གསང་སྔགས་ཟབ་མོ་ནང་དོན་གྱི་འགྲེལ་པ་བཞུགས།: Difference between revisions
(Created page with "{{TibFontClass12}} {{Ref - Karma Lekshey Ling}} </div> ==Notes== <references /> [[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗ...") |
No edit summary |
||
Line 1: | Line 1: | ||
{{TibFontClass12}} | {{TibFontClass12}} | ||
{{Ref - Karma Lekshey Ling}} | ༄༅། །གསང་སྔགས་ཟབ་མོ་ནང་དོན་གྱི་འགྲེལ་པ་བཞུགས་སོ། །{{Ref - Karma Lekshey Ling}} | ||
༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོས་བློ་གྲོས་མཆོག་དུ་གྱུར་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེའི་ཐེག་པ་བླ་ན་མེད་པ་གསུངས་པ་ལས། །དེ་ཡི་ཟབ་མོའི་ནང་གི་དོན་ཉེ་བར་བསྡུས་ཏེ་བསྟེན་པ་བཤད་པར་བྱའོ། །བསྟན་ཆོས་འཆད་པར་བྱེད་པ་དག་ནི་ཐོག་མར་དགོས་པའི་དོན་བརྗོད་པར་བྱ་བ་ཡིན་པས་དེ་བརྗོད་པ། སྤྲོ་བ་དང་ནི་རྩོམ་པ་ཆེན་པོས་རྡོ་རྗེའི་ཐེག་ལ་འཇུག་འདོད་གང་། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་བླ་མ་ལ་དབུལ་ཟབ་མོའི་དབང་རྣམས་བླང་བར་བྱ། །དེའི་འོག་དུ་རྒྱུད་དང་གདམ་ངག་མཉན་ཅིང་བསམས་ཏེ་བསྒོམས་པས་ངེས་པར་འཇུག་པར་བྱ། །རྒྱུད་ཀུན་སྣ་ཚོགས་ཚིག་དང་དོན་ལྡན་དགོངས་པའི་སྐད་རྣམས་དུ་མར་ལྡན། །ཕྱི་ནང་གཞན་དང་ཡེ་ཤེས་རྒྱ་ཆེན་རྣམ་པ་མང་ལྡན་ཕལ་གྱིས་བསྡུ་བར་ནུས་མིན་པ། །བསྡུས་པ་གང་དེ་མཐོང་བར་གྱུར་ན་མུན་ཁུང་གནས་པའི་ནོར་བུའི་སྒྲོམ་ལ་སྣང་བ་ཡི། །སྒྲོན་མེ་དང་ནི་ལྡེ་མིག་ལག་དུ་ཕྱིན་པས་ངེས་པར་དོན་ལ་འཇུག་པར་འགྱུར་བ་བཞིན། །བློ་ལྡན་ངེས་པར་བདག་ལ་མོས་དང་ཐེ་ཚོམ་ལྡན་ལའང་ཕན་པར་འགྱུར་སྙམ་གཞུང་འདི་བསྡུས། དེ་ལྟ་བུ་སྡུད་པར་བྱེད་པ་ཡང་བདག་ལྟ་བུའི་ཡུལ་མ་ཡིན་མོད་ཀྱང་གསང་བ་བའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་ཤིང་གྲུབ་པ་རྣམས་ཀྱི་རྣམ་པར་འགྲེལ་པ་དུ་མ་དང་བླ་མ་དམ་པ་ལས་འོངས་པ་ཡང་དག་པའི་བསྟན་བཅོས་འབུམ་ཕྲག་དུ་མ་མཐོང་བའི་ཕྱིར་དང་། ནང་གི་དོན་ཅུང་ཟད་ངེས་པའི་ཕྱིར་བརྩམས་པ་ལ་སྐྱོན་མེད་དོ། །གཞན་ཡང་ཁ་གཅིག་ཕ་རྒྱུད་མ་རྒྱུད་དག་ལ་ལ་ལ་ནས་རྩའི་གནས་ལུགས་བསྡུས་པ་དང་། རྒྱས་པར་བཤད་པ་དང་། རླུང་དང་ཐིག་ལེའི་དགོངས་པ་དག་འདྲེས་པ་དང་། ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་ལུས་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ཡེ་ཤེས་ཀྱི་གནས་ལུགས་དང་རྒྱས་གདབ་པ་དང་བཅས་པ་རྣམ་གྲངས་རེ་རེར་བསྟན་པ་དང་། གཉིས་དང་གསུམ་དང་། ཡོངས་སུ་རྫོགས་པ་ལ་སོགས་པ་གསུངས་པ་རྣམས་ཁོང་དུ་མ་ཆུད་པར། རྒྱུད་རྣམས་དང་དེ་ལ་བརྟེན་པའི་མན་ངག་རྣམས་ནི་དོན་མི་ཅིག་གོ་སྙམ་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་ཕྱོགས་རེ་མཐོང་བ་དག་ཀྱང་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྟོག་ཅིང་སྒྲོགས་པ་ནི་ཐམས་ཅད་མཁྱེན་པའི་ལམ་ལས་རིང་བའི་ཕྱིར་རྡོ་རྗེའི་ཐེག་པ་ཟབ་པ་དཔག་ཏུ་མེད་པའི་མིང་དང་དོན་ལྡན་པ་མི་ཤེས་པས་ལོག་པར་འགྱུར་བ་དག་ལ་བརྩེ་བ་དང་། བདག་ཉིད་ཀྱང་རྒྱུད་རྣམ་པར་སྦྱང་བའི་ཕྱིར་བསྟན་བཅོས་འདི་བྱས་སོ། །ཁ་ཅིག་འདི་དོན་ཤེས་ན་དོན་དང་ལྡན། །མོས་དང་བསམ་མི་ཁྱབ་དྲན་ཐར་པའི་རྒྱུ། །མཁའ་ལྡིང་རྗེས་སུ་བྱ་བྲན་རྩོལ་བ་བཞིན། །མཁས་གྲུབ་རྗེས་སུ་བདག་ཀྱང་རྩོལ་བར་བྱེད། དེ་ལྟར་དགོས་པ་བཤད་ནས་གཉིས་པ་བསྡུས་པའི་དོན་ནི་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། གཞུང་གི་དོན་དང་། འཇུག་བསྡུ་བ་བསྔོ་བ་དང་བཅས་པའོ། །དང་པོ་ལ་བླ་མ་དང་། རྣམ་པ་དང་བཅས་པའི་སྐུ་དང་། བདེ་བ་ཆེན་པོ་ལ་ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་བཅུ་གཉིས་སྟེ། ལུས་རྣམ་པར་བཞག་པ་དང་། །རྒྱུ་རྐྱེན་སྤྱིར་བསྟན་པ་དང་། །བྱེ་བྲག་ཏུ་ལུས་འགྲུབ་པའི་བསྐྱེད་རིམས་དང་། རྩ་བཤད་པ་དང་། རླུང་བཤད་པ་དང་། ཐིག་ལེ་བཤད་པ་དང་། གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ་དང་། ཕྱི་སྣོད་ཀྱི་དོན་ནང་དུ་སྦྱར་བའི་དོན་དང་། བསྐྱེད་རིམས་ཀྱི་ཚུལ་ལ་སྦྱར་བ་དང་། ཆོས་རྣམས་ཀྱི་སྦྱང་གཞིར་བསྟན་པ་དང་། ལམ་གྱི་རིམ་པ་དང་། ལུས་འཇིག་ཅིང་སྡུད་པའི་ཚུལ་བཤད་པའོ། །དེ་ལྟར་བརྗོད་པར་བྱེད་པའི་བསྟན་བཅོས་འདིས་ནང་གི་དོན་ཤིན་ཏུ་ཟབ་པ་དག་སྟོན་པར་བྱེད་པའི་ངག་དེ་ལ་བརྟེན་ནས་དོན་རྟོགས་པར་བྱེད་པ་ནི། ངག་དང་ངག་ཅན་གྱི་འབྲེལ་བའོ། །གཞིའི་དོན་ཚུལ་བཞིན་དུ་ཤེས་པ་ལ་བརྟེན་ནས་དེ་ཡི་གནད་འཆིང་བ་ནི་ལམ་གྱི་རིམ་པ་ཡིན་ལ། དེས་གནས་སྐབས་ཀྱི་འཁྲུལ་པ་རྣམ་པར་སྦྱངས་ནས་དྲི་མ་མེད་པའི་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བས་འབྲས་བུ་འཐོབ་པར་བྱེད་པ་ནི་རང་བཞིན་གྱི་འབྲེལ་བ་སྟེ་འདི་ནི་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་དོན་གྱི་འབྲེལ་ལོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན། །འབྲེལ་བ་ལ་ཡང་རྣམ་གསུམ་སྟེ། །གཞི་དང་རང་བཞིན་འབྲས་བུ་དང་། །མི་འཕྲོགས་པ་ཡིས་ཕྱེ་བ་ཉིད། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་སོ། །ཞེས་གསུངས་པས་འདི་ཉིད་བཤད་པར་བྱ་སྟེ། འདི་ལ་བོད་དུ་བྱོན་པའི་སྔ་རབས་པ་ཁ་ཅིག །གཞི་ནི་བྱང་ཆུབ་ཀྱི་སེམས་གཉེན་པོའི་རྣམ་པར་སྐྱེས་པ་ཡིན་ཞེས་བཞེད་པ་དང་། ལ་ལ་ནི་དབང་བཞིའོ་ཞེས་པ་བཞེད་པ་དང་། གཞན་ཡང་གཞི་ལུས་ཡིན་ནོ་ཞེས་གསུང་མོད་ཀྱི་ལུང་དང་མི་མཐུན་པ་དང་། གང་ཡང་གཉེན་པོའི་རྣམ་པར་སྐྱེས་ན་ལམ་དུ་འགྱུར་བ་དང་། དབང་ཡང་ལམ་གྱི་གཞི་ཡིན་ལ་དེ་ལ་ཡང་གཞི་གཞན་དགོས་པའི་ཕྱིར་དང་། ལུས་ནི་ཕུང་པོ་ལྔ་ཡི་ཡ་གྱལ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་གཞིར་མི་འཐད་དོ། །འདིར་ནི་གཞི་དངོས་པོའི་གནས་ལུགས་ལུས་སེམས་གཉིས་སོ། །དེ་ལ་དྲི་མས་མི་འཕྲོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཉིད་འབྲས་བུའོ། །གང་གཞི་དེ་ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཀྱི་གནད་བཅིངས་པས་ལམ་གྱི་རིམ་པར་འགྱུར་རོ། །འདི་ཡི་དོན་ནི་འོག་ནས་སྟོན་ཅིང་དགག་བསྒྲུབ་དང་ལུང་མང་པོ་རྣམས་ནི་ཡི་གེ་མང་བར་འགྱུར་བས་འཕྲོས་པ་བཞག་པར་བྱའོ། །རེ་ཞིག་བསྟན་བཅོས་འདི་ཉིད་ཀྱི་འབྲེལ་ནི། དང་པོར་རྒྱུ་རྐྱེན་སྤྱིའི་གནས་ལུགས་མ་གོ་ན་ཕྱི་རོལ་པ་དང་མཚུངས་པར་འགྱུར་དུ་དོགས་པས་རྒྱུ་རྐྱེན་སྤྱིར་བསྟན་ཏོ། དེ་ནས་བྱེ་བྲག་ཏུ་ལུས་འགྲུབ་པས་བསྐྱེད་པའི་རིམ་པ་རྟོགས་པར་བྱ་བའི་ཕྱིར་བསྟན་ཏོ། དེ་ཇི་ལྟར་གནས་པ་ལ་རྩ་ཤེས་དགོས་པ་དང་། རྩ་དེ་ཡང་རླུང་གིས་བསྒྲུབས་ཤིང་རྒྱུ་བའི་ཕྱིར་དང་། དེར་དྭངས་སྙིགས་ཀྱི་ཐིག་ལེ་གནས་ཤིང་བརྟེན་པའི་དོན་དང་། དེ་ལྟར་རྩ་རླུང་ཐིག་ལེ་རྫོགས་པས། གཉིད་དང་རྨི་ལམ་ཐ་མལ་གྱི་དུས་དང་ཆགས་པའི་གནས་སྐབས་བཞི་ཡི་འཁྲུལ་པ་བསྐྱེད་པས་དེ་དག་གི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ་དང་། དེ་ལ་ཕྱི་གཞན་དུ་མ་གྲུབ་པར་བསྟན་པའི་ཕྱིར་སྦྱར་བཤད་དང་། ཀུན་བཏགས་པ་ལ་དབང་འབྱོར་བར་བྱ་བའི་ཕྱིར་བསྐྱེད་རིམས་བསྟན་པའི་ངེས་པ་ལ་སྦྱར་བ་དང་། དེར་མ་ཟད་ཀྱི་སྤང་གཉེན་གྱི་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པའི་རྒྱུ་མཚན་གོ་བར་བྱ་བ་དང་། ཐེག་པ་ཐམས་ཅད་ཀྱི་ལམ་རིམ་བསྒྲོད་ཚུལ་དང་བཅས་པ་དང་། འཆི་བ་དང་རྫོགས་པའི་རིམ་པ་བསྡུད་པའི་ཚུལ་སྦྱར་བ་རྟོགས་པས་དག་པ་དང་མ་དག་པའི་ཉིང་འཚམས་སྦྱོར་བ་རྟོགས་པར་བྱ་བ་དང་། དེ་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་ཅིང་རིག་པ་འཛིན་པའི་སྡེ་སྣོད་གྱི་རྒྱུ་མཚན་རྟོགས་པར་བྱ་བ་ནི་འདི་ཡི་གོ་རིམས་ཡིན་ནོ། །དེ་ལྟར་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་དང་འབྲེལ་བ་དང་དགོས་པ་དང་དགོས་པའི་དགོས་པ་རྟོགས་པར་བྱའོ། །ད་ནི་རྩོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཆོད་པར་བརྗོད་པ་ཚིགས་སུ་བཅད་པ་གསུམ་ལས་དང་པོ། བླ་མ་དང་སངས་རྒྱས་དབྱེར་མེད་པ་ལ་ཕྱག་འཚལ་བ་ནི། དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །ཞེས་གང་ལ་ཕྱག་བྱ་བའི་ཁྱད་པར་གྱི་གཞི་བརྗོད་ནས། ཁྱད་པར་དུ་བྱེད་པའི་ཆོས་ཡོན་ཏན་འདི་རྣམས་དང་ལྡན་པར་སྟོན་པ་ནི། ཐམས་ཅད་མཁྱེན་པ་ལ་སོགས་པ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པ་ནི་ཚིག་ཟློས་པ་མ་ཡིན་གྱི། མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ཡིན་ནོ། །མཁྱེན་པའི་སྒྲ་ཙམ་ནི་གཞན་གྱི་སྒྲ་ལ་རྟེན་ནས་རྟོགས་པ་ཡང་ཡོད་པས་ན་འདི་བརྗོད་དོ། །དེ་ལྟར་རྟོགས་ཀྱང་མི་སྟོན་པའི་རང་སངས་རྒྱས་དག་ཀྱང་ཡོད་པས་བདག་ཅག་གི་བླ་མ་ནི་དེ་ལྟ་མ་ཡིན་ཏེ་དེས་ན། ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། ཞེས་བྱ་སྟེ་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་དབང་བསྐུར་བ་དང་བསྐྱེད་པའི་རིམ་པ་དང་། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་སྣང་བ་དང་སྟོང་པ་དབྱེར་མེད་པ་བདེན་པ་གཉིས་ཀྱི་དོན་མ་ནོར་པར་སྟོན་པར་མཛད་ཅིང་། བསྟན་ནས་ཀྱང་དེའི་བྱེད་ལས་གནས་སྐབས་བཞིའི་འཁྲུལ་པ་སེལ་བ་སྟེ། གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་ཐ་མལ་གྱི་སྣང་བས་རྒྱུད་དཀྲུགས་པ་བསལ་ནས། སྐུ་བཞིའི་འབྲས་བུ་མངོན་དུ་སྟོན་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཡིན་པའི་ཕྱིར། དཔལ་ལྡན་བླ་མ་ལ་ཕྱག་འཚལ་བ་ཡིན་ནོ། །གཉིས་པ་ནི་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་ངོ་བོར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ་ནི། ལྷན་ཅིག་སྐྱེས་པ་གཅིག་གི་དངོས་ནི། སེམས་ཅན་ཐམས་ཅད་ལ་དབྱེ་བ་མེད་པར་དྲི་མ་དང་བཅས་ཏེ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཡིན་ལ། གཉིས་ཀྱི་བདག་ནི་ཐབས་དང་ཤེས་རབ་དང་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་འབྲས་བུ་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་དང་དེ་ཡི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་སྐུ་གཉིས་སོ། །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། ཞེས་པ་ནི་དོན་དམ་པ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་སྐུ་དེ་ལ་རྨི་ལམ་དག་པ་དང་ཀུན་གཞི་ལ་བརྟེན་པའི་ཡིད་སྲོག་གི་རླུང་དང་བཅས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་གྱི་སྣང་བ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དག་པས་སྤྲུལ་པའི་སྐུ་འབྱུང་སྟེ། འདི་ཡང་རྩ་ནི་སྐུ་རླུང་གསུང་ཐིག་ལེ་ཐུགས་རྡོ་རྗེ་སྟེ་འདི་གསུམ་རྣམ་པར་སྦྱངས་པས་ཐོབ་པར་གསུངