ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
No edit summary
Line 1: Line 1:
<div class=TibUni16>
༄༅། །རྒྱ་གར་སྐད་དུ། མ་ཧཱ་ཡ་ནཱ་ཨུཏྟ་ར་ཏནྟྲ་ཤཱཧླ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ༈ །སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ ༈ །འདི་དག་རང་མཚན་ཉིད་ཀྱི་རྗེས་འབྲེལ་བ། །གོ་རིམས་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །གླིང་བཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། ༈ །སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། །སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། ༈ །གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། ༈ །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ༈ །ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོངས་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། ༈ །གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གི་རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། ༈ །བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ༈ །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམས་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོགས་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། ༈ །སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། ༈ །ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། ༈ །འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། ༈ །སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ༈ །སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། ༈ །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། ༈ །འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ༈ །དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། ༈ །དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམས་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། ༈ །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམས་ཇི་བཞིན་གནས་གཅིག་དེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། ༈ །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ༈ །སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་ཏུ་གསུངས། ༈ །ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། ༈ །རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་བརྩེ་ལས་བྱུང་བ། ༈ །མཐུ་དང་གཞན་དུ་མི་འགྱུར་དང་། །བརླན་པའི་ངོ་བོའི་རང་བཞིན་ཕྱིར། །འདི་དག་ནོར་བུ་རིན་ཆེན་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། ༈ །ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། ༈ །དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། ༈ །ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། ༈ །གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པའི་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་བར། །འདུན་དང་སྨོན་པའི་ལས་ཅན་ནོ། ༈ །འདི་དག་འབྲས་ནི་མདོར་བསྡུ་ན། །ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། ༈ །དེ་ནི་རང་བཞིན་དག་ཕྱིར་དང་། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། ༈ །གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། ༈ །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། ༈ །རྒྱ་མཚོ་ཆེ་བཞིན་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོད་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། ༈ །ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་། །ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡིས་ནི། །རྒྱ་མཚོ་དང་ནི་མཚུངས་པར་བསྟན། ༈ །དྲི་མེད་གནས་ལ་མངོན་ཤེས་དང་། །ཡེ་ཤེས་དྲི་མེད་དེ་ཉིད་དང་། །རྣམ་དབྱེ་མེད་ཕྱིར་མར་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། །སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། ༈ །ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། ༈ །དེ་སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། ༈ །ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའིཆོས་ཉིད་དོ། ༈ །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། ༈ །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག ༈ །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་ཚིག ༈ །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དག་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། ༈ །ས་དང་འདྲ་བ་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲ་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་ལྟ། །རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་གཞི་ཅན་མིན་གནས་པ་མེད། ༈ །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་ཆགས་པ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང་། །འཇིག་དང་གནས་པའང་ཡོད་མ་ཡིན། ༈ །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །བློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ༈ །ལས་དང་ཉོན་མོངས་ཆུ་སོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན་ཏེ། །འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་འཚིག་མི་འགྱུར། ༈ །དུས་མཐའ་དམྱལ་བ་ཐ་མལ་པའི། །མེ་གསུམ་འཆི་དང་ན་བ་དང་། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་དག་འདྲ་བར་ཤེས་པར་བྱ། ༈ །སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་ཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། ༈ །འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། ༈ །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། ༈ །རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། ༈ །འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་། །བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ཡི། །གཉེན་གྱི་ཐབས་དང་སྙིང་རྗེ་མཆོག ༈ །དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། ༈ །བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་ཞུགས་པ་ཡིན། ༈ །སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། ༈ །བསྟན་དང་གཟུགས་སྐུ་དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང་། །གང་ཞིག་ཇི་ལྟར་གང་གིས་འདུལ། །དེས་དེ་དེ་ལྟ་ཉིད་དུ་ཤེས། ༈ །དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག ༈ །བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། ༈ །དེ་ལྟར་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་པའི་ཁྱད་དེ་ཉིད། ༈ །གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། ༈ །སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། ༈ །དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་མི་ཁྱབ་འགྱུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་པའི་ཕྱིར། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །དེ་ལ་ཚིག་གཉིས་དེ་བཞིན་གཉིས། །གཉིས་དང་གཉིས་ཀྱི་གོ་རིམས་བཞིན། །འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན་ཤེས་བྱ། ༈ །མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་འགྱུར་མིན་བདག་རྟག་པའི་དོན། །མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་བརྟེན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། ༈ །གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ༈ །མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། ༈ །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིགས་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མིན་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། ༈ །རྣམ་ཀུན་མངོན་རྫོགས་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། དམ་པའི་དོན་དུ་གཉིས་མེད་ཉིད། །རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང་། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། ༈ །ཇི་ལྟར་རི་མོ་འདྲི་བྱེད་པ། །གཞན་དང་གཞན་ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། །དེ་བཞིན་ངེས་ཟིན་མེད་པར་འགྱུར། །དེ་ནས་འདི་ལ་ཁྱེད་ཀུན་གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡིས་རས་ནི་བྱིན་པ་དང་། །དེ་ལས་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལ། །གཅིག་གཅིག་ཡུལ་གཞན་སོང་གྱུར་པ། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ཤེས་དཔེ་བྱས་སོ། །དེ་རྣམས་འདྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། ༈ །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་ ༈ འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། ༈ །དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། ༈ །དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། ༈ །ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །༈༈༈༈༈༈༈༈༈སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་སྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། ༈ །དྲི་མ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་སྲུལ་དང་། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། ༈ །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། ༈ །ཇི་ལྟར་མདོག་ངན་པད་མའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་ ༈ བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་བར་མཛད། ༈ །ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། །དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདབ་མ་གཅོད་བྱེད་ལྟར། །ཆགས་སྡང་སོགས་དྲི་སྦུབས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ༈ །ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པས་དེ་དོན་གཉེར་བ་ཡིས། །མཐོང་ནས་ཐབས་ཀྱིས་དེ་དང་སྲོག་ཆགས་ཚོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། ༈ །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་དེ་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན། ༈ །ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉེར་མེས། །སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། །དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། ༈ །ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་སྤྱད་བྱར་མི་འགྱུར་བ། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། ༈ །དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་འདུ་མི་བྱེད། ༈ །ཇི་ལྟར་སཱ་ལུ་བྲ་བོ་ནས་འབྲུ་སྙིང་པོ་སྦུན་ལས་མ་བྱུང་གྲྭ་མ་ཅན། །ལེགས་པར་མ་བསྒྲུབས་མི་རྣམས་ཀྱིས་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབས་ལས་མ་གྲོལ་ལུས། །ཉོན་མོངས་བཀྲེས་པས་ཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། ༈ །ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་བའི་གནས་སུ་ལྷུང་གྱུར་པ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ། །ལྷ་མིག་རྣམ་དག་དང་ལྡན་ལྷ་ཡིས་དེར། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱངས་ཏེ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། ༈ །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་རྒུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། ༈ །ཇི་ལྟར་ལྗན་ལྗིན་རུལ་བའི་གནས་སུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པ་མི་ལ་ནན་གྱིས་སྟོན་པ་ལྟར། །དེ་བཞིན་རྒྱལ་བས་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་བསྟན་ཏོ། ༈ །ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། ༈ །དེ་བཞིན་ཡིད་ཀྱི་ནང་ཆུང་རིན་ཆེན་གཏེར། །དྲི་མེད་གཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་རྒུ་འདིས་མྱོང་ངོ་། ༈ །ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པའི་མི་ལ་ནི། །རིན་ཆེན་གཏེར་བདག་ཡོད་ཅེས་རྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་རྣམས་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམས། ༈ །ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་པའི་ལྗོན་ཤིང་གི །རྒྱལ་པོའི་དངོས་པོ་རིམ་གྱིས་འགྲུབ་པ་ལྟར། ༈ །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། ༈ །ཆུ་དང་ཉི་མའི་འོད་དང་རླུང་དང་ས་དུས་ནམ་མཁའི་རྐྱེན་རྣམས་ཀྱིས། །ཏ་ལ་དང་ནི་ཨ་མྲའི་འབྲས་སྦུབས་གསེབ་ནས་ཤིང་སྐྱེས་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང་། །དེ་བཞིན་དགེ་རྐྱེན་དེ་དང་དེ་ལས་ཆོས་མཐོའི་འཕེལ་བར་འགྱུར་བ་ཡིན། ༈ །ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་སྲུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་ནི་དེ་ལ་སྨྲ་བ་ལྟར། ༈ །ཐོགས་མེད་སྤྱན་མངའ་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་བར་བྱ་བའི་དོན་དུ་ཐབས་སྟོན་མཛད། ༈ །ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ། །ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་སྲུལ་གྱིས་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས། །དུད་འགྲོ་ལ་ཡང་གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་བ་ཆོས་སྟོན་ཏོ། ༈ །ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། ༈ །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། ༈ །ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་གཟུགས་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་གཞིག་ལ་གནས། ༈ །ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར། ༈ །རང་བཞིན་འོད་གསལ་དྲི་མེད་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག ༈ །ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས། །ཞི་དེ་རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པར་ལྟར། །དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཆོས་འཆད་ཚུལ་གྱིས་རྡེག་སྤྱད་བསྒྲུབས་པའི་སྒྲིབ་པ་དག་ནི་སེལ་བར་མཛད། ༈ །པདྨ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་སྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང་། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་བ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། ༈ །ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་ལྡང་དྲག་དང་བག་ཆགས་དང་། །མཐོང་སྒོམ་ལམ་སྤང་མ་དག་དང་། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེ་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བ་བྱེ་བ་མཐའ་ལས་འདས། །ཆགས་སོགས་དྲི་མ་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམས་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག་གིས་ཡང་དག་བསྟན། ༈ །དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱི་མ་དག་ཉིད། ༈ །ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང་། །ཕྱིས་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་མདུང་རྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བས་ན། །སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོ་ངའི་སྦུབས་ཀྱིས་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ཆགས་དང་བཅས་རྣམས་ཀྱི། །འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་བསྒྲིབས་པ་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ཟློག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་བ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི། །སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་སྲུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། ༈ །དེ་ལྟར་ཆགས་སོགས་དྲི་མ་དགུ། །པདྨ་ལ་སོགས་དག་དང་མཚུངས། ༈ །རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་དང་ཆོས་མཚུངས་སོ། །འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། ༈ །ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མ་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང་། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་སྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། ༈ །རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། ༈ །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། ༈ །སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། ༈ །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། ༈ །སྔར་ནི་དེ་ལྟར་རྣམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། ༈ །འདི་ལྟར་དེ་ནི་མ་ཐོས་པར། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་པ་ལ། །དམན་པའི་འདུ་ཤེས་རབ་ཏུ་འཇུག །དེ་ལྟར་སེམས་པ་དེ་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བར། །དེས་ན་ཡང་དག་མིན་འཛིན་ཅིང་། །ཡང་དག་དོན་ནི་རིགས་མི་འགྱུར། །བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་དག་མིན། །ཡང་དག་གཉིས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན་ཅིང་། །ཡང་དག་ཡོན་ཏན་སྐུར་འདེབས་པ། །བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། ༈ །འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་དང་པོའོ།། ༈ །།དག་ཐོབ་བྲལ་བ་རང་གཞན་དོན། །དེ་རྟེན་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ཇི་ལྟ་ཉིད། ༈ །ངོ་བོ་རྒྱུ་དང་འབྲས་བུ་དང་། །ལས་དང་ལྡན་ལ་འཇུག་པ་དང་། །དེ་རྟགས་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ས་ནི་རྣམ་པར་གཞག ༈ །རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། ༈ །སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་ཕྱིར་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །རང་བཞིན་གྱིས་ནི་མ་གྲུབ་དང་། །ཁྱབ་དང་གློ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དེར། །སྤྲིན་དང་འདྲ་བར་བརྗོད་པ་ཡིན། །སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡིན་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། ༈ །དྲི་མེད་ཆུ་ལྡན་རིམ་རྒྱས་པདྨས་ཁེབས་པའི་མཚོ་བཞིན་དང་། །སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་དང་། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི། །དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་ཉིད་དོ། ༈ །ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང་། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། ༈ །ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོགས་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལས་ཐོབ་པ་ཡིས། །ཡེ་ཤེས་འབྲས་བུ་ཡིན་པར་སྟོན། ༈ །འདོད་ཆགས་རྡུལ་ནི་སྤངས་ཕྱིར་དང་། །གདུལ་བྱ་ཡི་ནི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་དེ། །ཆུ་དག་རྫིང་དང་མཚུངས་པ་ཉིད། །ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་སྤྲིན་ལས་རྣམ་གྲོལ་བ། །འགྲོ་བར་ཡེ་ཤེས་འོད་ཟེར་གྱིས། །མུན་པ་སེལ་ཕྱིར་སངས་རྒྱས་ཉིད། ༈ །དེ་ནི་དྲི་མེད་ཉི་མ་བཞིན། །མི་མཉམ་མཉམ་པའི་ཆོས་ཕྱིར་དང་། །དམ་ཆོས་རོ་ནི་སྦྱིན་མཛད་དང་། །ཤུན་པ་དང་ནི་བྲལ་ཕྱིར་དེ། །བདེ་གཤེགས་སྦྲང་རྩི་སྙིང་པོ་བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། །དབུལ་བ་སེལ་བར་བྱེད་ཕྱིར་དང་། །རྣམ་གྲོལ་འབྲས་བུ་འབྱིན་བྱེད་ཕྱིར། །གསེར་དང་གཏེར་དང་ལྗོན་པ་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང་། །རྐང་གཉིས་བདག་པོའི་མཆོག་ཕྱིར་དང་། །རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། །དེ་ནི་རིན་ཆེན་རྒྱལ་གསེར་བཞིན། ༈ །ཟག་པ་མེད་ཁྱབ་འཇིག་མེད་ཆོས་ཅན་ཏེ། །བརྟན་ཞི་རྟག་པ་འཕོ་མེད་གནས་ཡིན་ནོ། ༈ །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། ༈ །མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང་། །ཆོས་ཀྱི་སྐུ་ནི་སྦྱང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར། །འདུས་མ་བྱས་ཕྱིར་གནས་ཉིད་ཕྱིར། ༈ །ཉོན་མོངས་རྣམས་ནི་བག་ཆགས་དང་། །བཅས་པ་འགགས་ཕྱིར་ཟག་མེད་དེ། །ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བསྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །འཇིག་པ་རྣམ་བཞི་ཤེས་བྱ་སྟེ། །བརྟན་སོགས་དག་ལས་བཟློག་ཕྱིར་རོ། །མྱགས་དང་རྣམ་འགྱུར་ཆད་པ་དང་། །བསམ་མི་ཁྱབ་འགྱུར་འཕོ་བ་སྟེ། །དེ་མེད་ཕྱིར་ན་བརྟན་ཞི་དང་། །རྟག་དང་འཕོ་མེད་ཤེས་པར་བྱ། ༈ །དྲི་མེད་ཤེས་དེ་དཀར་པོ་ཡི། །ཆོས་ཀྱི་བརྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེ་བ་ཡིན་ནི་རྒྱུ་ཡིན་ནོ། ༈ །བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །རབ་ཏུ་ཞི་ཁྱབ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐོགས་མེད་རྩུབ་རེག་སྤངས། །ལྟ་གཟུང་མེད་དགེ་སངས་རྒྱས་དྲི་མ་མེད། ༈ །རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། ༈ །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། ༈ །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། ༈ །བཙས་པའི་ཁྱིམ་ནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། ༈ །སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགགས་མེད་ཕྱིར་ན་བརྟན་པ་ཡིན། །གཉིས་མེད་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། ༈ །རབ་ཞི་འགོག་པའི་བདེན་པའི་ཕྱིར། །ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོག་མེད་དེ། ༈ །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་པ་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། །རྩུབ་པའི་རེག་དང་བྲལ་བ་ཡིན། །དེ་གཟུགས་མེད་ཕྱིར་བལྟར་མེད་དེ། །མཚན་མ་མེད་ཕྱིར་གཟུང་དུ་མེད། །དགེ་བ་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་མ་སྤངས་ཕྱིར་རོ། ༈ །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གང་གཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམས་སྤངས་པའོ། ༈ །སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པས། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། ༈ །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། ༈ །རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་ཕྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག ༈ །དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། ༈ །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་ནི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པ་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམས་བཞིན། ༈ །སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཆད་ཕྱིར་དང་། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་སྐོང་ཕྱིར། །ཡིན་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། ༈ །བརྗོད་སྟོན་མཛད་རྒྱུན་མི་འཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོ་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་སྟོན། ༈ །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། ༈ །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ༈ །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པས། །སེམས་ཅད་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ། ༈ །ཟབ་དང་མཐུ་ནི་ཕུན་ཚོགས་དང་། །བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་གྲངས་བཞིན་ཟབ་པ་དང་། །རྒྱ་ཆེ་བདག་ཉིད་ཆེ་ཞེས་བྱ། ༈ །འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། ༈ །རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག ༈ །ལུས་དང་སྲོག་དང་ལོངས་སྤྱོད་རྣམས། །བཏང་ནས་དམ་ཆོས་འཛིན་ཕྱིར་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོར་དམ་བཅས་མཐར་ཕྱིན་ཕྱིར། །སངས་རྒྱས་ཉིད་ནི་གཙང་བ་དང་། །དག་པའི་ཐུགས་རྗེ་རབ་འཇུག་ཕྱིར། །རྫུ་འཕྲུལ་རྐང་པ་སྟོན་པར་ནི། །དེ་ཡིས་གནས་པར་སྤྱོད་པའི་ཕྱིར། ༈ །མཁྱེན་པས་འཁོར་དང་མྱ་ངན་འདས། །གཉིས་སུ་འཛིན་བླས་གྲོལ་བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱི། །བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་ན། །འཇིག་རྟེན་ཆོས་ཀྱིས་གོས་མེད་ཕྱིར། ༈ །འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། ༈ །འདུས་མ་བྱས་པའི་རང་བཞིན་གྱི། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། ༈ །རྟག་པ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པར་འཐད་ཕྱིར་རོ། །དང་པོ་ཡི་ནི་རྒྱུ་བདུན་གྱིས། །གཟུགས་ཀྱི་སྐུ་ཡི་རྟག་ཉིད་དེ། །ཕྱི་མ་གསུམ་གྱིས་སྟོན་པ་ནི། །ཆོས་ཀྱི་སྐུ་ཡི་རྟག་པ་ཉིད། ༈ །ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། ༈ །བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བརྟག་བྱ་མིན་ཕྱིར་ཏེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། ༈ །རྒྱུ་ལྔ་དག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་བསམ་མི་ཁྱབ་པ་སྟེ། །དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་མི་ཁྱབ་པའོ། ༈ །བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་བྱོན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱི་སྐབས་ཏེ་གཉིས་པའོ།། ༈ །།རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག ༈ །བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། ༈ །སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པ་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། ༈ །གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། ༈ །གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བའི་མོས་ལམ་སྣ་ཚོགས་དང་། །ཉོན་མོངས་རྣམ་བྱང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང་། །ཤིང་རྣམས་འབིགས་དང་འཇིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། ༈ །ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། ༈ །བདག་གཞན་ཤེས་བྱའི་དངོས་པོ་རྣམ་ཀུན་ཤེས་དང་ཤེས་མཛད་ཕྱིར། །སྤང་དངོས་སྤངས་དང་སྤོང་མཛད་ཕྱིར་དང་བསྟེན་བྱ་བསྟེན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་གཞན་དོན་ལྡན་གསུང་ཕྱིར་དྲང་སྲོང་གང་དུའང་ཐོགས་པ་མེད། ༈ །རི་དྭགས་དབང་པོ་ཇི་ལྟར་ནགས་ཐར་རྟག་འཇིགས་མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། །དེ་བཞིན་ཚོགས་ནང་ཐུབ་པའི་དབང་པོ་སེང་གེ་ཡང་། །ལེགས་གནས་ལྟོས་མེད་བརྟན་པའི་རྩལ་དང་ལྡན་པར་གནས། ༈ །འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། ༈ །འཁྲུལ་དང་ཅ་ཅོ་བསྙེལ་དང་ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང་། །ངང་གི་བཏང་སྙོམས་དྲང་སྲོང་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང་། །དྲན་པ་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་གསུམ་ཐམས་ཅད་སྔོན་འགྲོའི་རྗེས་སུ་འཇུག་པ་དང་། །དུས་གསུམ་རྟག་ཏུ་ཐོགས་པ་མེད་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱིས་བརྙེས། ༈ །ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དེ་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པར་འཇིག་རྟེན་དག་ན་ཐུན་མོང་སྟེ། །མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། ༈ །ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་ཤིང་ཞབས་ལོང་མི་མངོན་དང་། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་བ་དང་། །པགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡའི་འདྲ་གསང་། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེའི་འདྲ་བ་དང་། །ཐལ་གང་བར་མེད་རྒྱས་པ་དང་། །དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ཞིང་། །ཟླུམ་ཞིང་མཐོ་དམན་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོའི་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། །རབ་དག་ཚེམས་ཐགས་བཟང་བ་དང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ལ་པིང་ཀ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་དང་། །གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་པ་དང་། །པགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང་། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། ༈ །ཇི་ལྟར་སྤྲིན་མེད་མཁའ་ལ་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། ༈ །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །འདི་དག་སོ་སོར་རྒྱུ་བཅས་ཏེ། །གོ་རིམ་ཇི་བཞིན་རིན་ཆེན་གྱི། །མདོ་ཡི་རྗེས་འབྲང་ཤེས་པར་བྱ། ༈ །མི་ཕྱེད་པ་དང་མི་ཞན་དང་། །མཚུངས་པ་མེད་ཕྱིར་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་པ། །ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ། ༈ །སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམ་པར་འཇུག་པ་དང་། །བག་ཆག་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་བཤིག་དང་བཅད་ཕྱིར་རོ། །བརླིང་དང་སྙིང་བརྟན་མི་བྱེད་པས། །དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟེན་པའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། ༈ །འཇིགས་པ་མེད་ཕྱིར་ལྟོས་མེད་ཕྱིར། །བརྟན་ཕྱིར་རྩལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། ༈ །ཀུན་མངོན་མཁྱེན་པས་གང་ལས་ཀྱང་། །འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡག་དག །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་བརྒལ་ཕྱིར་རྩལ་ལྡན་ནོ། ༈ །འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཚན་ཉིད་ལས་འདས་ནམ་མཁའ་བཞིན། ༈ །དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང་། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། ༈ །མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། ༈ །དག་ལས་རིང་དང་ཉེ་རྣམས་ལས། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཡོན་ཏན་གྱི་སྐབས་ཏེ་གསུམ་པའོ།། ༈ །།གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བྱའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག ༈ །ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱིས་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། ༈ །གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །གདུལ་བྱའི་ཁམས་ནི་གང་ཞིག་གི །འདུལ་བའི་ཐབས་མང་གང་གང་གིས། །གདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེ་ཡུལ་དང་དུས་དེ་དག ༈ །ངེས་འབྱིན་དེ་ཡི་རྟོན་པ་དང་། །དེ་འབྲས་དེ་ཡི་ཡོངས་འཛིན་དང་། །དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོགས་པ་མེད་ཕྱིར་རོ། ༈ །ངེས་པར་འབྱིན་པ་ས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེ་སྒྲིབ་མཐའ་ཡས་ཉོན་མོངས་དང་། །ཉེ་བའི་ཉོན་མོངས་བག་ཆགས་སོ། །དུས་ཀུན་དུ་ནི་དེ་འཇོམས་པའི། །རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན། ༈ །གནས་དྲུག་པོ་ནི་འདི་དག་རྣམས། །གོ་རིམས་ཇི་བཞིན་རྒྱ་མཚོ་དང་། །ཉི་མ་དང་ནི་ནམ་མཁའ་གཏེར། །སྤྲིན་དང་རླུང་བཞིན་ཤེས་པར་བྱ། ༈ །ཤེས་ཆུ་ཡོན་ཏན་རིན་ཆེན་དང་། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བར་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་བཟད་རླུང་དང་འདྲ། ༈ །གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། ༈ །བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། ༈ །ཇི་ལྟར་བཻ་ཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདིར་འགྱུར་ཏེ། །དག་ཕྱིར་ལྷ་ཡི་དབང་པོ་དེར། །ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་དང་། །ལྷ་གནས་དེ་ལས་གཞན་དག་དང་། །དེ་ཡི་གཞལ་ཡས་སྣ་ཚོགས་དང་། །ལྷ་རྫས་རྣམ་མང་དེ་མཐོང་ངོ་། ༈ །དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་གྱུར་ཏེ། །ངེད་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང་། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་གྱུར། ༈ །དེ་དག་དགེ་བའི་ལས་དེས་ནི། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷ་རུ་སྐྱེ་བ་འགྱུར། ༈ །སྣང་བ་་དེ་ནི་ཤིན་ཏུ་ཡང་། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། ༈ །དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡི། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་ལྡན་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམ་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུང་བ་དང་། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། ༈ །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཅེས་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། ༈ །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། ༈ །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། ༈ །ཇི་ལྟར་ས་ཀུན་ཉམ་ངའི་གནས་གཞན་དང་བྲལ་དྲི་མེད་བཻ་ཌཱུརྻ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ། །དག་ཕྱིར་དེར་ནི་ལྷ་གནས་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་སྟེ། །རིམ་གྱིས་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། ༈ །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརཏལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། ༈ །དག་པ་བཻ་ཌཱུརྻ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར། །རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་སྐྱེད་པར་བྱེད། ༈ །ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། ༈ །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་བལྟ། ༈ །ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་དང་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པར། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། ༈ །ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱིས། །རྔ་སྒྲ་རང་གི་ལས་ལས་བྱུང་། །དེ་བཞིན་འཇིག་རྟེན་ཐུབ་པས་ཆོས། །གསུང་བ་རང་གི་ལས་ལས་བྱུང་། ༈ །འབད་གནས་ལུས་དག་སེམས་བྲལ་བའི། །སྒྲ་དེ་ཇི་ལྟར་ཞི་སྒྲུབ་ལྟར། །དེ་བཞིན་འབད་སོགས་དང་བྲལ་བའི། །ཆོས་དེས་ཞི་བ་སྒྲུབ་པར་བྱེད། ༈ །ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ནི། །ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་རྩེད་མོ་སེལ་བ་ལྟར། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། །ཉོན་མོང་གཡུལ་དུ་འཇུག་ཚེ་ལྷ་མིན་དཔང་རྒྱལ་རྩེད་མོ་སེལ་བ་ལྟར། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད། ༈ །གང་ཕྱིར་སྐྱེ་ཀུན་བ་ཉིད་དང་། །ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། ༈ །ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱི་རྣར་མི་འགྲོ། །སངས་རྒྱས་རྔ་སྒྲ་འཁོར་བ་ཡི། །ས་འོག་འཇིག་རྟེན་དག་དུ་འགྲོ། ༈ །ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང་། །འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། །ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང་། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག ༈ །ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ་བར་འགྱུར་བའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་། །ཏིང་འཛིན་སེམས་གཏོད་བསམ་པ་སྐུལ་བྱེད་ཉིད། ༈ །མདོར་ན་མ་ལུས་འཇིག་རྟེན་ཁམས་སུ་ཡང་། །ལྷ་དང་ས་གནས་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། ༈ །ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་། །ཐམས་ཅད་ལྷ་ཡི་རྣ་བར་ཡང་། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང་། །ཉོན་མོངས་མེད་ཡིད་འགའ་ཞིག་གི །རྣ་བའི་ལམ་དུ་འགྱུར་བ་ཡིན། ༈ །ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། ༈ །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་། །མི་འགྱུར་མི་གོས་ནམ་མཁའི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཏོག་རྒྱུ། ༈ །ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་དེ་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། ༈ །ཐེག་པ་མཆོག་ལ་དང་བ་དང་། །བར་མ་དང་ནི་སྡང་བ་ཡི། །ཕུང་པོ་གསུམ་ནི་མི་དག་དང་། །རྨ་བྱ་དང་ནི་ཡི་དྭགས་འདྲ། ༈ །དཔྱིད་མཐར་སྤྲིན་མེད་པ་ན་མི་དང་མཁའ་མི་རྒྱུ་བའི་བྱ་དག་དང་། །དབྱར་ཚེ་ས་ལ་ཆར་བབས་པ་ན་ཡི་དྭགས་དག་ནི་སྡུག་པ་ལྟར། །སྙིང་རྗེའི་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང་། །ཆོས་འདོད་པ་དང་ཆོས་ལ་སྡང་བའི་འཇིག་རྟེན་དག་ན་དཔེ་དེ་ཉིད། ༈ །ཐིགས་པ་རགས་འབེབས་རྡོ་ཚན་དང་ནི་རྡོ་རྗེའི་མེ་ནི་འབེབས་པ་ན། །སྲོག་ཆགས་ཕྲ་དང་རི་སུལ་སོང་བ་དག་ལ་ཇི་ལྟར་སྤྲིན་ལྟོས་མེད། །ཕྲ་དང་རྒྱ་ཆེན་ཐིགས་པའི་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །ཉོན་མོངས་དག་འགྱུར་བདག་ལྟའི་བག་ཉལ་དག་ལ་རྣམ་ཀུན་ལྟོས་པ་མེད། ༈ །འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་དེ་རབ་ཞི་བྱེད་རབ་ཏུ་འབེབས། ༈ །ལྷ་ལ་འཆི་འཕོ་མི་ལ་ཡོངས་ཚོལ་སྡུག་བསྔལ་ཞེས་བྱར་རྟོགས་པའི་ཕྱིར། །ཤེར་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ལ། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ། ༈ །ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། ༈ །ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་དག་ནི་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། ༈ །ཇི་ལྟར་ཚངས་རྟགས་གཞལ་ཡས་ཁང་ན་མི་གཡོ་འདོད་ཁམས་ཞུགས་པ་དེ། །ལྷ་རྣམས་ཀྱིས་མཐོང་དེ་མཐོང་དེ་ཡང་ཡུལ་ལ་དགའ་བ་སྤོང་བྱེད་ལྟར། །དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་འཇིག་རྟེན་ཁམས་ཀུན་དུ། །སྐལ་ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། ༈ །སྔོན་གྱི་རང་ཉིད་སྨོན་ལམ་དང་། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་མེད་སྣང་། །རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ། །འཕོ་དང་ལྷུམས་འཇུག་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང་། །དགེས་རོལ་པ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང་། །བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་དུ་ལམ་སྟོན་དག །བསྟན་ནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། ༈ །ཇི་ལྟར་ཉི་མས་གདུང་བའི་དུས་གཅིག་ཚེ་ཉིད་ལ། །པད་སོགས་རྒྱས་དང་ཀུ་མུ་ཏ་ནི་རབ་ཟུམ་པ། །ཆུ་སྐྱེས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། །ཉི་མ་རྟོག་མེད་འདིར་ནི་འཕགས་པའི་ཉི་དེ་བཞིན། ༈ །ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨོ་ལ། །རྣམ་པར་རྟོག་པ་མེད་པར་འཇུག ༈ །ཆོས་དང་གཟུགས་ཀྱི་སྐུ་དག་གིས། །བྱང་ཆུབ་སྙིང་པོ་མཁར་ཤར་བའི། །ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། ༈ །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །རྟག་ཏུ་ཐམས་ཅད་ལ་ཁྱབ་པའི། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱ་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། ༈ །ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། ༈ །ཞིང་ཀུན་ནམ་མཁའི་མཐིལ་སྤྲོ་ཉི་མ་ལ་མེད་ལ། །མི་ཤེས་མུན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེ་བདག་ཉིད་སྣ་ཚོགས་མདོག་བཀྱེའི་འོད་ཚོགས་ཀྱིས། །གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད། །སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང་བ་དང་། །གཏི་མུག་གིས་ལྡོངས་སྲིད་པའི་མཚོར་ལྷུང་ལྟ་བའི་མུན་པས་བསྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། ༈ །ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱིས་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་རྣམ་མི་རྟོག ༈ །ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། ༈ །གང་ཕྱིར་རྒྱ་མཚོ་ས་འོག་གནས་དེ་ལ་འདོད་པས། །ཇི་ལྟར་ནོར་བུ་བཟང་པོ་འགྲོ་འདིར་རབ་རྙེད་དཀའ། །དེ་བཞིན་འགྲོ་བ་ཤིན་ཏུ་སྐལ་ངན་ཉོན་མོངས་ཟིན། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱ། ༈ །ཇི་ལྟར་སྒྲ་བརྙན་ཀྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་གཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། ༈ །ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟ་མིན། ༈ །ཇི་ལྟར་ས་ལས་སྐྱེ་བ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟེན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་རྣམས། །མ་ལུས་པར་ནི་འཕེལ་བར་འགྱུར། ༈ །འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་གཅོད་པའི་ཕྱིར། །དཔེ་རྣམས་དགུ་ནི་བསྟན་པ་ཡིན། ༈ །གང་དུ་དཔེ་དགུ་པོ་འདི་དག །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡི་ནི་མིང་ཉིད་ཀྱིས། །དེ་ཡི་དགོས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། ༈ །དེ་དོན་བཻ་ཌཱུར་བརྒྱ་བྱིན་གྱི། །གཟུགས་བརྙན་ལ་སོགས་དཔེ་དག་ནི། །རྣམ་དགུ་བརྗོད་པ་དེ་ལ་ནི། །དེ་ཡི་བསྡུས་དོན་ངེས་པར་བཟུང་། ༈ །སྟོན་དང་གསུང་དང་ཁྱབ་པ་དང་། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང་། །ཐུགས་གསུང་སྐུ་ཡི་གསང་བ་དང་། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། ༈ །འབད་རྩོལ་རྒྱུན་ཀུན་རབ་ཞི་བ། །རྣམ་པར་རྟོག་པ་མེད་པའི་ཐུགས། །དྲི་མེད་བཻ་ཌཱུར་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། ༈ །འབད་རྩོལ་ཞི་བ་དམ་བཅས་ཏེ། །རྟོག་མེད་ཐུགས་ནི་གཏན་ཚིགས་སོ། །རང་བཞིན་དོན་ནི་གྲུབ་དོན་དུ། །དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན། ༈ །འདིར་ནི་སྐབས་དོན་འདི་ཡིན་ཏེ། །སྟོན་པ་ལ་སོགས་རྣམ་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ་བ། །འབད་པ་མེད་པར་རབ་འཇུག་པའོ། ༈ །གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་མཛད་དེ་རྣལ་འབྱོར་རིག ༈ །རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མི་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། ༈ །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། ༈ །དག་པ་བཻ་ཌཱུརྻ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་ས་ནི་མི་ཟློག་པའི། །དད་པའི་དབང་པོ་བརྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། ༈ །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགགས་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག ༈ །དཔེ་འདི་རྣམས་ཀྱིས་བསྡུས་པ་ཡིས། །དོན་ནི་འདི་ཡིན་རིམ་པ་ཡང་། །སྔ་མ་ཕྱི་མ་ཆོས་མི་མཐུན། །སྤངས་པའི་སྒོ་ནས་བརྗོད་པ་ཡིན། ༈ །སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲ་མིན། །ཚངས་ཆེན་བཞིན་ཏེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲ་མིན། །སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །བྱུང་བ་དེ་དང་འདྲ་བའང་མིན། །ནམ་མཁའ་དང་འདྲ་དག་པ་ཡི། །གཞི་མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དགེ་བའི་ལས་ལམ་བསམ་གཏན་དང་། །ཚད་མེད་པ་དང་གཟུགས་མེད་འབྱུང་། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་བཞི་པའོ།། ༈ །།སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། ༈ །བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། ༈ །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིར་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། ༈ །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། ༈ །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། ༈ །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། ༈ །གནས་དང་དེ་ནི་གྱུར་པ་དང་། །དེ་ཡི་ཡོན་ཏན་དོན་སྒྲུབ་སྟེ། །རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ། །རྣམ་བཞི་ཇི་སྐད་བརྗོད་འདི་ལ། །བློ་ལྡན་ཡོད་དང་ནུས་ཉིད་དང་། །ཡོན་ཏན་ལྡན་པར་མོས་པས་ནི། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གོ་འཕང་ཐོབ་པའི་སྐལ་ལྡན་འགྱུར། ༈ །བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའི་ཡོན་ཏན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག ༈ །བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། །བསོད་ནམས་ཕ་རོལ་ཕྱིན་པ་ལྔ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤང་ཕྱིར། ༈ །སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །སྒོམ་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ། ༈ །འཁོར་གསུམ་རྣམ་པར་རྟོག་པར་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་ཉོན་མོངས་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། ༈ །ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག ༈ །དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། ༈ །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན། །དེ་བཞིན་དོན་ཚིག་ཆོས་སྤོབས་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ཉིད་རབ་ཏུ་བཤད། ༈ །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། ༈ །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། ༈ །གང་ཕྱིར་རྒྱལ་ལས་ཆོས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། ༈ །ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་པ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་འགྱུར་སྣུམ་གྱིས་གོས་པ་མིན། ༈ །བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་ལ་བརླམས་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། ༈ །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག། ༈ །།གང་ལས་རྒྱུ་མཚན་གང་གི་ཕྱིར། །ཇི་ལྟ་བུར་ནི་གང་བཤད་དག །རྒྱུ་མཐུན་པ་ནི་གང་ཡིན་ཏེ། །ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱིས་བདག་ཉིད་དག་པ་ཡི། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །དེ་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང་། །བྱང་ཆུབ་ཐོབ་པའི་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། ༈ །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལྔ་པའོ།། །།ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། ༈ །།དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜྻི་ཏ་མཁས་པ་ཆེན་པོ་སད་ཛན་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།

</div>

[[Category:Maitreya]] [[Category:བྱམས་ཆོས་སྡེ་ལྔ།]]

Revision as of 14:28, 12 February 2013