཆད་མེད། །ནམ་མཁས་ནམ་མཁའི་བསམ་དུ་མེད། །ནམ་མཁས་ནམ་མཁའ་བརྟེན་དུ་མེད། །ནམ་མཁས་ནམ་མཁའ་བསྒོམ་དུ་མེད། །རང་ཡན་རང་གྲོལ་ཆེན་པོ་ལ། །རང་བཞིན་ཉིད་ལ་རང་ཐང་གནས། །རྗེ་ཡི་ཞལ་ནས་དེ་སྐད་གསུངས། །གཞན་ལ་ཕན་ཕྱིར་ཡི་གེར་བཀོད། འདི་ལས་བྱུང་བའི་བསོད་ནམས་ཀྱི། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །ཐ་མལ་ཤེས་པ་ངང་ཉིད་དུ། །སྐུ་གསུམ་རིག་པའི་རྩལ་རྫོགས་ཤོག ༈ །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུྃ། ཡེ་ཤེས་སྐུ་ལྔ་མེད་པའི་སྒོམ་ཆེན་ལ། །དུག་ལྔ་དུག་གསུམ་རྩ་ནས་ལངས་པ་འདི་གྱོང་རེ་ཆེ། །དུག་ལྔ་ཡེ་ཤེས་སུ་འཆར་བ་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་རྣལ་འབྱོར་གཅིག་རྒོད་ཤོར། །ཐར་ལམ་གྱི་ཕྱིན་འདི་མ་རྟོགས་པར། །ཚེ་ཕྱི་མའི་རྒྱག་ཕྱེ་མ་ཐོག་པ་འདི་གྱོང་རེ་ཆེ། །ཉམས་ཕྱག་རྒྱ་ཆེན་པོ་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་སྒོམ་ཆེན་ང་ཅིག་རྒོད་ཤོར། །མི་ཚེ་བྱ་བྱེད་ལ་སྐྱེལ་བའི་སྒོམ་ཆེན་ལ། །ཐར་ལམ་བྱང་ཆུབ་མི་ཐོབ་པ་འདི་གྱོང་རེ་ཆེ། །ཕྱིན་གྱིས་རྒྱས་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་གྲུབ་ཐོབ་ང་ཅིག་རྒོད་ཤོར། །ཞེན་པ་གཏིང་ནས་མ་ལོག་པའི་སྒོམ་ཆེན་ལ། །མཐར་ཐུག་ཕྱན་མི་རྟོགས་པ་འདི་གྱོང་རེ་ཆེ། །སྐུ་ལྔའི་སངས་རྒྱས་དེ་རྩ་ན་ཏ་ལེ་གདའ་། །དེ་ཕྱིར་རྟོགས་ལྡན་ང་གཅིག་རྒོད་ནོང་། །མི་ཚེ་གྲོང་དུ་བསྐྱལ་བའི་སྒོམ་ཆེན་ལ། །ཁ་འབར་དྲག་དུ་གཏོང་བ་འདི་གྱོང་རེ་ཆེ། །དབེན་གནས་རི་ཁྲོད་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་སྔགས་འཆང་ང་ཅིག་རྒོད་ཤོར། །ཆོས་བརྒྱད་རྒྱུན་དུ་བྱེད་པའི་སྒོམ་ཆེན་ལ། །མཐར་ཐུག་དོན་དམ་མི་རྟོག་པ་འདི་གྱོང་རེ་ཆེ། །ཆོས་བརྒྱད་མདུད་པ་ཡལ་བ་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་དགེ་སློང་ང་ཅིག་རྒོད་ཤོར། །རྟེན་འཆའ་ཆུ་འཐུང་བྱེད་པའི་སྒོམ་ཆེན་ལ། །ཚེ་གཅིག་སངས་རྒྱས་མི་ཐོབ་པ་འདི་གྱོང་རེ་ཆེ། ཡེ་ཤེས་ཀྱི་ཐར་ལམ་འདི་རྩ་ན་ཏ་ལེ་གདའ། །དེ་ཕྱིར་ཀརྨ་པག་ཤི་གཅིག་རྒོད་ཤོར། །གཏི་མུག་རོ་ཉལ་བྱེད་པའི་སྒོམ་ཆེན་ལ། །བླ་མའི་བྱིན་རླབས་མི་འཇུག་པ་འདི་གྱོང་རེ་ཆེ། །དེ་ཕྱིར་སྐུ་གསུམ་ང་ཅིག་རྒོད་ཤོར། །ང་ཅིག་རྒོད་ཤོར་བའི་དབྱངས་ཆུང་འདི། །ཡེ་ཤེས་དབྱིངས་ནས་དེ་སྐད་ལོ། །ཞེས་གསུངས་སོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །སྐལ་བར་ལྡན་པའི་སྐྱེས་བུ་རྣམས། །མ་ཡེངས་དར་ཅིག་སྙན་གསན་མཛོད། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །མཐའ་བྲལ་གྱི་ངང་དུ་གནས་ཙ་ན། །རྟག་ཆད་ཀྱི་བདུད་དང་བྲལ་བ་ཡིན། །བུ་ལྟ་བ་གཅིག་ལྟ་བ་དེ་ལ་ལྟོས། །བདག་མེད་དང་འཛིན་མེད་ཡེངས་མེད་གསུམ། །གཉུག་མའི་ངང་དུ་འདྲེས་ཙ་ན། བྱིང་རྒོད་ཀྱི་བདུད་དང་བྲལ་བ་ཡིན། །བུ་སྒོམ་པ་གཅིག་སྒོམ་ན་དེ་ལྟར་སྒོམ། །འགྲོ་འཆགས་ཉལ་དང་འདུག་པ་ལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་གསུམ། །བླང་དོར་མེད་པ་གནས་ཙ་ན། །མངོན་ལྐོག་གི་བདུད་དང་བྲལ་བ་ཡིན། །བུ་སྤྱོད་པ་གཅིག་སྤྱད་ན་དེ་ལྟར་སྤྱོད། །སྣང་སྟོང་གྲགས་སྟོང་བདེ་སྟོང་གསུམ། །རོ་གཅིག་ཆེན་པོར་གནས་ཙ་ན། །སྒོམ་བཟང་ངན་གྱི་བདུད་དང་བྲལ་བ་ཡིན། །བུ་ཉམས་མྱོང་གཅིག་བསྐྱང་ན་དེ་ལྟར་སྐྱོང་། །འཁོར་བ་མུ་མཐའ་མེད་པ་རུ། །སྡུག་བསྔལ་གྱི་མཚོ་ལ་བྱིང་བ་ཡིས། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །འབུལ་བ་བཀུར་སྟི་སྙན་གྲགས་གསུམ། །ཡངས་པའི་