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གསུངས་སོ། །གནས་སྐབས་བཞི་པོ་སྐུ་བཞི་ཉིད་ཅེས་བྱ་བ་ནི། དྲི་མ་མེད་པའི་འོད་དུ་གསུངས་པ་ལྟར། གཉིད་འཐུག་པོ་ཤིན་དུ་ལོག་པ་སེམས་མེད་པའི་གནས་སྐབས་ནི་ཆོས་ཀྱི་སྐུའོ། །རྨི་ལམ་གྱི་གནས་སྐབས་སྲོག་གི་རླུང་གིས་བསྐྱེད་པ་ཡོད་པ་དང་མེད་པ་ལྟ་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སད་པའི་གནས་སྐབས་ཀྱི་སྣང་བ་དང་བཅས་པ་ནི་སྤྲུལ་པའི་སྐུའོ། །ཆགས་པའི་གནས་སྐབས་བཟློག་པར་དཀའ་བའི་དྲི་མས་རྨོངས་པར་གྱུར་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པའོ། །སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་མེད་པའོ་ཞེས་གསུངས་པ་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་སྐུ་བཞིའི་དབྱེ་བ་གསུངས་པའོ། །སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། ཞེས་བྱ་བ་ནི་དེ་ཉིད་ལ་རྣམ་པའི་དབྱེ་བས་ཡེ་ཤེས་ལྔ་དང་སྐུ་ལྔར་ཡང་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་དང་། །རྣམ་པར་ཤེས་པའི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ་དང་། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པ་དང་། འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པ་སྟེ་དེ་ལྟར་སྐུ་ལྔ་དང་ཡེ་ཤེས་ལྔ་དང་ཕུང་པོ་ལྔ་པོ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་གཅིག་པུ་ཡི་རྣམ་པར་དབྱེ་བ་སྟེ། ཧེ་བཛྭ་ལས། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་དུ་ཕན་པ་ཉིད། ཞེས་བྱ་བ་ལ་སོགས་པ་དང་། ཀུན་ཏུ་སྤྱོད་པ་ལས། གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། གཅིག་པུའི་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པ་ལ་སོགས་པ་རྒྱུད་ཐམས་ཅད་དུ་རྒྱ་ཆེར་གསུངས་པས་བདེ་བ་ཆེན་པོའི་རྣམ་པ་ཐམས་ཅད་ལ་ཕྱག་འཚལ་བའོ། །ཚིགས་སུ་བཅད་པ་གསུམ་པ་ནི་དེ་ཡང་། བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ལྷ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྟེ། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །ཞེས་བྱ་བ་ནི་རྡོ་རྗེ་གུར་ལས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །དེ་ཉིད་རྣལ་འབྱོར་མར་བརྗོད་དེ། །གང་ཕྱིར་དེ་ཉིད་ལ་འཇུག་པས། །ཕྱག་རྒྱ་ཆེན་པོར་རབ་ཏུ་སྦྱོར། །ཞེས་གསུངས་ཏེ་དེ་ལྟ་བུའི་དངོས་པོ་གཅིག་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ཡང་རྟེན་ཅིང་འབྲེལ་བར་འབྱུང་པ་ལ་བྱ་སྟེ། དེ་ཡང་རང་བཞིན་སྟོང་པ་ཉིད་དོ། །དེ་སྐད་དུ་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ཡང་མ་སྐྱེས་པ་མ་འགགས་པ་སྟོང་པ་དབེན་པ་ཞི་བའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ཡང་སྔགས་ཀྱི་ཐེག་པ་ལ་མིང་གི་རྣམས་གྲངས། དབུ་མའི་རང་བཞིན་བདེ་ཆེན་ཉིད་ཞེས་བྱ་སྟེ་མཐའ་ཐམས་ཅད་དང་བྲལ་བས་དབུ་མ་སྟེ། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། བདེ་བ་ཆེན་པོའི་ཐིག་ལེ་དང་། ཡུལ་དང་ཡུལ་ཅན་དབྱེར་མེད་པ་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་གསུངས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་བསྐྱེད་པ་ཡིན་ནོ། །དེ་ཡང་རྟོགས་པར་བྱ་བའི་དབང་དུ་བྱས་ནས། །གང་མཐར་སྐྱེས་པའི་རང་བཞིན་ཅན། ཞེས་སྨོས་ཏེ་གང་མཐར་ཞེས་སྒྲ་གཅིག་གིས་དོན་མང་པོ་འཛིན་པས་འདིར་བརྗོད་པ། གང་བསྒོམ་པའི་ལམ་མཐར་ཐུག་པ་དེ་ཡི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་རྣམ་པར་བཅོམ་པ་དེའི་ཚེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་མཚན་མ་ཐམས་ཅད་བྲལ་བ་འཐོབ་བོ། །འདི་ནི་རྒྱུད་བླ་མ་ལས་རྒྱ་ཆེར་གསུངས་སོ། །དེ་ཡང་ལམ་པའི་སྐབས་སུ་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །དེ་ཡི་རྒྱུ་མཐུན་པ་ས་དང་པོ་ལ་མཐོང་བས་སྤང་བར་བྱ་བ་སྤངས་པའི་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དོན་ནི་དེ་ལྟ་བུ་ཡིན་ནོ། །འོ་ན་བླ་ན་མེད་པའི་རྒྱུད་ལས། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་གསུངས་པ་འདི་ཅི་ལྟ་བུ་ཞེ་ན། །རང་བྱུང་རྣམས་ཀྱི་དོན་དམ་དེ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། ཞེས་རྒྱུད་བླ་མ་ལས་གསུངས་ཏེ་སངས་རྒྱས་ཉིད་ཐམས་ཅད་དུ་དཔང་དུ་བྱས་ཏེ། དབང་གི་སྟོབས་ཀྱིས་སམ། བསྒོམས་པའི་སྟོབས་ཀྱིས་སྐྱེས་ཀྱང་རུང་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་མཆོག་ཏུ་དགའ་བའི་མ་མཐའ། དགའ་བྲལ་གྱི་ཡ་མཐར་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་སུ་མེད་པ་ཆགས་པ་དང་གཏི་མུག་དང་ཞེ་སྡང་གི་སེམས་བྲལ་བ་ཆུ་ཟླ་ལྟར་བདེན་པ་དང་བརྫུན་པ་བྲལ་བ་འཛག་པ་མེད་པའི་བདེ་བ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་རླུང་བརྒྱ་ཕྲག་བཅོ་བརྒྱད་འགགས་པའི་སྐད་ཅིག་ལ་ས་དང་པོར་སྦྱོར་བ་ནི་བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ་ནས་རྒྱ་ཆེར་གསུངས་ཏེ། དེ་དང་གཞི་མཐུན་པ་ནི་ལུས་ཅན་ཐམས་ཅད་ལ་སྐྱེ་ཡང་སྒྲིབ་པས་བསྒྲིབས་པའི་ཕྱིར་འཁོར་བའི་རྩ་བར་གྱུར་ཏོ། །དེ་ནི་ལྷ་མོ་སྟེ་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་དང་བདག་མེད་མ་ཞེས་བྱ་བ་ལ་སོགས་པའི་མིང་དུ་ཡང་གསུངས་པས་འདིར་ཡང་། ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་སྨོས་པ་ཡིན་ནོ། །གཉིས་པ་བཤད་པར་དམ་བཅའ་པ་ནི། ཚིག་རྐང་དྲུག་ལས། དེ་ལྟར་མཆོད་པར་བརྗོད་ནས་བཤད་པར་བྱ་བ་ནི་ནང་དོན་གྱི་བསྟན་བཅོས་འདི་སྟོན་པར་བྱེད་དོ། །དེ་ཡང་ཚུལ་ཇི་ལྟ་བུ་ཞེ་ན། རྒྱུད་རྣམས་ཀུན་ཏུ་གསང་བ་གང་། ཞེས་བྱ་བ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཕལ་དུ་གསང་བ་ནི་ཡང་དག་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་ཐབས་མཁས་པའི་ཁྱད་པར་བླ་ན་མེད་པའི་དམ་ཚིག་ཆེན་པོ་དགོངས་པ་དང་ལྡན་པ་རྣམས་དང་གསུམ་པ་དང་བཞི་པའི་དབང་གི་དོན་དང་དུ་བ་ལ་སོགས་པའི་རྟགས་དང་རྟགས་ཅན་འབྲེལ་པའི་ལམ་དང་འབྲས་བུ་རྣམས་ཀུན་ཏུ་གསང་བ་གང་ཡིན་པའོ། །རྒྱལ་བས་བླ་ན་མེད་པར་ཕྱེ་བ་ནི་དེ་ལྟ་བུའི་དོན་རྣམས་བླ་ན་མེད་པའི་རྒྱུད་དུ་མཚོན་པའི་ཚིག་གསུངས་སོ། །དེ་ཡང་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པ་སྟེ། མཐའ་དྲུག་གིས་བཅིངས་ནང་གི་དོན། ཞེས་པ་ནི་མཐའ་དྲུག་དང་ལྡན་པ་དགོངས་པ་ཅན་དུས་དང་དོན་དང་བསམ་པ་ལ་བརྟེན་ནས་གསུངས་པ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་བྱང་ཆུབ་པའི་དུས་བརྗོད་པ་ལྟ་བུ་དང་། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་སྒྱུ་མ་ཆེན་མོ་ལས་གསུངས་པ་དང་། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། ཞེས་ཧེ་བཛྭ་ལ་སོགས་པར་གང་གསུངས་པ་བསྒྱུར་བ་ལྡེམ་པོར་དགོངས་པ་དང་མཐུན་པ་དང་། དགོངས་པ་ཅན་མ་ཡིན་པ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་རྒྱུད་རྣམས་སུ་གསུངས་པ་དང་། དྲང་བའི་དོན་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པ་དང་བརྡའ་དང་ལག་པའི་ཕྱག་རྒྱ་དང་ཕྱིའི་སྦྱིན་བསྲེག་དང་བསྐྱེད་རིམས་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་གསུངས་པ་རྣམས་དང་། ངེས་པའི་དོན་རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང་། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་དུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་དང་། སྒྲ་ཅི་བཞིན་མ་ཡིན་པ་ཀོ་ཏ་ཁྱ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་བསྟན་བཅོས་ལ་མེད་པ་དང་། སྒྲ་ཅི་བཞིན་པ་དོན་དང་མིང་སྔར་བརྗོད་པ་འཇིག་རྟེན་གྱི་བསྟན་བཅོས་ལས་གྲགས་པ་རྣམས་ཏེ། རྒྱས་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་གསུངས་པ་ལྟ་བུས་རྒྱུད་ཀྱི་ཚིག་ཐམས་ཅད་འདྲེས་པར་གནས་པ་རྣམས་ལས། ཁྱད་པར་དུ་ནང་གི་དོན་ཤིན་ཏུ་ཡང་དཔག་པར་དཀའ་སྟེ་རྒྱུ་ངེས་ན་འདིར་རྟོགས་པར་འདོད་པ་དག་ལ་སྟོན་པར་བྱེད་དོ། །ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཕ་རོལ་ཕྱིན་པར་རབ་གསང་བ། །ཞེས་བྱ་བ་ཕྱི་རོལ་པའི་ཉན་ཐོས་ཀུན་དུ་རྒྱུ་དང་ཙ་ར་ཀ་ལ་སོགས་པ་རྣམས་དང་། ནང་གི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་བདག་དང་གང་ཟག་ཏུ་བདེན་པར་རྟོག་པ་སེམས་ཀྱི་གནས་ལུགས་ལ་རྨོངས་པ་དག་དང་། ཆོས་འདི་པ་ཕ་རོལ་དུ་ཕྱིན་པ་ལ་ཕྱོགས་རེ་ཞུགས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བས་རང་གསང་དུ་གནས་ཏེ། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ། བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་ལས་དང་པོ་པ་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལགས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་དུ་རྟོགས་དཀའ་བ་དེ་ཡང་རྡོ་རྗེའི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་ལས་སྣང་བ་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་དྲི་མ་མེད་པ་ཉིད་དྲི་མ་དང་བཅས་པའི་ལུས་ལ་གནས་པར་གསུངས་པ་དང་། སེམས་དྲི་མ་དང་བཅས་པ་ཉོན་མོངས་པའི་སྦུབས་དུ་མས་བསྐྲིས་པ་འདི། སངས་རྒྱས་ཀྱི་སྙིང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་ཀྱི་ཡོན་ཏན་དང་ལྡན་པར་བཞུགས་སོ་ཞེས་བྱ་བ་ནང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་མངོན་དུ་བསྟན་པ་རྡོ་རྗེའི་གནས་རྣམས་འདིར་སྟོན་པར་འདོད་ནས། ལུས་སེམས་ནང་གི་བདག་ཉིད་བཤད་ཅེས་སྨོས་པ་ཡིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། ཤིན་ཏུ་རྟོགས་པར་དཀའ་བ་ནི། །གསུངས་ལ་དགོས་པ་མེད་དོ་ཞེས། །བརྗོད་པའི་དོགས་པ་སེལ་བའི་ཕྱིར། །བླ་མའི་རྒྱུད་ལས་རྒྱས་པར་གསུངས། །རྒྱལ་སྲས་ཀྱིས་ཀྱང་བཤད་དཀའ་བ། །ཁྱོད་ཀྱིས་བརྗོད་པར་མི་ནུས་ཞེས། །རྟོག་པའི་དོགས་པ་སྔར་བསལ་བས། །རྒྱལ་བའི་བཀའ་བཞིན་བསྟེན་པའི་རིགས། །ད་ནི་ཐོག་མར་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་ལ་གཉིས་ཏེ། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པའོ། །དང་པོ་ནི། དྲི་མེད་རྒྱལ་བའི་སྙིང་པོ་ནི། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་བྱ་བ་སྨོས་ཏེ་འདི་ནི་མཆོག་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱ་སྟེ་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པ་ཡིན་ནོ། །དེ་ལ་རྡོ་རྗེ་ནི་འགྱུར་བ་མེད་པ་སངས་རྒྱས་ཡིན་ལ། དེ་ཡི་ལམ་དུ་འགྲོ་བ་ནི་ཐེག་པ་སྟེ་རྒྱལ་བའི་སྲས་རྣམས་དེར་ཕྱིན་པར་བྱེད་པའམ། ཡང་ན་མི་ཤིགས་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས་ཐམས་ཅད་དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པའོ། །གནས་འདི་ལ་དྲི་མ་ཐམས་ཅད་ཀྱིས་གོས་པ་མེད་པས་ན་དྲི་མ་མེད་པའོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱའོ། །དེ་ལ་གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ་མ་དག་པ་དང་བཅས་པ་སེམས་ཅན་གྱི་གནས་སྐབས་དང་། མ་དག་པ་དང་དག་པ་གཉིས་ཀ་ལྡན་པ་བྱང་ཆུབ་སེམས་དཔའ་ལམ་པའི་གནས་སྐབས་དང་། ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་གནས་སྐབས་ཏེ། དེ་ལྟར་རྣམ་པ་གསུམ་པོ་འདི་ལ་མིང་གི་ཐ་སྙད་ཀྱི་རྣམ་གྲངས་སུ། གཞི་དང་ལམ་དང་འབྲས་བུ་དང་། གཞི་རྒྱུད་དང་ཐབས་རྒྱུད་དང་འབྲས་བུའི་རྒྱུད་གསུམ་དང་། གཞི་དངོས་པོའི་གནས་ལུགས་དང་ལམ་གྱི་རིམ་པ་དང་འབྲས་བུ་སྐྱེ་བའི་རིམ་པ་ཞེས་བྱ་བ་ལ་སོགས་པ་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་སོ། །འདི་ལ་བསམ་གྱིས་མི་ཁྱབ་པའི་ཚུལ་གང་ཞེ་ན། སངས་རྒྱས་ཀྱི་སྙིང་པོ་ལ་དྲི་མས་གོས་པ་མེད་ཀྱང་། ཉོན་མོངས་པ་དང་ཤེས་བྱའི་དྲི་མ་མཐའ་དག་མ་སྤངས་ཀྱི་བར་ལ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། དྲི་མ་དེ་ཉིད་ཐོག་མ་མེད་པའི་དུས་ནས་འབྲེལ་ཀྱང་གློ་བུར་བ་ཡིན་པས་དྲི་མ་དེ་རྫས་བདེན་པར་གྲུབ་པ་མེད་པ་བྱང་ཆུབ་ཀྱི་དོན་དང་། ད་ལྟ་དྲི་མ་དང་བཅས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་རྫོགས་པར་ཡོད་ཀྱང་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པའི་རྒྱུ་མཐུན་པ་དཀར་པོའི་ཆོས་ཀྱི་རྐྱེན་གྱིས་མ་བསྐྱེད་ན་ནུས་པ་མི་འབྱིན་པ་ཡོན་ཏན་གྱི་དོན་དང་། སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་འཕྲིན་ལས་འཇུག་པ་ལ་དབྱེ་བ་མེད་པས་བརྗོད་པ་ཐམས་ཅད་དང་བྲལ་ཀྱང་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་བསམ་གྱིས་མི་ཁྱབ་སྟེ་མདོར་བསྡུས་ན། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་རྒྱུད་བླ་མར་གསུངས་པ་ཡིན་ནོ། །ཚུལ་འདི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྟོགས་དཀའ་བར་གསུངས་ཀྱང་རེ་ཞིག་དཔེས་བསྟན་པར་བྱ་སྟེ། ནོར་བུ་རིན་པོ་ཆེ་བཻ་ཌུརྻ་ཆེན་པོ་ཤུན་པ་དང་བཅས་པའི་ཚེ་ཤུན་པ་དང་བཅས་ཀྱང་ནང་དུ་ནོར་བུ་ལ་ཤུན་པ་འདྲེས་པ་མེད་པ་ལྟར་སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་སྙིང་པོ་དྲི་མ་རྣམས་ཀྱིས་བསྒྲིབས་ཀྱང་མ་འདྲེས་པས་ན་དག་ལ་ཉོན་མོངས་དང་ལྡན་པ་ཡིན་ནོ། །ཡང་ཐོག་མ་ནས་ཤུན་པ་དང་བཅས་པའི་ནོར་བུ་ཡིན་ཀྱང་ཤུན་པ་དེ་ནི་ནོར་བུ་ལས་བྱུང་པ་ཡང་མ་ཡིན་ནོར་བུ་ལས་གཞན་ནས་ཀྱང་བྱུང་པ་མ་ཡིན་ཏེ་གང་ནས་ཀྱང་མ་བྱུང་པའི་ཤུན་པ་དེ་རྣམ་པར་དག་པར་བྱས་པས་དག་པ་ལྟར་སེམས་སངས་རྒྱས་ཀྱི་སྙིང་པོའི་སྒྲིབ་པ་དག་པའི་སངས་རྒྱས་ཀྱང་དེ་ཁོ་ན་བཞིན་དུ་ཡིན་ནོ། །ཡང་ནོར་བུའི་ཡོན་ཏན་དེ་རྣམས་དང་པོ་དང་ཐ་མ་ཁྱད་མེད་ཀྱང་། སྔ་མ་ལ་ནི་ཡོན་ཏན་མི་སྣང་ལ་ཕྱི་མ་དྲི་མ་མེད་པ་དེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་གསོལ་བ་བཏབ་ན་ཡོན་ཏན་འབྱིན་པ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ད་ལྟ་ཡོད་ཀྱང་སྐྱོན་མེད་པའི་རྣམ་པར་དཀར་བས་མ་བསྐྱེད་ན་ནུས་པ་མི་འབྱིན་པས་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ནོར་བུ་ང་ནི་ཤུན་པ་ཅན་ནོ་ང་ནི་ཤུན་པ་མེད་པའོ་གསོལ་བ་འདེབས་པ་ལ་ཡོན་ཏན་སྦྱིན་ནོ་མི་སྦྱིན་ནོ་ཞེས་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པ་བཞིན་འཕྲིན་ལས་འཇུག་སྟེ། དེས་ན་སངས་རྒྱས་ཀྱི་སྙིང་པོ་ཡང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་སྟེ། ཚུལ་དེ་ལྟར་རྟོགས་པར་བྱའོ། །རྒྱུ་མཚན་འདི་མ་རྟོགས་པར་ད་ལྟར་འབྲས་བུ་ཡོད་པར་འཆད་པ་དང་ཉོན་མོངས་པ་སྤང་དུ་མེད་པ་དང་། གཉེན་པོའི་ཡེ་ཤེས་གསར་པ་བསྐྱེད་དུ་མེད་པ་དང་། རང་བཞིན་གྱིས་དག་པ་མེད་དགག་འབའ་ཞིག་གི་ཕྱོགས་སུ་འཆད་པ་ནི་རྡོ་རྗེའི་ཐེག་པ་ལས་རིང་ངོ་། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་འདི་ནི་དོན་དམ་དང་ཀུན་རྫོབ་དང་སངས་རྒྱས་དང་སེམས་ཅན་དང་སྣང་བ་དང་སྟོང་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་ངོ་བོ་ཉིད་གནས་སྐབས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །འདི་ཡི་ངོ་བོ་ནི། །ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གང་གསུངས་པ་སྟེ། རྒྱས་པར་ནི་ཁོ་བོས་སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པའི་བསྟན་བཅོས་སུ་བཤད་ཟིན་ཏོ།། །།དུམ་བུ་བཅུ་གཅིག་གི་ངེས་པ་བསྟན་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། ཐོག་མར་སྤྱི་ཡི་རྒྱུ་རྐྱེན་དང་། ལུས་གྲུབ་ཚུལ་དང་། རྩ་དང་རླུང་དང་། ཐིག་ལེ་དང་། རྣམ་པར་ཤེས་པ་དང་འབྲེལ་བ་དང་། ཕྱི་སྣོད་དང་། ལྷ་ལ་སྦྱར་བ་དང་། ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱར་བ་དང་། ལམ་གྱི་རིམ་པ་དང་། འཇིག་ཅིང་སྡུད་པའི་ཚུལ་རྣམས་དུམ་བུ་བཅུ་གཅིག་རིམ་པས་སྟོན་པར་བྱེད་དོ་ཞེས་མདོར་བསྟན་པ་སྟེ་གོ་རིམ་འབྲེལ་ཚུལ་ནི་སྔར་བཤད་པ་ཡིན་ནོ།། །།ད་ནི་བསྟན་བཅོས་རྒྱས་པར་བཤད་པ་ལ་དུམ་བུ་བཅུ་གཅིག་ལས། དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པ་ལ་བཞི་སྟེ། སེམས་དག་པ་དང་མ་དག་པའི་ངོ་བོ་བཤད་པ་དང་། ཅི་ལྟར་འཁྲུལ་པའི་ཚུལ་དང་། རྒྱུ་རྐྱེན་གྱི་དབྱེ་བ་དང་། གནས་སྐབས་གསུམ་གྱི་དབྱེ་བའོ། །དང་པོ་ལ་ཡང་། ངོ་བོ་དང་། རྣམ་པ་གཉིས་ལས་ངོ་བོ་ནི། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་བྱ་བ་སྨོས་པ་ནི། ཐེག་པ་ཐམས་ཅད་ཀྱི་སྤྱི་སྐད་ལ་སེམས་ཉིད་ཅེས་གསུངས་ཀྱང་། དག་པ་དང་བཅས་པ་དང་། མ་དག་པ་གཉིས་སུ་ཤེས་པར་བྱ་སྟེ། དག་པ་ལ་སེམས་སུ་བསྟན་པ་ནི་རྒྱུད་བླ་མ་ལས། །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །སའི་ཁམས་ལ་གནས་པ་མེད། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། ཞེས་གསུངས་ཏེ་འདི་ནི་སངས་རྒྱས་ཀྱི་སྙིང་པོ་ལ་སེམས་སུ་བརྗོད་ཅིང་འཁོར་འདས་ཐམས་ཅད་ཀྱི་གཞིའི་དོན་ཡིན་ནོ། །མདོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་སྟེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། །སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་དང་བསྟན་བཅོས་རྣམས་ལས་ཀྱང་མང་དུ་གསུངས་པ་ནི་དག་པ་དང་བཅས་པ་བརྗོད་པ་ཡིན་ནོ། །མ་དག་པ་ལ་སེམས་སུ་བརྗོད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསུངས་པ་གང་ཡིན་པ་སྟེ། མངོན་པ་ཀུན་ལས་བཏུས་པ་ནས། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ་ས་བོན་ཐམས་ཅད་པའི་ཀུན་གཞི་ཡི་རྣམ་པར་ཤེས་པ་ཞེས་གསུངས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁྱུད་པ་ཁམས་གསུམ་གྱིས་སེམས་དང་སེམས་ལས་བྱུང་བས་བསྡུས་པ་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །དེ་ལ་དགོངས་ནས་ལང་ཀར་གཤེགས་པ་ལས་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་པ་དང་། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དབུས་མཐའ་ལས་ཀྱང་གསུངས་ཏེ་དེ་བས་ན། རེ་ཞིག་ཀུན་གཞི་ཉིད་བཤད་པར་བྱའོ། །འདི་ནི་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །ཞེས་བྱ་བ་གསུངས་ཏེ། འདི་ཡང་ཀུན་གཞི་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་སྒྲ་མ་སྨོས་ན་དེ་བཞིན་ཉིད་ལ་ཡང་ཀུན་གཞིས་བརྗོད་དུ་རུང་བའི་ཕྱིར་རྣམ་པར་ཤེས་པ་སྨོས་སོ། །རྣམ་པར་ཤེས་པ་ནི་དོན་མཐོང་བ་ལ་བརྗོད་ན་འདི་དོན་དུ་ཅི་ལྟར་བཞག་ཅེ་ན། རྣམ་པར་སྨིན་པ་དང་ས་བོན་གྱི་དོན་དུ་རྣམ་པར་ཤེས་པའི་ཚོགས་གཞན་བདུན་པོ་ལས་ཕན་ཚུན་རྒྱུ་དང་རྐྱེན་གྱི་དངོས་པོར་གྱུར་བའི་ཕྱིར་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཐམས་ཅད་དེར་བསགས་པའི་ཕྱིར་རྣམ་པར་སྨིན་པ་སྟེ་ཆར་ཆུ་ལས་རྒྱ་མཚོ་བཞིན་ནོ། །རྐྱེན་ཉེ་བར་གནས་པ་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པའོ། །ཀུན་ཏུ་འགྲོ་བའི་རེག་པ་དང་ཡིད་ལ་བྱེད་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་ལྔ་པོས་དུས་ཐམས་ཅད་དུ་བསྐོར་བས་སེམས་བྱུང་རྣམས་ཀྱང་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་སྟེ། ཀུན་གཞི་ཉིད་ནི་ཚོར་བ་བཏང་སྙོམས་པ། ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ་མེ་ལོང་གི་གསལ་བ་བཞིན་ནོ། །རྒྱུན་འབབ་པའི་ཆུ་བོ་བཞིན་དུ་ཡུལ་དང་ཡུལ་ཅན་དང་དབང་པོའི་ས་བོན་ཐམས་ཅད་རྒྱུན་འཆད་པ་མེད་པར་འབབ་པ་ཡིན་ནོ། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ་ཅེས་པ་ནི། སངས་རྒྱས་པ་ལ་དགོངས་པ་སྟེ་ཉན་ཐོས་ཀྱི་དགྲ་བཅོམ་པ་ལ་ནི་ཀུན་གཞི་ཡོད་པ་ཉིད་དོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་མོངས་ཀྱི་རྟེན་ལོག་པ་ལ་ཡང་ཆ་ཅིག་ལོག་པར་བཤད་དུ་རུང་ངོ་། །འདི་ཡི་ཤིན་ཏུ་རྒྱས་པར་བཤད་པ་ནི་ཐེག་བསྡུས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་མངོན་པའི་མདོའི་གཞུང་ཆོས་ཀུན་ས་བོན་ཐམས་ཅད་པའི། རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་ཏེ། དེ་ལ་ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེར་སྦྱོར་བའམ། དེ་ཡང་དེ་དག་ཏུ་རྒྱུ་ཡི་དངོས་པོར་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡང་ན་སེམས་ཅན་དག་དེ་ཡི་བདག་ཉིད་དུ་སྦྱོར་བས་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ནི་ལེན་པའི་རྣམ་ཤེས་ཞེས་ཀྱང་བྱ་སྟེ་དགོངས་འགྲེལ་ལས། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། ཅེས་གསུངས་པ་ལྟ་བུ་སྟེ། དེ་ནི་དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་དེ་དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་པར་ཉེ་བར་བཟུང་བ་དང་། ལུས་ཉིང་འཚམས་སྦྱོར་བ་སྦྲེལ་བ་ན་ཡང་དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་ཏེ་དེ་ལྟ་བས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་པ་དང་། ཡང་མཚན་ཉིད་རྣམ་པར་བཞག་པ་ནི་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་རང་གི་མཚན་ཉིད་ནི། གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུས་ཐམས་ཅད་དུ་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་འབྲས་བུའི་མཚན་ཉིད་དུ་རྣམ་པར་བཞག་པ་ནི། གང་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །ཞེས་པ་དང་། བག་ཆགས