དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 

Latest revision as of 09:39, 18 February 2013

{{{1}}}

༄༅། །དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།[1]

བླ་མ་དམ་པ་རྣམས་དང་བཅོམ་ལྡན་འདས་དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཨེ་བྂ་སྦྱོར་བ་དག་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །རྣམ་ཐར་ཞལ་གྱིས་སྲིད་གསུམ་གསལ་མཛད་ཞབས་ཀྱི་རོལ་པས་བདུད་བཞི་འཇོམས། །དུས་དང་རྩ་རླུང་ཉི་ཟླའི་གསལ་བྱེད་ཕྱག་གིས་མཆོག་སྩོལ་ནད་སེལ་བ། །མཆོག་དུ་མི་འགྱུར་བཞི་པའི་རང་བཞིན་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ་ལོ། །གང་ཞིག་རྒྱལ་བས་དཔལ་ལྡན་རྒྱུད། །གསང་བའི་གསང་བ་བླ་ན་མེད། །མཐའ་དྲུག་དབུས་ཆུད་སྦས་པའི་དོན། །རྡོ་རྗེའི་ཚིག་དུ་རབ་གསུངས་པ། །རྡོ་རྗེའི་སྙིང་པོས་རྣམ་ཕྱེ་བ། །དེ་ཉིད་གསལ་བར་འགྲེལ་བྱའི་ཕྱིར། །མཁས་གྲུབ་རྣམས་ཀྱིས་དགོངས་པའི་དོན། །གདུལ་བྱའི་བློ་ལྟར་གསལ་བར་མཛད། །གང་གིས་འགྲེལ་ཆེན་མཛད་པ་དེར། །ངེས་པའི་དོན་ཀུན་གསལ་མཛད་ཀྱང་། །བློ་ཆུང་རང་གི་ཤེས་རབ་མཐུས། །འདོད་དོན་ཅི་བཞིན་རང་འགྲེལ་སྟོན། །དེ་ལྟར་རྒྱུད་ཀྱི་རྒྱལ་པོ་ལ། །རྣམ་པར་བཤད་པ་དཔག་མེད་ཅིང་། །མངོན་ཤེས་ལྔ་ཡང་ཐོབ་མིན་ལ། །དོན་གཞན་བརྗོད་པར་མི་ནུས་ཀྱང་། །མཁའ་ལྡིང་རྗེས་སུ་བྱ་ཕྲན་བཞིན། །གསལ་བར་འགྲོ་བར་འདོད་པ་སྐྱེས། །ཁ་ཅིག་དོན་ལ་མོས་པས་ཀྱང་། །བསྐུལ་ཕྱིར་རྒྱུད་འདི་བཤད་པར་བྱ། །འདིར་རེ་ཞིག་བླ་མ་དམ་པ་མཆོག་རྣམས་དང་རྒྱལ་བའི་སྲས་རྣམས་ཀྱིས། ཐེག་པ་བླ་ན་མེད་པ་ལ་མོས་པ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེས་འཆང་ཆེན་པོས་རྡོ་རྗེ་ཚིག་དཔག་པར་དཀའ་བ་ལྡེམ་པོ་དག་དུ་མའི་དབུས་སུ་ཆུད་པ་གསུངས་པ་དེ་དག་དྲང་བ་དང་ངེས་པའི་དོན་བསྡུས་ཏེ། ཡང་དག་པའི་དོན་ལ་རྟོན་པའི་རྣམ་འགྲེལ་མཛད་པ་དེ་རྣམས་ལ་བརྟེན་ནས། རྒྱུད་ཀྱི་རྒྱལ་པོ་འདི་བཤད་པ་བྱའོ། །དེ་ལ་དོན་བཞི་སྟེ། སྟོན་པ་པོ་སངས་རྒྱས་ཀྱིས་གསུངས་པའི་བཀའ་སྤྱི་དང་རང་གི་མཚན་ཉིད་ཀྱིས་རྒྱུད་འདི་གང་དུ་གཏོགས་པ་ངོས་གཟུང་བ་དང་། མི་ཡུལ་དུ་གང་གིས་སྣང་བར་མཛད་ཅིང་བརྒྱུད་པའི་ཚུལ་དང་། རྒྱུད་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་དོན་བསྡུས་ཏེ་བཤད་པ་དང་། རྒྱུད་ཀྱི་བཤད་པ་དངོས་སོ། །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཚད་མེད་པ་དང་ལྡན་པ་འདིས། ཐོག་མར་བྱང་ཆུབ་དུ་ཐུགས་བསྐྱེད་ཅིང་བར་དུ་བསྐལ་པ་གྲངས་མེད་པ་དུ་མར་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་དེ་མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱའི་ཁམས་རྒྱུད་དང་མཐུན་པར་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདིས། ཞིང་ཁམས་འདི་ཡི་གདུལ་བྱ་ལས་བརྩམས་ཏེ་ཆོས་ཀྱི་སྒོ་བརྒྱ་ཁྲི་བཞི་སྟོང་བཀའ་སྩལ་པ་ཡང་མདོར་བསྡུས་ན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ལ་སེམས་ཅན་རྣམས་བཞག་པའི་ཕྱིར། འདུལ་བ་དང་། མདོ་སྡེ་དང་མངོན་པའི་སྡེ་སྣོད་རིན་པོ་ཆེ་གསུམ་དང་། ཐུན་མོང་མ་ཡིན་པའི་ཐེག་པའི་དབང་དུ་མཛད་ནས། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རིམ་པ་བསྟན་པར་མཛད་དེ་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །དེ་ལྟར་གསུངས་པའི་རྒྱུད་སྡེ་བཞིར་རྣམ་པར་བཞག་པའི་དོན་ཡང་། གདུལ་བྱའི་ཉོན་མོངས་པ་དང་། དབང་པོ་ལ་སོགས་པ་དང་ཆོས་མཐུན་པའི་དབང་དུ་མཛད་ནས། འདི་ཉིད་ལས། རྒོད་དང་ལྟ་བ་དག་གིས་དང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །ཞེས་གསུངས་པ་དང་། གུར་ལས་ཀྱང་། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་པ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པས་སོ། །དེ་ལྟར་ཡང་དེ་ལས་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་ན་མེད་པ་ཉིད་ལ་ཡང་། ཕ་བླ་ན་མེད་པ་དང་། མ་བླ་ན་མེད་པ་གཉིས་སུ་འགྱུར་ཏེ། གུར་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མའི་རྒྱུད་རབ་བཤད། །ཅེས་གསུངས་སོ། །དེ་ལྟར་མ་བླ་ན་མེད་པའང་རྒྱུད་ཀྱི་རྣམ་གྲངས་མཁའ་འགྲོ་སྡེ་ལ་སོགས་པ་གུར་ལས་བཅུ་གསུམ་དུ་གསུངས་པ་རྣམས་ལས་ཟབ་པའི་ཡང་ཆེས་ཟབ་པར་གྱུར་པ། དཔལ་དགྱེས་པའི་རྡོ་རྗེ་འདི་ཉིད་དེ། དེ་ལྟར་ཡང་སྔགས་ཀྱི་རིམ་པ་ཀུན་ཤེས་ནས། རྡོ་རྗེས་ཀྱེའི་རྡོ་རྗེ་བརྩམ། ཞེས་བྱ་བ་དང་། གང་གི་མི་ཤེས་ཀྱེའི་རྡོ་རྗེ། དེ་ནི་ངལ་བ་དོན་མེད་ཡིན་ཞེས་གསུངས་སོ། །དེ་ལྟ་བུའི་རྒྱུད་འདི་ཡང་། གཞུང་འབུམ་ཕྲག་ལྔ། བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་དང་བཅས་པ་དང་། བརྟག་པ་གཉིས་ཀྱི་བདག་ཉིད་ཅན་འདི་ཉིད་ཀྱང་། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་རྣམ་པར་བསྡུ་བ་མཛད་དེ་སྙིགས་མའི་སེམས་ཅན་བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་བསྡུས་ཏེ་བསྟན་པར་མཛད་དོ་ཞེས་རྡོ་རྗེའི་སྙིང་པོའི་འགྲེལ་པ་དང་། ནཱ་རོ་པ་ཆེན་པོའི་འགྲེལ་པ་ལས་གསུངས་སོ། །བླ་མ་མར་པའི་ཐུགས་ཀྱི་སྲས་སུ་གྱུར་པ། རྔོག་གི་བཞེད་པས་ནི་འབུམ་ཕྲག་ལྔ་པ་ལས་ཕྱུང་པ་ཡིན་ནོ་ཞེས་གྲག་གོ །སློབ་དཔོན་ཆེན་པོ་བྷ་བ་བྷ་ཏྲ་ནི་མིང་མཐུན་པོའི་ཞེས་བཞེད་དོ། །དེ་ལྟར་རྒྱུད་འདི་ཉིད་གང་དུ་གཏོགས་སྙམ་པའི་ཐེ་ཚོམ་བསལ་བའི་དོན་དུ་བཀའ་སྤྱི་དང་རང་གི་མཚན་ཉིད་བསྡུས་ཏེ་བརྗོད་པ་ཡིན་གྱི། རྒྱུད་སྤྱིའི་རྣམ་པར་བཞག་པ་རྒྱས་པར་བསྟན་པ་ནི་མ་ཡིན་ནོ། །དེ་ལྟར་གསུངས་པའི་རིམ་པ་ཡང་། ནམ་མཁའ་དང་མཉམ་པའི་རྒྱུད་ཀུན་སྤྱོད་ལས། མདོ་དང་བྱ་བ་སྤྱོད་པ་དང་། །རྣལ་འབྱོར་གསང་སོགས་དབྱེ་བ་ཡིས། །འཇིག་རྟེན་ཀུན་ལ་བཤད་པ་ནི། །བྱང་ཆུབ་དོན་གྱི་རྒྱུ་དེ་ཡིན། །ཞེས་གསུངས། གཉིས་པ་དེ་ལྟ་བུའི་རྒྱུད་འདི་རྣམས་རྡོ་རྗེའི་སྙིང་པོས་གླེགས་བམ་དུ་བསྡུས་ཏེ། ཨུ་རྒྱན་གྱི་གནས་སུ་མཁའ་འགྲོ་མ་རྣམས་ལ་གཏད་ཏེ། རྒྱ་རིམ་པ་དུ་མ་དང་བཅས་ཏེ་བཞུགས་པ་ལས། མི་ཡུལ་དུ་གང་གིས་གདན་དྲངས་ཤིང་ཅི་ལྟར་བརྒྱུད་པའི་ཚུལ་ནི། རྒྱན་འདྲ་བས། སློབ་དཔོན་ཀླུ་སྒྲུབ་གྱིས་གདན་དྲངས་པར་བཞེད་དེ་དེ་ཡང་སློབ་དཔོན་གྱིས་ཨུ་རྒྱན་གྱི་གནས་སུ་བྱོན་ཏེ། ལྐུགས་པ་ཅིག་དུ་རྫུས་ནས་ཀེའུ་ཚང་གི་ཕྱི་རོལ་ཤང་གདུག་པའི་ཚང་གི་ནང་རོལ་དུ་མཎྜྻལ་འབུལ་ཞིང་བསྡད་པས། མཁའ་འགྲོ་མ་རྣམས་ན་རེ་འདི་གུས་པ་ཆེ་བ་ཅིག་འདུག་པས་ནང་དུ་མཆོད་པ་བྱེད་དུ་ཆུག་ཟེར་ནས་ནང་དུ་བཏང་སྟེ། སློབ་དཔོན་གྱིས་ལོ་མང་དུ་ནང་དུ་མཆོད་པ་བྱས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་སློབ་དཔོན་གྱིས་མཁའ་འགྲོ་མ་རྣམས་ཡེངས་པ་ལ། ཧེ་བཛྭ་དང་། གུར་དང་། གདན་བཞི་དང་གསུམ་གྲོ་ག་ལ་བྲིས་ཏེ་སྨྱུག་དོང་དུ་བཅུག་ནས་གློ་གར་ནས་ཕྱི་རོལ་དུ་འཕངས་པས། སྒོ་དང་རོལ་མོ་རྣམས་ལས་ཀྱང་སྒྲ་བྱུང་བས་ལྐུགས་པས་ཆོས་བརྐུས་སོ་ཟེར་ནས་མཁའ་འགྲོ་མ་རྣམས་འདུས་ནས་བཙལ་བས་མ་རྙེད། དེ་ནས་དུས་གཞན་ཅིག་ན་སློབ་དཔོན་གྱིས་སྨྱུག་དོང་ཁྱེར་ནས་བྲོས་པས། མཁའ་འགྲོ་མ་རྣམས་ཀྱིས་བརྡས་པས་མ་ཟིན་ཏེ། ཁྱོད་ཀླུ་སྒྲུབ་ཡིན་ཏེ་འོང་བས་སྐལ་ལྡན་རྣམས་ལ་བྱིན་ཅིག་ཅེས་རྗེས་གནང་མཛད་ནས། སློབ་དཔོན་གྱིས་ཀྱང་དར་བར་མཛད་དོ་ཞེས་ཟེར་རོ། །ཡང་མེས་དང་རམ་གྱི་བཞེད་པས། སློབ་དཔོན་ལ་བ་བ་ཞེས་བྱ་བ་རྒྱ་དཀར་ལྷོ་ཕྱོགས་སུ་སྐུ་འཁྲུངས་བ། ཆུང་ངུ་ནས་རིག་པའི་གནས་ལ་ལེགས་པར་སྦྱངས་ནས། མས་བདེ་མཆོག་དུ་དབང་བསྐུར་ཞིང་གདམ་ངག་ཕོག་ནས། ལ་བ་གཅིག་བྱིན་ནས་འདི་གོན་ལ་ཨུ་རྒྱན་དུ་སོང་དང་དོན་གྲུབ་པར་འགྱུར་རོ་གསུང་ནས། སློབ་དཔོན་གྱིས་ཨུ་རྒྱན་གྱི་གནས་སུ་སྤྱོད་པ་ལ་བྱོན་ཏེ། མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བར་དུ་གཅོད་པ་བྱས་པ་བཏུལ་ཞིང་། རེག་པ་མེད་པའི་རྡོ་ནམ་མཁའ་ལ་བཞག་པ་ལ་སོགས་པ་རྫུ་འཕྲུལ་བསྟན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་མཉེས་ནས། བརྟག་པ་གཉིས་པ་བཤད་པའི་རྒྱུད་དང་བཅས་པ་གནང་ངོ་ཞེས་འདོད་དོ། །སྨན་ལུངས་པ་ཕམ་ཐིང་བའི་གདམ་ངག་གི་ལུགས་ཀྱིས་གྷུ་རུ་ཙ་རྒྱ་པས་མཁའ་འགྲོ་མ་སུ་བྷ་ཀི་སྐལ་པ་བཟང་མོ་མཉེས་པར་བྱས་ནས་བཏོན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་ཁ་གཅིག་རྟ་མཆོག་བྷི་ན་པས་བཏོན་ཟེར། དེ་ལ་སོགས་པའི་འདོད་པ་མི་འདྲ་བ་དུ་མ་ཞིག་སྣང་ཡང་། བཀའ་བཞི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་བརྒྱུད་པ་ཅིག་ཏུ་འདུས་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་། ཉིད་དང་ཐ་དད་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པ་ཉིད་ཡིན་པས། བླ་མ་གོང་མ་རྣམས་ཀྱི་བཞེད་པ་མི་མཐུན་པ་ལ་འགལ་བ་མེད་དོ། །ཏེ་ལོ་པ་ཉིད་ཀྱི་སྲས་སུ་གྱུར་པ། དཔལ་ནཱ་རོ་པ་ལ་ཅི་ལྟར་བརྒྱུད་པའི་ཚུལ་ནི། ནཱ་རོ་པ་ནི་ཁ་ཆེར་སྐུ་འཁྲུངས་ནས་ཁ་ཆེའི་བླ་མ་དྷྲིང་གར་བར་ཏ་ཞེས་བྱ་བ་ལ་བདེ་མཆོག་ཞུས་ནས་ཐུགས་དམ་མཛད་དེ་འབུམ་ཕྲག་ཅིག་བཟླས་ནས་ཕཊ་ཅེས་བརྗོད་པ་ན་སྒྲ་གྲག་ཅིང་ས་གཡོས་ནས་ཤར་ཕྱོགས་ཀྱི་རྒྱུད་ན་ཏེ་ལོ་པ་ཞེས་བྱ་བ་ཡོད་ཀྱིས་དེ་ཁྱོད་ཀྱི་ཡང་དག་པའི་བླ་མ་ཡིན་ནོ་ཞེས་ལུང་བསྟན་པ་ཐོབ་ནས་ཤར་ཕྱོགས་ཀྱི་རྒྱུད་དུ་གྷུ་རུ་ཏེ་ལོ་པ་ཚོལ་དུ་བྱོན་པས། ཨོ་ཏན་ཏ་བྷི་ཧ་རིའི་དགེ་འདུན་གྱི་སྡེར་བྱོན་པ་ན་རྣལ་འབྱོར་པ་གཅིག་གི་ཉའི་རྣམ་ཤེས་ནམ་མཁའ་ལ་སྤར་བ་དང་རྫུ་འཕྲུལ་མཛད་པས། ཏེ་ལོ་པ་ཡིན་པར་དགོངས་ཏེ་ཆགས་ཕྱིར་འབྲེངས་ནས་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་དེ། འདིར་ཚིགས་སུ་བཅད་པ། དཔལ་ལྡན་བདག་ཉིད་ཆེན་པོས་སྤང་དཀའི་སྲེད་ལས་རྣམ་པར་གྲོལ་མཛད་ཕྱིར། །བླ་མའི་བཀའ་བཞིན་གཡང་སར་ལུས་བོར་ཉམ་ཉེས་སླར་སོས་བདེ་བར་གྱུར། །མེ་ཏོག་ཕྲེང་མཛེས་བརྒྱན་པའི་ཉེས་པས་གདུངས་པའི་སྡུག་བསྔལ་སླར་གསོས་མཛད། །བགྲོད་དཀའི་འདམ་ལས་ཟམ་པ་མཛད་དེ་པད་པས་གནོད་པ་སྐད་ཅིག་གྲོལ། །རོ་མཆོག་ཟས་ཀྱིས་བླ་མ་མཆོད་ཕྱིར་བླུན་པོས་བརྡེགས་པ་མྱུར་དུ་གྲོལ། །མྱ་ངན་ཐང་ལ་གཅིག་པུར་བགྲོད་པས་ཉེན་ཡང་བླ་མའི་མཐུ་ཡིས་དགའ། །མེ་དཔུང་འབར་བས་བསྲེག་པར་གྱུར་ཀྱང་པད་མའི་མཚོ་ནང་ངང་པ་བཞིན། །རྒྱལ་པོའི་བཙུན་མོ་བསྲུང་བྱེད་ཕོ་ཉས་བསད་པར་གྱུར་ཀྱང་སླར་གསོ་མཛད། །གསང་ནས་རྡོ་རྗེ་བརྡུངས་པའི་སྡུག་བསྔལ་སྐད་ཅིག་ཉིད་ལ་བདེ་བར་གྱུར། །རྒྱལ་པོ་གདུག་པས་ཆུང་མའི་ཕྱིར་ནི་གནོད་བྱས་གནོད་པ་མེད་གྱུར་ཏེ། །བློན་པོས་ཡན་ལག་གཅད་ཀྱང་སེམས་ནི་རྣམ་པར་གཡོ་བར་མ་གྱུར་ཏེ། །རབ་ཏུ་དགའ་བའི་ལུས་ལ་ལྟོས་པ་མེད་པར་བླ་མ་རབ་བསྟེན་པས། །ཆོས་ཀུན་དོན་གཟིགས་ཕྱག་རྒྱ་ཆེ་མཆོག་རྟོགས་པར་དཀའ་བ་མངོན་དུ་མཛད། །འཇིག་རྟེན་མཚུངས་མེད་ཛྙྱཱ་ན་སིདྡྷིའི་གྲགས་སྙན་བཟང་པོ་ལ་ཕྱག་འཚལ། །དེ་ལྟར་དཀའ་བ་བཅུ་གཉིས་སྤྱད་པའི་རྗེས་ལ་ཁྱོད་ཅི་འདོད་གསུང་། ཡང་དག་པའི་གདམ་ངག་ཞུ་བྱས་པས། དབང་བསྐུར་བྱ་ཡིས་རས་ཡུག་དར་གཅིག་དང་མེ་སྟག་གཅིག་ཁྱེར་ལ་ཤོག་གསུང་། དེར་མེ་སྟག་རས་ཡུག་ལ་བཞག་པས་ཚིག་ནས་ཐལ་བར་སོང་བས། རྣམ་པར་རྟོག་པ་རས་ཡུག་ལྟ་བུ་ལ་དབང་གི་ཡེ་ཤེས་མེ་སྟག་དང་འདྲ་བ་ཡིས་བསྲེག་པ་ཡིན་པར་འདུག་སྙམ་པ་ལས་མ་ཤར་གསུང་། ཡང་དུས་གཞན་ཞིག་ན་ཡང་དག་པའི་གདམ་ངག་ཞུས་པས། འདི་ཅི་ཙམ་གཅིག་བསྟན་ཡང་གོ་བ་མེད་པར་གསུངས་ནས་མཐིལ་ལྷམ་མགོ་ལ་བརྒྱབ་པས། བླ་མས་ངེས་པར་ཐུགས་ལ་བཏགས་སྙམ་ནས་དགའ་བས། སྐད་ཅིག་དེ་ཉིད་ལ་བླ་མའི་བྱིན་བརླབས་ཀྱི་སྟོབས་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་ཏོ། །དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་པུ་ལ་ཧ་རི་རུ་བཞུགས་ཏེ་བྱང་སྒོ་སྲུང་བའི་པཎྜྻི་ཏར་གྱུར་ཏེ་འགྲོ་བའི་དོན་མཛད་དོ། །དེ་ལྟ་བུའི་དཔལ་ནཱ་རོ་བ་ཆེན་པོ་ལ་བླ་མ་མར་པས་གསན་ཏེ། དང་པོ་ལྷོ་བྲག་དུ་སྐུ་འཁྲུངས་ནས་ཡབ་མཆེད་བོ་གཅིག་ལ་གསན། དེ་ནས་འབྲོག་མའི་དྲུང་དུ་འབྱོན་པས་དེར་བཀའ་དོག་པར་འདུག་པས། ལོ་ཙཱ་བསླབས་ནས་རྒྱ་གར་དུ་འབྱོན་པས། བླ་མ་བལ་པོ་ལ་གདན་བཞི་ལ་སོགས་པ་གསན་ཅིང་ཚད་པ་གོམས་སུ་བཅུག་ནས། རྒྱ་གར་དུ་བྱོན་ཏེ་བླ་མ་པེན་དྷ་བ་དང་སྔོན་ལ་མཇལ་ཞིང་བླ་མ་ནཱ་རོ་པ་དང་སྤྲད་དུས་ལོ་དྲུག་ཟླ་བ་བདུན་དུ་བསྟེན་ཏོ་ཞེས་གྲག་གོ །དེ་ནས་ཞབས་ཏོག་བྱ་བར་དགོངས་ཏེ། བོད་དུ་བྱོན་ཏེ་གསེར་མང་དུ་རྙེད་ནས་སླར་རྒྱ་གར་དུ་བྱོན་ནས་སྔར་གྱི་བླ་མ་རྣམས་ལ་གསེར་གྱི་མཎྜྻལ་ཕུལ། ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་ནས་མི་འདུག་པས་དུར་ཁྲོད་དུ་བྱོན་ནས་མཎྜྻལ་ཕུལ་ཞིང་གསོལ་བ་བཏབ་པས་མཇལ་ནས། ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གནང་བ་མཛད་དོ། །གཞན་ཡང་མངའ་བདག་མེ་ཏྲི་པ་ལ་སོགས་པ་གྲུབ་ཐོབ་ཀྱི་བླ་མ་རྣམས་དང་མཇལ་ཞིང་ཆོས་མང་པོ་ཐུགས་སུ་ཆུད་པར་མཛད་དེ་བོད་དུ་བྱོན་ནས་འགྲོ་བའི་དོན་མཛད་ཅིང་ཟབ་མོའི་རྒྱུད་སྡེ་རྣམས་དར་བར་མཛད་པ་ལས། བརྒྱུད་པའི་སྲོལ་མི་འདྲ་བ་དུ་མ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། བླ་མ་མེ་དང་རྔོག་གཞུང་པ་ནས་རིམ་པར་བརྒྱུད་པ་ཡིན་ནོ། །གསུམ་པ་རྒྱུད་འདི་ཡི་བརྗོད་བྱ་དང་རྗོད་བྱེད་ཀྱི་དོན་བསྡུས་ཏེ་བསྟན་པ་ནི། འདིར་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་དང་། འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་མཐོང་ནས་དོན་ངེས་པར་འགྱུར་པས། བརྗོད་པར་བྱ་སྟེ། གཞི་དང་ལམ་དང་འབྲས་བུ་གཅིག་ཏུ་གྱུར་བའི་དགྱེས་པའི་རྡོ་རྗེ་འདི་བརྗོད་པར་བྱ་བའོ། །འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ་པ་ཤོ་ལོ་ཀ་བདུན་བརྒྱ་ལྔ་བཅུ་པ་འདི་ནི་བརྗོད་པར་བྱེད་པའོ། །འདི་གཉིས་ཕན་ཚུན་འབྲེལ་ཞིང་རྒྱུན་ཆགས་པར་མ་ཚང་བ་མེད་པར་འབྲེལ་བ་འདི་ནི་འབྲེལ་བའོ། །དེ་ལྟར་བསྟན་པ་ལས་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པར་འགྱུར་ཞིང་ཕྱིན་ཅི་མ་ལོག་པའི་ལམ་མངོན་དུ་འགྱུར་པའི་དགོས་པའོ། །དེ་ལྟར་ཉམས་སུ་བླངས་པས་གཞི་ལམ་འབྲས་བུ་དབྱེར་མི་ཕྱེད་པའི་དགྱེས་པའི་རྡོ་རྗེའི་གོ་འཕང་མཆོག་ཏུ་འགྱུར་བའི་འབྲས་བུ་ཐོབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྒྱུད་འདི་ཡང་བརྗོད་པར་བྱ་བའི་དོན་ནི་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་ཚུལ་དུ་འབྲེལ་ཞིང་རྒྱུན་ཆགས་པར་གནས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན། །འབྲེལ་པ་ལ་ཡང་རྣམ་གསུམ་སྟེ། །གཞི་དང་རང་བཞིན་འབྲས་བུ་དང་། །མི་འཕྲོག་པ་ཡིས་ཕྱེ་བ་ཉིད། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པས། འདིར་དཔལ་ནཱ་རོ་པའི་བཞེད་པས། གཞི་དངོས་པོའི་གནས་ལུགས་ལམ་ཀྱི་རིམ་པ་འབྲས་བུ་སྐྱེ་བའི་རིམ་པ་དང་གསུམ་མོ། །དང་པོ་ལ་གཉིས། གཞི་དངོས་དང་། ལམ་གྱི་གཞིའོ། །དང་པོ་ལའང་གཉིས་ཏེ། ལུས་དང་། སེམས་དངོས་པོའི་གནས་ལུགས་སོ། །དང་པོ་ནི་གསང་བ་འདུས་པ་ནས། ལུས་ནི་བྱང་ཆུབ་རྣམ་པ་ལྔ། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུངས་པས། ལུས་དངོས་པོའི་གནས་ལུགས་ལ་གསུམ་སྟེ། ལུས་རྫོགས་པའི་སངས་རྒྱས་སུ་བསྟན་པ་དང་། ལུས་ཐབས་དང་ཤེས་རབ་ཏུ་བསྟན་པ་དང་། ལུས་ཀྱི་གནས་བསྟན་པའོ། །དང་པོ་ནི་སྦྱང་གཞི་རྡོ་རྗེའི་ལུས་འདི་ཡང་། སྐྱེ་བ་དང་། གནས་པ་དང་། འཆི་བ་ནི་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་ཡིན་ཏེ། སྔོན་གྱི་ལས་ཀྱིས་རྒྱུས་བྱས་ཤིང་། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ནས་བར་མ་དོའི་སྲིད་པ་ལུས་སུ་གྲུབ་པའི་དུས་སུ། ཕ་མ་གཉིས་ཀྱིས་ཐོག་མར་རེག་པ་སྲ་བ་ཉམས་སུ་མྱོང་། དེ་ནས་གཤེར་བ་ཆུ་དང་། དྲོ་བ་མེ་དང་། བྱང་སེམས་གཡོ་བ་རླུང་དང་། བདེ་བ་ནམ་མཁའི་ཁམས་ཉམས་སུ་མྱོང་སྟེ། དེ་དག་ཀྱང་བཤད་ན། སྲ་བ་ས་ཡིན། ས་གཏི་མུག །གཏི་མུག་དག་པར་རྣམ་པར་སྣང་མཛད་ཡིན་པས་ལུས་རྣམ་པར་སྣང་མཛད་ལས་གྲུབ་པའོ། །དེ་བཞིན་དུ། ཆུ་ཞེ་སྡང་དག་པ་མི་བསྐྱོད་པ། མེ་འདོད་ཆགས་དག་པ་སྣང་བ་མཐའ་ཡས། རླུང་ཕྲག་དོག་དག་པ་དོན་ཡོད་གྲུབ་པ། བདེ་བ་ནམ་མཁའི་ཁམས་སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་ནོ། །དེ་ལྟར་ཡང་། བྷོ་ལ་ཀ་ཀོ་ལ་སྦྱོར་བས། རེག་པ་སྲ་བ་ཆོས་ཉིད་ཀྱི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་རྣམ་པའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ན་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་དུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། ཞེས་འདི་ཉིད་ཀྱི་དབང་གི་ལེའུ་ལས་སོ། །གཞན་ཡང་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། བྷོ་ལ་ཀ་ཀོ་ལ་སྦྱོར་བ་ཞེས་རྒྱས་པར་གསུངས་སོ། །དེ་དག་ཀྱང་ཡེ་ཤེས་ལྔའི་རང་བཞིན་ཡིན་ཏེ། དཀར་ཆ་ནི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་ནི་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། བར་དོའི་རྣམ་པར་ཤེས་པ་ཨ་ཕྱེད་པ་ལྟ་བུ་ནི་སོ་སོར་རྟོག་པའི་ཡེ་ཤེས། དཀར་དམར་དང་རྣམ་པར་ཤེས་པ་གསུམ་ཚོགས་པ་གཅིག་ཏུ་གྲུབ་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སེམས་ཅན་གྱི་ལུས་རྫོགས་པར་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ཏེ། ལེའུ་བརྒྱད་པ་ནས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། རང་ལྷའི་ས་བོན་ཕྱག་མཚན་ནི། སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་ཏུ་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་གསུངས་སོ། །གཞན་ཡང་སྡོམ་འབྱུང་ནས་ལུས་འགྲུབ་པའི་གནས་སྐབས་ལྔ་དེ་བཞིན་གཤེགས་པར་གསུངས་པ་དང་། དུས་ཀྱི་འཁོར་ལོ་ནས་ཁྱབ་འཇུག་ཉའི་གནས་སྐབས་ལ་སོགས་པ་གསུངས་ཀྱང་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བཀོད་དོ། །དེ་ལྟ་བུའི་ལུས་འདི་ཡང་སྐྱེ་བའི་གནས་སྐབས་སུ་ཡང་སྤྲུལ་པའི་སྐུ་དང་ཆོས་མཐུན་པར། ཟླ་བ་བཅུ་ནི་ས་བཅུ། མངལ་ནས་ཕྱིར་འབྱུང་བ་ནི་རབ་ཏུ་འབྱུང་བ། ཁྲུ་མ་ནི་ཆོས་གོས། མ་ནི་མཁན་པོ། མགོ་བོར་ཐལ་མོ་སྦྱར་བ་ནི་ཕྱག བྱ་བ་ཤེས་པ་ནི་ཁྲིམས། སྔགས་ཀྱི་བཟླས་པ་ནི། ཨ་དང་ཧྂ། གཅེར་བུར་བྱུང་བ་ནི་སྐྲ་དང་ཁ་སྤུ་བྲེགས་པའོ་ཞེས་བརྟག་པ་ཕྱི་མའི་ལེའུ་བཞི་པ་ནས། ལྟོ་བ་གནས་སུ་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེས་ན་སྐྱེ་བ་ནི་སངས་རྒྱས་སྤྲུལ་པའི་སྐུ་རྣམ་པར་དག་པའོ། །དེ་བཞིན་དུ་གནས་པའང་། སད་པ་དང་། རྨི་ལམ་དང་། གཉིད་མཐུག་པོ་དང་། ཀུན་ཏུ་རུ་ལ་སོགས་པ་བཞི་ལོངས་སྤྱོད་རྫོགས་པའི་རང་བཞིན་དུ་གནས་སོ། །འཆི་བ་ནི་ཆོས་སྐུའི་རང་བཞིན་ཏེ། དེ་སྐད་དུ་ཡང་། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པའི་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པའི་རིམ་པ་འདིས། སེམས་ཅན་རྣམས་འཆི་བའི་ཚེ། སྣང་བ་ཐིམ་པ་ནི་གཟུགས་སྒྲ་ལ་ཐིམ་པའི་མིག་གི་དབང་པོ་ཉམས། སྒྲ་དྲི་ལ་ཐིམ་པས་རྣ་བའི་དབང་པོ་ཉམས་དྲི་རོ་ལ་ཐིམ་པས་སྣའི་དབང་པོ་ཉམས། རོ་རེག་ལ་ཐིམ་པས་ལྕེའི་དབང་པོ་ཉམས། རེག་ཆོས་ལ་ཐིམ་པས་ལུས་ཀྱི་དབང་པོ་ཉམས། ཆོས་ཆོས་ཀྱི་དབྱིངས་ལ་ཐིམ་པས་འཁོར་བའི་ཆོས་མི་གསལ་དུ་འགྲོའོ། །རགས་པ་ཐིམ་པ་ནི། ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ཀྱིས་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པའི་རྟགས་སུ་ཁ་སྣ་ཁམས། མེ་རླུང་ལ་ཐིམ་པའི་རྟགས་སུ་དྲོད་མཐའ་ནས་བརཏལ་ཞིང་འཕོ་བའི་མེ་དྲོད་ཉམས། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ཆད་ནང་དབུགས་ཨེན་གཅིག་མི་ཆད་དེ། དེའི་དུས་སུ་སེམས་སྣང་བ་མཆེད་པ་ཉེར་ཐོབ་གསུམ་དང་སྦྱར་ཏེ། སྣང་བ་དང་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་སྡུད་པར་འགྱུར་ཏེ། དང་པོ་སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟར་དཀར་ལམ་པ་འབྱུང་། ནང་རྟགས་སུ་དུ་བ་ལྟ་བུ་བན་བུན་ལང་ལོང་པ་འབྱུང་། དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་འགག་པ་ནི། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་དུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་། འོང་བ་དག་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་སྐོམ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་དུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་སྡུད་པ་དང་། སེར་སྣ་དང་། འདི་རྣམས་འགགས་པས་དགྲ་མི་ཤ་བོ་བྱུང་ཡང་ཞེ་སྡང་མི་སྐྱེའོ། །སྣང་བ་མཆེད་པ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་དམར་ལམ་གྱིས་འགྲོ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟར་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །འདིའི་དུས་ན་ཆོས་པ་ལ་དཔའ་བོ་དང་དཔའ་མོའི་སུན་མ་རོལ་མོའི་སྒྲ་དང་བཅས་པ་འབྱུང་སྟེ། ཀུན་སྤྱོད་ལས། རྣལ་འབྱོར་པ་རྣམས་འཕོ་ཚེ་རྣམས། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །གླུའི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་སོ། །གུར་ལས་ཀྱང་། ཤི་བ་ཞེས་བྱ་རྣམ་རྟོག་སྟེ། །དགའ་བའི་གནས་སུ་འཁྲིད་པའོ། །ཞེས་སོ། །སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་འབྱུང་ངོ་། །དེའི་དུས་ན་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་པ་ནི། འདོད་ཆགས་པ་དང་། ཆགས་པ་དང་། དགའ་བ་དང་། དགའ་བའི་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱེད་པ་དང་། འཕྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། ཚམ་ཚོམ་མེད་པ་དང་། ཚ་ཚོམ་མེད་པར་བར་མ་དང་། ཤིན་ཏུ་ཚམ་ཚོམ་མེད་པ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། དེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་ཉིད་དང་། བསྐུལ་བ་དང་། དཔའ་བ་དང་ངོ་ཚ་མེད་པ་དང་། གཡོ་ཅན་དང་། གདུག་པ་ཅན་དང་། མ་སུན་བ་དང་། གྱ་གྱུ་ཆེ་བ་སྟེ། དེ་རྣམས་འགགས་པས། ནོར་རྫས་དང་བུད་མེད་ལ་སོགས་པ་རྣམས་ལ་ཆགས་པ་མི་སྐྱེའོ། །མཆེད་པ་ཐོབ་པ་ལ་ཐིམ་པའི་དུས་སུ། མུན་ནག་ལ་གཡང་ལ་བསྐྱུར་བ་བཞིན་དུ་ནག་འུག་པའི་སྣང་བ་འབྱུང་། ནང་རྟགས་མར་མེ་ལྟ་བུའི་ཤེས་པ་བྱུང་ནས་སྔར་བས་ཤེས་པ་གསལ་དུ་འགྲོ། དེའི་དུས་ན་གཏི་མུག་གི་རྟོག་པ་བདུན་འགག་པ་ནི། འདོད་ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་བ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་སྟེ། དེ་ལྟར་རང་བཞིན་བརྒྱད་བཅུ་དང་སྣང་མཆེད་ཐིམ་པ་དེ་མ་ཐག་ཏུ། སྤྱི་བོའི་དཀར་ཆའི་དངས་མ་ཕ་ལས་ཐོབ་པ་ཧྂ་གི་རང་བཞིན་དང་། ལྟེ་བའི་དམར་ཆའི་དངས་མ། མ་ལས་ཐོབ་པ་ཨ་ཐུང་གི་རང་བཞིན་སྙིང་ཀར་ཡེ་ཤེས་ཀྱི་རླུང་དང་སེམས་ཅིག་ཏུ་གྱུར་པས་ཐོབ་པ་འོད་གསལ་བ་ལ་ཐིམ་པ་ཞེས་བྱ་སྟེ། སྤྲིན་མེད་པ་ལ་ཉི་མ་ཤར་བ་ལྟ་བུ་དང་སིང་ངེ་བ་འབྱུང་སྟེ་བར་དོའི་རྣམ་པ་མ་ཤར་གྱི་བར་དུ། གཞིའི་འོད་གསལ་མཚན་ཉིད་པ་ཅིག་སྐྱེ་བས། འཆི་བ་དོན་དམ་པའི་བདེན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་ཀྱང་བྱའོ། །དེ་ངོ་མ་ཤེས་པས་རྣམ་པར་ཤེས་པ་སྒོ་དགུ་གང་རུང་ནས་འཐོན་ནས་བར་དོའི་སྣང་བ་མངོན་དུ་བྱེད་པར་འགྱུར་ཏེ། སྡོམ་འབྱུང་ལས། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པས། །དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །འཚོགས་པ་མ་རྙེད་དེ་བཞིན་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །མགྲོན་པོའི་བགྲོད་པ་ཇི་བཞིན་དུ། །ཇི་ལྟར་ལས་ཀྱིས་ཞགས་པ་ཡིས། །འགྲོ་བ་དྲུག་དུ་རབ་དུ་སྐྱེ། །ཞེས་གསུངས་པས་བར་དོའི་དེ་ཡང་ལོངས་སྤྱོད་རྫོགས་པར་སྦྱོར་བས། ལུས་རྫོགས་པའི་སངས་རྒྱས་སུ་གཏན་ལ་ཕབ་པའོ། །གཉིས་པ་ལུས་ཐབས་དང་ཤེས་རབ་དུ་གཏན་ལ་དབབ་པ་ནི། ཐོག་མར་ལུས་གྲུབ་པ་ན་ཕ་ནི་ཐབས་ཀྱི་ཆ། མ་ནི་ཤེས་རབ་བོ། །དེ་བཞིན་དཀར་ཆ་དང་དམར་ཆ་དང་། ཁམས་ལྔ་དང་། བར་དོའི་རྣམ་པར་ཤེས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་བཞིན་དུ་གནས་པ་ཡང་ཐབས་དང་ཤེས་རབ་སྟེ། རུས་པ་དང་བྱང་ཆུབ་སེམས་ལ་སོགས་ཕ་ལས་ཐོབ་པ་ནི་ཐབས། ཁྲག་ལ་སོགས་པ་མ་ལས་ཐོབ་པ་ནི་ཤེས་རབ། སྣོད་བཅུད་ནི་ཐབས། དེའི་རང་བཞིན་སྟོང་པ་ཤེས་རབ་བོ། །དེ་བཞིན་དུ་འཆི་བ་ན་ཡང་རླུང་སེམས་ཐིམ་ལུགས་ནི་ཐབས། འོད་གསལ་བ་ནི་ཤེས་རབ་བོ། །དེ་ལྟར་ཡང་འདི་ཉིད་ལས། ཟླ་བ་དང་། ཉི་མ་དང་། ཤེས་རབ་དང་། ཐབས་སོ་ཞེས་གསུངས་སོ། །གསུམ་པ་ལུས་ཀྱི་གནས་ལུགས་ནི། རྩ་དང་། རླུང་དང་། བྱང་ཆུབ་ཀྱི་སེམས་དང་སྙིགས་ཀྱི་བདག་ཉིད་དེ། དེ་ཡང་རྩ་ནི་སྡོམ་འབྱུང་ནས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། །ཞེས་གསུངས་པས་མངལ་དུ་ཆགས་པའི་ནུར་ནུར་པོ་ལ་སོགས་པ་བདུན་ཕྲག་བཞི་འདས་ནས་འཁྲང་གྱུར་ནས་བཟུང་སྟེ། ཟླ་བ་བཅུ་གཉིས་ཀྱི་བར་དུ་ཞག་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་ཆགས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་རྣམས་ལས་གཙོ་བོར་གྱུར་པ་ནི་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུའམ། བརྒྱ་དྲུག་ཅུ་རྩ་གཉིས་སུ་འདུས་སོ། །དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་སོ་གཉིས་ཏེ་རྒྱས་པར་རྡོ་རྗེའི་རིགས་ཀྱི་ལེའུར་བཤད་པར་བྱའོ། །ནད་བསྐྱེད་པའི་རྩ་ནི་རྒྱུད་གཞན་ནས། དཔྲལ་བ་ནས་བཅུ་དྲུག་སྤྱི་གཙུག་ནས་བཞི་སྟེ་ཉི་ཤུ་ནས་བད་ཀན་བསྐྱེད་ལ། མགྲིན་པ་ནས་སུམ་ཅུ་སོ་གཉིས་སྙིང་ག་ནས་བརྒྱད་དེ་བཞི་བཅུ་ནས་འཁྲིས་པའི་ནད་བསྐྱེད་དོ། །ལྟེ་བ་ནས་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རིམ་ནས་བཅུ་དྲུག་དང་བརྒྱད་ཅུ་ནས་རླུང་གི་ནད་བསྐྱེད་དོ། །གསང་གནས་ཀྱི་འཁོར་ལོའི་ནད་རིམ་ནས་འདུས་པའི་ནད་བསྐྱེད་པའི་རྩ་བཅུ་དྲུག་གནས་སོ་ཞེས་འབྱུང་ངོ་། །དེ་ལྟ་བུ། དེ་རྣམས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་གནས་པའི་ཚུལ་ཡང་། ལས་དང་། ཡེ་ཤེས་ཀྱི་རླུང་གཉིས་ཏེ། ལས་ཀྱི་རླུང་ནི། སྲོག་འཛིན་དང་། གྱེན་རྒྱུ་དང་། ཁྱབ་བྱེད་དང་། མེ་མཉམ་དང་། ཐུར་སེལ་ཞེས་བྱ་བ་ལྔ་ནི་རྩ་བར་གྱུར་པ་སྟེ། འདི་དག་ཀྱང་རིམ་པ་བཞིན་དུ་ལུས་ཀྱི་དབུས་དང་། སྟོད་དང་། ལྤགས་པའི་མཐར་ཐུག་པ་དང་། ཞུ་བའི་འཚམས་དང་། ལྟེ་བ་མན་ཆད་ན་གནས་སོ་ཞེས་ལ་ལ་དག་ཟེར་རོ། །གཞན་དག་ན་རེ། སྙིང་གའི་པད་མ་ལས་སྟེང་དང་། འོག་དང་། ཕྱོགས་བཞི་རྣམས་སུ་གནས་སོ་ཞེས་བྱུང་ངོ་། །ཡན་ལག་གི་རླུང་ལྔ་ཡང་། རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ཤིན་ཏུ་རྒྱུ་བ་དང་། མངོན་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་ཞེས་བྱ་བ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལྤགས་པ་ལ་གནས་ཤིང་བསྐྱེད་པ་ལ་སོགས་པའི་གྲོགས་བྱེད་དོ། །བྱེ་བྲག་དུ་སྣ་བུག་གཉིས་ནས་རྒྱུ་བའི་རླུང་དང་ཡེ་ཤེས་ཀྱི་རླུང་ནི་འོག་ནས་ལེའུ་དང་པོར་བཤད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱང་དངས་མ་དཀར་ཆ་རྣམ་པར་དག་པ་དང་། དམར་ཆའི་དབྱེ་བ་དང་། ཁམས་ཉི་ཤུ་རྩ་བཞི་དང་། བཅས་པ་འོག་དུ་འཆད་དོ། །དེ་ལྟར་གནས་པའི་རླུང་གི་བྱེད་པ་རང་བཞིན་དུ་གནས་ཤིང་། དངས་སྙིགས་ཆ་མཉམ་པས་འཚོ་བར་བྱེད་དོ། །མ་རུངས་པར་གྱུར་པས་ནི་དུས་མ་ཡིན་པར་འཆི་བ་བསྐྱེད་པར་བྱེད་ལ། དེ་དག་གི་གནད་བཅིངས་ནས་བསྒོམས་པས་ནི་ལམ་རིམ་མངོན་དུ་བྱེད་པ་ཡང་ཡིན་ནོ། །ད་ནི་སེམས་དངོས་པོའི་གནས་ལུགས་ནི་གསུམ་སྟེ། ངོ་བོ་ཉིད་དྲི་མ་དང་བཅས་པ་ཉིད་དང་། ལོག་པར་རྟོགས་པའི་འཁྲུལ་པ་དང་། སྦྱོང་པའི་ལམ་ལ་ཞུགས་པའི་འཁྲུལ་པའོ། །དང་པོ་ནི། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས། གསུངས་པ་གང་ཡིན་པ་སྟེ་འདི་ཉིད་ནས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ནས་སངས་རྒྱས་སོ། །ཞེས་གསུངས་སོ། །གློ་བུར་གྱི་དྲི་མ་མེད་པའི་སེམས་ཀྱི་ཆོས་ཉིད་ནི་སྤྲོས་པ་ཐམས་ཅད་ཞི་བའི་ངོ་བོ་ཉིད་དོ། །དེ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་སོ། །གཉིས་པ་མ་རྟོགས་པ་དང་ལོག་པར་རྟོགས་པ་དག་འཁྲུལ་པའི་ཚུལ་ནི། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པ་གསུངས། །རྐྱེན་རྣམས་ཚོགས་ན་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པས་མ་རིག་པའི་དབང་གིས་གསེར་གྱི་གཡའ་ལྟར་རྒ་ཤིའི་བར་དུ་རྟེན་ཅིང་འབྲེལ་འབྱུང་མ་རྟོག་པའི་དབང་གིས་འཁྲུལ་པར་གྱུར་ཏོ། །དཔལ་ནཱ་རོ་བའི་ཞལ་སྔ་ནས་ཀྱང་། འོན་ཀྱང་སེམས་དེ་གློ་བུར་གྱི། །རྣམ་རྟོག་དྲི་མ་ཉོན་མོངས་ཏེ། །ཆུ་དང་གསེར་དང་ནམ་མཁའ་ལྟར། གནས་སྐབས་དག་དང་མ་དག་གཉིས། །ཞེས་གསུངས་སོ། །གྲུབ་མཐའ་ལོག་པར་རྟོག་པའི་མུ་སྟེགས་པ་ནི། ལྟ་བ་ལོག་པ་དུ་མ་ཞིག་ཡོད་ཀྱང་བསྡུས་ན་རྟག་ཆད་གཉིས་ལས། ཆད་པར་ལྟ་བ་རྒྱང་འཕེན་བ་ནི་རྟོག་གེས་རྣམ་པར་དཔྱད་པའི་མཐུའམ། གཟུགས་མེད་པ་ལས་བྱུང་བའི་ཚེ་འཕོས་པ་དག་མངོན་པར་ཤེས་པའི་ཆས་རིག་པའི་དབང་གིས། རྒྱུ་མེད་པ་དང་། སྟོང་པའི་ཆ་ནས་འཁྲུལ་ཏེ། ཚེ་སྔ་ཕྱི་དང་། རྒྱུ་འབྲས་མེད་པར་འདོད་པ་ལས། འདི་ཡང་སྐྱེས་ནས་མ་ཤིའི་བར་བདག་འདོད་དོ། །རྟག་པར་ལྟ་བ་གྲངས་ཅན་པ་ནི། ཤེས་པའི་སྐྱེ་སྒོ་བཀག་ཀྱང་མ་ཁེགས་པར། བྱེད་མཁན་བདག་གིས་བྱས་ནས། བདག་རང་དབང་ཅན་ཀུན་ལ་ཁྱབ་པ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་ཅིང་། མི་རྟག་པར་སྣང་བ་འདི་རྣམས་གཙོ་བོའི་རྣམ་འགྱུར་ལས་བྱུང་ངོ་ཞེས་འདོད་པ་སྟེ། ལྟ་ལོག་འདི་གཉིས་ལས་གྱེས་པ་དྲུག་ཅུ་རྩ་གཉིས་སམ། སུམ་བརྒྱ་དྲུག་ཅུ་ལ་སོགས་པ་དུ་མ་བྱུང་ངོ་། །གསུམ་པ་འཁྲུལ་པ་སྦྱོང་པའི་ལམ་ལ་ཞུགས་པ་ཡང་ཐེག་པ་ཆེ་ཆུང་གཉིས་ལས། ཆུང་ངུ་བ་ལའང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ནི། ཤེས་པའི་སྐྱེ་སྒོ་ལས་འདས་པ་དང་། མ་འོངས་པ་དང་ད་ལྟར་བ་གསུམ་དུ་འཁྲུལ་ནས། དུས་གསུམ་དུ་རྫས་སུ་གྲུབ་པའི་འཐད་པ་དང་བཅས་པ་འདོད་ཅིང་། འདིའི་ནང་ཚན་གནས་མ་བུ་པ་ནི་རེ་ཤིག་གང་ཟག་གི་བདག་ཀྱང་ཁས་ལེན་ནོ་ཞེས་གྲག་གོ །མདོ་སྡེ་པ་ནི་སྣང་བ་སེམས་སུ་འདོད། ཕྱི་རོལ་གྱི་དོན་ཡང་རྫས་སུ་གྲུབ་པར་འདོད་དེ། དེ་ཡང་དཔེར་ན་སྤོས་འཇོག་མཁན་གྱི་སྤོས་རྒྱ་ལོགས་ན་ཡོད་པ་བཞིན། ཕྱི་རོལ་གྱི་དོན་རྣམ་པ་གཏོད་བྱེད་ཅེས་བྱ་བ་ཤེས་པ་ལ་སྣང་དུ་མི་རུང་བར་འདོད་དོ། །རྣམ་པར་གཏོད་པར་ནུས་པའི་ཕྱིར། ཤེས་པའི་ཡུལ་ནི་རྒྱུ་ཡིན་ལ་ཅེས་གསུངས་སོ། །ཞེས་འདོད་དོ། །དེ་དག་ཀྱང་རིམ་པ་ལྟར་རྡུལ་ཕྲ་རབ་བསྐོར་བ་བར་དང་། བཅས་པ་དང་བར་མེད་དུ་འདོད་དེ་དཔེར་ན་གཡག་རྔ་དང་ནེའུ་སིང་བཞིན་ནམ། པོ་ཏི་བསྡམས་པ་བཞིན་ནོ། །གཞན་ཉན་ཐོས་རྩ་བའི་སྡེ་བཞིན་ལས་འཕྲོས་པའི། སྡེ་པ་བཅྭོ་བརྒྱད་ལ། འདོད་ལུགས་མང་དུ་སྣང་ཡང་འདིར་མ་བྲིས་སོ། །ཐེག་པ་ཆེན་པོ་ལའང་། སེམས་ཙམ་དང་། དབུ་མ་གཉིས་ལས། སེམས་ཙམ་པ་ནི་ཉན་ཐོས་པ་ལྟར་ཕྱི་རོལ་གྱི་དོན་མི་འདོད་དེ། དྲུག་གི་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར་ཞེས་བྱ་བའི་རིག་པས། རྡུལ་ཕྲན་དོན་དམ་པར་མི་བདེན་པས་བཟུང་བ་མི་བདེན་ལ། གཟུང་བ་མི་བདེན་པས་འཛིན་པའང་མི་བདེན་ཅིང་། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་སྐད་ཅིག་ཆ་མེད་བདེན་པར་འདོད་དོ། །འདི་ལ་ཡང་རྣམ་བདེན་དང་རྣམ་བརྫུན་གྱི་འདོད་པ་ཐ་དད་པ་ཡོད་མོད་ཀྱི་འདིར་མ་བཀོད་དོ། །དབུ་མ་པ་ནི། སེམས་ཙམ་པ་ལྟ་བུའི་མྱོང་བ་གཉིས་མེད་ཀྱི་ཤེས་པ་སྐད་ཅིག་མའང་བདེན་པར་མི་འདོད་དེ། མྱོང་བ་གཉིས་མེད་ཀྱི་ཤེས་པ་དེ་གཅིག་དུ་གྲུབ་པ་མེད་དེ་བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་མྱོང་བ་གཉིས་མེད་ཀྱི་ཤེས་པ་དེ་རྒྱུ་ནུས་པ་ཐོགས་མེད་ལས་སྐྱེས་པའི་དུས་སུ། ཡུལ་ལས་རང་བཞིན་འགའ་ཞིག་གིས་བར་ཆོད་དམ་མ་ཆོད། གང་གིས་ཀྱང་བར་ཆོད་ན་རྒྱུ་འབྲས་རྫས་གཅིག་དུ་གྱུར་ལ། ཆོད་ན་རྒྱུ་ནུས་པ་ཐོགས་མེད་དང་འགལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཆེན་པོ་རྣམས་ཀྱིས་དངོས་པོར་ལྟ་བ་རྣམས་བཀག་སྟེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་འབེབས་པ་སྟེ། དབུ་མ་རྩ་བ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲས་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་གྲུབ་མཐའི་རྣམ་བཞག་འདི་རྣམས་ཀྱང་རྟག་པ་འོག་མའི་གདུལ་དཀའ་འདུལ་བའི་རིམ་པ་ལས་གསུངས་པས་འདིར་ཅུང་ཟད་ཕྱེ་བ་ཡིན་ནོ། །རང་གཞུང་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལ་ཐབས་ཁྱད་པར་འཕགས་པར་འདོད་དེ། འདི་ཉིད་ནས། རང་བཞིན་འདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུའི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་གྱིས། །ཞེས་གསུངས་སོ། །གཞན་ཡང་ཀྲི་ཡ་ལེགས་པར་གྲུབ་པའི་རྒྱུད་ལས། དོན་གཅིག་ཉིད་ན་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཞེས་སོ། །ཁ་ཅིག་ནི་ཐབས་བཞིན་དུ་ལྟ་བ་ཡང་ལྷག་གོ་ཞེས་ཟེར་ཏེ་དཔྱད་དགོས་སོ། །དེ་ལྟར་གཞི་དངོས་བསྟན་ནས། ལམ་གྱི་གཞི་དབང་བསྐུར་བ་ལ་ལྔ། ངོ་བོ་དང་། ངེས་ཚིག་དང་དབྱེ་བ་དང་། དབང་བསྐུར་བའི་ཆོ་ག་དང་། དགོས་པའོ། །ངོ་བོ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའོ། །ངེས་ཚིག་ནི་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། སྐལ་པ་འཇོག་པ་སྟེ་འདི་ཉིད་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །དབྱེ་བ་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། ཚིག་དབང་དང་བཞིའོ། །སློབ་དཔོན་གསང་བ་ཤེས་རབ་དབང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །ཆོ་ག་ནི་འོག་ཏུ་དབང་གི་ལེའུ་དང་། བརྟག་པ་འོག་མའི་ལེའུ་གསུམ་པ་དང་ལྔ་པའི་སྐབས་སུ་བཤད་པར་བྱའོ། །དབང་བསྐུར་བའི་དགོས་པ་ནི། གསང་བ་མཛོད་ཀྱི་རྒྱུད་ལས། ཡང་དང་དབང་བསྐུར་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཡང་དག་དབང་བསྐུར་སྦྱིན་ལྡན་ཞིང་། །དེའི་སྐྱེ་བ་བདུན་པ་ལ། །མ་བསྒྲུབས་པར་ཡང་དངོས་གྲུབ་འགྱུར། །ཞེས་སོ། །དེ་ལྟར་བསྟན་པའི་དབང་འདི་ལམ་གྱི་གཞི་ཡིན་ལ། རང་གི་ལུས་སེམས་ཀྱི་དོན་རྟོགས་པར་བྱེད་པའི་ཆ་ནས་ལམ་ཉིད་དུའང་འགྱུར་རོ། །གཞིའི་གནས་ལུགས་སོ། །གཉིས་པ་ལམ་གྱི་རིམ་པ་ལ་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ལས། དང་པོ་ལ་ལུས་དང་ཡན་ལག་གོ །ལུས་ནི་མངལ་སྐྱེས་དང་། སྒོང་སྐྱེས་དང་། རྫུས་སྐྱེས་གསུམ་མོ། །དང་པོ་ནི་སྤྲོས་པ་ལ་དགའ་བ་དབང་པོ་རཏལ་བའི་དབང་དུ་བྱས་པའོ། །གཉིས་པ་ནི་སྤྲོས་པ་ལ་མི་དགའ་བའི་དབང་པོ་འབྲིང་ཡིན་ཏེ་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་དང་། གཞན་ཡང་རྡོ་རྗེ་རྣམ་བཞི་དང་། ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ་ཡང་དེ་དང་རྗེས་སུ་མཐུན་པར་འགྱུར་རོ། །གསུམ་པ་ནི་དབང་པོ་ཡང་རབ་སྐད་ཅིག་གིས་བསྐྱེད་པར་བྱེད་པའོ། །དེ་ལྟར་གསུམ་ཀ་ཡང་དཔལ་ནཱ་རོ་པའི་བཞེད་པས། ཡེ་ཤེས་ལྔ་བྱང་ཆུབ་ཀྱི་སེམས་དང་དྲུག་སངས་རྒྱས་ཀྱི་སར་མཐར་ཕྱིན་པར་བྱ་བའི་དོན་དུ་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་ཡན་ལག རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག དབང་བསྐུར་བ་མི་བསྐྱོད་པ། མཆོད་པ་དོན་ཡོད་གྲུབ་པ། བསྟོད་པ་རིན་ཆེན་འབྱུང་ལྡན། བདུད་རྩི་མྱང་པ་འོད་དཔག་མེད་ཀྱི་ཡན་ལག་དང་དྲུག་རྫོགས་པ་བསྒོམ་པར་གསུངས་ཏེ། གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ནས། །ཀུན་དུ་བཟང་པོའི་བདེ་བ་དངོས། །རྣམ་པ་ལྔ་པོ་བསྒོམ་བྱས་ཏེ། །རང་ལྷག་ལྷའི་བསྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱང་སོགས་པར། །རིམ་པ་འདིའི་བསྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོར་བར་འདོད། །ཞེས་སོ། །བསྒོམ་པའི་རིམ་པ་ནི། ལེའུ་གསུམ་པ་དང་། བརྒྱད་པ་དང་ཧེ་རུ་ཀ་མངོན་འབྱུང་ལ་སོགས་པ་སོ་སོའི་སྐབས་སུ་བཤད་པར་བྱའོ། །ལས་ཚོགས་ཀྱི་བསྒྲུབ་ཐབས་ནི། ལེའུ་གཉིས་པར་མཁའ་འགྲོ་མ་བདུན་དང་། བཅུ་ཅིག་པར་ཀུ་རུ་ཀུ་ལེ་དང་བརྒྱད་གསུངས་ཏེ་སྐབས་དེ་དག་དུ་བཤད་པར་བྱའོ། །ཡན་ལག་ལ་གཉིས་ཏེ། དམ་ཚིག་དང་སྤྱོད་པའོ། །དང་པོ་ནི་རྩ་བའི་དམ་ཚིག་བཅུ་བཞི་དང་། ཡན་ལག་གི་དམ་ཚིག་བརྒྱད་དེ་བསྐྱེད་རྫོགས་ཐུན་མོང་དུ་ཤེས་པར་བྱའོ། །སྤྱོད་པ་ནི་ལས་དང་པོ་བའི་བྱ་བ། དཀོན་མཆོག་མཆོད་པ་དང་། གཏོར་མ་དང་། ཆུ་སྦྱིན་དང་། ཚ་ཚ་ལ་སོགས་པ་རྣམས་སོ། །དེ་དག་གིས་ཅི་བྱེད་ན་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་སོག་པའི་ཕྱིར་རོ། །རྫོགས་པའི་རིམ་པ་ལ་ཡང་གཉིས་ཏེ། ལུས་དང་ཡན་ལག་གོ །དང་པོ་ལ་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་དང་། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། རྩ་དང་། རླུང་དང་། བྱང་ཆུབ་ཀྱི་སེམས་ལ་བརྟེན་པའོ། །རྩ་ལ་བརྟེན་པ་ལ་ཡང་གསུམ་ལས། དང་པོ་ནི་འཁོར་ལོ་ལ་མ་བརྟེན་པ་ཞེས་བྱ་སྟེ། རྩ་གསུམ་མཚན་ཉིད་བཞི་ལྡན་དུ་ལུས་ཀྱི་དབུས་སྟོང་པའི་ནང་དུ་བསྒོམས་པས་དྲོད་བདེ་གསལ་མི་རྟོག་པའི་ཉམས་འཆར་བའོ། །གཉིས་པ་ནི་འཁོར་ལོ་ལ་བརྟེན་པ་སྟེ། དེ་ཡང་ཅིག་པ་ལ་བརྟེན་པ་ནི་ལྟེ་བར་ཨ་ཐུང་ལ་བརྟེན་ནས་བསྒོམ་པའོ། །འཁོར་ལོ་གཉིས་ལ་བརྟེན་པ་ནི་ལྟེ་བ་དང་སྤྱི་བོར་ཨ་ཐུང་དང་ཧྂ་ལ་བརྟེན་ནས་འབར་འཛགས་བསྒོམ་པའོ། །འཁོར་ལོ་བཞི་ལ་བརྟེན་པ་ནི་ཨ་ལི་དང་ཀ་ལི་རྣམས། དེ་བཞིན་གཤེགས་པ་སྐུའི་ངོ་བོར་བཀོད་དེ་འབར་འཛག་བསྒོམས་པས་དྲོད་བདེ་གསལ་མི་རྟོག་པ་སྐྱེ་བའོ། །གསུམ་པ་ནི་རང་བཞིན་གྱི་རྩའི་གནད་བཅིངས་བས་རྩ་བ་ལ་སོགས་པའི་རྟགས་མངོན་དུ་བྱེད་པའོ། །གཉིས་པ་རླུང་ལ་བརྟེན་པ་ནི་བཞི་སྟེ། རླུང་རྒྱ་ཡན་དང་ཁ་དོག་དང་དབྱིབས་ལ་བསླབ་པ་དང་། བགྲང་ཞིང་བརྩི་བ་དང་། བུམ་པ་ཅན་ལ་བསླབ་པའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ལའང་གཉིས་ཏེ། རང་ལུས་ལ་བརྟེན་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། གཞན་ལུས་ལ་བརྟེན་པ་དཀྱིལ་འཁོར་ཚོགས་བསྒྲུབ་པའོ། །གཉིས་ཀ་ལ་ཐུན་མོང་དུ་དབབ་པ་དང་། བཟུང་བ། བཟློག་པ། ཁྱབ་པར་བྱ་བ་བཞི་བཞིར་ཤེས་པར་བྱའོ། །འདི་དག་ཀྱང་གཞུང་གི་སྐབས་སུ་བཤད་པར་བྱའོ། །དེ་དག་གི་རྒྱས་གདབ་དུ་གྱུར་པ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ནི། བདེ་གསལ་མི་རྟོག་པ་གསུམ་གྱི་རྒྱས་གདབ་སྟེ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་སྒྱུ་མ་ལྟ་བུ་ལ་སོགས་པའི་སྒྲས་བཤད་པ་ཁམས་གསུམ་པའི་བསམ་གཏན་ཀུན་ལས་འདས་པ་སྟེ། འདི་ཉིད་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཡན་ལག་ནི། དམ་ཚིག་དང་། སྤྱོད་པ་གཉིས་ལས། དམ་ཚིག་ནི་ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱོས་ལ་སོགས་པ་བསྲུང་པའི་དམ་ཚིག་དང་ན་དང་གྷ་ཧ་ལ་སོགས་པ་བཟའ་བའི་དམ་ཚིག་སྟེ་བཅུ་བཞི་དང་བརྒྱད་དུ་འདུས་པ་ཉིད་དོ། །སྤྱོད་པ་ནི། གསང་སྤྱོད་དང་། རིག་པ་བརཏལ་ཤུགས་ཀྱི་སྤྲོས་བཅས་དང་ཤིན་དུ་སྤྲོས་མེད་དུ་སྤྱད་པ་དང་། ཚོགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བ་མཐར་ཕྱིན་པའི་ཐར་གྱི་སྤྱོད་པ་རྣམ་པ་བཞི་སྟེ་འོག་ན་གཞུང་གི་སྐབས་སུ་འཆད་དོ། །དེ་ལྟར་ལམ་རིམ་པ་གཉིས་ལས་བརྟེན་ནས་ཉམས་སུ་བླངས་པས་འབྲས་བུ་འབྱུང་པས། འབྲས་བུ་སྐྱེ་བའི་རིམ་པ་ལ་གསུམ་སྟེ། བསྐྱེད་རིམས་ཀྱི་འབྲས་བུ་དང་། རྫོགས་རིམས་ཀྱི་འབྲས་བུ་དང་། གཉིས་ཀའི་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི་ལུས་ཐ་མལ་དུ་འཛིན་པའི་ཞེན་པ་སྤོང་ཞིང་། འཕྲིན་ལས་ཆེན་པོ་ཕྲན་ཚེགས་རྣམས་གྲུབ་པས་གཞན་གྱི་དོན་བྱེད་པའོ། །གཉིས་པ་ནི་རྟགས་དང་ཡོན་ཏན་གཉིས་ལས། རྟགས་ནི་དུ་བ་ལ་སོགས་པ་ངེས་པ་ཅན་ལྔ་དང་། ངེས་པ་མེད་པ་ལྔ་དང་། སྐུའི་སྒོ་དགུ་འགགས་པས་ཡན་ལག་གི་རླུང་ལྔ་ལ་དབང་ཐོབ་པ་དང་། གསུང་གི་སྒོ་འགགས་པས་འཁོར་ལོའི་རླུང་ལྔ་ལས་སུ་རུང་བ་དང་། ཐུགས་ཀྱི་སྒོ་བྱེ་བས་མངོན་ཤེས་ལྔ་འཆར་ཞིང་ཡེ་ཤེས་ཀྱི་རླུང་དབུ་མར་ཟིན་པའོ། །གཉིས་པ་ཐུན་མོང་གི་ཡོན་ཏན་ནི། ལྟ་སྟངས་བཞི་དང་གྲུབ་པ་བརྒྱད་ལ་སོགས་པ་སྟེ་འདི་ཉིད་ནས། ལྟ་སྟངས་བཞི་པོ་གྲུབ་ནས་ནི་ཞེས་པ་དང་། ཡང་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་ས་འོག་གྲུབ་པ་དང་། །རིལ་བུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་གསུངས་པ་ལ་སོགས་པ་རྣམས་སོ། །འདི་དག་ནི་ཕྱི་རོལ་པ་ལའང་འོང་བ་ཡོད་པས་དམན་པ་ཡིན་ཏེ་གསང་བ་འདུས་པ་ན། མིག་སྨན་ལ་སོགས་དངོས་གྲུབ་རྣམས། །ཐ་མལ་པ་ཞེས་བཤད་པ་ཡིན། །ཅེས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ནི། གསང་བ་ནས་རྩ་རླུང་བྱང་ཆུབ་ཀྱི་སེམས་རིམས་ཀྱི་གཙུག་གཏོར་གྱི་བར་དུ་བརྟན་པས་དག་པའི་ས་ལམ་ཐོབ་པར་འགྱུར་ཏེ། བརྒྱ་ཕྲག་བཅྭོ་བརྒྱད་ལས་རླུང་འགགས་པ་ཡིས། རིམ་པ་བཞིན་དུ་ས་རེ་ཐོབ་པར་འགྱུར། ཞེས་བྱ་བའི་རིམ་པ་དང་པོའི་སངས་རྒྱས་ལས། མཆོག་དུ་མི་འགྱུར་ཉི་ཁྲི་དང་། །སྟོང་ཕྲག་ཅིག་དང་དྲུག་བརྒྱ་ཡིས། །སྐད་ཅིག་གིས་རྫོགས་རྒྱལ་པོ་ཀྱེ། །རང་ཉིད་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བའི་མཐར་ཐུག་པས་གསུངས་པ་རྣམས་སོ། །གསུམ་པ་བསྐྱེད་རྫོགས་ཐུན་མོང་དུ་གཉིས་ཀའི་མཐར་ཐུག་གི་འབྲས་བུ་ནི། སྐུ་བཞི་ཡེ་ཤེས་ལྔ་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པ་རྡོ་རྗེ་འཆང་གི་གོ་འཕང་ངོ་། །འདི་ཡང་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་པའི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །འདིར་ནི། དངོས་པོ་ལ་འཇུག་པའི་རྣམ་ཤེས་བསྐྱེད་པའི་རིམ་པས་སྦྱངས་པས་གང་ལ་གང་འདུལ་གྱིས་དོན་བྱེད་པ་སྤྲུལ་སྐུའོ། །ཀུན་གཞི་ལ་གནས་པའི་ཡིད་སྒྱུ་མ་ལྟ་བུའི་བདེ་ཆེན་གྱིས་སྦྱངས་པས། ཐེག་པ་ཆེན་པོ་ལོངས་སྤྱོད་པ་ཡོངས་སུ་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀུན་གཞི་དྲི་མ་གློ་བུར་བའི་རྐྱེན་དག་པ་ཉིད་ནི་ཆོས་སྐུའོ། །དེ་གསུམ་དབྱེར་མི་ཕྱེད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །དེ་ནི་འབྲས་བུ་མཐར་ཐུག་པར་གསང་པ་འདུས་པ་ནས། སངས་རྒྱས་ཉིད་འགྲུབ་སངས་རྒྱས་ནི། །དངོས་གྲུབ་མཆོག་ཅེས་བཤད་པ་ཡིན། །ཞེས་སོ། །དེ་ལྟར་གཞི་དང་། ལམ་དང་། འབྲས་བུ་གསུམ་གྱི་བརྗོད་པར་བྱ་བའི་དོན་བསྟན་ནས། གཉིས་པ་བརྗོད་པར་བྱེད་པ་ནི། བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ། ཚིགས་སུ་བཅད་པ་བདུན་བརྒྱ་ལྔ་བཅུ་པོ་འདི་ཉིད་དེ། འདི་འཆད་པར་བྱེད་པའི་ངག་ཀྱང་། ནཱ་རོ་པའི་འགྲེལ་པ་ལས། མདོར་བསྟན་པ་ནས་ཅི་ལྟར་འབྱུང་། །རྒྱས་པར་བཤད་པས་གསལ་བར་བྱེད། །སླར་རྒྱས་གསུངས་པ་སྦས་པའི་དོན། །རྒྱུད་ཀྱི་བཤད་པ་རྣམ་པ་གསུམ། །རྡོ་རྗེ་ཐེག་པའི་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ་ཞེས་གསུངས་པས། ཧེ་བཛྭ་ཡི་མཚན་གྱི་དོན་གླེང་གཞིས་བཤད། གླེང་གཞིའི་དོན་སེམས་དཔའ་བཞིའི་ཞུས་ལན་གྱིས་བཤད། ཞུས་ལན་གྱི་དོན་ལེའུ་དང་པོས་བསྟན་ཏེ་དེ་དག་ནི་རྒྱུད་སྤྱི་ཡི་མདོར་བསྟན་པའོ། །དེའི་དོན་བརྟག་པ་དང་པོ་རྒྱས་པར་བཤད་ནས། བརྟག་པ་དང་པོར་སྦས་པའི་དོན་མི་གསལ་བ་རྣམས་བརྟག་པ་འོག་མས་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་ནི་རང་གི་ངོ་བོ་ཉིད་ཀྱི་ལེའུའི་འབྲེལ་བ། མངོན་པར་རྟོག་པའི་འབྲེལ་དང་། མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་གསུམ་དུ་གནས་པས་རྒྱུད་ཀྱི་སྐབས་སུ་བརྗོད་པ་ཡིན་ནོ། །བཞི་པ་བརྒྱུད་ཀྱི་བཤད་པ་དངོས་ལ་གསུམ་ལས། མཚན་གྱི་དོན་དང་། ཕུན་སུམ་ཚོགས་པའི་གླེང་གཞི་དང་། རྒྱུད་ཀྱི་དོན་ཐར་ཆགས་སུ་བཤད་པའོ། །ཐོག་མར་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྭ་ཏན་ཏྲ་ར་ཛ་ན་མ། བོད་སྐད་དུ། དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རྒྱུད་ཀྱི་མཚན་དོན་དང་མཐུན་པར་ལོ་ཙཱ་བ་རྣམས་ཀྱིས་འགྱུར་བྱེད་པའི་སྔ་ལོགས་སུ་བཀོད་པ་ཡིན་ཏེ་རྒྱུད་སྟོན་པ་པོ་དང་བསྡུད་པ་པོའི་གསུང་ནི་མ་ཡིན་མོད་ཀྱི་འདི་བཀོད་པས་ཆོས་ཁུངས་བཙན་པ་དང་། ལོ་ཙ་བའི་དྲིན་དྲན་པ་དང་། ལེགས་པར་སྦྱར་བའི་སྐད་ལ་བག་ཆགས་འཇོག་པའི་དགོས་པ་ཡོད་དོ་ཞེས་ཟེར་རོ། །མཚན་གྱི་དོན་ཉིད་ནི། ཤྲཱི་ནི་དཔལ་ཏེ་སྲིད་པ་དང་ཞི་བའི་དཔལ་དུ་གྱུར་པ་ནི། ཆོས་ཀྱི་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཡིན་པས་གཉིས་སུ་མེད་པའི་ཡེ་ཤེས་བྱའོ། །ཧེ་ནི་འདིར་ཀྱེ་ཞེས་འབོད་པའི་སྒྲར་བསྒྱུར་མོད་ཀྱི། ཧེ་ལ་ནི་རོལ་པ་སྟེ་སྲིད་པ་ན་རོལ་པའི་སྐུ་སྟོན་པར་བྱེད་པ་ནི་སྙིང་རྗེ་རྣམ་པ་གསུམ་གྱི་རང་བཞིན་ནོ། །བཛྭ་ནི་རྡོ་རྗེ་སྟེ་སྟོང་པ་ཉིད་མི་ཕྱེད་པའི་ངོ་བོ་ཉིད་དེ། འདི་ཉིད་ནས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཞེས་སོ། །དོན་དེ་གཞི་དང་། ལམ་དང་འབྲས་བུ་གསུམ་དབྱེར་མེད་པར་འབྲེལ་ཞིང་རྒྱུན་ཆགས་པ་ན་རྒྱུད་ཞེས་བྱ་བའོ། །དེ་ལྟ་བུའི་མ་བླ་ན་མེད་པ་འདི་མཆོག་དང་གཙོ་བོར་གྱུར་པས་ན་རྒྱལ་པོའོ། །དེ་ལྟ་བུའི་བདག་ཉིད་ནི་བཅོམ་ལྡན་འདས་ཉིད་ཡིན་པས་ཕྱག་འཚལ་ལོ་ཞེས་ཀླད་དུ་བཞག་པ་ཡིན་ནོ། །གཉིས་པ་གླེང་གཞི་ཕུན་སུམ་ཚོགས་པ་ནི། སྟོན་པ་དང་། གནས་དང་། དུས་དང་། འཁོར་དང་། ཆོས་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད། ཨཱེ་བྂ་མ་ཡ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་སྟོན་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་དོན་བསྡུས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པས། རྒྱུད་ཕན་ཚུན་གྱི་ངེས་པས་ཐོག་མར་ཨེ་བྂ་ཉིད་བཤད་པར་བྱ་སྟེ། འདི་ཉིད་ནི་བརྟག་པ་འོག་མའི་ལེའུ་གསུམ་པ་ལས། དེ་ནས་རྡོ་རྗེ་ཅན་གྱིས། རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་དང་། ཨེ་བྂ་རྣམ་པས་ཅི་ཞིག་བརྗོད། །རིམ་པ་ཅི་ལྟར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེའི་ཆ་བྱད་བཟང་པོ་གང་། །དབུས་སུ་བྂ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་དང་། དང་པོའི་སངས་རྒྱས་ལས་ཀྱང་། ཨེའི་དབུས་སུ་བྂ་ཡིག་ཉིད། །སངས་རྒྱས་ཀུན་གྱི་བདེ་བའི་གནས། མཁའ་དབྱིངས་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་སུ་སྦྱོར་བ་ལས། །སྐུ་ནི་ཐིག་ལེ་ཟླ་བ་ཞུ། །གསུང་ནི་ཚེག་དྲག་ར་ཙོ་ཉི། །སེམས་ཀྱི་འབྱུང་གནས་ཏ་མིར་བརྗོད། །ནམ་མཁའི་དབྱིངས་སུ་རྣམ་པར་གནས། །ཞེས་གསུངས་པ་དང་། འདི་ཡི་འཆད་པར་བྱེད་པའི་དག །སྟོང་པ་ཆེན་པོ་ཡི་གེ་ལྔ། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི་དོན། སྤྱན་རས་གཟིགས་ཀྱིས་པད་མ་ཅན་དུ་གསུངས་པ། སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་ཨེ་བྂ་ཡི་གེ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་བྱའོ། །འདི་ལ་ཡི་གེ་ལྔ་པོ་རྣམས་ཀྱི་དབྱངས་ཀྱི་མིང་གིས་བརྗོད་དུ་མེད་པའོ། །འདི་ལྟ་སྟེ། དབུས་སུ་ཨ་ཡིག་སྟོང་པ་པ་གྲི་གུག་གི་རྣམ་པའོ། །ལྷོ་ཕྱོགས་ན་རིའི་ཡི་གེ་སྟོང་པའི་ཐིག་ལེ་གཉིས་སོ། །གཡོན་དུ་ཨུའི་ཡི་གེ་སྟོང་པའི་ཐིག་ལེ་ཅིག་གོ །ཤར་ཕྱོགས་ཨིའི་ཡི་གེ་སྟོང་པ་དབྱུག་པའི་རྣམ་པའོ། །ནུབ་ཕྱོགས་སུ་ལིའི་ཡི་གེ་ཧ་ལ་ཞེས་པ་ཐོང་ཤོལ་གྱི་རྣམ་པའོ། །དེ་ལྟར་ན་འདི་རྣམས་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་འཕེལ་བ་དང་ཡའི་རྐྱེན་འགྱུར་གྱིས་ཕྱེ་བ་བྱའོ། །དེ་ལ་ཐོག་མར་གཞོམ་དུ་མེད་པའི་མིང་གི་མཚན་མ་དབུས་སུ་གྲི་གུག་གི་རྣམ་པའི་རི་མོ་བརྗོད་དུ་མེད་པ་དང་པོའི་ཡི་གེ་སྟོང་པ་ཆེན་པོ་ནི་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་དང་། ཡིད་དང་། རྣ་བ་དང་། སྒྲ་དང་ཆོས་ཀྱི་ཁམས་དང་། དབང་པོ་མཆོག་དང་། བྷ་ག་དང་། ཆུ་འཛག་པ་དང་། ཁུ་བ་འཛག་པ་རྣམས་སོ། །གཞོམ་དུ་མེད་པའི་གྲི་གུག་གི་ལྷོ་ཕྱོགས་སུ་བརྗོད་དུ་མེད་པའི་ཐིག་ལེ་གཉིས་ནི་ཡེ་ཤེས་གསུམ་པ་སྟེ་ཚོར་བའི་ཕུང་པོ་དང་། མིག་དང་། རོ་དང་། ལག་པ་དང་། འགྲོ་བ་དང་མེའི་ཁམས་ཏེ་བྂ་གི་མགོ་བོའི་ཆའོ། །དབུས་ཀྱི་གཡོན་དུ་བརྗོད་དུ་མེད་པའི་ཐིག་ལེ་ཅིག་ནི། ཡེ་ཤེས་བཞི་པའི་ཡི་གེ་སྟེ། འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེ་དང་། གཟུགས་དང་། རྐང་པ་དང་། ལེན་པ་སྟེ། བྂ་གི་ཀླད་སྐོར་རོ། །དབུ་མའི་མདུན་དུ་དབྱུག་པའི་རྣམ་པ་བརྗོད་དུ་མེད་པའི་ཡི་གེ་ཡེ་ཤེས་གཉིས་པ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་གི་དབང་པོ་དང་། གཤང་བ་སྟེ། འདི་ནི་གཟུགས་ཐོད་པ་ལ་བྱིན་པས་བྂ་གི་ལུས་འགྲུབ་བོ། །དབུ་མའི་རྒྱབ་དུ་བརྗོད་པའི་ཡི་གེ་ཐོང་ཤོལ་གྱི་རྣམ་པ་ལྟ་བུ་ཡེ་ཤེས་ལྔ་པ་སྟེ། གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་མ་དང་གཤང་ཁུ་དང་། སྨྲ་བ་སྟེ། སྟོང་པའི་ཡི་གེ་ལྔའོ་ཞེས་གསུངས་པས་རིམ་པ་འདི། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ལྷ་ལ་སོགས་པ་ལ་རྡོ་རྗེ་སྙིང་པོས་སྦྱང་བའི་རིམ་པ་ནི། གྲི་གུག་ནི། བདག་མེད་མ་དང་། ཞེ་སྡང་རྡོ་རྗེ་མ་དང་། ཆོམ་རྐུན་མ་དང་། མཁའ་སྤྱོད་མ་རྣམས་ཏེ། ཉོན་མོངས་པ་ཞེ་སྡང་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་འདིར་བསྡུའོ། །ནང་གི་དཀར་མོ་དང་། གཏུམ་མོ་དང་། གྷས་སྨ་རི་དང་། གཏི་མུག་རྡོ་རྗེ་རྣམས་ཚིག་དྲག་སྟེ། ང་རྒྱལ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་བསྡུའོ། །ཆུའི་རྣལ་འབྱོར་མ་དང་། རྔོན་པ་མོ་དང་། དཀར་མོ་དང་། འདོད་ཆགས་རྡོ་རྗེ་རྣམས་ནི་ཐིག་ལེའི་རྣམ་པ་སྟེ། འདོད་ཆགས་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་དེར་བསྡུའོ། །རྡོ་རྗེ་མཁའ་འགྲོ་མ་དང་། གཡུང་མོ་དང་། ས་སྤྱོད་མ་དང་། སེར་སྣ་རྡོ་རྗེ་ནི་དབྱུག་པ་སྟེ། ཕྲག་དོག་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་དེར་བསྡུའོ། །རྡོ་རྗེ་མ་དང་། པུ་ཀ་སི་དང་། རོ་ལངས་མ་དང་། ཕྲག་དོག་རྡོ་རྗེ་ནི་ཐོང་ཤོལ་ཏེ། གཏི་མུག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་དེར་བསྡུའོ། །རིམ་པ་འདིའི་འཁོར་ལོ་དང་། རླུང་དང་། ཕྱི་ནང་གཞན་གསུམ་མཐའ་དག་འདི་ལས་སྤྲོ་ཞིང་འདི་ཉིད་དུ་སྡུད་པ་ཡིན་པས། ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་འདི་ཉིད་དུ་འདུས་ཤིང་སྤྲོ་བ་སྟེ། དེ་ལྟར་ཡང་། སྒྲོན་གསལ་དང་། འགྲེལ་ཆེན་ལས་ལྷའི་དབང་པོས་ཞུས་པའི་མདོའི་ལུང་གསུངས་པ། ཅི་ཕྱིར་འདི་སྐད་ཅེས་བྱ་འདི། གང་ཕྱིར་དང་པོར་རབ་ཏུ་སྦྱར། །འདི་ཅི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འདི་དག་ཀུན། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡི། །ལྷའི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཅི་བཞིན་དུ། །ལྷའི་དབང་པོས་མཉམ་པར་གྱིས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་ནི་གྲངས་མེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་རབ་ཏུ་བསྟན། །ཡི་གེ་ཨེ་ནི་མི་འགྱུར་ལ། །བ་ནི་བ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་ནི་སྦྱོར་བ་སྟེ། །སྦྱོར་ཏེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ནི་པདྨ་ཞེས་བཤད་ལ། །བ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེ་ནི་ས་བོན་ཏེ། །དེ་ལས་འགྲོ་བ་གསུམ་རྣམས་སྐྱེ། །ཨེ་ནི་ཤེས་རབ་ཉིད་གྱུར་ལ། །བ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིགས་དེ་ཉིད་ཏེ། །དེ་ལས་ཡི་གེ་གཉིས་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར། །འགྲོ་བ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་ཐུབ་པ་བཞིན། །ཨེ་བ་ཡིག་གཉིས་སྒྱུ་མ་ལས། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་སྟོན་པའི་ཐོག་མར་ནི། །ཨེ་བྂ་དེ་ཕྱིར་རབ་ཏུ་བཤད། །དེ་བས་བརྒྱ་བྱིན་ལྷའི་བདག །གལ་ཏེ་རྟག་པའི་གནས་འདོད་ན། །ཡིག་གཉིས་སྒྱུ་མ་དྲན་བྱས་ཤིང་། །དམ་པའི་ཆོས་ལ་བླ་མར་གྱིས། །ཞེས་གསུངས་པའི་རིམ་པ་འདིས། །དེ་བཞིན་གཤེགས་པ་སྒྲོན་གསལ་ཐམས་ཅད་ཀྱི་བརྡར་གྱུར་པ། །ཤེས་རབ་དང་ཐབས་སྟོང་པ་ཨེ་བྃ་འདི་དག་གསུང་རབ་ཀྱི་དང་པོར་ངེས་པར་འཇོག་དགོས་སོ་ཞེས་གསུངས་པ་འདི་བདེན་ནོ། །ད་ནི་ཨེ་བྂ་ལས་བྱུང་པ། ཨེ་བྂ་མ་ཡ་སྲུ་ཏྂ་ཨེ་ཀ་སྨིན་ས་མ་ཡཱེ། བྷ་ག་བཱ་སརྦ་ཏ་ཐ་ག་ཏཱ་ཀཱ་ཡ་བ་ཀ་ཙི་ཏ་བཛྭ་ཡོ་ཤིང་བྷ་ཀེ་ཤུ་པི་ཛ་ཧ་ར། ཞེས་གསུངས་ཏེ། ཨེ་བྂ་ནི་འདི་སྐད་ཅེས་བྱ་བ་རྒྱུད་ཀྱི་དོན་མ་ལུས་པར་མཚོན་པའི་ཚིག་ཡིན་པས། རྒྱུད་སྟོན་པ་པོ་དང་སྡུད་པ་པོའི་འབྲེལ་བ་དང་ནང་དང་གཞན་དང་དེ་ཁོ་ན་ཉིད་ཀྱི་རིམ་པ་བཞི་ལས། དང་པོ་ནི་འདི་སྐད་ཀྱི་སྒྲ་ཡིས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། མ་ཡ་ནི་བདག་གིས་ཞེས་པ་སྡུད་པར་བྱེད་པ་རྡོ་རྗེའི་སྙིང་པོ་ཉིད་ཀྱིས། རྡོ་རྗེ་འཆང་ཆེན་པོ་ལ་མངོན་སུམ་དུ་ཐོས་པ་སྟེ། བར་མ་ཆོད་བ་དང་བདག་ཉིད་ཕུལ་དུ་ཕྱིན་པ་སྟོན་པ་སྟེ། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་དང་། རྣལ་འབྱོར་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་དང་ལྷན་ཅིག་པ་ཉིད་དུ་བདག་གིས་ཐོས་སོ་ཞེས་འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱང་ཤུགས་ལ་བསྟན་ཏོ། །ཡང་སྲུ་ཏྂ་ཞེས་པ་ཐོས་པའི་དོན་ཏེ་མགོན་པོ་བདེ་བ་ཆེན་པོ་ལ་བདག་གིས་ཐོས་ཤིང་ཁོང་དུ་ཆུད་པར་བྱས་ཞེས་སོ། །ཨེ་ཀ་སྨིན་ས་མ་ཡཱེ་ཞེས་པ་དུས་གཅིག་ན་ཞེས་དུས་ཕུན་སུམ་ཚོགས་པ་བསྟན་ཏེ་ཐ་དད་པའི་དུས་མ་ཡིན་པ་དང་། འདི་ཉིད་དཀོན་པའི་ཆེ་བ་དང་བདག་ཉིད་ཐོས་པ་མང་ཞིང་བསམ་གྱིས་མི་ཁྱབ་པའི་གནས་ཐོབ་པར་སྟོན་ཏོ། །བྷ་ག་བཱན་ནི་བཅོམ་ལྡན་འདས་ཏེ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་སྟེ། བཅོམ་པ་ནི་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མ་ལུས་པར་བཅོམ་པའོ། །ལྡན་པ་ནི་དབང་ཕྱུག་ལ་སོགས་པ་དྲུག་སྟེ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཞེས་གསུངས་པའི་དོན། དབང་ཕྱུག་ལ་སོགས་པ་ནི་བག་ཆགས་མ་ལུས་པ་བཅོམ་པའི་བདག་ཉིད་ཤིན་དུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཕུན་སུམ་ཚོགས་པ་དང་གཟུགས་བཟང་བ་ནི་ཡོན་ཏན་གྱི་འབྱུང་གནས་ཀྱི་ཕྱིར་མེ་ལོང་ལྟ་བུ་ཡིན་ལ་གྲགས་པ་དང་དཔལ་ནི་འགྲོ་བ་ལ་ཡོན་ཏན་སྟེར་བའི་ཕྱིར་མི་གཡོ་བ་མཉམ་པ་ཉིད་ཡིན་ཏེ། ཡེ་ཤེས་ནི་ཅི་སྙེད་པ་མཁྱེན་པས་སོ་སོར་རྟོག་པ་ཡིན་ལ། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་གསུངས་པ་འདི་རྣམས་ལྡན་ཞིང་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་འདས་པས་ན་བཅོམ་ལྡན་འདས་སོ། །འདི་ཉིད་ལས་ཀྱང་། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །སརྦ་ཏ་ཐཱ་ག་ཏཱ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་ཉིད་ཀྱི་དབྱིངས་སུ་གཤེགས་ཤིང་རྡོ་རྗེ་ལ་སོགས་པའི་རིགས་ཐམས་ཅད་དབྱེར་མེད་པར་གྱུར་པ་ཉིད་དོ། །སྐུ་ནི་སྐུ་གསུམ་མམ་བཞིའམ་ལྔ་ལ་སོགས་པར་འདོད་པ་ཡིན་ཏེ། གདུལ་བྱ་དང་མཐུན་པར་འགྲོ་བའི་དོན་བྱེད་པའོ། །གསུང་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་འགྲོ་བ་མཐའ་ཡས་པའི་སྐད་དུ་ཐེག་པའི་འཇུག་སྒོ་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པ་ལ་མཐུ་ནུས་པ་ཐོགས་པ་མེད་པའོ། །དེ་ཡང་བཟང་པོ་སྤྱོད་པ་ལས། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཅེས་སོ། །ཐུགས་ནི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་མཁྱེན་ཅིང་། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་། སྙོམས་འཇུག་གི་སྒྲིབ་པ་དང་བྲལ་བ་ཡིན་ཏེ། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན་ཅེས་པ་དང་། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལས། །ཅེས་སོ། །དེ་ལྟ་བུ་དབྱེར་མེད་པའི་སྙིང་པོ་དེ་ཉིད་རྡོ་རྗེ་སེམས་དཔའོ། །བཛྭ་ཡོ་ཤི་ཏྲོ་ནི་རྡོ་རྗེ་བཙུན་མོའི་བྷ་ག་བཞུགས་སོ། །ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཁའ་ས་ལ་སོགས་པའི་ཡོན་ཏན་རྫོགས་པའི་བརྡར་གོང་ནས་གོང་དུ་ཡངས་པའི་ཆོས་འབྱུང་གི་དབུས་སུ་སྣ་ཚོགས་རྡོ་རྗེ་དང་བཙུན་མོའི་སྒྲས་སངས་རྒྱས་སྤྱན་མ་ལ་སོགས་པའི་རང་བཞིན། སའི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་རྫོགས་ཤིང་སྨོན་ལམ་ལས་གྲུབ་པའི་གཞལ་ཡས་ཁང་ནི་གནས་ཕུན་སུམ་ཚོགས་པ་སྟེ། གུར་ལས་མཁའ་དང་བེམ་པོ་གསལ་བ་དང་། །གསལ་བ་མེད་དང་རབ་འབྱེད་དང་། །སྣ་ཚོགས་རྡོ་རྗེའི་བཞིར་གནས་དང་། །ཞེས་གསུངས་སོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་རྒྱུད་སྟོན་པ་པོ་དང་སྡུད་པ་པོའི་འབྲེལ་གྱིས་བཤད་ནས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་གི་བདག་ཉིད་དུ་བཤད་པ། །སྔར་གསུངས་པའི་ཨེ་བྂ་གི་རིམ་པ་འདི་ཉིད་ཆོས་ཐམས་ཅད་ཀྱི་གཞིར་བཅོམ་ལྡན་འདས་ཀྱིས་གསུངས་ན། སྡུད་པ་པོ་མེད་པར་མི་འགྱུར་རམ། འདིར་སྨྲས་པ། དོན་དུ་ན་སྡུད་པ་པོ་ནི་མེད་དོ། །དེ་ལྟར་ན་ལག་ན་རྡོ་རྗེ་ལ་སོགས་པ་ཅིའི་ཕྱིར་སྡུད་པ་པོར་གྲགས་ཞེ་ན། གསུངས་པ། དེ་ཡང་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་གཞན་མ་ཡིན་ཏེ། གཞན་དུ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ཆད་ལྷག་མེད་པར་དུས་གཅིག་གིས་འཛིན་པར་ག་ལ་འགྱུར་ཞེས་པ་དང་། དེ་ལྟ་བུའི་ནུས་པ་ཡོད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙན་དུ་གྱུར་པའོ། །དེའི་ཕྱིར་སྟོན་པ་པོ་དང་། སྡུད་པ་པོ་ཐ་མི་དད་པར་གྲུབ་པོ། །སྂ་བྷུ་ཏ་ལས་ཀྱང་ཡང་ན་རྟོགས་པ་ཞེས་བྱ་བ་ཉིད་དེ་འཆད་པ་པོ་ནི་གདུལ་བྱའི་དབང་གིས་སྡུད་པར་བྱེད་པར་འགྱུར་ཏེ། ཆོས་ཆེན་འཆད་པ་ང་ཡིན་ཏེ། །ཚོགས་ཀྱི་ནང་དུ་ཉན་པའང་ང་། །ཅེས་པ་དང་། བཅོམ་ལྡན་འདས་ཀྱི་གང་ཅུང་ཟད་བཤད་པ་དེ་བདག་གིས་དུས་གཅིག་ན་སྟེ། སྐད་གཅིག་ཅིག་ལ་ཐོས་པ་སྟེ་རྟོགས་པའོ། །འདི་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་རྙེད་པར་བསྟན་ཏོ། །ཞེས་གསུངས་སོ། །དེས་ན་འདི་དག་ངེས་པའི་དོན་དུ་གཞི་ལམ་འབྲས་བུ་གསུམ་དུ་འགྱུར་ཏེ། ཨེ་ནི་མ་དང་མཁའ་དང་ཁམས་དམར་བའོ། །བྂ་ནི་ཕ་དང་བྷོ་ལ་དང་དཀར་བའི་ཆའོ། །མ་ཡཱ་ནི། མ་ན་ཡིད་བྷ་ཡུ་རླུང་སེམས་འདྲེས་པ་དྲི་ཟ་བར་མ་དོའི་ཤེས་པའོ། །སྲུ་ཏ་ནི་ཐོས་པའམ་མྱོང་བ་སྟེ་ཕ་མས་ཉམས་སུ་མྱོང་བའོ། །གང་ཉམས་སུ་མྱོང་ན་ཨེ་ཀ་ཞེས་པ། ཨེ་སྟོང་པ་ཀ་སུ་ཀ་སྟེ་བདེ་བ་ཉམས་སུ་མྱོང་པའི་དུས་གཅིག་ན་སྟེ་བསམ་གྱིས་མི་ཁྱབ་པའི་དུས་གཅིག་གོ །འདི་ནི་ལུས་འགྲུབ་པའི་གནས་སྐབས་སོ། །གནས་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔའོ། །སྐུ་གཡས་ཀྱི་རྩ། གསུང་གཡོན་གྱི་རྩ། ཐུགས་ཨ་བ་དྷུ་ཏི། སྙིང་པོ་གཉུག་མའི་དབང་པོའོ། །ཡང་ན་ནི་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རྣམ་པ་སྟེ། དེས་ན་འཆི་བ་ན་ཡང་། རྡོ་རྗེ་བཙུན་མོ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་འཆི་བའོ། །དེའི་ལུས་ནི་སྔར་བརྗོད་པ་ཉིད་དོ། །དེ་བཞིན་དུ་སེམས་དངོས་པོའི་གནས་ལུགས་དང་དབང་ལ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །གཞན་དུ་བསྐྱེད་པའི་རིམ་པ་ལ། རྟེན་དཀྱིལ་འཁོར་གྱི་འཁོར་ལོ་དང་རྟེན་པ་ལྷ་རྣམས་སོ་ཞེས་སྟོང་པ་ཆེན་པོ་ཡི་གེ་ལྔ་ལ་སྦྱར་ནས་ཀྱང་བཤད་ལ། །འོག་ཏུ་བསྐྱེད་པའི་རིམ་པ་སྟོན་པའི་ལེའུ་རྣམས་སུ་བཤད་དོ། །གཞན་ཡང་། རྡོ་རྗེ་སྙིང་པོ་ཡིས་ཨེ་ནི་སྤྱན་མའོ། །ཞེས་བྱ་བ་ནས་ཡི་གེ་སུམ་ཅུ་སོ་བདུན་ལྷའི་རིམ་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་གསུངས་པ་རྣམས་འདིར་མ་བྲིས་སོ། །གསང་བ་དེ་ཁོ་ན་ཉིད་ཀྱི་རིམ་པར་གྱུར་པ་རྫོགས་པའི་རིམ་པ་ལ། ཨེ་ནི་ལས་ཀྱི་ཕྱག་རྒྱ་བྂ་ནི་ཆོས་ཀྱི་ཕྱག་རྒྱ། མ་ནི་ཕྱག་རྒྱ་ཆེན་པོ། ཡ་ནི་དམ་ཚིག་ཕྱག་རྒྱའོ་ཞེས་ནག་པོ་པས་གསུངས་པའི་རིམ་པ་རྣམས་དང་མཐུན་པར་འོག་ཏུ་ཨེའི་རྣམ་པ་ལྷ་མོ་སྤྱན་ཞེས་བྱ་བ་ནས་འཆད་དོ། །དེ་ལྟར་ན་འབྲས་བུའི་རིམ་པ་ཡང་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་དགྱེས་པའི་རྡོ་རྗེ་ས་བཅུ་གསུམ་གྱི་དབང་ཕྱུག་མངོན་དུ་གྱུར་པའི་རིམ་པ་འདི། ནཱ་རོ་པའི་ཞལ་སྔ་ནས། བརྒྱུད་པའི་རིམ་པ་ཉིད་ཀྱིས་ནི། །དྲང་དོན་ངེས་དོན་སྦྱར་བར་བྱ། །ཞེས་གསུངས་པ་ལ་སོགས་པ་རྣམ་པར་བཤད་པ་རྣམས་དང་། མཚོ་སྐྱེས་རྡོ་རྗེས། ཕྱི་དང་གསང་བ་དེ་བཞིན་ནང་། །དེ་བཞིན་ཉིད་དང་རྣམ་པ་བཞི། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང་། །ལུས་དང་རང་བཞིན་མེད་རྣམས་སོ། །ཞེས་བཞི་བཤད་དུ་མཛད་པ་དང་། འཕགས་པ་ཡབ་སྲས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲེལ་པའི་དོན་བཞིན་དུ་བསྡུས་པའོ། །གསུམ་པ་རྒྱུད་ཐར་ཆགས་སུ་བཤད་པ་ལ་གསུམ་སྟེ། ལེའུ་དང་པོར་མདོར་བསྟན་པ་དང་། གཉིས་པ་མན་ཆོད་ཀྱིས་རྒྱས་པར་བཤད་པ་དང་། བརྟག་པ་ཕྱི་མས་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། སེམས་དཔའ་བཞིའི་དྲིས་ལན་གྱི་གླེང་བསླང་པ་དང་། ཐོབ་པར་བྱེད་པའི་ཐབས་ལམ་གྱི་རིམ་པའི་མདོར་བསྟན་པ་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་སྙིང་པོ་སྐུ་བཞི་ཉོན་ཅིག་པར་བསྐུལ་བ་དང་། སེམས་དཔའ་བཞིའི་དྲིན་ལན་གྱིས་རྒྱས་པར་བཤད་པ་སྟོན་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རིམ་པ་བཞི་བཞིའོ། །དང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་གསང་བའང་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་དབྱིངས་སུ་གཤེགས་པས་ན་དེ་བཞིན་གཤེགས་པ། རྡོ་རྗེ་ལ་སོགས་པའི་རིགས་ཐམས་ཅད་དབྱེར་མེད་པའི་གསང་བ་གསུམ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གསུངས་པ། ཞི་བའི་བློ་གྲོས་ནམ་མཁས་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་གསུངས་པས། ནམ་མཁའ་མཐས་ཁྱབ་ཚད་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་ཅིང་། དག་པ་དང་མ་དག་པའི་གདུལ་བྱའི་སྣང་བ་དང་མཐུན་པར་སྟོན་པ་ནི། དེ་བཞིན་གཤེགས་པའི་སྐུའི་གསང་བ་ཡིན་ཏེ། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ། བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་འཇིག་རྟེན་གྱི་ཁམས་པད་མ་ཅན་དུ་སླེབས་ནས། དེ་བཞིན་གཤེགས་པ་པད་མ་དཔལ་གྱི་སྙིང་པོ་ལ་ཞུས་པ། བདག་ཐག་ཅི་སྲིད་ཅིག་ནས་མཆིས། བཀའ་བསྩལ་པ། གྷ་གྷའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ནས་འདིར་འོངས་སོ། །བདག་ཐག་རིང་མོ་ཞིག་ནས་མཆིས་ཀྱང་སྐུའི་ཚད་དམ་མཐའ་རྟོགས་པར་རྔོ་མ་ཐོག་ལགས་སོ། །བཀའ་བསྩལ་པ། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་འདི་ཉིད་ཀྱིས། གྷ་གྷའི་ཀླུང་གི་བྱེད་མ་སྙེད་ཀྱི་སྐལ་པར་སྟེང་གི་ཕྱོགས་ལོགས་སུ་སོང་དུ་ཟིན་ཀྱང་། སྐུའི་མཐའ་རྟོགས་པར་མི་ནུས་སོ། །ནམ་མཁའ་ཅི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །ཅེས་གསུངས་སོ། །གསུང་གི་གསང་བ་ནི། མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་དུ་ཐ་ནི་ཡིག་འབྲུ་ཅིག་ཀྱང་མ་གསུངས་སོ། །དེའི་རྒྱུ་མཚན་ཡང་དབུགས་དབྱུང་བ་དང་རྔུབ་པ་མི་མངའ་ཞིང་རྣམ་པར་མི་རྟོག་པས་ས། དེ་ལྟར་ཡིན་ཡང་སེམས་ཅན་གྱི་བསམ་པ་དང་མཐུན་པར། སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ། ནམ་མཁའ་ཅི་སྲིད་ཁྱབ་པ་གསུང་གི་སྒྲས་ཁྱབ་ཅིང་ཆོས་སྟོན་ཏེ། བྱ་རྒོད་ཕུང་པོའི་རི་ལ་བྱམས་པ་ལ་བརྟེན་ནས། དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་སྟོན་པའི་ཚེ། མོའུ་འགལ་གྱི་བུས་གསུང་གི་མཐའ་དཔོག་པར་འདོད་ནས། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དུ་ཕྱིན་པ་ན། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོས་བཀའ་བསྩལ་པ། འཇིག་རྟེན་གྱི་ཁམས་གྷ་གྷའི་ཀླུང་དགུ་བཅུ་རྩ་དགུའི་བྱེད་མ་སྙེད་འདས་པ་ནས་ཁྱོད་འདིར་འོངས་སོ། །ནམ་མཁའ་ཅི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །ཞེས་གསུངས་པས། གདུལ་བྱའི་བསམ་པ་དང་མཐུན་པར་སྐད་མཐའ་ཡས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི་གསུང་གི་གསང་བའོ། །ཐུགས་ཀྱི་གསང་བ་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སོགས་པ། སྤངས་པ་དང་ཐོབ་པས་བསྡུས་པའི་ཡོན་ཏན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་འདས་པ་ནི། ཐུགས་ཀྱི་གསང་བའོ། །དེ་ལྟར་གསང་བ་གསུམ་པོའི་སྙིང་པོ་རྟོགས་པར་བྱེད་པའི་ལམ་གསུང་བར་བཞེད་ནས་རྡོ་རྗེའི་སྙིང་པོ་ལ་བཀའ་བསྩལ་པའོ། །ནང་ལྟར་ན། དེ་བཞིན་གཤེགས་པས་བསྟན་པའི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ལས་གསང་བ་ལས་ཀྱང་ཤིན་དུ་ཆེས་གསང་བ་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། སྨིན་པར་བྱེད་པའི་དབང་ནི། སྐུ་བུམ་དབང་། གསུང་གསང་དབང་། ཐུགས་ཤེས་རབ་ཡེ་ཤེས། སྙིང་པོ་བཞི་པ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོས་གོང་ནས་གོང་དུ་གསང་བ་ལས་ཀྱང་ཆེས་གསང་བར་གསུངས་པའོ། །ལམ་གྱི་རིམ་པ་ལ་བསྐྱེད་པའི་རིམ་པ་སྐུ་གསུང་ཐུགས་དང་སྙིང་པོ་ཡེ་ཤེས་རྡོ་རྗེའི་ཧེ་རུ་ཀ་བཞི་དང་། རྫོགས་པའི་རིམ་པ་ལ། སད་པ་དང་། གཉིད་སྟུག་པོ་དང་། རྨི་ལམ་དང་། ཀུན་ཏུ་རུའི་གནས་སྐབས་བཞི་རྟོགས་པར་བྱེད་པའི་ཐབས་ཐེག་པ་འོག་མ་རྣམས་ལ་གསང་བའང་ཆེས་གསང་བ་དེ་སྟོན་པར་བཞེད་དོ། །འབྲས་བུ་རྡོ་རྗེ་བཞིའི་རིམ་པ་ཡོངས་སུ་རྫོགས་པས་ས་ནས་སར་རྡོ་རྗེ་འཛིན་པའི་མཐར་ཐུག་པར་འགྲོ་བའི་རིམ་པ་འདི་རྣམས་གསང་བའི་བདག་ཉིད་ཡིན་ནོ། །དེ་ལྟ་བུའི་གསང་བ་དེ་སྟོན་པར་བཞེད་ནས། དེ་ནས་ཞེས་བྱ་བ་ནས་ཉོན་ཅིག་ཅེས་གསུངས་པའི་དོན་གསང་བ་བསྟན་པ་དེ་མ་ཐག་ནས་སྒྲིབ་པ་ཐམས་ཅད་བཅོམ་ཞིང་། དབང་ཕྱུག་གི་ཡོན་ཏན་དང་ལྡན་པ་མཐའ་གཉིས་ལས་འདས་པའི་སྟོན་པ་རྡོ་རྗེ་འཆང་གིས་བཀའ་བསྩལ་པ། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་འཚམས་སྦྱར་ནས། རྡོ་རྗེའི་སྙིང་པོ་ལ་བོས་པ་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་དཔའ། གཞན་ཡང་སེམས་ཅན་གྱི་ཚོགས་དེ་ཉིད་ལ་འགོད་པར་འདོད་པའི་སེམས་དཔའ་ཆེན་པོ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་མངོན་དུ་མཛད་པས་ན། རྡོ་རྗེའི་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་གསུངས་ནས། ལེགས་སོ་ལེགས་སོ་ཞེས་དགྱེས་པའི་ཚིག་གིས་ནན་ཏན་དུ་གདམས་པ་ཡིན་ཏེ། རྣམ་བཤད་རིགས་པ་ལས། ངོ་མཚར་བ་དང་རྩོད་པ་དང་། ཁྲོ་དང་ཞུམ་དང་ངེས་གཟུང་དང་། །དད་དང་དགའ་བ་དག་ལ་ནི། །ཚིག་ཅིག་ལན་གཉིས་འཇུག་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བསྐུལ་ནས་རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་ཆེན་པོ་དང་། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་རྣམ་པ་བཞིའི་བདག་ཉིད། གཞི་དང་ལམ་དང་འབྲས་བུ་ཐམས་ཅད་མཚོན་པར་བྱེད་པ་འདི་བཤད་ཀྱིས་ཉོན་ཅིག་ཅེས་གསུངས་སོ། །སེམས་དཔའ་བཞིའི་དྲིས་ལན་རྒྱས་བཤད་ལ་གཉིས། སེམས་དཔའ་གསུམ་གྱི་ཞུས་ལན་དང་། སྙིང་པོ་ཀྱེའི་རྡོ་རྗེའི་ཞུས་ལན་ནོ། །དང་པོ་དྲིས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བའི་ཚིག་ལྔས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སེམས་དཔའ་དང་། ཅི་ལྟར་སེམས་དཔའ་ཆེན་པོ་དང་། རྒྱུ་མཚན་གང་གིས་དམ་ཚིག་སེམས་དཔའ་ཞེས་བགྱི་ལགས། བདག་ལ་གསུང་དུ་གསོལ་ཞེས་སོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྟོང་པ་ཉིད་ཀྱི་རྡོ་རྗེ་ནི་རྣམ་པར་རྟོག་པས་མི་ཕྱེད་ལ། སྙིང་རྗེ་ཆེན་པོའི་སེམས་དཔས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་དུས་ཅིག་དུ་སྒྲོལ་བར་བྱེད་པས། རྒྱུ་མཚན་འདིས་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་རིགས་པ་འདི་ཡིས་དེ་ལྟ་བུའི་དོན་རྟོགས་པས་རྡོ་རྗེའི་སེམས་དཔའ་ཞེས་བྱ་བར་བརྗོད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་རོས་རྒྱུད་གང་བས་རྟག་ཏུ་མཉམ་པར་བཞག་པ་འདི་ནི་སེམས་དཔའ་ཆེན་པོ་ཞེས་བརྗོད་པར་བྱའོ། །རྟག་ཏུ་ཡེ་ཤེས་ཀྱི་དམ་ཚིག་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སྤྱོད་པའི་ཕྱིར་དམ་ཚིག་སེམས་དཔའ་བརྗོད་དོ། །སྒྲ་ཇི་བཞིན་པའོ། །ད་ནི་ནང་ལྟར་དུ་བཤད་ན། རྒྱན་འདྲ་ལས་ནི། རྡོ་རྗེ་སེམས་དཔའ་ནི་ཞལ་ཅིག་ཕྱག་གཉིས་པའི་བསྐྱེད་རིམས་དང་འོད་གསལ་གྱི་རྫོགས་རིམས་སོ། །སེམས་དཔའ་ཆེན་པོ་ནི་ཕྱག་བཞི་བའི་བསྐྱེད་རིམས་དང་སྒྱུ་ལུས་སོ། །དམ་ཚིག་སེམས་དཔའ་ནི། ཕྱག་དྲུག་པའི་བསྐྱེད་རིམས་དང་རྨི་ལམ་ཀྱི་རྫོགས་རིམས་སོ། །འདིར་ནི་གཞི་དང་ལམ་དང་འབྲས་བུ་གསུམ་ཀ་ལ་སྦྱར་ཏེ་འབུམ་ལྔའི་ལུང་བཞིན་དུ་བཤད་པར་བྱའོ། །དེ་ཡང་། དཔའ་བོ་ལྟེ་བའི་དབུས་གནས་པ། །ཟེ་འབྲུ་སྦས་པའི་སྤྱོད་ཡུལ་ཏེ། །ཕྱིས་ནི་ཤེས་རབ་ལྡན་པ་ལས། །རྡོ་རྗེ་སེམས་དཔར་རབ་ཏུ་བརྗོད། །ཧེ་རུ་ཀ་ཕྱག་གཉིས་པར་བརྗོད། །དེ་ནི་ཏྲཱཻ་ལོཀྱཱ་ཀྵེ་བ། །སངས་རྒྱས་སྐུ་སྟེ་བདེ་བ་ཆེ། །ངོ་བོ་ཉིད་ཀྱིས་འབྱུང་བར་བཤད། །དེ་ནི་ཡེ་ཤེས་རྡོ་རྗེར་འགྱུར། །ལྷན་ཅིག་སྐྱེས་པའི་དགའ་བའང་དེ། །དེ་ནི་རྒྱུ་མཐུན་ཞེས་ཀྱང་བཤད། །འདི་ནི་ལྟེ་བ་སྤྲུལ་པའི་འཁོར་ལོས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་སད་པའི་གནས་སྐབས། ཧེ་རུ་ཀ་ཞལ་ཅིག་ཕྱག་གཉིས་པ་ཙན་དྷ་ལིའི་རང་བཞིན། རྟོགས་པ་ལས་གཟུང་བ་དང་འཛིན་པས་མི་ཕྱེད་ཅིང་ཡེ་ཤེས་ཀྱི་རྡོ་རྗེ་སོ་སོར་རྟོགས་པ་མངོན་དུ་འཆར་བར་བྱེད་པ་རྒྱུ་མཐུན་པའི་འབྲས་བུ་སྟེ་རྡོ་རྗེ་སེམས་དཔའི་དོན་ཏོ། །སེམས་དཔའ་ཆེན་པོ་ནི་འབུམ་ལྔ་ལས། གང་ཞིག་བྱང་ཆུབ་གནས་སྐབས་ནི། སྙིང་ཁའི་པད་མར་ཡང་དག་གནས། །སེམས་དཔའ་ཧཱུྃ་ཉིད་དེ་ལ་བརྗོད། དེ་ཉིད་མི་བསྐྱོད་པར་ཡང་འགྱུར། ཐུགས་ཀྱི་རྡོ་རྗེ་ཞེས་བཤད་དོ། །ཁྱབ་འཇུག་དེ་ཉིད་ཕྱག་བཞི་བ། །དེ་ནི་ཛྷ་ལ་ཛྷ་ལ་བྷྱོ། དེ་ལ་ཆོས་ཀྱི་སྐུར་ཡང་བཤད། །ཆོས་ཀྱི་འཁོར་གནས་རྡོ་རྗེ་ཅན། །ཤིན་དུ་བདེ་དགའི་གཟུགས་འཆང་བ། །གང་དེ་རྣམ་པར་སྨིན་པར་གསུངས། །ལེགས་ཉལ་ཟད་པར་བྱེད་པའོ། །ཡེ་ཤེས་ཆེན་པོའི་རོས་གང་པ། །སེམས་དཔའ་ཆེན་པོར་བརྗོད་པར་བྱ། །ཅེས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ས་བོན་ཧཱུྃ་རྒྱལ་བ་མི་བསྐྱོད་པ། ཐུགས་རྡོ་རྗེའི་ངོ་བོ། ཁྱབ་འཇུག་བཅོམ་པའི་རྣམ་དག །ཧེ་རུ་ཀ་ཕྱག་བཞི་པ། གཉིད་མཐུག་པོའི་གནས་སྐབས་རྟོགས་པ་ལས་འོད་གསལ་དུ་འཆར་བར་བྱེད་པ་ཆོས་སྐུའི་རང་བཞིན། ཤིན་དུ་བདེ་དགའི་ངོ་བོ་རྣམ་པར་སྨིན་པའི་འབྲས་བུ་སེམས་ལྷན་ཅིག་སྐྱེས་པའི་བདེ་བས་གང་བ་དེ་ནི་སེམས་དཔའ་ཆེན་པོའི་དོན་ཏོ། །དམ་ཚིག་སེམས་དཔའ་ནི། འབུམ་ལྔ་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོ་ཉིད། འོད་དཔག་མེད་དུ་མངོན་པར་བཤད། །དེ་ལ་གསུང་གི་རྡོ་རྗེ་གསུངས། །དེ་བཞིན་གཤེགས་པ་ཕྱག་ན་པད། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་ཏུ་གྲགས། ཀུན་རྫོབ་དང་ནི་དོན་དམ་གྱིས། །རྨི་ལམ་གནས་སྐབས་ཟད་པ་དང་། དེ་ཁོ་ལོངས་སྤྱོད་སྐུ་རུ་འགྱུར། །སངས་རྒྱས་ཆོས་རྣམས་སྟོན་པ་པོ། །དེ་ཉིད་དགའ་བྱེད་རབ་ཏུ་བརྗོད། །ཞལ་གསུམ་པ་ལ་ཕྱག་ནི་དྲུག། ཀི་ཊི་ཀི་ཊི་བཛྭ། ཧེ་རུ་ཀ་ནི་གསུམ་པར་འགྱུར། ཞེས་གསུངས་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། རྒྱལ་བ་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེའི་ངོ་བོ། ཞི་བ་དགའ་བྱེད་དབང་ཕྱུག་བཅོམ་པའི་རྣམ་དག །ས་བོན་ཨྂ། རྨི་ལམ་གྱི་གནས་སྐབས་རྟོགས་པས་ལོངས་སྤྱོད་རྫོགས་པའི་དགོངས་པར་འཆར་བ། མཆོག་ཏུ་དགའ་བའི་རང་བཞིན། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། འདི་ནི་དམ་ཚིག་སེམས་དཔའི་དོན་ཏོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ། རླུང་གི་རྒྱུ་བ་ཆད་ཅིང་ཤེས་རབ་དང་མཉམ་པར་སྦྱོར་བ་ལས་ཀྱང་། འཛག་པ་མེད་པའི་དགའ་བ་བཞི་བརྟན་པ་ནི་དམ་ཚིག་སེམས་དཔའ་སྟེ། དྲི་མ་མེད་པའི་འོད་ལས། ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །དབྱིངས་དང་སྐུ་དང་རྫུ་འཕྲུལ་བཞུད། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་དམ་ཚིག་སེམས། །དངོས་དང་དངོས་པོ་མེད་ཟད་ཅིང་། །ཁྱབ་པར་དེ་བཞིན་གཤེགས་པས་གསུངས། །ཞེས་པས། གཞི་དང་ལམ་གྱི་བསྐྱེད་པའི་རིམ་པ་ནི་དྲང་བའི་དོན་དང་། རྫོགས་པ་དང་དེ་ཁོ་ན་ཉིད་ནི་ངེས་པའི་དོན་དུ་བསྡུས་ཏེ་བཤད་པའོ། །གཉིས་པ་སྙིང་པོ་ཀྱེའི་རྡོ་རྗེའི་ཞུས་ལན་ལ་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ཚིག་ལྔས། བཅོམ་ལྡན་འདས་ཀྱིས་སེམས་དཔའ་གསུམ་ལེགས་པར་གསུངས་ན། ཧེ་བཛྭ་ཞེས་བྱ་བའི་མིང་དོན་བསྡུས་པ་ནི་ཅི་ལྟ་བུ། རྒྱུ་མཚན་གང་གིས་དགྱེས་པའི་རྡོ་རྗེ་ལགས། ཧེའི་རྣམ་པ་དང་། བཛྭ་ཡིས་ཀྱང་དོན་ཅི་ཞིག་བཤད་པར་མཛད་ཅེས་སོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་ལ་སོགས་པ་ཚིག་ལྔས་གསུངས་ཏེ། ཧེ་ལའི་སྒྲས་ནི་འཁོར་བ་ན་སེམས་ཅན་གྱི་དོན་བྱེད་པ་ལ་རོལ་བའི་ཕྱིར་སྙིང་རྗེ་ཆེན་པོ་ཉིད་དེ་ཞི་བའི་མཐའ་འགོག་པའོ། །དེ་ཡང་། །འདིར་ནི་སྙིང་རྗེ་གསུམ་དུ་བརྗོད། ཆོས་དང་སེམས་ཅན་དམིགས་བྲལ་ལོ། །ཞེས་གསུངས་སོ། །རྡོ་རྗེའི་སྒྲ་ནི་སྟོང་པ་ཉིད་དེ། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །ཁོག་སྟོང་མ་ཡིན་སྲ་ཞིང་བརྟན། །མི་འཚིག་མི་བརླག་པ་ཡིས་ན། །རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཞེས་པ་གསུངས་པ་འདི་ནི་སྲིད་ཞིའི་མཐའ་འགོག་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཁྱད་པར་ཅན་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་སོ། །དེ་ལྟ་བུའི་ཐབས་དང་ཤེས་རབ་དབྱེར་མེད་པ་ནི་འབྲེལ་ཞིང་རྒྱུན་ཆགས་པའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ངོ་བོ་ཡིན་ཏེ། གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་པ་ཐབས་དང་ཤེས་རབ་ཡ་བྲལ་བ་ནི་མ་ཡིན་ཏེ། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཏེ། ཤེས་རབ་གཅིག་པུ་ཉིད་མ་ཡིན། ཐབས་དང་ཤེས་རབ་སྙོམས་འཇུག་པར། རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། ཞེས་བྱ་བའི་དོན་སྤྱན་རས་གཟིགས་ཀྱིས་གསུངས་ལྟར། འདིར་ཡང་དོན་དེ་དང་ལྡན་པའི་རྒྱུད་བཤད་ཀྱིས་ཉོན་ཅིག་ཞེས་པའོ། །ལ་ལ་ན་རེ་བརྗོད་པར་བྱེད་པའི་དག་དབྱེར་མེད་པའི་རྒྱུད་ཡིན་ནོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ་འདི་ནི་དོན་ལ་དགོངས་པའི་ཕྱིར་རོ། །ད་ནི་ནང་གི་བདག་ཉིད་བསྟན་ཏེ། འདི་ནི་སེམས་དཔའ་བཞི་པ་སྟེ། འབུམ་ལྔ་ལས། རྟག་དུ་དམ་ཚིག་ལ་གནས་པ། །གང་ཞིག་གནས་པས་ཡོངས་རྟོགས་འགྱུར། །དམ་ཚིག་རི་དྭགས་འཛིན་པ་ནི། །དཔྲལ་བ་བདེ་ཆེན་ཞུ་བ་གནས། །བདུད་རྩི་ལེགས་གནས་སེམས་དཔའོ། །ཨོཾ་ཞེས་བྱ་བར་རབ་ཏུ་གྲགས། །དོན་དམ་ཡི་གེ་བྱང་ཆུབ་སེམས། །དེ་ཉིད་རྣམ་པར་སྣང་མཛད་བརྗོད། །སྐུའི་རྡོར་འཛིན་ཚངས་པ་རུ། །དེ་ཉིད་ཁོ་ན་རབ་ཏུ་གྲགས། །དགའ་བ་ཚངས་པའི་གཟུགས་ཀྱིས་ནི། གཟུགས་ཀྱི་སྐུ་རུ་ཉེ་བར་བརྗོད། །དེ་ཉིད་ཕྱག་ན་འཁོར་ལོ་གསུངས། །སྤྲུལ་པའི་སྐུའི་མཚན་ཉིད་ཅན། །དོན་དམ་པ་ནི་དྲི་མ་མེད། །དེ་ནི་སད་མའི་གནས་སྐབས་ཟད། །དེ་ཉིད་པི་ཙུ་བཛྭ་འགྱུར། །ཧེ་རུ་ཀ་ནི་ཞལ་བརྒྱད་པ། །དཔའ་བོ་ཆེན་པོ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་ལྡན་པར་བརྗོད། །ཞེས་གསུངས་པས། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱིས་གཡོ་ཞིང་ཁེངས་པས་དགའ་བའི་བདེ་བ་ས་བོན་ནི་ཨོཾ། རྒྱལ་བ་རྣམ་པར་སྣང་མཛད། རྡོ་རྗེ་བཞི་ལས་ཚངས་པ་བཅོམ་པའི་སྐུ་རྡོ་རྗེ། ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག །ཞབས་བཞི་པ། སྤྲུལ་པའི་སྐུ་ཡོངས་སུ་རྫོགས་པ། དྲི་མ་མེད་པའི་འབྲས་བུ་ཀུན་ཏུ་རུའི་གནས་སྐབས་ལས་དང་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་བསྒོམས་པས། བདེ་བ་དང་སྟོང་པ་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་ཏེ། འདིའི་རྒྱས་པར་བཤད་པ་ནཱ་རོ་པས། དཀར་ནག་གི་ཚེས་བཅུ་དྲུག་པའི་ཆ་དང་བཅས་པ་ཕྱི་ནང་གཞན་གསུམ་གྱི་རིམ་པས། སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་དུ་སྦྱར་ནས་གསུངས་པ། བརྟག་པ་འོག་མའི་ཐེ་ཚོམ་གྱི་གནས་བཞི་ཡི་སྐབས་སུ་བཤད་པར་བྱའོ། །འདི་རྒྱན་འདྲ་ལས་ཀྱང་། ཕྱག་བཅུ་དྲུག་པའི་བསྐྱེད་རིམས་དང་ལས་ཀྱི་ཕྱག་རྒྱའི་རྫོགས་རིམས་སུ་གསུངས་སོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་བདག་ཉིད་ཀྱི་ཧེ་བཛྭ་ནི་ནང་གི་དོན་ཏོ། །གཉིས་པ་ཐོབ་པར་བྱེད་པའི་ཐབས་ལམ་གྱི་རིམ་པ་མདོར་བསྟན་པ་ལ་གཉིས། ཐབས་སྤྱིར་བསྟན་པ་དང་། བྱེ་བྲག་དུ་བཤད་པའོ། །དང་པོ་ནི་ལྟ་སྟངས་དགུག་དང་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་མདོར་བསྟན་དང་རྒྱས་བཤད་ཀྱི་འབྲེལ་བ་གོ་བར་བྱ་སྟེ། གོང་བུའི་དགུག་པ་ལ་སོགས་པ་དང་། ཆར་དབབ་པའི་ལ་སོགས་པའི་གཞན་གྱི་དོན་བྱེད་པ་རྣམ་པ་མང་པོ་བརྗོད་པ་དང་། བསྒྲུབ་བྱའི་ལུས་ངག་ཡིད་གསུམ་རེངས་པ་དང་། ཡུལ་གཞན་དུ་བསྐྲད་པ་དང་། དཔུང་མང་པོའི་སྡེ་རེངས་པར་བྱེད་པ་དང་། མངོན་སྤྱོད་ཀྱི་ལས་ཚ་བས་གདུང་པ་དང་གྲོང་ཁྱེར་བཀྲུག་པ་ལ་སོགས་པ་འདི་རྣམས་ནི་ལེའུ་གཉིས་པའི་མདོར་བསྟན་ནོ། །ལྷ་རྣམས་ཅི་ལྟར་འབྱུང་བ་ནི། སྐུ་གསུང་ཐུགས་ཀྱེའི་རྡོ་རྗེའི་ཧེ་རུ་ཀ་རྣམས་ཏེ། དེ་དག་བསྐྱེད་པའི་རིམ་པ་ནི་ལྷའི་ལེའུ་ལས་འབྱུང་བས་ལེའུ་གསུམ་པའི་མདོར་བསྟན་ནོ། །ལྷ་དབང་བསྐུར་བ་ནི་གཞན་ནས་གནས་དང་ཞེས་པ་ཡིན་ནོ་ཞེས་ཟེར་ཏེ་འདིར་ནི་གོང་མ་དང་འབྲེལ་བ་ཉིད་དོ། །གནས་པ་ནི་སེམས་མི་གནས་པ་གནས་པར་བྱེད་པ་ཡིན་པས། རང་བཞིན་གྱི་གནས་ལུགས་སྟོན་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ཡི་མདོར་བསྟན་ནོ། །དོན་བྱེད་པ་ནི་རང་དང་གཞན་གྱི་དོན་གྲུབ་པར་བྱེད་པའི་སྤྱོད་པ་ཡིན་པས་ལེའུ་དྲུག་པའི་མདོར་བསྟན་ནོ། །བརྡའ་ཆེན་ནི་ལུས་ངག་གི་བརྡའ་དང་། གནས་ལ་སོགས་པ་ས་ནས་སར་འཕར་བ་སྟེ་ལེའུ་བདུན་པའི་མདོར་བསྟན་ནོ། །ཅི་ལྟར་རིགས་པས་རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་སྟོན་པ་ནི་རྣལ་འབྱོར་མའི་འཁོར་ལོ་ཡིན་པས་ལེའུ་བརྒྱད་པའི་མདོར་བསྟན་ནོ། །ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་དག་པ་སྟོན་པ་ནི་ལེའུ་དགུ་པའི་མདོར་བསྟན་ནོ། །བྱེད་རྒྱུ་ནི་ལམ་མངོན་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར། སྨིན་པར་བྱེད་པའི་དབང་སྟེ་ལེའུ་བཅུ་པའི་མདོར་བསྟན་ནོ། །ལྟ་སྟངས་ནི་དབང་དང་དགུག་པ་དང་རེངས་པར་བྱེད་པ་རྣམས་ཏེ་ལེའུ་བཅུ་གཅིག་པའི་མདོར་བསྟན་ནོ། །དེ་ལྟར་བརྟག་པ་དང་པོའི་འབྲེལ་བ་ཅི་ལྟ་བ་བཞིན་དུ། བརྟག་པ་གཉིས་པ་ལ་ཡང་ཤུགས་ཀྱི་གོ་བར་བྱའོ། །འདི་དག་གིས་ངེས་པའི་དོན་ནི། ལྟ་སྟངས་ནི་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་དོན་དུ་ཡིན་ལ། དེ་ཉིད་ཀྱིས་རྣམ་པར་རྟོག་པ་འགུགས་པའོ། །བརྡའ་ཆེན་ནི་དེའི་རང་བཞིན་ནོ། །དོན་བྱེད་རྣམ་མང་ནི་ཡེ་ཤེས་ལས་བྱུང་བའི་ཐབས་ཀྱི་རིམ་པ་མི་འདྲ་བར་སྟོན་པའོ། །རེངས་པ་ནི་རྣམ་པར་རྟོག་པ་གཡོ་བ་མེད་པར་བྱས་པས་ཉོན་མོངས་དང་རྣམ་པར་གཡེང་བ་སྐྲོད་ཅིང་། ཡུལ་གཟུགས་ལ་སོགས་པའི་སྡེ་ཡང་བདེ་བ་ཆེན་པོས་བཅིངས་ནས་རྣམ་པར་རྟོག་པ་བསད་པས་དག་ཅིང་སེམས་ཀྱི་རྡོ་རྗེ་ལ་རབ་ཏུ་ཞུགས་པས་ལྷན་ཅིག་པའི་ལྷ་རྣམས་མངོན་དུ་བྱེད་པ་འདི་ནི་འགྲེལ་ཆེན་ལས་གསུངས་པའི་དོན་ནོ། །གཉིས་པ་བྱེ་བྲག་དུ་བཤད་པ་ལ་གཉིས་ཏེ། བསྐྱེད་རིམས་དང་། རྫོགས་རིམས་སོ། །དང་པོ་ལ་གཉིས། བསྐྱེད་རིམས་དང་པོར་བསྒོམ་པའི་ངེས་པ་དང་། དེའི་རྒྱས་བཤད་དོ། །དང་པོ་ནི། ཚིགས་རྐང་པ་གཉིས་ཀྱིས་སྟོན་ཏེ། འདི་དག་ཀྱང་རྟོགས་བྱེད་ལམ་གྱི་རིམ་པ་གཉིས་ལས། ཐོག་མར་བརྡའི་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་སོགས་པ་བཞི་དང་། དོན་གྱི་ཧེ་རུ་ཀ་སྐུ་བཞི་ཐོབ་པར་བྱ་བའི་ཕྱིར། དང་པོར་ཅིག་ནི་ཅེས་པ་ཨེ་ཀ་སྟེ། ཨེ་སྟོང་པ་ཤེས་རབ་སུ་ཀ་བདེ་བ་སྟེ་བདེ་སྟོང་གི་རྟོགས་པས་ཟིན་པར་བྱས་ལ་བསྒོམ་མོ། །རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ཏེ། གཟུགས་ལ་སོགས་པའི་དངོས་པོ་ཉིད་ལྷའི་རྣམ་པར་ཤེས་པས་གྲོལ་ཞིང་། དངོས་པོ་ཨ་འཐས་ཀྱི་ཞེན་པའི་འཆིང་བས་འཆིང་བར་འགྱུར་ལ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མ་ལ་སོགས་པ་ལྷ་དེ་ཉིད་དུ་ཤེས་པར་ནི་གྲོལ་བར་འགྱུར་རོ། །ལྷ་དེ་དག་དངོས་པོ་ཉིད་དུའང་རྟག་ཅིང་བདེན་པར་ཡོངས་སུ་གྲུབ་པ་མེད་ཅིང་ཤེས་པས། སྒྱུ་མ་ལྟ་བུའི་དངོས་པོར་བསྒོམ་པར་གྱུར་པ་དེ་ནི་ཤེས་རབ་ཅན་ཡིན་ནོ། །ཤེས་རབ་དེ་ཉིད་དེས་ཕྱག་རྒྱ་ལ་སོགས་པ་ལྷན་ཅིག་པས་ཀྱང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དེ་ལྟར་ཧེ་རུ་ཀ་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དྲང་དོན་ནོ། །ངེས་པའི་དོན་ནི། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའི་ཧེ་རུ་ཀ་དང་པོར་བསྐྱེད་པའི་རྒྱུ་ཨེ་བྂ་ངོ་ཞེས་པས་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་དངོས་པོ་ཐམས་ཅད་བསྡུད་ཏེ། འདིར་སེམས་ཅན་རྣམས་འཆིང་བར་བྱེད་པའི་དངོས་པོ་ནི་ཕུང་པོ་ལྔར་འཛིན་པ་ལ་སོགས་པ་ཡིན་ནོ། །དེ་ཉིད་སྤྲོས་པ་དང་བྲལ་བར་རྟོགས་པས་དངོས་པོ་མེད་པ་ཉིད་དེ། དེ་ཉིད་ཀྱང་སྒྱུ་མ་ལྟ་བུར་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་བྱེད་པ་ནི་དངོས་པོ་མེད་པའི་དངོས་པོ་བསྒོམ་པ་ཞེས་བྱའོ། །ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་མེ་ལོང་གཟུགས་བརྙན་ནི། །མཐོང་ཡང་དེ་ན་ཡོད་མིན་ཏེ། །གཅིག་དང་གཞན་པ་རྣམ་པར་སྤངས། །དེ་བཞིན་དངོས་ཀུན་རང་བཞིན་ནོ། །ཞེས་གསུངས་པའི་རིམ་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྟོག་པར་བྱེད་པ་ནི་སྣང་ཡང་ཡོད་པ་མ་ཡིན་པའི་དངོས་པོ་མེད་པའི་དངོས་པོ་དུ་བ་ལྟ་བུ་ལ་སོགས་པའི་བསྒོམས་པས་དོན་གྱི་ཧེ་རུ་ཀ་མངོན་དུ་བྱེད་དོ། །གཉིས་པ་རྫོགས་པའི་རིམ་པ་ལ་གསུམ་ལས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དང་། ཡེ་ཤེས་དེའི་རྟེན་དང་མངོན་དུ་བྱེད་པའི་ཐབས་གཏུམ་མོའོ། །དང་པོ་ནི། ལུས་ལ་ཞེས་པ་ནས་མ་སྐྱེས་པའོ་ཞེས་པའི་བར་གྱི་དངོས་པོའི་གནས་ལུགས་བསྟན་ཏེ། ལུས་ནི་འདུ་ཤེས་གསུམ་ལྡན་གྱི་ལུས། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བའི་ལུས་སམ་ཡང་ན་བསྐྱེད་རིམས་ལྷའི་འཁོར་ལོའི་ལུས་ལ། ཡེ་ཤེས་ནི་ཆོས་ཐམས་ཅད་སེམས། སེམས་རང་རིག །རང་རིག་བདེ་བ། བདེ་བ་སྤྲོས་པ་དང་བྲལ་བའི་རྒྱས་བཏབ་ན་རྒྱས་གདབ་གསུམ། དབུགས་དབྱུང་གསུམ། སྐུ་ན་བཞི། དེ་དངོས་པོའི་དེ་ཁོ་ན་རྟོགས་པའི་ཡེ་ཤེས་སོ། །བདེ་བ་ལ་སྟོང་པ་སྟོང་པ་ལ་བདེ་བས་རྒྱས་བཏབ་པས་ཆེན་པོའོ། །དེའི་མཚན་ཉིད་ཅི་འདྲ་ཞེ་ན། རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་པ་སྟེ། ཆོས་ཐམས་ཅད་སེམས་ཀྱི་ལུས་སུ་རྟོགས་པའི་དུས་སུ། ཕྱི་རོལ་དོན་གྱི་རྟོགས་པ་སྤངས། སེམས་རང་རིག་ཏུ་རྟོགས་པའི་དུས་སུ་དཀར་དམར་གྱི་རྟོག་པ་སྤངས། རང་རིག་བདེ་བར་རྟོགས་པའི་དུས་སུ་སྡུག་བསྔལ་དང་བཏང་སྙོམས་ཀྱི་རྟོག་པ་སྤངས། བདེ་བ་སྤྲོས་བྲལ་དུ་རྟོགས་པའི་དུས་སུ་དངོས་པོ་ལ་མངོན་པར་ཞེན་པའི་རྣམ་རྟོག་སྤངས་པའོ། །དེ་ལྟ་བུའི་རྟོགས་པ་དེས་དངོས་པོ་ཐམས་ཅད་ལ་ཁྱབ་པས་ན། དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་བྱའོ། །ལུས་ལ་གནས་ཀྱང་བདེན་པར་གྲུབ་པ་མེད་དེ། ལུས་ལ་གནས་ཀྱང་ལུས་ལ་མ་སྐྱེས་ཞེས་བྱ་བ་ནི་བདེན་པར་གྲུབ་པ་མེད་པས་ལུས་ལས་བདེན་དངོས་སུ་མ་སྐྱེས་པའོ། །འདི་རྣམས་ཀྱི་དོན་ནི་རྡོ་རྗེ་སྙིང་པོ་དང་ནཱ་རོ་པའི་འགྲེལ་པ་ལས། ལུས་ནི་ཨེ་བྂ་གིས་བསྡུས་པའི་ལུས་ཐབས་དང་ཤེས་རབ་བོ། །ཡེ་ཤེས་ཆེན་པོ་ནི་མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའོ། །དེ་ཉིད་རྟོགས་པར་བྱེད་པའི་རིམ་པ་ནི། ཁྱབ་དང་ཁྱབ་བྱེད་ཀྱི་ཚུལ་གྱིས་ལུས་ལ་གནས་ཀྱང་། རྟོགས་པ་ཐམས་ཅད་སྤངས་པའི་རང་བཞིན། བདེ་སྟོང་གཉིས་སུ་མེད་པ་དེ་བཞིན་གཤེགས་པའི་སྙིང་པོའོ། །དངོས་པོ་ཀུན་ནི་ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་བ་ལྔ་དེ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པས། སེམས་ལས་གཞན་པའི་དོན་ནི་ཕྱི་རོལ་ན་གྲུབ་པ་མེད་དོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་དུ་འབྱུང་། །ཞེས་གསུངས་པས་ཕྱི་རོལ་གྱི་ཡུལ་ནི་སེམས་འཁྲུལ་པས་སྒྲོ་བཏགས་པ་ཡིན་གྱིས་དོན་ལ་ཡོད་པ་མ་ཡིན་པས་གཟུང་བ་མེད་དེ། དེ་མེད་པས་དེ་ལ་བརྟེན་པའི་འཛིན་པ་ཡང་མེད་དེ། དེ་ལྟ་བུའི་ཡེ་ཤེས་དེ་ནི། དངོས་པོ་ཐམས་ཅད་ཀྱི་ལུས་ལ་མཐའ་དང་བྲལ་བའི་ཚུལ་དུ་གནས་ཀྱང་ལུས་ལས་སྐྱེས་པ་མ་ཡིན་མ་སྐྱེས་པས། ཕུང་པོ་ལ་སོགས་པ་ལུས་སུ་སྣང་བ་འགགས་ཀྱང་ཡེ་ཤེས་ན་འགགས་པ་མེད་དེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །འདི་ཉིད་ནས་ཀྱང་། ཅིག་དང་དུ་མར་བྲལ་བ་ཡི། །སྐད་ཅིག་ཅིག་ལ་མཆོག་དགའ་ལ། །རང་གི་རིག་པའི་ཡེ་ཤེས་འདི། །གང་གི་ལས་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པ་ཡི། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་ཡེ་ཤེས་ཆེན་པོ་རྟོགས་པར་བྱེད་པའི་རིམ་པ་དང་བཅས་པ་གསུངས་སོ། །འདི་ནི་ཕྱི་རོལ་དང་ནང་རྡོ་རྗེའི་ལུས་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་དང་། དེ་ཁོ་ནའི་གནས་ལུགས་དང་བསྟུན་ཏེ་བཤད་ན་དཔག་ཏུ་མེད་དེ་མདོར་བསྡུས་པའོ། །གཉིས་པ་ཡེ་ཤེས་དེའི་རྟེན་ལ་གསུམ་སྟེ། གནས་པ་རྩ་དང་སྡོམ་པ་འཁོར་ལོ་དང་། རྒྱུ་བ་རླུང་ངོ་། །དང་པོ་ལ་ཞུས་ལན་གྱིས་མདོང་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཀྱེ་བཅོམ་ལྡན་འདས་རྣལ་འབྱོར་ཅན་གྱི་རྡོ་རྗེའི་ལུས་ལ་རྩ་དུ་ལགས། ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ་ཞེས་མདོ་ཙམ་དུ་གསུངས་སོ། །རྒྱས་པར་བཤད་པ་ནི། དངོས་པོའི་མཚན་ཉིད་དུ་ནི་བརྟག་ཞེས་པའི་བར་གྱི་སྟོན་པས་ལྔ་སྟེ། རྩའི་གཙོ་བོ་གསུམ་གྱི་མིང་དང་། རང་བཞིན་དང་། ལས་དང་། རྩའི་གཙོ་བོའི་རྣམ་གྲངས་དང་། རྣམ་པར་དག་པའོ། །འདི་དག་ཀྱང་གཞི་དང་ལམ་དང་འབྲས་བུ་གསུམ་ལས། ལུས་དངོས་པོའི་གནས་ལུགས། དེ་ལས་ཀྱང་རྩ་སྟོན་པར་བྱེད་པ་ལ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཇི་ལྟར་ཆགས་པའི་ཚུལ་དང་། ནང་གཞི་འབབ་པའི་རྩ་རྣམས་ཆིངས་ཀྱི་ཐད་གར་བཤད་དོ། །འདི་ནི་རྩའི་གཙོ་བོ་རྣམས་འཆད་པ་ལས། འཁོར་ལོའི་རྩ་འདབ་རྣམས་དང་། སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ནང་ནས། གཙོ་མོ་གསུམ་གྱི་མིང་བསྟན་པ་ནི། བརྐྱང་མ་དང་རོ་མ་དང་། རྒྱུད་གཞན་ནས། སེར་སྐྱ་དང་། ལུག་དང་། ཀུན་འདར་མ་སྒྲ་གཅན་གྱི་རྩ་ཞེས་ཀྱང་བཤད་དོ། །རང་བཞིན་ནི། བརྐྱང་མ་མ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ་གཡོན་གྱི་ཆ་ལ་གནས་ཤིང་། ཡར་ངོའི་ཆ་དག་པ། མི་ཕྱེད་མ་ལ་སོགས་པ་རྩ་བ་བཅོ་ལྔ་བསྐྱེད་པ་ཡིན་ནོ། །ཐབས་ཀྱི་བདག་ཉིད་ནི་རོ་མ་ཡང་དག་པར་གནས་པ་ཡིན་ཏེ། གཡས་ཀྱི་ཆ་ལ་གནས་ཤིང་མར་ངོའི་ཆ་དག་པ། གཞོལ་མ་ལ་སོགས་པ་བཅྭོ་ལྔ་བསྐྱེད་པར་བྱེད་པ་ཐབས་ཀྱི་རང་བཞིན་ནོ། །ཀུན་འདར་མ་ནི་ལུས་ཀྱི་དབུས་ཀྱི་ཆ་ན་གནས་ཏེ། གཟུང་བ་དང་འཛིན་པ་གཉིས་སུ་མེད་པ། ཐབས་ཤེས་རབ་གཉིས་སུ་མེད་པ། འདི་ལ་བསྒོམ་པའི་དབུ་མ་དང་། གནས་པ་རྩའི་དབུ་མ་ལ་སོགས་པ་མང་དུ་འཆད་དོ། །སྟོད་དུ་ནི་ཚངས་པའི་བུ་ག་དང་། ཁྲོ་བོ་རྣམས་ཀྱི་མིག་དབུ་མ་མཚོན་ལ། དེའང་ཀུན་དྷར་མའི་མར་སྣས་བྱང་ཆུབ་ཀྱི་སེམས་ཀྱི་འཕེལ་འཛིན་བྱེད་ཅིང་། སྐྱེས་པའི་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་དང་། བུད་མེད་ཀྱི་ཟེའུ་འབྲུ་ལ་གནས་པའམ་ཡང་ན་རིགས་ཅན་ལྔའི་གནད་ཀྱིས་སོ་སོ་ལ་གནས་ཞེས་འདོད་དོ། །བྱེད་ལས་ནི། ཨ་ཐུང་ངུའི་འཚམས་ནས་ཡས་མར་གསུམ་གསུམ་དུ་གྱེས་ཏེ་བརྐྱང་མའི་མར་སྣ་ན་མི་བསྐྱོད་པ་འབབ་པ་སྟེ། འོག་གི་ཕྱོགས་ཡིན་ནོ། །གྱེན་དུ་འགྲོ་བ་ནི་སྣ་བུག་གཡོན་པར་ཐུག་ཅིང་མི་བསྐྱོད་པའི་རང་བཞིན་ཟླ་བའི་རླུང་རྒྱུ་བའོ། །གཡས་རོ་མ་ནི་མར་སྣ་བུད་མེད་ཀྱི་ཁྲག་གི་ཁམས་ཀྱི་འཕེན་འཛིན་བྱེད་པ་མར་སྣ་ནས་ཉི་མའི་རླུང་རྒྱུ་བའོ། །དབུ་མ་ནི་མར་སྣ་རྩ་གསུམ་འདུས་པའི་མདོ་ནས་ཤེས་རབ་བདག་མེད་མའི་རང་བཞིན་ཟླ་བ་བྱང་ཆུབ་ཀྱི་སེམས་འབབ་བའི་ལས་བྱེད་པས་ཀུན་དྷར་མར་གྲགས་སོ། །དེ་ལྟར་ཡང་འབུམ་ལྔ་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུ་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཟླ་བའི་རྩེ་མོ་གཡོན་པའོ། །ཉི་མའི་རྩེ་མོ་གཡས་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། གཤང་བ་ལྕི་བ་ཁུ་བ་ན། །ཞེས་གསུངས་སོ། །བཞི་པ་རྩའི་གཙོ་མོ་རྣམས་ཀྱི་མིང་ནི། མི་ཕྱེད་མ་ཞེས་པ་ནས་བདུད་བྲལ་མའི་བར་གྱིས་རྩའི་གཙོ་མོ་གསུམ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཏེ་འདི་དག་རེ་རེ་ལའང་། ལུས་ཀྱི་ཆ་གང་ལ་གནས་ཤིང་ལས་གང་བྱེད་པ་དང་། ཕྱི་རོལ་གྱི་ཡུལ་ཆེན་པོ་གང་དང་སྦྱར་ནས་ས་ལམ་ཅི་ལྟར་བསྒྲོད་པའི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པ་ལ་སངས་རྒྱས་ཀྱི་སའི་རྣམ་དག་དུ་བཤད་པའོ། །མི་ཕྱེད་མ་ནི་མགོ་བོ་ལ་གནས་ཤིང་སེན་མོ་དང་སོ་རྣམས་བསྐྱེད་དོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་དུ་གནས་ཤིང་སྐྲ་དང་སྤུ་རྣམས་བསྐྱེད་དོ། །རྩེ་བ་མ་ནི་རྣ་བ་གཡས་པར་གནས་ཤིང་ལྤགས་པ་དང་དྲི་མ་རྣམས་བསྐྱེད་དོ། །གཡོན་པ་མ་ནི་ལྟག་པར་གནས་ཤིང་ཚང་རའི་ཤ་རྣམས་བསྐྱེད་དོ། །ཐུང་དུ་མ་ནི་རྣ་བ་གཡོན་པར་གནས་ཤིང་རྒྱུས་པ་རྣམས་བསྐྱེད་དོ། །རུས་སྦལ་མ་ནི་སྨིན་ཕྲག་དུ་གནས་ཤིང་རུས་པ་བསྐྱེད་དོ། །བསྒོམ་པ་མ་ནི་མཆིན་པ་ལ་གནས་ཤིང་མིག་གཉིས་བསྐྱེད་དོ། །དབང་བསྐུར་མ་ནི་དཔུང་བའི་རྩ་བ་དང་འབྲེལ་ཞིང་སྙིང་དང་ཕྲག་པ་བསྐྱེད་དོ། །སྐྱོན་མ་ནི་མཆན་འོག་གཉིས་ནས་འབྲེལ་ཞིང་མཆིན་པ་དང་མིག་དུ་རྒྱུའོ། །འཇུག་མ་ནི་ནུ་མ་གཉིས་ལ་གནས་ཤིང་ལོང་ཀ་དང་མཁྲིས་པ་བསྐྱེད་དོ། །མ་མོ་ནི་གློ་བར་གནས་ཤིང་ལྟེ་བ་དང་འབྲེལ་ནས་རྒྱུའོ། །མཚན་མོ་ནི་རྒྱུ་མ་དང་སྣ་རྩེར་འབྲེལ་ཞིང་བསྐྱེད་པར་བྱེད་དོ། །བསིལ་སྦྱིན་མ་ནི་འགྲམ་པ་དང་རྩིབས་ལ་སོགས་སུ་འབྲེལ་ཞིང་གནས་སོ། །ཚ་བ་མའམ་དྲོད་མ་ནི་མགྲིན་པ་ནས་ལྟོ་བར་རྒྱུའོ། །བརྐྱང་མ་སྟེ་དེ་དག་ནི་རྩ་གཡོན་པ་བརྐྱང་མ་ལས་གྱེས་ཤིང་གཡོན་གྱི་ཆ་ལ་གནས་པ་ཤེས་རབ་ཀྱི་རང་བཞིན་མཚོན་པར་བྱེད་པ། ཡར་ངོའི་ཚེས་རྣམས་ཡིན་ཞེས་རྡོ་རྗེ་སྙིང་པོ་དང་ནཱ་རོ་པས་གསུངས་སོ། །ཀུན་དྷར་མ་ནི་དབུས་ན་གནས་པའི་རྩའོ། །རོ་མ་ལས་གྱེས་པ་གཡས་ཀྱི་རྩ་རྣམས་ནི། གཞོལ་མ་ནི་སྙིང་ག་ནས་གཤང་ལམ་དུ་འབྲེལ་ནས་གཤང་བ་བསྐྱེད་དོ། །དྭངས་མ་ནི་འཚོགས་མ་དང་ཆུ་སོར་འབྲེལ་ཞིང་དགའ་བ་བསྐྱེད་དོ། །ཤིན་དུ་གཟུགས་ཅན་མ་ནི་མཚན་མ་ལ་གནས་ཤིང་བད་ཀན་བསྐྱེད་དོ། །སྤྱི་མ་ནི་གཤང་ལམ་དུ་གནས་ཤིང་རྣག་བསྐྱེད་དོ། །རྒྱུ་སྦྱིན་མ་ནི་བརླ་ཟུང་ལ་གནས་ཤིང་ཁྲག་བསྐྱེད་དོ། །སྦྱོར་བྲལ་མ་ནི་བྱིན་པ་ལ་གནས་ཤིང་རྔུལ་བསྐྱེད་དོ། །སྡུག་གུ་མ་ནི་སོར་མོ་ལ་གནས་ཤིང་ཚིལ་བསྐྱེད་དོ། །གྲུབ་མ་ནི་རྐང་བའི་རྒྱབ་བམ་པོ་བ་ལ་གནས་ཤིང་མཆི་མ་བསྐྱེད་དོ། །འཚེར་མ་ནི་མཐེ་བོང་ལ་གནས་ནས་ལུད་པ་མཆིལ་མ་བསྐྱེད་དོ། །ཡིད་བཟང་མ་ནི་པུས་མོ་ལ་གནས་ཤིང་སྣབས་བསྐྱེད་དོ། །སྙིང་ཁའི་པད་མའི་དབུས་དང་ཕྱོགས་ཀྱི་འདབ་མ་རྣམས་ལ། སུམ་བསྐོར་མ་དང་། འདོད་ལྡན་མ་དང་། ཁྱིམ་གནས་མ་དང་། གཏུམ་མོ་དང་། བདུད་བྲལ་མའོ། །དེ་དག་གི་ལས་ནི་སུམ་བསྒྲིལ་མས་མིག་གིས་གཟུགས་འཛིན་པའི་བདག་རྐྱེན་བྱེད། འདོད་མས་རྣ་བས་སྒྲ། ཁྱིམ་མས་སྣས་དྲི། གཏུམ་མོས་ལྕེས་རོ། བདུད་བྲལ་མས་ལུས་ཀྱི་རེག་བྱ་འཛིན་ཅེས་འཆད་ལ། རྡོ་རྗེ་སྙིང་པོ་དང་། ནཱ་རོའི་འགྲེལ་བ་ནས་བདུད་བྲལ་མ་ནས་ལྕེའུ་ཆུང་ལ་བདུད་རྩིའི་བཏུང་བ་འབབ། ཅེས་གསུངས་སོ། །རྒྱན་འདྲ་ལས། རྩ་སུམ་བཅུ་རྩ་གཉིས་ནི། ལྟེ་བར་མི་ཕྱེད་མ་ལ་སོགས་པ་འབྱུང་བ་བཞིའི་རྩ་བཞི། འབྱུང་བ་གཉིས་གཉིས་འདུས་པའི་རྩ་སྟེ་བརྒྱད་གནས། དེ་བཞིན་དུ་སྙིང་ཀ་ན་སྐྱོན་མ་ལ་སོགས་པའི་རྩ་འདབ་བརྒྱད། མགྲིན་པ་ན་རོ་མ་ལ་སོགས་པའི་རྩ་བརྒྱད། དོན་གྲུབ་མ་ལ་སོགས་པའི་རྩ་བརྒྱད་གནས་པས་སུམ་ཅུ་སོ་གཉིས་ཡིན་ནོ་ཞེས་ཟེར་རོ། །འདི་རྣམས་ཀྱི་ངེས་པ་ནི། སྂ་བྷུ་ཏ་ལས། འདིར་ནི་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོར་ནི་ཡང་དག་གནས། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཉི་ཤུ་རྩ་བཞིར་ཉེ་བར་བརྗོད། །གནས་སོགས་བྱེ་བྲག་ལ་བརྟེན་ནས། །གནས་གནས་སུ་ཡང་དག་གནས། །མི་ཕྱེད་པུ་ལི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་བར་བརྗོད། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །རིམ་པ་འདི་ཡིས་ཕྱི་རོལ་གྱི་ཡུལ་དང་སྦྱར་བ་ཡང་། འཁོར་ལོ་སྡོམ་པར་གསུངས་པའི་རིམ་པ་བཞིན་དུ་ཡིན་ལ། འདི་ཉིད་ཀྱི་ཡུལ་སུམ་ཅུ་སོ་གཉིས་དང་སྦྱར་བ་ནི། བརྟག་པ་དང་པོའི་ལེའུ་བདུན་པ་ལས། བཅོམ་ལྡན་འདས་འདུ་བའི་གནས་གང་ལགས་ཞེས་པ་ནས། ཉེ་བའི་དུར་ཁྲོད་བརྗོད་པར་བྱ། ཞེས་པའི་བར་སྐབས་དེ་ཉིད་དུ་འཆད་དོ། །རྩ་འདི་དག་ལྷར་འགྱུར་བའི་ཚུལ་ཡང་། བརྟག་པ་འོག་མ་ནས། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེ་རྣམ་པ་རྣམས་སུ་བརྗོད། །ཞེས་པའི་དོན་ཤན་ཏི་པས་ནི་རིམ་པ་བཞིན་དུ། མི་ཕྱེད་མ་དང་ཕྲ་གཟུགས་མ། །གཉིས་པོ་རྡོ་རྗེ་མ་རུ་གསུངས། ཞེས་རིམ་པ་འདི་དག་ཐམས་ཅད་ལ་སྦྱར་འདུག་གོ །རྡོ་རྗེ་སྙིང་པོ་དང་ན་རོ་པའི་འགྲེལ་པ་ལས། ཡར་ངོ་དང་མར་ངོ་གཉིས་དང་ཆོས་མཐུན་པར། རྣལ་འབྱོར་མ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་སྦྱར་ནས། རྩ་ཡང་མི་ཕྱེད་མ་དང་གཏུམ་མོ་གཉིས་ནི། རྡོ་རྗེ་མ་ཡིན་པ་ནས། རྩ་གསུམ་པོ་བདག་མེད་རྣལ་འབྱོར་མའི་བར་དུ་གསུངས་སོ། །བདུད་བྲལ་མ་ནི་ནག་པོའི་ཚེས་ཀྱི་བཅུ་དྲུག་པའི་ཆ་དང་དེའི་དོད་དུ་དབུ་མ་ཡང་། དཀར་པོའི་བཅུ་དྲུག་པའི་ཆ་ཡིན་པར་གསུངས་སོ། །རྩ་འདི་དག་གི་ངོ་བོ་ནི་ལུས་དངོས་པོའི་གནས་ལུགས་ཡིན་ལ། གནད་བཅིངས་ནས་བསྒོམས་ན་ལམ་རིམ་དུ་འགྱུར་ཞིང་། ངོ་བོ་རྣམ་པར་དག་པའི་གནས་འགྱུར་ཐོབ་པས་ནི། མཚན་དང་དཔེ་བྱད་ལ་སོགས་པའི་འབྲས་བུར་འགྱུར་རོ། །ལྔ་པ་རྩའི་རྣམ་པར་དག་པ་ནི། ཞུས་པ་དང་། ལན་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས། གསོལ་བ། བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་ངོ་བོ་རྣམ་པར་དག་པ་ཇི་ལྟ་བུ་ལགས་ཞེས་སོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་ཚིག་ལྔས་བསྟན་ཏེ། སྲིད་གསུམ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །དེ་དག་ལས་ཡོངས་སུ་གྱུར་པའི་ཤེས་བྱ་ཐམས་ཅད་ནི། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ངོ་བོ་ཉིད་དང་དབྱེར་མེད་པ་ཡིན་ཏེ། སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བའི་ཕྱིར་རོ། །ཡང་ན་ནི་ཀུན་རྫོབ་པའི་རང་བཞིན་ཐབས་ཀྱི་ཆ་ཐམས་ཅད་ཀྱི་དངོས་པོའི་མཚན་ཉིད་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་ཉིད་དམ། རྩ་རླུང་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་འདུས་པར་བརྟག་པ་སྟེ་བལྟ་བར་བྱའོ། །རང་གཞུང་སྔགས་ཀྱི་དབང་དུ་བྱས་ན། རྩ་དང་ཁམས་གོང་དུ་གསུངས་པ་འདི་རྣམས་ཨ་ལི་རྣམ་པར་དག་པ་ཡིན་པས། ཨེ་ཆོས་ཀྱི་འབྱུང་གནས་སུ་འགྲོ་ལ། དེ་ལས་འཕྲོས་པའི་དངོས་པོ་ཐམས་ཅད་ཀྱི་རིམ་པ་རྣམས་ཀྱང་བམ་ཡིག་རྡོ་རྗེ་སེམས་དཔའ་ལ་འདུས་པས། གཞི་ལམ་འབྲས་བུ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་རྟེན་སྡོམ་པ་འཁོར་ལོ་ལ་གསུམ་ལས། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ཤིན་དུ་རྒྱས་པར་བཤད་པ་ལས། དང་པོ་ནི། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་པ། སྡོམ་པ་ནི་ཕྱི་ནང་གཉིས་ལས། ཕྱི་རུ་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསྲུང་པ་ཡིན་ལ། ནང་དུ་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་འཛིན་པའོ། །དེ་ཉིད་རྒྱས་པར་བཤད་པ་ལ་བཞི། བྱང་ཆུབ་ཀྱི་སེམས་དང་། སྐུ་གསུམ་དང་། ཡི་གེ་བཞིའི་དོན་དང་། འཁོར་ལོའི་རྣམ་པར་བཞག་པའོ། །དང་པོ་ནི་ཨ་ལི་དང་། ཀ་ལི་ནི། ཟླ་བ་དང་། ཉི་མ་དང་། ཤེས་རབ་དང་། ཐབས་སོ་ཞེས་པས། གོང་གི་སྡོམ་པའི་དབྱེ་བ་ལས་སྡོམ་རྒྱུ་ཉིད་ནི། ཐབས་ཤེས་རབ་ཀྱི་རང་བཞིན་ཨེ་བྂ་གི་སྡོམ་པ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། འདི་ཉིད་ནས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་བྂ་རྣམ་པར་རབ་ཏུ་གནས། །ཞེས་སོ། །དེ་ཉིད་ནང་དོན་དུ་སྦྱར་ན། གཞི་ལམ་འབྲས་བུ་གསུམ་ལས། གཞི་སྨིན་བྱེད་ནི་རང་གི་ལུས་ལ་གནས་པའི་ཐབས་ཤེས་རབ་དང་སེམས་གཟུང་འཛིན་གྱི་དྲི་མ་དང་བཅས་པ་ངོ་ཤེས་པར་བྱེད་པ་དབང་ཡིན་ལ། དེ་ཉིད་ཀྱང་ཨ་ལི་ཀ་ལིའི་རང་བཞིན་ཨེ་བྂ་ལ་བརྟེན་པ་སྟེ། འདི་ཉིད་ལས། ཨེ་བྂ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་སོ། །དེ་ཉིད་མངོན་དུ་འགྱུར་བར་བྱེད་པ་ལ། ཨ་ལི་བཅོ་ལྔ་ཟླ་བ་དག་པ་ནི་བྱང་ཆུབ་ཀྱི་སེམས་དཀར་བའི་རང་བཞིན་སྟོང་པའི་ཆ་ཡིན་པས་ཤེས་རབ་བོ། །ཀ་ལི་ནི་སྡེ་ཚན་དྲུག་པོ་ཉི་མའི་རང་བཞིན་ཟླ་བ་འགྲིབ་པར་བྱེད་བས་ཐབས་ཀྱི་ཆའོ། །དེ་ལྟར་ཕྱི་ནང་གཞན་གསུམ་དབྱེར་མེད་པ་འདི་ནི་སྡོམ་པའོ། །དེས་ན་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་བཅིངས་ནས་བསྒོམས་པས་འཛག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱེད་པ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་སྡོམ་པ་ཡིན་ནོ། །གཉིས་པ་སྡོམ་པ་དེ་ལ་བརྟེན་པའི་སྐུ་གསུམ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ནི་སྐུ་དང་གསུང་དང་ཐུགས་སོ། །ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་ནི། སྐུ་གསུང་ཐུགས་ཞེས་ཀྱང་བརྗོད་དེ་དབྱེར་མེད་པ་ནི་ངོ་བོ་ཉིད་དེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ཡང་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་སོ། །ནང་དོན་དུ་རྒྱུད་འདི་ཡི་ལུགས་ཀྱིས་གཞི་ལམ་འབྲས་བུ་གསུམ་སྟེ། དེ་དག་ཀྱང་བསྡུས་ནས་བཤད་ན། དཔྲལ་བ་ནས་སུམ་ཅུ་སོ་གཉིས་ལུས་དག་པ་སྐུ་རྡོ་རྗེ་བུམ་པའི་དབང་གི་རྣམ་དག་དགྱེས་པའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའོ། །མགྲིན་པ་ན་བཅུ་དྲུག་ངག་དག་པ་གསུང་རྡོ་རྗེའི་རང་བཞིན། གསང་བའི་དབང་གི་རྣམ་དག་དགྱེས་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའོ། །དེའི་ས་བོན་ཡི་གེ་ཨ་ལ་གཏད་ཅིང་བསྒོམས་པས། རྨི་ལམ་གྱི་གནས་སྐབས་ལོངས་སྤྱོད་རྫོགས་པའི་སྐུའི་དགོངས་པ་འཆར་རོ། །སྙིང་ག་ན་བརྒྱད་ཡིད་དག་པ་ཐུགས་རྡོ་རྗེའི་བདག་ཉིད་གསུམ་པའི་དབང་གི་རྣམ་དག་ཧེ་རུ་ཀ་ཞལ་ཅིག་ཕྱག་བཞི་པའི་ས་བོན་སཱུྂ་གི་ཡི་གེ་ལ་གཏད་ཅིང་བསྒོམས་པས་གཉིད་འཐུག་པོ་ཆོས་སྐུའི་དགོངས་པར་འཆར་རོ། །ལྟེ་བ་ན་དྲུག་ཅུ་རྩ་བཞི། སད་པའི་གནས་སྐབས་དག་པ་ཡེ་ཤེས་རྡོ་རྗེའི་བདག་ཉིད་དབང་བཞི་པའི་རྣམ་དག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཨ་ཤད་ཙཎ་ཌ་ལི་ལ་བརྟེན་ནས་འབར་འཛག་ལ་དམིགས་པ་གཏད་ཅིང་བསྒོམས་པས་སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པར་འཆར་རོ། །དེ་ལྟར་བཞི་པོ་གསུམ་དུ་བསྡུས་པའི་དོན་ནི་འདི་ཉིད་ནས། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང་། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་བསྟན་ནོ། །གསུམ་པ་ཡི་གེ་བཞིའི་དོན་ནི་ཨེ་བྂ་ཞེས་པ་ནས་ཚིགས་སུ་བཅད་པ་ཅིག་གིས། སྒྲ་ཇི་བཞིན་དུ་ནི། ཡི་གེ་དེ་དག་ལྷ་མོ་སྤྱན་མ་ལ་སོགས་པ་ཡིན་པར་བཤད་ལ། ངེས་དོན་དུ། ཨེ་ནི་སའི་ཁམས་དང་ཕྱག་རྒྱ་བཞི་ལས། ལས་ཀྱི་ཕྱག་རྒྱ་དང་ལྷ་མོ་སྤྱན་མ་དང་། ཚད་མེད་བཞི་ལས་སྙིང་རྗེ་དང་། ཐབས་མཁས་པ་དང་། སྐད་བཞི་བཞི་ལས་རྣམ་པ་སྣ་ཚོགས་དང་ལྟེ་བའི་འཁོར་ལོ་རྣམས་ཏེ་ཁ་སྦྱོར་ལས། ཨེ་ནི་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་དང་ནི་སྤྱན། །སྙིང་རྗེ་ཆེ་དང་ཐབས་ཆེན་པོ། །སྣ་ཚོགས་ཡུལ་ཏེ་སྣ་ཚོགས་གཟུགས། །ལྟེ་བའི་སྣ་ཚོགས་པར་མོ་ལ། །སྤྲུལ་པའི་འཁོར་ལོ་གནས་པའོ། །ཞེས་སོ། །དེ་བཞིན་དུ་བྂ་ནི་ཆུ་དང་། ཆོས་ཀྱི་ཕྱག་རྒྱ་དང་། མ་མ་ཀི་དང་། བྱམས་པ་དང་། སྨོན་ལམ་དང་། སྙིང་ཀའི་འཁོར་ལོ་སྟེ་དེ་ཡང་། བྂ་ནི་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མ་མ་ཀི། །བྱམས་པ་སྨོན་ལམ་རང་བཞིན་ཏེ། །ལྷ་མོ་རྡོ་རྗེ་རིགས་ཀྱི་གཙོ། །སྙིང་ཀའི་པད་མ་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་གནས་པའོ། །ཞེས་སོ། །མ་ནི། མེ་དང་། ཕྱག་རྒྱ་ཆེན་པོ་དང་། གོས་དཀར་མོ་དང་། དགའ་བ་དང་། སྟོབས་དང་། མགྲིན་པའི་འཁོར་ཏེ་དེ་ཡང་། མ་ནི་མེ་རུ་བསྟན་པ་སྟེ། །ཕྱག་རྒྱ་ཆེ་དང་གོས་དཀར་མོ། །ལྷ་མོ་པད་མའི་རིགས་ཀྱི་བདག །དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས། །མགྲིན་པའི་པད་འདབ་བཅུ་དྲུག་པ། །ལོངས་སྤྱོད་འཁོར་ལོ་བསྟན་པའོ། །ཞེས་གསུངས་སོ། །ཡ་ནི་རླུང་དང་དམ་ཚིག་གི་ཕྱག་རྒྱ་དང་། སྒྲོལ་མ་དང་། བཏང་སྙོམས་དང་། ཡེ་ཤེས་དང་། སྤྱི་བོའི་འཁོར་ལོ་སྟེ་དེ་ཡང་། ཡ་ནི་རླུང་གི་གཟུགས་ཅན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་པའོ། །ཆེན་པོ་དམ་ཚིག་ཕྱག་རྒྱ་དང་། །ལྷ་མོ་ལས་ཀྱི་རིགས་ཀྱི་གཙོ། འཁོར་བ་སྒྲོལ་བས་སྒྲོལ་མ་ཡིན། །བཏང་སྙོམས་ཡེ་ཤེས་སྦྱོར་བ་ཡིས། །པད་འདབ་སུམ་ཅུ་རྩ་གཉིས་ལ། །བདེ་ཆེན་འཁོར་ལོ་གནས་པའོ། །ཞེས་གསུངས་པ་འདི་རྣམས་སྡོམ་པའི་ངེས་པའི་དོན་ཡིན་ནོ། །བཞི་པ་དེ་དག་ནི། གནས་འཁོར་ལོའི་རྣམ་པར་བཞག་པ་ནི། སྤྲུལ་པའི་འཁོར་ལོ་ཞེས་པ་ནས་རྣམ་པར་བཞག་པའོ་ཞེས་པའི་བར་བྱིས་ལུས་བསྐྱེད་ཅིང་སྤྲུལ་པའི་རྟེན་བྱེད་ལ། གཏུམ་མོའི་གནད་བཅིངས་ནས་བསྒོམས་པ་ཐ་མལ་གྱི་རྣམ་རྟོག་གཅོད་པའི་ཕྱིར་འཁོར་ལོ། རྩ་འདབ་དྲུག་བཅུ་རྩ་བཞི་ཁ་དོག་སེར་པོའོ། །ཆོས་ཀྱི་སྐུ་སེམས་ཀྱི་རྒྱལ་པོའི་རྟེན་འོད་གསལ་གྱི་གནད་བཅིངས་པས་གཉིད་འཐུག་པོའི་འཁྲུལ་པ་གཅོད་པས་འཁོར་ལོ། །རྩ་འདབ་མ་བརྒྱད་པ་ཁ་དོག་སྔོན་པོའོ། །རོ་དྲུག་གི་ལོངས་སྤྱོད་རྫོགས་པར་མྱོང་བའི་རྟེན། རྨི་ལམ་གྱི་གནད་བཅིངས་པས་འཁྲུལ་རྟོག་གཅོད་པའི་འཁོར་ལོ་མགྲིན་པར་རྩ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོའོ། །བདེ་བ་ཆེན་པོའི་རྟེན། བྱང་ཆུབ་ཀྱི་སེམས་ཀྱི་གནད་བཅིངས་པས་སྙོམས་འཇུག་གི་འཁྲུལ་པ་གཅོད་པའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་སོ་གཉིས་ཁ་དོག་དཀར་པོ་འབྲས་བུ་སྐུ་བཞི་རྣམ་པར་དག་པའོ། །ཤིན་ཏུ་རྒྱས་པར་བཤད་པ་ལ་ལྔ། སྐད་ཅིག་མ་བཞི་དང་། བདེན་པ་བཞི་དང་། དེ་ཁོ་ན་བཞི་དང་། དགའ་བ་བཞི་དང་། སྡེ་པ་བཞིའོ། །དང་པོ་ནི། སྐད་ཅིག་མ་བཞི་ཞེས་པ་ནས་མཚན་ཉིད་དང་བྲལ་བའོ་ཞེས་པའི་བར། གོང་གི་སྡོམ་པ་དེ་ཉིད་ལ་ངེས་པ་སྟེར་བ་ལས་འདི་དག་ཀྱང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། སྡོམ་པའི་དེ་ཉིད་རབ་ཏུ་དབྱེ་ཞེས་པས། རྣམ་པ་སྣ་ཚོགས་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ་ཉིད་ནི་རྒྱུ་དང་ཆོས་མཚུངས་པ་སྟེ། མཛོད་ལས། རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་སོ། །རྣམ་པར་སྨིན་པའི་འབྲས་བུ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་སྣ་ཚོགས་ཀྱི་བག་ཆགས་ཀུན་གཞིའི་སྟེང་དུ་བསགས་པའི་དེའི་འབྲས་བུ་སོ་སོར་སྨིན་པའོ། །དེའང་རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིར་འབྱུང་། །ཅེས་སོ། །རྣམ་པར་ཉེད་པ་ནི། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་སྐྱེས་བུའི་རྩོལ་བ་བྱས་པ་ལས་དེའི་འབྲས་བུ་ཐོབ་པ་ཡིན་ཏེ་དེ་ཡང་། གང་གི་སྟོབས་ཀྱིས་གང་སྐྱེས་པ་འབྲས་དེ་སྐྱེས་བུ་ཡིས་བྱེད་ལས་སྐྱེས་ཞེས་སོ། །མཚན་ཉིད་ཐམས་ཅད་དང་བྲལ་བ་ནི། དྲི་མ་མེད་པའི་འབྲས་བུ་སྟེ། དེ་ནི་སྤང་བྱ་ཐམས་ཅད་དང་བྲལ་བ་སྟེ་དེ་ཡང་། བྲལ་བ་བློ་ཡིས་ཟད་པའོ་ཅེས་སོ། །དེ་ལྟར་བཞི་པོ་ཡིན་པར་ཡང་། འདི་ཉིད་ནས། རྒྱུ་མཐུན་ལ་སོགས་རབ་ཕྱེ་བས། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །ནང་དོན་དུ། སེམས་གནས་པའི་ཐབས་རྣམ་པ་སྣ་ཚོགས་པ་དང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ནས་དབབ་པའི་ཐབས་ནི་རྣམ་པ་སྣ་ཚོགས་སོ། །མགྲིན་པར་ཕྱིན་པས་བདེ་བ་དང་རྨི་ལམ་ཟད་པ་ནི་རྣམ་པར་སྨིན་པའོ། །བདེ་བ་ཆེན་པོ་སྙིང་ཀར་འདྲེས་པ་དང་གཉིད་ཟད་པ་ནི་རྣམ་ཉེད་དོ། །ལྟེ་བར་དཀར་དམར་འདྲེས་པ་དང་འཁྲུལ་སྣང་ཟད་པ་ནི་མཚན་ཉིད་དང་བྲལ་བའོ། །གཉིས་པ་འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པ་སྟེ། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་ནི་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་བྱ་བའོ། །ནང་དོན་དུ་བདེ་བ་ཚོལ་བ་ནི་སྡུག་བསྔལ་བྱང་ཆུབ་ཀྱི་སེམས་གཡོ་བ་ནི་ཀུན་འབྱུང་། ཉམས་པ་མེད་པར་སྙིང་ཀར་བཟུང་བ་ནི་འགོག་པ། ལྟེ་བ་ལས་ཕྱིར་མི་འཕོ་བའི་བདེ་བ་བསྒོམ་པ་ནི་ལམ་མོ། །དེ་ཁོ་ན་བཞི་ནི། བདག་ཉིད་ནི་བདག་གི་དེ་ཁོ་ནའོ། །བསྐྱེད་པའི་རིམ་པ་ནི་ལྷའི་དེ་ཁོ་ནའོ། །ཨཥྚ་ལ་སོགས་པ་ནི་སྔགས་ཀྱི་དེ་ཁོ་ནའོ། །ཐུན་བསྡུ་བའི་རྫོགས་རིམས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་སྟེ་དྲང་དོན་ནོ། །ངེས་པའི་དོན་དུ་ནི། ལུས་དང་སེམས་ཀྱི་རང་བཞིན་ནི་བདག་གི་དེ་ཁོ་ན་སྟེ་རྡོ་རྗེའི་ལུས་ཉིད་དོ། །ལྷ་ནི་ལུས་ལ་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །སྔགས་ནི་རླུང་རྡོ་རྗེའི་བཟླས་པའོ། །ཡེ་ཤེས་ནི་མཁའ་སྣང་སོགས་པ་མངོན་དུ་བྱས་པའི་ཕྱག་རྒྱ་ཆེན་པོའོ། །དགའ་བ་བཞི་ནི་ཕྱི་རོལ་དུ་ནི་འཁོར་བའི་ལམ་ལ་དགའ་བ་སྐྱེས་པ་དང་། བསམ་གཏན་བཞི་པ། མཆོག་དུ་དགའ་བ་དང་། ཁམས་གསུམ་ལས་འདས་པའི་མཐོང་བའི་ལམ་ཐོབ་པ་ནི་དགའ་བྲལ་གྱི་དགའ་བ་དང་། སངས་རྒྱས་ཀྱི་ས་ལ་ཞུགས་པ་ནི་ལྷན་ཅིག་སྐྱེས་བའི་དགའ་བ་སྟེ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའོ། །ནང་དོན་དུ། ཉམས་མྱོང་སྐྱེ་བའི་རིམ་པ་སྟེ། ཐབས་ཀྱི་རིམ་པ་བསྒོམས་པ་ལས་བདེ་བ་ཉམས་སུ་མྱོང་པ་ནི་དགའ་བ། དེས་རྣམ་རྟོག་རགས་པ་བཅོམ་པ་མཆོག་དགའ། བདེ་སྟོང་དབྱེར་མེད་དུ་གྱུར་ནས་བདེ་བ་འདོད་པའི་ཞེན་པ་འགགས་པས་དགའ་བྲལ། བདེ་སྟོང་གི་དོན་ལ་རྟོག་བྲལ་མ་འཁྲུལ་བ་རྟོགས་པ་ནི་ལྷན་ཅིག་སྐྱེས་དགའོ། །དེ་ལྟར་ཡང་། ཀུན་སྤྱོད་ལས། དགའ་བ་དང་པོ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་དུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་བ་ལས་ཐམས་ཅད་རིག །ཞེས་གསུངས་སོ། །སྡེ་པ་བཞི་ནི། ཕྱི་རོལ་དུ་ཉན་ཐོས་རྩ་བའི་སྡེ་པ་བཞི་ལས་སྡེ་པ་བཅྭོ་བརྒྱད་ལ་སོགས་པ་གྱེས་པའི་གཞིར་གྱུར་པ་བཞིན་དུ། ནང་དུ་བྱང་ཆུབ་ཀྱི་སེམས་ཀུན་གྱི་རྩ་བ་འཁོར་ལོ་བཞི་སྟེ། འདི་ཉིད་དང་ཁ་སྦྱོར་ལས། གང་ཕྱིར་སྤྲུལ་པ་བསྟན་པ་ནི། །སྤྲུལ་པའི་འཁོར་ལོར་གནས་བརྟན་པའོ། །ཆོས་རྣམས་དག་ཏུ་འབྱིན་པས་ན། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་ལོ། །གང་ཕྱིར་མགྲིན་པར་རོ་མྱོང་པས། །ལོངས་སྤྱོད་འཁོར་ལོ་མང་པོས་བཀུར། །གང་ཞིག་བདེ་ཆེན་ཕྱིར་གནས་པས། །བདེ་ཆེན་འཁོར་ལོ་ཕལ་ཆེན་པ། །སྡེ་པ་ཞེས་བྱ་ལུས་སུ་བརྗོད། །ཞེས་གསུངས་སོ། །དེ་ལྟར་སྡོམ་པ་འཁོར་ལོ་བཤད་ནས། གསུམ་པ་རྒྱུ་བ་རླུང་ལ་གཉིས་ཏེ། ངོ་བོ་དང་། དུས་ཀྱི་སྦྱོར་བའོ། །དང་པོ་ནི། ཟླ་བ་དང་ཉི་མ་དང་ཨ་ལི་དང་ཀ་ལི་ཞེས་པ། ཟླ་བ་ནི་གཡོན་ནས་རྒྱུ་བ་བདུད་རྩིའི་རླུང་། ནམ་མཁའ། རླུང་མེ་ཆུ་སའི་བར་དུ་དཀྱིལ་འཁོར་ལྔ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་རིམ་པ་བཞིན་དུ་རྒྱུ་བའོ། །ཉི་མ་ནི་གཡས་པ་དུག་གི་རླུང་བཤད་དེ་ས་ཆུ་མེ་རླུང་ནམ་མཁའི་བར་དུ་འབྱུང་བ་བསྡུད་པའི་རིམ་པའི་དཀྱིལ་འཁོར་ལྔ་རྒྱུའོ། །དེ་གང་ནས་རྒྱུ་ན། ཨ་ལི་དང་ཀ་ལི་ཅེས་པས་གཡས་གཡོན་གྱི་རྩ་ནས་རིམ་པ་བཞིན་དུ་རྒྱུའོ། །དུས་སྦྱོར་རྒྱས་པར་བསྟན་པ་ནི། རྒྱུད་འདི་ཡི་ལུགས་ཀྱིས། ཕྱིར་རྒྱུ་བའི་རླུང་ས་ཆུ་མེ་རླུང་བཞི་སྟེ་དེ་ཉིད་ཀྱང་ཞག་ཅིག་ལ་གཡས་གཡོན་གྱི་དབྱེ་བས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་ཡང་ཐུན་བརྒྱད་དུ་འགྱུར་རོ། །འབྱུང་བ་ཆེན་པོ་རེ་རེ་ལ་འབྱུང་ཆུང་བཞི་བཞི་ཡོད་པས་བཞི་ཚན་བཞི་ལས་འཕོ་བ་བཅུ་དྲུག་ཏུ་འགྱུར་རོ། །དེ་ལ་ཡང་གཡས་གཡོན་གྱི་དབྱེ་བས་ཆུ་ཚོད་སུམ་ཅུ་སོ་གཉིས་སོ། །འཕོ་བ་ལས་ཆ་བཞིར་ཕྱེ་བས་དབྱུག་གུ་དྲུག་ཅུ་རྩ་བཞིའོ། །དབྱུག་གུའི་ངེས་པ་ཡང་། གཞན་དག་ན་རེ་ཕྱི་རུ་བྱ་ངང་པའི་སྒོང་ང་ལ་བུ་མོ་ལོ་བརྒྱད་ལོན་པའི་སྐྲས་ཕུག་པ་ཆུས་ཁེངས་པ་དང་ཟགས་པ་ལ་ཅིག་ཡིན་ཟེར་རོ། །གཞན་ཡང་གསེར་ར་ཏི་ཅིག་ལ་ཐུར་མ་སོར་བཞི་པ་བརཏངས་ནས་ཟངས་སྲང་དྲུག་ལ་ཆུ་ཞེང་ལ་སོར་བརྒྱད་པ་བྱས་པའི་སྣོད་ལ་ཕུག་ནས་ཁེངས་པ་དང་ཟད་པ་ལ་ཅིག་ཟེར་རོ། །འདིར་ནི་སྐྱེས་བུ་དར་ལ་བབ་པའི་དབུགས་དྲུག་ནི་ཆུ་སྲང་ཅིག་གོ །ཆུ་སྲང་ལྔ་བཅུ་ང་དྲུག་དང་བཞི་ཆ་ཅིག་ནི་དབྱུག་གུའོ། །དབྱུག་གུ་དྲུག་ཅུ་རྩ་བཞི་ནི་ཞག་ཅིག་གོ །དེ་ལ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་རིམ་པ་ནི། ཞག་ཅིག་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དེ། འཕོ་བ་བཅུ་དྲུག་གིས་བགོས་པས། འཕོ་བ་རེ་རེས་ཡེ་ཤེས་ཀྱི་རླུང་བཞི་བཅུ་ཞེ་གཉིས་དང་། དྲུག་ཆ་རེ་བཞི་བཅུ་ཞེས་བརྒྱད་ཆ་རེ་འཐོབ་བོ། །ཆུ་ཚོད་སུམ་ཅུ་སོ་གཉིས་ཀྱི་ཅིག་གིས་ཡེ་ཤེས་ཀྱི་རླུང་ཉི་ཤུ་རྩ་ཅིག་དང་། བཅུ་གཉིས་ཆ་ཅིག་དང་། དགུ་བཅུ་གོ་དྲུག་ཆ་ཅིག་འཐོབ་བོ་དབྱུ་གུ་ཅིག་གིས་ཡེ་ཤེས་ཀྱི་རླུང་ཕྱེད་དང་བཅུ་ཅིག་དང་། ཉི་ཤུ་རྩ་བཞི་ཆ་ཅིག་དང་། བརྒྱ་དགུ་བཅུ་གོ་གཉིས་ཀྱི་ཆ་ཅིག་འཐོབ་བོ། །རྒྱུ་མཚན་དེས་ན་དབུགས་སུམ་ཅུ་སོ་གཉིས་ཕྱི་ནང་དུ་རྒྱུ་བའི་བར་ནས་ཡེ་ཤེས་ཀྱི་དབུགས་ཅིག་དབུ་མ་ལ་རྒྱུའོ། །ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་རྫོགས་པའི་ཚེ་རླུང་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་ཚང་ངོ་། །འཕོ་བ་བཅུ་གཉིས་པའི་ལུགས་ནི། གཡས་གཡོན་གྱི་འཕོ་བ་མ་རིག་པ་ལ་སོགས་པའི་རྟེན་འབྲེལ་བཅུ་གཉིས་ཏེ་ཕྱི་རོལ་དུ་ཟླ་བ་དག་པ་ཡིན་ནོ། །ཕྱི་རོལ་དུ་ལོ་ཅིག་གི་དབྱུག་གུའི་གྲངས་དང་མཉམ་སྟེ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའོ། །དབུགས་དྲུག་ཆུ་སྲང་ཅིག་པུ་བྱས་པའི། ཆུ་སྲང་དྲུག་ཅུ་ནི་དབྱུག་གུ་ཅིག་གོ། །འདི་ཡི་ཡེ་ཤེས་ཀྱི་རླུང་ནི་འཕོ་བ་བཅུ་གཉིས་ཀྱི་རེ་རེ་ལ་ལས་ཀྱི་རླུང་སྟོང་བརྒྱད་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་དང་བཞི་ཆ་རྒྱུ་སྟེ་འདི་ནི་དང་པོའི་སངས་རྒྱས་ལ་སོགས་པ་རྣམས་ན་གསལ་ལོ། །དེ་ལྟར་བཤད་པའི་རླུང་འདི་རྣམས་ལྟ་སྟངས་ཀྱི་གནད་ལ་བརྟེན་ཏེ་རྒྱ་ཡན་ལ་བསླབ་པ་དང་། དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་བགྲང་ཞིང་བརྩི་བ་དང་། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་སྔོན་པོ་ཞེས་བྱ་བ་དང་དབྱིབས་ལ་བསླབ་པ་དང་། དགག་པའི་སྦྱོར་བ་བུམ་པ་ཅན་ལ་སོགས་པ་བསྒོམ་པས་ཟད་པར་ལ་སོགས་པའི་གནས་སྐབས་ཀྱི་འབྲས་བུ་དང་། དབུ་མར་བརྟན་པ་ལས་ས་ལམ་བགྲོད་ཅིང་འགྱུ་བ་མེད་པར་གྱུར་པས་ནི་ས་བཅུ་གསུམ་གྱི་དབང་ཕྱུག་ཏུ་འགྱུར་རོ་ཞེས་དྲི་མ་མེད་པའི་འོད་ལས་གསུངས་སོ། །དེ་དག་གིས་རྩ་དང་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་དང་། རླུང་རྣམས་བཤད་ནས། དེ་དག་མངོན་དུ་བྱེད་པའི་ཐབས་གཏུམ་མོ་ནི། ལྟེ་བར་གཏུམ་མོ་ཞེས་པའི་ཚིགས་སུ་བཅད་པ་ཅིག་གིས་སྟོན་ཏེ། འདི་ནི་ན་རོ་པ་དང་རྡོ་རྗེའི་སྙིང་པོའི་འགྲེལ་པ་ལས། སྲོག་རྩོལ་ལ་སོགས་པའི་སྦྱོར་བ་དྲུག་དུ་གསུངས་ཀྱང་། འདིར་ཕྱག་རྒྱ་བཞིའི་རིམ་པས་བཤད་པ་ལས། དང་པོ་ལས་ཀྱི་ཕྱག་རྒྱ་ནི། པད་མ་ཅན་ལ་སོགས་པའི་ཕྱག་རྒྱ་ནི་ཕྱི་རོལ་གྱི་གཏུམ་མོའོ། །ལྟེ་བའི་སྒྲས་ནི་མཁའ་གསང་ཡིན་ལ། དེ་ཉིད་འདུ་ཤེས་གསུམ་དང་ལྡན་པའི་བྱིན་གྱིས་བརླབ་པ་ཀུན་ཏུ་རུའི་སྦྱོར་བ་ལས་བྱུང་བ་ནི་གཏུམ་མོ་འབར་བའི་དོན་ཏེ། དགའ་བ་བཞི་པོ་ཉམས་སུ་མྱོང་པས་ཕུང་པོ་ལྔར་འཛིན་པའི་རྟོག་པ་བསྲེགས་པས་ན་དེ་བཞིན་གཤེགས་པ་ལྔ་བསྲེགས་པའོ། །སྤྱན་ལ་སོགས་པ་ནི་ས་ཆུ་མེ་རླུང་གི་ཁམས་བསྲེགས་ཅིང་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མཛོད་སྤུའི་ཧྂ་ལས་ཐུར་དུ་འཛག་པས། གསང་བའི་དཀྱིལ་འཁོར་དུ་ཕྱིན་པའི་ཚེ་རླུང་གི་སྟོབས་ཀྱིས་བཟུང་སྟེ་ཕྱིར་འཛག་པ་མེད་པར། རྟོག་པ་དང་བྲལ་བའི་བདེ་སྟོང་ཅིག་དུ་གྱུར་པ་ལ་གོམས་པར་བྱེད་པ་ནི། རྟོག་པ་དང་བཅས་པའི་རྣལ་འབྱོར་ཅན་གྱི་ལམ་དང་པོའོ། །གཉིས་པ་དམ་ཚིག་གི་ཕྱག་རྒྱ་ནི། སྒྱུ་མ་ལྟ་བུའི་ལྷ་སྐུ་བསྒོམས་ནས་སྔར་བསྟན་པ་ལྟ་བུའི་རྩ་གསུམ་འཁོར་ལོ་བཞི་གསལ་བར་དམིགས་པའི་འཁོར་ལོའི་ལྟེ་བ་རྣམས་སུ་ཧྂ་ཨོཾ་ཧཱུྃ་ཨ་བཀོད་ལ་སྤྱི་བོ་དང་མགྲིན་པར་ཨ་ལི། ལྟེ་བར་ཀ་ལི། སྙིང་ཁའི་ཧཱུྃ་གི་ཕྱི་རོལ་དུ་བྷྲུྂ་ཛིྂ་ཨྂ་ཁྂ་རྣམས་བཀོད་ནས། ཨ་ཐུང་ངུ་ལས་བྱུང་བའི་མེ་རླུང་གི་སྟོབས་ཀྱིས་རབ་ཏུ་སྦར་བས་ཕུང་པོ་ལྔ་དང་དུག་ལྔའི་རྟོག་པ་དང་། ཡིག་འབྲུ་ལྷན་ཅིག་ཏུ་བསྲེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བཀུག་ནས་བསྲེག་ཅིང་ཅིག་ཏུ་ཞུ་བར་གྱུར་པ་ལས་སྤྱན་ལ་སོགས་པའི་ཁམས་བཞི་བསྲེགས་ཅིང་ཞུ་བའི་རི་བོང་ཅན་ཧྂ་ཉིད་ལ་འཛག་པའི་དགའ་བ་ལ་སོགས་པ་ཚད་མེད་པ་བཞི་ཡིས་བསྐུལ་བས་འཁོར་ལོ་བཞིའི་དབུས་སུ་ཧེ་རུ་ཀ་བཞིའམ་ཡང་ན་ཐིག་ལེ་ཁ་དོག་ལྔའི་རང་བཞིན་འོད་ལྔ་འཕྲོ་བ་བསྒོམ་སྟེ། གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་རྣམ་ལྔ་པ། ཡུངས་དཀར་གྱི་ནི་འབྲུ་ཚད་དེ། སྣ་བའི་རྩེ་མོར་འབད་པ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་སོ། །སྣ་རྩེའི་སྒྲ་ལས་འཁོར་ལོའི་ལྟེ་བ་བཞི་མཚོན་པ་ཡིན་ནོ། །ཞེས་འགྲེལ་ཆེན་ལས་སོ། །དེ་ལྟར་བསྟན་པའི་རིམ་པ་ནི་བླ་མའི་མན་ངག་ལས་འཁོར་ལོ་ལ་མ་བརྟེན་པ་གསུམ། འཁོར་ལོ་ལ་བརྟེན་པ་གསུམ། ཡེ་ཤེས་ཀྱི་གཏུམ་མོ་སྟེ་བདུན་དུ་གསུངས་སོ། །འདི་ནི་གང་ཟག་མཆོག་གི་ལམ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱ་རྣམས་སྤངས་ནས། །ཡེ་ཤེས་ཕྱག་རྒྱ་སྦྱར་བར་བྱ། །འཇིག་རྟེན་པའི་དཔེ་ཡིས་ན་ཀུན་རྫོབ་ཀྱི་བདེན་པ་མེ་ལོང་ལྟ་བུ་དོན་དམ་པ་ཅི་མ་ཡིན་པས་དེའི་ཕྱིར་དབང་པོ་རྣོན་པོས་ལས་ཀྱི་ཕྱག་རྒྱ་བཟུང་བར་མི་བྱ་ཞེས་འགྲེལ་ཆེན་ལས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བའི་ཕུང་པོའི་འཛིན་པ་དང་བཅས་པ་ཤེས་རབ་ཀྱི་གཏུམ་མོས་བསྲེགས་པ་བཞིན་དུ་ཟད་པར་བྱས་ནས་དགའ་བའི་གོ་རིམ་ཅི་ལྟ་བ་བཞིན་དུ་མྱོང་ཞིང་རྟོགས་པར་གྱུར་པའོ། །དེའང་འབུམ་ལྔ་ལས། ཕུང་པོ་ཁམས་སོགས་བསྲེགས་ནས་ནི། །དབང་པོ་དང་ནི་ཡུལ་རྣམས་འགོག དགའ་བ་ལ་སོགས་ཀུན་དུ་འབྱུང་། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ནི། ལྟེ་བའི་སྒྲས་ནི་དབུས་སུ་བརྗོད་དེ་དེས་ན་དབུ་མའི་ལམ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྟོབས་འབར་བས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་རྒྱུ་འབྲས་སུ་འཛིན་པ་ཐམས་ཅད་བསྲེགས་ནས། སྤྱན་ལྔ་ལ་སོགས་པའི་ཡེ་ཤེས་སུ་ཡང་མི་རྟོག་པར་གྱུར་པས་རི་བོང་ཅན་གྱི་འོད་ཟེར་རབ་ཏུ་འཕྲོ་བ་བཞིན་དུ་འཛག་པ་དང་བཅས་བའི་སེམས་ཅན་རྣམས་ལ་ཐུགས་རྗེའི་སྟོབས་ཀྱིས་སྤྲུལ་པའི་སྐུ་དུ་མ་འཕྲོ་བ་མངོན་དུ་བྱེད་པ་དེ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ཁྱད་པར་ཡིན་ཏེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །གང་ཕྱིར་དེ་ཉིད་ལ་འཇུག་པ། །ཕྱག་རྒྱ་ཆེན་པོར་རབ་ཏུ་སྦྱོར། །ཞེས་གསུངས་ཏེ། དེ་ལྟང་གཏུམ་མོ་བཞིའི་རིམ་པ་ནི་གཞུང་ཐམས་ཅད་དུ་ཁྱབ་པར་ཡོད་མོད་ཀྱིས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ།། །།ལེའུ་ཡི་མཚན་ནི་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་དེའི་རིགས་ཀྱི་གཞི་ལམ་འབྲས་བུ་མདོར་བསྟན་པའི་ལེའུ་གཞུང་སྐྱོང་པ་རིམ་པར་ཕྱེ་བའི་དང་པོའོ། །དེ་ལྟར་ལེའུ་དང་པོས་མདོར་བསྟན་པའི་དོན་གཉིས་པ་མན་ཆད་ལེའུ་བཅུས་རྒྱས་པར་འཆད་པ་ལས། སྔགས་ཀྱི་ལེའུ་འདིའི་བརྗོད་པར་བྱ་བ་ནི་གཞི་ལམ་འབྲས་བུ་གསུམ་གྱི་སྔགས་ཏེ་ཡིད་སྐྱོབ་པར་བྱེད་པའོ་རྗོད་བྱེད་ནི་གཞི་དང་ལམ་གྱི་རིམ་པར་གཏོགས་པའི་སྔགས་བཅུ་གཅིག་དང་། འབྲས་བུ་ལས་ཚོགས་སུ་གཏོགས་པའི་སྔགས་ཉི་ཤུ་རྩ་གཉིས་སོ། །འབྲེལ་ནི་གསུམ་ལས། ལེའུ་དང་པོར་རེངས་པར་བྱེད་པ་དང་སྐྲོད་པ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་གསུངས་པའི་དོན་ལེའུ་འདིས་རྒྱས་པར་འཆད་དོ། །ལེའུ་ཡི་འབྲེལ་ནི་གོང་དུ་གཞི་ལམ་འབྲས་བུ་གསུངས་པའི་དོན་སྔགས་མེད་ན་མི་འགྲུབ་པས་སྔགས་བསྟན་ཏེ། མངོན་པར་རྟོགས་པ་ནི་སོ་སོའི་སྐབས་སུ་འབྲེལ་ཏོ། །སྔགས་ཀྱི་དགོས་པ་ནི་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལ་བ་དང་། ལས་ཀྱི་འབྲས་བུ་འབྱིན་པར་བྱེད་པའོ། །དེ་ལྟ་བུའི་སྔགས་ཀྱང་དེ་བཞིན་ཉིད་ཀྱི་བརྡའ་དང་བརྗོད་པའི་སྒྲ་གཉིས་སུ་བསྟན་ཏེ། རྡོ་རྗེ་སྙིང་པོས། དེ་བཞིན་ཉིད་བརྡའ་དང་པོ་སྟེ། རབ་ཏུ་བརྗོད་པ་གཉིས་པའོ། །ཞེས་གསུངས་པས། ངེས་པའི་དོན་ནི་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། བརྗོད་པ་ཀུན་གྱི་རྒྱུའི་མཆོག