སྙིང་རྗེས་འདྲེན་ཙ་ན། །རྩི་གདབ་ཀྱི་བདུད་དང་བྲལ་བ་ཡིན། །བུ་གཞན་དོན་བྱེད་ན་དེ་ལྟར་གྱིས། །བདག་ཟད་འདོད་ཟད་རྟོག་ཟད་གསུམ། །ལྷུན་གྲུབ་འོད་གསལ་དུ་གནས་ཙ་ན། །རེ་དོགས་ཀྱི་བདུད་དང་བྲལ་བ་ཡིན། །བུ་འབྲས་བུ་བསྒྲུབ་ན་དེ་ལྟར་སྒྲུབ། །ལར་བདག་འཛིན་གྱི་མདུད་པ་མ་ཞིག་ནས། །གཟུང་འཛིན་གྱི་རྩ་བ་མ་གྲོལ་ན། །དོན་ཅི་ལྟར་སྤྱད་ཀྱང་འཁོར་བའི་ངང་། །ཚིག་ཇི་ལྟར་སྡིབ་ཀྱང་ཐ་སྙད་ཡིན། །ཆོས་དང་སེམས་སུ་མ་འདྲེས་ན། །བསྒྲོ་གླེང་མཁས་ཀྱང་གསོ་བ་མེད། །གནས་ལུགས་གི་རྩ་བ་མ་རྟོགས་ན། །སྒོམ་སྲན་ཆེ་ཡང་ཐོ་ཡོར་ཡིན། །རྣམ་རྟོག་གི་འགྲོ་འོང་མ་ཆོད་ན། །གཅིག་པུར་བསྡད་ཀྱང་གཡེང་བ་ཡིན། །སྤྱིར་ཆོས་སྐུ་སྐྱེ་བ་མེད་པ་ལ། །གང་ཟག་ཡེངས་བ་མེད་པ་དགོས། །བསམ་པས་མ་ཟིན་ཆོས་ཉིད་ལ། །དྲན་པས་མ་ཡེངས་བརྩོན་འགྲུས་རྩོམ། །སེམས་ཉིད་རིག་པའི་གནས་ལུགས་དང་། །ཕྱི་ཡུལ་སྣ་ཚོགས་སུ་ཤར་བ་གཉིས། །ཆུ་དང་ཆབ་རོམ་ཁྱད་པར་ཙམ། མ་རིག་འཁོར་བའི་གནས་ལུགས་དང་། །དོན་དམ་འོད་གསལ་གྱི་རྟོགས་ཚུལ་གཉིས། །ཏིལ་དང་མར་ཁུའི་ཁྱད་པར་ཙམ། །ཉོན་མོངས་རང་རྒྱུད་ཀྱི་དུག་ལྔ་དང་། །གཉེན་པོ་ཐེག་ཆེན་གྱི་གོང་ལམ་གཉིས། །དུག་དང་སྔགས་ཀྱི་ཁྱད་པར་ཙམ། །ཐེག་ཆུང་ཉན་ཐོས་ཀྱི་ལམ་བགྲོད་དང་། །ཐེག་པ་ཆེན་པོའི་ལམ་བགྲོད་གཉིས། མར་མེ་དང་ཉི་མའི་ཁྱད་པར་ཙམ། དེང་སང་བསྒོམ་པའི་འོད་གསལ་དང་། །སང་བར་དོར་བསྒོམ་པའི་འོད་གསལ་གཉིས། །འཇའ་ཤར་བ་དང་ཡལ་བའི་ཁྱད་པར་ཙམ། །དོམ་དམ་རྒྱུད་ལ་སྐྱེས་པ་དང་། །ཐོས་བསམ་བསྒོམ་པའི་བྱེ་བྲག་གཉིས། །ཆུ་དང་སྨིག་རྒྱུའི་ཁྱད་པར་ཙམ། །རིག་པ་ཟང་ཐལ་གྱི་སྒོམ་ཆེན་དང་། །ཞི་གནས་སྤོབ་ཡོར་གྱི་སྒོམ་ཆེན་གཉིས། །ཉིན་དང་མཚན་མོའི་ཁྱད་པར་ཙམ། །སྒོམ་པ་མཐར་ཕྱིན་གྱི་སྒོམ་ཆེན་དང་། །ད་གཟོད་གསར་གཞུག་གི་དད་ལྡན་གཉིས། །ནས་དང་ལྗང་བུའི་ཁྱད་པར་ཙམ། །ཁྱད་པར་གྱི་གསལ་ཀ་དེ་ཙུག་ལགས། །དེ་ལྟར་དགོངས་གཅིག་སྐལ་ལྡན་རྣམས། །བཀྲ་ཤིས་དཔལ་འབར་འཛམ་གླེང་རྒྱན་དུ་ཤོག། །། ༈ ན་མོ་མ་ཧཱ་གུ་རུ། བྱམས་མགོན་འཇམ་དབྱངས་གཞོན་ནུ་ལ་སོགས་དང་། །དབྱེར་མེད་བླ་མ་གཞོན་ནུ་གཉེན་གཅིག་པོ། །སྲིད་མཚོར་གནས་པའི་གཞོན་ནུ་དྲངས་དུས་གསོལ། །ཕྱོགས་རིས་མེད་པའི་གཞོན་ནུ་སྙན་གསོན་མཛོད། །རབ་བྱུང་ཚུལ་ཁྲིམས་བསྲུངས་ཞིང་དད་པ་ཅན། །གཞོན་ནུ་དེ་ནི་མཐོ་རིས་ངེས་པར་ཐོབ། །དགེ་བ་བྱས་པས་ངན་སོང་སྡུག་བསྔལ་འཇོམས། །གཞོན་ནུ་དགེ་བའི་ལས་མཛད་ངོ་མཚར་ཆེ། །སྲོག་གཅོད་མ་བྱིན་ལེན་སོགས་གོམས་པ་ཡིས། །གཞོན་ནུ་དམྱལ་བའི་གནས་སུ་འགྲོ་རན་གདའ། །སྦྱིན་པ་མི་གཏོང་སེར་སྣ་གོམས་པ་ཡིས། །གཞོན་ནུ་ཡི་དྭགས་གནས་སུ་མི་ལྷུང་ངམ། །ངག་འཁྱལ་གཏི་མུག་ཀུན་སློང་གོམས་པ་ཡི། །གཞོན་ནུའི་དུད་འགྲོའི་གནས་སུ་སྐྱེ་ཉན་ཡོད། །དགེ་བ་ཅུང་ཟད་ང་རྒྱལ་གོམས་པ་ཡི། །གཞོན་ནུ་ལྷ་མིན་སྡུག་བསྔལ་མྱོང་ཉན་ཡོད། །དམ་ཆོས་བཞག་ནས་ཚུལ་མིན་སྤྱོད་པ་བྱེད། །གཞོན་ནུ་འཁོར་བའི་གནས་ནས་ཐོན་དུས་མེད། །དེ་ལྟ་བས་ན་རྗེའི་གསུངས་པའི་ཆོས། གཞོན་ནུ་ཉམས་སུ་བླངས་ནས་ཐར་པ་ཐོབ། །གསུངས་རབ་ལ་མི་ཉམས་སུ་མི་ལེན་པའི། །གཞོན་ནུའི་ངན་འགྲོའི་ཉམས་སུ་ལྷུང་ཉན་ཡོད། །གཞོན་ནུ་རྣམས་དགུའི་བསྟན་ཆོས་འདི། བྱིས་པ་རྒད་པོའི་གཟུགས་ཀྱི་རྣམ་པར་བཀོད། །གཞོན་ནུ་རྣམས་ལ་ཉེས་པ་བཤགས། །གཞོན་ནུའི་བསྟན་བཅོས་དགེ་བ་འདི། །གཞོན་ནུ་རབ་བྱུང་རྗེ་དང་མཇལ། །གཞོན་ནུ་ཆོས་ལ་སྤྱོད་པར་ཤོག །ཅེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །། ༈ ན་མོ་གུ་རུ། རྗེ་འགྲོ་བའི་འདྲེན་མཛད་ཆོས་ཀྱི་རྗེ། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རང་སེམས་རྟོགས་པར་བྱིན་གྱིས་རློབས། །ལྟ་བ་སྤྲོས་བྲལ་ཆེན་པོ་འདི། །རྣམ་རྟོག་གོ་ཡུལ་དུ་མ་ཤོར་བར། གང་ཤར་གསལ་སྟོང་དུ་འཆར་བ་གཅེས། །ཐེ་ཚོམ་བློ་དང་བྲལ་ན་ཡིན། །བསྒོམ་པ་ཞི་ལྷག་ཟུང་འབྲེལ་དེ། །ཉམས་མྱོང་གི་འཛིན་པ་མ་བཅིངས་པར། །རྟོགས་པ་རང་དབང་ཐོབ་པ་གཅེས། །ཡོན་ཏན་གྱི་རྟག་དང་འབྲེལ་ན་ཡིན། །ངོ་བསྲུང་བྲལ་བའི་སྤྱོད་པ་དེ། །རང་འདོད་ཐོ་ཆོར་མ་ཤོར་བར། །རང་གཞན་གཉིས་ལ་ཕན་པ་གཅེས། །སྡོམ་གསུམ་ལ་ཉེས་ལྟུང་མེད་ན་ཡིན། །ལམ་གྱི་རྩ་བ་དམ་ཚིག་སྟེ། །མངོན་ལྐོག་གི་སད་ལ་མ་ཤོང་བར། །ཉིན་མཚན་དུ་བརྟགས་ཤིང་བསྲུང་བ་གཅེས། །རྩ་བའི་བླ་མ་མཉེས་ན་ཡིན། །འབྲས་བུ་ཞི་བདེའི་མཐའ་རུ་མ་ལྷུང་བར། །སྐུ་གསུམ་རང་ལ་རྫོགས་པ་གཅེས། །སྙིང་རྗེས་འཁོར་བ་འཛིན་ན་ཡིན། །ལྟ་སྒོམ་སྤྱོད་པ་དམ་ཚིག་དང་། །འབྲས་བུ་གཏན་ལ་འབེབས་པའི་གླུ། །ནགས་ཕུ་དཔལ་གྱི་དབེན་གནས་སུ། །རང་བྱུང་རྡོ་རྗེས་བླངས་པ་ལགས། །ཅེས་པ་འདི་ལྟ་བ་བསྒོམ་པ་སྤྱོད་པ་དམ་ཚིག་རང་རྒྱུད་ལ་སྦྱོར་བར་བྱེད་པའི་ཕྱིར་བྲིས་པ་ལག་པས་རྒྱུད་ལ་སྦྱོར་ཅིག། །། ༈ ན་མོ་རྒྱལ་བ་ཀུན་གྱི་དངོས། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འགྲོ་བ་ཉམས་ཐག་བསྐྱབ་དུ་གསོལ། །རྟེན་འབྲེལ་རྟོགས་པར་བྱིན་གྱིས་རློབས། །མ་རིག་སེམས་ཅན་རྨུ་རྒོད་ལ། །ཐབས་མཁས་རྡོ་རྗེ་ཐེག་པས་གསུངས། །འཚོ་བྱེད་སྨན་གྱི་བུ་མོ་ལྟར། །བདེ་བས་ཉོན་མོངས་ཀུན་སེལ། །སྣོད་ཀྱི་ཐབས་ཀྱི་བསྐྱེད་རིམས་ཀྱིས། །ལུས་ཀྱི་ཐ་མལ་གྱི་ཞེན་སྦྱོང་། །མི་རྟོག་སོ་སོར་སྡུད་པ་ཡི། །ལུས་ཀྱི་རྩ་རྣམས་དག་བྱེད་པ། །བསྐྱེད་རྫོགས་གཉིས་སུ་གསུངས་པ་མཚར། །འོན་ཀྱང་དངོས་པོར་འཛིན་པ་དང་། །རྟོགས་རྐྱང་དུ་མ་ཤོར་མཚར། །ཤོར་ན་འཁོར་བ་ཉིད་མ་འཕགས། །བགྲངས་ཞིང་བརྩི་དང་བུམ་པ་ཅན། །རླུང་རྣམས་སྦྱང་བ་ངོ་མཚར་ཡང་། །རྣམ་རྟོག་སྦྱོང་བར་མ་ཤེས་པར། །ལམ་རྟག་ང་རྒྱལ་འཛིན་པ་ནོར། །ཐིག་ལེ་བྱང་ཆུབ་སེམས་ཀྱི་གནད། །ཉོན་མོངས་འཕེལ་བ་ངན་འགྲོའི་རྒྱུ། །འཆིང་བྱེད་མཚན་ལྡན་ཕྱག་རྒྱ་དེ། །མེའི་རྔུལ་ཆུ་འཆིང་བ་བཞིན། །ལུས་འགྲུབ་གསེར་འགྱུར་རྨད་བྱུང་ཞིང་། །བག་མེད་ཁྱི་དང་བོང་བུ་ལྟར། །འདི་དང་ཕྱི་མར་འོ་བརྒྱལ་བ། །སྨད་པའི་སྤྱོད་པ་བྱེད་པ་ནོར། །རྣམ་མི་རྟོག་གི་སྲིད་པ་གཅོད། །སྟོང་ཉིད་འཁོར་བའི་གཉེན་པོ་སྟེ། །རྒྱུ་འབྲས་བསྐུར་འདེབས་འདོད་རྒྱལ་སྤྱོད། །ཆད་ལྟར་ལྟུང་བ་ནོར་བ་ཡིན། །དེ་ཕྱིར་རྡོ་རྗེ་ཐེག་པ་འདིས། །བློ་ལྡན་སངས་རྒྱས་ཐོབ་བྱེད་ཅིང་། །རྨོང་པ་ངན་འགྲོར་ཁྲིད་པ་ཡིན། །དེ་ཕྱིར་མཁས་པའི་སྤྱོད་ཡུལ་ཉིད། །ལེགས་པར་རྟོག་ལ་ཉམས་སུ་ལོང་། །ཅེས་བྱ་བ་འདི་ཆོས་རྗེ་རང་བྱུང་རྡོ་རྗེས་རྟོགས་པ་ལ་ཤར་ནས་བྲིས་པ།། །། ༈ །ན་མོ་གུ་རུ། སྐྱབས་མཆོག་དཔལ་ལྡན་བླ་མ་ལ། །རང་སེམས་གུས་པས་ཕྱག་འཚལ་ནས། །མོས་གུས་ལྡན་པའི་གང་ཟག་ལ། །དྲན་བསྐུལ་གདམས་པའི་དབྱངས་གཅིག་ལེན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་བའི་བླ་མ་མཇལ་བ་དཀའ། །མཉེས་བཞིན་གདམ་ངག་སྟོན་པ་དཀོན། །དེ་ཕྱིར་བརྩོན་འགྲུས་བྱ་རེ་རན། །ངན་སོང་གནས་གསུམ་མཐོང་ཙ་ན། །མི་ལུས་གཙང་མ་ཐོབ་པ་དཀོན། །ཚེ་ལ་ལོང་མེད་འཆི་རྐྱེན་མང་། །རྒྱུན་དུ་མི་རྟག་བསྒོམ་པར་བྱ། །ཚེ་འདི་ཡིས་བདེ་བ་རྨི་ལམ་ཙམ། །ཆགས་ཞེན་བྱས་ཀྱང་རྟག་པ་མེད། །ཐར་པའི་གཏན་གྱི་བདེ་འདོད་ན། །བླ་མའི་གདམས་ངག་འབད་ལ་བསྒོམ། །ཟས་ནོར་མི་རྟག་བསླུ་བྲིད་ཡིན། །འཛོམས་ཡང་ཤི་དུས་ཁྱེར་ས་མེད། །ཕྱི་མ་རྗེས་སུ་འབྲང་འདོད་ན། །ཅི་ཡོད་ཐམས་ཅད་ཚོགས་བསོགས་གྱིས། །ཉེ་འབྲེལ་ཕ་མ་མཐུན་འགྲོགས་ཀྱང་། །འཆི་བའི་ཚེ་ན་རྗེས་མི་འབྲངས། །བསླུ་བར་ངེས་པས་ད་ལྟ་ནས། །འབྲལ་མེད་རྟག་ཏུ་ཡིད་ལ་བསྒོམ། །སེམས་ལ་རང་དབང་མ་ཐོབ་ན། །ཕྱི་མར་གར་འགྲོ་ཆ་མེད་ཀྱིས། །དྲན་པས་མ་ཡེངས་བསམ་གཏན་ལ། །རྒྱུན་དུ་རྩེ་ཅིག་མཉམ་པར་ཞོག །བར་དོ་འཇིགས་པའི་ལམ་འཕྲང་ལ། །བླ་མ་སྐད་ཅིག་དྲན་ན་ཡང་། །བདེ་བའི་གནས་སུ་འགྲོ་བའི་ཕྱིར། །རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམ། །དམ་ཚིག་སྡོམ་པ་བསྲུང་བ་ན། །རྟག་ཏུ་མཐོ་རིས་བདེ་བ་འཐོབ། །ལྷ་རྣམས་ཀུན་གྱི་རྟག་ཏུ་བསྲུངས། །དེ་ཕྱིར་སྡོམ་གསུམ་བསྲུངས་ལ་འབད། །ལུས་ངག་དགེ་བ་ཆུང་ངུ་ཡང་། འབྲས་བུ་མི་ཟད་ཆེ་འདོད་ན། །སྙིང་པོ་སེམས་ཅན་དོན་གྱི་ཕྱིར། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། རྒྱལ་བའི་མདོ་རྒྱུད་ཀུན་བསྡུས་ཀྱང་། །དོན་འདི་བས་ལྷག་པ་གཞན་ན་མེད། །མ་བཟོད་སེམས་ཀྱིས་གྲོས་འདེབས་འདི། །སྐལ་ལྡན་ཀུན་གྱི་ཉམས་སུ་ལོངས། །ཞེས་པ་འདི་བླ་མ་རང་བྱུང་རྡོ་རྗེ་ཡིས་དབེན་གནས་ནགས་ཕུ་རུ་གསུངས་སོ།། །། ༈ ན་མོ་གུ་རུ། ཆོས་རྗེ་རང་བྱུང་རྡོ་རྗེས་ནགས་ཕུ་དཔལ་ལྡན་གྱི་རི་ཁྲོད་དུ། སྦྲུལ་ལོ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་ལ། ལམ་ཟབ་མོ་ཁྲིད་ཀྱི་བཀའ་སྲུང་ལ་ཚོགས་གཏོར་ཕུལ་བའི་དུས་སུ། དགེ་བཤེས་རི་ཁྲོད་དབང་ཕྱུག་ལྔ་བརྒྱ་ཙམ་གྱི་མགུར་གཅིག་མཛད་པར་ཞུས་པས། ཅི་ལྟ་བུ་བྱ་གསུངས། བསམ་གཏན་རིན་ཆེན་གྱིས། དྲང་དོན་ངེས་དོན་གཉིས་ཀ་ཚང་བ་གཅིག་ཞུ་བྱས་པས་གསུངས་པས། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རྒྱལ་བའི་བསྟན་པའི་སྙིགས་མ་ལ། ཉམས་སུ་ལེན་ན་འདི་ལྟར་མཛོད། །སྣང་བ་མི་རྟག་སྒྱུ་མ་འདྲ། །མ་རྟོགས་བླང་དོར་འཁྲུལ་པའི་རྒྱུ། །འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད། །མ་རིག་བདག་འཛིན་སྤང་བྱ་ལགས། །རྣམ་རྟོག་འདུ་བྱེད་ལས་ཀྱི་རྒྱུས། །ཁམས་གསུམ་སྲེད་ལན་འཚམས་སྦྱར་ནས། །སྐྱེ་འཆི་ཟོ་ཆུས་ཁྱུད་མོ་འདྲ། །འདི་ལ་ཐར་བར་བྱ་བ་གཅེས་། །རྣམ་རྟོག་དཀར་ནག་ལས་ཀྱི་མཐུས། །བདེ་སྡུག་འབྲས་བུ་སོ་སོར་མྱོང་། །དྲན་པ་མ་ཡེངས་བྱ་ར་མཛོད། །རྒྱལ་བའི་གསུང་དང་མཐུན་པ་ལགས། །རྣམ་རྟོག་སྨིག་རྒྱུ་ལྟ་བུ་ཡིས། །འཁོར་འདས་སོ་སོར་འཛིན་མོད་ཀྱང་། །མ་རིག་རྟོག་པ་དག་པ་ན། །མྱ་ངན་འདས་པ་དེ་རང་ཡིན། །རྟོག་བྱེད་ལམ་གྱི་མན་ངག་རྣམས། །ཉོན་མོངས་ཞི་བའི་བསམ་གཏན་དང་། །རང་གྲོལ་རྟོག་པའི་ཤེས་རབ་གཉིས། །མཉམ་པོར་སྦྱོར་ན་དེ་རུ་འདུས། །མཐར་ཐུག་རང་གི་སེམས་ཉིད་ལ། །རྟོགས་པའི་དྲི་མས་མ་གོས་པར། །སྐུ་དང་ཡེ་ཤེས་རྒྱས་པ་དེ། །སངས་རྒྱས་ཞེས་བྱར་གསུངས་པ་ཡིན། །ཞེས་གསུང་པ་དང་། ཡང་ཞུས་པས། རྡོ་རྗེ་ཐེག་པའི་ཉམས་ལེན་གཅིག་གསུངས་པར་ཞུས་པས། ཡང་གསུངས་པ་ནི། ༈ རྡོ་རྗེ་འཆང་ཆེན་ཆོས་ཀྱི་སྐུ། །རིན་ཆེན་རྒྱུད་པའི་བླ་མ་རྣམས། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་རློབས། །རྡོ་རྗེ་ཐེག་པའི་རྒྱུད་རྣམས་ལས། །གཞི་ལམ་འབྲས་བུ་གསུངས་པ་དེ། །རང་ལུས་རྡོ་རྗེའི་གནས་ལུགས་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་དང་གཙོ་བོ་བཅུ་གཉིས་ལ། །འཁོར་སྟོང་སྟོང་ཡོད་པས་བརྒྱད་ཁྲི་དང་། །བཞི་སྟོང་ཆོས་ཀྱི་ཕུང་པོ་དང་། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་། །སྐྱེས་བུ་ཚེ་ལོ་བརྒྱ་པ་ལ། །བྱེ་བ་བདུན་ཅུ་དོན་བདུན་དང་། །ས་ཡ་བདུན་དང་འབུམ་ཕྲག་དྲུག །དེ་སྙེད་ཆོས་ཀྱི་སྒོམ་ཡོད་ཅིང་། །དྭངས་སྙིགས་སུམ་ཅུ་རྩ་བདུན་དང་། །འདོད་དང་མི་འདོད་རྟོག་པའི་ཚེ། །བདུན་ཅུ་དོན་གཉིས་ལ་བརྟེན་པའི། །ཡེ་ཤེས་གཉེན་པོ་དེ་སྙེད་ཡོད། །གནས་སྐབས་བཞི་དང་སྐུ་བཞི་ཡི། །དོན་ལས་མཁས་པར་གྱུར་པ་ན། །རྡོ་རྗེ་ཐེག་པའི་ལམ་རིམ་ཡིན། །རྩ་རླུང་རྣམ་པར་དག་པ་དང་། །ཐིག་ལེ་འཛག་མེད་དབང་ཐོབ་པས། །ཡེ་ཤེས་རང་བྱུང་མཉམ་མཁྱེན་པས། །རྡོ་རྗེ་འཆང་དང་དབྱེར་མེད་པར། །སྲིད་ཞི་སྤངས་པའི་དབང་ཐོབ་པ། །རྡོ་རྗེ་ཐེག་པའི་རྣམ་མཁྱེན་ཏེ། །ཨེ་མ་ངོ་མཚར་སྙིང་པོའི་དོན། །རྒྱལ་སྲས་གསང་བའི་བདག་པོ་ཡི། །ཐུགས་རྗེའི་མཐུ་ལས་བྱུང་བ་ལགས། །སྐལ་ལྡན་རྣམས་ཀྱི་མཁྱེན་པར་མཛོད། །ཞེས་གསུངས་སོ། །ཡང་འདུས་པ་རྣམས་ལ་ཉམས་ལེན་ལ་བསྐུལ་བའི་ཕྱིར་གསུངས་པ། ༈ ཀྱེ་མ་བསྟན་པའི་སྙིགས་མ་ལ། །རྒྱལ་བའི་བསྟན་དང་མཇལ་བར་དཀའ། །ཐེག་ཆེན་གདམས་པ་ཐོབ་པ་ཉུང་། །ཐུགས་རྗེ་ལྡན་པའི་བཤེས་གཉེན་ཀུན། །དག་པའི་ཞིང་དུ་གཤེགས་ཀྱི་གདའ། །མིང་ཡང་སྒྱུ་མའི་སྐྱེས་བུ་འདྲ། །རྟག་པའི་དངོས་པོ་མ་ཡིན་པའི། །ཐུགས་རྗེ་ལྡན་པའི་བཤེས་གཉེན་ཀུན། །དག་པའི་ཞིང་དུ་གཤེགས་ཀྱི་གདའ། །མིང་ཡང་སྒྱུ་མའི་སྐྱེས་བུ་འདྲ། །རྟག་པའི་དངོས་པོ་མ་ཡིན་པའི། །ཐེག་ཆེན་ཉམས་ལེན་ཐེ་ཚོམ་གཅོད། །རང་གི་སེམས་ལ་བསྐུལ་མ་ཐོབ། །མྱུར་དུ་བརྩོན་འགྲུས་མཐའ་རུ་བྱུང་། །དེ་འདིར་བཞུགས་རྣམས་ལ་ཞུས་པ་ལགས། །དགེ་བ་བྱང་ཆུབ་ལམ་དུ་བསྔོ། །ཞེས་གསུངས་པ་དང་། དྭགས་པོ་བསྒོམ་ཆེན་རྡོ་རྗེ་རིན་ཆེན་གྱིས། དེང་སངས་རིན་ཆེན་ཐུགས་རྗེས་མ་གཟིགས་ན། སེམས་ཅན་ལ་སྐྱབས་མི་འདུག་པས། ཐུགས་རྗེ་སྐྱོ་བ་མི་མཛད་པར་ཞུ། ཞུས་པས་ལན་གསུངས་པ། བདག་མཆིས་རྣལ་འབྱོར་འདུག་པ་འདི། །སྔོན་བསྐལ་པ་གྲངས་མེད་སྔ་རོལ་ནས། །སྐྱབས་ཐུབ་པ་ཆེན་པོས་རྗེས་སུ་བཟུང་། །བྱང་ཆུབ་ལམ་ལ་འདུན་པ་ཡོད། །མར་གྱུར་ཁམས་གསུམ་སེམས་ཅན་རྣམས། །བྱང་ཆུབ་ལམ་དྲངས་པའི་ཕྱིར། །ཀུན་ཏུ་བཟང་གི་སྨོན་ལམ་ལྟར། །སྙིང་རྗེས་ལམ་ལོག་རྣམས་ལ་བརྩེ། །མི་བདག་ལ་བསྐུལ་མ་མི་འཚལ་གྱིས། །བུ་སྒོམ་ཆེན་པ་རྣམས་གཟོབ་ལས་མཛོད། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །རྟག་ཏུ་དྲན་པའི་མོས་གུས་ཡོད། །འདི་ནས་ཤར་ཕྱོགས་ཞིང་ཁམས་ནས། །གང་གཱའི་བྱེ་སྙེད་འདས་པ་ན། །རྒྱལ་བ་རི་རབ་ལྟ་བུ་བཞུགས། །འཇམ་དཔལ་ཞིང་དང་མཉམ་པ་ཡི། །རྒྱལ་སྲས་དཔག་མེད་གྱིས་གང་པ། །ད་ལྟ་ཡིད་ལ་དྲན་གྱི་གདའ། །མི་བདག་ལ་ཞུམ་པ་མི་བདོག་གི །བུ་སྒོམ་ཆེན་པ་རྣམས་ཐུགས་རྒྱ་བསྐྱེད། །སྣ་ཚོགས་རྒྱལ་བའི་བཀའ་རྣམས་ལ། །སྤྱི་དོན་ཚུལ་དང་མཐུན་པར་གོ །ད་རུང་ཕྱི་མའི་མཐར་ཐུག་པར། །ཆོག་ཤེས་མེད་པར་མངོན་དུ་བྱེད། །མི་བདག་ལ་བསྐུལ་མ་མི་འཚལ་གྱིས། །བུ་སྒོམ་ཆེན་པ་ནས་བརྩོན་འགྲུས་བསྐྱེད། །མེད་ཀྱང་ཀུ་རེ་བགྱིས་པ་ལགས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག ། ༈ ན་མོ་གུ་རུ། སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །ཐར་པའི་གླིང་དུ་འདྲེན་མཛད་པའི། །སྐྱབས་ཀྱི་མཆོག་གྱུར་བླ་མ་རྗེ། །སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །བདག་མཆིས་རྣལ་འབྱོར་འདུག་པ་འདི། །དལ་འབྱོར་མི་ལུས་ལེགས་པར་ཐོབ། །ཐེག་ཆེན་བླ་མ་རྣམས་དང་མཇལ། །རྒྱལ་བའི་བཀའ་ལ་རང་བྱན་ཚུད། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །བསླབ་གསུམ་རྣམ་དག་རྒྱུད་ལ་ཐེབ། །བླང་དོར་སྤྱོད་ཚུལ་ལེགས་པར་ཤེས། །ཕྱི་མའི་ལས་འབྲས་ལེགས་པར་ཉིད། །རང་ལ་རང་དབང་ཡོད་པ་ལ། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །སྣ་ཐག་མི་ལ་མ་ཤོར་བར། །ཟ་འདོད་ལོངས་སྤྱོད་མི་བསྒྲུབ་ཅིང་། །སྐྱེ་བོ་ཀུན་གྱི་མོས་ཤིང་བཀུར། །རང་དབང་རང་གིས་ཐོབ་པ་ལ། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །རྩོམ་བྱེད་རྒྱལ་བའི་གསུངས་ལ་མཁས། །བསམ་གཏན་གནད་ཀྱི་བསྒོམ་པ་ཤེས། །ཉམས་ཀྱི་སྐྱོན་ཀུན་སེལ་ལ་མཁས། །མཁས་པའི་སྐྱེ་བུ་རྣམས་ཀྱི་བསྟོད། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །ཕྱོགས་འཛིན་ཅན་གྱི་ལྟ་བ་ཞིག །ཞི་བདེ་འདོད་པའི་སྒོམ་པ་སྟོར། །ཐོ་ཅོ་ཚུལ་འཆོས་སྤྱོད་པ་མེད། །འབྲས་བུ་རེ་དང་དོགས་པ་བྲལ། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །འཁོར་བ་སྒྱུ་མ་ལྟ་བུར་སྣང་། །མྱང་འདས་སྨིག་རྒྱུ་ཙམ་ཏུ་གོ །རྒྱུ་འབྲས་རྟེན་ཅིང་འབྱུང་བར་ཤེས། །སྐྱེ་འགག་ནམ་མཁའི་སྐྲ་ཤད་བཞིན། །འདི་དུས་བསྒྲུབ་ལ་མི་བརྩོན་པར། །ལེ་ལོ་བྱེད་ན་རང་ལ་ངན། །རང་ལ་བསྐུལ་མ་འདེབས་པའི་གླུ། །ཙ་རིར་དབེན་པའི་ཉེ་འཁོར་དུ། །དགུན་ཞུག་བསམ་གཏན་བྱེད་པའི་ཚེ། །དབེན་པའི་གནས་སུ་བླངས་པ་ལགས། །རྣམ་གཡེངས་སྐྱོན་རྣམས་དག་པ་དང་། །བརྩོན་འགྲུས་སེམས་ལ་སྐྱེ་བར་ཤོག །ཞེས་པ་འདི་རང་ལ་བསྐུལ་བའི་དོན་དུ་རང་རྡོ་རྗེས་དབྱངས་སུ་བླངས་པའོ།། །། ༈ ན་མོ་རཏྣ་གུ་རུ། སྐྱབས་མཆོག་ཐུབ་པ་བཀའ་དྲིན་ཅན། །གྲངས་མེད་བསྐལ་པའི་གོང་རོལ་ནས། །བདག་ཅག་སེམས་ཅན་རྨུ་རྒོད་རྣམས། །རྒྱལ་སྲས་གཞན་གྱི་སྤངས་པ་ཀུན། །ཐུགས་རྗེ་ལྡན་པའི་སྨོན་ལམ་ཅན། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱོད་ཀྱི་སྨོན་ལམ་བཞིན། །ནུས་པ་མེད་ཀྱང་བསྒྲུབ་སྙམས་པས། །རྣམ་རྟོག་རླུང་པོ་གཡེང་བ་ཆེ། །ཞེ་སྡང་མེ་ཆེན་རྒྱུད་ན་བསྲེགས། །ཆགས་པའི་རྒྱ་མཚོ་གཏིང་རེ་ཟབ། །འདི་འདྲའི་སེམས་ཅན་སྐྱོབ་པ་དཀའ། །ཆོས་ཀུན་མི་རྟག་བསྒྲུབ་པ་དཀའ། །བདག་ལྟའི་དུག་རོ་གཏིང་ནས་དམ། །ཡུལ་སྣང་དག་པར་བསྒྱུར་བ་དཀའ། །བདུད་ཀྱིས་ཕོ་ཉ་ནུས་པ་ཆེ། །ཐར་པའི་གནས་ལུགས་མི་མཐོང་བ། །ལོང་བའི་ཚོགས་ལ་ཇི་ལྟར་བྱ། །ལོངས་སྤྱོད་བྱིན་ན་གཡེང་བས་ཁྱེར། །མེད་ན་དེང་སང་བསྒྲུབ་པ་དཀའ། །བསགས་ཤིང་སེར་སྣའི་མདུད་པ་དམ། །ཚོགས་གསོག་ཁ་ལེན་བུན་སྐྱེད་འདྲ། །ལོག་འཚོ་ཅན་གྱི་སེམས་ཅན་རྣམས། །སྦྱིན་པས་ཇི་ལྟར་བསྡུ་བར་ནུས། །ཕལ་ཆེར་ཁེངས་པ་ང་རྒྱལ་སྨྲ། །ཕན་ཚུན་རྫུན་གྱི་མགོ་བོ་སྐོར། །དགེ་བཤེས་གཡོ་སྒྱུ་ཕྲ་མ་བྱེད། །ཕ་དང་མ་ལ་ཚིག་རྩུབ་སྨྲ། །ཐེག་ཆེན་ཆོས་ལ་འཕྱར་ཀ་གཏོང་། །འདི་དུས་སྙན་སྨྲས་བསྡུ་བ་དཀའ། །དམ་ཆོས་བྱེད་ན་གཏི་མུག་ཆེ། །བསྒོམ་དུ་བཅུག་ན་གྲོང་ཡུལ་འགྲིམ། །དཀའ་བ་སྤྱད་ན་གཞན་དུ་འགྲོ། །འདོད་ཡོན་སྤྱོད་ན་འཁོར་བར་འཁྱམས། །རྒྱལ་སྲས་སྤྱོད་པ་ཐོ་ཅོར་འཛིན། །དོན་མཐུན་བསྡུ་བར་སུ་ཡི་ནུས། །དགེ་བཅུ་སྤྱོད་པ་ཤིན་ཏུ་ཉུང་། །དབེན་པར་བསྡད་ཀྱང་གཡེང་བས་ཁྱེར། །ཆོས་བཞིན་སྤྱོད་ན་འཁོར་བསྡུས་ཟེར། །མི་དགེ་སྤྱོད་པ་དཔོན་དུ་བཀུར། །རྒྱལ་སྲས་འཇམ་པའི་དབྱངས་ཀྱིས་ཀྱང་། །དོན་སྤྱོད་བྱ་བར་ཅི་ལྟར་ནུས། །ཀྱེ་མ་འདི་འདྲའི་སེམས་ཅན་རྣམས། །རྒྱལ་བའི་ཐུགས་རྗེས་མྱུར་དུ་དྲོངས། །བདག་ཀྱང་སྤྱན་རས་གཟིགས་དབང་ལྟར། །ཐུགས་རྗེའི་རྣམ་ཐར་འབྱོངས་པ་དང་། །སྒྱུ་མའི་རྣམ་ཐར་རྒྱ་མཚོ་ཡིས། །མཐུ་སྟོབས་འགྲོ་བ་འདྲེན་པར་ཤོག །ཅེས་པ་ཐུབ་པའི་ཐུགས་རྗེས་སྨོན་པའི་མགུར། རང་བྱུང་རྡོ་རྗེས་དབེན་པར་བྲིས།། །། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྙིགས་དུས་སེམས་ཅན་དམུ་རྒོད་རྣམས། །ཞི་ཞིང་འདུལ་བར་བྱིན་གྱིས་རློབས། །རྒྱལ་བའི་བསྟན་པའི་སྙིགས་དུས་འདིར། །སྐྱེས་པའི་སེམས་ཅན་ཉོན་རེ་མོངས། །མི་ཁོམས་འཁོར་བའི་རྒྱ་མཚོ་འདི། །གཏིང་མཐའ་མེད་པར་ཡི་རང་། །རྣམ་རྟོག་མ་དུལ་སེམས་བསྐྱེད་འདི། །གཞན་ལ་ཕན་པ་ཤིན་ཏུ་ཉུང་། །ཁ་ལེན་པའི་སྦྱིན་གཏོང་འདི། །བསོད་ནམས་འབྲས་བུ་ཤིན་ཏུ་ཉུང་། །མངོན་ལྐོག་ཅན་གྱི་ཚུལ་ཁྲིམས་ཀྱི། །དལ་འབྱོར་འབྲས་བུ་རྙེད་པར་དཀའ། །དབང་མེད་ཐབས་རྡུག་བཟོད་པ་དེ། །སྒོམ་ཀྱང་སྡུག་པའི་སྣོན་པ་ཡིན། །ལོག་པར་སྤྱོད་པའི་བརྩོན་འགྲུས་འདི། །ཐར་པའི་མི་མཐུན་གྲོགས་སུ་གདའ། །རང་བདེ་འདོད་པའི་བསམ་གཏན་འདི། །བསྒོམ་ཀྱང་ཉོན་མོངས་འཁོར་བའི་གྲོགས། །ང་རྒྱལ་བཅིངས་པའི་ཤེས་རབ་འདི། །ཆེ་ཡང་བདུད་ཀྱི་ཕོ་ཉ་ཡིན། །ཁ་ལྟ་སྟོང་པའི་འུད་རྒོག་དེ། །བཟང་ཡང་ཆོས་སྤོང་ལས་ལ་ཉེ། །རྣམ་རྟོག་མ་དུལ་བསྒོམ་པ་དེ། །བཟང་ཡང་དུག་འདྲེས་ཟས་དང་འདྲ། །རང་གཞན་མི་ཕན་སྤྱོད་པ་དེས། །མཁས་ཀྱང་ངན་འགྲོར་ཁྲིད་པར་བྱེད། །རེ་དོགས་ཅན་གྱི་འབྲས་བུ་དེ། །ཀིམ་པ་ཀའི་འབྲས་བུ་འདྲ། །དམ་ཚིག་འགལ་བའི་སྔགས་པ་དེ། །གཤིན་རྗེའི་ཕོ་ཉས་ཟིན་པ་ལགས། །ཚུལ་ཁྲིམས་མི་བསྲུང་བཙུན་པ་དེ། །ཤི་ནས་དམྱལ་བར་འགྲོ་བ་ལགས། །ཕྱུག་པོ་ནོར་ལ་ཆགས་པ་དེ། །ཡི་དྭགས་གནས་སུ་སྐྱེ་བར་བྱེད། །གཏི་མུག་ངག་འཆལ་སྨྲ་བ་དེ། །དུད་འགྲོ་རིན་གྱི་ཉོས་པ་ལགས། །ཁྱིམ་འདྲིས་ཞེན་པ་བྱེད་པ་དེ། །མི་དགེ་ངང་གིས་འཕེལ་བར་འགྱུར། །གྲོང་ཡུལ་འགྲིམ་ལ་དགའ་བ་དེ། །ལོག་འཚོ་སྤེལ་བར་བྱེད་པ་ལགས། །སྙན་གྲགས་སྒྲ་ལ་འདོད་པ་སྐྱེ། །རི་དྭགས་སྒྲ་ལ་ཉན་དང་མཚུངས། །ཀྱེ་མ་སྙིགས་དུས་སེམས་ཅན་རྣམས། །ལོག་སྤྱོད་འདི་རྣམས་སྤངས་ནས་ཀྱང་། །ཡང་དག་ལམ་མཆོག་རྙེད་པར་ཤོག །ཅེས་པ་འདི་ཙ་རིའི་གནས་སྒོ་དགོན་གསར་དུ་གསུང་སོ།། །། ༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །རང་བྱུང་རྡོ་རྗེས་འདི་སྐད་ལོ། །ལོག་པའི་སེམས་ཅན་འདུལ་དཀའ་བ། །ཟ་རྒྱུ་བྱིན་ན་རྐོ་ལོང་སྡོམ། །ནོར་འཕངས་མེད་བྱིན་ན་ཚུར་ལ་འཁངས། །སྲོག་ནས་བསླུས་ནས་གནོད་པ་སྐྱེལ། །སློབ་མ་བླ་མས་དགྲ་དང་སྤྲད། །ཆོས་ཟབ་མོ་བྱིན་ན་སྣོད་མི་རུང་། །དབང་རྒྱུན་དུ་བསྐུར་ཡང་དམ་ཚིག་མེད། །འདུལ་ཁྲིམས་མི་བསྲུང་ཐོ་ཅོ་བྱེད། །ཟབ་མོའི་ལྟ་བསྟན་ཆད་ལྟར་འགྲོ། །མངོན་སུམ་བསྟན་ན་རྟག་ལྟར་འཛིན། །ཀྱེ་མ་སྙིགས་དུས་སེམས་ཅན་རྣམས། །སུ་ཡི་རྗེས་སུ་འཛིན་པར་བྱེད། ཁྱད་པར་སྐྱེ་དམན་གང་ཟག་རྣམས། །རྣམ་རྟོག་འདོད་པའི་ཕྱོགས་སུ་འབྲེང་། །ཕན་པའི་ཞལ་ལྟ་འབར་བར་མཐོང་། །གཡོ་སྒྱུ་ཅན་གྱི་རྗེས་སུ་འབྲང་། །ཆོས་བཤད་ཀྱང་སེམས་ལ་གཅིག་མི་འཛིན། །བསམ་གཏན་བསྒོམ་པའི་སྙིང་རུས་མེད། །ལོག་པའི་ཕྱོགས་སུ་བརྩོན་འགྲུས་ཆེ། །ཁྱི་གུ་འདྲིས་ན་ཁ་ལ་ལྡག །བྱིས་པ་འདྲིས་ན་དཔྱ་ལ་འཕྱངས། །འདི་འདྲའི་སྙིགས་དུས་སེམས་ཅན་རྣམས། །རྒྱལ་སྲས་རྣམས་ཀྱི་གསེར་མ་སྤྱོད། །མི་བདག་གི་རྙིང་རྗེ་སྐྱེས་མོད་ཀྱང་། །དུས་སྙིགས་མ་འདི་ལ་ཐུལ་བར་དཀའ། །དེ་ལྟར་རེས་གཅིག་བཏང་སྙོམས་སྒོམས། །ཕྱི་མར་ཐུལ་བར་སྨོན་ལམ་འདེབས། །རང་བྱུང་སེམས་ལ་ཤར་བ་འདི། །སྐལ་ལྡན་རྣམས་ཀྱི་མཁྱེན་པར་མཛོད། །ཅེས་བྱ་བ་འདི་ཙ་རིའི་ཞོལ་དགོན་གསར་དུ་གསུངས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པའི་སྙིགས་མ་ལ། །དད་པར་ལྡན་པའི་སེམས་ཅན་དཀོན། །དམ་ཆོས་ཚུལ་བཞིན་སྟོན་པ་ཉུང་། །ཆོས་ལ་བརྩོན་པ་བརྒྱ་ལ་འགའ། །རང་གཞན་དོན་གཉིས་གྲུབ་པ་ན། །འདི་ལྟར་འགྱུར་བའི་སྙིགས་དུས་སུ། །རྒྱལ་བའི་རྗེས་སུ་སློབ་པ་རྣམས། །འཁོར་བའི་འདམ་ལ་མི་ཆགས་པར། །མྱང་འདས་སྐམ་ས་སྙགས་རེ་རན། །འཇིག་རྟེན་ཉེ་དུ་སྤངས་ནས་ཀྱང་། །བཤེས་གཉེན་དམ་པ་བརྟེན་རེ་རན། །དོན་མེད་ལོང་གཏམ་དོར་ནས་ཀྱང་། །གསང་སྔགས་བཟླས་བརྗོད་བྱ་རེ་རན། །ལོག་པའི་བརྩོན་འགྲུས་དོར་ནས་ཀྱང་། །བསམ་གཏན་བརྩོན་འགྲུས་བྱ་རེ་རན། །ཞིམ་མངར་ཞེན་པ་སྤངས་ནས་ཀྱང་། །ཏིང་འཛིན་ཟས་ལ་བརྟེན་རེ་རན། །གྲོང་ཁྱེར་སྲེད་པ་སྤངས་ནས་ཀྱང་། །རི་ཁྲོད་བས་མཐའ་འགྲིམ་རེ་རན། །དེ་ལྟར་ཉམས་སུ་མི་ལེན་ན། །ཕྱིའི་སྣང་བ་བྲིད་པ་མཁས། །ཡིད་ཀྱི་ཁྱེའུ་ཆུང་འགོ་ལོ་རྒོད། །རྣམ་པར་རྟོག་པའི་རྒྱུན་མ་མང་། །བསོད་ནམས་གྲོགས་པོ་ཤིན་དུ་ཉུང་། །གཏི་མུག་མུན་པ་གྲིབ་མ་ཆེ། །ལོག་པའི་གཡང་ས་ཤིན་དུ་མང་། །མི་དགེའི་གྲོགས་པོ་ཁྲིད་ནས་ཀྱང་། །ངན་སོང་གསུམ་གྱི་བཙོན་ར་རུ། །ཐར་པ་མེད་པར་འཁྱམ་ཉན་ཡོད། །དེས་ན་བརྩོན་འགྲུས་བྱ་རེ་རན། །ཅེས་པ་འདི་གླང་ལོ་ཟླ་བ་ལྔ་པ་ལ་ཤང་ཏོར་གསུངས་སོ།། །། ༈ ན་མོ་གུ་རུ། ཡང་གླང་ལོ་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་གྱི་ནུབ་མོ་ཕོ་བྲང་ཤང་ཏོར་རྨི་ལམ་དུ་བྱུང་བ་མགུར་དུ་གསུངས་པ་ནི། ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བློན་པོའི་ཚོགས་ཀྱི་གསོལ་བཏབ་ནས། །སྤྱན་རས་གཟིགས་དབང་སྒོམ་ཐབས་བཤད། །དེ་རྗེས་འོད་དཔག་མེད་པ་ཡི། །ཞིང་ཁམས་ཡོན་ཏན་བསྔགས་པ་དང་། །མ་ཎི་པད་མེའི་སྔགས་པ་རྣམས། །བདག་ལ་ཤོད་ཅེས་ཚིག་ཏུ་སྨྲས། །ཟ་མ་ཏོག་ལས་བཤད་པ་ཡི། །སྔགས་པ་རྒྱ་ཆེར་བཤད་ནས་ཀྱང་། །ཡང་ནི་ཚིག་དུ་འདི་སྐད་བརྗོད། །གང་གི་འདི་འདྲའི་མཚན་འཛིན་པ། །བདེ་བ་ཅན་དུ་སྐྱེ་འགྱུར་ཏེ། །རིན་ཆེན་སྣ་ཚོགས་པདྨ་ཡི། །སྟེང་དུ་དཀྱིལ་ཀྲུང་བཅས་སྟེ་འབྱུང་། །མགོན་པོ་འོད་དཔག་མེད་མཐོང་ནས། །ཆོས་ཉིད་དོན་ནི་རྒྱ་ཆེན་མཐོང་། །དེ་ལ་རྒྱལ་ནས་འཛུམ་པ་མཛད། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །དེ་ལ་ཞུ་བ་མཛད་ནས་ཀྱང་། །ལུང་བསྟན་རྗེས་སུ་གནང་བ་མཛད། །དེ་ནས་སེམས་ཀྱི་སྐད་ཅིག་ལ། །ཕྱོགས་བཅུའི་རྒྱལ་བ་མཆོད་པ་དང་། །སེམས་ཅན་རྣམས་ལ་སྦྱིན་བྱེད་པ། །འཇིག་རྟེན་ཁམས་ནི་དཔག་མེད་པར། །ལེགས་པར་ཚུལ་འདི་རྨིས་ནས་ཀྱང་། །སད་ཀྱང་བློ་ལ་གསལ་བར་སྣང་། །དེ་ཕྱིར་ངག་ཏུ་བརྗོད་པ་ཡིན། །ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ། །ཤིན་ཏུ་ལེགས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཡང་ཕོ་བྲང་ཆེན་པོ་ཏའི་ཏུ་ན་བཞུགས་པའི་དུས་སུ། སྟག་ལོ་ཟླ་བ་དང་པོ་ཚེས་དགུའི་ནུབ་མོ་རྨི་ལམ་དུ། སློབ་དཔོན་དཔའ་བོ་རྡོ་རྗེ་ངས། མར་པ་ལོ་ཙཱ་ཚོ་ལ་སོགས་པའི་བླ་མ་འབྱོན་ནས། ཆོས་ཀྱི་བསྒྲོ་གླེང་མང་པོ་བྱེད་གྱིས་འདུག །དེ་ཡི་བར་དུ་ཚིགས་སུ་བཅད་པ་ཡིད་ལ་ཟིན་པ་ནི། གང་ཞིག་རྟོག་པས་བར་བཅད་ན། །དགའ་བདེའི་ཏིང་འཛིན་ཉམས་གྱུར་བས། །དུས་རིང་སྒོམ་ཀྱང་དགོས་པ་མེད། །རྟོགས་བྲལ་གསལ་བར་སྐྱེ་གྱུར་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཏེ། །མཚན་པའི་ལ་སོགས་བཙལ་མི་དགོས། །གང་དང་གང་ལ་སེམས་བཞག་པ། །དེ་དང་དེའི་རང་བཞིན་ཏེ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་གསུངས་པ་ཐོས་ཞིང་། ཡིད་ལ་ཟིན་ནས་འདུག་གསུངས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

</div>
</div>
==Notes==
<references />

[[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།]]

Latest revision as of 09:39, 18 February 2013

{{{1}}}

༄༅། །རང་བྱུང་རྡོ་རྗེའི་གསུང་མགུར་ཐོར་བུ་བཞུགས་སོ།[1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net