ཞེས་གསུངས་པས་དོན་དམ་པར་ཨེ་སྟོང་པ་ཉིད་ཀྱི་རང་བཞིན་སྟོན་ཏོ། །བརྗོད་པའི་སྒྲ་ནི་ཨེ་བྂ་གི་སྐབས་སུ་བཤད་པའི་སྟོང་པ་ཆེན་པོ་ཡི་གེ་ལྔ་ལས་འཕྲོས་པ་ཨ་ལི་དང་ཀ་ལི་རྣམས། །ལྐོག་མ་དང་། རྐན་དང་། སྤྱི་བོ་དང་། མཆུ་དང་། སོ་ལས་བྱུང་བའི་ཡི་གེ་དེ་དག་གི་ཁམས་ཀྱང་། ནམ་མཁའ་དང་། རླུང་མེ་ཆུ་སའི་ཁམས་ཀྱི་རང་བཞིན་ཡིན་པས། སྒྲར་བརྗོད་པ་ཐམས་ཅད་སྔགས་སུ་འགྱུར་ཏེ། འདི་ཉིད་ནས། ཨ་ལི་ཀ་ལི་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད་ཅེས་སོ། །ད་ནི་ཚིག་གི་དོན་བསྟན་པར་བྱ་སྟེ། གསུམ་ལས། འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མིང་ངོ་། །དང་པོ་ནི་རྡོ་རྗེའི་རིགས་ཀྱི་ལེའུ་གསུངས་པ་དེ་ནས། དོན་གྱི་སྔགས་ཡིད་སྐྱོབ་པ་དང་། བརྡའི་སྔགས་སྙིང་པོ་བསྐུལ་བ་ལ་སོགས་པ་སྟོན་པའི་ལེའུ་བཤད་པར་བྱའོ་ཞེས་སོ། །གཞུང་ལ་ལྔ་སྟེ་གཏོར་མའི་སྔགས་དང་། བཟླས་པ་དང་། བྱིན་གྱིས་བརླབས་པ། ས་སྦྱང་པ། ལས་ཚོགས་བསྟན་པའོ། །དང་པོ་ནི་ཨ་ཀ་རོ་ཅེས་པ་ནས་གཏོར་མའི་སྔགས་སོ་ཞེས་པའི་བར་གཞི་ཤེས་བྱེད་ཀྱི་ཐབས་དབང་དང་། ལམ་ལ་ཐུན་འཚམས་སུ་གཏོར་མ་གཏོང་བ་དང་། འབྲས་བུ་ལས་ཚོགས་བསྒྲུབ་པ་ལ་དགོས་ཏེ། ཚིག་གི་དོན་ནི་ཨོཾ་ངེས་པ་ཁོ་ནའོ། །ཨ་ཀ་རོ་མ་བྱས་པའོ། །མུ་ཁ་སྒོ་མ་བྱས་པའི་སྒོ་གང་ཡིན་ན། སརྦ་དྷརྨ་ནྂ་ཆོས་ཐམས་ཅད་དོ། །ཨ་ཏྱ་གཉིས་སུ་མེད་པའོ། །ཨ་ནུད་པན་སྐྱེ་བ་མེད་པ། ནད་ཏད་ཏ་དེ་ཁོ་ན་ཉིད། ཨོཾ་ཨ་ཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་ལ་ཕཊ་ཀྱིས་བསྲེག་ཅིང་གཏོར་བ་དང་། སྭཱ་ཧཱས་གཞི་ཚུགས་ཅིག་ཅེས་བྱ་བ་ཡིན་ཞེས་ཟེར་རོ། །ལས་དང་ཉོན་མོངས་པ་ལས་བྱུང་བའི་འབྱུང་པོ་ཐམས་ཅད་ཚིམ་པར་བྱེད་པའམ་ཚོགས་གཉིས་ཀྱི་སྟོབས་ལྡན་པར་བྱེད་པའི་གདོད་མའི་སྔགས་སོ། །འདིའི་གཏོར་མའི་རིམ་པ་ནི་རྒྱས་པར་བརྟག་པ་འོག་མ་ནས་འཆད་དོ། །ངེས་པའི་དོན་ནི། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པའི་གཟུངས་ཀྱི་སྒོ་ནི་ཨ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཞེས་བྱ་བ་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་སྦྱོར་བས། བྷ་ལིའི་སྒྲས་སྟོབས་སུ་འགྱུར་ཏེ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་འགྲེལ་ཆེན་ལས་གསུངས་སོ། །བཟླས་བཞི་སྔགས་ལ་དྲུག་ལས་དང་པོར་རིགས་ལྔའི་ས་བོན་ནི། བྷྲུྂ་ལ་སོགས་པ་སྟེ་འདི་ནི་བསྐྱེད་པའི་ས་བོན་དང་། སྙིང་པོ་བསྐུལ་བ་དང་། རྫོགས་རིམས་ཀྱི་སྐབས་སུ་འཁོར་ལོ་ལ་འགོད་པ་ལ་དགོས་ཤིང་། རྒྱས་པར་བཤད་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མིང་གི་ཡི་གེ་དང་པོ་མཚོན་ཏེ། བྷེ་རོ་ཙ་ན་ཨ་མི་དེ་བ་བཛྭ་ཏེ་ཛ་ཨ་མོ་ཁ་སི་ཏི་ཧེ་བཛྭ་འདི་རྣམས་བསྡུས་པས་ནི་བྷྲུྂ་ཨྂ་ཛྭིྂ་ཁྂ་ཧཱུྃ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་ས་བོན་ནོ། །ངེས་དོན་དུ་ནི། གཏུམ་མོའི་སྐབས་སུ་བསྟན་པ་བཞིན་འདི་ཉིད་བཀོད་ནས་བསྒོམས་པས་ཡེ་ཤེས་ལྔ་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་ཀྱེའི་རྡོ་རྗེའི་སྙིང་པོ་ནི། དྷེ་བ་པི་ཙུ་ཞེས་པ་ལམ་བསྐྱེད་རིམས་ཀྱི་བཟླས་པའི་སྔགས་དང་། དབང་བསྐུར་བའི་བསྙེན་པ་དང་འབྲས་བུ་ལས་ཚོགས་བསྒྲུབ་པ་དང་གསུམ་ཀ་ལ་དགོས་ཏེ། ཧེ་རུ་ཀ་གཞན་གསུམ་པོའི་སྙིང་པོ་ཡང་ཆིངས་འདི་ཉིད་དང་མཚུངས་སོ། །ཚིག་གི་དོན་ནི། ཨོཾ་དྷེ་བ་པི་ཙུ་བཛྭ་ནི་ལྷ་མི་བསྐྱོད་རྡོ་རྗེ་ཞེས་མཚན་བཏགས་ནས་འབོད་པའོ། །འདི་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྙིང་པོ་སྟེ་བསྒྲུབ་པའི་ཐབས་ནི་བརྟག་པ་འོག་མའི་ལེའུ་ལྔ་པར་རྒྱས་པར་འཆད་དོ། །ཧེ་རུ་ཀ་བཞི་པོ་འདི་རྣམས་ཀྱི་སྔགས་ཀྱི་ངེས་པའི་དོན་ནི། འཁོར་ལོ་བཞི་ལ་རླུང་དང་དངས་མ་བྱང་ཆུབ་ཀྱི་སེམས་མི་གཡོ་བ་ཡིད་སྐྱོབ་པ་ཡིན་ཏེ། སེམས་དཔའ་བཞིའི་སྐབས་སུ་བཤད་དོ། །གསུམ་པ་དེ་ཉིད་ལྔས་ཁྱད་པར་དུ་བྱེད་པའི་ཚུལ་ནི། སྔགས་ཀྱི་ཞེས་པ་ལ་སོགས་པ་སྟེ། རྒྱུད་གཞན་ནས་མཐའ་ཅན་མགོ་མེད་མགོ་ཅན་མཐའ་མེད་སྦྲུལ་ལྟ་བུ་ལ་སོགས་པའི་བྱེ་བྲག་གསུངས་ཀྱང་། འདིར་ནི་སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར། མགོ་འདྲེན་པའི་ངེས་པས་ཨོཾ་གྱི་རྣམ་པ་དང་། མཐར་ནི་ཞི་རྒྱས་ལ་སྭཱ་ཧཱ། དབང་དྲག་ལ་ཧཱུྃ་ཕཊ་ཀྱི་རྣམ་པའི་ནང་དུ་གཞུག་པའམ། ཡང་ན་ཐམས་ཅད་ལ་ཧཱུྃ་ཕཊ་སྭཱ་ཧཱ་འདོགས་པར་གསུངས་སོ། །བཞི་པ་གྲོང་ཁྱེར་དཀྲུག་པའི་སྔགས་ནི། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཅེས་པ་དྲང་བའི་དོན་ནི་གནས་སྐབས་ཀྱི་འབྲས་བུ་ལས་ཚོགས་སུ་འགྲོ་སྟེ་འདི་ཉིད་ལ་བསྙེན་པ་འབུམ་བྱས་ནས། ལས་སྦྱོར་ནི་ལག་པའི་མཐིལ་དུ་ལེབ་རྒན་རྩིའམ་སྲིན་ལག་ཁྲག་གམ་རང་འབྱུང་གི་ཁྲག་དང་ཙི་ཏྲ་ཀའི་ཁུ་བས་འཁོར་ལོ་རྩིབས་བརྒྱ་ལ་སྡེ་ཚན་གྱི་ཡི་གེ་རྣམས་བྲིས་ལ་ལྟེ་བར་གྲོང་ཁྱེར་ཆེ་གེ་མོ། བསྐྱོད་ཅིག་སྭཱ་ཧཱ་ཞེས་བྲིས་ཤིང་དབང་དུ་བྱ་བའི་སེམས་ཀྱིས་བཟླས་ན་གྲོང་ཁྱེར་ཆེན་པོའི་མི་རྣམས་དབང་དུ་འགྱུར་ལ། ཁྲོ་བས་བཟླས་ན་ནི་འཐབ་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་བསྙེན་པ་ཡིས་མ་གྲུབ་ན་སྔགས་ཀྱི་གྲོང་ཁྱེར་དཀྲུག་པའི་ཚུལ་འདི་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ངེས་དོན་དུ་ནི། སྡེ་ཚན་གྱི་ཡི་གེ་འདི་དག་འཁོར་ལོ་ལ་བཀོད་ནས་བསྒོམ་པའམ། ཡང་ན་སྡེ་ཚན་འདི་རྣམས་རླུང་གི་སྦྱོར་བ་ཡིན་པས་དེ་ལ་བརྟེན་ཏེ། ལས་ཐམས་ཅད་འགྲུབ་ཅིང་སྐྱེ་མཆེད་ཀྱི་གྲོང་ཁྱེར་རྣམས་བདེ་བ་སྤྲོས་བྲལ་དུ་བསྐྱོད་པར་རྡོ་རྗེའི་སྙིང་པོས་གསུངས་སོ། །ལྔ་པ་ལྷ་མོ་བཅྭོ་ལྔའི་ས་བོན་ནི། ཨ་ཨཱ་ལ་སོགས་པ་སྟེ་གཞི་དབང་བསྐུར་བ་དང་། ལམ་ལ་སྙིང་པོ་དང་བསྐྱེད་པའི་ས་བོན་ཡིན་ལ། འདི་ཡི་རིམ་པ་ནི་ཨ་ལི་དང་པོ་བདག་མེད་མ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །ཟློས་པ་ནི་སྤྱིར་ཟློ་ན་དེ་ཉིད་ལྔའི་བར་དུ་བཅུག་སྟེ་བཟླ་བ་འམ་བྱེ་བྲག་ཏུ་ཟློ་ན་ཨོྂ་ཨ་སྭཱ་ཧཱ། ཞེས་པ་ལ་སོགས་པའོ། །འདི་ཡི་བསྐྱེད་རིམས་ནི་འོག་ཏུ་འཆད་དོ། །ངེས་དོན་དུ་ནི། ཡར་ངོ་དང་མར་ངོ་ཡི་དག་པ་ཟླ་བ་བྱང་ཆུབ་ཀྱི་སེམས་རྩ་སུམ་ཅུ་སོ་གཉིས་སུ། འཕོ་བའི་ཆ་བརྟན་པར་གྱུར་བ་ལས། མཚན་དང་དཔེ་བྱད་དུ་འགྱུར་བའི་རིམ་པ། ཡར་ངོ་ཡི་ནི་ཚེས་ཅིག་ལ། །རྐང་པའི་སོར་མོ་ཡི་གེ་ཨ། །ཞེས་སྡོམ་འབྱུང་ལས་རྒྱས་པར་གསུངས་པའི་དོན། འོག་ནས། བདེ་བ་ཆེན་པོ་ཨ་ལིའི་གཟུགས། རྣལ་འབྱོར་མ་རྣམས་དེའི་ཆ་ཞེས་པའི་སྐབས་སུ་འཆད་དོ། །དྲུག་པ་ཧེ་རུ་ཀ་གསུམ་གྱི་སྔགས་ནི། ཨོཾ་ཏྲཱེ་སཱོ་ལོཀྱ་ཞེས་པ་ནས་ཕྱག་དྲུག་པའི་བར་དུ་ཁོང་སྡོམ་ནི་སྔ་མ་བཞིན་ཏེ། ཨོཾ་ཏཱེ་ལོཀྱ་ཀྵེ་པ་ནི། འཇིག་རྟེན་ཁྱབ་པ་ཞེས་པ་ལྟེ་བའི་ཡེ་ཤེས་རྡོ་རྗེ་ཕྱག་གཉིས་པའི་སྔགས་སོ། །ཛྷ་ལ་ཛྷ་ལ་བྷྱོ་ནི། འབར་བ་འབར་བ་ཞེས་འབོད་པ་སྟེ་ཐུགས་རྡོ་རྗེ་ཕྱག་བཞི་པའི་སྔགས་སོ། །ཀི་ཊི་ཀི་ཊི་བཛྭ་ནི་རྡོ་རྗེས་ཆོམས་ཤིག་ཆོམས་ཤིག་ཅེས་པ་མགྲིན་པའི་གསུང་རྡོ་རྗེ་ཕྱག་དྲུག་པའི་སྔགས་སོ། །འདི་དག་གི་ངེས་པའི་དོན་ཡང་། བྱང་ཆུབ་ཀྱི་སེམས་ལྟེ་བར་བརྟན་པས་བདེ་བས་ཁྱབ་པ་དང་། སྙིང་ཀར་བརྟན་པས་ཡེ་ཤེས་ཀྱི་སྟོབས་འབར་བ་དང་། སྤྱི་བོར་བརྟན་པས་བདེ་སྟོང་གི་རྡོ་རྗེས་རྟོག་པ་ཐམས་ཅད་འཇོམས་པར་འགྱུར་ཞེས་བྱ་བ་ཡིན་སྙམ་མོ། །བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཨཿཧཱུྃ་ཞེས་པ་གཞི་ལམ་འབྲས་བུ་གསུམ་ཀའི་སྐབས་སུ་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་བྱིན་གྱིས་བརླབ་པའོ། །ངེས་པའི་དོན་ནི། ཨོཾ་རྨི་ལམ་གྱི་རྣལ་འབྱོར། ཧཱུྃ་འོད་གསལ། ཨ་གཏུམ་མོ། ཐ་མལ་པའི་གནས་སྐབས་བཞི་ཟད་པར་བྱེད་པའི་གནད་དོ། །ས་སྦྱང་པ་ནི། ཨོཾ་རཀྵ་ཞེས་པ་གཞི་ཤེས་བྱེད་ཀྱི་ཐབས་དབང་བསྐུར་བའི་སྐབས་སུ་ས་སྦྱང་པའི་སྔགས་སོ། །ལས་ཚོགས་བསྟན་པ་ལ་དྲུག །ལྷ་མོ་བདུན་གྱི་ལས་སྔགས་དང་། ཀུ་རུ་ཀུ་ལླེ་དང་། ཆར་དབབ་པ་དང་། སྤྲིན་ཏྲལ་བ་དང་། སྤྱིའི་ལས་དང་། ལས་བསྒྲུབ་པའི་ལྷ་མོ་བདུན་གྱི་མིང་ངོ་། །དང་པོ་ནི་ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས་བསད་པར་བྱེད་དོ་ཞེས་པའི་བར་འདི་རྣམས་གནས་སྐབས་ཀྱི་འབྲས་བུ་ལས་ཚོགས་བསྒྲུབ་པའི་སྔགས་ཏེ། རེངས་པ་ལ་སོགས་པ་འདི་རྣམས་ཧེ་རུ་ཀ་དང་བདག་མེད་མའི་བསྐྱེད་རིམས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་ལས་བསྒྲུབ་པའི་དུས་སུ་སྔོན་འགྲོ་བླ་མ་དག་པའི་ཆོ་ག་དང་། ཚད་མེད་པ་བཞི་བསྒོམ། དངོས་གཞི་ནི། སྟོང་པ་ཉིད་དུ། བསྒོམས་པའི་ངང་ནས་པད་ཟླའི་གདན་ལས་སོ་སོའི་ས་བོན་ལས་གཟུགས་རྫོགས་པ་དང་། ཡི་གེ་དགོད་པའི་བར་དུ་བྱས་ལ། ཡེ་ཤེས་གཞུག་དབང་བསྐུར་རིགས་བདག་གིས་དབུ་བརྒྱན། སྤྲོས་པ་ལ་དགའ་ན་མཆོད་བསྟོད་བདུད་རྩི་མྱང་པའང་བྱ་སྟེ་སོ་སོའི་སྔགས་ཁྲི་ལ་སོགས་པ་བཟླས་ནས་ལས་སྦྱོར་གྱི་དུས་སུ་ལྷ་མོ་རྡོ་རྗེ་མའི་ང་རྒྱལ་གྱིས་ཨོཾ་ཧཱུྃ་སྭཱ་ཧཱ་ཆེ་གེ་མོ་རེངས་པར་གྱུར་ཅིག་ཅེས་བརྗོད་པས་བསྒྲུབ་བྱ་རེངས་པར་བྱེད་དེ། འདི་ཡི་ས་བོན་ཨཱ། དབུ་བརྒྱན་ནི་རྣམ་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཨི་ལས་ལྷ་མོ་དཀར་མོ་བསྐྱེད་ལ་རིན་འབྱུང་གིས་དབུ་བརྒྱན། ཨོཾ་ཨཾ་སྭཱ་ཧཱ་བཟླས་པས་དབང་དུ་བྱེད་དོ། །ཨཱི་ལས་ཆུའི་རྣལ་འབྱོར་མ་བསྐྱེད་དེ་འོད་དཔག་མེད་ཀྱིས་དབུ་བརྒྱན་ལ་ཨོཾ་ཁྂ་སྭཱ་ཧཱ་བཟླས་པས་སྐྲོད་པར་བྱེད་དོ། །ཨུ་ལས་རྡོ་རྗེ་མཁའ་འགྲོ་མ་བསྐྱེད་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་ཏེ་ཨོཾ་ཛི་སྭཱ་ཧཱ་བཟླས་པས་མི་རྣམས་སྡང་པར་བྱེད་དོ། །ཨ་ལས་བདག་མེད་མ་བསྐྱེད་དེ་མི་བསྐྱོད་པས་དབུ་བརྒྱན་ཏེ། ཨོཾ་བུྂ་སྭཱ་ཧཱ་མངོན་སྤྱོད་དེ་རིམས་ཀྱིས་འདེབས་སོ། །ཨཱོ་ལཱ་ས་སྤྱོད་མ་བསྐྱེད་དེ་རྣམ་སྣང་གིས་དབུ་བརྒྱན་ཏེ་ཨོཾ་ཧཱུྃ་སྭཱ་ཧཱ་བཟླས་པས་འགུགས་པར་བྱེད་དོ། །ཨོཾ་ལས་མཁའ་སྤྱོད་མ་བསྐྱེད་དེ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ལ་ཨོཾ་གྷུ་སྭཱ་ཧཱ་བཟླས་པས་གསོད་པར་བྱེད་དོ། །འདི་ནི་དྲང་པའི་དོན་ཏོ། །འདིའི་ངེས་པའི་དོན་ནི། རྣལ་འབྱོར་པས་སྲོག་རྩོལ་གྱི་སྦྱོར་བས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་རླུང་གིས་ནང་དུ་རྣམ་པར་རྟོག་པ་རེངས་པ་ལ་སོགས་པའི་ལས་བྱེད་ལ། དེ་བརྟན་པའི་ཡན་ལག་ཏུ་ཕྱིར་ཡང་། དབྱུང་པ་ཡིས་ནི་ལྟུང་པར་བྱེད་ཞེས་བཱི་རིམ་པས་འབྱུང་བའི་ཡི་གེ་ཧཱུྃ་ཨྂ་ཁྂ་ཛྭིྂ་བྷུྂ་ཧཱུྂ་གྷུའི་ས་བོན་ཙམ་གྱིས་འགྲུབ་པར་བྱེད་དོ། །འབུམ་ལྔ་ལས། ས་ཆུ་མེ་རླུང་སྟོང་པ་དང་། །ཡེ་ཤེས་དཀྱིལ་འཁོར་ཡང་དག་སྦྱོར། །རེངས་པ་ལ་སོགས་ལས་རྣམས་ནི། །བསྒྲུབ་པ་མཆོག་གིས་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྒྱ་གསུངས་སོ། །ཀུ་རུ་ཀུ་ལེའི་སྙིང་པོ་ནི། ཨོཾ་ཀུ་རུ་ཀུ་ལླེ་ཧྲི་སྭཱ་ཧཱ་འདི་ནི་དབང་ལ་སོགས་པའི་ལས་བྱེ་བྲག་པ་རྣམས་ཐོགས་པ་མེད་པར་འགྲུབ་པས་ན་འདིར་བསྟན་ཏེ་བསྐྱེད་རིམས་ནི་ལེའུ་བཅུ་གཅིག་པར་འཆད་དོ། །ངེས་དོན་ནི། རྣལ་འབྱོར་ཅན་གྱི་དཔྲལ་བར་ཨཱོཾ་ལྕེ་ལ་ཧྲི། ལྐོག་མར་ཀུ། སྙིང་ཀར་རུ། ལྟེ་བར་ཀུ། གསང་པར་ལླེ། བཀོད་ལ་དབུགས་བཀང་པས་གནས་དེ་དག་བཅིངས་སྟེ་རླུང་གི་བཟླས་པ་འབུམ་བྱས་ན་ལས་ཐམས་ཅད་འགྲུབ་སྟེ་ཕྲེང་པ་བསྐྱོད་པ་ནི་མ་ཡིན་ནོ་ཞེས་འགྲེལ་ཆེན་ལས་སོ། །ཕྱག་བཅུ་དྲུག་པའི་ལས་ཆར་དབབ་པ་ནི། ཨ་ཕུ་ཞེས་པ་ནས་ཆར་དབབ་པའི་ཆོ་གའོ་ཞེས་པའི་བར་གྱིས་བསྟན་ཏེ། འདི་མན་ཆད་གནས་སྐབས་ཀྱི་འབྲས་བུ་ལས་ཀྱི་ཚོགས་སུ་འདུས་ཏེ་དེ་ལས་ཆར་དབབ་པ་འདི་ནི་འཕྲིན་ལས་ཕྲན་ཚེགས་པ་སྟེ། དེ་ཡང་བརྟན་པ་ཐོབ་པ་གཅིག་གིས་ཆར་པའི་སྔགས་འདི་ཁྲི་ཕྲག་ཙམ་བཟླས་ནས་འབེབས་པའི་དུས་སུ། ཆུ་ཕ་རོལ་ཚུ་རོལ་གྱི་སའམ་ས་ཞག་གམ། གྲོག་མཁར་རམ། བ་གླང་གི་ལྕི་བ་ལ་རོ་སྟོད་མི་རོ་སྨད་སྦྲུལ་མཇུག་འཁྱིལ་བ་མགོ་བོ་ལ་སྦྲུལ་གྱི་གདེངས་ཀ་ལྔའམ་བདུན་ཡོད་པ་ལག་ན་རིན་པོ་ཆེའི་བུམ་པ་ཐོགས་པའི་གཟུག་བརྙན་གཅིག་བྱས་ལ་བདུད་རྩི་ལྔས་ནི་བྱུག །ཁམ་ཕོར་ཁ་སྦྱར་དུ་ནི་གཞག །བ་ནག་མོའི་འོ་མས་ནི་བཀང་། མེ་ཏོག་ནག་པོས་ནི་མཆོད། ཀླུ་འདུལ་བར་བྱེད་བའི་ཁུ་བ་ཅེས་པ་ཀླུ་ཞ་ཉེ་ནག་པོ་ལ་ཟེར། དེ་མཁན་བས་འདུལ་བས་དེ་ཡིས་ནི་བྱུག །གླང་པོ་ཆེའི་ཆང་གིས་ནི་ཅེས་བ་གླང་མོ་ལ་ཞུགས་པའི་དུས་སུ་རྣ་བའི་རྩ་ནས་དྲེགས་པའི་རྔུལ་ཆང་ལྟ་བུ་བྱུང་བ་དེས་མགོ་བོ་བྱུག་ལ་གཞག་ལ། ཨ་ཕུ་ཅེས་པ་ཨ་ཡིས་སྟོང་པ་ཉིད་དུ་བསམ། ཕུ་ཡིས་ཀླུའི་རྒྱལ་པོ་མཐའ་ཡས་སུ་བསྐྱེད། ཀླུ་རྒྱལ་པོ་མཐའ་ཡས་ཀྱི་རང་བཞིན་གཅིག་སྤྱན་དྲང་ལ་གཉིས་སུ་མེད་པར་བསྟིམས་ལ། དེ་ནས་གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པ་སྔོན་པོས་རྒྱ་གྲམ་དུ་དཀྲིས་ལ་རླུང་གི་ཕྱོགས་སུ་རྫིང་བུ་བྱས་ལ་དེར་མཐའ་ཡས་གཞག་གོ །དེའི་འགྲམ་དུ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བཞེངས་པར་བྱ་སྟེ། བྲི་བའི་ཚོན་ནི། དུར་ཁྲོད་ཀྱི་སོལ་བ་ནི་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་ལ་བསྲེགས་པའི་ཕྱེ་མ་ནི་དཀར་པོ། ལྡོང་རོས་ཀྱིས་ནི་སེར་པོ། དུར་ཁྲོད་ཀྱི་སོ་ཕག་གིས་ནི་དམར་པོ། སོལ་བ་དང་རུས་པའི་ཕྱེ་མ་བསྲེས་པས་ནི་སྔོན་པོ། རྐུན་མའི་ལོ་མ་ནི་ཛཱ་ར་ཅེས་པ་ལྕ་རྒོད་ལྟ་བུ་གཅིག་ཡོད་པ་དང་སྐྱེས་པའི་རུས་ཕྱེ་བསྲེས་པས་ནི་ལྗང་ཁུ་སྟེ་རྡུལ་ཚོན་འདི་རྣམས་ནི་ཚོན་མཆོག་ཡིན་ལ། འབྲིང་པོ་རིན་པོ་ཆེ་ལྔ་འམ། ཐ་མ་འབྲས་ཁ་དོག་བསྒྱུར་བས་དཀྱིལ་འཁོར་བཞེངས་སོ། །དུར་ཁྲོད་ཀྱི་རོ་རས་ཀྱི་སྲད་བུས་ཐིག་གདབ་ཅིང་ཆུ་ཞེང་དུ་དཀྱིལ་འཁོར་ཕྲུ་གསུམ་པ་བྱས་ཏེ་བྲིའོ། །དེ་ལྟར་བཅའ་གཞི་ཐོན་ནས་ཏིང་ངེ་འཛིན་གྱི་རིམ་པ་ནི། གནས་སྐབས་འདིར་བདུད་བཞི་དང་ཕྱོགས་སྐྱོང་གི་གདན་སྤངས་ཏེ་དབུས་སུ་ཀླུའི་རྒྱལ་པོ་མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་ཞལ་བརྒྱད་པ་ཞབས་བཞི་པ་ཕྱག་བཅུ་དྲུག་གིས་བརྒྱན་པ་སྤྱན་ཉི་ཤུ་རྩ་བཞི་བ་ཀླུ་ཐམས་ཅད་འཇིགས་པར་མཛད་པ། གཱཽ་རི་ལ་སོགས་པ་རྣམས་ཀྱིས་ཀླུ་ཆེན་པོ་བརྒྱད་གདན་དུ་བྱས་པ་བསྐྱེད་ནས་བདུད་རྩི་མྱང་བའི་བར་དུ་བྱ་སྟེ། དེ་ནས་སློབ་དཔོན་གྱིས་ནང་གི་མ་རུངས་བའི་སེམས་ཀྱིས་ཀླུ་ཁྱེད་རྣམས་འཇིག་རྟེན་དུ་ཆར་མི་འབེབས་ན་མགོ་འགས་སོ་ཞེས་མ་རུངས་པའི་སེམས་ཀྱིས་སྔགས་བཟླས་ཏེ། འདི་ནི་རྒྱུད་རྐྱང་གི་དབང་དུ་བྱས་སོ། །རྒྱན་འདྲ་ལས་ཀྱེའི་རྡོ་རྗེ་ནི་བདག་བསྐྱེད་ལ། དཀྱིལ་འཁོར་གྱི་དབུས་སུ་ཀླུ་ཆེན་པོ་བརྒྱད་ཀྱི་མཇུག་མ་བསྡུས་ལ་སྟེང་དུ་བྱ་ཁྱུང་བསྐྱེད་དེ། དེའི་སྟེང་དུ་སྟོབས་པོ་ཆེ་ཞལ་བཞི་ཕྱག་བརྒྱད་པ་བསྒོམས་ཏེ་ཀླུ་གཟིར་བར་བསྒོམས་ཞེས་པ་ནི་གུར་ལས་གསུངས་པའི་དོན་ནོ། །ཨོཾ་གྷུ་རུ་ལ་སོགས་པ་གཟུངས་ཀྱི་ཚིག་གོ །ཨ་ནན་ཏ་མཐའ་ཡས། ཀྵོཾ་བྷ་ག་ར་ཡ་གནས་ནས་གཡོས་གཅིག ན་གཱ་ཏི་བ་ཏ་ཡེ་ཀླུའི་བདག་པོ། ཧེ་ཧེ་རུ་རུ་ཀྂ་ཁྲག་འཐུང་གི་བཀའ། སཔྟ་བདུན། པ་ཏ་ལ་རྐང་འོག གྷ་ཏ་ནཾ་ལྟོ་འཕྱེ། ན་གཱ་ཀླུ། ཨ་ཀར་ཤ་ཡ་ཁུག་ཅིག །བྷ་རི་ཤ་ཡ་ཆར་ཕོབ་ཅིག་གར་རྫ་ཡ་ཏ་རྫ་ཡ་སྒྲོགས་ཅིག་གཏོགས་གཅིག ཕུཿབརྒྱད་ནི་ཀླུ་བརྒྱད་ཀྱི་སྲོག་གོ །འདིས་ནི་ཆར་ཆེན་པོ་འབབ་བོ། །གལ་ཏེ་མི་འབབ་ན་དེའི་ཚེ་སྔགས་འདི་སྭཱ་ཧཱ་ཕཊ་ནས་འབྲུ་བཟློག་པ་འམ། ཡང་ན་སྡེ་ཚན་བཟློག་ནས་བཟླས་པས་ཆར་འབབ་བོ། །གལ་ཏེ་མ་བབ་ན་དེའི་ཚེ་ཀླུ་རྣམས་ཀྱི་མགོ་ཨརྫ་ཀ་སྟེ་ཤིང་བལ་གྱི་འབྲས་བུ་ཉི་མས་ཕོག་པ་ལྟར་འགས་སོ། །འདི་ཡི་ངེས་པའི་དོན་ནི། ཨ་ནི་ཙཎ་ཊ་ལི་ལྟེ་བར་གནས་པ། དགྱེས་པའི་རྡོ་རྗེ་ནི་བདག་ཉིད་བསྐྱེད་པའི་རིམ་པ་དང་ལྡན་པས། སྔགས་ནི་རླུང་རྡོ་རྗེའི་བཟླས་པས་ཨ་ལས་གཏུམ་མོ་འབར་བས་ཀླུ་དབང་འབར་བའི་རྩ་བསྐྱོད་དེ་ཧྂ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཆར་བབ་པས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཆར་དབབ་པའོ། །ཕྱག་གཉིས་པའི་ལས་ཀྱིས་སྤྲིན་དྲལ་བ་ནི། ཆར་ཆེས་པ་གཅད་པར་འདོད་ན་མཐའ་ཡས་ཀྱི་གཟུགས་ཡོད་པའི་ཁམ་ཕོར། དུར་ཁྲོད་ཀྱི་ཐལ་བས་བཀང་ལ་བསྒྲུབ་པ་པོ་དུར་ཁྲོད་ཀྱི་རས་ཀྱི་སྟེང་དུ་འདུག་སྟེ་འཇིག་དུས་ལྟ་བུའི་མེ་རླུང་གིས་སྤྲིན་གཏོར་བར་བསམས་ནས་སྔགས་ཁྲི་བཟླས་སོ། །ཨ་རྻ་སྨ་ཤ་ན་པྲི་ཡ་ཡ་ཅེས་པ་འཕགས་པ་དུར་ཁྲོད་ན་དགྱེས་པ་ཞེས་བདེན་པའི་ཚིག་གོ །འདིས་ངེས་དོན་ཡང་གོ་སྟེ་དུར་ཁྲོད་དུ་བོར་བ་ལ་བདག་གི་བ་མེད་པ་བཞིན་དུ། བདག་འཛིན་ཞིག་པ་ལས་ཉོན་མོངས་པའི་སྤྲིན་མེད་པར་འགྱུར་རོ། །ཐུན་མོང་གི་ལས་ལ་བརྒྱད་ལས། དང་པོ་རྡོ་རྗེ་གྲི་གུག་གི་ཆོ་ག་ནི། སྡེ་རེངས་བྱེད་པ་ནི་དོན་ཏེ་ཕ་རོལ་ཞེས་པ་ནས་ཆོ་གའོ་ཅེས་པའི་བར་གྱིས་བསྟན་ཏེ་འདི་ནི་འཕྲིན་ལས་ཆེན་པོའོ། །དགྲའི་དཔུང་གཞིག་པའི་དོན་དུ་ཁ་ཊི་ཀའི་བསྒྲུབ་པ་བཤད་དེ། སྔོན་དུ་བསྙེན་པ་བྱས་ལ་བསྒྲུབ་པ་ནི་ཁ་ཊི་ཀ་ཞེས་པ་ཐོད་ལོ་ཀོར་གྱི་ཀར་བྱལ་ལ་བདུད་རྩི་ལྔ་བསྲེས་ལ་ཀུ་ཐར་ཚིན་ནས་དམ་བྱས་ནས་ལྷན་ཅིག་བཏགས་ལ་རི་ལུ་བྱས་ཏེ་བཛྭ་ཀ་ཏ་རི་ཞེས་པ་རྡོ་རྗེ་གྲི་གུག་གོ །ལས་འདི་ཡིས་དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ཤིང་། སྔོན་དུ་ཨཥྚ་ལྟ་བུ་ལ་བསྙེན་པ་འབུམ་བཟླས་ཏེ། རིལ་ལུ་གྲུབ་པ་དང་། རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་བསྒྲུབ་བྱའི་མགྲིན་པར་བསམས་ནས་རི་མོས་བསྐོར་ཞིང་བཅད་ན་དགྲ་ཐམས་ཅད་ཀྱི་མགོ་མེད་པར་འགྱུར་རོ། །འདི་ནི་བྷིར་བ་པས་བྱས་ཟེར་ཏེ། བྷིར་བ་པས་མྱ་ངན་གྱི་ཐང་ལ་ཚད་པའི་དུས་སུ་རི་དྭགས་གཅིག་འདར་ཕྲི་ལི་ལི་འདུག་པ་མཐོང་ནས་བརྐོས་པས་ཙན་དན་སྦྲུལ་གྱི་སྙིང་པོ་གཅིག་བྱུང་། དེ་ལ་ཧེ་བཛྭའི་སྐུ་གཅིག་བྱ་བར་བཞེད་པ་ལ། རྒྱལ་པོའི་བཙུན་མོས་བདར་ན་སླ་བར་དགོངས་ནས་དགུག་པ་བྱས་ཏེ་བདར་དུ་བཅུག་པས། ལག་པ་ལ་སེར་ག་བྱུང་པས་རྒྱལ་པོས་ཅི་ཉེས་དྲིས་པ་ན། ཀུ་སུ་ལུ་བ་གཅིག་གིས་དབང་མེད་དུ་ཙན་དན་བདར་དུ་བཅུག་པ་ཡིན་བྱས་པས། དེའི་ནུབ་མོ་ཁར་ལི་ཁྲི་བཟུང་ནས་གཏོར་ཞིང་ཕྱིན་པའི་རྗེས་ནང་པར་དཔུང་གི་ཚོགས་ཀྱིས་བཅད་དེ་ཕྱིན་པའི་ཚེ། བྷིར་བ་པས་ཆོ་ག་འདི་བྱས་པས་སྐྲག་ནས་རྒྱལ་པོ་འཁོར་དང་བཅས་པ་ནང་པ་ལ་བཙུད་དོ། །ཞེས་གྲག་གོ །ངེས་དོན་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེ་གྲི་གུག་གིས་རྣམ་པར་རྟོག་པ་གཅོད་པའོ། །གཉིས་པ་ལྷ་དགས་པ་ནི། ལྷ་རྣམས་ནས་ཆོ་གའོ་ཅེས་པའི་བར་འདིར་ཡང་འཕྲིན་ལས་ཆེན་པོ་སྟེ། བརྟན་པ་ཐོབ་པས་ཐིག་ལེའི་ཆོ་ག་བསྒྲུབ་པ་ནི། ཚངས་པའི་ས་བོན་ཞེས་པ་ནི་པ་ལ་ཤའི་འབྲས་བུ་སྐར་མ་རྒྱལ་ལ་བླངས་ལ་ཀུ་ཐ་ར་ཚི་ན་དང་བསྲེས་ནས་ཉི་མ་གཟས་ཟིན་པ་ན་མི་བསྐྱོད་པ་དང་ལྷན་ཅིག་གི་བཏགས་ནས་དགྲ་སྟའི་གཟུགས་བྱས་ཏེ་རྐང་པས་མནན་ནས་རྡོ་རྗེའི་ཐོ་བས་ཁོས་ཤིག་ཞེས་བྱ་བའི་སྔགས་འདི་བྱེ་བ་བཟླས་ཤིང་བསྒྲུབ་ནས་ལས་སྦྱོར་ལ་དེའི་དཔྲལ་བར་ཐིག་ལེ་བྱས་ཏེ་གང་ལ་ཕྱག་བྱས་པ་དེ་འགས་སོ། །འདི་ཡང་བྷིར་བ་པས་གྲུབ་སྟེ་ལྷོ་ཕྱོགས་སུ་མུ་སྟེགས་པ་དུས་མཆོད་བྱེད་པའི་སར་བྱོན་ནས་བཞུགས་པས་ཕྱག་གྱིས་ཟེར་ཕྱག་མི་ཐེག་བྱས་པས་ཅིས་ཀྱང་འཚོལ་ཟེར་ནས་ཕྱག་བྱས་པས་ལྷ་ཚལ་བར་གས་པ་ལ་གསེར་གྱི་ཁྱུད་མོས་དཀྲིས་པ་ད་རུང་ཡང་ཡོད་ཟེར། འདི་ཡང་ངེས་པའི་དོན་དུ་ནི། ཚངས་པའི་ས་བོན་ཧྂ་དང་ཉི་མ་ཨ་ཐུང་དུ་གཉིས་སྒྲ་གཅན་གྱིས་ཟིན་ཏེ་བརྟན་ན་བདག་དུ་འཛིན་པའི་མགོ་བོ་འགས་བར་འགྱུར་རོ། །ལྷ་འགས་པའི་ཆོ་གའོ། །གསུམ་པ་ཚ་བས་གདུང་པ་ནི། ཚ་བ་ནས་འགྲུབ་པོ་ཞེས་པའི་བར་འཕྲིན་ལས་ཕྲན་ཚེགས་ཏེ། བརྟན་པ་ཐོབ་པས་མཆོད་སྦྱིན་གྱི་ལོ་མ་ལ་དུག་དང་སྐེ་ཙེ་དང་ཙི་ཏྲ་ཀའི་ཁུ་བས་དགྲའི་མིང་བྲི་ཞིང་འབྲས་ཕུབ་ཀྱི་མེ་ལ་གདུངས་ཏེ་ཚ་བའི་རིམས་དབབ་པའི་སྔགས་ཁྲི་བཟླས་པས་རིམས་ཀྱིས་འདེབས་པར་འགྱུར་རོ། །འོ་མས་བཀྲུས་ན་ནི་སླར་ཞི་བར་འགྱུར་རོ། །བཞི་པ་ཆད་པ་བསྐྱུག་པ་ནི། སྐྱུག་གོ་ཞེས་པའི་བར་འདི་ཡང་འཕྲིན་ལས་ཕྲན་ཚེགས་ཏེ་བསྒྲུབ་བྱའི་ལྟེ་བར་ཡྂ་ལས་རླུང་གི་རྣམ་པ་བསྒོམ་ཞིང་མྂ་གི་རྣམ་པ་ལས་ཆང་ལྟོ་བར་བསྒོམ་སྟེ་རླུང་གིས་གྱེན་དུ་བཏེགས་ནས་ར་རོ་ཞིང་སྐྱུག་པར་བྱེད་པར་བལྟས་ན་འོ་མ་འཐུངས་པ་ཡང་ཆང་དུ་སྐྱུག་པར་འགྱུར་རོ། །ཨོཾ་ཧེ་བཛྭ་མ་ཏྱ་མུད་གི་ར་ཡ་མྂ་ཧཱུྂ་ཧཱུྂ་ཕཊ་སྭཱ་ཧཱ་བརྒྱ་བཟླས་པས་འགྲུབ་བོ་ཞེས་རྡོ་རྗེ་སྙིང་པོས་སོ། །ལྔ་པ་མྱོས་མ་དགུག་པ་ནི། རབ་ཏུ་ཞེས་པ་ནས་འོང་པར་འགྱུར་རོ་ཞེས་པའི་བར། འདི་ཡང་འཕྲིན་ལས་ཕྲན་ཚེགས་ཏེ། བུད་མེད་མྱོས་མ་དག་དབང་དུ་བྱ་བར་འདོད་པས། མྱ་ངན་མེད་པའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ཤིང་མྱ་ངན་མེད་ཀྱི་འོག་ཏུ་སོང་སྟེ་གོས་དམར་པོ་བགོས་ནས་ཤིང་ཐོག་མྱོས་བྱེད་ཀྱི་འབྲས་བུ་ཟ་ཞིང་། ཀ་ཀ་མ་ཙི་ཀ་ཞེས་པ་རྒྱ་སྐགས་ཀྱི་ཁུ་བས་དཔྲལ་བར་ཐིག་ལེ་བྱས་ཏེ་སྔགས་བཟླས་ལ་ཆེ་གེ་མོ། དཔང་དུ་གྱུར་ཅིག་ཅེས་པའི་སྔགས་འདི་ཀུ་རུ་ཀུ་ལླའི་རྣལ་འབྱོར་དང་ལྡན་པས་ཁྲི་བཟླས་ན་དབང་དུ་འགྱུར་རོ། །དྲུག་པ་ཉི་ཟླ་གཟུང་བ་ནི། ཟླ་བ་ཞེས་པ་ནས་ཆོ་གའི་ཡི་བར་འདི་ཡང་འཕྲིན་ལས་ཕྲན་ཚེགས་པ་སྟེ། ས་ལུ་བཏགས་པ་ལ་ཉི་མ་དང་ཟླ་བ་གང་འཛིན་པའི་གཟུགས་བྱས་ཏེ་མིའི་རྐང་མར་དུ་ཁུར་བ་བྱས་ལ་རྡོ་རྗེ་དྲི་ཆུའི་ནང་དུ་བཙོས་ཏེ་ལས་སྦྱོར་གྱི་དུས་སུ་ཉི་གྲིབ་ཀྱི་འཚམས་སུ་བཞག་ལ། ཨ་ཀ་མ་ཙ་ལ་ཏིཥྚ་ཞེས་པ་ཉི་ཟླ་མ་བསྐྱོད་བརྟན་པར་གྱིས་ཞེས་པའི་སྔགས་འདི་བྱེ་བ་ཕྲག་བདུན་བཟླས་ཏེ་བསྒྲུབས་ན་ཉི་མ་དང་ཟླ་བ་ཅི་སྲིད་འདོད་པའི་བར་དུ་གནས་ཤིང་ཉིན་མཚན་གྱི་བྱེ་བྲག་མེད་པར་འགྱུར་རོ། །འདི་ཡང་བྷིར་བ་པས་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །བདུན་པ་པྲ་དབབ་པ་ནི། ན་གྲ་ཞེས་པ་ནས་རྡོ་རྗེ་སྐར་མའི་བར་འདི་ཡང་འཕྲིན་ལས་ཕྲན་ཚེགས་ཏེ། བརྟན་པ་ཐོབ་པས་ན་གྲ་ཞེས་པའི་སྔགས་འདི་སྔོན་དུ་ཁྲི་ཕྲག་གཅིག་བཟླས་ལ་དུས་མ་ཡིན་པར་ཆོམ་རྐུན། ངོས་བཟུང་པའི་དོན་བསྒྲུབ་པའི་ཕྱིར་གཞོན་ནུ་མ་གཙང་མའི་མིག་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས། ལྷར་བསྐྱེད་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ཅིང་། ངའི་དོན་བྱེད་དགོས་སོ་ཞེས་སྙན་གསན་དབབ་བོ། །ལས་སྦྱོར་ནི་མར་ངོའི་བཅུ་བཞི་པ་སྟེ་ཉི་ཤུ་དགུ་འམ། བརྒྱད་པ་ཉི་ཤུ་གསུམ་གྱི་སྔ་བར་བུམ་པ་ཆུས་བཀང་པ་དང་། ལས་སོགས་ནི་ཚིལ་ཆེན་གྱི་མར་མེ་དང་མེ་ལོང་བཞག་ཅིང་། འབྲུ་མར་དང་རྒྱ་སྐགས་ཀྱི་ཁུ་བ་ལ་ཨོཾ་ནཱ་གྲ་ནཱ་གྲ་ན་ནཱ་ཀུ་མ་རི་ཀེ་ཏེ་བྱ་ལོ་ཙ་ནེ་ཧེ་བཛྭ་ཡ་སྭཱ་ཧཱ་ཞེས་པའི་སྔགས་འདི་ཉིད་ལན་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་མངོན་པར་བསྔགས་པས་རྒྱ་སྐགས་གྱི་ཁུ་བ་དེ་གཡོན་པའི་མཐེ་འོང་རྒན་པོ་ལ་བསྐུས་ནས་སྟེང་དུ་འབྲུ་མར་གྱིས་བྱུགས་ལ་དེ་གཞོན་ནུ་མ་ལ་བསྟན་ཏེ་དེ་ལ་སེམས་གཏོད་དུ་བཅུག་པས་པྲ་འབབ་བོ། །ཕེབས་པ་དང་ངའི་རྫས་སུས་ཁྱེར་སྨྲོས་གཅིག་ཅེས་བརྗོད་པས་དེ་སྨྲ་བར་འགྱུར་ཏེ་ཆེ་གེ་མོ་ཞེས་བྱ་བས་ཁྱེར་རོ། །འདི་ནི་འགྱུར་བ་མེད་པའི་ཕྱིར་རྡོ་རྗེའི་སྐར་མའོ། །བརྒྱད་པ་དུད་འགྲོ་ལྔ་བསྐྲད་པ་ནི། བེ་རུ་ཡ་ལ་སོགས་པ་རྣམས་ཏེ། འདི་དག་ནི་རིག་པ་བརཏལ་ཤུགས་ཀྱི་སྐབས་སུ་ནགས་སུ་རྒྱུ་བ་ལ་དུད་འགྲོ་འདི་དག་གི་གནོད་པ་བཟློག་པའི་དོན་དུ་ཡིན་ནོ་ཞེས་ཟེར་རོ། །སྔགས་འདི་དག་ལྷའི་རྣལ་འབྱོར་དང་ལྡན་པས་དེ་ཉིད་ལྔའི་བར་དུ་བཅུག་ལ། སྔོན་དུ་ཅི་རིགས་པ་བཟླས་ཏེ། དངོས་གཞི། བེ་རུ་ཡ་བེ་རུ་ཡ་ཞེས་བརྗོད་ན་གླང་པོ་ཆེ་འབྲོས་པར་འགྱུར་རོ། །མྨ་མ་མཱ་མཱ་ཞེས་བརྗོད་ན་སྟག་བྲོས་པར་འགྱུར་རོ། །ཏེ་ལི་ཡ་ཏེ་ལི་ཡ་ཞེས་བརྗོད་ན་བསེ་བྲོས་པར་འགྱུར་རོ། །ཨེ་ལི་མེ་ལི་ཕུ་ཕུ་ཞེས་བརྗོད་ན་སྦྲུལ་བྲོས་པར་འགྱུར་རོ། །ཨོཾ་ཤྭ་ན་ཏིཥྚ་ཏིཥྚ་ཧེ་བཛྭ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་ནོར་སྐྱོང་འདུལ་བའི་ཕྱག་རྒྱ་ནི། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་གྲོང་ཁྱེར་དུ་གླང་པོ་ཆེ་བཏུལ་བའི་ཕྱག་རྒྱ་སྟེ། སོར་མོ་ལྔ་གདེངས་བ་ལ་བསྟན་པས། ཁྱི་བྲོས་པར་འགྱུར་རོ། །རྒྱུ་མཚན་དེས་ཏིང་ངེ་འཛིན་ཡང་གོ་སྟེ་སོར་མོའི་རྩེ་ལ་སེང་གེ་རལ་པ་ཅན་ལྔ་བསྒོམས་ཏེ་གོང་གི་སྔགས་རྣམས་བརྗོད་པ་ཡིན་ནོ་སྙམ་མོ། །འདི་རྣམས་ཀྱི་ངེས་པའི་དོན་ཡང་མན་ཏྲའི་སྒྲ་ལས་ཡིད་སྐྱོབ་པའི་དོན་ཡིན་པར་རིག་པར་བྱའོ། །ལས་བྱེད་པའི་ལྷ་མོ་བདུན་བསྟན་པ་ནི། རྡོ་རྗེ་མ་ལ་སོགས་པ་སྟེ་འདི་རྣམས་ནི་སྔར་བསྟན་པ་བཞིན་དུ་བསྐྱེད་ཅིང་སྔགས་དང་བཅས་པས་རེངས་པར་བྱེད་པ་ལ་སོགས་པའི་ལས་བྱེད་དོ། །ལེའུ་ཡི་མཚན་ནི། བརྗོད་པའི་སྔགས་དང་དོན་གྱི་སྔགས་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལྷའི་ལེའུ་འདི་ཡང་། བརྗོད་པར་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཞེན་པ་སྤང་པའི་དོན་དུ་ལྷའི་སྐུ་བསྒོམ་པའོ། །བརྗོད་བྱེད་ནི་དེ་སྟོན་པར་བྱེད་པའི་ངག་ལེའུ་འདི་དང་ལྷ་དབང་བསྐུར་བ་དང་། བརྒྱད་པ་དང་། ཧེ་རུ་ཀ་འབྱུང་བ་རྣམས་ཀྱིས། ཧེ་རུ་ཀ་བཞི་དང་བདག་མེད་མའི་བསྐྱེད་རིམས་སྟོན་ཏོ། །འབྲེལ་ནི་གོང་གི་སྔགས་ལ་ལྷའི་རྣལ་འབྱོར་དང་ལྡན་དགོས་པས་དེ་བསྟན་ཏོ། །མདོར་བསྟན་ནི་ལེའུ་དང་པོར་ལྷ་རྣམས་ཇི་ལྟར་འབྱུང་བ་པོ་ཞེས་པའི་དོན་ལེའུ་འདིས་རྒྱས་པར་འཆད་ལ། མངོན་པར་རྟོགས་པའི་འབྲེལ་ནི། མངལ་སྐྱེས་དང་། སྒོང་སྐྱེས་དང་། བརྫུས་ཏེ་སྐྱེས་པའི་བསྐྱེད་རིམས་མ་ཚང་བ་མེད་པར་སྟོན་པའོ། །འདི་ལ་བརྡའི་ལྷ་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཧེ་རུ་ཀ་བཞི་ཡིན་ལ། ངེས་དོན་དུ་ནི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའི་རིམ་པ་ལུས་ལས་བྱུང་བའི་རྩ་རླུང་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་དང་བཅས་པ་གསུངས་པ་ཡིན་ནོ། །དེ་ལས་རེ་ཤིག་རྡོ་རྗེ་རྣམ་པ་བཞི་དང་། ཆོ་ག་གསུམ་དང་། མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པའི་ཆོ་ག་སྟོན་པ་ལ་གསུམ་སྟེ། མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མིང་ངོ་། །དང་པོ་ནི་སྔགས་གསུངས་པ་དེ་མ་ཐག་པ་ནས། ཕྱི་རོལ་དུ་དྲག་པོ་རྣམས་འདུལ་བར་བྱེད་ཅིང་། ནང་དུ་ལྷན་ཅིག་སྐྱེས་པའི་སྣང་བ་ལས་ཤར་བའི་ལྷ་སྟོན་པའི་ལེའུ་གསལ་བར་བཤད་པར་བྱའོ། །གཞུང་ལ་ཧེ་རུ་ཀ་བསྐྱེད་པ་ཐུན་མོང་གི་ཆོ་ག་དང་། སོ་སོའི་ཆོ་ག་གཉིས་ལས། དང་པོ་ལ་གསུམ་ལས་རྡོ་རྗེ་རྣམ་བཞི་ནི། དང་པོ་ཞེས་པ་ནས་ཡིག་འབྲུ་དགོད་ཞེས་པའི་བར་གྱིས་གསུངས་ཏེ་ཉམས་སུ་ལེན་པའི་རིམ་པ་ནི། གནས་དབེན་པར་མཆོད་པ་ལ་སོགས་པ་བཤམས་ཏེ་སྟན་བདེ་བ་ལ་འདུག་ནས། ཁ་ལག་དག་པར་བྱས་ཏེ། སྔོན་དུ་བླ་མ་དག་པའི་ཆོ་ག་བྱས་ལ། དང་པོར་ཚད་མེད་པ་བཞི་དང་སྟོང་པ་ཉིད་དུ་བསྒོམ། གཉིས་པ་ས་བོན་བསྡུ་བ་དང་། གསུམ་པ་གཟུགས་བརྙན་རྫོགས་པ་དང་། བཞི་པ་ཡིག་འབྲུ་དགོད་པའི་བར་དུ་བྱས་ལ་ཡེ་ཤེས་དགུག་གཞུག་དང་དབང་བསྐུར་བ་དང་མཆོད་བསྟོད་བདུད་རྩི་མྱང་པ་བྱས་ནས་ཐུན་བསྡུ་བའི་རིམ་པ་འདི་ནི་རྡོ་རྗེ་རྣམ་བཞི་ཞེས་བྱའོ། །འདི་དག་གི་ཚིག་གི་དོན་ནི། དང་པོར་ཚད་མེད་པ་བཞིའི་དང་པོར་བྱམས་པ་ནི་མཱེ་ཏྲི་ཅེས་པ་བརྩེ་བས་འཛིན་པས་ན་བྱམས་པ་དེ་བསྒོམ་པར་བྱ། བྱམས་པ་ལ་ལྟོས་ན་གནས་སྐབས་གཉིས་པར། སྙིང་རྗེ་ནི་ཀ་རུ་ན་ཅེས་པ་ཀ་སུ་ཀ་བདེ་བ། རུ་རུ་ན་འགོག་པ་བདེ་བ་འགོག་པས་ན་སྙིང་རྗེ་དེ་བསྒོམ་པར་བྱ། ཚད་མེད་བཞི་གནས་སྐབས་གསུམ་པར་བདེ་བ་དང་མི་འབྲལ་བར་དགའ་བའི་དགའ་བ་བསྒོམ། ཚད་མེད་པ་ཞི་པོ་ཀུན་གྱི་ཐ་མར་ཨུ་བེ་ཀ་ཅེས་པ་ཀུན་ལ་སྙོམས་པས་ན་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལ་དགོས་པ་ཅི་ཡོད་ན་མུ་སྟེགས་ལས་ཁྱད་པར་དུ་བྱ་བ་དང་། མར་མེ་ཤི་བ་ལྟ་བུའི་མྱང་འདས་སུ་འགྲོ་བ་དགག་པའོ། །དེ་ནས་ཡང་རྟག་པའི་མཐའ་བསལ་བའི་ཕྱིར་སྟོང་པའི་བྱང་ཆུབ་བསྒོམ་པར་བྱ་སྟེ་གཟུང་བ་དང་འཛིན་པ་དཔྱད་བཟོད་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྟོང་ཞིང་དག་པ་བསྒོམ་མོ། །དེ་ནས་གཉིས་པ་ལ་ས་བོན་བསྡུ་བ་ནི། སྟོང་པའི་ངང་ལས་པད་མ་དང་ཉི་ཟླའི་གདན་ལ་གནས་པའི་ཧཱུྃ་གི་ས་བོན་ལས་འོད་ཟེར་སྤྲོ་ཞིང་བསྡུ་བའོ། །གསུམ་པ་ལ་གཟུགས་བརྙན་རྫོགས་པ་ནི་ས་བོན་ལས་ཧེ་རུ་ཀ་བཞི་པོ་གང་བསྒོམ་པ་དེ་ཉིད་ཀྱི་སྐུར་རྫོགས་པ་སྟེ་འདི་ནི་བརྫུས་ཏེ་སྐྱེས་པ་དང་ཡང་མཚུངས་པ་ཉིད་དོ། །བཞི་པ་ལ་ཡིག་འབྲུ་དགོད་པ་ནི། རང་གི་སྙིང་ཀར་ས་བོན་དམིགས་ཏེ་ཧེ་རུ་ཀ་རྫོགས་པའི་བར་དུ་བསྒོམ་པར་བྱའོ། །གཉིས་པ་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ་ལ་གཉིས། རྟེན་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསྲུང་བའི་འཁོར་ལོ་དང་། གཞལ་ཡས་ཁང་ངོ་། །དང་པོ་ནི་རེ་པ་ཅེས་པ་ནས་བསྒོམ་པ་ཉིད་ཞེས་པའི་བར་གྱིས་བསྟན་ཏེ། སྔ་མ་བཞིན་དུ། བླ་མ་དག་པའི་ཆོ་ག་དང་། ཚད་མེད་པ་བཞི་དང་། སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། དེ་ནས་བསྲུང་པའི་འཁོར་ལོ་བསྒོམ་པ་ནི་རེ་བ་ནི་ཉི་མའི་མིང་ཡིན་པས་ཐོག་མར་ཉི་མ་བསྒོམས་ལ་དེ་ཉིད་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྂ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་དང་། ར་བ་དང་། གུར་དང་བླ་རེ་མེ་དཔུང་གིས་འཚམས་བཅིང་པ་དང་བཅས་པ་ཡང་རྣམ་པར་བསྒོམ། རྣམ་པར་རྟོག་པ་ཤས་ཆེ་བས་ནི་ཁྲོ་བོ་བཅུའི་བསྲུང་འཁོར་གུར་ལས་གསུངས་པ་བཞིན་བསྒོམ་མོ། །གཞལ་ཡས་ཁང་བསྐྱེད་པ་ནི། དང་པོར་རོ་ནི་ཅེས་པའི་ཚིགས་སུ་ཅད་པ་གཅིག་སྟེ། འདི་ལ་ཡང་འབྱུང་བ་རིམས་བརྩེགས་བསྒོམ་པ་དང་མི་བསྒོམ་པའི་ལུགས་གཉིས་ལས། བསྒོམ་ན་བསྲུང་འཁོར་གྱི་ནང་དུ་ཨེ་ལས་ཆོས་འབྱུང་ཕྱི་དཀར་བ་ནང་དམར་བ། དེའི་ནང་དུ་བྂ་ལས་པད་མ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པྂ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། པྂ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། རྂ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། ཡྂ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ། བྷྲུྂ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ཐམས་ཅད་ཞུ་ནས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཀྱི་ཁང་པ། དེའི་དབུས་སུ་དང་པོར་པད་མ་འདབ་མ་བརྒྱད་པའི་སྟེང་དུ། བདུད་བཞི་རྣམ་པར་དག་པའི་རོ་དང་ཕྱོགས་སྐྱོང་གི་གདན་བསྒོམས་ཏེ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །དེའི་སྟེང་དུ་རྣལ་འབྱོར་པ་ནི་ན་ད་དེ་གནས་པ་ལས་དཔལ་ཧེ་རུ་ཀ་ཉིད་དུ་རྣམ་པར་བསྒོམ་མོ། །འདི་ནི་བྱང་ཆུབ་ཆེན་པོའི་སེམས་ཀྱི་རང་བཞིན་ནོ། །བརྟེན་པ་ལྷ་བསྐྱེད་པ་ལ་གསུམ། ས་བོན་དང་། ཕྱག་མཚན་དང་། སྐུ་རྫོགས་པར་བསྐྱེད་པའོ། །དང་པོ་ནི། རང་གི་སྙིང་ཀར་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། རང་ཉིད་ཀྱི་སྙིང་ཀར་ནི་ན་དའི་གཟུགས་ཀྱི་དབུས་ལས་རེ་པ་སྤྲོས་ཤིང་བསྒོམ་པ་དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་དེར་ནི། ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་གི་རྣམ་པ་ཉིད་དུ་ཡོངས་སུ་གྱུར་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་ཅན་དུ་བསྒོམ་མོ། །གཉིས་པ་ཕྱག་མཚན་ནི། ཧཱུྃ་དེ་ལས་འོད་ཟེར་འཕྲོས་ཤིང་འདུས་པ་ལས། བྱུང་བའི་རྡོ་རྗེ། ཆོས་ཉིད་མི་འགྱུར་བའི་རྟགས་སུ་ཁ་དོག་ནག་པོ་སྟེ། རྩེ་ལྔ་པ་ཅུང་ཟད་གྱེས་པའི་རྣམ་པའོ། །རྡོ་རྗེ་དེ་ཉིད་ཀྱི་ལྟེ་བའི་དབུས་ནའང་སྔར་ལྟ་བུའི་ཧཱུྃ་གིས་མཚན་པར་བསྒོམ་མོ། །གསུམ་པ་སྐུ་རྫོགས་པར་སྐྱེད་པ་ནི་ཧཱུྃ་གི་རྣམ་པ། ཞེས་པ་ནས་རྣམ་པར་བསྒོམ་ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་ཧཱུྃ་གིས་མཚན་པ་དང་བཅས་པ་དེ་ཡོངས་སུ་གྱུར་པ་བལྟས་ནས་ཞེ་སྡང་རྣམ་པར་དག་པ་དཔལ་ཧེ་རུ་ཀའི་རྣམ་པར་བསྒོམ་མོ། །དེ་ཉིད་ཅི་འདྲ་ན་རྡོ་རྗེ་སྐྱེ་བ་མེད་པའི་ཡེ་ཤེས་ལས་བྱུང་པའི་ཐུགས་བྱམས་པ་མི་འགྱུར་བས་ན་ནག་པོ། ཡོན་ཏན་གྱིས་ཆེ་བ་འདམ་ལས་སྐྱེས་པའི་པད་མ་སྔོན་པོ་འདྲ་བའི་མདོག་ཅན། ཡང་ན་སྔོ་བ་ལ་དམར་བའི་མདངས་ཆགས་པས་ཉི་མའི་འོད་ལྟར་འབར་བ། དད་པས་ཡང་དག་པའི་སྐུ་ཅན་དུ་ངེས་པར་རྣམ་པར་བསྒོམ་མོ། །དེ་ལ་ཡིག་འབྲུ་དགོད་པ་དང་། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་ལ་མཆོད་བསྟོད་བདུད་རྩི་མྱང་པའི་བར་དུ་བྱ་བ་འདི་ནི་ཆོ་ག་གསུམ་གྱིས་བསྐྱེད་པའི་རིམ་པའོ། །གསུམ་པ་མངོན་བྱང་ལྔ་ཡིས་བསྐྱེད་པའི་རིམ་པ་ནི། སྔོན་འགྲོ་དང་། དངོས་གཞི་གཉིས་ལས། དང་པོ་ནི། ནམ་མཁར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞིས་སྟོན་ཏེ། འདི་ཉིད་ཀྱི་བསྒོམ་པའི་རིམ་པ་ཡང་། གནས་དབེན་པར་བསྟན་བདེ་བ་ལ་འདུག་སྟེ་རང་གི་སྙིང་ཁར་པད་མ་དང་ཉི་མའི་སྟེང་དུ་གནས་པའི་ཧཱུྃ་སྔོན་པོ་བསྒོམ་ཏེ་དེའི་འོད་ཀྱིས། ནམ་མཁར་རྗེ་བཙུན་ཅེས་པ་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བལྟས་ནས། རྡོ་རྗེ་སྐྱེ་བ་མེད་པའི་ཡེ་ཤེས་དང་། ཐབས་སྙིང་རྗེ་ཆེན་པོ་དབྱེར་མེད་པ་ལས་བྱུང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། མཆོད་པའི་བྱེ་བྲག་དུ་མ་འཛིན་པའི་ལྷ་མོ་བརྒྱད་པོ་རྣམས་ཀྱི་རྣམ་པ་དཔག་ཏུ་མེད་པ་སྤྲོས་ལ་ཕྱག་འཚལ་ཏེ་མཆོད་པ་ནི་གཱཽ་རིས་རི་དྭགས་ཀྱི་མཚན་མ་ཅེས་པ་བྱང་ཆུབ་ཀྱི་སེམས་དཀར་ཆ་འཛིན་པ། ཙོ་རི་བདུད་ལས་རྒྱལ་བ་ཅེས་པ་དམར་ཆས་བཀང་པའི་སྣོད་ཐོགས་པ། རོ་ལངས་མས་རྡོ་རྗེ་དྲི་ཆུའི་སྣོད་ཐོགས་པ། གྷ་སྨ་རིས་ནི་སྨན་ཅེས་པ་རྡོ་རྗེ་དྲི་ཆེན་འཛིན་ཅིང་། པུ་ཀ་སེས་ནི་རྡོ་རྗེ་ནི་མན་ཛ་ཅེས་པ་དབུས་གནས་ཀྱི་བཅུད་འཛིན་པ་འདི་རྣམས་ནི་བདུད་རྩི་ལྔའི་ནང་གི་མཆོད་པའོ། །དེ་བཞིན་དུ་རི་ཁྲོད་མས་ནི་རོ་སྣ་ཚོགས་ཀྱི་སྣོད་འཛིན་ཅིང་། གདོལ་པ་མོ་ནི་ཅང་ཏེའུ་བརྡུང་པ་ལ་སོགས་པའི་ཕྱི་རོལ་གྱི་མཆོད་པའི་རྣམ་པ་འདི་རྣམས་ཀྱིས་ཀྱང་དཀྱིལ་འཁོར་གྱི་གཙོ་བོ་མཆོད་དོ། །གཞན་ཡང་འདོད་ཆགས་ཆེན་པོའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རྗེས་སུ་ཆགས་པས། གཡུང་མོས་བཅོམ་ལྡན་འདས་ཀྱི་སྐུ་ལ་འཁྱུད་པའི་ཚུལ་ཉིད་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། བྱམས་པ་ལ་སོགས་པ་སྔར་བསྟན་པའི་ཚད་མེད་པ་བཞི་དང་། སྟོང་པ་ཉིད་བསྒོམ་པ་དང་རཾ་ལས་ཉི་མ་ལ་སོགས་པའི་བསྲུང་འཁོར་བསྒོམས་ནས་ཕོ་བྲང་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དུ་བསྒོམ་མོ། །དེ་ནས་དངོས་གཞི་མངོན་བྱང་ལྔས་བསྐྱེད་པ་ནི། ཨ་ལི་ཟླ་བ་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། ཨ་ལི་བཅུ་དྲུག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ཀྱིས་མཚན་པ་ཤེས་རབ་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། ཀ་ལི་ལས་སྔ་མའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱིས་མཚན་པ་ཐབས་ཀྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ། དེ་གཉིས་ཁ་སྦྱར་བའི་དབུས་སུ། ས་བོན་གྱི་རང་བཞིན་ན་ད་དེ་ནང་དུ་སོན་པ་ལས་ཡི་གེ་ཧཱུྃ་དུ་གྱུར་པ། དེ་ཡོངས་སུ་གྱུར་པ་ལས་སྔར་བསྟན་པ་ལྟ་བུའི་རྡོ་རྗེ་ཁ་དོག་ནག་པོ་འཇིགས་པ་ཆེན་པོའི་རྣམ་པར་བསྒོམ་མོ། །འདི་ཉིད་ནི་སེམས་དཔའ་ཆེན་པོ་སྟེ་བདེ་སྟོང་གཉིས་སུ་མེད་པའི་རྡོ་རྗེ་འཆང་དུ་བརྗོད་པས། རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་ཡིན་པས་ཨ་ནུ་ར་ག་ལ་སོགས་པའི་སྔགས་མ་བརྗོད་ཀྱང་། མཆོག་དུ་དགའ་བ་ཟག་མེད་ཀྱི་བདེ་བའི་རོས་གང་པའི་རང་བཞིན་ཅན་ཡིན་པས་སྒོང་སྐྱེས་ཀྱི་དབང་དུ་བྱས་པའི་རྗེས་ཆགས་རྡོ་རྗེ་འཆང་གི་ཡན་ལག་ཏུའང་འགྱུར་ཏེ། འདི་ཡང་ས་བོན་དང་ཕྱག་མཚན་སོ་སོར་རྟོག་པའི་རང་བཞིན་ནོ། །སྐབས་འདི་ནས་འཁོར་གྱི་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཡང་སྤྲོས་ཏེ་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔའི་ངོ་བོར་ཡང་བསྒོམ་མོ། །དེ་ནས་སྔར་བསྟན་པའི་གཉིས་པ་ལ་ས་བོན་བསྡུ་བ་བཞིན་དུ། ནམ་མཁའི་དཀྱིལ་འཁོར་ཁྱབ་པའི་རང་གི་ཁ་དོག་དང་མཚུངས་པའི་འོད་ཟེར་སྔོན་པོ་སྤྲོས་ལ་སེམས་ཅན་གྱི་དོན་བྱས་ཤིང་སླར་བསྡུས་ནས་སྙིང་ཁར་ཞུ་ཞིང་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཡོངས་སུ་གྱུར་པ་ལས་གཟུགས་བརྙན་རྫོགས་པར་འགྱུར་ཏེ། སྔར་བསྟན་པའི་ཧཱུྃ་གི་རྣམ་པ་འགྱུར་བལྟས་ནས། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ་ཞེས་པ་ལ་སོགས་པ་གསུངས་བ་བཞིན་དུ། རྣལ་འབྱོར་ཅན་ཞེ་སྡང་རྣམ་པར་དག་པའི་ཧེ་རུ་ཀར་འགྱུར་ཏེ་འདི་ནི་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་སྐུ་རྫོགས་པ་དང་གཅིག་པ་ཉིད་དུ། སྔར་སྤྲོས་པའི་ས་བོན་ལས་གྲི་གུག རྔེའུ་ཆུང་། རུ་སྦལ། སྦྲུལ། སེང་གེ །དགེ་སློང་། འཁོར་ལོ། རྡོ་རྗེ་རྣམས་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་ཀྱང་བསྐྱེད་དོ། །དེ་ནས་ཡིག་འབྲུ་དགོད་པ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སྨིན་འཚམས་དང་སྙིང་ཀ་རྣམས་སུ་མྂ་ལ་སོགས་པ་ལས་བྱུང་བའི་གཏི་མུག་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་བོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ཡི་གེ་གསུམ་ལས་བྱུང་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ནམ་མཁའ་སྤྱོད་མ་སྤྱོད་བདག་མེད་མ་གསུམ་དུ་བྱིན་གྱིས་བརླབས་ལ་སེམས་དཔའ་སུམ་རྩེག་ཏུ་དགོད་དོ། །དེ་ནས་གཱཽ་རི་ཨ་ཀར་ཤ་ཡ་ཛ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་སྟེ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་རྫོགས་ནས་རིགས་བདག་གིས་དབུ་བརྒྱན་ཅིང་། བདུད་རྩི་མྱང་བ་འོད་དཔག་མེད། མཆོད་པ་དོན་ཡོད་གྲུབ་པ། བསྟོད་པ་རིན་ཆེན་འབྱུང་ལྡན་སྟེ་ཡན་ལག་དྲུག་རྫོགས་པར་བྱ་བ་འདི་ནི་མངོན་བྱང་ལྔས་བསྐྱེད་པའི་ཆོ་གའོ། །དེ་ལྟར་བསྐྱེད་ཆོག་གསུམ་པོ་འདི་སྤྲོས་པ་ལ་དགའ་མི་དགའི་དབང་དུ་བྱས་པ་ཡིན་པས། ཞལ་ཅིག་ཕྱག་གཉིས་པ་དང་ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པའི་བསྐྱེད་རིམས་གང་བསྒོམ་པ་ལ་སྦྱར་རོ། །འདི་རྣམས་ནི་ཧེ་རུ་ཀ་བསྐྱེད་པ་ཐུན་མོང་གི་ཆོས་སོ། །མངལ་སྐྱེས་ནི་བརྟག་པ་ཕྱི་མའི་ལེའུ་ལྔ་པ་ནས་འཆད་དོ། །དེའི་རིམ་པའང་། བླ་མ་དག་པ་དང་། ཚད་མེད་བཞི་དང་། སྟོང་པ་ཉིད་བསྒོམ་པ་དང་། བསྲུང་བའི་འཁོར་ལོ་དང་། ཆོས་འབྱུང་། འབྱུང་བ་རིམ་བརྩེགས་བསྒོམ་ཞིང་དེ་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པ་སྟེ་འདི་རྣམས་ནི་སྔོན་འགྲོ་དང་རྟེན་བསྐྱེད་པའོ། །དེ་ནས་སྔར་ལྟར་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། མཁའ་གསང་བྱིན་བརླབ་དང་། ཁྱད་པར་ནི་འཁོར་གྱི་རྣལ་འབྱོར་མ་བརྒྱད་ཀྱི་ས་བོན་ཡུམ་གྱི་མཁའ་ནས་ཕྱུང་ནས་ཕྱོག་འཚམས་སུ་དགོད་པ་སྟེ་གསུམ་ནི་རྒྱུའི་ཧེ་རུ་ཀའོ། །ན་ད་ཞུགས་ཏེ་ཞུ་བ་དང་ལྷ་མོ་བཞི་ཡི་གླུས་བསྐུལ་ཞིང་འབྲས་བུའི་ཧེ་རུ་ཀར་བཞེངས་པ་སྟེ་འདི་ནི་མངལ་སྐྱེས་ཀྱི་ཁྱད་པར་རོ། །དེའི་ཡན་ལག་ཏུ་སྐྱེ་མཆེད་བྱིན་གྱིས་བརླབས་ནས་མཆོད་བསྟོད་ཀྱི་བར་ནི་སྔར་བཞིན་ནོ། །གཉིས་པ་ཧེ་རུ་ཀ་བསྐྱེད་སོ་སོའི་ཆོ་ག་ལ་གསུམ། ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པའོ། །དང་པོ་ལ་བཞི་ལས། སྐུའི་རྣམ་པ་ནི་སྔོ་དང་ཞེས་པ་ནས་ལོའི་ཚུལ་ཞེས་པའི་བར་ཏེ། སྔ་མའི་སྐུ་རྫོགས་པའི་སྐབས་སུ་བསྒོམ་པའི་ཕྱག་གཉིས་པ་དེ་ནི། སྐུ་མདོག་སྔོ་བ་ལ་དམར་བའི་མདངས་ཕྱུང་པ་འོད་ཟེར་ཉི་མ་དང་མཚུངས་པ། བན་དྷུ་ཀའི་མེ་ཏོག་ལྟ་བུའི་སྤྱན་དམར་པོ་དང་ལྡན་པ་ནི་ཐུགས་རྗེའི་རང་བཞིན། བྱང་ཆུབ་ཀྱི་སེམས་རྒྱས་པའི་རྟགས་སུ་དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་པ་དང་ལྡན་པ། ཕྱག་རྒྱ་ལྔ་ནི། འཁོར་ལོ་དང་། རྣ་ཆ་དང་། ནོར་བུ་སྟེ་མགུལ་རྒྱན་དང་། ལག་གདུབ་དང་། སྐེ་རགས་ནི། མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་འབྱུང་དང་། རྣམ་སྣང་དང་། དོན་ཡོད་དེ་སངས་རྒྱས་ལྔ་རྣམ་པར་དག་པ་འདི་རྣམས་ཀྱིས་རྒྱས་གདབ་པའི་ཕྱིར་ཕྱག་རྒྱར་རབ་དུ་གྲགས་སོ། །བདུད་འདུལ་བའི་ཕྱིར་སྤྱན་སྡང་མིག་ཏུ་བསྒྲད་ཅིང་བརྒྱད་གཉིས་བཅུ་དྲུག་ལོན་པ་ལྟ་བུའོ། །གཉིས་པ་ཕྱག་མཚན་ནི། གཡོན་ན་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ་ཕྱག་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་དང་། གཡོན་གྱི་གྲུ་གུགས་སུ་ནི། ཤེས་རབ་མཚོན་པའི་ཁ་ཊྶཱྂ་ཀའོ། །ཕྱག་གཡས་པ་ན་ནི་ཆོས་ཉིད་ཀྱི་བརྡར་རྡོ་རྗེ་ནག་པོ་ཞལ་ནས་ནི་ཧཱུྃ་གི་ཡི་གེ་འདོན་པའི་བདག་པོ་སྟེ་གསུང་གི་གར་དང་ལྡན་པའོ། །གསུམ་པ་འཁོར་གྱི་རྣམ་པ་ནི། རྣལ་འབྱོར་མ་བརྒྱད་ཅེས་པ་གཱཽ་རི་མ་ནག་མོ་གཡས་སུ་གྲི་གུག་གཡོན་ཉ། ཙཱཽ་རི་མ་དམར་མོ་གཡས་ཅང་ཏེའུ་གཡོན་ཕག་པ། རོ་ལངས་མ་སེར་མོ་གཡས་རུ་སྦལ་གཡོན་ཐོད་པ་གྷ་སྨ་རི་ལྗང་ཁུ་གཡས་སྦྲུལ་གཡོན་ཐོད་པ། པུ་ཀ་སི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟ། རི་ཁྲོད་མ་དཀར་མོ་གཡས་དགེ་སློང་གཡོན་བསིལ་བྱེད། གདོལ་པ་མོ་སྔོ་ནག་གཡས་འཁོར་ལོ་གཡོན་ཐོད་པ། གཡུང་མོ་ཁྲག་མོ་གཡས་རྡོ་རྗེ་གཡོན་སྡིག་འཛུབ་སྟེ་འདི་རྣམས་ཀྱིས་བསྐོར་ནས་བཞུགས་པའོ། །བཞི་པ་དེ་དག་གི་ངོ་བོ་ནི། དུར་ཁྲོད་ཅེས་པའི་ཚིག་གསུམ་གྱིས་བསྟན་ཏེ། ཆོས་ཀྱི་དབྱིངས་ཀྱི་དུར་ཁྲོད་དུ་ཐུགས་རྗེའི་རོལ་པ་དང་བཅས་པའོ། །དེ་ཡང་དབུགས་དང་རྣམ་པར་རྟོག་པ་བཀག་པའི་རིགས་པའི་དུར་ཁྲོད་ཀྱི་སྒྲས་བརྗོད་དོ། །འདི་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཕྱག་གཉིས་པའོ། །ཕྱག་བཞི་པ་ནི། ཕྱག་བཞི་ནས་གཟུགས་ཅན་ནོའི་བར་ཏེ། ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་དག་པ་སྟེ། གཞན་ཐམས་ཅད་ཀྱི་གོང་དུ་ཕྱག་གཉིས་པར་བརྗོད་པའི་གཟུགས་དང་སྐུ་མདོག་དང་ས་བོན་ཧཱུྃ་ལས་བྱུང་བའང་མཐུན་ཏེ། ཁྱད་པར་དུ་ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་པ། དེ་བཞིན་དུ་གཡས་ཀྱི་ཕྱག་ན་རྣམ་པར་རྟོག་པས་མི་ཕྱེད་པའི་རྡོ་རྗེ། ཕྱག་ལྷག་མ་དག་གིས་ཤེས་རབ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཤེས་རབ་རྡོ་རྗེ་ཕག་མོ་ཡང་བཅོམ་ལྡན་འདས་ཀྱི་གཟུགས་ཅན་དུ་མཚུངས་པ་སྟེ་གྲི་གུག་དང་ཐོད་པ་ཅན་ནོ། །འདི་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་དག་པའོ། །ཕྱག་དྲུག་པ་ནི་ཕྱག་དྲུག་ཞེས་པ་ནས་རོ་མནན་པའོ་ཞེས་པའི་བར་ཏེ། འདི་ཡང་གཟུགས་བརྙན་རྫོགས་པའི་སྐབས་སུ་ཞལ་གསུམ་ཕྱག་དྲུག་པ། གཡོན་དམར་བ་གཡས་དཀར་བ་ཟླ་བ་དང་ཉི་མ་ཏེ། རྩ་བའི་ཞལ་སྔོན་པོ། གཅེར་བུ་གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཅན། ཕྱག་རྣམས་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །ཕྱག་གཡོན་གྱི་དང་པོ་ནི་དུག་གསུམ་འཇོམས་པའི་ཕྱིར་རྩེ་གསུམ་པ། ཕྱག་གཡས་ཀྱི་དང་པོ་ན་སྟོང་པ་ཉིད་མཚོན་པའི་རྡོ་རྗེ། ཕྱག་གཡོན་གྱི་གཉིས་པ་ན་ཆོས་ཀྱི་སྒྲ་སྒྲོགས་པའི་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་རྣམ་རྟོག་གཅོད་པའི་གྲི་གུག །ཕྱག་ལྷག་མ་གཉིས་ཀྱི་རྡོ་རྗེ་ལུ་གུ་རྒྱུད་མ་ལ་སྙོམས་པར་འཇུག་པའོ། །བཅོམ་ལྡན་འདས་ཅི་ལྟ་བ་དེ་ལྟར་ཤེས་རབ་ལུ་གུ་རྒྱུད་མའི་རྣམ་པའང་འདྲ་མོད་ཀྱི། འོན་ཀྱང་ཕྱག་གཉིས་ཏེ་གཡས་དང་གཡོན་པས་གྲི་གུག་ཐོད་པ་ཅན། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་གྱི་བདག་ཉིད་ཅན་རོའི་གདན་ལ་བཞུགས་པའོ། །འདི་ནི་གསུང་རྡོ་རྗེ་དབང་ཕྱུག་རྣམ་པར་དག་པའོ། །འདི་དག་གི་ངེས་པའི་དོན་ནི། དབང་བཞིའི་སྐབས་སུ་བཤད་དོ། །ལེའུ་ཡི་མཚན་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བའི་སྦྱོང་བྱེད་ལྷའི་རྣམ་པ་ལས་ཧེ་རུ་ཀ་གསུམ་གསུངས་བའི་ལེའུ་སྟེ་གསུམ་པའོ།། །།གོང་དུ་གསུངས་པའི་ལྷ་དེ་རྫོགས་པར་བྱེད་པ་ལ་དབང་བསྐུར་དགོས་པས། ལྷ་དབང་བསྐུར་བ་གསུངས་པ། འདི་ལ་གསུམ་སྟེ། འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུའི་མིང་དོན། དང་པོ་ནི་དེ་ནས་ཞེས་པ་བསྐྱེད་རིམས་གསུངས་པ་དེ་མ་ཐག་པ་ནས། དམ་ཚིག་པའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་བྱ་བའི་ཕྱིར་ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ་ཞེས་སོ། །གཞུང་ལ་བཞི། སྤྱན་དྲང་ཞིང་གསོལ་བ་གདབ་པ་ནི། རང་ཉིད་ལྷར་བསྒོམ་པའི་སྙིང་ཀར་ཧཱུྃ་ལ་སོགས་པའི་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་འགུགས་པའི་དོན་བྱེད་པས་ན་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། འོད་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་སྔར་གསུངས་པའི་དཀར་མོ་རི་དྭགས་ཀྱི་མཚན་མ་འཛིན་ལ་སོགས་པ་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བའི་དོན་དུ། བྱང་ཆུབ་རྡོ་རྗེའི་ཚིགས་སུ་བཅད་པའམ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། །དབང་བསྐུར་རྫོགས་པར་བསྟན་པ་ནི། སངས་རྒྱས་ཞེས་པ་ནས་ཧེ་རུ་ཀ་རྫོགས་པ་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སྔར་སྤྱན་དྲངས་པའི་སངས་རྒྱས་དེ་རྣམས་ཧེ་བཛྭ་དང་། པད་མ་གར་དབང་དང་རྡོ་རྗེ་གཟི་བརྗིད་དང་། རྟག་པ་དང་། རྟ་མཆོག་ལ་སོགས་པ་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བདུད་རྩི་ལྔས་གང་པའི་བུམ་པ་ལྔས་ཇི་ལྟར་བལྟམ་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་བཅས་པས་དབང་བསྐུར་བར་བསམ་མོ། །དེ་དང་དུས་གཅིག་དུ་དབང་བསྐུར་བ་ན་མེ་ཏེག་གི་ཆར་འབབ་པར་འགྱུར་རོ་ཞེས་པ། ཕྱིར་ནི་མེ་ཏོག་གི་ཆར་དངོས་ཡིན་ལ། ནང་དུ་ཧེ་རུ་ཀ་དེ་དག་གི་ལྷག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལྕེ་ལ་བཞག་པས་སེམས་པ་དཀར་དམར་གྱི་རྟོག་པ་བཅད་པའོ། །གུར་གུམ་གྱི་ཆར་ནི་གསུམ་པ་སྟེ་ཟག་པ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དམར་བ་དང་དབྱེར་མེད་པར་ལྷན་ཅིག་སྐྱེས་པའི་དབང་གིས་རྟོགས་པར་འགྱུར་རོ། །རྔའི་སྒྲ་ནི་བཞི་པའི་དོན་སངས་རྒྱས་རྣམས་ཀྱི་ལྷའི་རྔ་བོ་ཆེའི་སྒྲ་ལྟར་བསྒྲགས་པར་འགྱུར་རོ། །དེའི་ཚེ་གཟུགས་རྡོ་རྗེ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཆོད་པར་བསམ་པར་བྱའོ། །དྲུག་ལྡན་གྱི་རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་ཡུམ་རྣམས་ཀྱིས་བླང་པར་བྱའོ། །དབང་བསྐུར་བའི་རྗེས་སུ་ཆུའི་ཐིགས་པ་ལྷག་མ་རྣམས་ལས་གྲུབ་པའི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཀྱིས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བྱའོ། །འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ། །དེ་ལྟར་ལྷ་དབང་བསྐུར་བ་གསུངས་ནས། བསྒོམ་པའི་ཐུན་གྱི་གྲངས་གསུངས་པ། ཐུན་གསུམ་དུ་ཞེས་པ་ལས་དང་པོ་པ་རྣམས་ཀྱིས་ཐུན་གསུམ་མམ་བཞི་རུ་བཅད་ལ་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པ་གཉིས་ཅི་ལྟ་བ་བཞིན་བསྒོམ་པར་བྱའོ། །ཞར་ལ་སྤྱོད་ལམ་གྱི་རྣལ་འབྱོར་གསུངས་པས། ལངས་ཏེ་ལྷའི་གཟུགས་སུ་གཞག་གོ་གསུངས་པས། དེ་ལྟར་བསྒོམས་པ་ལས་ལངས་པའི་ཐུན་འཚམས་ཞལ་གཅིག་ཕྱག་གཉིས་པའི་ལྷའི་གཟུགས་སུ་ལངས་ཏེ་སྤྱོད་ལམ་རྣམས་བྱའོ། །འདི་རྣམས་ཀྱི་ངེས་པའི་དོན་ནི་གཞིའི་སྐབས་སུ་ཐོག་མར་ལུས་གྲུབ་པའི་གནས་སྐབས་ན། རེག་པ་སྲ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་ལས་ཡོངས་སུ་གྱུར་པ་ནི་ལྷའི་སྐུར་རྫོགས་པའོ། །སྐྱེས་ནས་ཆུས་ཁྲུས་བྱེད་པ་དང་། གཙུག་ཕུད་གཞག་ཅིང་རྣ་བ་འབིགས་པ་དང་། རྒོད་པ་དང་སྨྲ་བ་དང་མིང་འདོགས་པ་དང་། རང་གི་རིགས་སུ་ལུང་འབོགས་པར་བྱེད་པ་རྣམས་ནི་ཆུ་ཅོད་པ ན་རྡོ་རྗེ་དྲིལ་བུ་མིང་གི་དབང་དང་དབྱངས་རྗེས་སྣང་ཞུགས་སོ། །དེ་བཞིན་དུ། ཁྱིམ་ཐབ་ལེན་པ་དང་། ཀུན་དུ་རུ་དང་། འཆི་མཐའི་གནས་སྐབས་ནི་གསང་བ་དང་། ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ། འབུམ་ལྔ་ལས། བྱིས་པའི་སྐྱེ་བ་མ་ཡིས་ནི། །ཆུ་ཡིས་དབང་ནི་བསྐུར་བྱེད་ཅིང་། །དེའི་གཙུག་ཕུད འཇོག་པ་དག །ཅོད་པན་དུ་ནི་རབ་ཏུ་བརྟག །དེའི་རྣ་བ་འབུགས་ལ་སོགས། །དར་དབྱངས་དབང་བསྐུར་ཡིན་ཞེས་བྱ། །བྱིས་པ་སྨྲ་བ་བརྡག་པ་ནི། །རྡོ་རྗེ་དྲིལ་བུའི་དབང་བསྐུར་ཡིན། །དེ་བཞིན་མིང་གི་དབང་བསྐུར་བའོ། །རྗེས་སུ་གནང་བ་ཕ་ཡིས་ནི། །རྟག་ཏུ་ཀློག་སོགས་སྦྱིན་པའོ། །དེ་ལྟར་དབང་ནི་བདུན་དུ་གྲགས། །དེའི་ཆུང་མ་ལེན་བྱེད་པ། །དབང་ནི་གོང་མ་ཡིན་པར་བརྗོད། །དེའི་ཤེས་རབ་བྱིན་པ་ནི། །ལག་པ་ནས་ནི་འཛིན་པར་བྱེད། ཐབས་དང་ཤེས་རབ་སྙོམས་ཞུགས་ནས། མཆི་མཐའི་བདེ་བ་ཉམས་སུ་མྱོང་། །ཞེས་པ་ལ་སོགས་པ་གསུངས་པས། འདི་ལྟ་བུའི་སྦྱང་གཞི་རྣམ་པར་དག་པར་བྱེད་པའི་དབང་ལ་བརྟེན་ནས་ས་བཅུ་གཉིས་པའི་དབང་ཕྱུག དབང་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་ཐམས་ཅད་ཀྱང་དབང་གི་རིམ་པ་ཉིད་དུ་གཞི་ལམ་འབྲས་བུ་གསུམ་གྱི་རིམ་པས་རྟོགས་པར་བྱ་བའི་རྡོ་རྗེ་སྙིང་པོ་དང་ནཱ་རོ་པའི་འགྲེལ་པ་ལས་རྒྱས་པར་གསུངས་སོ། །དེ་བཞིན་དུ་དྲི་མ་མེད་པའི་འོད ལས་ཀྱང་བཤད་དོ། །རིམ་པ་འདིས་ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་ཡང་གསུངས་མོད་ཀྱི། ཡི་གེ་མངས་ཀྱིས་དོགས་པའི་ཕྱིར་དང་། འོག་ནས་སྟོན་པའི་ཕྱིར་མ་སྨོས་སོ། །ལེའུ་ཡི་མཚན་ནི། ལྷ་དབང་བསྐུར་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ཁོ་ན་ཉིད་གྱི་ལེའུ་འདིའི་བརྗོད་པར་བྱ་བ་ནི་རྫོགས་པའི་རིམ་པའོ། །རྗོད་བྱེད་ནི་ཕྱག་རྒྱ་བཞིའི་སྒྲ་དང་མཐུན་པར་བསྟན་པའི་དག་གོ །འབྲེའ་བ་ནི་བསྐྱེད་པའི་རིམ་པ་དེ་ཡང་རྫོགས་པའི་རིམ་པ་དང་མ་འབྲེལ་ན་མཆོག་འགྲུབ་པ་མ་ཡིན་པས་དེ་གསུངས་སོ། །མདོར་བསྟན་ནི་གནས་དང་ཞེས་ལེའུ་དང་པོར་གསུངས་པ། འདིར་སེམས་གནས་པར་བྱེད་པའི་ཐབས་རྒྱས་པར་བཤད་པའོ། །མངོན་པར་རྟོགས་པ་ནི་རིམ་པ་གཉིས་པ་མཉམ་པར་སྦྱོར་བའི་དོན་ཏེ། འདི་ལ་གསུམ་ལས། མཚམས་སྦྱོར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ་དང་པོ་ནི་ལྷ་དབང་བསྐུར་གསུངས་པ་དེ་མ་ཐག་པ་ནས། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་རྫོགས་རིམས་ཀྱི་ལེའུ་བཤད་པར་བྱའོ་ཞེས་སོ། །གཞུང་གི་དོན་ལ་གསུམ་སྟེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་། ཐབས་གང་གིས་རྟོགས་པར་བྱ་བ་དང་། ཐམས་ཅད་ལྷན་ཅིག་སྐྱེས་པར་བསྟན་པའོ། །དང་པོ་ནི་ངོ་བོ་གཟུགས་མེད་ལ་སོགས་པའི་ཚིག་དྲུག་གིས་བསྟན་ཏེ་འདི་ཡང་གཞི་དངོས་པོའི་གནས་ལུགས་ལ་ལུས་སེམས་ཀྱི་དེ་ཁོ་ན་དང་། ལམ་བསྐྱེད་རྫོགས་ཀྱི་རྒྱས་གདབ་དང་དབུགས་དབྱུང་བའི་རིམ་པ་ཉམས་སུ་བླངས་པས་འབྲས་བུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དུ་སྦྱར་ནས་བཤད་པར་བྱ་སྟེ། སྔོན་པོ་ལ་སོགས་པའི་གཟུགས་ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ་གཟུགས་ཀྱི་ངོ་བོར་བདེན་པར་གྲུབ་པ་མེད་པའོ། །བདེན་པར་མ་གྲུབ་ཀྱང་གཟུགས་ལྟར་ཤར་བ་ལ་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི། རྣམ་པར་སྣང་མཛད་ཀྱི་རྒྱས་གདབ་དང་། རྣམ་པར་སྣང་མཛད་ཀྱི་དབུགས་དབྱུང་ཡིན་པ་དང་། གཟུགས་ལ་དཀར་མོར་རྟག་དུ་བཤད། །ཅེས་པས་དཀར་མོས་རྒྱས་གདབ་བོ། །མཐོང་བ་པོ་ནི་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་སྟེ། བདེན་པའི་ངོ་བོར་གང་ཡང་གྲུབ་པ་མེད་པའོ། །བདེན་པར་མ་གྲུབ་ཀྱང་དབང་པོ་དང་རྣམ་པར་ཤེས་པ་ལྟར་ཤར་ལ། རང་གི་ངོ་བོས་སྤང་བླང་མེད་པ་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་གཏི་མུག་རྡོ་རྗེ་ཡིན་ཏེ། བརྟག་པ་འོག་མའི་ལེའུ་གསུམ་པ་ལས། མིག་ལ་གཏི་མུག་རྡོ་རྗེ་མ་ཞེས་བཤད་དོ། །དེ་ཉིད་ཀྱང་རྣམ་པར་སྣང་མཛད་ཀྱི་རྒྱས་གདབ་དང་། རྣམ་པར་སྣང་མཛད་ཀྱི་དབུགས་དབྱུང་ཡིན་ཏེ། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཞེས་བཤད་པས་ཤེས་སོ། །སྒྲ་ནི་བརྒྱད་དམ་བཅུ་གཅིག་གོ །དེ་དག་ལས་བདེན་པར་མ་གྲུབ་ཀྱང་། སྒྲ་ལྟར་ཤར་ལ་སྒྲའི་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པ་ཉམས་སུ་མྱོང་བ་ནི་ཆོམ་རྐུན་མ་ཡིན་ཏེ། སྒྲ་ལ་ཆོམ་རྐུན་མ་རབ་གྲགས །ཅེས་བཤད་དོ། །རྣ་བའི་དབང་པོ་ལ་བརྟེན་ནས་སྐྱེས་པའི་སྒྲ་ཐོས་པ་པོ་རྣ་བའི་རྣམ་པར་ཤེས་པ་ལ། བདེན་པར་མ་གྲུབ་ཀྱང་དབང་པོ་དང་རྣམ་པར་ཤེས་པ་ལྟར་ཤར་ཅིང་། རྣ་བའི་དབང་པོ་དང་རྣ་བའི་རྣམ་པར་ཤེས་པའི་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་ཞེ་སྡང་རྡོ་རྗེ་ཡིན་ཏེ། རྣ་བར་ཞེ་སྡང་རྡོ་རྗེ་མ་ཞེས་བཤད་དོ། །དེ་ཉིད་ཀྱང་མི་བསྐྱོད་པའི་རྒྱས་གདབ་དང་མི་བསྐྱོད་པའི་དབུགས་དབྱུང་ཡིན་ཏེ་ཞེ་སྡང་འདྲེན་པ་མི་བསྐྱོད་པ་ཞེས་བཤད་དོ། །དྲི་ནི་བཞིའམ་དྲུག་གོ །དེ་དག་ལའང་བདེན་པར་མ་གྲུབ་ཀྱང་། དྲི་ལྟར་ཤར་ལ་དྲིའི་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་རོ་ལངས་མ་ཡིན་ཏེ། དྲིའི་ཆ་ལ་རོ་ལངས་མ་ཞེས་བཤད་དོ། །བདག་རྐྱེན་སྣའི་དབང་པོ་དང་། དམིགས་པའི་ཡུལ་དྲི་ལ་བརྟེན་ནས་སྐྱེས་པའི་སྣོམ་པ་པོ་སྣའི་རྣམ་པར་ཤེས་པ་ལ། སྣའི་རྣམ་པར་ཤེས་པ་ལྟར་ཤར་ཡང་བདེན་པར་མ་གྲུབ་པར་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་སེར་སྣ་རྡོ་རྗེ་ཡིན་ཏེ། སྣ་ལ་སེར་སྣ་རྡོ་རྗེ་མ་ཞེས་འབྱུང་ངོ་། །དེ་ཉིད་རིན་ཆེན་འབྱུང་ལྡན་གྱི་རྒྱས་གདབ་དང་རིན་ཆེན་འབྱུང་ལྡན་གྱི་དབུགས་དབྱུང་ཡིན་ཏེ། ནམ་མཁའ་སེར་སྣ་རྡོ་རྗེར་བརྗོད། སེར་སྣ་ནམ་མཁའ་ལས་བྱུང་ཉིད་ཅེས་བཤད་དོ། །རོ་ནི་དྲུག་གམ་བཅུ་གཉིས་སོ། །བདེན་པར་མ་གྲུབ་ཀྱང་རོ་ལྟར་ཤར་ལ་དེ་ཉིད་ཀྱི་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི། ལྷ་མོ་སྤོས་མོ་ཡིན་ཏེ། རོ་ལ་གྷས་སྨ་རི་རབ་གྲགས་ཅེས་བཤད་དོ། །བདག་རྐྱེན་ལྕེའི་དབང་པོ་དང་ཡུལ་རོ་ལ་བརྟེན་ནས་སྐྱེས་པའི་མྱོང་བ་པོ་ལྕེའི་རྣམ་པར་ཤེས་པ་ལ་བདེན་པའི་ངོ་བོར་གྲུབ་པ་མེད། མ་གྲུབ་ཀྱང་ལྕེའི་རྣམ་ཤེས་ལྟར་ཤར་ལ། ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་འདོད་ཆགས་རྡོ་རྗེ་ཡིན་ཏེ། ཁ་ལ་འདོད་ཆགས་རྡོ་རྗེ་མ་ཞེས་བཤད་དོ། །དེ་ཉིད་འོད་དཔག་མེད་ཀྱི་རྒྱས་གདབ་དང་འོད་དཔག་མེད་ཀྱི་དབུགས་དབྱུང་ཡིན་ཏེ། འདོད་ཆགས་དཔག་མེད་རྡོ་རྗེ་ཡིན་ཅེས་འབྱུང་ངོ་། །རེག་བྱ་ནི་བཅུ་གཅིག་གམ་ཉི་ཤུ་རྩ་གཉིས་སོ། །རེག་བྱ་དེ་དག་ལའང་ངོ་བོ་བདེན་པར་གྲུབ་པ་མེད་པའོ། །བདེན་པར་མ་གྲུབ་ཀྱང་རེག་བྱ་ལྟར་ཤར་ལ། སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི། ས་སྤྱོད་མའི་རྣམ་དག་ཡིན་ཏེ། རེག་ལ་ས་སྤྱོད་མ་ཞེས་བཤད་ཅེས་འབྱུང་ངོ་། །ལུས་ཀྱི་དབང་པོ་དང་ཡུལ་རེག་བྱ་ལ་བརྟེན་ནས་སྐྱེས་པའི་རེག་པ་པོ་ལུས་ཀྱི་རྣམ་པར་ཤེས་པ་ལ་བདེན་པར་གྲུབ་པ་མེད། མ་གྲུབ་ཀྱང་རེག་བྱ་འཛིན་པ་ལྟར་ཤར་ལ། རེག་བྱ་འཛིན་པའི་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི་ཕྲག་དོག་རྡོ་རྗེ་མའི་ངོ་བོ་ཡིན་ཏེ། ལུས་ལ་ཕྲག་དོག་རྡོ་རྗེ་མ་ཞེས་བྱུང་ངོ་། །དེ་ཉིད་དོན་ཡོད་གྲུབ་པའི་རྒྱས་གདབ་དང་དོན་ཡོད་གྲུབ་པའི་དབུགས་དབྱུང་ཡིན་ཏེ། ཕྲག་དོག་དོན་ཡོད་གྲུབ་པ་ཡིན་ཅེས་བྱུང་ངོ་། །སེམས་མེད་ཅེས་བྱ་བའི་གཞུང་ལ་འདིའི་ཁོང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བཤད་དགོས་པར་འདུག་པས་ཡིད་ཀྱི་ཡུལ་ནི་ཆོས་ཡིན་ལ་ཆོས་ནི་འདུས་བྱས་བརྒྱད་དང་འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ་བཅུ་དྲུག་གོ །དེ་ལ་འདུས་བྱས་བརྒྱད་ནི། བསྡུས་པ་ལས་གྱུར་པ་དང་མེད་ན་བར་སྐབས་ཡོད་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་དང་། ཀུན་བརྟགས་པ་དང་དབང་འབྱོར་པ་དང་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོའོ། །འདུས་མ་བྱས་ནི་མཛོད་ཀྱི་ལུགས་ཀྱིས་གསུམ་ཡིན་ལ། ཀུན་ལས་བཏུས་ཀྱི་ལུགས་ཀྱིས་བརྒྱད་ཡིན་ནོ། །ཆོས་དེ་དག་ལའང་ངོ་བོ་བདེན་པར་མ་གྲུབ་ཀྱང་ཡིད་ཀྱི་ཡུལ་ཆོས་ལྟར་ཤར་ལ་རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི། མཁའ་སྤྱོད་མའི་རྣམ་དག་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ་ཞེས་བཤད་དོ། །བདག་རྐྱེན་ཡིད་ཀྱི་དབང་པོ་དང་། ཡུལ་ཆོས་ལ་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ། བདེན་པར་གྲུབ་པ་གང་ཡང་མེད་ཀྱང་། རང་གཟུགས་སྤང་བླང་མེད་པར་ཆོས་སྐུའི་དགོངས་པར་ཉམས་སུ་མྱོང་བ་ནི། ཡིད་རྣམ་པར་དག་པ་བདག་མེད་མ་ཡིན་ཏེ། ཡིད་ལ་བདག་མེད་རྣལ་འབྱོར་མ་ཞེས་བཤད་དོ། །དེ་ཉིད་རྡོ་རྗེ་སེམས་དཔའི་རྒྱས་གདབ་དང་རྡོ་རྗེ་སེམས་དཔའི་དབུགས་དབྱུང་ཡིན་ཏེ། སེམས་མེད་སེམས་ལས་བྱུང་བའང་མེད། ཅེས་པ་དང་། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔའི་གཟུགས་ཀྱིས་རྣམ་པར་མཚོན། །ཅེས་བྱུང་ངོ་། །རྒྱས་གདབ་དང་དབུགས་དབྱུང་གི་དོན་ལ། གོང་མའི་བསྲོལ་ལ་གསུམ་དུ་འཆད་ཀྱང་། དབང་པོ་དྲུག །ཡུལ་དྲུག །རྣམ་ཤེས་དྲུག །རྒྱལ་བ་དྲུག །རྒྱས་གདབ་དྲུག །དབུགས་དབྱུང་དྲུག་དུ། རྒྱུད་ཀྱི་ལེའུ་གསུམ་བསྒྲིབས་ན་གསལ་བར་ཡོད་པས། དེ་ལ་གང་གིས་ཀྱང་རྩད་པར་མི་བྱའོ་དེ་ལྟར་མངོན་དུ་རྟོགས་པས་འབྲས་བུ་འཐོབ་པར་འགྱུར་ཏེ། འགྲེལ་ཆེན་ལས། ཕུང་པོ་ཁམས་དང་སྐྱེད་མཆེད་ཀྱི་གཟུང་བ་དང་འཛིན་པ་འགགས་པས། ཉོན་མོངས་པ་འགོག་གོ །ཉོན་མོངས་པ་འགོག་པས་ལས་འགོག་གོ །ལས་འགོག་པས་སྡུག་བསྔལ་འགོག་གོ །སྡུག་བསྔལ་འགོག་པས། ཉོན་མོངས་པའི་སྐྱེ་བ་མི་འབྱུང་སྟེ། ཉོན་མོངས་པ་ཉེ་བར་ལེན་པ་མེད་པས་ལས་ཀྱི་ཉེ་བར་ལེན་པ་སྐྱེ་བ་མེད་དེ་སད་པ་དང་། རྨི་ལམ་དང་། ལེགས་པར་ཉལ་བ་དང་། བཞི་པའི་གནས་སྐབས་བཞི་པོའི་གང་ཞིག་རྒྱུ་དང་འབྲས་བུ་འགགས་པས་དེ་ནས་སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་དོ་ཞེས་སོ། །ཐབས་གང་གིས་རྟོགས་པར་བྱ་བ་ལ་དྲུག་ལས། དང་པོར་བརྟེན་པར་བྱ་བའི་ཕྱག་རྒྱ་ནི། སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་ཏེ། བསྐྱེད་བྱེད་མ་ནི་མ་ཡིན་ཏེ། དབང་གསུམ་པའི་དུས་ཀྱི་ཡུམ་མོ། །སྲིང་མོ་ནི་དེ་དུས་ཀྱིའོ། །འོག་ནས་འབྱུང་བའི་ཕྱག་རྒྱ་ཐམས་ཅད་ཀྱང་བདེ་སྟོང་གི་ཏིང་ངེ་འཛིན་རིག་པའི་རྣལ་འབྱོར་པས་རྟག་ཏུ་མཆོད་དོ། །དེ་དག་ཀྱང་གང་ཞེ་ན། གར་མ་དང་། ཆོས་མ་དང་། རྡོ་རྗེ་མ་དང་། གདོལ་པ་མོ་དང་། བྲམ་ཟེ་མོ་ལ་སོགས་པ་ཐམས་ཅད། ཐབས་ཤེས་རབ་སྦྱར་བ་ལས་སྐྱེས་པའི་བདེ་བ་དེ་ཉིད། དབང་གི་ཡེ་ཤེས་སུ་རིག་པས་རྟག་ཏུ་མཆོད་དེ། དོན་དམ་བསྙེན་པ་ལས། སྐྱེས་བཅས་སྐྱེ་བོ་མེད་པའི་སར། །རྟག་ཏུ་དོར་བར་མི་བྱའོ་ཞེས་བྱུང་ངོ་། །ཐབས་ཤེས་རབ་བྲལ་བ་ནི་དངོས་གྲུབ་མི་ཐོབ་སྟེ། བྱེ་འར་མི་འགྱུར་བར་རོ། །དེའང་ཚུལ་ཇི་ལྟར་བྱ་ན། རབ་ཏུ་འབད་པས་བསྟེན་པ་ཉིད་དོ། །འདི་ནི་དྲང་བའི་དོན་ཏོ། །ངེས་པའི་དོན་དུ་ནི། རང་གི་ལུས་སྐྱེད་པར་བྱེད་པ། མ་ཞེས་པ་ཨ་ཐུང་ངུ་ལ་སྐྱེས་པའི་དམ་ཚིག་གི་ཕྱག་རྒྱ་དང་། སྲིང་མོ་ནི་ཆོས་ཀྱི་ཕྱག་རྒྱ་ཡུལ་སྒྱུ་མ་ལྟ་བུའི་རྣམ་པས་རྒྱས་གདབ་པའི་དོན་ཏེ། དེ་ལྟ་བུ་རྣལ་འབྱོར་ཅན་གྱི་བརྟེན་རྒྱུ་ཡིན་ནོ། །ཞེས་མདོ་ཙམ་དུ་གསུངས་སོ། །གཉིས་པ་དེ་མ་གསངས་པའི་ཉེས་པ་བཤད་པ། ཚིག་གཉིས་ཏེ། ཀུན་རྫོབ་དུ་ལས་ཀྱི་ཕྱག་རྒྱ་མ་མ་གསངས་ཤིང་འཆོལ་བར་བསྟེན་པས་ནི། འཇིག་རྟེན་པ་མཆོག་རྣམས་ཀྱིས་སྨོད་ཅིང་བསྟན་པ་དང་འགལ་བས་སྦྲུལ་དང་ཆོམ་རྐུན་གྱིས་གསོད་པ་དང་། ས་སྤྱོད་ནི་རྡོ་རྗེའི་དམྱལ་བ་སྟེ། དྲག་པོ་གསུམ་འཇོམས་ཀྱི་རྒྱུད་ལས། སྔ་ཕྱི་མེད་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཀྱི་བར་དུ་མེ་ཡིས་བསྲེག་པའི་སྡུག་བསྔལ་བྱེད་པར་བཤད་དོ། །ངེས་པའི་དོན་དུ་གསང་བ་ནི། ཁམས་འཛག་པ་མེད་པ་ཡིན་ལ་འཛག་པས་ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན་ནོ། །གསངས་བའི་དགོས་པ་ནི། རིགས་ལྔ་ལ་སོགས་པ་ཚིག་གཉིས་ཀྱིས་སྟོན་ཏེ། རིགས་ལྔ་ལས་བྱུང་བའི་ཕྱག་རྒྱ་ཞེས་བྱ་བ་ཐབས་དང་ལྡན་པས་ཐར་པའི་རྒྱུ་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། ལམ་ཁྱད་པར་ཅན་ཡིན་པས་སོ། །ཕྱག་རྒྱའི་ངེས་ཚིག་ནི་ཚིག་གཉིས་གསུངས་ཏེ། རྡོ་རྗེ་སྟོང་པ་ཉིད་ལ་བདེ་བའི་རྒྱས་གདབ་པ་ཉིད་ཀྱི་ཕྱིར་རྒྱུ་མཚན་དེས་ན་ཕྱག་རྒྱ་བཞིར་བརྗོད་པར་བྱའོ། །ཕྱག་རྒྱའི་རིགས་ཀྱི་བྱེ་བྲག་ནི། རྡོ་རྗེ་ལ་སོགས་པའི་ཚིགས་བཅད་གཅིག་གིས་བསྟན་ཏེ། རྡོ་རྗེའི་རིགས་དང་། པད་མ་དང་། དེ་བཞིན་དུ་ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེའི་རིགས་ཉིད་ཀྱིས། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས། དམ་པའི་བདེ་བ་བསྐྱེད་པའི་རིགས་ནི་རྣམ་པ་ལྔར་བརྗོད་དོ། །རིགས་སོ་སོའི་རྒྱས་བཤད་ནི་བཞི་ལས་དང་པོར་རིགས་བྱེ་བྲག་པ་ངོས་བཟུང་བ་ནི། རྡོ་རྗེའི་ཕྱག་རྒྱ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། སྒྲ་ཇི་བཞིན་པར་ནི། རྡོ་རྗེའི་ཕྱག་རྒྱ་ནི་གཡུང་མོའི་རིགས་སོ། །དེ་བཞིན་དུ་པད་མའི་རིགས་ནི་གར་མཁན་མའོ། །ལས་ཀྱི་རིགས་ནི་ཚོས་མཁན་མའོ། །དེ་བཞིན་གཤེགས་པའི་རིགས་ནི་བྲམ་ཟེ་མའོ། །རིན་པོ་ཆེའི་རིགས་ནི་གདོལ་པ་མོར་ཤེས་པར་བྱ་སྟེ། ཕྱག་རྒྱ་ལྔ་པོ་འདི་དག་ལས་དང་རང་རང་གི་རྟགས་དང་ལྡན་པ་ནི་རྣལ་འབྱོར་ཅན་གྱི་ལས་ཀྱི་ཕྱག་རྒྱར་རྣམ་པར་ངེས་ལ་འདི་རྣམས་དེ་བཞིན་གཤེགས་པའི་རིགས་སུ་གྱུར་པ་མདོར་བསྡུས་པས་ནི་བརྗོད་པར་བྱས་ཏེ། རྒྱས་པར་ནི་བརྟག་པ་འོག་མའི་ལེའུ་བཅུ་གཅིག་པ་ལས་འཆད་དོ། །འདི་རྣམས་ཀྱི་ངེས་པའི་དོན་ཡང་ནང་གི་ཕྱག་རྒྱའི་བདག་ཉིད་དེ། དེ་བཞིན་གཤེགས་པའི་རིགས་ནི་མ་ཞེས་བྱ་སྟེ། བྲམ་ཟེ་མོ་དང་། སངས་རྒྱས་སྤྱན་དང་། ལྟེ་བའི་པད་མའོ། །སྲིང་མོ་ནི་མ་མ་ཀི་དང་རྡོ་རྗེའི་རིགས་དང་། ཌོཾ་བྷི་ནི་དང་། སྙིང་ཁ་ཡིན་ནོ། །བུ་མོ་ནི་མེའི་ཁམས་དང་། པད་མའི་རིགས་དང་། གར་མཁན་མ་དང་། ལྐོག་མའོ། །ཚ་མོ་ནི་རླུང་གི་ཁམས་དང་། ལས་ཀྱི་རིགས་དང་། ཆོས་མ་དང་། དཔྲལ་བའོ། །ཆུང་མ་ནི་རྡོ་རྗེའི་རིགས་ཀྱི་དབང་ཕྱུག་མ་དང་། ནམ་མཁའི་ཁམས་དང་། རིན་པོ་ཆེའི་རིགས་དང་། ཙན་དྷ་ལི་དང་སྤྱི་གཙུག་གོ །མཐའ་སྐྱེས་མ་ནི་ཡེ་ཤེས་ཀྱི་ཁམས་དང་། རྡོ་རྗེ་སེམས་དཔའི་རིགས་དང་། གསང་བའི་པད་མའོ། །དེ་བཞིན་དུ་ལྟེ་བ་ཡན་ཆད་ཀྱི་དེ་དག་གི་ཕྱག་རྒྱ་ལྔ་ཡིན་ནོ། །དྲུག་པ་ནི་ཡེ་ཤེས་ཀྱི་ཁམས་སུ་བརྗོད་དོ། །ཞེས་རྡོ་རྗེ་སྙིང་པོ་དང་ནཱ་རོ་པའི་འགྲེལ་པ་ལས་སོ། །རྒྱུ་མཚན་འདིས་ནང་གི་ཕྱག་རྒྱ་རླུང་ལྔ་དང་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་གཡོ་བ་མེད་པ་ལ་སངས་རྒྱས་སུ་འགྱུར་རོ། །གཉིས་པ་དེ་བཞིན་གཤེགས་པའི་འགྱུར་ཚུལ་ནི། དཔལ་ལྡན་ཞེས་པའི་ཚིགས་བཅད་གཅིག་སྟེ། འདིའི་སྒྲ་ཅི་བཞིན་པ་ནི། གླེང་གཞིའི་སྐབས་སུ་བཤད་པའི་དེ་བཞིན་གཤེགས་པ་ཉིད་དང་མཐུན་ལ། ངེས་པའི་དོན་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཡི་སྦྱོར་བ་ལས་རླུང་གི་སྟོབས་ཀྱིས། དཔལ་ལྡན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་གསང་གནས་ཀྱི་བར་དུ་འབབ་ཅིང་གཤེགས་པས་ན་དགའ་བ་ལ་སོགས་པ་མངོན་དུ་བྱེད་ཅིང་། དེ་ཉིད་སླར་ཡང་གཙུག་གཏོར་གྱི་བར་དུ་རིམ་པ་བཞིན་དུ་གཤེགས་ཤིང་བརྟན་པས་ས་བཅུ་གཉིས་འཐོབ་བོ། །རྒྱུ་མཚན་འདིས་ནི། ཕ་རོལ་དུ་ཕྱིན་པ་བཅུ་དག་པའི་རིགས་པས་དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱ་སྟེ། འདི་ཉིད་ནས། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེའི་བདེ་བ་འདོད་མར་བརྗོད། །ཞེས་པ་དང་། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ལུས་ཅན་ཐམས་ཅད་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །ཟླ་མཚན་ཉི་མ་གྱེན་དུ་སྟེ། །སྒྲ་གཅན་ཟླ་བ་དངོས་མཚན་ཉིད། །དེ་ཕྱིར་བདུད་རྩི་ཟླ་བ་ནི། །མི་དབང་གྱེན་དུ་བཟློག་པར་བྱ། །སྒྲ་གཅན་ཡེ་ཤེས་མི་འགྱུར་བདེ། །ཞེས་སོ། །རིགས་ཀྱི་དབྱེ་བ་ནི། རིགས་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་ཀྱི་ཁམས་བསྣན་པས་ནི་རིགས་དྲུག་དུ་འགྱུར་ལ། མདོར་བསྡུས་པས་ནི་རྣམ་པ་ལྔའོ། །སྐུ་གསུང་ཐུགས་དབྱེ་བ་ཡིས་ཕྱེ་ན་ནི་རིགས་གསུམ་དུ་འགྱུར་རོ། །དེའི་ངེས་ཚིག་ནི། རིགས་དང་ཞེས་པའི་ཚིགས་བཅད་གཅིག་སྟེ། འདིར་ཡང་གཞིའི་སྐབས་སུ་ས་ལ་སོགས་པའི་འབྱུང་བ་ལྔ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔའི་རང་བཞིན་གྱིས། སྦྱོང་བྱེད་ལྷ་དང་། རླུང་ལྔ་དང་། བྱང་ཆུབ་ཀྱི་སེམས་དག་བྱ་དག་བྱེད་ཀྱི་རིགས་ཕྱི་དང་ནང་དུ་སྦྱང་གཞི་དང་སྦྱོང་བྱེད་དུ་སྦྱར་བའི་བགྲང་བྱ་འདི་ཡིས། རིགས་ཀྱི་དབྱེ་བ་མངོན་པར་བརྗོད་པར་བྱ་སྟེ། འདི་ཉིད་ལས། རིགས་ཀྱི་ཚོགས་ལས་རིགས་ནི་རྣམ་པ་ལྔ་ཞེས་པ་ལ་སོགས་པ་གསུངས་སོ། །འདི་དག་ནི་ཐབས་ཀྱི་རིམ་པ་བསྡུས་ཏེ་གསུངས་པ་ཡིན་ནོ། །གསུམ་པ་ཐམས་ཅད་ལྷན་ཅིག་སྐྱེས་པར་བསྟན་པ་ལ་གསུམ། དོན་དམ་ལྷན་ཅིག་སྐྱེས་བའི་དོན། བྱེ་བྲག་གི་རྣམ་པ་བཤད་པ། ཐམས་ཅད་དེ་ཁོ་ན་ཉིད་ཡིན་པའི་ཚུལ་ལོ། །དང་པོ་ནི་བསྒོམ་པ་པོ་མེད་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟ་བུའི་རིགས་དང་ལྷ་དེ་དག་བདེན་དངོས་སུ་གྲུབ་པ་ཡོད་དམ་ཞེ་ན། སྔར་ངོ་བོར་གཟུགས་མེད་དུ་བསྟན་པ་བཞིན་དུ་བསྒོམ་པ་པོ་གང་ཟག་མེད་པས་བསྒོམ་བྱ་མེད་ལ། སྦྱོང་བྱེད་ཀྱི་ལྷ་འང་མེད་ཅིང་དེའི་སྔགས་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ལྷ་ལ་སོགས་པ་ཅིའི་ཕྱིར་བརྗོད་ཅེ་ན། སྤྲོས་པ་མེད་པའི་རང་བཞིན་ཉིད་ལས། ཡིད་སྐྱོབ་པའི་སྔགས་དང་། ལྷན་ཅིག་སྐྱེས་པའི་ལྷ་ཡང་དག་པར་གནས་ཏེ། རྟེན་ཅིང་འབྲེལ་བའི་ཕྱིར་རོ། །འདི་ནི་དོན་གྱི་ཚུལ་ཏེ། བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུའི་ཟླ་བ་ལྟར། །ཞེས་གསུངས་པ་བཞིན་དུ་རྟོགས་པར་བྱའོ། །བྱེ་བྲག་གི་རྣམ་པ་བཤད་པ་ལྔ་ལས། དེ་བཞིན་གཤེགས་པ་མདོར་བསྟན་པ་ནི། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་ཏེ། དོན་དམ་པ་སྣང་བ་ལ་ཤར་བའི་ལྷ་ནི། རིགས་ལྔ་རྡོ་རྗེ་སེམས་དཔའ་དང་དྲུག་གོ །སྐུ་གསུམ་རྒྱས་པར་བཤད་པ་ནི། ཚངས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ཡང་དྲང་བའི་དོན་དུ་མུ་སྟེགས་བྱེད་ཀྱི་ལྷ་ཚངས་པ་དང་ཁྱབ་འཇུག་ཞི་བ་རྣམས་ཀྱང་། སངས་རྒྱས་ཀྱི་རྣམ་པར་འཁྲུལ་པའི་ཆ་ཡིན་ལ། རྣལ་འབྱོར་ཅན་གྱིས་ཉམས་སུ་མྱོང་བའི་རིམ་པ་ལ་ཡང་། དེ་སྐད་དུ་བརྗོད་དོ་ཞེས་ཟེར་རོ། །འདིར་ངེས་པའི་དོན་དུ་བཤད་ན། ཨེ་བྂ་གི་སྐབས་སུ་བཤད་པ་བཞིན་དུ། ཨེ་ཆོས་ཀྱི་འབྱུང་གནས་དོན་དམ་པའི་ཆ་ལས་འཕྲོས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དང་། སྦྱོང་བྱེད་ལྷ་དང་ཡེ་ཤེས་རིགས་དྲུག་དུ་གསུངས་པ་རྣམས་ཀྱང་། འདི་སྐུའི་རྡོ་རྗེ་ཚངས་པ་སྨིན་འཚམས་ཀྱི་མཛོད་སྤུར་བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་ཀྱི་རླུང་བརྟན་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཉིད་དང་། སྙིང་ཁར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པས། སེམས་འོད་གསལ་དུ་ཁྱབ་ཅིང་འཇུག་པས་ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་དུ་བརྗོད་པར་བྱའོ། །རྨི་ལམ་གྱི་འཁྲུལ་པ་ཡང་དག་ཅིང་རྟག་ཏུ་དགེ་བས་རབ་ཏུ་ཞི་བའི་དག་དུ་གྱུར་པས། གསུང་གི་དབང་ཕྱུག་རྡོ་རྗེ་ཞི་བ་ཉིད་དོ། །ཐམས་ཅད་ཀུན་གྱི་བདག་ཉིད་དུ་གནས་པ་དོན་དམ་པའི་བདེ་བས་ཐ་མལ་གྱི་སྣང་བ་འཇོམས་པ་དེ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དོ། །དེ་ལྟར་གནས་སྐབས་བཞི་པོ་ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱས་བདེ་བ་ཆེན་པོར་རྟོགས་པའི་ཕྱིར། རྣམ་པར་སངས་རྒྱས་ཞེས་བྱའོ། །དེ་གང་ལས་འབྱུང་བ་ངོས་བཟུང་བ་ནི། གང་ཕྱིར་ལ་སོགས་པའི་ཚིག་གཉིས་ཏེ། གནས་སྐབས་བཞི་རྟོགས་པས་སངས་རྒྱས་སུ་འགྱུར་བ་གང་གི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་ལུས་ལས་བྱུང་བ་ཉིད་ནི། བདེ་བ་ཆེན་པོ་སྦྱིན་པའི་ཕྱིར་ལྷ་ཞེས་འདོན་པར་བརྗོད་པར་བྱའོ། །དེར་རྟོགས་པ་ལ་བཅོམ་ལྡན་འདས་ཀྱིས་འཐད་པ་བཤད་པ་ནི། སངས་རྒྱས་འདི་ལ་ཞེས་པ་ལ་སོགས་པ་ཚིག་རྐང་དྲུག་སྟེ། འདིའི་སྒྲ་ཅི་བཞིན་པ་ནི། གླེང་གཞིའི་སྐབས་སུ་བཤད་དོ། །ནང་དོན་ནི། སངས་རྒྱས་འདི་ལ་བྷ་གའི་ཡོན་ཏན་མངའ་བས་སེམས་ཀྱི་རྡོ་རྗེ་ལ་བཅོམ་ལྡན་འདས་ཞེས་ཀྱང་བརྗོད་དེ། བྷ་ག་རྣམ་པ་དྲུག་ནི། དཔྲལ་བ་ལ་སོགས་པའི་འཁོར་ལོ་དྲུག་གི་དབུས་སུ་བརྗོད་དེ་དེར་ལུས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ། བདག་མེད་པའི་རང་བཞིན་གྱི་ལྷ་དེ་བརྟན་པས། དབང་ཕྱུག་ལ་སོགས་པའི་ཡོན་ཏན་ཀུན་འཐོབ་ཅིང་། དེ་ཉིད་གསང་བ་ལས་ཕྱིར་འགྲོ་བ་མེད་པས་ཉོན་མོངས་པ་ལ་སོགས་པའི་བདུད་ལྡན་པ་མེད་པའི་ཕྱིར་དང་། རྡོ་རྗེ་ལྟ་བུས་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་ནི། གང་ཕྱིར་ཞེས་པ་ལ་སོགས་པའི་ཚིག་རྐང་བཅུ་བཞིས་གསུངས་ཏེ། འདི་རྣམས་ཀྱང་དྲང་བའི་དོན་དུ་ནི། མ་དང་སྲིང་མོ་དང་། བཙོ་བླག་མ་དང་། བུ་མོ་དང་། གར་མ་སྟེ་སྔར་གསུངས་པའི་ཕྱག་རྒྱ་དེ་རྣམས་དབང་གི་ཡེ་ཤེས་བསྐྱེད་པ་དང་། བདེ་བའི་སྐལ་བ་སྟོན་པ་དང་། རྣམ་པར་རྟོག་པའི་ཁ་དོག་བསྒྱུར་བ་དང་། བདེ་བའི་ཡོན་ཏན་འཇོ་བ་དང་། བདེ་བ་ལ་ཡིད་གཡོ་བ་དང་། དོན་དེ་ལ་འཇིག་རྟེན་པ་རྣམས་ཀྱིས་མི་རེག་པའི་ཕྱིར་ལས་ཀྱི་ཕྱག་རྒྱའི་རྣམ་གྲངས་སུ་བརྗོད་དོ། །འདིའི་ངེས་པའི་དོན་ནི། ཕྱག་རྒྱ་འདི་དག་ལུས་ཀྱི་ཁམས་སུ་བརྗོད་དེ། རྒྱུ་མཚན་གང་གི་ཕྱིར་སྐྱེ་འགྲོ་ནི་སེམས་ཅན་གྱི་ཁམས་རྣམས་ཏེ། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པས། རྣམ་པ་རིག་པ་ཙམ་གྱི་སེམས་ཀྱིས་ཆའོ། །དེ་ཉིད་ལ་སྲིད་པ་བསྐྱེད་པའི་རྐྱེན་དུ་གྱུར་པ་ཁམས་དཀར་དམར་ནི་ཤེས་རབ་མ་ཞེས་བརྗོད་པར་བྱའོ། །གང་གི་ལུས་ཀྱི་ཆ་ཤས་ཀྱི་སྐལ་བ་སྟོན་པའི་ཁམས་ལ་ཤེས་རབ་གསལ་བའི་སྲིང་མོ་ཞེས་བྱ་བ་ཉིད་དོ། །དེ་བཞིན་དུ་བཙོ་བླག་མ་དང་། བུ་མོ་དང་། གར་མཁན་མ་ཡང་བརྗོད་པར་བྱ་སྟེ། སེམས་ཅན་གྱི་ལུས་ཀྱི་ཁམས་འཚེད་པའི་ཕྱིར་ཙཎ་ཌ་ཡི་ལ་བཙོ་བླག་མ་ཞེས་བརྗོད་དོ། །དེས་མིག་ལ་སོགས་པའི་ཡོན་ཏན་གཟུགས་མཐོང་བ་ལ་སོགས་པ་རིགས་གྱིས་འཇོ་བའི་ཕྱིར་རྣམ་པ་འཇོ་བའི་ཤེས་རབ་ནང་བུ་མོ་ཞེས་བརྗོད་དོ། །སྙིང་རྗེ་ཆེན་པོ་ནི་བདེ་བ་ཆེན་པོ་སྟེ། དེའི་རྟེན་བྱང་ཆུབ་ཀྱི་སེམས་རླུང་གིས་གཡོ་བའི་ཕྱིར་ཤེས་རབ་གར་མཁན་མར་བརྗོད་པར་བྱའོ། །གང་གི་ཕྱིར་བྷ་གའི་ཁམས་ནི་ཆགས་པ་དང་བྲལ་བས་མི་རིག་པའི་ཕྱིར་གཡུང་མོ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་གཞིར་གནས་པ་ལ་ཐབས་ཀྱི་རིམ་པ་མངོན་དུ་བྱས་པས་འབྲས་བུ་རྟོགས་པར་འགྱུར་བ་ནི་རྒྱུད་ཕན་ཚུན་ནས་གསུངས་སོ། །ཐམས་ཅད་དེ་ཁོ་ན་ཉིད་ཡིན་པའི་ཚུལ་ལ་ཡང་ལྔ་ལས། དང་པོ་ངག་སྔགས་སུ་འགྱུར་བའི་ཚུལ་ནི། ཨ་ལི་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་ཅན་གྱི་ངག་ཨ་ལི་ཀ་ལིར་རབ་ཏུ་བརྟགས་པས་བརྗོད་པ་ཐམས་ཅད་བཟླས་པར་འགྱུར་བར་བཤད་དོ། །འདིའི་ངེས་དོན་ནི། ཨ་ལི་དང་ཀ་ལི་ནི་གཡས་གཡོན་གྱི་རླུང་སྟེ། འདི་ནི་རྡོ་རྗེའི་བཟླས་པའོ། །རྐང་པའི་རྗེས་དཀྱིལ་འཁོར་དུ་འགྱུར་ལུགས་ནི། རྐང་པའི་རྗེས་ཀྱང་སྙིང་པོ་ལེན་པ་ནས་དཀྱིལ་འཁོར་ཡིན་ནོ། །ངེས་དོན་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྐང་པས་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་འགྱུར་རོ། །བརྡ་ཕྱག་རྒྱར་འགྱུར་བ་ནི། ལག་པ་བསྒྱུར་བ་ཞེས་པ་སོར་མོ་ཉེད་པ་ལ་སོགས་པ་ཐམས་ཅད་ཕྱག་རྒྱ་ཡིན་ནོ། །ཡིད་བསམ་གཏན་དུ་འགྱུར་བ་ནི། གང་ཕྱིར་ཞེས་པ་རྣམ་པར་རྟོག་པ་སྣང་བ་མེད་པའི་སེམས་ཀྱི་བསམ་པ་ཐམས་ཅད་བསམ་གཏན་དུ་གྱུར་པས་ནི་གང་བསམ་པས་བསམ་གཏན་དུ་འགྱུར་རོ། །བདེ་བའི་ཡེ་ཤེས་བསྒོམ་པར་གདམས་པ་ནི། ཅི་ལྟར་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། འདི་ཡང་དྲང་དོན་དུ་ནི། བླ་མ་ལ་དབང་བསྐུར་བ་ཐོབ་ནས་ཕྱག་རྒྱ་ལ་དམིགས་པའི་བསམ་གཏན་བསྒོམ་པར་གསུངས་ལ། ནང་དོན་དུ་ནི། ཇི་ལྟར་ཕ་ལས་བདེ་བའི་རྒྱུ། བྱང་ཆུབ་ཀྱི་སེམས་ཐོབ་པའི་དེའི་བདེ་བའང་རང་རང་གི་ལོངས་སྤྱོད་དུ་གྱུར་པས། བདེ་བ་ལ་ཆགས་པ་གང་གིས་འཆིང་བར་འགྱུར་པ་དེའི་ཕྱིར་ལས་དང་དམ་ཚིག་གི་ཕྱག་རྒྱའི་བདེ་བ་ལ་བརྟེན་སྟེ་བསྒོམ་པ་འདི་ནི་བསམ་གཏན་གྱི་མཆོག །མྱ་ངན་ལས་འདས་པའི་ལམ་ཁྱད་པར་ཅན་དུ་འགྱུར་བར་བརྗོད་དེ། མདོ་སྡེ་རྒྱན་ལས། གང་ཕྱིར་ཆགས་སོགས་དེ་ཉིད་ལས། །ཚུལ་བཞིན་འཇུག་པའི་དེའི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་གསུངས་སོ། །དེ་ལྟར་གསུངས་པའི་རིམ་པ་འདི་རྣམས་ལ་ངེས་པ་སྟེར་བའི་ལུང་དུ་མ་ཡོད་ཀྱང་འདིར་མ་བྲིས་སོ། །ལེའུ་ཡི་མཚན་ནི། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་རྫོགས་པའི་རིམ་པ་སྟན་པའི་ལེའུ་སྟེ་ལྔ་པའོ།། །།སྤྱོད་པའི་ལེའུ་འདིའི་བརྗོད་བྱ་རྫོགས་པའི་རིམ་པ་དེ་ཉིད་བོགས་འདོན་པར་བྱེད་པའི་སྤྱོད་པ་རྗོད་བྱེད་ལེའུ་འདི་ཡིས་གསུངས་སོ། །འབྲེལ་ནི་རྫོགས་པའི་རིམ་པ་དེ་ཉིད་བོགས་འདོན་པ་ལ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་དགོས་པས་དེ་འཆད་དོ། །མདོར་བསྟན་པ་ནི་ལེའུ་དང་པོར། དོན་བྱེད་རྣམ་མང་བརྗོད་པ་དང་། ཞེས་གསུངས་པ་སྟེ། རང་གཞན་གྱི་དོན་འགྲུབ་པའི་སྤྱོད་པ་འདི་ནས་རྒྱས་པར་འཆད་དོ། །མངོན་པར་རྟོགས་པ་ནི་རྫོགས་པའི་རིམ་པའི་བོགས་འདོན་པའོ། །འདིའི་སྔོན་དུ་གསང་སྤྱོད་དགོས་པ་ནི། བརྟག་པ་འོག་མའི་ལེའུ་གཉིས་པ་ལས་གསུངས་ཤིང་། འདིར་ནི་བརཏལ་ཞུགས་ཀྱི་སྤྱོད་པ་དངོས་སྟོན་ཏེ། འདི་ལ་གསུམ། འཚམས་སྦྱར་བ་དང་། གཞུང་དོན་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་དེ་ཁོ་ན་ཉིད་གསུངས་པ་དེ་ནས། གཞན་ཡང་རྫོགས་པའི་རིམ་པའི་བོགས་འདོན། སྤྱོད་པ་ཕ་རོལ་དུ་ཕྱིན་པ་མཆོག་དུ་གྱུར་པ་བཤད་པར་བྱའོ་ཞེས་སོ། །གཞུང་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལྔ་ལས། སྤྱོད་པའི་དགོས་པ་ནི། གང་གིས་ལ་སོགས་པའི་ཚིག་རྐང་གཉིས་ཏེ། བསྒྲུབ་པ་པོ་གང་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཐར་ཕྱིན་པར་འགྲོ་བར་འདོད་པ་དང་། ཀྱེའི་རྡོ་རྗེའི་དངོས་གྲུབ་སྐུ་བཞིའི་དབང་ཕྱུག་ཐོབ་པར་འདོད་པའི་རྒྱུ་ནི་རྟོག་པ་དང་བྲལ་བའི་སྤྱོད་པ་ཡིན་པས་སོ། །དེའི་དུས་ཀྱི་རྒྱན་དང་གོས་ནི། བསྒོམ་པ་པོ་ལ་སོགས་པ་ཚིག་རྐང་དགུས་གསུངས་ཏེ། སྤྱོད་པའི་རྣམ་འབྱོར་ཅན་དེ་ཉིད་ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་ཕྱིན་པས་དེ་ན་གནས་པའི་དཔའ་བོ་དང་མཁའ་འགྲོས་བྱིན་གྱིས་བརློབ་པ་དང་ལུས་དང་། སེམས་ཚར་བཅད་པས་ཏིང་ངེ་འཛིན་བརྟན་པར་འགྱུར་བའི་ཕྱིར། ཀུན་དུ་རྒྱུ་བ་ཡིན་ལ། དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བདག་ཉིད་གསང་སྔགས་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྒོམ་པ་པོ་དེ་ཡིས་རྒྱན་འདི་རྣམས་ཀུན་རྣམ་པར་འཛིན་པ་ཡིན་ཏེ། རྣ་བ་དག་ལ་འོད་དཔག་ཏུ་མེད་པའི་རང་བཞིན་རྣ་ཆ་བཟང་པོའོ། །སྤྱི་བོར་ནི་འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པར་རྣམ་པར་འཛིན་ལ། ལག་པ་དག་ལ་རྣམ་སྣང་གི་རང་བཞིན་ལག་གདུབ་ཉིད་དེ། རྐང་པར་ཡང་དེ་བཞིན་དུ་རྐང་གདུབ་དང་། ལག་པའི་རྩ་བར་དཔུང་རྒྱན་གྱིས་བརྒྱན་པ་ཉིད་དོ། །རྐེད་པ་ལ་ཡང་དོན་ཡོད་གྲུབ་པའི་རང་བཞིན་སྐེ་རགས་ཉིད་དོ། །མགྲིན་པར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་རུས་པའི་ཕྲེང་བ་སྟེ་རུས་པའི་རྒྱན་རྣམ་པ་ལྔའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་ཐལ་བ་ཡིས་ཀྱང་བརྒྱན་ནོ། །དེ་ཡང་ཀུན་སྤྱོད་ལས། ཐལ་བའི་ཕྱག་རྒྱ་སོགས་རྟག་ཏུ། །ཁ་དོག་ཉིད་ནི་བཀབ་པའི་གཟུགས། །རང་གི་ཆ་བྱད་ཡོངས་སུ་བསྒྱུར། །སྤྱོད་པའི་བརཏལ་ཞུགས་ལ་ཞུགས་ནས། །ཤེས་ནས་རྣལ་འབྱོར་པས་ལེགས་གནས། །ཞེས་སོ། །བགོ་བ་ནི་སྟག་ཤི་ལྤགས་པ་ཉིད་དེ་འདི་ནི་འཇིགས་པ་དང་རྣམ་པར་རྟོག་པ་བྲལ་བའི་དོན་ཡིན་ནོ། །བཟའ་བ་ནི། བཟའ་བ་མི་འཆི་བཅུ་ཕྱེད་དེ་ཞེས་པ། ཨ་མྲི་ཏའི་སྒྲ་ལས་མྲི་ཏ་འཆི་བ་ཨས་བཀག་པས་འཆི་མེད་བདུད་རྩི་རྣམ་པ་ལྔ། རྡོ་རྗེ་ཐོད་སྦྱོར་གྱིས་བྱིན་གྱིས་བརླབས་ཏེ་བཟའ་བའོ། །ལྷའི་རྣལ་འབྱོར་ནི། ཧེ་རུ་ཀ་ལ་སོགས་པའི་ཚིག་རྐང་གཉིས་ཏེ། སྤྱོད་པའི་རྣལ་འབྱོར་ཅན་དེ་ཉིད་ནི་ཧེ་རུ་ཀ་བཞི་པོ་གང་ཡང་རུང་བའི་བསམ་སྦྱོར་དང་ལྡན་པས། ཁ་དོག་ལྔ་ཞེས་པ། ཝརྣ་དྷི་པའི་སྒྲས་རིགས་ཏེ། རིགས་རྣམ་པ་ལྔ་པོ་དག་ལ་རྣམ་པར་གནས་པ་སྟེ། ཕུང་པོ་ལ་སོགས་པ་ལྔ་པོ་རིགས་རྣམ་པ་ལྔར་གནས་པའི་རང་བཞིན་གྱིས་སྤྱོད་པ་སྤྱད་དོ། །གྲོགས་བསྟན་པ་ནི། རིགས་ལྔ་ལ་སོགས་པའི་ཚིགས་བཅད་གཅིག་གིས་བསྟན་ཏེ། རྣལ་འབྱོར་པ་རིགས་ལྔ་པོ་དག་དང་རིགས་གཅིག་མཉམ་པ་ཉིད་དུ་རྟོགས་པ་དང་ལྡན་པས་རྡོ་རྗེ་སེམས་དཔའམ་ལྷན་ཅིག་སྐྱེས་པའི་རིགས་གཅིག་ཉིད་དུ་རྣམ་པར་བརྟག་པར་བྱ་སྟེ། གཟུང་འཛིན་གྱིས་རྣམ་པ་ཕྱེ་བའི་རིགས་དང་ཁ་དོག་ལ་སོགས་པའི་དུ་མ་ཉིད། ཀུན་རྫོབ་ཙམ་དུ་གནས་པའི་ཕྱིར། །རྟོག་པས་སྒྲོ་བཏགས་པར་མི་བྱ་སྟེ། །གང་གི་ཕྱིར་ཞེ་ན། ཀུན་རྫོབ་དུ་ཐམས་ཅད་སེམས་ཅན་ཐམས་ཅད་སྣང་བ་ཙམ་ཡིན་པའི་ཕྱིར་དབྱེ་བ་དུ་མས་མཚོན་པར་མི་བྱའོ། །དེ་ལྟར་མདོར་བསྟན་པ་གསུངས་ནས། རྒྱས་པར་བཤད་པ་ལ་བཞི། སྤྱོད་པ་སྔོན་དུ་འགྲོ་བ་དང་། སྤྲོས་པ་དང་བཅས་པའི་སྤྱོད་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་དང་། དམ་ཚིག་དང་སྡོམ་པ་ལ་མི་འདའ་བའི་སྤྱོད་པའོ། །དང་པོ་ནི། ཤིང་གཅིག་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། འདི་ནི་སྤྱོད་པ་བྱེད་པར་འདོད་པའི་རྣལ་འབྱོར་ཅན། ཤིང་གཅིག་གམ་དུར་ཁྲོད་དམ། མ་མོའི་ཁྱིམ་ནི་ཤ་ཟ་ལ་སོགས་པའི་བུད་མེད་མང་པོ་འདུ་བའི་གནས་སམ། ཁྱིམ་སྟོང་པ་ལ་སོགས་གནས་དེ་དག་དུ་མཚན་མོ་བསྒོམ་པའམ། ཡང་ན་རི་ཁྲོད་དབེན་པའམ་བས་མཐའ་མི་མེད་པ་རྣམས་སུ་བསྒོམས་པས་བཟང་བར་བརྗོད་པར་བྱ་སྟེ། མྱུར་དུ་ཡོན་ཏན་སྐྱེ་བའི་ཕྱིར་རོ། །འདི་ནི་བརཏལ་ཤུགས་ཀྱི་སྤྱོད་པའི་སྔོན་དུ་འགྲོ་བ་གསང་བའི་སྤྱོད་པའོ། །ནང་དོན་ནི། ཤིང་གཅིག་ནི་རྩ་དབུ་མའོ། །དུར་ཁྲོད་ནི་དབང་པོའི་སྒོའོ། །མ་མོའི་ཁྱིམ་ནི་རྣལ་འབྱོར་མ་བཅོ་ལྔའི་གནས་མ་མོ་དང་མཚན་མོ་ལ་སོགས་པའི་རྩ་སུམ་ཅུ་སོ་གཉིས་ཏེ། དེར་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་དབེན་པ་དབུ་མར་འཇུག་པར་འདོད་པས་སོ། །བས་མཐའི་ནི་དབང་པོའི་སྒོར་སོན་པའི་རླུང་དགག་པར་བྱ་སྟེ་བསྒོམ་པ་འདི་ནི་བཟང་པོར། ཁ་སྦྱོར་དང་ཕྱག་ན་རྡོ་རྗེའི་འགྲེལ་པ་ལས་བརྗོད་དོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་དྲུག་ལས། དང་པོ་གང་གིས་སྤྱད་པའི་གང་ཟག་ནི། ཅུང་ཟད་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ་འདིར་བསྟན་པའི་སྤྱོད་པ་འདི་ཐོག་མ་ཉིད་ནས་བྱའམ་ཞེ་ན་མ་ཡིན་ཏེ་ཅུང་ཟད་དྲོད་ནི་ཐོབ་པ་ནའོ། །དྲོད་ནི་རྟགས་གང་ཞེ་ན། རྣམ་པར་རྟོག་པ་ཆུང་ངུས་མི་གཡེང་བ་དང་། ཉོན་མོངས་པ་ཆེན་པོ་འཇོམས་པ་དང་ཕན་གནོད་གྱི་འབྲས་བུ་འབྱིན་པ་སྟེ་འདི་ཉིད་ནས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུངས་པའི་འཚེ་བ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ནི་ཉོན་མི་མོངས། ཕན་དང་གནོད་པའི་འབྲས་འབྱུང་བ་ཞེས་སོ། །དེ་ལྟ་བུའི་དྲོད་ཐོབ་ནས་གལ་ཏེ་སྤྱོད་པ་བྱེད་པར་འདོད་པས། གང་གིས་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་བའི་འདོད་པ་ཡོད་ན་ཚུལ་འདིས་ནི་སྤྱོད་པ་སྤྱད་པར་བྱའོ། །འདོད་པ་མེད་ན་ནི་མ་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་སྤྱོད་པའི་གྲོགས་ནི། ཤིན་དུ་བཞིན་བཟང་ལ་སོགས་པའི་ཚིག་རྐང་བདུན་ཏེ། སྤྱོད་པའི་རྣལ་འབྱོར་ཅན་གྱི་གྲོགས་ནི། ཤིན་ཏུ་བཞིན་བཟང་ཞིང་མིག་ཡངས་པ་ནི་ཕྲག་དོག་མེད་པ། རང་གིས་དབང་བསྐུར་ཞིང་སྙིང་རྗེ་དང་ལྡན་པ། རྡོ་རྗེའི་རིགས་ཀྱི་བུ་མོ་ཤིན་ཏུ་རིང་མིན་ཐུང་བ་མིན་ཞེས་པ་ལ་སོགས་པ་འོག་ནས་སྟོན་པར་གྱུར་བའི་མཚན་ཉིད་ཅན། འདིར་ཁྱེར་ནས་སྤྱོད་པ་བྱ་བར་རྟོགས་པར་བྱ་སྟེ། འདིས་ནི་ཡོན་ཏན་བསྐྱེད་པར་བྱེད་དོ། །དེ་ལྟ་བུའི་རྡོ་རྗེའི་རིགས་དངོས་མེད་ན། རང་འདོད་པའི་ལྷའི་རིགས་ནི་རྣམ་སྣང་ལ་སོགས་པ་རྣལ་འབྱོར་པ་གང་གི་རིགས་ཡིན་པ་དེ་ཡིས་བྱ་སྟེ། འདི་ཉིད་ནས། ཀུན་རྫོབ་ཐ་སྙད་ཚུལ་གྱིས་ནི། །དེའི་རིགས་ནི་དེར་འགྱུར་རོ། །ཞེས་སོ། །ཡང་ན་གཞན་ལྷའམ་དྲི་ཟ་ལ་སོགས་པའི་རིགས་ལས་བྱུང་བ་ཡང་རུང་སྟེ། རིགས་སུམ་ཅུ་སོ་དྲུག་གི་རྣལ་འབྱོར་མ། ཡ་མི་ནི་ལ་སོགས་པ་རྣམས་ཀྱི་མཚན་མ་དང་ལྡན་པ་བསྟེན་པར་བྱ་སྟེ། འདི་དངོས་གྲུབ་མྱུར་བའི་དོན་ཡིན་ནོ། །གསུམ་པ་དེ་སྦྱར་བའི་ཚུལ་ནི་བྱང་ཆུབ་ལ་སོགས་པའི་ཚིག་རྐང་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་འཇུག་པ་དང་། རྒྱུད་ཡོངས་སུ་སྦྱངས་པ་གཟུང་བར་བྱ་སྟེ། རྒྱུད་ཡོན་ཏན་དང་ལྡན་པར་བྱ་བ་ཡིན་ནོ། །འདི་དག་རྒྱས་པར་ནི་བརྟག་པ་འོག་མ་ལས་བཤད་དོ། །འདི་རྣམས་ཀྱི་ངེས་པའི་དོན་ནི། འོག་ནས་སྡོམ་པའི་སྐབས་སུ་འཆད་པ་བཞིན་དུ། རྡོ་རྗེའི་ཕྱག་རྒྱ་ནི་ཨ་ཐུང་ངོ་། །ལྷའི་རིགས་ལྔ་ནི་ཁམས་རྣམ་པ་ལྔའོ། །གཞན་ནི་རླུང་གི་སྦྱོར་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་རླུང་ཏུ་སྦྱངས་ཏེ་དབུ་མར་བཅུག་པས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པར་སྤྱན་རས་གཟིགས་ཀྱིས་གསུངས་སོ། །འགྲེལ་ཆེན་ལས་ཀྱང་། མི་གཡོ་བ་འདི་རྫོགས་པ་སྟེ་སྐྱེ་བ་མེད་པ་ཡིན་པས་ཕྱག་རྒྱ་ཆེན་པོ་དེ་ཉིད་གཟུང་བས་སྤྱོད་པ་སྤྱད་ཞེས་གསུངས་སོ། །བཞི་པ་ཕྱག་རྒྱ་བསྟེན་པའི་ཚུལ་ཡང་། གང་ཚེ་ལ་སོགས་པ་ཚིག་རྐང་དྲུག་གིས་བསྟན་ཏེ། དེ་ཡང་དང་པོར་སྤྱོད་པ་བྱེད་པའི་རྣལ་འབྱོར་ཅན་གང་གི་ཚེ། ངག་ཏུ་དགའ་བའི་གླུ་ཀོ་ལ་ཨི་རི་ཏི་ལ་སོགས་པ་བླངས་ཏེ་དེའི་ཚེ་རྡོ་རྗེའི་མཆོག་ནི་སྐྱེ་བ་མེད་པའི་རྟོགས་པ་དང་ལྡན་པས་བྱའོ། །གང་གི་ཚེ་དགའ་བ་སྐྱེས་པ་ནི་ཐར་པའི་རྒྱུར་གཡས་བརྐྱང་ལ་སོགས་པར་གར་བྱ་སྟེ། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་ལ་མཉམ་པར་གཞག་པར་བྱེད་པའོ། །ངེས་པའི་དོན་ནི། གང་གི་ཚེ་དགའ་བ་ལ་སོགས་པ་བཞི་པོར་བསྐྱེད་པའི་དོན་དུ་གླུས་བསྐུལ་བ་སྟེ། ལས་ཀྱི་རླུང་གིས་མངོན་པར་བསྐུལ་ནས། སྣ་གཡས་ན་རླུང་རྒྱུ་བ་ནི་གཡས་བརྐྱང་། གཡོན་ནས་རྒྱུ་བ་ནི་གཡོན་བརྐྱང་། དབུགས་མཉམ་པ་ནི་མཉམ་པའི་སྟངས་སྟབས། ས་ག་ནི་ནམ་མཁའི་རླུང་སྟེ་དེ་རྣམས་ཀྱི་སྦྱོར་བས་ལུས་ཀྱིས་ས་བཏུལ་ཏེ་རྣལ་འབྱོར་ཅན་གྱི་སེམས་མཉམ་པར་འཇོག་པར་བྱེད་དོ། །ཞེས་རྒྱས་པར་གསུངས་པའི་དོན་ཏོ། །ལྔ་པ་རྒྱན་གྱི་རྣམ་དག་ནི། འཁོར་ལོ་གཟུགས་ལ་སོགས་པ་ཚིག་རྐང་བདུན་ཏེ་སྔར་བསྟན་པ་བཞིན་དུ། སྒྲ་ཇི་བཞིན་པར་ནི། རྒྱན་དེ་དག་མི་བསྐྱོད་པ་ལ་སོགས་པའི་རྣམ་དག་ཡིན་ལ། ངེས་པའི་དོན་དུ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་བྱང་ཆུབ་སེམས་ཀྱི་གཟུགས་མི་བསྐྱོད་པ་ནི་མི་གཡོ་བའོ། །རྣ་ཆའི་བདག་ཉིད་འོད་དཔག་མེད་ནི་བྱང་ཆུབ་ཀྱི་སེམས་དཀར་བ་འཆིང་པས་ན་གཏུམ་མོའི་མེའོ། །འགུལ་གྱི་ཕྲེང་བ་རིན་པོ་ཆེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གནད་མགྲིན་པར་འཆིང་པའོ། །ལག་གདུབ་རྣམ་པར་སྣང་མཛད་ནི་ལུས་ཀྱི་ཡན་ལག་གི་རླུང་འཆིང་བའོ། །སྐེ་རགས་ལ་ནི། ཐུར་སེལ་རབ་ཏུ་བཅིངས་པས་དོན་ཡོད་པར་འགྲུབ་པ་སྟེ་འདི་དག་ནི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་རིམ་པ་འགྲེལ་ཆེན་ལས་རྒྱས་པར་གསུངས་མོད་ཀྱི་འདིར་མ་བྲིས་སོ། །རིམ་པ་འདི་རྣམས་ཀྱི་ཕྱི་རོལ་དུ་ནི་གར་དང་། ནང་དུ་འཁྲུལ་འཁོར་དང་རླུང་གི་གནད་དང་དེ་ཁོ་ན་ཉིད་ལ་ཡེ་ཤེས་ཀྱི་རྒྱས་གདབ་དུ་རིག་པར་བྱའོ། །སྤྱོད་པའི་དུས་སུ་འཁྱེར་བའི་ཁ་ཊྶཱྂ་ཀའི་གཟུགས་ནི་ཤེས་རབ་ཀྱི་ཆ་མཚོན་པ་ཡིན་ལ། ཅང་ཏེའུ་ཡི་གཟུགས་ཀྱིས་ཐབས་ཀྱི་ཆ་མཚོན་པའམ་བདེ་བའི་སྒྲ་སྒྲོགས་པ་ཡིན་ནོ་ཞེས་ཟེར་ཏེ་ཤེས་རབ་དང་ཐབས་དབྱེར་མེད་པའི་སྦྱོར་བར་རིག་པར་བྱའོ། །དྲུག་པའི་ལྷའི་རྣལ་འབྱོར་དང་། ལྡན་པས་དེ་རྣམས་སྤྱད་དོ་ཞེས་བསྟན་པའི་ཕྱིར། ཞེ་སྡང་རྣམ་དག་རྣལ་འབྱོར་པ་ཞེས་གསུངས་ཏེ། ཞེ་སྡང་དག་པ་དཔལ་ཧེ་རུ་ཀའི་རང་བཞིན་དུ་སྤྱད་པར་བྱའོ། །སྤྲོས་པ་མེད་པའི་སྤྱོད་པ་ལ་བཞི་ལས། དགོས་པ་དང་བཅས་པའི་གླུ་གར་ནི། གླུ་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་སྤྱོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཀོ་ལ་ལ་སོགས་པའི་གླུ་རྣམ་པར་དག་པ་ནི་སྔགས་སུ་གནས་ལ། གར་གྱི་དོན་ནི་བསྒོམ་པར་བྱ་བ་ཉིད་ཡིན་པས། དེའི་ཕྱིར་ན་གླུ་དང་གར་ནི་རྣལ་འབྱོར་ཅན་གྱིས་རྟག་ཏུ་བྱེད་པ་ཡིན་ནོ། །འདི་ཡི་དྲང་བ་དང་ངེས་པའི་དོན་གྱི་རྒྱས་བཤད་ནི་བརྟག་པ་འོག་མར་གསུངས་པས་དེར་འཆད་དོ། །བཟའ་བཏུང་ནི། སྨན་ནི་ཅེས་པའི་ཚིགས་བཅད་གཅིག་སྟེ་གོང་གི་བཟའ་བ་རྒྱས་པར་བསྟན་པ་སྨན་ནི་བདུད་རྩི་དྲི་ཆེན། རྣམ་པར་བཟའ་བ་སྟེ་རང་བཞིན་གྱིས་གྲུབ་པའི་སྨན་ཡིན་པའོ། །ཆུ་ནི་དྲི་ཆུ་བར་བརྟག་པར་བཏུང་པ་སྟེ་དེས་ཅི་བྱེད་ཅེ་ན། རྒས་པ་ཟུངས་ཟད་པ་དང་། འཆི་བ་སྲོག་འགྱུར་བའི་གནོད་པ་ཡིས་ཟིལ་གྱིས་མི་ནོན་ཅིང་རྟག་ཏུ་ནད་ཐམས་ཅད་བསྲུང་པར་འགྱུར་བ་ཡིན་ནོ། །འདི་ཡི་ངེས་པའི་དོན་ནི། གཡས་གཡོན་གྱི་རླུང་གི་འཇུག་པ་ཆད་པ་ལས་ནི་རྒ་ཤི་འགོག་པར་བྱེད་དོ་ཞེས་གསུངས་སོ། །རྒྱན་གྱི་ངེས་པ་ནི། རྐུན་མའི་ཞེས་པའི་ཚིག་རྐང་པ་བཅུ་སྟེ། དེ་ཡང་སྤྱོད་པའི་རྣལ་འབྱོར་ཅན་རུས་པའི་རྒྱན་འཛིན་པའི་ཐག་པ་ཡང་ཆོམ་རྐུན་པ་བསད་པའི་སྐྲ་ལ་དབུའི་ཅོད་པན་ནི་ནོར་བུར་བཅིང་པར་བྱས་ལ། དེ་ལས་ཧཱུྃ་ལས་བྱུང་བའི་འཁོར་ལོ་སྦྱར་བར་བྱའོ། །དེའི་འོག་དུ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་བཏགས་ཏེ། དེའི་འོག་ཏུ་སངས་རྒྱས་ལྔ་མཚོན་པའི་རྣམ་དག་ཐོད་པ་ལྔ་པོ་རྣམས་རྣལ་འབྱོར་པའི་སྤྱོད་པས་རྣམ་པར་འཛིན་ཏེ་ཐོད་པ་ནི་སོར་ལྔ་པའི་ཚད་དུ་བྱས་པས། དཔྲལ་བར་ཅོད་པན་དང་བཅས་པ་འཛིན་པར་བྱེད་དོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམ་པར་དག་པ་ལས་སྐྲའི་སྐུད་པའི་སྐེ་རགས་ཉིས་སྐོར་བ་ཉིད་དུ་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཐལ་བས་བྱུགས་ནས། སྐྲའི་སྐུད་པས་བརྒྱུས་པའི་མཆོད་ཕྱིར་ཐོགས་གཟུང་བར་བྱའོ། །འདིའི་ངེས་པའི་དོན་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སྐེ་རགས་དང་། ཁམས་འཛག་པ་མེད་པ་ཡིན་ནོ། །ཞེས་རྡོ་རྗེ་སྙིང་པོས་གསུངས་སོ། །ལག་ཆ་དགོས་པ་དང་བཅས་པ་ནི། ཅང་ཏེའུ་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། སྔར་བསྟན་པའི་ཁ་ཊྶཱྂ་ཀ་ལ་སོགས་པའི་ངེས་དོན་ནི་འདིར་གསུངས་པ་ཡིན་ཏེ། ཅང་ཏེའུ་ཡི་སྒྲ་ནི། སྲིད་བི་ཏའི་སྒྲས་ཚིམ་པར་བྱེད་པར་འགྱུར་ཏེ། བདེ་བ་ཆེན་པོས་འཇིག་རྟེན་གསུམ་དབུགས་འབྱིན་པའི་བཟླས་པ་སྟེ་ཐབས་ཀྱི་རང་བཞིན་ནོ། །ཁ་ཊྶཱྂ་ཀ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚོན་པ་སྟེ། དེ་གཉིས་ཀྱི་ངོ་བོ་ནི། རྡོ་རྗེ་སྟོང་པ་ཐོད་པ་བདེ་བ་ཡིན་པས་བདེ་སྟོང་དབྱེར་མེད་པའི་སྤྱོད་པ་ཡིས་ཁ་ཊྶཱྂ་ཀ་དང་ཅང་ཏེའུ་འདི་དག་བཟླས་པ་དང་བསྒོམ་པའི་དོན་ཡིན་ནོ། །དེ་ཡང་སངས་རྒྱས་ཐོད་པ་ལས། རྡོ་རྗེ་སངས་རྒྱས་ཞེས་གསུངས་ཏེ། །ཐོད་པ་གསང་བར་ཡང་དག་གནས། །ཞེས་སོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སྤྱོད་པས་སྤྲོས་པ་མེད་པ་ལ་གནས་པར་འགྱུར་རོ། །དམ་ཚིག་དང་སྡོམ་པ་ལས་མི་འདའ་བའི་སྤྱོད་པ་ལ་བདུན་ལས། དང་པོ་ཕྱིན་ཅི་ལོག་སྤང་པ་ནི། བརྐམ་དང་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་བརཏལ་ཤུགས་ཀྱི་སྤྱོད་པ་བྱེད་པའི་རྣལ་འབྱོར་ཅན་ཡང་། རྒྱུད་ལོངས་སྤྱོད་ལ་བརྐམ་པ་དང་། གཏི་མུག་གིས་རྨོངས་པ་དང་། དམན་པའི་རྐྱེན་གྱིས་འཇིགས་པ་དང་། རྒྱུད་ཁྲོ་བས་ཟིལ་གྱིས་ནོན་པ་དང་། ངོ་ཚ་བ་དང་། གནས་སྐབས་ཀྱི་འབྲས་བུ་དོན་དུ་གཉེར་བ་སྤངས་ཏེ། བདག་ཉིད་ཀྱིས་གཏི་མུག་གི་ཆར་གྱུར་པའི་གཉིད་ཀྱང་སྤངས་ནས་འབྲས་བུ་ཐོབ་བམ་མི་ཐོབ་སྙམ་པའི་ཐེ་ཚོམ་མེད་པར་བརཏལ་ཤུགས་ཀྱི་སྤྱོད་པ་བྱའོ། །གཉིས་པ་སྤྱོད་པའི་སྔོན་འགྲོ་ནི། ལུས་ཀྱི་ཞེས་པ་ཚིགས་བཅད་གཅིག་སྟེ། འདི་ཡང་སྤྱོད་པ་ལ་འགྲོ་བའི་ཐོ་རངས། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམིགས་ཏེ་ལུས་ཕུལ་ནས་སྤྱོད་པ་བྱའོ་ཞེས་གསུངས་ཏེ། འདིར་ནི་སེམས་ཅན་རྗེས་སུ་བཟུང་བའི་རྒྱུར། དཔའ་བོ་ཆེན་པོ་རྒྱུ་བར་བྱ་ཞེས་པ་དང་། སྲོག་ཆགས་ཡན་ལག་གོ་བགོས་ལ། བདེ་དོན་གཉེར་བས་བདེ་བ་སྤྱོད་ཞེས་གསུངས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ལུས་སྦྱིན་པར་བཏང་ནས་བྱང་ཆུབ་ཀྱི་སེམས་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པས་བཟོད་པའི་གོ་ཆ་བགོས་ལ། ཕྱི་ནས་བརྩོན་འགྲུས་ཀྱི་སྤྱོད་པ་ཡང་དག་པར་སྤྱད་དོ། །བསམ་གཏན་གྱི་མཐུ་ཡིས་སྐལ་བ་དང་ལྡན་མི་ལྡན་རྣམ་པར་དཔྱད་ནས་གཞན་གྱི་སེམས་ཤེས་པ་དེའི་ཕྱིར། སྣོད་དུ་རུང་བ་ལ་ནི་ཆོས་སྦྱིན་པ་དང་དོན་བྱ་བ་ཡིན་ལ། སྣོད་དུ་མི་རུང་བ་ལ་ནི་སྦྱིན་པར་མི་བྱའོ། །དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ལ་སྦྱིན་དུ་རུང་བ་དང་མི་རུང་པའང་ཡོད་དེ། འདི་ཡང་ལེགས་པར་རྟོགས་པར་བྱའོ། །དེ་ལྟར་གཉིས་པོ་ཅིའི་ཕྱིར་སྐལ་མེད་ལ་མི་སྦྱིན་ཞེ་ན། རྩ་བའི་ལྟུང་བ་ཆེན་པོར་འགྱུར་བའི་ཕྱིར་ཏེ། བརཏལ་ཤུགས་སྤྱོད་པ་ནི་ལྟུང་བ་དང་བཅས་པ་ནམ་ཡང་བྱེད་པ་མ་ཡིན་ནོ། །ཁ་གཅིག་ན་རེ་མགོ་བོ་སྦྱིན་མི་སྦྱིན་ལ་སོགས་པ་ཡིན་ནོ། །ཞེས་ཟེར་ཏེ་དེ་ནི་ངེས་པ་མ་ཡིན་ནོ། །གསུམ་པ་རྟོག་པ་དང་བྲལ་བའི་སྤྱོད་པ་ནི། བཟའ་བཅའ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལྟར་སྤྱོད་པའི་རྣལ་འབྱོར་ཅན་རྣམས་དམ་ཚིག་དང་བཅས་ཏེ་སྤྱོད་ན་འཇིག་རྟེན་གྱི་རྟོག་པ་དང་བཅས་སམ་ཞེ་ན་མ་ཡིན་ཏེ། བཟའ་བ་དང་བཅའ་བ་དང་དེ་བཞིན་དུ་བཏུང་བ་ཉིད་ཀྱང་དགག་པ་དང་བསྒྲུབ་པ་མེད་པར་ཇི་ལྟར་རྙེད་པ་རབ་ཏུ་བཟའ་ཞིང་ལོངས་སྤྱད་དོ། །ཡུལ་ཡིད་དུ་འོང་བ་དང་མི་འོང་པ་རྣམས་ཀྱང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུའི་བློས་ཞེན་པ་ཙམ་དུ་ཡང་མི་བྱའོ། །དེ་བཞིན་དུ་ཞིམ་པའི་བཟའ་བ་དང་། ཞིམ་པའི་བཟའ་བ་མ་ཡིན་པ་ལ་ལོངས་སྤྱོད་པ་དང་། དེ་བཞིན་དུ་བཏུང་བར་བྱ་བ་དང་བཏུང་བར་བྱ་བ་མ་ཡིན་པ་ཉིད་ཀྱང་མཚུངས་ལ། བགྲོད་པར་བྱ་བའི་ཕྱག་རྒྱ་གཟུགས་མཛེས་པ་དང་། མི་སྡུག་པ་ལ་བགྲོད་པར་བྱ་བ་མ་ཡིན་ནོ་ཞེས་ཀྱང་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་ཅན་གྱིས་རྣམ་པར་རྟོག་པ་ཉིད་དུ་མི་བྱའོ། །བཞི་པ་དངོས་གྲུབ་ཀྱི་རྒྱུ་བླ་མ་ལ་ཕྱག་འཚལ་བ་ནི། དངོས་གྲུབ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ། འདི་ཡང་སྔར་སྨོས་པ་བཞིན་དུ་དམ་ཚིག་དང་མི་འགལ་བའི་སྤྱོད་པ་སྟོན་ཏེ། སྤྱོད་པ་པོ་དེ་དངོས་གྲུབ་བརྙེས་པའི་སྟོབས་ཐོབ་པའི་སློབ་མ་ཡིན་པར་གྱུར་ཅིང་། བླ་མ་གང་ཞིང་དེ་ལྟ་བུའི་ཡོན་ཏན་མེད་པ་ལ་ཡང་མི་གུས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པར་བྱེད་པ་པོ་བླ་མ་དམ་པ་ཡིན་པས། དམ་ཚིག་གི་ཉེས་པས་མནར་མེད་པའི་སེམས་ཅན་མྱོང་བར་འགྱུར་བའི་གནས་སྐབས་ཡོད་པས་དེའི་རྒྱུ་སྤང་པའི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་བླ་མ་ལ་ཕྱག་བཙལ་བར་བྱའོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུ་ལས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙས་མི་བྱ། །ཞེས་གསུངས་སོ། །ལྔ་པ་ལས་ཀྱི་དམ་ཚིག་ལས་གྲོལ་བར་བསྟན་པ་ནི། བསླབ་དང་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། འདི་ནི་སྤྲོས་མེད་ལྷན་ཅིག་སྐྱེས་པའི་དོན་རྟོགས་པའི་རྣལ་འབྱོར་ཅན་འདི་ནི་བསླབ་པར་བྱའོ་འདི་དེ་བསླབ་བྱ་མ་ཡིན་པའོ་ཞེས་པ་གཞན་དབང་གི་སྤྱོད་པ་ལས་རྣམ་པར་གྲོལ་བའོ། །དེ་བཞིན་དུ་གཞན་གྱིས་དཔྱད་ཀྱིས་དོགས་པའི་ངོ་ཚ་བ་དང་། འཇིག་རྟེན་གྱི་འབྲས་བུ་དོན་དུ་གཉེར་བ་ལས་ཀྱང་རྣམ་པར་གྲོལ་བ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་ཀྱི་ཚུལ་དུ་ཡི་གེ་རྣལ་འབྱོར་ཅན་གྱིས་རྣམ་པར་དཔྱོད་ཅིང་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་སྦྱིན་བསྲེག་དང་དཀོན་མཆོག་མཆོད་པ་དང་། ནོར་སྦྱིན་པ་དང་། དོན་ཡོད་ཞགས་པ་ལྟ་བུའི་དཀའ་ཐུབ་རྣམས་ལས་འདས་ཤིང་བརྗོད་པའི་སྔགས་དང་། བསྐྱེད་རིམས་ལ་སོགས་པའི་བསམ་གཏན་ཡང་རྣམ་པར་སྤངས་ལ་གནས་སྐབས་ཀྱི་དམ་ཚིག་དང་། ལུས་ཀྱི་སྤྱོད་པ་རྣམ་པར་སྡོམ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཚུལ་གྱི་རྣལ་འབྱོར་དང་ལྡན་པས་སྤྱོད་པ་བྱ་སྟེ། འདི་དག་ཐམས་ཅད་ཀྱང་དོན་ལྷན་ཅིག་སྐྱེས་པ་ལ་ཚང་བ་ཡིན་ཏེ། དྷོ་ཧ་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་ནུས། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ་ཡིན་ཏེ། །བསྟན་ཆོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་གསུངས་སོ། །དྲུག་པ་འཇིགས་པ་དང་བྲལ་བའི་སྤྱོད་པ་ནི། ངེས་པར་ཞེས་པ་ཚིགས་སུ་བཅད་པ་གཅིག་སྟེ། དེ་ལྟར་སྤྱོད་པ་བྱེད་པ་ལ་བར་དུ་གཅོད་པ་བྱུང་ན། ངེས་པར་རང་གི་མདུན་དུ་ཡི་དམ་གྱི་ལྷ་མ་ཡིན་པ་གདོན་གྱི་གཙོ་བོ་བརྒྱ་བྱིན་ལྟ་བུ་བྱུང་ན་ཡང་། དེ་ལ་ནང་ནས་ཤར་བའི་ཚུལ་གྱིས་འཇིགས་པ་དང་བག་ཚ་བ་མི་བྱ་སྟེ། དཔའ་བོ་སེང་གེ་ལྟ་བུའི་སྤྱོད་པས་འཇིགས་པ་མེད་པར་རྣམ་པར་རྒྱུ་བའོ། །བདུན་པ་སྙིང་རྗེ་ཆེན་པོའི་སྤྱོད་པ་ནི། སེམས་ཅན་ཞེས་པའི་ཚིགས་བཅད་གཅིག་སྟེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་གྱི་དོན་བྱ་བའི་སེམས་བསྐྱེད་ནས་རྟག་ཏུ་སྙིང་རྗེ་ཆེན་པོའི་བཏུང་བའི་རོ་མྱོང་བར་བྱའོ། །རྣལ་འབྱོར་ཅན་ཞི་གནས་དང་ལྷག་མཐོང་གི་བཏུང་བ་ལ་དགའ་བར་བྱ་ཡིས། རྣལ་འབྱོར་པས་གཞན་གྱི་བཏུང་བ་ཆང་ལ་སོགས་པ་ལ་དགའ་བས་བཟི་བ་སྟེ་མྱོས་པར་འགྱུར་བ་ནི་སྐད་ཅིག་ཙམ་ཡང་མེད་པར་བྱས་པ་ཡིན་ནོ། །འདི་ཡི་ནང་གི་དོན་ཡང་། སྙིང་རྗེའི་སྒྲས་བདེ་བ་བསྟན་ཏེ་བྱང་ཆུབ་ཀྱི་སེམས་རླུང་གི་སྟོབས་ཀྱིས་བཏུང་བར་བྱ་ཡིས་གཞན་ཕྱི་རོལ་གྱི་བཏུང་བ་ནི་མ་ཡིན་ནོ་ཞེས་སོ། །དེ་ཡང་། དུས་ཀྱི་འཁོར་ལོ་ལས། ཐིག་ལེ་གང་ཞིག་དཀར་པོའི་རྒྱུན་ནི་ཉིན་དང་མཚན་དུ་འབབ་པ་དེ་ཉིད་མ་མ་ཀི་ཉིད་ཆང་། ཞེས་གསུངས་སོ། །ལེའུ་ཡི་མཚན་ནི། རྫོགས་རིམས་ཀྱི་བོགས་འདོན་བརཏལ་ཤུགས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་འདི་ཡི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ནི་སྔར་བསྟན་པ་ཉིད་ཡིན་ལ་འབྲེལ་ནི་དེ་ལྟར་རིག་པ་བརཏལ་ཤུགས་ཀྱི་སྤྱོད་པ་བྱེད་པ་ལ། བརྡའ་ལ་སོགས་པ་དགོས་པས་དེ་འཆད་དོ། །མདོར་བསྟན་ནི་སྔར་བརྡའ་ཆེན་ཞེས་གསུངས་ཏེ་ལུས་དང་ངག་གི་བརྡའ་ལ་སོགས་པ་རྣམས་འདིར་རྒྱས་པར་འཆད་དོ། །མངོན་པར་རྟོགས་པའི་དབང་དུ་བྱས་ན་རྫོགས་པའི་རིམ་པའི་ཡན་ལག་དམ་ཚིག་དང་སྤྱོད་པའི་ཁོངས་སུ་འདུའོ། །འདི་ལ་གསུམ་སྟེ། མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་དེ་ནས་ཞེས་པ་སྤྱོད་པ་གསུངས་པ་དེ་མ་ཐག་པ་ནས་ཙྪོ་མ་ཞེས་པ་བརྡ་སྟེ་སམ་ཀྲི་ཏའི་སྐད་དུ་ནི་ས་གྷི་ཏ་ཟེར་འདི་ནི་བརྡའི་སྐད་དོ། །དེ་བསྟན་པའི་ལེའུ་བཤད་པར་བྱའོ་ཞེས་སོ། །གཞུང་ལ་དྲུག །བརྡ་དང་། འདུ་བའི་གནས་དང་། དུས་དང་། ཁ་ཟས་དང་། སྤྱོད་པ་དང་། བཟའ་བའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་ལས། བརྡའི་དགོས་པ་ནི་ཚིག་རྐང་པ་གཉིས་ཏེ། སྤྱོད་པའི་རྣལ་འབྱོར་ཅན་གང་གིས་དཔའ་བོ་ཡིན་ན་སྤུན་དང་། རྣལ་འབྱོར་མ་རྣམས་ནི་སྲིང་མོར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་གྱིས་གཞན་དུ་ནི་མི་འགྱུར་རོ། །བརྡ་དང་བརྡ་ཡི་ལན་དངོས་ནི། གང་གིས་སོར་མོ་ཅིག་སྟོན་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་གསུངས་ཏེ། འདི་རྣམས་ནི་ཕྱི་རོལ་དུ་ཡུལ་ཆེན་པོ་ལ་སོགས་པ་རྣམས་སུ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་ལ་དམ་ཚིག་ཅིག་པ་ཡིན་ནམ་མ་ཡིན་ཞེས་ཤེས་པར་བྱ་བའི་ཕྱིར་ལག་པའི་བརྡ་འདི་དག་བསྟན་པས་དམ་ཚིག་གི་དབྱེ་བ་ཤེས་པར་འགྱུར་ཏེ། གཞུང་ནས་ཅི་སྐད་གསུངས་པ་བཞིན་ནོ། །ད་ནི་འདིར་ངེས་པའི་དོན་དུ་བརྡ་འདི་དག་གི་རྣམ་པ་དེ་བཤད་ན། གང་གིས་ལག་པ་གཡོན་པའི་སོར་མོ་གཅིག་བསྒྲེང་སྟེ་སྟོན་པ་ནི་དམ་ཚིག་གཅིག་པ་ཉིད་ལས་འོངས་སམ་ཞེས་པའོ། །སོར་མོ་གཉིས་བརྐྱང་པ་ནི་ལེགས་པར་འོངས་པའི་ལན་ཡིན་ཏེ། ཐབས་དང་ཤེས་རབ་རྟོགས་པར་འོངས་ཞེས་པའི་བརྡ་ཡིན་ནོ། །གཡོན་པའི་འཐེ་བོང་བཅངས་པ་ནི་བསྙུན་འདྲི་བའི་ཕྱག་རྒྱར་རྣམ་པར་ཤེས་ཏེ་བདེ་བ་དང་སྟོང་པ་སྦྱོར་བའི་བརྡའོ། །གང་གིས་སྲིན་ལག་སྟེར་བ་ནི་གསུམ་པའི་བདེ་བ་མིང་མེད་པར་རྟོགས་སམ་ཞེས་པའོ། །དེའི་ལན་དུ་ཐེའུ་ཆུང་རྣམ་པར་སྦྱིན་པ་ནི་བཞི་པ འང་རྟོགས་སོ་ཞེས་པའི་བརྡའོ། །གང་ཞིག་གུང་མོ་སྟོན་པ་ནི་དབུ་མའི་ལམ་ལ་གནས་སམ་ཞེས་པའོ། །དེ་དང་ཉེ་བ་དེའི་བརྡར་ནི་འཛུབ་མོ་རྣམ་པར་སྦྱིན་པའོ། །ཡང་གང་ཞིག་སྲིན་ལག་སྟོན་པ་ནི་རྣམ་པར་རྟོག་པ་མེད་དམ་ཞེས་པའོ། །དེའི་ལན་ནི་ལུས་ཀྱི་ཕྲ་མོའི་གནས་མགྲིན་པ་ཡིན་པ་བཞིན་དུ་རྣམ་པར་རྟོག་པ་ཕྲ་བར་རབ་ཏུ་སྟོན་པའོ། །ཡང་གང་ཞིག་གོས་སྟོན་པ་ནི་ཡོན་ཏན་ཀྱི་གོས་དང་ལྡན་ནམ་ཞེས་པ་སྟེ་དེའི་ལན་དུ་སོར་མོའི་རྩེ་གསུམ་རབ་ཏུ་སྟོན་པ་ནི་བདེ་གསལ་མི་རྟོག་པའི་ཡོན་ཏན་གསུམ་དང་ལྡན་པའི་བརྡའོ། །ཡང་གང་ཞིག་ནུ་མ་སྟོན་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་ནམ་ཞེས་པའོ། །དེའི་ལན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བརྡར་དཔྲལ་བའི་འཚམས་ནི་རབ་ཏུ་བསྟན་པའོ། །ཡང་གང་ཞིག་ས་གཞི་སྟོན་པ་ནི་ཁམས་བརྟན་པ་དང་ལྡན་ནམ་ཞེས་པའོ། །དེའི་ལན་དུ་ནམ་མཁའ་བསྟན་པ་ནི་ནམ་མཁའ་ལྟ་བུར་ཞུགས་པའི་དོན་ཏོ། །ཡང་གང་ཞིག་དཔྲལ་བའི་ཁྲོ་གཉེར་སྟོན་པ་ནི་བྱང་ཆུབ་ཀྱི་སེམས་བརྟན་ནམ་ཞེས་པའོ། །དེའི་ལན་དུ་གཙུག་ཕུད་དགྲོལ་བ་ནི་རྩ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་རབ་དུ་རྒྱས་པར་སྟོན་པའོ། །འདི་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཏེ། གང་ཞིག་དཔྲལ་བ་སྟོན་པ་ནི་ལུས་ཀྱི་མཁའ་འགྲོའི་གནས་རྣམས་མངོན་དུ་བྱས་སམ་ཞེས་པའོ་དེའི་ལན་དུ། ཕྱི་རོལ་གྱི་གནས་ལ་རྒྱབ་ཀྱིས་ཕྱོགས་པའི་བརྡར་ལྷག་པ་རབ་ཏུ་བསྟོན་པའོ། །དེ་བཞིན་དུ་གང་ཞིག་རྐང་མཐིལ་སྟོན་པ་ནི་གོང་ནས་གོང་དུ་འགྲོའམ་ཞེས་པའོ་དེའི་ལན་དུ་ལྟོ་ཡི་རྣམ་པར་རྩེ་བ་ནི་ལྷན་ཅིག་སྐྱེས་པའི་སྦྱོར་བས་ས་ནས་སར་འཕར་བའི་དོན་ཏེ། དེ་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་མཆོག་དང་མཆོག་མ་ཡིན་པའི་དམ་ཚིག་གི་དབྱེ་བ་ཤེས་པར་འགྱུར་རོ། །འདུ་བར་གདམས་པ་ནི། དེ་ལ་ཞེས་པའི་ཚིག་རྐང་བཅུ་སྟེ་འདིའི་དོན་ནི་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརློབས་པའི་དབང་དུ་མཛད་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བརྡ་སྟོན་པའི་ལན་སྟོན་པར་ནུས་ན་སྐྱེས་བུ་དེ་ལ་རྣལ་འབྱོར་མས་སྨྲ་བར་འགྱུར་ཏེ། ཨེ་མ་བུ་ནི་སྙིང་རྗེ་ཆེ་ཞེས་པ་ལ་སོགས་པ་ངག་གིས་བརྡ་བརྗོད་ཅིང་ཕྲེང་བ་དང་བཅས་པའི་ལག་པ་སྟོན་ན་ཚོགས་ཀྱི་འཁོར་ལོ་ལ་འདུ་བར་བྱ་ཞེས་སྨྲ་བ་ཡིན་ནོ། །ཕྲེང་བ་ལག་དུ་མངོན་པར་བཏད་པར་བྱས་ན་དམ་ཚིག་ལ་གནས་པའི་བརཏལ་ཤུགས་བཟང་པོ་དེ་ལ་ཕྱི་རོལ་དུ་འདུ་བར་བྱའོ། །ཞེས་སྨྲ་བ་ཡིན་ནོ། །དེ་ལ་དངོས་གྲུབ་ཀྱི་མཚན་མ་བཏག་པར་བྱས་ནས་དུལ་བའི་སྤྱོད་ཡུལ་དུ་གནས་པས་དེ་ལ་འདུ་བ་རྣལ་འབྱོར་མས་གང་སྨྲས་པ་དེ་ལྟ་བུ་ཐམས་ཅད་བྱ་བ་ཡིན་ནོ། །འདིའི་དོན་ནག་པོ་པས། མཁའ་འགྲོ་རྣམས་ནི་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་སུ། །བདག་ནི་མ་ཁྱོད་བུ་ཡིན་ཏེ། །ཅི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། བྱུང་བ་རང་གི་འོ་མས་བསྐྱོང་། །ཞེས་གསུངས་སོ། །འདུ་བའི་གནས་ལ་གཉིས་ཏེ། ཞུས་ལན་གྱིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་ཀྱེ་བཅོམ་ལྡན་འདས་ཞེས་པ་ནས་བརྗོད་མི་བྱ་ཞེས་པའི་བར་ཏེ། འདི་རྣམས་ནི་ཕྱི་རོལ་དུ་འདུ་བའི་གནས་བསྟན་པ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་འདུ་བའི་གནས་གང་ལགས་ཅེས་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གནས་ནི་ཛྷ་ལན་དྷ་ར་ལ་སོགས་པ་བཞི་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྟག་ཏུ་བཞུགས་པས་གནས་སོ། །མ་ལ་ཝ་ལ་སོགས་པ་ནི་དུས་རེས་འགའ་ཙམ་བཞུགས་པས་ཉེ་བའི་གནས་སོ། །དུས་རྟག་དུ་ལོངས་སྤྱོད་པའི་ས་ལ་ཞིང་། རེས་འགའ་ཙམ་ལོངས་སྤྱོད་པ་ལ་ཉེ་བའི་ཞིང་ངོ་། །དུས་རྟག་དུ་ཁྲུས་བྱེད་པའི་ས་ལ་ཚན་རྡོ་ཧ། རེས་འགའ་ཙམ་ཁྲུས་བྱེད་པའི་ས་ལ་ཉེ་བའི་ཚན་དྷོ་ཧ། རྟག་ཏུ་བཀའ་བསྒྲོ་བ་བྱེད་པའི་ས་ལ་འདུ་བ། རེས་འགའ་ཙམ་བྱེད་པའི་ས་ལ་ཉེ་བའི་འདུ་བ། རྟག་ཏུ་བདེ་བ་ཆེན་པོའི་སྙོམས་འཇུག་ཉམས་སུ་ལེན་པའི་ས་ལ་འཐུང་གཅོད། རེས་འགའ་ཙམ་ལེན་པའི་ས་ལ་ཉེ་བའི་འཐུང་གཅོད། རྟག་ཏུ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱེད་པས་རྣམ་རྟོག་སྤོང་བའི་ས་ལ་དུར་ཁྲོད། རེས་འགའ་ཙམ་བྱེད་པའི་ས་ལ་ཉེ་བའི་དུར་ཁྲོད། འདི་རྣམས་སུ་བགྲོད་པས་ས་བཅུ་གཉིས་ཏེ། ཅེས་པས་ས་བཅུ་སངས་རྒྱས་ཀྱི་ས་དང་ལས་དང་པོའི་ས་དང་བཅུ་གཉིས་མཚོན་པའོ། །རྣམ་པར་དག་པའི་ས་བཅུ་ལ་དབང་བའི་རྟགས་ཡིན་པས་ས་བཅུའི་དབང་ཕྱུག་མགོན་པོ་ཉིད་དོ། །གནས་ལ་སོགས་པ་འདི་ནི་བརྗོད་པར་བྱ་ཡིས་ལ་སོགས་པ་མིང་གཞན་གྱིས་བརྗོད་པར་མི་བྱ་ཞེས་སོ། །ནང་དོན་དུ་བཤད་ན་རྩའི་གཙོ་མོ་སུམ་ཅུ་སོ་གཉིས་ལས་བྱང་ཆུབ་ཀྱི་སེམས་འབབ་པ་ལ་བཤད་དེ་ཐིག་ལེ་རྒྱུན་དུ་གནས་པ་དང་། རེས་འགའ་གནས་པ་ཉེ་བའི་གནས་དང་། བདེ་བའི་ལོངས་སྤྱོད་པའི་ཞིང་དང་། རེས་འགའ་ལོངས་སྤྱོད་པའི་ཉེ་ཞིང་དང་། རྣམ་རྟོག་འཁྲུང་པའི་ཁམས་འདྲེས་པའི་ཚན་དྷོ་ཧ། རེས་འགའ་བའི་ཉེ་བའི་ཚན་དྷོ། བདེ་སྟོང་སྐྱེ་བའི་ས་ལ་འདུ་བ། རེས་འགའ་སྐྱེ་བའི་ས་ལ་ཉེ་འདུ། དཀར་དམར་འདྲེས་པའི་ས་ལ་འཐུང་གཅོད། རེས་འགའ་འདྲེས་པའི་ས་ལ་ཉེ་བའི་འཐུང་གཅོད། བྱང་ཆུབ་ཀྱི་སེམས་དང་རྣམ་རྟོག་སྤོང་པའི་དུར་ཁྲོད། རེས་འགའ་སྤོང་བའི་ཉེ་བའི་དུར་ཁྲོད་སྟེ། འདི་རྣམས་སུ་རླུང་འགགས་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་འཐོབ་བོ། །རྒྱས་པར་བཤད་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་པ་ནས་ཉེ་བའི་དུར་ཁྲོད་བརྗོད་པར་བྱ་ཞེས་པའི་བར་གྱིས། འདི་དག་ཀྱང་ཕྱི་རོལ་དུ་རྡོ་རྗེའི་གདན་ལས་ཕྱོགས་མཚམས་རྣམས་སུ་གནས་སོ། །ནང་དུ་ནི་དབུ་མའི་ཕྱོགས་བཅུར་བསྐོར་བའི་ཚུལ་ལོ། །དེ་ཡང་ནན་ཏན་དུ་བཅོམ་ལྡན་འདས་ལ་གནས་ལ་སོགས་པ་གང་ལགས་ཞེས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཕྱི་རོལ་གྱི་གནས་ནི་ཛྷ་ལན་དྷ་ར། ནང་དུ་སྤྱི་གཙུག་དུ་བཤད་དོ། །དེ་བཞིན་དུ་ཕྱི་རོལ་དུ་ཨུ་རྒྱན་ནི་ནང་དུ་རྣ་བ་གཡས་པའོ། །ཕྱི་རོལ་དུ་གནས་ནི་གྷོ་ལ་གྷི་རི་ནི་པུ་ལི་ར་སྟེ་ནང་དུ་སྤྱི་བོ་ཉིད་དོ། །དེ་བཞིན་དུ་ཕྱིར་ཀ་མ་རུ་པ་ཡང་ནང་དུ་འཆན་ཁུང་ཉིད་དེ་གནས་སོ། །ཉེ་བའི་གནས་ནི་ཕྱི་རོལ་དུ་མ་ལ་ཡ་ནི་ནང་དུ་དཔུང་མགོའོ། །ཕྱིར་སིན་དྷུའི་གནས་ནི་ནང་དུ་རྐང་པའི་བོལ་ལོ། །ཕྱི་རོལ་གྱི་གནས་ན་ག་ར་ནི་ནང་དུ་སོར་མོའོ། །ཞིང་ནི་ཕྱི་རོལ་དུ་མུ་མུ་ནི་ཞེས་པ་ཏྲི་ཤ་ཀུ་ནའོ། །ནང་དུ་ནི་མུ་མུ་ནིའི་སྒྲས་ལྟེ་བ་ལ་བཤད་དོ། །དེ་བཞིན་དུ་ཕྱི་རོལ་དུ་བྱེད་པའི་འཕྲང་ནི་ནང་དུ་ལག་པ་གཉིས་ཏེ། ཨ་དྷི་པ་ས་རྟགས་སོ། །ཕྱི་རོལ་དུ་ཡུལ་དེ་བི་ཀོ་ཊ་ནི་ནང་དུ་མིག་གཉིས་སོ། །ཕྱི་རོལ་གྱི་ལྕགས་འཕྲང་ནི་ར་མི་ཤྭ་ར་སྟེ་ནང་དུ་སྨིན་མའི་དབུས་སོ། །དེ་བཞིན་དུ་ཉེ་བའི་ཞིང་། ཕྱི་རོལ་གྱི་ཡུལ་ཀུ་མུ་ཏ་ཞེས་པ་ནང་དུ་པུས་མོར་བརྗོད་དོ། །དེ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཨར་བུ་ཏ་ནི་ནང་དུ་ལྡག་པ་ཉིད་དོ། །ཕྱི་རོལ་དུ་བའི་མཆོད་སྦྱིན་ནི་བལ་ཡུལ་ཏེ་ནང་དུ་རྣ་བ་གཡོན་པའོ། །ཕྱི་རོལ་དུ་ཁ་བའི་རི་ནི་ཏི་ཙེ་ཏེ་ནང་དུ་ནི་ཧི་མ་ལ་ཡ་ལྒང་པའོ། །དེ་དག་ནི་ཉེ་བའི་ཞིང་ལ་སོགས་པ་མདོར་བསྡུས་པའོ། །དེ་བཞིན་དུ་ཚན་དྷོ་ཧ་ནི། ཧ་རི་ཀེ་ལ་ཏེ་འགྲི་ཧ་དྷེ་བ་ནང་དུ་ནི་བཤད་པའོ། །ལན་ཙ་ནི་ཕྱི་རོལ་གྱི་ཡུལ་ལམ་པ་ཀ་ནི་ནང་དུ་མགུལ་པའོ། །ཕྱི་རོལ་གྱི་ཡུལ་ཀན་ཙི་ནི་ནང་དུ་སྙིང་ཀའོ། །ཕྱི་རོལ་གྱི་ཡུལ་སོའུ་རཥྚ་ནི་ནང་དུ་བརླ་གཉིས་སོ། །ཉེ་བའི་ཚན་དྷོ་ཧ་ནི་ཕྱི་རོལ་གྱི་ཡུལ་ཀ་ལིང་ཀ་ནང་དུ་ནི་ཁའོ། །ཕྱི་རོལ་གྱི་ཡུལ་གསེར་གླིང་ནི་ནང་དུ་བྱིན་པ་གཉིས་སོ། །ཕྱི་རོལ་གྱི་ཡུལ་ཀོང་ཀ་ན་མི་ཨོ་ཏྲེ་སྟེ་ནང་དུ་ནུ་མའོ་དེ་དག་ནི་ཉེ་བའི་ཚན་དྷོ་ཧ་མདོར་བསྡུས་ཏེ་བརྗོད་པའོ། །འཐུང་གཅོད་ནི་གྲོང་ཁྱེར་གྱི་སྒྲས་འཁོར་ལོ་ལ་བརྗོད་ལ། གྲོང་ཁྱེར་གྱི་མཐའི་དོན་ནི་ལུས་ཀྱི་མཐར་སོན་པའི་ལྤགས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ཡུལ་ཙ་རི་ཏྲ་ནི་ནང་དུ་རྩ་ཐམས་ཅད་འདུས་པ་ལ་བརྗོད་ལ། ཕྱི་རོལ་གྱི་ཡུལ་ཀོ་ས་ལ་ནི་ནང་དུ་སྣའི་རྩེ་མོའོ། །ཕྱི་རོལ་གྱི་ཡུལ་བིན་དྷ་གཞོན་ནུའི་གྲོང་ཁྱེར་ནི་ནང་དུ་གསང་བའི་ཕྱི་རིམ་ནས་འདུས་པའི་ནད་བསྐྱེད་པའི་རྩའོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས་ཉེ་བའི་འཐུང་གཅོད་ནི་ཕྱི་རོལ་དུ་གནས་དེ་དག་དང་ཉེ་བའི་གནས་ན་ཡོད་དོ། །ནང་དུ་ནི་འཁོར་ལོའི་ཕྱི་རོལ་ནས་ནད་བསྐྱེད་པའི་རྩ་རྣམས་སོ། །དུར་ཁྲོད་ནི་ཕྱི་རོལ་དུ་རབ་ཏུ་སོན་པའི་རོའི་ཚོགས་གནས་པ་སྟེ་དུར་ཁྲོད་བརྒྱད་པོ་རྒྱ་མཚོའི་འགྲམ་མིའམ་ཅིའི་གནས་རྣམས་ན་ཡོད་དོ་ཞེས་གྲག་གོ །ནང་དུ་དབང་པོའི་སྒོ་བརྒྱད་དེ་ཕྱག་ན་རྡོ་རྗེའི་འགྲེལ་པ་ལས། དུར་ཁྲོད་རྣམས་ནི་དབང་པོའི་སྒོ། །ཞེས་གསུངས་སོ། །དུར་ཁྲོད་བརྒྱད་པོ་དེ་དག་དང་ཉེ་བའི་སྒྲས་ནི་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་བསྐྱེད་མོས་ཚལ་གྱི་ར་བ་དང་། རྫིང་བུའི་འགྲམ་རྣམས་སུ་རོ་དུ་མ་གནས་པའི་ས་ཕྱོགས་རྣམས་ཉེ་བའི་དུར་ཁྲོད་དུ་བརྗོད་པར་བྱའོ། །ནང་གི་དོན་དུ་ནི་སྔ་མ་བཞིན་ནོ། །ནང་གི་སྦྱོར་ཚུལ་འདི་རྣམས་སྂ་བྷུ་ཊ་དང་འཁོར་ལོ་སྡོམ་པར་གསུངས་པ་ཡིན་པ་ལ་འདིར་གོ་རིམ་དཀྲུགས་ཏེ་གསུངས་པ་ཡིན་ནོ་ཞེས་ནཱ་རོ་པས་གསུངས་སོ། །འདུ་བའི་དུས་ནི། །སེམས་ཅན་ཀུན་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། ཚོགས་ཀྱི་འཁོར་ལོ་ལ་འདུ་བ་རང་དོན་འབའ་ཞིག་མ་ཡིན་ཞིང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་གྱི་དོན་དུ་འདུ་བ་ཡིན་པས་རྣལ་འབྱོར་མའི་རྒྱུད་ཀྱེའི་རྡོ་རྗེ་འདི་ཡི་ལུགས་ཀྱིས་རྣལ་འབྱོར་མ་དང་ལེགས་པར་ཚོགས་ཀྱི་འཁོར་ལོ་ལ་འདུ་བའི་ཉིན་པར་ཉིད་ཀྱང་རབ་ཏུ་བཤད་པར་བྱའོ་ཞེས་སོ། །དེ་ལྟར་མདོ་ཙམ་བསྟན་པར་མཛད་པ་ལ་རྡོ་རྗེ་སྙིང་པོས། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས་ཞེས་ཞུས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཡི་དྭགས་ཟླ་ཕྱེད་ཅེས་པ་འགྲིབ་པའི་ཕྱོགས་ཀྱི་བཅུ་བཞི་ནི་ཉི་ཤུ་དགུའོ། །དེ་བཞིན་དུ་བརྒྱད་པ་ཉིད་ནི་ཉི་ཤུ་གསུམ་ལ། ཡར་ངོའི་བརྒྱད་ཀྱང་བཟུང་ངོ་། །འདི་ནི་ཟླ་བའི་དུས་སོ། །དེ་བཞིན་དུ་ལོ་ལ་སོགས་པ་ཡང་རྟོགས་པར་བྱ་སྟེ། ཀུན་སྤྱོད་ལས། དགུན་ཟླ་འབྲིང་སོགས་ཟླ་བའི། །བཅུ་པ་ལ་ནི་གུས་པས་མཆོད། །ཞེས་སོ། །འདི་ཡི་ངེས་པའི་དོན་ནི། བྱང་ཆུབ་ཀྱི་སེམས་ཆ་བཅུ་བཞི་ལུས་ལ་བཟུང་བར་བྱ་བར་འགྲེལ་ཆེན་ལས་གསུངས་སོ། །བཟའ་བ་ནི། རྒྱལ་མཚན་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་འདུ་བའི་ལོངས་སྤྱོད་ཀྱི་རྫས་གང་ཞེ་ན། རྒྱལ་མཚན་ནི་ཆོམ་རྐུན་ཤིང་ལ་དཔྱངས་ཏེ་བསད་པའམ། དཔའ་བོ་གཡུལ་དུ་མཚོན་བསྣུན་ནས་བསད་པ་ཉིད་ཀྱང་རུང་ལ། ལན་བདུན་དུ་མི་ཡི་སྐྱེ་བ་བླངས་པ་ཡང་མཆོག་ཏུ་ཤིས་པས་བཟའ་བར་བྱའོ། །དེ་ཡང་སྐྱེ་བ་བདུན་པའི་ཤ་མི་རྙེད་དོ་ཞེ་ན་འབད་པས་སྙིང་རྗེ་ཆེན་པོ་བསྐྱེད་པ་ཡིས་བསད་པར་བྱ་བའི་ཆོ་ག་ཡང་བརྗོད་པ་ཉིད་དོ། །དེ་ཡང་སེམས་ཅན་བརྩོན་འགྲུས་ཞན་པ་དང་། བསྟན་པ་ལས་གཞན་དུ་གྱུར་པ་རྣམས་ཀྱང་སྐྱེ་བ་བདུན་པའི་ཤས་དངོས་གྲུབ་འགྲུབ་པའི་ཕྱིར། གནས་སྐབས་གནོད་པ་ལྟ་བུ་ཡང་བསྒྲུབ་པར་བྱེད་དེ། དེའི་ཕྱིར་སྙིང་རྗེས་གནང་བར་བརྗོད་དོ། །སྙིང་རྗེ་མེད་ན་ནི་གཞན་གྱི་དོན་མི་འགྲུབ་པས་དེའི་ཕྱིར་ཡང་སྙིང་རྗེ་བསྐྱེད་པ་ཉིད་དོ། །དེ་ལྟར་སྤྱོད་པ་ཐམས་ཅད་ཀྱང་གདུག་པ་ཅན་བསྟན་པ་ལ་གཞུག་པའི་དོན་ཏེ། འདི་ཡི་ཆོ་གའི་གཙོ་བོ་ནི་སྙིང་རྗེ་ཆེན་པོ་ཡིན་པས་ཉེས་པ་ཐམས་ཅད་དགག་པར་བྱས་པ་ཡིན་ནོ། །འདིའི་ངེས་པ་དོན་ནི་འཁོར་ལོ་གཉིས་པའི་རྫོགས་རིམས་ཏེ། ཧྂ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱལ་མཚན་ལ། ཨ་ཐུང་ངུའི་མཚོན་གྱིས་བསྣུན་པས་ལན་བདུན་པ་ནི་བྱང་ཆུབ་ཀྱི་སེམས་འབབ་པ་སྟེ། ཟས་ཟོས་པ་ཆུ་སེར། དེ་ཁྲག །དེ་བཞིན་དུ་ཤ་དང་། ཚིལ། རུས་པ། རྐང་དེ་བྱང་ཆུབ་ཀྱི་སེམས་སུ་འགྱུར་བས་སྐྱེ་བ་བདུན་པར་བརྗོད་དོ་ཞེས་གསུངས་སོ། །བཟའ་བ་ནི་ལོངས་སྤྱོད་པ་སྟེ། སྙིང་རྗེའི་སྒྲས་སུ་ཀ་ན་བདེ་བ། རུ་རུ་ན་འགོག་པ་སྟེ་རླུང་འགོག་ཅིང་བྱང་ཆུབ་ཀྱི་སེམས་བརྟན་པས་རྣམ་པར་རྟོག་པ་གསོད་པར་བརྗོད་དེ་འདི་ནི་ཆོ་ག་གཙོ་བོའོ། །འདི་ཡི་རིམ་པས་ལས་ཀྱི་ཕྱག་རྒྱ་ཡང་བརྗོད་དོ། །སྤྱོད་པ་ལ་གསུམ་སྟེ། བསམ་པའི་ཁྱད་པར། ལུས་ངག་གི་སྤྱོད་ལམ། ཞར་ལ་ཧེ་རུ་ཀའི་དོན་བཤད་པའོ། །དང་པོ་ནི་དེ་ལ་འདི་ལྟར་ལ་སོགས་པའི་ཚིག་རྐང་བཅུ་ཅིག་སྟེ། དེ་ཡང་བསྐྱེད་རྫོགས་བསྒོམ་པའི་རྣལ་འབྱོར་ཅན་གྱིས་འདི་ལྟར་ལྟ་བར་བྱ་སྟེ། ཉིན་མོ་སྣང་བའི་ཆ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་དང་། མཚན་མོ་སྣང་མེད་ཤེས་རབ་ཀྱི་བརྟག་པར་བྱ་སྟེ་དེ་ལྟར་ཤེས་པས་མི་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་མི་བཟའ་བ་ཡང་ཡོད་པ་མ་ཡིན། དོན་དེ་ལ་མི་བསམ་པ་ཡང་ཡོད་པ་མ་ཡིན། བཟང་པོ་དང་ངན་པའི་རྣམ་པ་སྨྲ་བ་དང་མི་སྨྲ་བ་གང་ཡང་མེད་དེ་ཐབས་དང་ཤེས་རབ་ལས་མ་འདས་པའི་ཕྱིར་རོ། །འདི་ལྟར་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བ་དེ་ལྟར་གཞན་ཡང་ཤེས་ལ། དེ་བཞིན་དུ་བདག་ནི། ངའི་སྒྲས་ཧེ་རུ་ཀ་སངས་རྒྱས་ཀྱི་སྙིང་པོའི་མཆོག་ཉིད་དུ་རྟོགས་ཤིང་འདི་ལྟར་སེམས་དཔའི་རྣལ་འབྱོར་པས་བཟའ་བ་དང་བཏུང་བ་ལ་སོགས་པ་སྔར་གསུངས་པ་ལྟ་བུ་སྤྱད་པར་བྱའོ། །གཉིས་པ་ནི། ཡན་ལག་ཅི་སྙེད་ལ་སོགས་པའི་ཚིགས་བཅད་གཅིག་སྟེ་སྔར་གསུངས་པ་ལྟར་རྟོགས་པའི་རང་བཞིན་གྱིས་ཡན་ལག་ཅི་སྙེད་བསྒྱུར་བ་དང་། ཚིག་རྣམས་རབ་ཏུ་རྒྱས་པར་བརྗོད་པ་ཉིད་ཀྱང་དཔལ་ཧེ་རུ་ཀའི་དོན་ལ་གནས་པ་རབ་ཏུ་ཞུགས་པས་སྔར་བརྗོད་པ་དེ་སྙེད་ཀྱི་སྔགས་དང་ཕྱག་རྒྱ་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཤྲི་ནི་ཞེས་པའི་ཚིགས་བཅད་གཅིག་སྟེ། འོ་ན་དཔལ་ཧེ་རུ་ཀ་དེ་རང་ཅི་ལྟ་བུ་ཞེ་ན། ཤྲི་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་མེ་ལོང་ལྟ་བུའོ། །ཧེ་ནི་རྒྱུ་དང་རྐྱེན་ལ་སོགས་པ་སྟོང་པ་ཉིད་ཀྱིས་མཉམ་པ་ཉིད་དོ། །རུ་ནི་རྣམ་པར་རྟོག་པའི་ཚོགས་པ་དང་བྲལ་བ་ཉིད་དུ་ཅི་སྙེད་པ་མཁྱེན་པས་ན་སོ་སོར་རྟོག་པའོ། །ཀ་ནི་ཞི་བའི་མཐའ་གང་དུའང་མི་གནས་པས་བྱ་བ་གྲུབ་པའོ། །དེ་ལྟར་དབྱེར་མེད་པར་རྟོགས་པས་དོན་གྱི་ཧེ་རུ་ཀ་མངོན་དུ་འགྱུར་རོ། །བཟའ་བའི་རྣལ་འབྱོར་གསུངས་པ་ནི། རྡོ་རྗེ་ཐོད་པ་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། འདི་ཡང་དྲང་བ་དང་ངེས་པའི་དོན་གྱི་དབང་དུ་བྱས་ནས་དང་པོ་ནི་རྒྱལ་མཚན་མཚོན་བསྣུན་ལ་སོགས་པའི་དམ་ཚིག་གི་རྫས་རྣམས་བྱིན་གྱིས་བརླབ་པ་གསུངས་ཏེ། མི་དམིགས་པ་ལས་ཡྃ་ལས་རླུང་། རྂ་ལས་མེ། ཨ་ལས་ཐོད་པ། དེའི་ནང་དུ་དམ་ཚིག་རྫས་ཤ་ལྔ་དང་། བདུད་རྩི་ལྔའི་རང་བཞིན་དུ་བསྐྱེད་ལ་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ་ཟླ་བ་དང་བཅས་པ་བསྐྱེད་ལ་སྦྱོར་བ་ནི་དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་གཉིས་སུ་མེད་པར་བྱའོ། །སྐྱེ་བོ་གང་དང་གང་རྣམས་ཀྱི་ཤ་ནི་རྣམ་པ་ལྔ་སྟེ། དེ་དག་མཁས་པས་བཟའ་བར་བྱས་པ་ལས་སེམས་ཅན་དེ་དག་ལ་གནོད་པར་མི་འགྱུར་ཞིང་དབང་གི་སྟོབས་ཐོབ་པར་ཡང་འགྱུར་རོ། །འདི་ཉིད་ཀྱི་མཁས་པ་ཞེས་བྱ་བའི་དོན་ཡང་ཡུལ་དབུས་ལ་སོགས་པ་ན་ཤ་ལྔ་པོ་མི་ཟ་བའི་ཕྱིར་གསོད་པ་མེད་པས། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རྣལ་འབྱོར་ཅན་གྱིས་བཟའ་བ་ཡིན་ལ། ཤ་གཞན་དག་ནི་རྣལ་འབྱོར་ཅན་གྱིས་བཟའ་བ་མ་ཡིན་ཏེ། ཤ་ཟ་བ་པོ་ཡོད་ན་གསོད་པ་པོ་ཡོད་པའི་ཕྱིར། ཟ་བ་པོ་དང་གསོད་པ་པོ་ཐ་དད་པར་གྲུབ་པོ་དེའི་ཕྱིར་ན་རྣལ་འབྱོར་ཅན་གྱིས་ཤ་མི་བཟའོ་ཞེས་སྤྱན་རས་གཟིགས་ཀྱིས་གསུངས་སོ། །འདི་ཡང་ནང་དོན་དུ་ནི། རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཕྱག་རྒྱའི་གདམས་པ་སྟེ། རྡོ་རྗེ་ཨ་ཐུང་ངུའི་མེ་དང་། ཧྂ་ས་ཆུའི་རང་བཞིན་གྱི་ཐོད་པ་སྦྱོར་བས་སྐྱེ་བོ་གང་དང་གང་གི་གཟུང་འཛིན་གྱི་རྟོག་པ་རྣམས་བསད་པའི་སྟོབས་ཀྱིས་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་འགྱུར་ཏེ་སེམས་ཀྱི་རྣམ་པར་རྟོག་པ་དེ་དག་ལ་དབང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཐབས་འདུ་ཤེས་གསུམ་ལྡན་གྱི་རྡོ་རྗེ་དང་། རྣམ་པར་སྦྱངས་པའི་ཤེས་རབ་ཀྱི་ཐོད་པ་བདེ་སྟོང་སྦྱོར་བ་ལ་ལས་རྣམ་པར་རྟོག་བྲལ་གྱི་ཡེ་ཤེས་དབང་དུ་འགྱུར་ཏེ་འདི་ནི་ངེས་པའོ། །དེ་ལྟར་ལེའུ་འདིར་དྲང་བ་དང་ངེས་པའི་དོན་དུ་བརྡའ་ལ་སོགས་པ་གསུངས་པ་ཡིན་ཏེ་རྒྱས་པར་ནི་རྒྱུད་གཞན་ནས་རྟོགས་པར་བྱའོ། །ལེའུ་ཡི་མཚན་ནི། བརྡའ་དང་གནས་ལ་སོགས་པ་གཏན་ལ་ཕབ་པའི་ལེའུ་སྟེ་བདུན་པའོ།། །།ལེའུ་འདི་ཡི་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པའི། བདག་མེད་མ་ཡི་བསྐྱེད་པ་དང་རྫོགས་པའོ། །འབྲེལ་ནི་ཧེ་རུ་ཀའི་རྣལ་འབྱོར་ཅི་ལྟ་བ་བཞིན་དུ་བདག་མེད་མའི་བསྐྱེད་རྫོགས་ལ་གནས་པས་ཀྱང་བྱ་བར་བསྟན་ཏོ། །མདོར་བསྟན་ནི་ལེའུ་དང་པོར་རྣལ་འབྱོར་མའི་བསྐྱེད་དང་གནས་དང་ཞེས་གསུངས་པ་ཏེ་འདིར་རྒྱས་པར་བཤད་དོ། །མངོན་པར་རྟོགས་པ་ནི་སྔར་གསུངས་པ་དང་མཐུན་ནོ། །འདི་ལ་ཡང་གསུམ་སྟེ། མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་བརྡའི་ལེའུ་གསུངས་པ་དེ་མ་ཐག་པ་ནས་རྣལ་འབྱོར་མ་བདག་མེད་མའི་བསྐྱེད་རྫོགས་གཅིག་ཏུ་འདུ་བའི་རྣམ་པ་སྡུག་བསྔལ་དང་བཏང་སྙོམས་གཅོད་པའི་འཁོར་ལོ་བཤད་པར་བྱའོ་ཞེས་སོ། །གཞུང་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་དང་། རིམ་པ་གཉིས་ཀྱིས་འཚམས་སྦྱར་བ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་ལས་མདོར་བསྟན་པ་ནི། ནམ་མཁའི་ཁམས་སུ་ཞེས་པ་ཚིགས་སུ་བཅད་པ་གཅིག་སྟེ། འདི་ལ་ཡང་བསྐྱེད་རྫོགས་ཀྱི་སྦྱོར་བ་གཉིས་ལས། བསྐྱེད་པའི་རིམ་པ་ནི་བསྒྲུབ་པ་པོ་རྟེན་གྱི་གང་ཟག་གཙོ་བོར་རྣལ་འབྱོར་མའི་བསྐྱེད་པའི་རིམ་པ་བསྒོམ་པར་འདོད་པས། གནས་དབེན་པར་ཐང་ཀ་ལ་སོགས་པའི་རྟེན་བཀྲམ་ནས་མཆོད་པ་བཤམས་ལ་ཐོ་རངས་ལ་སོགས་པ་ལངས་ཏེ་ཁ་ལག་དག་པར་བྱས་ནས་སྟན་བདེ་བ་ལ་འདུག་སྟེ་རང་སྐད་ཅིག་གིས་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མར་བསྒོམས་ནས་སྙིང་ཁར་ཟླ་བའི་སྟེང་ན་ཨ་སྔོན་པོ་ལས་འོད་འཕྲོས་པས་བླ་མ་དང་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་པའམ་ཡང་ན་སྙིང་ཀར་གསལ་བར་བལྟས་ལ། ལྷ་མོ་རྣམས་ཀྱིས་མཆོད་པ་དང་ཕྱག་འཚལ་བ་སྔོན་དུ་འགྲོ་བས། སྡིག་པ་བཤགས་པ་དང་། རྗེས་སུ་ཡིད་རངས་བ་དང་། སྐྱབས་སུ་འགྲོ་བ་དང་། ལམ་བརྟེན་ཅིང་སེམས་བསྐྱེད་ནས། དགེ་བའི་རྩ་བ་བསྔོ་སྟེ། ཚད་མེད་པ་རྣམ་བཞི་བསྒོམས་ལ་དེའི་འོག་ཏུ་དོན་དམ་བསྲུང་པའི་དབང་དུ་བྱ་སྟེ་ཤཱུ་ནྱ་ཏས་ཡེ་ཤེས་ཀྱི་ཚོགས་བསགས་ནས་དེའི་འོག་དུ་ལྷའི་ལེའུ་ལས་གསུངས་པ་བཞིན་དུ་བསྲུང་པའི་འཁོར་ལོ་བསྒོམས་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷ་ག་ཅེས་པ་བྷ་གའི་དབྱིབས་སུ་བྱུང་བས་ན་བྷ་གའམ། ཡང་ན་རྣམ་རྟོག་འཇོམས་པས་ན་སྟེ། ཨེ་ལས་ཆོས་འབྱུང་གྲུ་གསུམ་བསམ། དེའི་ནང་དུ་པྂ་ལས་པདྨ་དང་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསམ། དེའི་དབུས་སུ་རྣམ་པར་བསྒོམ་པ་ནི། འཁོར་ལོ་ཅེས་པ། ལྂ་ལས་སའི་དཀྱིལ་འཁོར་བསམ་སྟེ། ལྕིད་འཛིན་པས་ན་འཁོར་ལོ་སྟེ་མིང་གིས་ཉེ་བར་མཚོན་པའོ། །དེའི་སྟེང་དུ། སྔོན་ནི་བྂ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚོན་པ་སྟེ་དེ་ནི་ཁ་དོག་གིས་ཉེ་བར་མཚོན་པའོ། །དེའི་སྟེང་དུ། རིགས་ཅི་བཞིན་ནི་རྂ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྂ་གསུམ་མམ་མེ་ཐ་བ་གསུམ་གྱིས་མཚན་པ་སྟེ་འདི་ནི་བྱེད་པས་ཉེ་བར་མཚོན་པ་སྟེ་རིགས་པས་གཅོད་པར་བྱེད་པ་བཞིན་དུ་སེམས་ཀྱང་གཅོད་པར་བྱེད་པའོ། །དེའི་སྟེང་དུ། ལྷ་རྣམས་ཅེས་པ་ཡྂ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གྱིས་མཚན་པ་སྟེ་འདི་ནི་རྒྱུ་བས་ཉེ་བར་མཚོན་པས་ཏེ་ལྷ་རྣམས་སྙོམས་འཇུག་ཉམས་སུ་ལེན་པའི་དུས་སུ་རླུང་རྒྱུ་བ་སྟེ་བདེ་སྟོང་སྐྱེ་བས་སོ། །དེའི་སྟེང་དུ་བྲུྂ་ལས་འཁོར་ལོ་དཀར་པོ་གཅིག་བསམས་པ་ཁ་བསྐང་། ཅི་ལྟར་འབྱུང་བ་ནི་རྟེན་གཞལ་ཡས་ཁང་ངོ་། །གཉིས་པ་རྒྱས་པར་བཤད་པ་ནི། འཁོར་ལོ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་སྔ་མའི་དོན་གསུངས་པ། འཁོར་ལོ་ནི་ས། སྔོ་ན་ནི་ཆུ། ཅི་ལྟར་རིགས་པ་ནི་བྱིན་ཟ། ལྷ་རྣམས་རླུང་ངོ་། །གོ་རིམས་དེ་ལྟར་བསྒོམས་པ་ཅིའི་ཕྱིར་ཞེ་ན། ནང་གི་འཇིག་རྟེན་དང་བསྟུན་ནས་བཤད་པ་སྟེ་ནང་གི་འཇིག་རྟེན་ཆགས་པའི་དུས་སུ་ཡང་དེ་ལྟར་ཆགས་ཏེ་སྔོན་གྱི་ལས་ཀྱིས་རྒྱུ་བྱས་པ་ལ་སོགས་པའི་སྒོ་ནས་གྲུབ་པའི་དུས་སུ། ཕ་མ་གཉིས་ཀྱིས། དང་པོ་རེག་པ་སྲ་བས། གཤེར་བ་ཆུ། དྲོ་བ་མེ། གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་སུ་མྱོང་བའོ། །གནས་པའི་དུས་སུ་ཡང་འདོམས་པར་གྲུ་བཞི་སའི་དཀྱིལ་འཁོར། གསུས་པ་བཟླུམ་པོ་ཆུ། བྲང་གྲུ་གསུམ་མེ། དཔྲལ་བ་ཟླ་གམ་རླུང་། དབུའི་གཙུག་གཏོར་འཁོར་ལོ། གཞན་དུ་ནི་ཕྱི་ཡི་འཇིག་རྟེན་ཆགས་པ་དང་བསྟུན་པ་སྟེ། རྐང་པ་སུམ་མདོ་ལྟེ་སྙིང་ཁ། རླུང་དང་མེ་ཆུ་ས་ཡིན་ནོ། །ཞེས་གསུངས་སོ། །ཅི་ལྟར་བསྒོམ་པ་པོ་འབྱུང་བ་ཞེས་པ་ནི། རྟེན་གཞལ་ཡས་ཁང་ནི་དྲུག་ཞུ་བ་ལས་འབྱུང་། རྟེན་པ་ལྷ་ནི་བྱང་ཆུབ་པ་ལྔ་ལས་འབྱུང་བའོ། །ཤིན་དུ་རྒྱས་པར་བཤད་པ་ནི། ཆོས་འབྱུང་ལ་སོགས་པའི་ཚིག་རྐང་པ་དྲུག་སྟེ། རྟེན་གཞལ་ཡས་ཁང་ནི། ཆོས་འབྱུང་ལས་ཅེས་པ་སྔར་གྱི་ན་ད་ལས་ལྷག་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུངས་དཀར་གྱི་འབྲུ་གུ་ཙམ་གཅིག་ཆད་པ་དེས་འཇུར་རྩི་བྱས་ནས་འབྱུང་བ་བཞི་འཁོར་ལོ་ཐིག་ལེ་ཞུ་བ་ལས་སྐྱེས་པའི་འཁོར་ལོ་ཉིད་ནི་གཞལ་ཡས་ཁང་པའོ། །དྲུག་ཞུ་བ་ལས་སྐྱེས་པ་དེ་རྣམ་སྣང་གི་རང་བཞིན་ཡིན་ལ་དེ་ལ་རིགས་ཆུང་དྲུག་ཡོད་པ་མཚོན་པའོ། །དེའི་དབྱིབས་ཅི་འདྲ་ན་འཕར་མ་གཉིས་ནི་ཕྱི་དང་ནང་གི་གཉིས་ཏེ་ཁ་དོག་ནི་དམར་བ་ཡིན་ཡང་ལྷ་མོའི་ཁ་དོག་གིས་འགྱུར་བ་ཡིན་པས་ནག་པོ་ཡིན་པར་དག་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བ་ཡིན་པས་སོ། །སྐྱོན་མེད་པ་ནི་མཚན་ཉིད་ཐམས་ཅད་རྫོགས་པས་སོ། །གཉིས་པོ་གང་ཞེ་ན། པད་མོའི་ལྟེ་བའི་ཟེ་འབྲུ་ལས་ནི་ཅིག་ཅེས་པ་ནང་གི་འཕར་མ་དང་ཕྱི་ཆོས་འབྱུང་གྲུ་གསུམ་དང་ཉེ་བ་ན་པདྨ་འདབ་མ་བརྒྱད་དོ། །དེ་སྟེང་ཤི་བ་སྟེ་རོ་བཅྭོ་ལྔའི་བ་དན་བསམས་ཏེ་དེ་ནི་རྣམ་པར་རྟོག་པ་བཅོམ་པའམ་ཡང་ན་བདག་མེད་པ་མཚོན་པའོ། །བརྟེན་པ་བསྐྱེད་པ་ལ་གཉིས། ཅི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད་དོ། །དང་པོ་ལ་གཉིས། ཆོ་ག་སྤྱིར་བསྟན་པ་དང་། བྱེ་བྲག་དུ་བསྟན་པའོ། །སྤྱིར་བསྟན་པ་ལ་གསུམ་ལས། མདོར་བསྟན་ནི་དེའི་སྟེང་དུ་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། སྔོན་དུ་ཕོ་བྲང་རྣམ་པར་དག་པ་བསྒོམས་ནས། གདན་རོ་བཅྭོ་ལྔ་པོ་དེའི་སྟེང་ན་ཨ་ལི་ཚན་པ་བཅྭོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་བཅོ་ལྔ་སྟེང་དུ་ཨ་ལིས་མཚན་པའོ། །དེའི་སྟེང་དུ་ས་བོན་ཉིད་ཅེས་པ་ན་ད་དང་བཅས་པ་ལས་ཨ་ནག་པོ་གཅིག་དེ་ལས་ཨ་ལི་བཅུ་བཞི་སྤྲོ་བའོ། །ཕྱི་ནས་བདུད་ལས་ཅེས་པ་ཀ་ལི་སུམ་ཅུ་ཅེས་པ་ཀ་ལི་སུམ་ཅུ་རྩ་བཞི་ཚན་པ་བཅོ་ལྔ་བསམ། དེ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བཅྭོ་ལྔ་བསམ། འོག་ཏུ་ཀ་ལིས་མཚན་པའོ། །འདི་ལ་རྒྱུའི་རྡོ་རྗེ་འཆང་མེད་དོ་ཞེ་ན་ཟླ་བ་དང་ཉི་མ་གཉིས་འདུས་པ་ལས། སྔོན་བར་མ་དོས་ཉམས་སུ་མྱོང་བ་ལྟ་བུ་བདེ་བ་ཆེན་པོའི་རོས་གང་བའི་ཨ་ལི་རྒྱུའི་རྡོ་རྗེ་འཆང་ཡིན་པས་མ་ཚང་བའི་སྐྱོན་མེད་དོ། །གཉིས་པ་རྒྱས་བཤད་ནི། ཨ་ལི་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་ཟླ་བ་ལ་གནས་པ་ཨ་ལི་གཉིས་འགྱུར་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དག་པ་མཚོན་ལ། ཀ་ལིའི་གཟུགས་ཉིས་འགྱུར་དང་བརྗོད་པ་གཉིས་ཀྱི་ཡི་གེ་དྷ་ང་དྷ་ཌ་ཡ་ལ་དྲུག་དང་བརྒྱད་བཅུ་ལས་བསྐྱེད་པ་དཔེ་བྱད་བཅུ་དག་པ་སྟེ། བསྒོམ་པ་ན་རེ་རེས་ཆོག་གོ་ཞེས་ཟེར་རོ། །དེ་ནས་ས་བོན་ལས་འོད་ཟེར་འཕྲོས་ནས་སེམས་ཅན་ཐམས་ཅད་ལ་ཕོག་པས་ལྷ་མོ་བཅྭོ་ལྔའི་དཀྱིལ་འཁོར་དུ་བྱས་ནས་འོད་ཟེར་འདུས་ཏེ་ས་བོན་རྣམས་ལ་ཐིམ་པས་ཕྱག་མཚན་བཅྭོ་ལྔ་དེ་ལས་འོད་ཟེར་སྤྲོས་འོད་ཀྱི་སྒོ་ལས་སྐུ་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་རང་བཞིན་གྱིས་གྲུབ་པ་དང་སྔར་སྦྱངས་པ་རྣམས་སྤྱན་དྲངས་ཏེ་ཐིམ་ནས་སྟེང་གི་ཉི་མ་འོག་གི་ཟླ་བ་བར་གྱི་ས་བོན་དང་ཕྱག་མཚན་ཞུ་ནས་གཅིག་ཏུ་འདྲེས་པ་ལས་དཀར་མོ་ལ་སོགས་པར་གྲགས་ཤིང་གྲུབ་སྟེ་དེ་ལྟར་བཅྭོ་ལྔ་བསྒོམ་པའོ། །འདིས་མཚོན་ནས་བཅུ་གསུམ་དང་དགུ་དང་ལྔ་དང་། གཙོ་མོ་གཅིག་པུ་བསྒོམ་པ་ཡང་ཤེས་པར་བྱའོ། །དེ་ཡང་ཅིག་པུ་བསྒོམ་ན་གཞལ་ཡས་ཁང་མ་ཡིན་པ་དུར་ཁྲོད་བརྒྱད་ཀྱི་ནང་དུ་པད་མ་འདབ་བརྒྱད་ཀྱི་སྟེང་དུ་བསྒོམ་པའོ། །འོ་ན་བདག་མེད་མ་མི་སྨོས་པར་དཀར་མོ་སྨོས་པ་ནི་ཕྱི་ཡི་དཀར་མོ་གཟུགས་ཀྱི་ཕུང་པོ་དག་པ་ཡིན་པས་འཇིག་རྟེན་གྱི་རི་ལ་སོགས་པ་གཟུགས་བརྟན་པར་འཛིན་པས་དེ་དག་པའི་ཕྱིར་དཀར་མོར་སྨོས་སོ། །གསུམ་པ་ཡེ་ཤེས་ལྔར་གྲུབ་ཚུལ་ནི། ཟླ་བ་མེ་ལོང་ཡེ་ཤེས་ལ་སོགས་བའི་ཚིགས་སུ་བཅད་པ་གཉིས་ཏེ། འདི་དག་ཀྱང་བྱང་ཆུབ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གསུངས་ཏེ། ཨ་ལི་ལས་གྱུར་པའི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བདུན་གྱི་བདུན་པའི་ཉི་མ་སྟེང་རླུང་གི་ཤིང་རྟ་བདུན་གྱིས་ཁྲིད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རང་གི་ལྷའི་ས་བོན་ཨ་དང་ཕྱག་མཚན་གྲི་གུག་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྗོད་པར་བྱའོ། །ཐམས་ཅད་འདྲེས་ཤིང་གཅིག་དུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ་མཁས་པས་བྱང་ཆུབ་པ་ལྔའི་ཆོ་གར་གསུངས་པའི་ཡེ་ཤེས་ལྔ་པོ་བསྒོམ་པར་བྱ་བ་ཡིན་ནོ། །ཆོ་ག་བྱེ་བྲག་བསྟན་པ་ལ་གསུམ་ལས། གཙོ་མོ་བསྐྱེད་པ་ནི། ཨ་ལི་ཀ་ལི་ལ་སོགས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པས་སངས་རྒྱས་པར་བཤད་པ་ལ། དེ་འདི་ལ་མེད་དོ་ཞེ་ན། ཨ་ལི་གྱུར་པའི་ཟླ་བ་དེ་ཤེས་རབ། ཀ་ལི་གྱུར་པའི་ཉི་མ་དེ་ཐབས་ཡིན་ལ་དེ་གཉིས་མཉམ་པར་གནས་པས་ནི་ཐབས་ཤེས་རབ་གཉིས་སུ་མེད་པ་ཚང་ངོ་། །འདི་ལ་བདེ་བ་ཆེན་པོའི་རང་བཞིན་རྒྱུའི་རྡོ་རྗེ་འཆང་མེད་དོ་ཞེ་ན། རྡོ་རྗེ་སྟོང་པ། སེམས་དཔའ་བདེ་བ། བདེ་སྟོང་གི་རང་བཞིན་ན་ད་ཞུ་བའི་ཨ་དེ་རྒྱུའི་རྡོ་རྗེ་འཆང་ཡིན་པས་ན་མེད་པའི་སྐྱོན་མེད་དོ། །འདི་ལ་རྡོ་རྗེ་དང་པད་མ་བྱིན་གྱིས་བརླབ་པ་མེད་དོ་ཞེ་ན་ཡི་གེ་ནི་ཨ་དེ་ལས་བྱུང་བའི་གོང་བུ་བདག་མེད་མ་ལ་ཧཱུྃ་ཕཊ་རྣམ་པར་ཅེས་པའི་ཧཱུྃ་ལས་རྡོ་རྗེ་བྱིན་གྱིས་བརླབ་པ་དང་། ཕཊ་ཀྱིས་བུམ་པའི་སྦུབས་བཀག་པ་ལ་སོགས་པ་འདོད་པར་མི་བྱའོ། །དེ་མེད་ན་རྒྱུའི་རྡོ་རྗེ་འཆང་དུ་མི་རུང་ངོ་ཞེ་ན། སེམས་དཔའ་ནི་རྒྱུའི་རྡོ་རྗེ་འཆང་། གཟུགས་བརྙན་ནི་དེའི་རྟགས་སུ་བྱུང་བ་ཨ་ལས་བྱུང་བའི་དཀྱིལ་འཁོར་གྱི་བདག་མོ་བདག་མེད་མ་རྣམ་པར་བསྒོམ་སྟེ་དེ་རྒྱུའི་རྡོ་རྗེ་འཆང་ཡིན་ནོ། །དེའི་སྐུ་མདོག་ལ་སོགས་པ་ཅི་འདྲ་ཞེ་ན་ཕྱག་མཚན་ཞལ་སོགས་གོང་མ་བཞིན་ཅེས་པ་ཧེ་རུ་ཀ་ཕྱག་གཉིས་པ་དང་འདྲ་སྟེ་ཡབ་ཡུམ་གྱི་ཁྱད་པར་རམ་མཚན་གྱི་ཁྱད་པར་ལས་མེད་ཟེར་རོ། །ལྷ་མོ་དེ་རྣམས་ཀྱི་གདན་ཅི་ཞེ་ན་ཟླ་བ་ཆུ་ཤེལ་ལྟ་བུའོ། །ནོར་བུའི་འོད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ཀྱི་མེའི་ཕྱི་རོལ་དུ་འོད་དཀར་པོ་འཕྲོ་བའོ། །འཁོར་བསྐྱེད་པ་ནི། ཐབས་དང་ཤེས་རབ་ལ་སོགས་པའི་ཚིག་རྐང་དྲུག་སྟེ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་འདི་ལྟར་འཁོར་གྱི་རང་བཞིན་རྣལ་འབྱོར་མ་ཐམས་ཅད་རྫོགས་པ་ཉིད་དེ། ཟླ་བ་དང་ཉི་མའི་རབ་ཏུ་དབྱེ་བ་ལས་ཨ་ལི་ནི་ཤེས་རབ། ཀ་ལི་ནི་ཐབས་ཀྱི་རང་བཞིན་ཏེ་ཐབས་ཤེས་རབ་དབྱེར་མེད་པ་འདི་ལས་དཀར་མོ་ལ་སོགས་བའི་རྣམས་ཀྱང་གྲུབ་བོ། །དེ་ལྟར་ཐམས་ཅད་དབྱེར་མེད་པ་ཉིད་ཡིན་ཀྱང་། ཁ་དོག་ཞེས་པ་ཝརྣ་དི་པའི་སྒྲ་ནི་རིགས་དང་ཡི་གེ་དང་ཁ་དོག་ལ་འཇུག་པས་རིགས་སམ་ཡང་ན་ཨ་ལི་བཅྭོ་ལྔའི་དབྱེ་བས་སོ་སོར་བརྗོད་པ་ཡིན་ནོ། །བསྐྱེད་པའི་གནས་བསྟན་པ་ནི། རེ་ཤིག་ཞེས་པ་ལ་སོགས་པ་ཚིག་རྐང་བཅུ་བདུན་སྟེ། དེ་ཡང་འཕར་མ་གཉིས་ཀྱི་དང་པོ་རེ་ཤིག་ནང་གི་འཕར་མ་ལ་རྣལ་འབྱོར་མ་ལྔ་ངེས་པར་གནས་པར་བསྒོམས་ཏེ་གཟུགས་ལ་སོགས་པ་ཕུང་པོ་ལ་རང་བཞིན་གྱིས་དག་པར་རྣལ་འབྱོར་ཅན་དེ་ཡིས་དོན་རིག་པས་རྟག་ཏུ་བསྒོམས། དེ་ཡང་དབང་པོར་ཏེ་ཤར་དུ་རྡོ་རྗེ་མ། གཤིན་རྗེ་སྟེ་ལྷོར་དཀར་མོ། ཆུ་བདག་སྟེ་ནུབ་དུ་ཆུའི་རྣལ་འབྱོར་མ། ལུས་ངན་སྟེ་བྱང་དུ་རྡོ་རྗེ་མཁའ་འགྲོ་མ། བཞི་པོའི་དབུས་སུ་བདག་མེད་རྣལ་འབྱོར་མའོ། །ཕྱི་རོལ་གྱི་པད་མའི་འཕར་མ་ལ་ནི་ཤར་ནས་གཡས་བསྐོར་དུ་དཀར་མོ་དང་། ཆོམ་རྐུན་མ་དང་རོ་ལངས་མ་དང་། གྷ་སྨ་རི་རྣམས་སོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་སུ་པུ་ཀ་སི་དང་། རི་ཁྲོད་མ་དང་གདོལ་པ་མོ་དང་ཌོཾ་བྷི་ནི་རྣམས་བསྒོམ་པར་བརྗོད་དོ། །འོག་ཏུ་ལྡན་པ་དང་སྟེང་དུ་ལྡན་པ་ཉིད་ནི་མཁའ་སྤྱོད་མ་དང་། ས་སྤྱོད་མ་འགོད་པར་བརྗོད་དེ། སྲིད་པ་དང་ཞི་བའི་རང་བཞིན་ཅན་ཏེ། སྙིང་རྗེ་ཆེན་པོ་ལྷ་མོ་འདི་དག་དཀྱིལ་འཁོར་དུ་གནས་པ་ཡིན་ནོ་ཞེས་གསུངས་ནས། འདི་དག་གི་རྣམ་པར་དག་པ་ནི་འོག་ནས་འཆད་པར་འགྱུར་ཏེ་དེ་དག་ནི་ཅི་ལྟར་བསྐྱེད་པའི་ཆོ་གའོ། །བསྐྱེད་པའི་ལྷའི་མཚན་ཉིད་ལ་ལྔ་ལས་དང་པོ་ལྷ་མོ་རྣམ་ཀྱི་རྣམ་པ་ནི། ལྷ་མོ་ཐམས་ཅད་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྟེ། ལྷ་མོ་ཐམས་ཅད་སྐུ་མདོག་ནག་པ་ནི་ཐུགས་བྱམས་པ་མི་འགྱུར་བའོ། །དྲག་ཆེན་ནི་ཁྲོ་མོ་སྟེ་གདུག་པ་ཅན་ཚར་གཅོད་པའོ། །ཕྱག་རྒྱ་ནི་སངས་རྒྱས་ལྔ་རྣམ་པར་དག་པའོ། །ཞལ་གཅིག་ནི་བདེན་པ་གཉིས་དབྱེར་མེད་དུ་ཐུགས་སུ་ཆུད་པའོ། །སྤྱན་དམར་བ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །ལག་པར་གྲི་གུག་ནི་ཉོན་མོངས་པའི་བདུད་གཅོད་པའོ། །ཐོད་པ་ནི་བདུད་འཇོམས་པའོ། །ཐམས་ཅད་ཀྱི་ཕྱག་ཏུ་ཁྱབ་པ་སྟེ་བསྣམས་པའོ། །འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་། ལག་གདུབ་དང་སྐེ་རགས་ནི་སངས་རྒྱས་ལྔའི་རྣམ་པར་དག་པ་འདི་དག་ཕྱག་རྒྱ་བརྗོད་པའོ། །ཇི་ལྟར་སྔར་སྨོས་པའི་བདག་མེད་རྣལ་འབྱོར་མ་བཞིན་དུ་ཐམས་ཅད་ཀྱང་དམ་པའི་དགའ་བ་དང་ལྡན་པའོ། །ལག་པ་ཅིག་ནི་གཡོན་པར་ཐོད་པའོ། །གཡས་པ་ནི་གྲི་གུག་འཛིན་ཅིང་གཡོན་པའི་མཆན་ཁུང་ན་ནི་ཁ་ཊྶཱྂ་ཉིད་དོ། །གདུག་པ་འདུལ་བའི་ཕྱིར་སྟག་གི་ལྤགས་པས་སྨད་དཀྲིས་པ་རྟོག་པ་དང་བྲལ་བའི་བརྡར་རོའི་གདན་ལ་བཞུགས་ཤིང་གཟི་བརྗིད་རབ་ཏུ་འབར་བ། ཐབས་ཤེས་རབ་དག་པ་ཕྱག་གཉིས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བའོ། །རྒྱན་དང་གདན་གྱི་རྣམ་པར་དག་པ་ནི། ང་རྒྱལ་ལ་སོགས་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡང་ཉོན་མོངས་པ་ང་རྒྱལ་དང་ལ་སོགས་ཀྱི་ཁོང་ནས་ལྟ་བ་དང་ཐེ་ཚོམ་དང་། འདོད་ཆགས་དང་ཞེ་སྡང་གཏི་མུག་གི་སྐྱོན་དྲུག་པོ་རྣམས་གཅོད་པའི་ཕྱིར་གྲི་གུག་རྣམ་པར་འཛིན་པའི། དངོས་པོ་དང་དངོས་པོ་མེད་པའི་རྣམ་རྟོག་གི་མཚན་མ་བཅད་པའི་མགོ་བོ་པད་མའི་སྣོད་དུ། འཆི་བདག་དང་ལྷའི་བུ་དང་ཕུང་པོ་དང་ཉོན་མོངས་པའི་བདུད་རྣམ་པ་བཞིའི་ཁྲག་དངོས་གྲུབ་ཆེན་པོར་བསྒྱུར་བའི་ཕྱིར་བཏུང་བར་བྱེད་པ། སྟོང་པ་ཉིད་ཀྱི་རྣམ་པའི་ཁ་ཊྶཱྂ་ཀ་དང་། ཐབས་རྣམས་རྣམ་པར་དག་པ་རོའི་གདན་དུ་རྣམ་པར་བརྟག་པའོ། །བསྒོམས་པའི་ཕན་ཡོན་ནི། འདིས་ནི་ལ་སོགས་པའི་ཚིག་རྐང་གཉིས་ཏེ། དེ་ལྟར་གསུངས་པའི་རིམ་པ་འདིས་ནི། ལྷ་མོ་བཅྭོ་ལྔའི་དཀྱིལ་འཁོར་ལོ་རྣམ་པར་བསྒོམས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། དང་པོར་ནག་པོ་ཞེས་པའི་ཚིག་རྐང་པ་དྲུག་སྟེ། འདི་ནི་ཁ་དོག་གི་ཞེན་པ་སྤང་པ་དང་། སྐྱེ་མཆེད་བྱིན་བརླབས་གཉིས་ཀ་ཡིན་ནོ་ཞེས་གསུངས་ཏེ། དང་པོ་ལ། བརྟེན་དང་བརྟེན་པ་ཐམས་ཅད་དང་པོར་ནག་ཕྱམ་པ་དང་། དེ་བཞིན་དུ་དཀར་པོའི་བར་དུ་བསྒོམ་ཞེས་སོ། །གཉིས་པ་ལྟར་ན་དང་པོར་རྣ་བར་དྷྂ་ལས་ཞེ་སྡང་རྡོ་རྗེ་ནག་པོ་རབ་ཏུ་བསྒོམ་མོ། །གཉིས་པར་ལྕེ་ལ་རྂ་ལས་འདོད་ཆགས་རྡོ་རྗེ་དམར་པོ་རྣམ་པར་བསྒོམ་མོ། །གསུམ་པ་ལ་ནི་སྣར་ཨྂ་ལས་སེར་སྣ་རྡོ་རྗེ་མ་སེར་པོ་བསྒོམ་མོ། །བཞི་པར་དཔྲལ་བར་ཨི་ལས་ཕྲག་དོག་རྡོ་རྗེ་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་སྙིང་དཀར་ཨ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་དང་། དྲུག་པར་མིག་དུ་ལྂ་ལས་གཏི་མུག་རྡོ་རྗེ་མ་དཀར་པོའི་ལུས་རྣམས་སུ་བསྒོམས་ཏེ་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ཡོངས་སུ་རྫོགས་པར་བསྒོམ་པ་ནི། ཡན་ལག་དྲུག་བསྒོམ་ལ་སོགས་པའི་ཚིག་རྐང་གཉིས་ཏེ། དེ་ལྟར་བསྐྱེད་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་དགུག་ཅིང་དབང་བསྐུར་བ་དང་། བརྟག་པ་ཕྱི་མའི་ལེའུ་བཞི་པར་གསུངས་པ་ལྟར་དབུ་བརྒྱན་ལ་མཆོད་བསྟོད་བདུད་རྩི་མྱང་པའི་བར་དུ་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ལྡན་དུ་བསྒོམས་ཏེ་བྱིན་གྱིས་བརླབ་པའི་ང་རྒྱལ་གྱི་སྔགས་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཁ་ཅིག་ན་རེ་སྒོང་སྐྱེས་ལ་སྔགས་མེད་ཀྱང་རུང་ངོ་ཞེས་ཟེར་རོ། །དེ་ལྟར་དུ་བསྐྱེད་རིམས་བསྒོམ་པའི་རྣལ་འབྱོར་པས་བཟླས་པ་ལ་སོགས་པ་ཡང་རྫོགས་པར་བྱས་ནས། འོག་ནས་གསུངས་པ་ལྟར་སྐྱོན་རྣམ་དག་དྲན་པར་བྱ་སྟེ། ཐུན་བསྡུ་བའི་ཚེ་དགའ་བྲལ་གྱིས་མཐར་སྐྱེས་པ་ལྟ་བུའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་བཞིན་དུ། རྟོག་པ་དང་བྲལ་བའི་ངང་དུ་བསྡུ་བར་བྱའོ། །འདི་ནི་བསྐྱེད་པའི་རིམ་པའོ། །འདི་རྣམས་ཀྱི་ངེས་པའི་དོན་ནི། ལེའུ་འདིའི་སྨད་ནས་སྟོན་པར་འགྱུར་མོད་ཀྱི། འོན་ཀྱང་བྱེ་བྲག་དུ་ཡན་ལག་དྲུག་བསྒོམ་ལ་སོགས་པའི་སྐབས་སུ་འགྲེལ་ཆེན་ལས་གསུངས་པ། ཡན་ལག་དྲུག་གི་རིམ་པ་ནི་གསང་བ་འདུས་པ་ལས་གསུངས་པ་ལྟར་བསྒོམ་སྟེ། སོ་སོར་སྡུད་དང་བསམ་གཏན་དང་། སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །ཞེས་གསུངས་པས། འདིར་སོ་སོར་སྡུད་པ་ནི་མིག་ལ་སོགས་པའི་དབང་པོ་དང་ཤེས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་མི་འཇུག་ཅིང་ནང་གི་བདག་ཉིད་དུ་གཞོན་ནུ་མ་ལ་མེ་ལོང་བསྟན་པ་ལྟ་བུར་སྟོན་པ་ཉིད་ཀྱི་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོང་བས་ན་སོ་སོར་བསྡུད་པ་ཞེས་བརྗོད་དོ། །བསམ་གཏན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་སྟེ་ཤེས་རབ་ཀྱིས་རྟོག་པ་དང་རྣམ་པར་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། མི་གཡོ་བའི་ཡན་ལག་རྫོགས་པ་ལ་བརྗོད་དོ། །སྲོག་རྩོལ་ནི་ལས་ཀྱི་རླུང་རོ་བརྐྱང་དུ་རྒྱུ་བ་འགོག་ཅིང་དབུ་མར་གཞུག་པའི་ཕྱིར་བུམ་པ་ཅན་ལ་སོགས་པའི་སྦྱོང་བ་བརྟན་པར་བྱའོ། །འཛིན་པ་ནི་འབྱུང་བའི་དཀྱིལ་འཁོར་རྣམས་ལྟེ་བ་ལ་སོགས་པར་ཞུགས་ཤིང་ཕྱི་རོལ་དུ་རྒྱུ་བ་མེད་ཅིང་ཐིག་ལེ་ལ་རླུང་རབ་ཏུ་ཐིམ་པ་ནི། འཛིན་པའོ། །རྗེས་སུ་དྲན་པ་ནི། རྡོ་རྗེ་འབེབས་པ་ལ་སོགས་པས་རྟོག་པ་དང་བྲལ་ཞིང་ཡི་དམ་གྱི་ལྷའི་གཟུགས་བརྙན་མཐོང་བ་དེ་ལས་འོད་ཟེར་སྤྲོས་ཏེ་ཁམས་གསུམ་པོ་ཐམས་ཅད་ཀྱི་རྣམ་པ་སྤྲོ་ཞིང་བསྡུ་བ་ནི་རྗེས་དྲན་ནོ། །ཏིང་ངེ་འཛིན་ནི་ཡི་དམ་གྱི་ལྷ་རྣམས་དང་རྗེས་སུ་ཆགས་པ་གང་ཞིག་ལས་མི་གཡོ་བའི་བདེ་བ་ཐོབ་པ་དེ་སེམས་ཀྱི་གཟུང་བ་དང་འཛིན་པ་སྤངས་ཤིང་ཡེ་ཤེས་ཆེན་པོ་ཅིག་ཏུ་བྱེད་པ་འདི་ནི་ཏིང་ངེ་འཛིན་ཏེ་རྒྱས་པར་བླ་མའི་མན་ངག་ལས་རྟོགས་པར་བྱའོ་ཞེས་གསུངས་སོ། །རིམ་པ་གཉིས་ཀྱི་འཚམས་སྦྱོར་ནི། བསྐྱེད་པའི་ཞེས་པ་ལ་སོགས་ཚིག་རྐང་པ་ལྔ་སྟེ། དེ་ཡང་བསྐྱེད་པའི་རིམ་པ་ནི་བདག་མེད་མ་དང་ཧེ་རུ་ཀའི་བསྐྱེད་པའི་རིམ་པ་རྒྱས་བསྡུས་རྣམས་ཏེ་འདི་ནི་ལུས་ཐ་མལ་པའི་ཞེན་པ་སྤོང་ཞིང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པ་ལྷའི་འཁོར་ལོའོ། །རྫོགས་པའི་རིམ་པ་ནི་རྩ་དང་རླུང་དང་ཐིག་ལེ་དང་སེམས་ཀྱི་རང་བཞིན་གནས་ལུགས་གཞིར་གནས་པ་དེ་རྟོགས་པར་བྱེད་པའི་རིམ་པ། ལས་དང་ཆོས་དང་དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོར་སྦྱོར་བའི་རིམ་པ་ཉིད་ཡིན་ནོ། །དེ་ལྟ་བུའི་རིམ་པ་གཉིས་མཉམ་པར་གནས་པ་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་བསོད་ནམས་ཀྱི་ཚོགས་དང་། རྫོགས་པའི་རིམ་པ་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མཉམ་པར་སྦྱོར་ཞིང་གནས་པའི་བདག་ཉིད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་འཆད་པར་མཛད་དོ། །དེའང་ཀུན་སྤྱོད་ལས། སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་བྱ། །ཞེས་པ་དང་། ཚོགས་སོགས་ལོངས་སྤྱོད་རྫོགས་མཚན་ཉིད། །བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་གནས་པ་ཡིན། །ཞེས་གསུངས་སོ། །གཞན་ཡང་ཅི་ལྟར་སྒྱུ་མ་རྨི་ལམ་གྱི་རྣམ་པ་ལྟར་བསྐྱེད་པ་ཉིད་རྣམ་པར་དག་པ་བདེ་བ་ཆེན་པོའི་རྒྱས་གདབ་པ་ནི་མཉམ་པར་སྦྱོར་བ་སྟེ་འདི་ཉིད་ནས། ཅི་ལྟར་སྒྱུ་མ་རྨི་ལམ་དང་། །ཅི་ལྟར་འབར་མའི་སྲིད་པ་ལྟར། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །དཀྱིལ་འཁོར་འཁོར་ལོའང་དེ་བཞིན་འདོད། །ཞེས་གསུངས་སོ། །ཁ་ཅིག་ན་རེ་སྔོན་དུ་བསྐྱེད་པའི་རིམ་པ་བསྒོམས་པ་ལས་ཕྱིས་རྫོགས་པའི་རིམ་པས་རྒྱས་གཏབ་པ་ནི་རིམ་གཉིས་མཉམ་པར་སྦྱོར་བའོ་ཞེས་ཟེར་ཏེ་རྟོག་པ་སོ་སོ་བའི་རེས་འཇོག་ནི་མཉམ་པར་གནས་པ་དང་འགལ་བ་ཡིན་སེམས་སོ། །དེ་ལྟར་བསྐྱེད་པའི་རིམ་པའི་ཆ་བཤད་ནས། འདི་མན་ཆད་དུ་རྫོགས་པའི་རིམ་པ་གསུངས་པར་བཞེད་དོ། །རྫོགས་རིམས་ལ་བཞི། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ། །དང་པོ་ལ་གཉིས། ལས་ཀྱི་ཕྱག་རྒྱ་བསྒོམ་བའི་མཚན་ཉིད། དེ་ལས་བྱུང་པའི་ལྷན་ཅིག་སྐྱེས་པའོ། །དང་པོ་ནི། ནམ་མཁའི་ཁམས་ལ་སོགས་པའི་ཚིག་རྐང་བདུན་ཏེ། །འདི་ཡང་རྩ་བའི་ཚིག་ལ་རྫོགས་པའི་རིམ་པ་སྦྱར་བ་གསུངས་ཏེ། ནམ་མཁའི་ཁམས་ནི་ཕྱག་རྒྱ་སྔགས་སྐྱེས་མ་ལ་སོགས་པ་འདུ་ཤེས་གསུམ་ལྡན་གྱི་མཁའི་ནི་པད་མའོ། །འདི་ནི་ཆོས་མཐུན་པའི་དབང་དུ་མཛད་དེ། འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་པ་བཞིན་དུ། ཐ་མལ་གྱི་འདོད་ཆགས་ཀྱི་སྐྱོན་གྱིས་མ་གོས་པ་ནམ་མཁའ་དངོས་པོའི་གོ་འབྱེད་པ་བཞིན་དུ་དགའ་བ་བཞིའི་གོ་འབྱེད་པའོ། །དེ་ལ་རྟེན་ནས་རྣམ་པར་རྟོག་པ་འཇོམས་པའི་བྷ་ག་ཡེ་ཤེས་སྐྱེ་བའི་རྟེན་དུ་གྱུར་པར་བརྗོད་དེ་བསྒོམ་པ་ཞེས་བྱ་བ་གཉིས་སུ་མེད་པར་སྙོམས་པར་འཇུག་པ་ཉིད་དེ་བདེ་བ་རིག་པར་བྱེད་པའི་ཐབས་ཡིན་པས་སོ། །སྙོམས་འཇུག་དེའི་བདེ་བ་ནི་དགའ་བ་བཞིའི་རིམ་པས་སྡུག་བསྔལ་དང་བཏང་སྙོམས་ཀྱི་རྣམ་པར་རྟོག་པ་གཅོད་པའི་ཕྱིར་འཁོར་ལོར་བརྗོད་དོ། །རིགས་པས་རྟོག་ཅིང་དཔྱོད་པ་ཅི་བཞིན་དུ་རང་རིག་པ་ཉིད་ཀྱི་དོན་མངོན་དུ་བྱེད་པའོ། །ལྷ་ཞེས་བྱ་བ་ནི་དྷེ་ས་ན་ལུས་ཝ་ས་བྷ་བ་ཏེ་ལུས་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་ཅི་ལྟར་འབྱུང་བའི་སྒྲས་ཁུ་བའི་ཁམས་ཡིན་པར་བརྗོད་དོ། །དེ་ལྟར་སྤྱིར་བསྟན་པར་མཛད་ནས། གཉིས་པ་དེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་ངོས་གཟུང་བ་ལ་དྲུག་ལས། དང་པོ་ལྷན་ཅིག་སྐྱེས་པའི་ངོ་བོའི་སྒོ་ནས་དབྱེ་བ་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པ་ཚིག་གསུམ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པའི་ངོ་བོ་ནི་རྣམ་པ་གཉིས་ཏེ། ཐབས་དང་ཤེས་རབ་བོ། །དེ་ལ་རེ་ཤིག་བཙུན་མོའི་སྒྲས་ནི་ཤེས་རབ་ཡིན་ལ། སྐྱེས་བུ་ནི་ཐབས་ཀྱི་ཐ་སྙད་དུ་བརྗོད་པ་ཡིན་ཏེ། བདེ་བ་དང་སྟོང་པའི་ངོ་བོ་གཉིས་སུ་རྣམ་པར་དབྱེ་བ་མཛད་དོ། །རྟེན་གྱི་སྒོ་ནས་དབྱེ་བ་ནི། ཀུན་རྫོབ་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བསྟན་ཏེ། དེ་ལྟར་ཐབས་ཤེས་རབ་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ཡང་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བས་ཕྱེ་ནས་དེ་ཡང་རྣམ་པ་གཉིས་གཉིས་སུ་གྱུར་ཏེ། གང་ཞེ་ན་རེ་ཤིག་སྐྱེས་བུ་ལ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་པ་ནི་ཁུ་བའི་ཁམས་ཏེ་རྟེན་དུ་གྱུར་པའི་ཕྱིར་རོ། །བདེ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་སོ། །སྐྱེས་བུ་ཅི་ལྟ་བ་བཞིན་དུ་ཤེས་རབ་ལའང་དེའི་ཁུ་བའང་བདེ་བ་ཉིད་དེ། དབྱེ་བ་དེ་ཉིད་ཀྱི་ཕྱིར་ན་བདེ་བ་ཆེན་པོའི་དགའ་བ་ནི་བཞི་ཡིས་རབ་ཏུ་ཕྱེ་བ་ཡིས་སྐྱེ་བ་མེད་པའི་དོན་རྟོགས་པར་བྱེད་པའི་རིམ་པའི་ཕྱོགས་ལས་ནི་ཚུལ་འདི་ལྟར་ཕྱེ་བས་ལྷན་ཅིག་སྐྱེས་པ་རྣམས་བཞིའོ། །འདི་ཡི་ངེས་པའང་འདི་ཉིད་ལས། དེ་ཉིད་གཞན་གྱིས་བརྗོད་དུ་ཡང་ཡོད་པ་མ་ཡིན་ཏེ་སྒྲ་དང་ཚད་མ་ལ་སོགས་པས་མི་རྙེད་པས་སོ། །དེ་བཞིན་དུ་དཔེ་གཞན་གྱིས་བརྗོད་དུ་ཡོད་པ་མ་ཡིན་པའི་ལྷན་ཅིག་སྐྱེས་པ་དེ་ཉིད་གང་དུའང་མི་རྙེད་དོ། །འོན་ཀྱང་བླ་མ་དམ་པ་དུས་ཡུན་རིང་དུ་ཐབས་མཁས་པས་བརྟེན་པ་དང་། དེས་བསྟན་པའི་གདམ་ངག་ལ་བརྟེན་ནས་བདག་གི་བསོད་ནམས་ཀྱི་སྟོབས་སད་པ་ལས་ཤེས་པར་འགྱུར་རོ། །གཉིས་པ་ཆོས་ཀྱི་ཕྱག་རྒྱ་ལ་བཞི་ལས། མདོར་བསྟན་པ་ནི། དམན་པ་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། འདི་རྣམས་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་རྒྱས་གདབ་པའི་དབང་དུ་མཛད་པ་ཡིན་ཏེ་དམན་པ་རྡུལ་ཕྲ་རབ་དང་། འབྲིང་པོ་བུམ་པ་ལ་སོགས་པ་དང་། མཆོག་རི་ལ་སོགས་པ་རྣམས་ཏེ་འདི་ནི་ཕྱིའི་གཟུགས་སོ། །གཞན་ནི་དབང་པོ་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སོ། །གང་རྣམས་དེ་རྣམས་ཀྱང་ཞེས་པ་ནི་བརྟན་གཡོའོ། །རོ་མཉམ་པ་དེ་ཉིད་བསྒོམས་པ་ཡིས་དེ་ཀུན་མཉམ་པ་ཉིད་དུ་མཚུངས་པར་ལྟ་ཞེས་པའོ། །དེའི་རྒྱས་པར་བཤད་པ་ནི། དམན་པའི་གནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྟེ། འདི་དག་ཀྱང་ཕྱི་དང་ནང་གི་སྦྱོར་བ་གཉིས་ལས། ཕྱིར་དམན་པའི་གནས་ནི་རྡུལ་ཕྲ་རབ་ལ་སོགས་པ་ཤིན་དུ་ཕྲ་བ་དང་། མཆོག་ནི་རི་རབ་པ་ནི་བདེ་བ་ཉིད་འདོད་པ་དང་མ་བྲལ་བས་སོ། །གསུམ་པ་འདོད་ཆགས་འཇིག་པ་ནི་ཁམས་འཕོ་བའམ་གྱེན་དུ་བཟློག་པས་བདེ་བ་ལ་ཆགས་པ་དེ་འཇིག་པ་ཉིད་དེ་འདི་དག་ནི་རྟོག་པའི་ཆ་ཡིན་པས་དེས་ན་བཞི་པ་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་དགའ་བ་འདོད་པ་ནི་སྲིད་པའི་མཐར་བརྗོད་ལ། དགའ་བྲལ་ལས་ནི་མྱ་ངན་ལས་འདས་པའི་མཐར་འགྱུར་ཞིང་དེ་གཉིས་ཀྱི་དབུ་མར་བརྗོད་པའི་སྐྱེ་བའི་དང་པོ་ནི་དགའ་བའི་རྒྱུ་ཙམ་ཉིད་དེ། གསུམ་པོ་འདི་ནི་རྟོག་པ་དང་བཅས་པས་མྱོང་བ་ཡིན་ལ། ལྷན་ཅིག་སྐྱེས་པ་ནི་རྟོག་པ་ཐམས་ཅད་སྤངས་པ་དགའ་བའི་འདོད་ཆགས་མེད་ཅིང་ཆགས་བྲལ་ཡང་མེད་ལ་དབུ་མ་དགའ་བ་ཙམ་ཡང་དམིགས་པར་མི་འགྱུར་རོ། །ཚུལ་དེས་ན་ལྷན་ཅིག་སྐྱེས་པ་འདི་ཐབས་བདེ་བ་དང་། ཤེས་རབ་སྟོང་པ་ཐ་དད་དུ་གྲུབ་པ་མེད་པས་ཡང་དག་པའི་གནས་ལུགས་དེ་ཉིད་སྣང་བ་ཡིན་ཏེ་བདེ་སྟོང་གི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་ཕྱིར་རོ། །འདི་ནི་དབང་པོ་རྣོན་པོའི་རྟེན་གྱི་གང་ཟག་ལ་དོན་གྱི་ཡེ་ཤེས་རྟོགས་པར་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ལ་བརྟེན་པའི་ལྷན་ཅིག་སྐྱེས་པ་ངོས་བཟུང་བ་བཤད་ནས། དེ་གང་ལ་བརྟེན་ནས་རྟོགས་པ་ནི། གཞན་གྱིས་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། རྟོགས་པར་དཀའ་བའི་ལྷན་ཅིག་སྐྱེས་པ་ཀུན་རྫོབ་ཀུན་དྷ་ལྟ་བུ་ཉིད། དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །དགའ་བ་བཞིའི་མདོར་བསྟན་པ་ནི། དགའ་བ་ཞེས་པའི་ཚིགས་བཅད་ཅིག་སྟེ། འདི་ཡང་ཐབས་དང་ཤེས་རབ་སྦྱོར་བ་ལས་བྱུང་བའི་ཉམས་སུ་མྱོང་བའི་གོ་རིམ་ཏེ་དགའ་བ་དང་པོ་ནི་རགས་པའི་ཆ་ཡིན་པས་ཐབས་དཔའ་བོ་ཉིད་དོ། །མཆོག་ཏུ་དགའ་བ་ནི་རྣམ་པར་རྟོག་པ་ཕྲ་བས་ཤེས་རབ་རྣལ་མ་ཡིན་ལ། ཤིན་དུ་བདེ་དགའ་ནི་ཐམས་ཅད་རྟོག་བྲལ་མ་འཁྲུལ་བར་ངེས་པ་སྟེ་ཉམས་སུ་མྱོང་བའོ། །དེ་ལྟར་བདེ་བའི་ཐབས་ལས་སྔ་མའི་དོན་ཐམས་ཅད་རིག་པ་ནི་རྟོག་པས་ཞལ་ཞིང་དཔྱོད་པ་སྟེ་དགའ་བྲལ་གྱི་ཆའོ། །དགའ་བ་བཞིའི་དོན་རྒྱས་བཤད་ནི། དགའ་བས་བདེ་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། དགའ་བ་དང་པོ་ནི་བདེ་བ་ཅུང་ཟད་དེ་ཤས་ཆུང་བའོ། །མཆོག་ཏུ་དགའ་བ་ནི་དེ་ལས་ལྷག་པར་བདེ་བ་སྟེ་སྨིན་པའི་དགའ་བའོ། །དགའ་བྲལ་གྱི་དགའ་བ་ནི་ཆགས་པ་དང་བྲལ་བའི་དགའ་བ་ཡིན་ལ། དེ་གསུམ་ཀ་བས་ལྷག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་དེ་འདི་ནི་སྐྱེ་བའི་གསུམ་པ་བཤད་པའི་བཞི་པའོ། །དགའ་བ་བཞིའི་མཚན་ཉིད་བཤད་པ་ནི། དང་པོ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྟེ། དང་པོ་ནི་རེག་པར་འདོད་པ་སྟེ་བདེ་བ་དོན་དུ་གཉེར་བའི་འདུན་པ་དང་མ་བྲལ་བས་སོ། །གཉིས་པ་བདེ་བ་འདོད་གླིང་ལ་སོགས་པའི་དངོས་པོར་བརྗོད་ལ་དབུ་མ་ནི་དེ་གཉིས་ཀྱི་བར་མ་སྐྱེས་བུ་དང་བུམ་པ་ལ་སོགས་པ་དེ་ཉིད་དེ་དེ་ནི་ཕྱིའོ། །འདི་ནི་ནང་གི་དོན་དུ་སེམས་ཅན་དམན་པ་རྣམས་ཀྱི་ལུས་སེམས་ཀྱི་སྟེང་དུ་གནས་པའི་ཡེ་ཤེས་ནི་སད་པ་དང་། རྨི་ལམ། གཉིད་མཐུག་པོ། དབང་པོ་གཉིས་སྦྱོར་གྱི་གནས་སྐབས་བཞིས་བསྒྲིབས་པའི་ཕྱིར་རྟོགས་པར་དཀའ་བ་ནི་ཕྲ་བའི་དོན་ཏོ། །སྐྱེས་བུ་མཆོག་གིས་ནི་གནས་སྐབས་དེ་དག་ལྷན་ཅིག་སྐྱེས་པའི་དངོས་པོར་རྟོགས་པར་བརྗོད་པར་བྱའོ། །དབུ་མ་ནི་བར་མ་སྟེ་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྤངས་པ་ཉིད་དོ། །དེ་ལྟར་ནང་གི་གནས་སྐབས་བཞི་ལས་གཞན་པ་རྣམས་ནི། མིག་གི་དབང་པོ་ལ་སོགས་པ་དྲུག་སྟེ། གང་གཟུགས་ལ་སོགས་པའི་རྣམ་པ་ཡུལ་དེ་རྣམས་ནི་བརྟེན་པ་སྣོད་དང་། གཡོ་བ་བཅུད་ཀྱི་སེམས་ཅན་སྣང་བ་འདི་ཀུན་རྟོགས་པ་ལས་ནི་ང་དང་བདག་ཏུ་འཛིན་པ་ཐམས་ཅད་མེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡུལ་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་ན་མཉམ་པ་ཉིད་དུ་མཚུངས་པར་འདོད་པ་ཉིད་དོ། །དེ་ཉིད་བསྒོམ་པ་འདོད་པས། བདེ་སྟོང་རོ་མཉམ་པ་དེ་ཉིད་ཡུལ་ཐམས་ཅད་ལ་སྦྱར་ཏེ་བསྒོམས་པས་མཉམ་པ་ཞེས་བྱ་བ་སེམས་ཀྱིས་སྒྲོ་བཏགས་པའི་སྣང་བ་རྣམས་བདེ་སྟོང་དུ་མཚུངས་པར་རྟོགས་པར་བརྗོད་དེ། དེའི་གཟུང་བ་དང་འཛིན་པ་གཅོད་པས་འཁོར་ལོ་ཞེས་ཀྱང་བརྗོད་དོ། །བསྒོམ་པའི་དོན་དུ། ཡང་བློས་བཅོས་པ་ནི་མ་ཡིན་གྱི་སྣང་སྟོང་རོ་ཅིག་པའི་མཉམ་པ་ཉིད་ཀྱི་ཚུལ་འདིས་ནི་བསྒོམ་པའི་སྒྲར་དོན་གྱིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་ནི། དེ་ལས་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལྟར་བརྟན་གཡོ་ཐམས་ཅད་སེམས་ཀྱི་སྒྲོ་བཏགས་པས་ང་ལས་བྱུང་ངོ་ཞེས་སྨོས་ཏེ། གུར་ལས། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་དུ་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱང་ངའོ་ཞེས་གསུངས་པས། སེམས་ཉིད་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་མ་དག་པའི་གནས་སྐབས་སུ་ཀུན་གཞི་ཞེས་བརྗོད་པ་ང་ལས་ཁམས་གསུམ་པའི་བདེ་འགྲོ་ཐམས་ཅད་ཀྱང་བྱུང་ལ། ང་ལས་ངན་སོང་གི་གནས་གསུམ་པོའང་བྱུང་ངོ་། །ང་ཡིས་བརྟན་གཡོ་འདི་ཀུན་ལ་ཁྱབ་པ་སྟེ། དེ་ལས་མ་བྱུང་བའི་འགྲོ་བའི་རང་བཞིན་ནི་གཞན་མ་མཐོང་ངོ་། །ཚུལ་དེ་ལྟར་རྣལ་འབྱོར་པས་ཤེས་ནས་སྣང་སྟོང་དབྱེར་མེད་དུ་ཤིན་དུ་མཉམ་པར་བཞག་པ་གང་གིས་གོམས་པར་བྱས་པ་དེ་བསོད་ནམས་ཆུང་བའི་མི་དམན་པར་གནས་པ་ཡིས་ཀྱང་ལྷན་ཅིག་སྐྱེས་པ་དེ་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་ཉིད་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་ནི། བཟའ་དང་ཅེས་པའི་ཚིགས་བཅད་ཅིག་སྟེ། སྔར་བསྟན་པའི་ལྷན་ཅིག་སྐྱེས་པ་དེ་ཉིད་ཁ་ཟས་ཟ་བ་དང་བཏུང་བ་དང་བླུགས་པ་ནི་ཁྲུས་བྱེད་པ་དང་། ཉལ་བ་དང་གཉིད་ལོག་པའི་རྨི་ལམ་དང་། རྟོག་ཅིང་སེམས་པའི་དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་མངོན་པར་ཐོབ་པ་འདོད་པས་རྒྱུན་དུ་བསྒོམས་པ་ལས། དེ་ནས་མངོན་དུ་འགྲོ་ཞེས་པ། གྷ་ཏེའི་སྒྲས་འགྲོ་བ་དང་རྟོགས་པ་གཉིས་ལ་འཇུག་པས་འདིར་ནི་རྟོགས་པར་བརྗོད་པར་བྱའོ། །དེ་ལྟར་ཡུལ་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱའི་རྒྱས་གདབ་གསུངས་ནས། ཕྱག་རྒྱ་ཆེན་པོ་ལ་བཞི་ལས། དང་པོ་ངོ་བོ་ནི། གང་ཕྱིར་ཞེས་པའི་ཚིགས་བཅད་གཅིག་སྟེ། ལས་དང་ཆོས་ལ་སོགས་པའི་ཕྱག་རྒྱ་བློས་བཏགས་པ་ཡིན་པས་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོའི་གང་གི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དགག་བསྒྲུབ་ཀྱི་ཡིད་ཀྱིས་མི་བསྒོམ་པར་འགྲོ་བ་ལ་སོགས་པའི་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་ཤེས་ནས་རྣམ་པར་རྟོག་པས་བསྒོམ་པ་ནི་དོན་བསྒོམ་པ་མ་ཡིན་ལ། བསྒོམ་པ་པོ་ལ་སོགས་པ། མི་དམིགས་པའི་ཚུལ་གྱིས་སྐྱེ་བ་མེད་པ་ལ་སོགས་པ་སྤྲོས་པའི་མཐའ་དང་བྲལ་བར་བསྒོམ་མོ། །ཚུལ་ཅི་ལྟར་བསྒོམ་པ་ནི། བརྟན་དང་ཞེས་པའི་ཚིག་རྐང་ལྔ་སྟེ། དོན་དེས་བརྟན་པ་དང་གཡོ་བའི་དངོས་པོ་གང་རྩྭ་དང་ལྕུག་མ་དང་འཁྲི་ཤིང་ལ་སོགས་པ་བདག་གི་བའི་དངོས་པོ་རང་བཞིན་ཐམས་ཅད་ལས་དོན་དམ་པ་དེ་ཉིད་དུ་ངེས་པར་བསྒོམ་པར་བྱ་བ་ཡིན་གྱིས་དེ་རྣམས་སུ་འཛིན་པ་ལ་ནི། དོན་དམ་པ་ཅིག་ཀྱང་ཡོད་པ་མ་ཡིན་ནོ། །རང་རིག་གི་དོན་ནི། རང་རིག་ལ་སོགས་པའི་ཚིག་རྐང་བདུན་ཏེ། དེ་ལྟར་དགག་བསྒྲུབ་ཀྱི་ཚུལ་དུ་བསྒོམ་པ་ལ་དོན་མངོན་དུ་འགྱུར་བ་མེད་དེ། འོན་ཀྱང་དོན་དམ་པར་སོ་སོ་རང་གིས་རིག་པའི་ཟག་པ་མེད་པའི་བདེ་བ་ཆེན་པོ་ཉིད་རང་རིག་ཅིང་རྟོགས་ནས་བླ་ན་མེད་པའི་བྱང་ཆུབ་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་འགྱུར་ཏེ། ཚུལ་དེས་ན། བསྒོམ་བྱེད་རང་རིག་ཡིན་པའི་ཕྱིར་བསྒོམ་པར་བྱ་བ་ཉིད་ཀྱང་རང་རིག་ཉིད་ཡིན་ནོ། །འོ་ན་འབད་པ་མེད་པར་གྲོལ་ལམ་ཞེ་ན། རང་གི་རིག་པའི་འགྱུར་བ་མ་རིག་པ་ལས་དམན་པའི་ལས་སྐྱེས་ཏེ་རང་ཉིད་ཉོན་མོངས་པར་གྱུར་ཏོ། །དེ་རྟོགས་པ་ལས་ནི་རང་གིས་ལས་འཕྲོག་པར་བྱེད་ཅིང་མ་རྟོགས་པས་ནི་རང་གིས་རང་འཆིང་བར་བྱེད་དོ། །དེས་ན་རང་གི་རིག་པ་དེ་རྒྱལ་པོ་ལྟ་བུ་ཡང་ཡིན་ལ། དངོས་པོ་རྣམས་ཀྱི་གཙོ་བོ་ཡང་ཡིན་ནོ། །ལྷན་ཅིག་སྐྱེས་པ་དེའི་ཆེ་བ་ནི། འདོད་ཆགས་ཞེས་པའི་ཚིག་ལྔ་སྟེ། མ་རྟོགས་པའི་ཚེ་གཟུང་འཛིན་གྱི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་ཕྲག་དོག་དང་། དེ་བཞིན་དུ་གཏི་མུག་དང་ང་རྒྱལ་ཉིད་དེ། ཉོན་མོངས་པ་ལྔ་པོ་དེ་དག་སྟོབས་ཤིན་དུ་ཆེ་བ་ཡིན་མོད་ཀྱིས་ཀྱང་དེ་དག་ཀུན་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞི་བ་ཆེན་པོར་གནས་པ་མཆོག་དུ་མི་འགྱུར་བའི་དགའ་བ་ཆེན་པོའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དེ་རྟོགས་པའི་སྐད་ཅིག་ལས་དེ་ཁོ་ན་ཉིད་མངོན་དུ་འགྱུར་བས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་གནས་ལུགས་གསུངས་ནས། དམ་ཚིག་གི་ཕྱག་རྒྱ་ལ་ལྔ་ལས། ངོ་བོ་ཕུན་སུམ་ཚོགས་པ་ནི། ཆོས་འབྱུང་ཞེས་པའི་ཚིག་རྐང་དྲུག་སྟེ། ལྷན་ཅིག་སྐྱེས་པའི་རྟོགས་པའི་བྱེད་པའི་ཐབས། འདིར་ཡང་ཕྱི་དང་ནང་གཉིས་ལས། ཆོས་ནི་སྣང་བ་རྟེན་འབྲེལ་དེའི་རང་བཞིན་དུ་བྱུང་བ་ནི་ཆོས་ཉིད་དེ། དེ་ལས་སྐྱེས་པའི་ཡེ་ཤེས་ནི་ནམ་མཁའ་དང་མཉམ་པའི་ཆོས་ཉིད་དང་ལྷན་ཅིག་ཏུ་ཐབས་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་བཞིན་དུ་ཉམས་སུ་བླངས་པས་དོན་མངོན་དུ་འགྱུར་བའོ། །ནང་དོན་དུ་ལས་ཀྱི་ཕྱག་རྒྱའམ་རྩ་གསུམ་འདུས་པའི་ཆོས་འབྱུང་ལས་སྐྱེས་པའི་ཨ་ཐུང་ངུའི་རྣམ་པ་སྐྱེ་བ་མེད་པའི་ཡེ་ཤེས་ནི་ནམ་མཁའ་དང་མཉམ་པ། དགའ་བའི་ལྷན་ཅིག་སྐྱེས་པའི་ཐབས་དང་བཅས་པ། ཐབས་བདེ་བ་དང་ཤེས་རབ་སྟོང་པའི་རང་བཞིན་ལས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འཇིག་རྟེན་གསུམ་པོ་དེ་ལས་སྐྱེས་ཤིང་གྲུབ་པས་ད་ལྟར་ལུས་ལ་ཁུ་བའི་རྣམ་པ་ལས་སྐྱེས་པའི་བདེ་བས་རྣམ་པར་རྟོག་པ་འཇོམས་ཤིང་ཡེ་ཤེས་དང་ལྡན་པར་བྱེད་པས་བཅོམ་ལྡན་འདས་ཧེ་རུ་ཀའི་ངོ་བོ་ཡིན་ནོ། །དེའི་བདེ་བ་ཡང་འདོད་མ་སྟེ་བདག་མེད་མར་བརྗོད་དོ། །རྟོགས་པ་ཕུན་སུམ་ཚོགས་པ་ནི། གཅིག་དང་ཞེས་པའི་ཚིག་རྐང་དྲུག་སྟེ། འདི་ཡང་ཕྱི་རོལ་དུ་བདག་མེད་མའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་བསྟན་ལ། འདིར་ནང་གི་དོན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པ་དང་དུ་མའི་སྒྲོ་སྐུར་དང་བྲལ་བ་སྟེ། མཆོག་དགའི་རྗེས་ཐོགས་སུ་སྐྱེས་པའི་བསམ་གྱིས་མི་ཁྱབ་པའི་སྐད་ཅིག་གཅིག་ལ། མཆོག་ཏུ་དགའ་བ་ཆེན་པོ་ལ་བརྟེན་ཏེ་རྟོགས་པ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་འདི་ནི་ངག་གི་ལམ་ལས་འདས་ཤིང་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་ཏེ། འདི་ནི་བླ་མའི་བྱིན་བརླབས་ལ་བརྟེན་ནས་བདག་བྱིན་གྱིས་བརླབ་པའི་རིམ་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཀུན་མཁྱེན་གྱི་ཡེ་ཤེས་ཀྱང་དེ་ལྟ་བུའི་ཚུལ་གྱིས་མངོན་དུ་བྱ་བ་ཡིན་ནོ། །སྤངས་པ་ཕུན་སུམ་ཚོགས་པ་ནི། ས་དང་ལ་སོགས་པའི་ཚིག་བཅད་གཉིས་ཏེ། འདི་ཡང་ཕྱི་རོལ་དུ་ནི། འབྱུང་བ་རགས་པ་དང་། ཕྲ་བའི་དངོས་པོས་དོན་ལ་སྒྲིབ་པ་མེད་པར་བསྟན་ལ། ནང་དོན་དུ་རེག་པ་ས་དང་། གཤེར་བ་ཆུ་དང་། གཡོ་བ་རླུང་དང་། དྲོ་བ་མེ་དང་། བདེ་བ་ནམ་མཁའ་ཉིད་དེ། དེ་དག་ནི་རང་གི་ལུས་དང་། གཞན་ཕྱི་རོལ་དུ་གནས་པའི་སྟོབས་རིག་པ་ལས་བདེ་བ་ཆེན་པོའི་ཚོར་བ་ཉམས་སུ་མྱོང་བ་ཡིས་སྔ་མ་ཀུན་གྱི་གནོད་པས་གནོད་པ་མེད་ཅིང་སྐད་གཅིག་མ་ཅིག་ཏུ་རྣམ་པར་མི་ནོན་པའི་མཐུ་ཐོབ་པས་མཐོ་རིས་དང་མི་ཡུལ་རྐང་འོག་ཀླུའི་འཇིག་རྟེན་ལ་སོགས་པ་ས་གསུམ་པོ་སྐད་ཅིག་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟུགས་གཅིག་དུ་འགྱུར་ཏེ། རང་གཞན་གཟུང་འཛིན་གྱི་ཆའི་རྣམ་རྟོག་གིས། གནོད་པར་བྱ་བ་ཉིད་ནི་ནུས་པ་མེད་དེ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བས་སོ། །ཐབས་གཞན་པས་ལྷག་པ་ནི། ཐམས་ཅད་རིགས་བྱེད་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། རིག་བྱེད་ཐམས་ཅད་ནི་བཞི་སྟེ། མཆོད་སྦྱིན་དང་། སྲིད་སྲུངས་དང་། སྙན་ངག་དང་། ངེས་བརྗོད་དོ། །གྲུབ་མཐའ་ནི་ཉན་ཐོས་ལ་སོགས་པ་ཡིའོ། །ལས་རྒྱས་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། གཞན་ཡང་བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་འབད་པ་ནི་སྲིད་པ་དག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་མ་ཡིན་ལ། སྲིད་རྩེའི་བར་ནས་སྲིད་མཐར་སྐྱེ་བའི་བར་ཐོབ་པར་འགྱུར་ཀྱང་འཇིག་རྟེན་འདི་དང་ཕ་རོལ་དུ་ལྷན་ཅིག་སྐྱེས་པ་དེ་རྟོགས་པ་མེད་པས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་དོ། །རྒྱུ་མཚན་དེས་ན་གང་གིས་ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་མི་ཤེས་པ་དེ་ནི་ངལ་བ་དོན་མེད་པར་འགྱུར་རོ། །འདི་ཡི་ངེས་པའི་དོན་ཡང་། ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས་ཏེ་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོ་མངོན་དུ་གྲུབ་པར་བྱས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་གྱིས་གཞན་དུ་ངལ་བ་དོན་མེད་པར་འགྱུར་རོ། །རྒྱུན་ཆད་མེད་པར་བསྒོམ་པར་གདམས་པ་ནི། ཆུ་བོ་ལ་སོགས་པའི་ཚིགས་བཅད་གཅིག་སྟེ། སྔ་མའི་དོན་ཉམས་སུ་ལེན་པའི་ཆུ་བོའི་རྒྱུན་རབ་ཏུ་འབབ་པ་དང་། མར་མེའི་རྩེ་མོ་རབ་ཏུ་འབར་བ་ལྟར་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་ཉིན་དང་མཚན་དུ་རྒྱུན་མ་ཆད་པར་མཉམ་པར་གཞག་གོ །འདི་ཡང་ནང་དོན་དུ་ཆུ་བོའི་རྒྱུན་ནི་བྱང་ཆུབ་ཀྱི་སེམས་མར་མེ་ནི་གཏུམ་མོའི་མེ་སྟེ་དེ་གཉིས་ཀྱི་སྦྱོར་བ་འབར་འཛག་རྣལ་འབྱོར་ཅན་གྱིས་ཉིན་མཚན་དུ་མཉམ་པར་བཞག་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་རོ། །དེ་ལྟར་ལས་དང་། ཆོས་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་རྣམ་པ་བཞིའི་རྫོགས་པའི་རིམ་པ་བསྟན་པའོ། །ལེའུ་ཡི་མིང་ནི། རྣལ་འབྱོར་མ་བཅོ་ལྔའི་རིམ་པ་གཉིས་ཀྱི་འཁོར་ལོས་རྣམ་པར་རྟོག་པ་གཅོད་པ་བསྟན་པ་སྟེ་བརྒྱད་པའོ།། །།ལེའུ་འདི་ཡི་བརྗོད་པར་བྱ་བ་ནི། མཆོག་དང་མཆོག་མ་ཡིན་པའི་དག་པ་བརྗོད་བྱེད་དེ་ཉིད་ཀྱི་ངག་གིས་བསྟན་ཏོ། །འབྲེལ་ནི་བསྐྱེད་པའི་རིམ་པ་དེ་ལ་ཡང་རྣམ་པར་དག་པ་དགོས་པས་ལེའུ་འདི་བསྟན་ཏོ། །མདོར་བསྟན་ནི། ཡེ་ཤེས་རྣམ་ཤེས་ཞེས་པ་ཡེ་ཤེས་དང་རྣམ་པར་ཤེས་པའི་དག་པ་ལ་སོགས་པ་འདི་ནས་རྒྱས་པར་འཆད་པའོ། །མངོན་པར་རྟོགས་པ་ནི་ཐུན་མཚམས་སུ་རྣམ་པར་དག་པ་དྲན་པར་བྱེད་པའོ། །འདི་ལ་གསུམ། མཚམས་སྦྱར་བ་དང་། གཞུང་གི་དོན་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་ལེའུ་བརྒྱད་པ་གསུངས་པ་དེ་ནས་ལྷའི་དག་པ་དང་མཆོག་དུ་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ་ཞེས་སོ། །གཞུང་ལ་གཉིས། རྣམ་པར་དག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་ངེས་པར་ལ་སོགས་པའི་ཚིགས་སུ་བཅད་པ་ཅིག་སྟེ། ཡང་དག་པར་ངེས་པའི་དོན་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་དག་པ་ནི་དེ་བཞིན་ཉིད་ཀྱི་གནས་ལུགས་སུ་བརྗོད་ལ། མཆོག་མ་ཡིན་པའི་དག་པ་ནི་ཕྱི་ནས་སྦྱང་གཞི་སྦྱོང་བྱེད་རེ་རེའི་དབྱེ་བ་ཡིས་ལྷ་རྣམས་ཀྱི་དག་པ་བརྗོད་པར་བྱའོ། །རྒྱས་བཤད་ལ་གཉིས་ཏེ། མཆོག་གི་དག་པ་དང་། ལྷའི་དག་པའོ། །དང་པོ་ལ་དྲུག་ལས། དག་པ་དངོས་ནི། ཕུང་པོ་ལ་སོགས་པའི་ཚིག་རྐང་གསུམ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་དང་། མིག་ལ་སོགས་པའི་དབང་པོ་དྲུག་དང་། དེའི་སྐྱེ་མཆེད་དྲུག་དང་། ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་དང་། དངོས་པོ་འདི་དག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ། དེ་ཁོ་ན་ཉིད་ཀྱི་ལེའུར་བཤད་པ་བཞིན་ནོ། །དག་པའི་དགོས་པ་ནི། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ་ཞེས་པ། གཟུང་འཛིན་ལས་གྱུར་པའི་ཉོན་མོངས་པ་བདག་མེད་པར་རྟོགས་པས་སྤང་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ལ་སྒྲིབ་པ་བསྒོམ་པས་སྤང་པར་བྱ་བ་ཤེས་བྱ་བའི་སྒྲིབ་པ་ཡང་རྣམ་པར་དག་པ་ཆེན་པོས་སྦྱོང་པར་བྱེད་དོ། །དག་པའི་ངོ་བོ་ངོས་བཟུང་བ་ནི། རང་རིག་ལ་སོགས་པའི་ཚིག་རྐང་གཉིས་སྟེ། རང་རིག་ནི་གསལ་ལ་མི་རྟོག་པའི་བདག་ཉིད་དེ་དབང་གི་ཡེ་ཤེས་ལ་སོགས་པས་མཚོན་ནས་སོ་སོར་རང་གིས་རིག་པར་བྱ་བ་རྣལ་འབྱོར་ཅན་གྱི་མངོན་གསུམ་པའི་ཡུལ་གཞན་གྱིས་བརྗོད་དུ་ཡོད་པ་མ་ཡིན་པ་སྟེ། འདི་ཡི་སྟེང་དུ་མ་རིག་པ་བག་ཆགས་རྣམ་པར་དག་པས་ནམ་མཁའ་ལ་སྤྲིན་དག་པ་ལྟར། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་དྲི་མ་དག་པར་འགྱུར་གྱིས། གཞན་དུ་ཡོད་པའི་དག་པ་གཞན་གྱིས་ནི་གྲོལ་བ་མ་ཡིན་ནོ། །དེའི་རྒྱས་བཤད་ནི། ཡུལ་གྱི་ཞེས་པའི་ཚིག་རྐང་དྲུག་སྟེ། འོ་ན་རང་གི་རིག་པའི་ངོ་བོ་ནི། གདོད་མ་ནས་དག་པ་ཉིད་ཡིན་ན། རྐྱེན་གློ་བུར་གྱི་དྲི་མ་མ་དག་པ་དག་པར་བྱེད་པ་ལ་རང་རིག་དག་པར་ཅིའི་ཕྱིར་བརྗོད་ཅེ་ན། ཡུལ་གཟུགས་སོགས་ཀྱི་དངོས་པོ་ནི་འཁྲུལ་པས་སྒྲོ་བཏགས་པ་ཡིན་པས། འཁྲུལ་པ་དེ་དག་པས་འཛིན་བྱེད་ཀྱང་དག་པར་འགྱུར་ལ། གཟུང་འཛིན་དག་པས་རང་གི་རིག་པ་བདེ་བ་ཆེན་པོའི་མཆོག་ཏུ་དག་པར་འགྱུར་ཏེ་རྒྱུ་མཚན་དེས་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས་པའི་ཡུལ་རྣམས་དང་གཞན་ཡང་རྣལ་འབྱོར་པས་ཡུལ་དང་ཡུལ་ཅན་དུ་གང་མཐོང་བའི་དངོས་པོ་དེ་ཀུན་རྣམ་པར་དག་པས་ནི་འདི་ལྟར་འགྲོ་བ་རྣམས་སངས་རྒྱས་ཀྱི་བདག་ཉིད་དོ། །འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། རྒྱས་པར་རྒྱུད་བླ་མ་ལས། པད་མ་སྲོག་ཆགས་བུང་བ་དང་། །སྣུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་སའི་སྦུབས་ན་ཡང་། །སངས་རྒྱས་སྦྲང་རྩིའི་སྙིང་པོ་བཞིན། གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡི། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་ཞེས་བརྗོད། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །མ་དག་པར་སྣང་བ་ནི། ཀྱེ་བཅོམ་ལྡན་འདས་ཞེས་པ་ནས་ཐོབ་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་བཅོམ་ལྡན་འདས་དེ་ལྟར་རང་བཞིན་དག་པ་ལགས་ན། མ་དག་པར་སྣང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གཟུགས་ལ་སོགས་པར་སྒྲོ་བཏགས་པ་ནི་མ་དག་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོ་ཉིད་དུ་ཞེན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གཟུང་བའི་ཡུལ་དང་འཛིན་པའི་ཤེས་པ་རང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། མིག་གི་དབང་པོའི་ཤེས་པ་ནི་འཛིན་པའོ། །སྔོན་པོ་ལ་སོགས་གཟུགས་ནི་གཟུང་བར་བརྗོད་དོ། །སྒྲ་ནི་གཟུང་བ། རྣ་བའི་ཤེས་པས་ཉན་པར་བྱེད་པ་ནི་འཛིན་པའོ། །དེ་བཞིན་དུ་དྲི་དང་སྣ་ཡིས་ཚོར་བ་དང་། རོ་ནི་ལྕེ་ཡིས། རིག་པར་བྱ་བ་དང་། ལུས་ཀྱི་དངོས་པོ་དང་རེག་པར་བྱ་བ་དང་། ཡིད་ཀྱི་ཆོས་ལ་སོགས་པ་བདེ་བ་དང་སྡུག་བསྔལ་དུ་ཕན་ཚུན་ལྟོས་པའི་ཚུལ་དུ་གཟུང་བ་དང་། འཛིན་པར་སྣང་ངོ་། །འདི་ནི་ཡང་དག་པ་མ་ཡིན་པའི་རྟོག་པ་སྟེ། གཉིས་དང་ཅི་ལྟར་བརྗོད་པར་སྣང་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ་ཆོས་ཀྱི་མཚན་ཉིད་དོ་ཞེས་བཤད་པ་བཞིན་ནོ། །དག་པར་བྱ་སྟེ་བསྒོམ་པ་ནི། ཚིག་གཉིས་ཏེ་དེ་ལྟར་མ་དག་པར་སྣང་བ་དེ་དག་མཆོག་དང་ལྷའི་དག་པས་ཉོན་མོངས་པའི་དུག་མེད་པར་བྱས་ནས། བསྟེན་པར་བྱ་བ་འདི་དག་བསྟེན་པ་ཉིད་དོ། །གཉིས་པ་ལྷའི་དག་པ་ལ་བདུན་ལས། དང་པོ་ཕུང་པོ་ལྔའི་དག་པ་ནི། གཟུགས་ཕུང་ལ་སོགས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་གནས་སྐབས་བསྐྱེད་པའི་རིམ་པ་ལ་ལྷ་འདི་དག་གི་རྣམ་པས་སྦྱངས་ནས་ལྷའི་ཞེན་པ་སྔར་བསྟན་པའི་མཆོག་གི་དག་པས་སྦྱངས་བས་རྣམ་པར་དག་པ་ཉིད་དུ་འགྱུར་རོ། །དེ་ཡང་མ་དག་པའི་གཟུགས་ཀྱི་ཕུང་པོ་ལྷ་མོ་རྡོ་རྗེ་མའི་ངོ་བོ་ཡིན་ཏེ་ཞེན་པ་སྦྱོང་བའི་ཕྱིར་དུའོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་ལའང་དཀར་མོ་རྣམ་པར་དག་པའོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་མཁའ་འགྲོ་མ། རྣམ་པར་ཤེས་པའི་ཕུང་པོ་ནི་བདག་མེད་རྣལ་འབྱོར་མའི་ཚུལ་གྱིས་གནས་ཏེ། དེ་ལྟར་བཞིའི་སྐབས་སུ་རྟག་ཏུ་ཕུང་པོ་ལྔ་པོ་འདི་རྣམས་ལམ་རྣལ་འབྱོར་མའི་དག་པས་སྦྱངས་པས་འབྲས་བུ་དེ་ཁོ་ན་ཉིད་དུ་རྣལ་འབྱོར་བས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་དག་ནི་ནང་གི་འཕར་མར་གནས་པའོ། །གཉིས་པ་ཞར་ལ་ཕྱིའི་འཕར་མ་ནི། དེ་ནས་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ནས་ཕྱི་རོལ་གྱི་འཕར་མ་ལ་གནས་པའི་ལྷ་མོ་རྣམས་གསུངས་པ། བྱང་ཤར་དབང་ལྡན་དུ་པུ་ཀ་སི། ཤར་ལྷོ་མེར་རི་ཁྲོད་མ། ལྷོ་ནུབ་བདེན་བྲལ་དུ་གདོལ་པ་མོ། ནུབ་བྱང་རླུང་དུ་གཡུང་མོ་རྣམས་མཚམས་སོ། །དེ་བཞིན་དུ་ཤར་དབང་པོར་དཀར་མོ། ལྷོ་གཤིན་རྗེ་ཆོམ་རྐུན་མ། ནུབ་དུ་ཆུ་བདག་གི་ཕྱོགས་སུ་རོ་ལངས་མ། བྱང་ལུས་ངན་པོར་གྷ་སྨ་རི་སྟེ་ཕྱོགས་བཞིའོ། །འོག་ཏུ་ས་སྤྱོད་སྟེང་དུ་མཁའ་སྤྱོད་མ་ནི་འདིར་བསྐྱེད་རིམས་ཀྱི་ཕྱོགས་ལ་བསྟན་ཡང་དོན་ལ་སྲིད་པ་དང་ཞི་བའི་རང་བཞིན་རྣམ་པར་དག་པ་ལྷ་མོ་འདི་རྣམས་གནས་སོ། །གསུམ་པ་སྐྱེ་མཆེད་ཀྱི་རྣམ་པར་དག་པ་ནི། གཟུགས་ལ་ཞེས་པའི་ཚིགས་བཅད་གཉིས་ཏེ་འབྱུང་བ་ཆེན་པོ་ལ་སོགས་པའི་གཟུགས་ཐམས་ཅད་ལ་ནི་དཀར་མོ། སྒྲ་ལ་ཆོམ་རྐུན་མ། དྲི་རོ་ལངས་མ། རོ་གྷ་སྨ་རི། རེག་ས་སྤྱོད་མ། ཆོས་མཁའ་སྤྱོད་མ་སྟེ་རྟག་ཏུ་འདི་རྣམས་རྣམ་པར་དག་པས་དེ་ཁོ་ན་ཉིད་དུ་རྣལ་འབྱོར་པས་ཀྱང་འགྲུབ་པར་འགྱུར་རོ། །བཞི་པ་ཞར་ལ་ཧེ་རུ་ཀའི་དག་པ་ནི། ཕྱག་གི་ཞེས་པའི་ཚིགས་བཅད་གཅིག་སྟེ་འདིར་ཧེ་རུ་ཀའི་ཕྱག་བཅུ་དྲུག་གི་རྣམ་པར་དག་པ་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ནི་ཕུང་པོ་ལྔའོ། །དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མཐའ་མེད་པ་སྟོང་པ་ཉིད་དེ་ཁམས་ལྔའོ། །དོར་བ་མེད་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དེ་སྐྱེ་མཆེད་ལྔའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བཅུ་དྲུག་པ་སྟེ། དེ་བཞིན་དུ་སྙིང་རྗེ་བཅུ་དྲུག་ཀྱང་རྣམ་པར་དག་པའོ། །ལྷའི་བུ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ཕུང་པོའི་བདུད་བཞི་དག་པའམ། ཡང་ན་བསྡུ་བའི་དངོས་པོ་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པ་སྟེ། དེ་དག་ནི་ཞབས་ཀྱི་རྣམ་པར་དག་པའོ། །རྣམ་ཐར་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་དང་། ནང་གཟུགས་ཅན་མ་ཡིན་པས་གཟུགས་ལ་བལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ། ལུས་ཀྱི་མངོན་གསུམ་དུ་བྱས་ཏེ་སྙོམས་པར་འདུག་པ་ལ་གནས་པ་དང་། ནམ་མཁའ་མཐའ་ཡས་སྐྱེད་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འགོག་པའི་སྙོམས་འཇུག་སྟེ། འདི་རྣམས་རྣམ་པར་དག་པ་ནི་ཞལ་བརྒྱད་ཀྱི་རྣམ་པར་དག་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་དག་པའི་སྤྱན་དང་ལྡན་པའོ། །འདི་ལས་གཞན་པའི་རྣམ་པར་དག་པ་ནི་འོག་ནས་འཆད་དོ། །ལྔ་པ་ཁམས་ཀྱི་དག་པ་ནི། ས་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། ལུས་ཀྱི་སའི་ཁམས་དག་པ་ནི་པུ་ཀ་སིའོ་ཆུའི་ཁམས་ནི་སྔོན་པ་མོ། མེ་ནི་གཏུམ་མོ། རླུང་ནི་གཡུང་མོར་རབ་ཏུ་གྲགས་ཏེ། ཁམས་བཞི་རྣམ་པར་དག་པའོ། །དྲུག་པ་ཉོན་མོངས་ཀྱི་དག་པ་ནི། ཞེ་སྡང་ཞེས་པའི་ཚིགས་སུ་བཅད་པ་གཉིས་སྟེ། ཉོན་མོངས་པ་ཞེ་སྡང་དག་པ་རྡོ་རྗེ་བདག་མེད་མའོ། །འདོད་ཆགས་དག་པ་ཆུའི་རྣལ་འབྱོར་མ། ཕྲག་དོག་དག་པ་རྡོ་རྗེ་མཁའ་འགྲོ་མ། སེར་སྣ་དག་པ་གསང་བའི་དཀར་མོ། གཏི་མུག་དག་པ་རྡོ་རྗེ་མར་བཤད་དེ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་པོ་རྣམ་པར་སྦྱོང་བའི་ཕྱིར་བསྐྱེད་པའི་རིམ་པའི་ཕྱོགས་ལས་འདིས་ནི་སྔར་བསྟན་པ་བཞིན་དུ་ཕུང་པོ་ལྔ་ཡང་སྦྱང་བར་བྱ་བ་ཡིན་ནོ། །བདུན་པ་དེ་ཁོ་ནའི་དག་པ་ནི་གང་དང་ཞེས་པའི་ཚིགས་བཅད་གཉིས་ཏེ། དངོས་པོ་གང་དང་ཉོན་མོངས་པ་གང་གིས་འཇིག་རྟེན་པ་རྣམས་འཆིང་བར་འགྱུར་བ། དེ་དང་དེའི་རྣམ་པར་དག་པ་ཤེས་པས་ནི་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་རྟོགས་པར་འགྱུར་རོ། །འདི་ལྟ་བུའི་རྣམ་པར་དག་པ་དེ་ཉིད་མི་ཤེས་པས་འཇིག་རྟེན་པ་རྣམས་མི་གྲོལ་ཞིང་། དོན་དེ་ཉིད་སྤངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྙེད་པར་མི་འགྱུར་རོ། །དེའི་ཕྱིར་སྦྱང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་ཉོན་མོངས་པ་རྣམས་ལྷར་དག་ལ། ལྷ་རྣམས་ཡེ་ཤེས་སུ་དག་ཅིང་ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བའི་ཕྱིར་དོན་དམ་པར་སྣོམ་པ་མི་དམིགས་པའི་ཕྱིར་དྲི་མེད་ལ། ཐོས་པ་མེད་པས་སྒྲ་མེད་དོ། །དེ་བཞིན་དུ་གཟུགས་ཉིད་ཀྱང་མེད་ལ་མྱོང་བ་དང་རོ་དང་སེམས་ཀྱི་རྣམ་པ་དག་ཀྱང་མ་དག་པ་མེད་པས་དག་པ་མེད་དེ། ལུས་མེད་པ་ལ་རེག་པ་མེད་དོ། །ཡིད་མེད་པས་ཆོས་ཀྱང་མེད་པར་འགྱུར་ཏེ་ཐམས་ཅད་ཀྱང་བདེན་པའི་གཅིག་དང་དུ་མའི་རྣམ་པ་དང་བྲལ་བའི་ཕྱིར་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་རང་བཞིན་དག་པའི་འགྲོ་བ་ལ་སྒྱུ་མ་ལྟ་བུའི་རྣམ་པར་རབ་ཏུ་ཤེས་པས་དག་པ་ཆེན་པོ་ཞེས་བྱའོ། །འདི་རྣམས་ཀྱི་ངེས་པའི་དོན་ཡང་། སྟོང་པ་ཆེན་པོ་ཡི་གེ་ལྔའི་སྐབས་སུ་བཤད་པ་བཞིན་དུ་ཤེས་བྱའི་གནས་ལུགས་ཐམས་ཅད་ཀྱི་རྣམ་པར་དག་པ་རྣལ་འབྱོར་མ་བཅོ་ལྔ་ཨ་ལིའི་རང་བཞིན་ཕྱི་ནང་གཞན་གསུམ་འཕྲོ་ཞིང་སྡུད་པ་གཞི་ལམ་འབྲས་བུ་ཐམས་ཅད་ཀྱི་རྣམ་དབྱེར་འགྲེལ་པར་རིག་པར་བྱའོ། །ལེའུ་ཡི་མཚན་ནི། མཆོག་དང་ལྷའི་རྣམ་པར་དག་པ་བསྟན་པ་སྟེ་དགུ་པའོ། །ལེའུ་འདི་ཡི་བརྗོད་པར་བྱ་བ་ནི་མ་སྨིན་པ་སྨིན་པར་བྱེད་པའི་དབང་གསལ་བར་བརྗོད་པར་བྱེད་པའི་ངག་གིས་སྟོན་ཏེ་འབྲེལ་ནི། དེ་ལྟར་བསྐྱེད་རྫོགས་བསྒོམ་པ་ལ་རྒྱུད་སྣོད་དུ་རུང་བ་དགོས་པས་སྨིན་པར་བྱེད་པའི་ཆོ་ག་བཤད་དོ། །མདོར་བསྟན་ནི་བྱེད་རྒྱུ་དང་ཞེས་གསུངས་ཏེ་ལམ་མངོན་དུ་བྱེད་པའི་རྒྱུ་དབང་ཡིན་པས་དེ་འདི་ནས་རྒྱས་པར་བཤད་དོ། །མངོན་པར་རྟོགས་པ་ནི་ལམ་གྱི་གཞིའི་རིམ་པ་སྟོན་ཏེ། འདི་ལ་གསུམ། མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་རྣམ་པར་དག་པ་གསུངས་པ་དེ་མ་ཐག་པ་ནས། ཅི་ལྟར་དཀྱིལ་འཁོར་བྲི་བའི་རིམ་པ་ལ་སོགས་པ་དབང་བསྐུར་བའི་ཐབས་ཡང་དག་པར་བཤད་པར་བྱའོ་ཞེས་སོ། །གཞུང་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་ཞེས་པའི་ཚིག་གཉིས་ཏེ། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་གང་ཞིག་གིས། སློབ་མ་མཚན་ཉིད་དང་ལྡན་པ་ལ་དབང་བསྐུར་བར་བྱེད་པའི་ཆོ་ག་རབ་ཏུ་གསལ་བར་བཤད་པར་བྱའོ། །རྒྱས་བཤད་ལ་གསུམ། དབང་བསྐུར་བའི་སྔོན་དུ་བསྙེན་པ་དང་། གང་དུ་བསྐུར་བའི་གནས་དང་། བསྐུར་བའི་ཆོ་གའོ། །དང་པོ་ནི་འཁོར་ལོའི་ཞེས་པའི་ཚིག་རྐང་གཉིས་ཏེ། ཐོག་མར་རྡོ་རྗེ་སློབ་དཔོན་གྱིས་ཧེ་རུ་ཀའམ་བདག་མེད་མའི་དབང་གང་བསྐུར་བར་བྱེད་པའི་གཙོ་བོའི་བསྙེན་པ་ལ་བཟླས་པ་འབུམ་དང་། དཀྱིལ་འཁོར་ཅན་ཏེ་འཁོར་རྣམས་ལ་དེ་བཞིན་དུ་ཁྲི་ཕྲག་ཅིག་བཟླ་བའམ་ཡང་ན་མཚན་མ་མ་བྱུང་གི་བར་བཟླས་སོ། །གཉིས་པ་གནས་ནི། ཚལ་དང་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ཡང་ཚལ་དང་སྐྱེ་བོ་མེད་པའི་གནས་དབེན་པ་དང་། བྱང་ཆུབ་སེམས་དཔའི་ཁྱིམ་ནི་དེས་ཞབས་ཀྱིས་བཅགས་པའམ། སྔར་དཀྱིལ་འཁོར་བཞེངས་པའི་ཁང་པ་ལ་སོགས་པའི་ནང་དུ་དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས་པར་བྱའོ། །གསུམ་པ་དབང་གི་ཆོ་ག་ལ་གསུམ་སྟེ། ས་ཆོག་དང་། སྟ་གོན་དང་། དངོས་གཞིའོ། །དང་པོ་ལ་ལྔ་ལས། ས་བསླང་པའི་དོན་དུ་གཏོར་མ་ནི། གོང་གི་ཨ་སོགས་སྔགས་ཀྱིས་ནི། དེ་ལ་གཏོར་མ་རྣམ་པར་སྦྱིན་ཞེས་པས་ཨ་ཁ་རོའི་སྔགས་ཀྱིས་སའི་ལྷ་མོ་དང་གཞིའི་བདག་པོ་ལ་གཏོར་མ་བྱིན་ཏེ་མཆོད་ཅིང་བསྟོད་ལ་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །གཉིས་པས་སྦྱང་པ་ནི། དང་པོ་ལྷའི་བདག་ཉིད་ཀྱིས། རྣལ་འབྱོར་པས་ནི་ནོར་འཛིན་སྦྱང་ཞེས་པ་བདག་ཉིད་བསྐྱེད་པའི་རིམ་པ་དང་ལྡན་པས་ནོར་ཐམས་ཅད་འཛིན་པར་བྱེད་པའི་ས་གཞི་ལ་ལག་པས་རེག་སྟེ་སྙིང་པོ་ཅི་རིགས་པ་བརྗོད་ནས་དྲི་ཡི་ཆུས་གཏོར་ཏེ་ཉེས་པའི་སྐྱོན་རྣམས་དག་པར་བསམ་མོ། །གསུམ་པ་སྟེགས་བུའི་ཚད་ནི། དེ་ནས་དཀྱིལ་འཁོར་གྲུ་གསུམ་དང་། མཐེ་བོང་གསུམ་ནི་ལྷག་པར་བྱ་ཞེས་པ་སའི་ཉེས་སྐྱོན་བསལ་ཏེ་ཁྲུ་གསུམ་མཐེ་བོང་གསུམ་པའམ་འབྱོར་ན་ཁྲུ་སྟོང་གི་བར་དུ་དབུས་མཐོ་ཞིང་མཐའ་བགས་ཀྱིས་གཞོལ་བར་བྱའོ། །བཞི་པ་བསྲུང་ཞིང་བྱིན་གྱིས་བརླབ་པ་ནི། འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཞེས་པས། རྂ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་བོ། །དེ་ནི་དཀྱིལ་འཁོར་བྲི་བའི་གཞིར་གྱུར་པའོ། །ལྔ་པ་བདག་གིར་བྱ་བ་ནི། གོང་དུ་གསུངས་པའི་སྔགས་ཀྱིས་ནི། །མཁས་པས་འཛིན་མ་རྣམ་པར་སྦྱང་། །ཞེས་གསུངས་པས། རཀྵའི་སྔགས་ཀྱིས་སྦྱངས་ཏེ་བདག་དུ་གཟུང་བར་བསམ་མོ། །གཉིས་པ་སྟ་གོན་ལ་གསུམ་ལས། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ནོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ལ་ལྔ། ལུས་ངག་དག་པར་བྱས་ཏེ་ལྷ་བསྒོམ་པ་ནི། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་པས་བདུད་རྩི་ལྔས་ཁ་ལག་དག་པར་བྱས་ཏེ་རུས་པའི་རྒྱན་གྱིས་བརྒྱན་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་བསྐྱེད་རིམས་ཡན་ལག་དྲུག་ལྡན་དུ་བསྒོམ་མོ། །གླུས་བསྐུལ་བ་ནི། མཆོད་དང་གསོལ་བ་གདབ་པ་ཉིད་ཅེས་པ་ལས་བྱེད་པས་ལྷ་གྲོའི་ང་རྒྱལ་གྱིས་ཕྱོགས་བཞི་ནས་མཆོད་པ་དང་བསྟོད་པ་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་པ་ལ་སོགས་པའི་གསོལ་བ་གདབ་བོ། །རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་པ་ནི། རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནས། ཅེས་པ་ཞལ་ཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་མིག་དང་རྐང་པ་བྱིན་གྱིས་བརླབས་ནས། རྐང་པ་གཡས་པ་བརྐྱང་བྱས་ཏེ། ཕྱག་གཉིས་ཀྱེའི་རྡོ་རྗེར་སྦྱོར། །ཞེས་པས་དཀྱིལ་འཁོར་གྱི་དབུས་སུ་ལངས་ཏེ་བྱང་ཤར་གྱི་མཚམས་སུ་ཕྱིན་ནས་བགེགས་ལ་བཀའ་བསྒོ་བར་བྱའོ། །བགེགས་བསྐྲད་པ་དངོས་ནི། ཧཱུྃ་ཧཱུྃ་བསྙེམས་པར་བྱས་ནས་ནི། །ཧི་ཧི་རྣམ་པར་འཇིགས་བྱེད་བདག །ཅེས་པས། ཧེ་རུ་ཀ་དང་བདག་མེད་མའི་གར་གྱིས་བགེགས་བསྐྲད་དོ། །བསྲུང་འཁོར་ནི། བསྲུངས་པ་ཅི་ལྟར་གསུངས་པ་ཉིད་ཅེས་པས། ལྷའི་ལེའུ་འམ་གུར་ལས་བཤད་པ་ལྟ་བུའི་བསྲུང་འཁོར་བསྒོམ་སྟེ། འདི་རྣམས་ཀྱང་སའི་ཆོ་གའི་ལྷག་མ་ཡིན་ནོ་ཞེས་ཟེར་རོ། །སྟ་གོན་དངོས་ལ་གཉིས། དཀྱིལ་འཁོར་བསྒྲུབ་པ་དང་། སྙན་གསན་དབབ་པའོ། །དང་པོ་ནི། ཇི་ལྟར་བསམ་གཏན་དེ་བཞིན་འདིར་ཅེས་པས་དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུགས་ཏེ་དྲིའི་ཐིག་ལེ་ལྷ་གྲངས་དང་མཉམ་པ་བྱས་ལ་ཚོམ་བུ་བཀོད་ནས་ལྷ་བསྐྱེད་དེ་ཡན་ལག་དྲུག་ལྡན་དུ་རྫོགས་པར་བྱའོ། །སྙན་གསན་དབབ་པ་ནི། ཅི་ལྟར་བཤད་པ་དེ་བཞིན་འདིར་ཅེས་པ། གཉིས་མེད་ཡེ་ཤེས་ལས་བྱུང་བ་ལ་སོགས་པས་གསོལ་བ་གདབ་བོ། །དེ་དག་ནི་ལྷ་སྟ་གོན་ནོ། །བུམ་པ་སྟ་གོན་ནི་ཚིག་རྐང་ལྔས་བསྟན་ཏེ། དེ་ཡང་བུམ་པ་བརྒྱད་ལ་སོགས་པར་ལྡན་པ་ནི། ལྷ་གྲངས་དང་མཉམ་པའམ་ཡང་ན་རྣམ་རྒྱལ་དང་ལས་ཐམས་ཅད་པ་གཉིས་ལའང་རུང་སྟེ། དེ་ཡང་ཀུ་ཤ་ལ་སོགས་བརྒྱན་པ་ནི་འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་བྱའོ། །མགྲིན་པ་གོས་ཀྱིས་བཀབ་པ་ནི་ཁ་ཚར་མ་ཉམས་པའོ། །རིན་ཆེན་ལྔའི་ཡོངས་སུ་གཞུག་པ་ནི་བུམ་པའི་རྫས་རྣམས་དང་ཆུ་གཙང་མས་བཀང་སྟེ་ལེགས་པར་བཀོད་ནས་བུམ་པ་རྣམས་བསྐྱེད་ལ་བཟླས་པ་བྱའོ། །ལས་ཐམས་ཅད་པར་ནི་བདུད་རྩི་འཁྱིལ་པ་བསྐྱེད་དོ། །འགོད་ཚུལ་ཡང་རྣམ་པར་རྒྱལ་བ་ཤར་དུ་སྦྱིན་ཅེས་པ། རྣམ་རྒྱལ་ཤར། གཞན་རྣམས་ཅི་ལྟར་རིགས་པས་དགོད་དོ། །བདེ་མཆོག་ལས་ནི་སྒོ་དང་གྲའི་མཐའ་རུ་བརྒྱད། བུམ་པ་དགུ་པ་དབུས་སུ་གཞག ཞེས་སོ། །སྦྱིན་བསྲེག་སྟ་གོན་ནི་ལེའུ་འདིར་མ་གསུངས་ཀྱང་བརྟག་པ་འོག་མའི་ལེའུ་དང་པོར་ལས་གསུངས་པ་ལྟར་དུ་བྱའོ། །སློབ་མ་སྟ་གོན་ནི། དེར་ནི་ཞེས་པའི་ཚིག་རྐང་དྲུག་སྟེ་སྔོན་དུ་བར་ཆོད་ཞི་བའི་དོན་དུ་གཏོར་མ་གཅིག་གཏང་ནས་རིགས་ལྔ་ལས་བྱུང་བའི་རིག་མ་བཟང་མོ་སྔགས་སྐྱེས་མ་ལ་སོགས་པ་མཆོག་གམ་ཡང་ན་ཅི་ལྟར་གང་རྙེད་པ་བཅུ་དྲུག་ལོན་པ་ནི་སྟོང་པ་ཉིད་བཅུ་དྲུག་མཚོན་པ་ཅི་སྲིད་ཁུ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེ་སྲིད་ཕྱག་རྒྱར་བསྟེན་པར་བྱ་ཞེས་པ་སྟེ་འདི་ནི་ཕྱག་རྒྱ་གཙོ་བོར་བྱས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་ཡོལ་བའི་ཕྱི་རོལ་སློབ་མ་རྣམས་ཀྱིས་མཎྜྻལ་ཕུལ་ཏེ། བདག་གི་སྟོན་པ་དགའ་ཆེན་ཁྱོད་ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས། བུ་ཚུར་ཐེག་པ་ཆེན་པོ་ལ་སོགས་པས་སྤྲོ་བ་བསྐྱེད་ཅིང་། ཉན་པར་བསྐུལ་ནས་བྱུར་བསལ་ཞིང་སྡིག་པ་བཤགས་པ་ནས་སེམས་བསྐྱེད་པའི་བར་དུ་བྱས་ཏེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་སོ་ཤིང་དོར་བ་དང་། སྐྱོར་ཆུ་བླུད་པ་དང་། སྲུང་སྐུད་གདགས་པ་དང་། ཀུ་ཤའི་སྔས་སྟན་སྦྱིན་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་དེ། ཚོགས་དང་གཏོར་མ་བྱས་ནས་ཉལ་ཏེ་རྨི་ལམ་ངན་ན་ནང་པར་བཟློག་པའི་ཆོ་ག་བྱ་སྟེ། དེ་རྣམས་ནི་སློབ་མ་སྟ་གོན་ནོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་བདུན། དཀྱིལ་འཁོར་བྱ་བ། སློབ་དཔོན་བདག་འཇུག སློབ་མ་དཀྱིལ་འཁོར་དུ་འཇུག་པ། བུམ་པ་གསང་དབང་། ཤེས་རབ་ཡེ་ཤེས། དབང་བཞི་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བྲི་བ་དང་གནས་ཉེ་བར་བརྒྱན་པའི་སྒོ་ནས་བསྒྲུབ་པའོ། །དང་པོ་ལ་བཞི་ལས། ཐིག་ནི་རང་འདོད་ལ་སོགས་པའི་ཚིག་བཞི་སྟེ། ཧེ་རུ་ཀ་ལ་སོགས་པའི་རང་འདོད་ལྷའི་གཟུགས་ཀྱིས་གཞན་གྱིས་ལོངས་མ་སྤྱད་པའི་སར་པ་ལེགས་པར་བཀལ་བ་དང་། ཤིན་དུ་ཚད་མ་མཛེས་པ་ནི་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་སྤོམ་འཕྲ་སྒོའི་ཉི་ཤུ་ཆ་དང་ལྡན་པའི་སྲད་བུ་ཤེས་རབ་ཅན་གྱིས་གདབ་བོ། དེ་ཡང་ཆ་ཉི་ཤུའམ་བཅུ་དྲུག་ལ་སོགས་པ་ཅི་རིགས་པར་བྱའོ། །གཉིས་པ་ཚུལ་ཅི་ལྟར་བྲི་བ་ནི། སྟོན་པས་ཞེས་པའི་ཚིག་རྐང་བདུན་སྟེ། དེ་ཡང་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པས་དཀྱིལ་འཁོར་ནི་སྙིང་པོ་ལེན་པ་གྲུ་བཞི་ནི་ཆོས་ཀྱི་དབྱིངས་ཀུན་ནས་མི་མཉམ་པ་མེད་པ། བསྐལ་པའི་མེ་དཔུང་གི་འོད་འབར་བ་ཆེན་པོ། གྲུ་ནི་དབང་པོའི་སྒོ་བཞི་དག་པ། གཟི་བརྗིད་ཆེན་པོ་ནི་གཞན་གྱིས་ཟིལ་གྱིས་མི་ནོན་པ། དོ་ཤལ་དང་དོ་ཤལ་ཕྱེད་པའི་དྲ་བས་བརྒྱན་པ། རྔ་ཡབ་དར་དཔྱངས་ཉི་ཤུ་རྩ་བཞིས་མཛེས་པ། ཀ་བ་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེའི་སྲད་བུས་དབུས་ཀྱི་པད་མ་བསྐོར་བ། དེ་ལྟ་བུའི་ཐིག་སྟ་གོན་གྱི་ལྷ་ནམ་མཁའ་ལ་བཏེག་ཅིང་། དང་པོར་ཡེ་ཤེས་ཀྱི་ཐིག་དང་། དེའི་འོག་ཏུ་ལས་ཀྱི་ཐིག་བཏབ་སྟེ་བྲི་བར་བྱའོ། །རྡུལ་ཚོན་ཡང་། རྡུལ་ཚོན་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡུལ་ཚོན་དམ་པའི་ཚོན་ནི་སྔར་གསུངས་པའི་དུར་ཁྲོད་ཀྱི་རྫས་ཀྱིས་སོ། །ཡང་ན་འབྲིང་པོ་ནི་རིན་པོ་ཆེ་ལྔའི་ཕྱེ་མ་སྟེ་ཨིནྜ་ནི་ལ་ལ་སོགས་པའོ། །དེ་མ་འབྱོར་ན་འབྲས་ལ་སོགས་པ་ཁ་དོག་བསྒྱུར་བས་བྱའོ། །ཕྱག་མཚན་དགོད་པ་ནི། འཕར་མ་གཉིས་བཟང་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་དབུས་སུ་པད་མ་ཉིས་འགྱུར་ནི་བདག་མེད་མ་ཡི་དཀྱིལ་འཁོར་ཡིན་པས་དབུས་སུ་ཡང་གྲི་གུག དེ་བཞིན་དུ་ཤར་ལྷོ་ནུབ་བྱང་དང་མཚམས་རྣམས་སུ་ཡང་གྲི་གུག་བཀོད་ལ་དེ་བཞིན་དུ་སྟེང་དང་འོག་གི་གྲི་གུག་གཉིས་ནི་ཤར་སྒོ་དང་ནུབ་སྒོར་དགོད་དོ། །ཧེ་རུ་ཀའི་དཀྱིལ་འཁོར་ནི་འདབ་བརྒྱད་རྐྱང་པ་སྟེ་དབུས་སུ་ཐོད་པ་དང་རྡོ་རྗེ། གཞན་བརྒྱད་པོ་ལྷ་མོ་བརྒྱད་པོའི་ཕྱག་མཚན་དགོད་པ་ཡིན་ནོ། །གནས་ཉེ་བར་བརྒྱན་པའི་སྒོ་ནས་བསྒྲུབ་པ་ནི། མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་མར་མེ་དེ་བཞིན་དྲི། །ཞེས་པ་དཀྱིལ་འཁོར་ཅི་འབྱོར་བའི་མཆོད་པས་བསྐོར་ཏེ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་བདག་ཉིད་བསྐྱེད་པའི་རིམ་པ་བསྒོམས་ནས། དེ་ནས་དཀྱིལ་འཁོར་བསྐྱེད་དེ་མཆོད་དེ་མཆོད་བསྟོད་ཅི་རིགས་པ་བྱའོ། །དེ་དག་ནི་དཀྱིལ་འཁོར་གྱི་བྱ་བའོ། །སློབ་དཔོན་བདག་འཇུག་ནི། སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད་ཅེས་པས། བདག་ཉིད་སློབ་མ་ལ་དབང་ཅི་ཚོད་བསྐུར་བ་དེ་ཆོ་ག་ཅི་རིགས་པས་བླངས་པའམ་ཡང་ན་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར་ཞེས་པའི་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམས་ཀྱང་རུང་ངོ་ཞེས་ཀྱང་གསུང་ངོ་། །སློབ་མ་དཀྱིལ་འཁོར་དུ་གཞུག་པ་ནི། ཕྱག་རྒྱ་ཡི་གདོང་ཡང་བཅིང་པ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །ཞེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གཞུག་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའོ། །དང་པོ་ནི། ཁྲུས་བྱས་ནས་གདོང་གཡོགས་ཏེ་མཎྜྻལ་ཕུལ་ལ་གསོལ་བ་བཏབ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་སྒོ་བཞི་ནས་ཕྱག་བྱས་ལ་སྡིག་པ་བཤགས་པ་ལ་སོགས་པ་བདུན་རྣམ་དག་བྱ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་ཕོག་ནས་རིགས་ལྔའི་སྡོམ་པ་བྱིན་ཏེ། དོན་དམ་པའི་སེམས་བསྐྱེད་ཅིང་དཔལ་ཧེ་རུ་ཀའི་ཕན་ཡོན་དང་ཉེས་དམིགས་ཀྱི་སྒོ་ནས་དམ་ཚིག་བསྒྲག་པ་དང་། དམ་ཆུ་བླུད་ཅིང་། རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་བསྒྲགས་པར་བྱའོ། །ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི། གསོལ་བ་བཏབ་ཅིང་ཡེ་ཤེས་ཕབ་ནས་བརྟན་པར་བྱ་སྟེ་སྣང་བ་བཏགས་ནས་མེ་ཏོག་དོར་ཞིང་སྤྱན་ཕྱེ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །འདི་རྣམས་ནི་འཇུག་པའི་ཆོ་གའོ། །བུམ་དབང་ནི། གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཅེས་པ་ཐོག་མར་དབང་བསྐུར་བར་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བུམ་པའི་དབང་བསྐུར་བར་བྱ་སྟེ། ཐོག་མར་ཏིང་ངེ་འཛིན་དང་ལྡན་པས་དབང་བསྐུར་བ་ནི་རྡོ་རྗེ་ཆེ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་ཆུའི་དབང་བསྐུར་རོ། །དེ་ནས་ཛྷ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ་ལ་སོགས་པས་བསྐུར་རོ། །དེ་ནས་ཨྂ་ལས་བྱུང་བ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་། སངས་རྒྱས་ཀུན་གྱི་ལ་སོགས་པའི་ཚིགས་སུ་བཅད་པ་དང་བཅས་པས་བསྐུར་རོ། །དེ་ནས་ཁྂ་ལས་བྱུང་པའི་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་། ཨ་ཏི་པ་ཏི་ལ་སོགས་པས་བསྐུར་རོ། །དེ་ནས་བྷྲུྂ་ལས་བྱུང་བ་སྣང་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་ཨ་བི་ཤེ་ཀ་ཏ་ལ་སོགས་པས་བསྐུར་རོ། །འདི་ནི་རིག་པའི་དབང་ལྔའོ། །དེ་ནས་རྡོ་རྗེ་བརཏལ་ཞུགས་ཀྱི་དབང་གཉིས་དང་། སྔགས་ཀྱི་རྗེས་གནང་ཡང་བྱིན་ནས། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ་དམ་ཚིག་རྣམ་པ་གསུམ་དང་དངོས་གཞི་རྡོ་རྗེ་རབ་གནས་རྡོ་རྗེ་ཉིད་ལ་སོགས་པས་དབང་བསྐུར་ཏེ་རྗེས་སུ་གནང་བ་རྣམས་ཀྱང་སྦྱིན་པར་བྱའོ། །བླ་མ་རྣམས་ཀྱི་བཞེད་པས་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་རྣམས་ཀྱང་འདིར་བྱའོ་ཞེས་གསུངས་སོ། །འདིས་ལུས་ཕུང་པོ་ལྔར་འཛིན་གྱི་དྲི་མ་འཁྲུད་ཅིང་། རིགས་ལྔ་བསྒོམ་པའི་སྐལ་བ་ཅན་དུ་བྱེད་པས། བུམ་པའི་དབང་ངོ་། །གསང་དབང་ནི། བསྟེན་པ་ལས་ནི་གང་བྱུང་པ། སློབ་མའི་ཁར་ནི་བཏུང་བར་བྱ། །ཞེས་པས་དེ་ཡང་ནམ་ཕྱེད་ཀྱི་དུས་སུ་ལྷོ་ཕྱོགས་ནས་གསང་བའི་དབང་བསྐུར་བ་ནི། མཆོད་པ་དང་གསོལ་བ་བཏབ་པ་སྔོན་དུ་འགྲོ་བས་མེ་ཏོག་དོར་བ་ལ་སོགས་པ་ཡང་བྱས་སྟེ། ལུས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་བསྟེན་པ་ནི་ལས་ཀྱི་ཕྱག་རྒྱའམ་ཏིང་ངེ་འཛིན་ལས་བྱུང་བའང་རུང་སྟེ་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། ཅི་ལྟར་འདས་པའི་སངས་རྒྱས་ལ་སོགས་པའི་ཚིགས་སུ་བཅད་པས་གསང་བའི་དབང་སྦྱིན་པར་བྱའོ། །འདིས་ནི་ངག་གི་དྲི་མ་འཁྲུད་ཅིང་རླུང་རྡོ་རྗེའི་བཟླས་པ་བསྒོམ་པའི་སྐལ་བ་ཅན་དུ་བྱེད་དོ། །ཐེག་པ་འོག་མ་པ་ལ་གསང་བས་གསང་དབང་ཞེས་བྱའོ། །ཤེས་རབ་ཡེ་ཤེས་ལ་དྲུག་ལས། དབང་གསུམ་པའི་རྟེན་ནི། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་པས། ཐོ་རངས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བྱང་ཆུབ་སེམས་ཀྱི་མཎྜྻལ་ལ་བརྟེན་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བརྟག་པ་འོག་མའི་ལེའུ་གསུམ་པ་ལས་བྱུང་བ་བཞིན་མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་རྣམས་བྱས་ཏེ། སློབ་དཔོན་གྱིས་ཕྱག་རྒྱ་གཏད་པའི་ཚིགས་སུ་བཅད་པ་བརྗོད་ནས་ཐབས་ཤེས་རབ་གཉིས་སུ་མེད་པའི་སྙོམས་འཇུག་ལས་བྱུང་བའི་ཡེ་ཤེས་རོ་མཉམ་པ་དེ་ཉིད་སློབ་མའི་སྤྱོད་ཡུལ་ཉིད་དུ་བྱའོ། །དེ་ཉིད་ལ་ཞེས་བྱ་བ་ནི་རླུང་འགོག་པ་ལ་སོགས་པའི་བྱ་བ་ཡང་བརྗོད་དོ། །གཉིས་པ་ཉམས་མྱོང་དངོས་ནི། རང་རིག་ཞེས་པའི་ཚིག་རྐང་དྲུག་སྟེ། དབང་གི་ཡེ་ཤེས་སོ་སོ་རང་གིས་རིག་པས་ན་རང་རིག དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་ན་ཡེ་ཤེས། རང་རིག་དང་གཞན་རིག་གི་ཆ་རྣམ་པར་སྤངས་པ་ནམ་མཁའ་དང་མཉམ་པའི་དོན་ཉོན་མོངས་པའི་རྡུལ་དང་བྲལ་བའི་སྟོང་པ་ཉིད། དངོས་པོ་སྲིད་པ་དང་དངོས་མེད་མྱ་ངན་ལས་འདས་པའི་བདག་ཉིད་མཆོག་གི་ཡེ་ཤེས་ཐབས་དང་ཤེས་རབ་དབྱེར་མེད་པ་ཤིན་དུ་འདྲེས་པ་ཆགས་པ་བདེ་བ་དང་ཆགས་བྲལ་སྟོང་པ་རྣམ་པར་འདྲེས་པས་དབྱེར་མི་ཕྱེད་པའི་བདག་ཉིད་དོ། །གསུམ་པ་དེས་ཐམས་ཅད་ལ་ཁྱབ་པའི་ཚུལ་ནི། དེ་ཉིད་ཞེས་པའི་ཚིག་རྐང་བཅུ་གསུམ་སྟེ། དབང་གི་ཡེ་ཤེས་དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ནི་སྙིང་པོའམ་བཅུད་ལྟ་བུའོ། །དབང་གི་ཡེ་ཤེས་དེ་ཉིད་ཡི་གེ་ནི་ཨ་ཀཱ་ར་ཅེས་པས་མི་འགྱུར་བས་ན་ཡི་གེའོ། །དམ་པ་ནི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་སོ། །དེ་ཉིད་འགྲོ་བ་དྲུག་པོ་ཀུན་གྱི་བདག་ཉིད་དེ། དེ་ཉིད་ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཁྱབ་པའོ། །དེ་གང་ན་གནས་ན་ཐམས་ཅད་ཀྱི་ལུས་ལ་རྣམ་པར་གནས་པ་ནི། མེའི་ཚ་བ་བཞིན་དུ་རང་བཞིན་དུ་གནས་པའོ། །མ་རྟོགས་ན་དངོས་པོ་འཁོར་བ། རྟོགས་ན་དངོས་མེད་མྱ་ངན་ལས་འདས་པ་ཐམས་ཅད་དེ་ལས་བྱུང་། གཞན་ནི་དབང་པོ་དྲུག་གང་ནི་སྣོད་ཀྱི་འཇིག་རྟེན། དེ་རྣམས་ནི་བཅུད་ཀྱི་སེམས་ཅན་ནོ། །དེ་ཐམས་ཅད་རྣམ་པར་ཤེས་པ་ནི་དོན་དམ་པ་སོ་སོ་རང་གིས་རིག་པའོ། །ཀུན་གྱི་ཚུལ་ནི་དེའི་བདག་ཉིད་དོ། །དེར་མ་ཟད་གྲུབ་མཐའ་ཐམས་ཅད་ཀྱི་གདགས་གཞི་ཡིན་པར་སྟོན་པ་སྐྱེས་བུ་དང་སྔོན་རབས་དབང་ཕྱུག་དང་། བདག་དང་། གསོ་བ་དང་། སེམས་ཅན་དང་། དུས་དང་གང་ཟག་ལ་སོགས་པ་དངོས་པོ་ཀུན་གྱི་རང་བཞིན་ལྷན་ཅིག་སྐྱེས་པ་སྒྱུ་མ་ལྟ་བུའི་གཟུགས་སུ་ཡང་དག་པར་གནས་སོ། །བཞི་པ་རྒྱུད་ལ་སྐྱེ་བའི་རིམ་པ་ནི། དང་པོར་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ཡང་དགའ་བ་བཞི་ཡི་དང་པོ་ཡིན་པས་ན་དང་པོ། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་སུ་དགའ་བ་ནི་ཅི་སྲིད་བདེ་བ་ཚོལ་བའི་རྣམ་རྟོག་དང་ནི་མ་བྲལ་བདེ་བའི་ཉམས་མྱོང་ཡོད་པའོ། །མཆོག་དགའ་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་དུས་སུ། བདེ་བ་ལ་ཞེན་པའི་རྣམ་རྟོག་ནི་ཡོད་ལ་དེའི་དུས་ཀྱི་ཁ་ནང་བལྟས་ཀྱི་དུས་སུ་ཉམས་སུ་མྱོང་བའོ། །གསུམ་པ་ལ་ནི་ཅེས་པ་སྐྱེ་བའི་བཞི་པ་བཤད་པའི་གསུམ་པའོ། །དགའ་བྲལ་ནི་བདེ་བའི་ཉམས་མྱོང་ཡོད་ལ་སྔར་གྱི་དོན་ལ་འཇལ་རྟོག་དཔྱོད་པའི་དུས་ཀྱི་བདེ་བ་མྱོང་བའོ་ཞེས་ཟེར། སྐྱེ་བའི་གསུམ་པ་བཤད་པའི་བཞི་པ་ཡིན་པས་ན་བཞི་པ་ལྷན་ཅིག་སྐྱེས་པ་ནི། དགའ་བྲལ་གྱི་གོང་དུ་ཁ་ཕྱིར་ལྟས་ཀྱི་རྟོག་པ་ཐམས་ཅད་ནུབ་པའི་བདེ་བ་ཉམས་སུ་མྱོང་བའོ། །འོ་ན་གོ་རིམ་དེ་ལྟར་འཆད་པ་ཅི། རྟོགས་ཕྱོགས་གཅིག་དུ་བཤད་པའམ། སློབ་དཔོན་གདུག་པ་ཅན་བླ་མ་མེད་པར་རང་དགར་འཇུག་པ་རྣམས་མགོ་རྨོངས་པར་བྱ་བའི་ཕྱིར་རམ་རང་བྱིན་གྱིས་བརླབ་པ་ལ་ཆགས་ཅན་གྱིས་དབང་གསུམ་པ་ལམ་དུ་སློང་བའི་དུས་སུ་གོ་རིམ་དེ་ལྟར་སྐྱེ་བ་ཡང་སྲིད་པས་སོ། །ལྔ་པ་ཐེ་ཚོམ་སྐྱེས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ཚིག་རྐང་དགུ་སྟེ། འདི་ལ་ཡང་སྒྲ་ཇི་བཞིན་དུ་ནི་སྔོན་བྱུང་གི་དུས་སུ་དེ་བཞིན་གཤེགས་པའི་རིགས་སུ་གྱུར་པ་རྡོ་རྗེ་བཙུན་མོ་རྣམས་དང་། སྙིང་རྗེ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཀུན་དོན་ལ་མཁས་པས་རྟོག་བཅས་ཀྱི་དགའ་བ་ལས་རྟོག་མེད་ཀྱི་དགའ་བ་སྐྱེ་བའི་གསུང་དེ་ངེས་པར་ཐོས་ན་མཆོག་ཏུ་ངོ་མཚར་དུ་གྱུར་ཞིང་། རྟོག་པ་ནུབ་པས་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ལྟར་གྱུར་པའི་དོན། དང་པོ་ནི་དགའ་བར་འགྲོ་བའི་གཟུགས་ཙམ་ཡིན་ལ། དེ་བཞིན་དུ་གཉིས་པ་ནི་མཆོག་དགར་འགྲོ་བ་ཉིད་དེ། དགའ་བྲལ་ནི་དགའ་བ་ལ་རྟོག་ཅིང་དཔྱོད་པར་བྱེད་པ་ཉིད་ཡིན་ན། གསུམ་པོ་འདི་ནི་རྟོག་པ་དང་བཅས་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དོན་མེད་ན། ཅིའི་ཕྱིར་རྟོག་པ་འདི་དག་ལས་རྟོག་པ་མེད་པར་གསུང་སྙམ་པའོ། །ངེས་པའི་དོན་དུ་ནི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པའི་རིམ་པ་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ཀྱི་རྣམ་རྟོག་རྣམས་དེ་བཞིན་གཤེགས་པ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་ཡིན་ལ། མཆོག་ཏུ་ངོ་མཚར་དུ་གྱུར་པ་ནི་དགའ་བ་སྟེ་འདོད་ཆགས། བརྒྱལ་བ་ནི་མཆོག་དགའ་སྟེ་གཏི་མུག འགྱེལ་བ་ནི་དགའ་བྲལ་ཏེ་ཞེ་སྡང་། དེ་གསུམ་ནི་ཉོན་མོངས་པ་དང་བཅས་པས་ལྷན་ཅིག་སྐྱེས་པ་མ་ཡིན་ལ། རྟོག་པ་གསུམ་པོ་འདི་ལས་རྟོག་པ་བྲལ་བ་མེད་དོ་ཞེས་བྱའོ། །དྲུག་པ་དེ་བསལ་བ་ནི། བཅོམ་ལྡན་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། སྔར་གསུངས་པའི་ཐེ་ཙོམ་དེ་བསལ་བའི་ཕྱིར། སངས་རྒྱས་ཀུན་གྱི་སྐུ་གཅིག་དུ་འདུས་པ་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ཡིས་བཀའ་སྩལ་པ། རྡོ་རྗེ་སྙིང་པོ་ཞེས་བོས་ནས། རྗེས་སུ་འཇུག་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ལྷན་སྐྱེས་གང་དུ་སྐྱེ་བའི་ཐེ་ཚོམ་ལེགས་པར་སེལ་བ་ནི། དོན་ལ་མཆོག་དགའི་འདོད་ཆགས་མེད་ཅིང་། ཆགས་བྲལ་ཡང་མེད་དེ་དབུ་མ་དགའ་བ་ཙམ་དུའང་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར་གཅིག་སྐྱེས་པའི་དགའ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་དོ། །གནས་ལུགས་དེ་ཉིད་ཡང་ན་བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད། ཡང་ན་གཟུང་འཛིན་ཀུན་གྱིས་རྣམ་པར་སྤངས་པ་སྟེ་འོན་ཀྱང་མཚོན་བྱེད་ཀྱི་དབང་དུ་བྱས་ནས་དགའ་བྲལ་གྱི་དང་པོར་རྟོག་བྲལ་མ་འཁྲུལ་བའི་ངོ་བོར་མཚོན་ཏེ་དགའ་བ་གསུམ་པོ་ནི་རྣམ་པར་སྤངས་པ་ཡིན་ནོ། །དབང་བཞི་པ་ལ་ལྔ་སྟེ། ཚིག་དོན་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་རྟགས། འབྱུང་བ་ལས་སྐྱེས་པ་དཔེའི་ཡེ་ཤེས་སུ་བསྟན་པ། ལྷན་ཅིག་སྐྱེས་པའི་ངེས་ཚིག དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །དང་པོ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། མདོར་བསྟན་ནི་ཕྱི་ནས་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་གསུམ་པའི་དོན་དེ་ཉིད་ངོ་སྤྲད་པའི་ཕྱིར་རམ། ཡང་ན་ངོ་སྤྲད་ཅིང་བསྒོམས་པ་ལས་འབྱུང་བའི་ཕྱིར། ཕྱི་ནས་དེ་ཁོ་ན་ཉིད་ཡང་དག་པར་བཤད་དེ། རྣམ་པར་དག་པའི་ཡེ་ཤེས་དེ་ཉིད་རྟོག་པ་མེད་པའི་གཟུགས་ཅན་དང་འཁོར་བར་རྣམ་པར་རྟོག་པའི་ཁྱད་པར་ཅུང་ཟད་ཀྱང་མི་དམིགས་པས་ཡོད་པ་མ་ཡིན་ནོ། །དེའི་རྒྱས་བཤད་ནི། མཆོག་དགའ་ཞེས་པའི་ཚིགས་བཅད་གཉིས་ཏེ། འཁོར་འདས་དམིགས་སུ་མེད་པ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་དགའ་བ་ཆེན་པོ་ནི་དམིགས་པ་ལས་འདས་པ་བསྒོམ་པར་བྱ་བ་མེད་ཅིང་བསྒོམ་པ་པོའང་དམིགས་སུ་མེད་དོ། །དེའི་རྒྱུ་མཚན་ཡང་། དོན་ལ་ལུས་ཀྱང་མེད་ཅིང་གཟུང་བ་དང་འཛིན་པའང་མེད་པས་སོ། །ལུས་མེད་པ་གང་གི་ཕྱིར་ཞེ་ན། ཤ་དང་ཁྲག་དང་། གཤང་བ་དང་ལྕི་བ་ཡང་མེད་ཅིང་། དེ་བཞིན་དུ་སྐྱུག་བྲོ་བ་དང་། རྨོངས་པ་དང་། གཙང་སྦྲ་དང་མཆོད་ཕྱིར་ཐོགས་ཀྱང་མེད་པར་འགྱུར་ཏེ་ཡུལ་ཡུལ་ཅན་ཐམས་ཅད་བདེན་པར་མ་གྲུབ་པའི་ཕྱིར་རོ། །དེས་ན་ཆགས་པ་དང་སྡང་བ་དང་། རྨོངས་པ་དང་། ཕྲག་དོག་དང་། སེར་སྣ་དང་ང་རྒྱལ་ཐམས་ཅད་མེད་པར་འགྱུར་ཏེ། ཉོན་མོངས་པ་ཐམས་ཅད་ལས་འདས་པས་སོ། །དོན་དེ་ལ་ནི་མཐོང་བར་བྱ་བ་དང་། བསྒོམ་པར་བྱ་བ་དང་བསྒོམ་པ་པོ་དང་། བཤེས་དང་དགྲ་ལ་སོགས་པའི་ཚུལ་ཐམས་ཅད་མེད་དེ་རྣམ་པར་རྟོག་པའི་རློམ་སེམས་མེད་ཅིང་། སྤྲོས་པ་དང་བྲལ་བའི་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་སྣ་ཚོགས་ཉིད་དོ། །འདི་ནི་དོན་དམ་པ་ཉིད་དེ། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མི་ཤིགས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་ཞེས་སོ། །མངོན་དུ་གྱུར་པའི་རྟགས་ནི། དང་པོར་སྤྲིན་དང་འདྲ་བ་ཞེས་པའི་ཚིག་རྐང་དྲུག་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བཞེད། རྟོགས་པར་གྱུར་པ་ལས་ཐོག་མར་སྣང་བ་ཐམས་ཅད་སྤྲིན་དང་འདྲ་བ་མི་རྟག་ཅིང་བདེན་པ་མེད་པར་རྟོགས་པ་དང་། དེ་ལས་བརྟན་པར་གྲུབ་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པར་བརྗོད་དེ་མཉམ་གཞག་དང་རྗེས་ཐོབ་མེད་པར་རྨི་ལམ་གྱི་རྣམ་པ་སད་པ་ན་མི་བདེན་པ་བཞིན་དུ། རྟག་ཏུ་རྨི་ལམ་དང་འདྲ་བར་མངོན་དུ་འགྱུར་ཏེ་འདི་ནི་དངོས་གྲུབ་ཀྱི་མཚན་ཉིད་འཁོར་འདས་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་པ་ཡིས་གྲུབ་པའི་རྟགས་ཡིན་ནོ། །འབྱུང་བ་ལས་སྐྱེས་པ་དཔེའི་ཡེ་ཤེས་སུ་བསྟན་པ་ལ་གསུམ་ལས། དང་པོ་ཞུས་ལན་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ནི། རྡོ་རྗེ་སྙིང་པོས་ཞེས་པ་ནས་རྣམ་པར་གནས་ཞེས་པའི་བར་སྟེ། དེ་ལྟར་སྤྲོས་པ་དང་བྲལ་བའི་དོན་དེ་ལ་ཐབས་རྟེན་འབྲེལ་དུ་སྣང་བ་འདི་དག་ཅི་ལྟར་ཡིན་པ་དྲི་བར་འདོད་ནས། རྡོ་རྗེའི་སྙིང་པོས་འདི་སྐད་གསོལ་ཏོ། །བཟོད་མ་ནས་རང་བཞིན་མེད་པའི་ལུས་ཀྱི་རང་བཞིན་རྣམ་པར་དག་ན་ཅིའི་སླད་དུ་སེམས་འབྱུང་བ་ཆེན་པོ་དང་ལྷན་ཅིག་པའི་བདག་ཉིད་དུ་འགྱུར་བ་ལགས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་མཁའ་འགྲོ་བདག་མེད་མ་ལ་བདེ་བ་སྦྱིན་པས་དོན་གསུངས་པ། རྣམ་པར་རྟོག་པའི་རློམ་སེམས་མེད་པའི་རང་བཞིན་སེམས་ལྷན་ཅིག་སྐྱེས་པའི་བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་ལུས་དང་དབྱེར་མེད་དུ་གནས་སོ་ཞེས་གསུངས་སོ། །གཉིས་པ་ཞུས་ལན་གྱིས་ལུས་གྲུབ་ཚུལ་ནི། ཀྱེ་བཅོམ་ལྡན་འདས་ཞེས་པ་ནས་ཡོངས་སུ་བསྐོར་ཞེས་པའི་བར་ཏེ་ལྷན་ཅིག་སྐྱེས་པ་གང་ལ་གནས་པའི་ལུས་དེ་མ་རྟོགས་པས་ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་ལུས་འབྱུང་བ་ཆེན་པོ་འདུས་པའི་ཕུང་པོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡང་ཐོག་མར་ལུས་འགྲུབ་པའི་ཚེ་ཐབས་ཤེས་རབ་ཀྱི་བྷོ་ལ་དང་ཀ་ཀོ་ལ་སྦྱོར་བ་ལས། ཐོག་མར་རེག་པ་སྲ་བ་ཉམས་སུ་མྱོང་བ་ནི་ཆོས་ཉིད་ཡིན་ལ། ལུས་ཀྱི་སའི་ཁམས་ནི་དེ་ལས་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་ལས་ལུས་ཀྱི་ཁམས་ནི་འབྱུང་བར་འགྱུར་རོ། །བསྐྱོད་པ་ལས་ནི་དྲོ་བའི་ཁམས་རྣམ་པར་སྐྱེ་སྟེ་མེ་གྲུབ་བོ། །གཡོ་བ་ནི་རླུང་དུ་གྲགས་པས་རླུང་གི་ཁམས་སུ་འགྱུར་རོ། །བདེ་བ་ནི་ནམ་མཁའི་ཁམས་ཏེ་དེ་ལྟར་ལྔ་པོ་རྣམས་ཀྱིས་རྣམ་པར་ཤེས་པ་ཡོངས་སུ་བསྐོར་བའི་ཕྱིར་ལུས་དང་སེམས་ཀྱི་ཚོགས་པ་མངོན་པར་འགྲུབ་སྟེ། འདི་ཡི་རིམ་པས་སྦྱང་གཞི་དང་སྦྱོང་བྱེད་དུ་འགྱུར་རོ། །དེ་ལས་བྱུང་བའི་ཡེ་ཤེས་དཔེར་བསྟན་པ་ནི། གང་གི་ཕྱིར་ཞེས་པའི་ཚིག་གཉིས་ཏེ། འོ་ན་རྒྱུ་མཚན་གང་གི་ཕྱིར་འབྱུང་བ་ཆེན་པོ་ལས་སྐྱེས་པའི་བདེ་བ་དེ་ཉིད་ལྷན་ཅིག་སྐྱེས་པ་ཡིན་ནམ་ཞེ་ན། འདི་ནི་ཀུན་རྫོབ་ལུས་ལས་བྱུང་བའི་བདེ་བ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་ནོ། །འདི་ནི་ས་ར་ཧ་པས་ཀྱང་། མ་ལུས་རང་བཞིན་གང་གིས་མི་ཤེས་པར། །ཀུན་ཏུ་རུའི་སྐབས་སུ་བདེན་ཆེན་བསྒྲུབ་པ་ནི། །ཅི་ལྟར་སྐོམ་པས་མིག་རྒྱུ་སྙག་པ་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་ངེས་ཚིག་ནི། ལྷན་ཅིག་སྐྱེས་ཞེས་པའི་ཚིགས་བཅད་གཉིས་ཏེ། དོན་དམ་ལྷན་ཅིག་སྐྱེས་པ་དེ་ནི་གཉུག་མའི་གཤིས་ལས། གང་སྐྱེས་པའི་ངོ་བོ་དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་པར་བྱ་སྟེ། ཐོག་མ་ནས་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པས་སོ། །དོན་དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་སྡོམ་པ་དེ་ཉིད་དུ་གཅིག་ཅིང་ཕྱག་རྒྱ་གསུམ་པོའི་རྒྱུ་དང་རྣམ་པར་བྲལ་བ་ལས་རྣལ་འབྱོར་ཅན་གྱི་རྒྱུ་ལ་ཐབས་སྙིང་རྗེ་ཆེན་པོར་གྱུར་པ་དང་། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་དུ་གྱུར་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི། སྔགས་ཀྱིས་བཟླས་མེད་ཞེས་པའི་ཚིག་རྐང་པ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ། ཨཥྚ་ལ་སོགས་པའི་སྔགས་ཀྱི་བཟླས་པ་མེད་ཅིང་དོན་ཡོད་ཞགས་པ་ལྟ་བུའི་དཀའ་ཐུབ་དང་། སྦྱིན་བསྲེག་ལ་སོགས་པ་ཡང་མེད་དོ། །དེ་བཞིན་དུ་དཀྱིལ་འཁོར་ཅན་ཡང་མེད་ཅིང་དབྱིབས་ཀྱི་དཀྱིལ་འཁོར་ཡང་ནི་མེད་དོ། །དེ་ཅིའི་ཕྱིར་ན་གཞན་དུ་གྲུབ་པ་མེད་པའི་ཕྱིར་རོ། །ངོ་བོ་དེ་ཉིད་ལ་སྔགས་ཀྱི་བཟླས་པ་དང་དཀའ་ཐུབ་དང་སྦྱིན་བསྲེག་དང་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད་ཀྱང་ཡོངས་སུ་རྫོགས་ཏེ། མདོར་བསྡུས་ན་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་རྣམས་ནི་སེམས་འདུས་པའི་སྒྲོ་བཏགས་པའི་གཟུགས་ཅན་ནོ། །དེ་ལྟར་བསྟན་པའི་དབང་འདི་རྣམས་ནང་གི་དོན་དུ་སྦྱར་བ་ཡོད་མོད་ཀྱིས། ཡི་གེ་མང་གིས་དོགས་པའི་ཕྱིར་མ་བྲིས་སོ། །ལེའུ་ཡི་མཚན་ནི། རྒྱུད་སྨིན་པར་བྱེད་པའི་དབང་བསྟན་པ་སྟེ་བཅུ་པའོ། །ལྟ་སྟངས་ཀྱི་ལེའུ་འདིའི་བརྗོད་པར་བྱ་བ་ནི། རྫོགས་རིམས་ཀྱི་ཡན་ལག་སྟེ་རྗོད་བྱེད་ནི་དེ་ཉིད་ཀྱི་ངག་གིས་སྟོན་ཏོ། །འབྲེལ་ནི་གནས་སྐབས་ཀྱི་འབྲས་བུ་རྣམས་ཀྱང་དབང་བསྐུར་བ་ཚུལ་བཞིན་དུ་ཐོབ་པ་ལས་འབྱུང་བར་བསྟན་ལ། མདོར་བསྟན་ནི་ལེའུ་དང་པོར། ལྟ་སྟངས་འགུག་དང་ཞེས་པ་འདིར་རྒྱས་པར་བཤད་པའོ། །མངོན་པར་རྟོགས་པ་ལ་ནི་རྫོགས་རིམས་ཀྱི་ཡན་ལག་དུ་འགྱུར་རོ། །འདི་ལ་གཉིས་ཏེ། གཞུང་དངོས་དང་། རྫོགས་པར་བསྟན་པའོ། །དང་པོ་ལ་གསུམ། ལྟ་སྟངས་དང་། བཟའ་བ་དང་། ཀུ་རུ་ཀུ་ལེའི་རྣལ་འབྱོར་རོ། །དང་པོ་ལ་ལྔ་ལས། ལྟ་སྟངས་སོ་སོའི་ངོ་བོ་ནི། མཉམ་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ཅིང་རླུང་སྦྱངས་པའི་རྣལ་འབྱོར་ཅན་གྱིས་ལྟ་སྟངས་བྱེད་པ་དེའི་ཚེ་མིག་གཉིས་མཉམ་པར་ཡིད་མ་རུངས་པའི་སེམས་ཀྱིས་དཔྲལ་བར་བལྟ་སྟེ་ས་ལ་ཕབ་ན་རྟག་ཏུ་ལྷུང་པར་བྱེད་པའི་ལྟ་སྟངས་སུ་བརྗོད་དོ། །དབང་གི་བལྟ་སྟངས་ནི་མིག་གཉིས་གཡོན་ཕྱོགས་སུ་བསྒྱུར་ནས་གཡོན་པ་ནས་གཟུགས་བརྙན་འདྲེན་པ་ལྟར་དུ་མིག་གཉིས་བདུན་དུ་བསྡུད་པའོ། །བཅུད་ལ་སོགས་པ་འགུག་པར་འདོད་པས་གཡས་པའི་ཆ་ལ་བལྟས་ཏེ། སྟེང་ནས་བསྒྱུར་ལ་གཟུགས་བརྙན་གྱི་ཚུལ་དུ་འགུག་གོ །རེངས་པའི་ལྟ་སྟངས་ནི་དབུས་ཀྱི་ཆ་ལ་མིག་གཉིས་སྣའི་རྩེ་མོའི་དབུས་སུ་སྡུད་པའོ། །འདི་ནི་ལྟ་སྟངས་ཉིད་དོ། །དེ་རླུང་དང་སྦྱར་བ་ནི། ཚིགས་བཅད་གཅིག་སྟེ། དབུགས་དབྱུང་བ་ཉིད་ཀྱིས་ནི་རྒྱལ་པོ་ལ་སོགས་པ་ལྟུང་པར་བྱེད་ལ། རྔུབ་པ་ཡིས་ནི་དབང་དུ་བྱེད་དོ། །དབུགས་དགང་པ་ཡིས་ནི་འགུགས་པར་བྱེད་དོ། །རླུང་ཕྱིར་གཞིལ་བ་ཡིས་ནི་རེངས་པར་བྱེད་དེ་འདི་དག་ནི་དགག་པའི་སྤྱོད་པ་དང་ལྷན་ཅིག་པ་ཡིན་ནོ། །ཉམས་སད་པ་ནི། རློན་པའི་ཤིང་འབྲས་བུ་དང་བཅས་པ་ལ་དབུགས་དང་བསྟུན་པའི་བལྟ་སྟངས་ཀྱིས་འབྲས་བུ་ས་ལ་ཕེབས་པར་གྱུར་ན་ལྟུང་བའི་ལས་འགྲུབ་པའི་ཚད་དོ། །དབང་དུ་བྱ་བ་ལ་ནི། མེ་ཏོག་རང་ལ་ཁ་བལྟ་བའི་བར་དུ་བསྒྲུབ་བོ། །རྡོ་རྗེའི་ཤིང་ནི་འོ་མ་ཅན་ཏེ་དེའི་འོ་མ་དགུག་པར་ནུས་ན་དགུག་པ་འགྲུབ་བོ། །རླུང་གིས་བསྐྱོད་ཅིང་གཡོ་བ་དང་བཅས་པའི་རྩ་མི་འགུལ་བར་ནུས་ན་རེངས་པར་བྱེད་པའི་ལས་འགྲུབ་བོ། །འགྲུབ་པའི་དུས་ནི། བསྐྱེད་རྫོགས་ཀྱི་རྣལ་འབྱོར་དང་ལྡན་པས་ཟླ་བ་དྲུག་གོམས་པའི་སྦྱོར་བས་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །འདི་ལ་འཁྲུལ་པ་ཡོད་པར་བསམ་པར་མི་བྱ་སྟེ། སངས་རྒྱས་ཀྱིས་གསུངས་པའི་རྫུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་པས་སོ། །དེའི་དགོས་པ་ནི། ལྟ་སྟངས་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ལྟར་ལྟ་སྟངས་བཞི་པོ་གྲུབ་ནས་མཁས་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བྱ་བའི་ཕྱིར་ཡིན་གྱིས་བསད་པ་ལ་སོགས་པ་གནོད་པ་འདི་ལ་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གནོད་པ་བྱས་ན། གསང་སྔགས་ཀྱི་དམ་ཚིག་ངེས་པར་ཉམས་པར་འགྱུར་ཏེ། སེམས་ཅན་ལ་བྱམས་པ་སྤངས་པ་ནི་རྩ་བའི་ལྟུང་བ་ཡིན་ནོ། །དེའི་ཕྱིར་སེམས་ཅན་བསླུ་བ་སྤངས་ནས་གཞན་དོན་དུ་བྱ་བ་མ་ཡིན་པར་སྣང་བ་ཐམས་ཅད་སྤྱད་པར་གསུངས་ཀྱང་། སེམས་ཅན་རྣམས་ལ་གནོད་པར་གྱུར་ན་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེས་ན་གཞན་གྱི་དོན་ལ་བརྩོན་པར་བྱའོ། །འདི་རྣམས་ཀྱི་ངེས་པའི་དོན་ནི་རྣམ་པར་རྟོག་པ་ལྟུང་བ་དང་དབང་དུ་བྱེད་པ་དང་འགུགས་པ་དང་རེངས་པར་བྱ་བའི་དོན་དུ་རླུང་དང་བྱང་ཆུབ་ཀྱི་སེམས་བཅིང་བར་བྱ་བ་ཁོ་ན་ཡིན་ནོ། །བཟའ་བ་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གོ །དང་པོ་ནི་དེ་ལ་རྒྱུན་གྱི་དམ་ཚིག་གི་བཟའ་བར་བྱ་བ་ཤ་ལྔ་དང་བདུད་རྩི་ལྔ་སྟེ། ན་དང་པོ་ནི་ན་ར་མིའི་ཤ། ག་དང་པོ་ནི་གྷ་བྷི་བ་གླང་གི་ཤ་ཧ་དང་པོ་ནི་ཧ་ཏི་གླང་པོ་ཆེའི་ཤ། མཐའི་ཤ་ནི་ཨ་ཤ་སྟེ་རྟའི་ཤ། དང་པོའི་ཤ་ནི་ཤོ་ན་ཁྱིའི་ཤ་སྟེ་རྣམ་པ་ལྔའོ། །ཀྱེའོ་རྡོ་རྗེའི་དངོས་གྲུབ་ཀྱི་ཕྱིར་གཤང་བ་དང་ལྕི་བ་དང་། སི་ལ་དང་། ག་བུར་དང་། མན་ཛ་ཞེས་བྱ་བའི་བདུད་རྩི་ལྔ་ཡང་བཟའ་བར་བྱའོ། །འདི་དག་གི་ངེས་པའི་དོན་ཡང་རྣལ་འབྱོར་ཅན་གྱིས་རྣམ་པར་རྟོག་པ་སྤངས་པ་དང་། སྟོབས་ཀྱི་ཕྱིར་ཏེ་འཕགས་པའི་ཡུལ་ལ་སོགས་པ་ཤ་འདི་དག་ཟ་བ་མེད་པ་ཡིན་པས་རྣལ་འབྱོར་ཅན་གྱིས་བཟའ་བར་བསྟན་ལ། འདི་དག་ཟ་བའི་ས་ཕྱོགས་སུ་ནི་དམ་ཚིག་གི་རྫས་སུ་མི་རུང་སྟེ་འཚེ་བ་དང་བཅས་པའི་ཕྱིར་རོ། །མཆོག་གི་བཟའ་བ་ནི། ཀྱེའི་རྡོ་རྗེ་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། དགྱེས་པའི་རྡོ་རྗེ་གསུངས་པའི་མཚན་ཉིད་ཅན་སྐྱེ་བ་བདུན་པ་རྟགས་ཀྱི་སྒོ་ནས་མཚོན་ལ་བཟའ་བར་བྱ་སྟེ་དེ་ལ་ཡོན་ཏན་ནི་དགའ་བྲལ་གྱི་དགའ་བས་མཚོན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྨོད་པ་དག་ཀྱང་ལན་བདུན་པའི་ཤ་ཟོས་པ་མཁའ་སྤྱོད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །དེའི་མཚན་ཉིད་ཀྱང་སྐད་སྙན་ཅིང་མིག་གསལ་བ་དང་ལྡན་པ། དྲི་ཞིམ་ཞིང་ལུས་གཟི་བརྗིད་ཆེན་པོ་དང་ལྡན་པ། རྒྱལ་གྱི་ཉའི་ནུབ་མོ་སོ་ཕག་གི་ཁང་པར་མར་མེ་ལྔ་བཏང་ནས་དེར་སྐྱེ་བ་བདུན་པ་བཞག་སྟེ་མི་རྐང་གི་སྦུབ་ནས་བལྟས་ན་དེའི་གྲིབ་མ་བདུན་དུ་འགྱུར་ཏེ་དེ་ལྟ་བུ་རྣལ་འབྱོར་ཅན་གྱིས་མཐོང་ནས་དེའི་ལུས་ཀྱི་ཤ་བསྒྲུབས་ཏེ་ཟོས་པ་ཅན་ཙམ་གྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །འདིའི་ངེས་པའི་དོན་ནི། ལན་བདུན་པའི་དྭངས་མ་བྱང་ཆུབ་ཀྱི་སེམས་རྩ་གསུམ་པའི་དབུས་ཀྱི་མཚོན་གྱིས་བསྣུན་ཏེ་ལོངས་སྤྱད་པ་ལས་དགའ་བྲལ་གྱི་དགའ་བ་ལ་སྨོད་པ་ཡང་ལྷན་ཅིག་སྐྱེས་པ་འགྲུབ་པར་འགྱུར་རོ། །ཀུ་རུ་ཀུ་ལའི་རྣལ་འབྱོར་ལ་གསུམ་ལས། དང་པོར་བཤད་པར་དམ་བཅའ་བ་ནི། ཚིག་གསུམ་སྟེ། ཀུ་རུ་ཀུ་ལའི་བསྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་སྔགས་ཀྱི་ལེའུར་སྔགས་གསུངས་པ་དེ་ཉིད་ཀྱི་དངོས་གྲུབ་ཀྱི་གཏན་ལ་དབབ་པ་འབུམ་ཕྲག་ལྔ་པའི་བརྟག་པ་བཅུ་གཉིས་པ་ལས་རྒྱས་པར་གསུངས་པ་དེའི་མངོན་པར་རྟོགས་པ་མདོར་བསྡུས་པ་ཙམ་གཅིག་འདིར་བཤད་པར་བྱའོ། །བསྐྱེད་པའི་ཆོ་ག་དངོས་ནི། ཧྲི་ལས་ཞེས་པའི་ཚིགས་བཅད་གཅིག་སྟེ། འདི་ཡང་སྔོན་དུ་ཡན་ལག་བདུན་གྱི་རྣལ་འབྱོར་དང་ཚངས་པའི་གནས་བཞི་བསྒོམ་པ་དང་། སྟོང་པ་ཉིད་རྣམས་མངོན་དུ་རྫོགས་ནས་པད་མ་དང་ཟླ་བ་དམར་པོའི་སྟེང་དུ་གནས་པའི་ཧྲི་དམར་པོ་ལས་འོད་ཟེར་འཕྲོས་འདུས་པ་ལས་ཨུཏྤ་ལ་ཧྲིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ཀུ་རུ་ཀུ་ལ་འགྲོ་བ་དབང་དུ་བྱེད་པའི་ཕྱིར་སྐུ་མདོག་དམར་བ། བསྡུ་བའི་དངོས་པོ་དག་པའི་ཕྱག་བཞི་མ། གཡས་དང་པོ་མདའ། གཡོན་ན་གཞུ། གཡས་འོག་མ་ན་ཨུཏྤ་ལ། གཡོན་འོག་མ་ལྕགས་ཀྱུ་འཛིན་པ་བསྐྱེད་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་སྟེ་སེམས་དཔའ་གསུམ་དང་། ཡེ་ཤེས་ཀྱི་འཁོར་ལོ་འགུག་གཞུག་བྱ་སྟེ་རིགས་ཀྱི་བདག་པོ་འོད་དཔག་དུ་མེད་པས་དབུ་བརྒྱན། བདུད་རྩི་མྱང་བ་དང་མཆོད་བསྟོད་བྱ་སྟེ། སྙིང་ཀར་ཟླ་བ་ལ་ཧྲི་དམར་པོ་ལ་སྔགས་ཀྱིས་བསྐོར་བར་བལྟས་ལ་བཟླས་པ་བྱའོ། །དེའི་ཕན་ཡོན་ནི། ཚིགས་སུ་བཅད་པ་གཉིས་ཏེ། ལྷ་མོ་འདི་བསྒོམས་པ་ཙམ་གྱིས་ལྷ་དང་ཀླུ་དང་མིའི་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་བྱེད་པར་འགྱུར་ཏེ། འབུམ་ཕྲག་ཅིག་གིས་ནི་རྒྱལ་པོ་རྣམས་དབང་དུ་བྱེད་དོ། །ཁྲི་ཡིས་ནི་འཇིག་རྟེན་ཕལ་པ་རྣམས་སོ། །བྱེ་བས་ནི་རྒྱུད་བླུན་པར་གྱུར་པའི་ཕྱུགས་དང་གནོད་སྦྱིན་རྣམས་ཀྱང་དབང་དུ་འགྱུར་རོ། །འབུམ་ཕྲག་བདུན་གྱིས་ནི་ལྷ་མ་ཡིན་རྣམས་དབང་དུ་འགྱུར་རོ། །འབུམ་ཕྲག་གཉིས་ཀྱིས་ནི་ལྷ་རྣམས་སོ། །བརྒྱ་ཕྲག་ཅིག་གིས་ནི་སྔགས་པ་ཉིད་ཅེས་པ་ནི་མན་ཏྲ་ནི་སྔགས་སོ། །མན་ཏྲི་ནི་བློན་པོ་ཡིན་ཞེས་ཟེར་རོ། །འདི་རྣམས་ཀྱི་ངེས་པའི་དོན་ནི། ལེའུ་གཉིས་པར་བཤད་དོ། །རྫོགས་པར་བསྟན་པ་ནི། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའི་དགྱེས་པའི་རྡོ་རྗེ་ལས་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྡོ་རྗེའི་སྙིང་པོ། དེར་རྟོགས་པ་ལ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ཡོངས་སུ་རྫོགས་པའོ། །དཔལ་དགྱེས་པའི་རྡོ་རྗེའི་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་དྲི་མ་མེད་པའི་འོད་ལས་བརྟག་པ་དང་པོ་རྣམ་པར་ཕྱེ་བ་རྫོགས་སོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net