་དེ་ཡང་དཀར་བ་དང་གནག་པའི་ཆོས་དེ་དག་དང་ལྷན་ཅིག་དུ་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུན་ཉིད་དུ་འབྱུང་ཞིང་དེ་ལས་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་ཤེས་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །སྣ་ཚོགས་པའི་བག་ཆགས་སྣ་ཚོགས་སུ་མ་དམིགས་པར་གནས་ཀྱང་ཕྱིས་ལས་སོ་སོར་བསྐྱེད་པ་ན་ཐ་དད་དུ་སྣང་བ་ནི་ཚི་གུའི་རྐྱེན་དང་ལྡན་པའི་རས་ཚོན་གྱིས་བསྒྱུར་བས་སྣ་ཚོགས་སུ་འགྱུར་བ་བཞིན་ཏེ། འདི་ནི་མཆོག་ཏུ་ཟབ་པའི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་ཀུན་གཞིའི་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་དང་རྐྱེན་གྱི་མཚན་ཉིད་དུ་བལྟའོ། །དེ་ཡང་གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། གཉིས་པ་ཉེ་བར་དཔྱོད་པ་ཅན། །ཉེ་བར་དཔྱོད་དང་ཡོངས་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་དབུས་མཐའ་ལས་བྱུང་བ་བཞིན་དུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྒྱུ་མཚན་འདིས་ནི་ཀུན་གཞི་ནི་སེམས་ཅན་གྱི་གནས་ཁྱད་པར་ཅན་དུ་བརྗོད་ལ། མྱ་ངན་ལས་འདས་པ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་ནི་མ་ཡིན་པར་བརྗོད་དོ། །འོ་ན་ཁ་ཅིག །ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང་། །རྣམ་པར་བྱང་བའི་རྒྱུ་མ་ཡིན། ཞེས་བྱ་བ་ལ་རྣམ་བྱང་གི་རྒྱུ་ཉིད་དུ་སྟོན་པ་ཡང་ཡོད་པས་འདི་ཇི་ལྟར་ཡིན་ཅེ་ན། ཀུན་གཞི་དེ་དག་པ་ལ་རྣམ་པར་བྱང་བ་ཉིད་ཀྱི་ཐ་སྙད་དུ་བརྗོད་པར་བྱེད་ན་རུང་གི་ཀུན་གཞིའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་བཤད་ན་མི་རུང་བ་ཉིད་ཡིན་ནོ། །འོ་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་དང་དབྱེ་བ་མེད་པ་ཡང་དག་པའི་ལྟ་བ་ལ་བརྟེན་པའི་རྟོགས་པ་ཡང་ཀུན་གཞིའི་སྟེང་དུ་འཇོག་པ་མ་ཡིན་ནམ། རྣམ་པར་བྱང་བའི་ཆོས་དེ་དག་ཅི་ལྟར་བསྐྱེད་ཅེ་ན། འདི་ནི་སྔར་བརྗོད་པའི་སེམས་ཀྱི་དག་པའི་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་སྟེ། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་ཉིད་ཡིན་ནོ། །རིགས་དེ་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་བྱ་བ་གསུངས་ཤིང་རྒྱས་པར་ནི་ཐེག་བསྡུས་ལས། ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེ་ཡི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་ཇི་ལྟར་རུང་། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པས་དེ་ཡི་བག་ཆགས་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་བྱུང་བ་བརྗོད་དགོས་སོ་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་སོན་པ་ལས་དེ་བྱུང་ངོ་། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་། ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཡིན་ན་ནི་ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང་། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི་ཐོས་པའི་བག་ཆགས་དེ་ཡི་ས་བོན་གྱི་གནས་གང་ཞིག་ཡིན་པར་བལྟ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་དེ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འགྱུར་ཏེ་ཐོས་བསམ་བསྒོམ་པ་ལན་མང་དུ་བྱས་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས་ཀུན་གཞིའི་ཡི་རྣམ་ཤེས་ཀྱི་ངོ་བོ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་བའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་པའི་ཀུན་ནས་བཀྲིས་པ་དང་། ངན་འགྲོ་དང་ཉེས་པ་ཐམས་ཅད་དེངས་བར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་། ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱིས་བསྡུས་པས། ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལྟར། རྣམ་པར་སྨིན་པའི་ཤེས་པ་འབྲི་ཞིང་གནས་རྣམ་པ་ཐམས་ཅད་དུ་གྱུར་པ་དང་། ས་བོན་ཐམས་ཅད་པ་ཡང་མེད་པར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན། དེ་ལྟ་མ་ཡིན་ཏེ་རང་བཞིན་དུ་གནས་པའི་རིགས་ཆོས་ཀྱི་དབྱིངས་དེ་ལ། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་རྣམ་པར་བཞག་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བཞག་ཅིང་ཕྱེ་བ་དེ་ལྟར། ཚོགས་བརྒྱད་པོ་དེ་རྣམས་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞི་ཡི་རང་བཞིན་དུ་ཡོད་དེ། དེ་ཡང་ཡང་དག་པའི་ཀུན་ཏུ་རྟོག་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས། སྔར་གྱི་དྲི་མ་དེ་བཅོམ་པ་ལས་ཚོགས་བརྒྱད་ཀྱི་འཁྲུལ་པ་མེད་པས་གནས་གྱུར་པའི་ཡེ་ཤེས་ཀྱི་མིང་ཐོབ་སྟེ། རྒྱུ་མཚན་དེས་ན། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་དབུས་མཐར་གསུངས་པ་ལྟར་དྲི་མ་མེད་པ་ནི་ཡེ་ཤེས་ཡིན་ལ་དྲི་མ་དང་བཅས་པ་ནི་རྣམ་པར་ཤེས་པ་ཡིན་པར་བལྟའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་སོ། །རྒྱས་པར་ནི་ཁོ་བོས་རྣམ་པར་ཤེས་པ་དང་ཡེ་ཤེས་བརྟག་པའི་བསྟན་བཅོས་སུ་བཤད་ཅིང་། འོག་ནས་རྣམ་པར་ཤེས་པ་དང་འབྲེལ་བ་བསྟན་པའི་སྐབས་ནས་ཀྱང་སྟོན་པར་བྱེད་དོ། །དེ་ལྟར་དག་པ་དང་མ་དག་པའི་སེམས་བཤད་ནས། ཐོག་མེད་ལ་ཞེས་བྱ་བ་ནི་དུས་ཀྱི་ཐོག་མ་དང་ཐ་མ་ནི་རྟོག་པས་སྒྲོས་བཏགས་པ་ཡིན་པས་འདིར་ནི་དྲི་མ་མེད་པ་དང་དྲི་མ་དང་བཅས་པའི་རང་གི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་སྟེ་དེ་ལས་ཐོག་མ་གཞན་མེད་པའི་ཕྱིར་ཐོག་མ་མེད་པའི་དུས་ཞེས་བྱ་སྟེ། རང་གི་ངོ་བོ་དེ་གང་གིས་རིག་པ་དང་རྟོགས་པའི་སྐད་ཅིག་ལ་ནི་རྣམ་པར་གྲོལ་བར་འགྱུར་ལ། དེ་མ་རིག་པས་སེམས་འཁྲུལ་པའི་ཐོག་མ་མ་རིག་པ་ཞེས་བྱའོ། །དེའི་ཕྱིར་ཆོས་མངོན་པའི་མདོ་ལས། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་ལའང་ཐོབ་པ་ཡིན། །ཅེས་གང་གསུངས་པ་དང་། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང་། །འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། ཞེས་གསུངས་པ་ཡིན་ནོ། །གང་སྐད་ཅིག་མ་དེ་མ་རྟོགས་པ་རྒྱུན་འབྲེལ་བ་འདས་པའི་དུས་དཔག་ཏུ་མེད་པར་ཡང་ཞུགས་ཤིང་བྱུང་བའི་ཕྱིར་ཡང་ཐོག་མ་མེད་པ་ཞེས་སྒྲས་བརྗོད་དུ་རུང་གིས། ཐོག་མ་ནས་སེམས་དྲི་མ་དང་བཅས་པ་རྟག་པ་ཉིད་དུ་ཡོད་པའམ་མེད་པ་ལ་སྐྱེ་བར་རྟོག་ན་ནི། འཇིག་ཚོགས་སུ་ལྟ་བའི་རྣམ་གྲངས་ཡིན་ལ། དྲི་མ་རྟག་པར་འབྲེལ་ན་སྤང་དུ་མི་རུང་བ་ཉིད་དང་། སེམས་རྒྱུ་མེད་ལས་སྐྱེ་བར་འགྱུར་བའི་སྐྱོན་ཡོད་པས་རིགས་པ་དང་ཡང་འགལ་ལོ། །དེ་ལྟ་བུའི་སེམས་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་གཅིག་པ་དང་ཐ་དད་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་རྒྱ་མ་ཆད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་ཕྱོགས་སུ་མ་ལྷུང་བས་ན་ཕྱོགས་ལྷུང་མ་མཆིས་པ་ཉིད་ཡིན་པས་སེམས་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །སེམས་ཀྱི་རྣམ་པ་ནི། དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་དང་རང་བཞིན་གསལ། །རྣམ་པ་འགག་མེད་ཅི་ཡང་འཆར། །ཞེས་བྱ་བ་སྨོས་ཏེ། སེམས་དེ་ཉིད་རྣམ་པར་རིག་པ་སྐད་ཅིག་གི་རང་ངོ་མ་འགགས་པའི་རྣམ་པར་རོལ་པའི་ཆ་ལས། རང་བཞིན་སྟོང་པ་ཉིད་དུ་གནས་པ་དང་། རང་བཞིན་གྱིས་གསལ་བར་གནས་པ་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། དེ་ལས་སེམས་བྱུང་གི་ཚོགས་དང་རྣམ་པ་ཤེས་པའི་ཚོགས་བདུན་གྱི་རང་རང་གི་རྣམ་པ་འགག་པ་མེད་པར་སྐད་ཅིག་དུ་འཆར་བའི་ཕྱིར། མ་དག་པའི་གནས་སྐབས་ན་སེམས་དང་། ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བར་གསུངས་པ་དང་། དག་པ་ན་སྐུ་གསུམ་དང་ཡེ་ཤེས་ཀྱི་མིང་གིས་བརྗོད་པ་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཀྱང་། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཞེས་བརྗོད་པར་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གསུངས་སོ། །གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་བཤད་པ་ནི། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། །དེ་ཉིད་རང་གིས་རང་མ་རིག །འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །ཞེས་བྱ་བ་སྟེ། སེམས་དེ་ཉིད་རང་གིས་རང་མ་རིག་པ་ཡང་གང་མ་རིག་པ་དང་གང་གིས་མ་རིག་པ་དང་ཚུལ་ཇི་ལྟར་མ་རིག་པ་སྟེ། དང་པོ་ནི་རང་བཞིན་གྱིས་དག་པའི་རང་གི་ངོ་བོ་མ་རིག་ལ། གང་གིས་ཞེ་ན་རང་ངོ་ལ་ཡུལ་དང་ཡུལ་ཅན་ལྟར་སྣང་བའི་འགག་པ་མེད་པའི་རྩལ་གྱིས་མ་རིག་པའོ། །ཚུལ་ཇི་ལྟར་དུ་མ་རིག་ཞེ་ན་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་རྒྱུ་རྐྱེན་ལྟར་སྣང་བ་དང་དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་དུ་བྱེད་པས་མ་རིག་པ་བསྐྱེད་དེ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁོར་བའི་གཞི་དང་རྐྱེན་དུ་གྱུར་ཏོ། །དེ་ཡང་ཀུན་གཞི་དང་ཕན་ཚུན་རྒྱུ་དང་རྐྱེན་གྱི་རྣམ་པར་གྱུར་པའི་ཕྱིར་ཆུ་དང་རླབས་ལྟར་དུ་རྒྱུན་མི་འཆད་པར་གཡོ་ཞིང་འདུ་བྱེད་པས་མ་རིག་པའོ། །འདི་ནི་ཡིད་ཅེས་བཤད་དེ་འདི་ཡང་སུམ་ཅུ་པ་ལས། །དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་དུ་འགྲོགས། །ཞེས་གསུངས་ཏེ་འདི་ནི་དེ་ལ་གནས་པ་ནི། །ཀུན་གཞི་དེ་ལ་གནས་ཏེ་རབ་ཏུ་འབྱུང་ཞིང་། རྣམ་པར་ཤེས་པའི་ཚོགས་གཞན་དྲུག་པོ་དག་གི་སྐྱེ་བ་དང་འགག་པ་ན་ནུས་པ་ཀུན་གཞི་ལ་འཇོག་པར་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ཡི་རང་གི་ངོ་བོ་ནི་དཔལ་ཆོས་ཀྱི་གྲགས་པས། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་ཚད་མར་གསུངས་སོ། །གཉིས་པ་དེ་ལ་དམིགས་པའི་ཡིད་ཅེས་བྱ་བ་ཀུན་གཞི་ལ་ངར་སེམས་པའི་བདག་ཉིད་ཅན་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ་འདི་ཡང་ཡིད་དེ་ཉིད་ཀུན་གཞི་ལ་བདག་དུ་རྟོག་པར་བྱེད་པ་ཉོན་མོངས་པ་བཞི་པོས་དུས་རྟག་ཏུ་བསྒོས་པའི་ཕྱིར་དེ་ནི་རྣམ་པར་ཤེས་པ་ཉོན་མོངས་པའི་གནས་ཡིན་པས་འདི་ལ་ནི་ཚད་མ་མེད་ཅིང་ཚད་མ་མ་ཡིན་པའི་བློ་ཐམས་ཅད་སྐྱེ་བར་བྱེད་པ་ཡིན་ནོ། །འདི་གཉིས་ཀ་གཅིག་ནི་རྣམ་པར་ཤེས་པ་རང་གི་ངོ་བོ་བརྗོད་ཅིང་གཅིག་ནི་དེ་ལ་བརྟེན་ནས་འཁྲུལ་པར་བྱེད་པ་དང་ལྡན་པའི་ཆ་ནས་བརྗོད་དེ་ཐག་པ་དང་དེ་ལ་སྦྲུལ་དུ་འཛིན་པ་བཞིན་དུ་བརྗོད་དོ། །འདི་ལ་གཞན་དག་དེ་མ་ཐག་པ་དྲུག་པ་ཡིད་ཀྱི་ཆར་འཆད་པ་དང་། ཁ་ཅིག་དོན་ལ་མེད་པར་འཆད་པ་དག་ཡོད་ཀྱང་དེ་དག་ནི་ཉན་ཐོས་པའི་ཚོགས་དྲུག་ལས་མེད་པར་འདོད་པའི་རྣམ་བཞག་ལ་ཞེན་ནས་ཐེག་པ་ཆེན་པོའི་ཚོགས་བརྒྱད་ཀྱི་རྣམ་པར་བཞག་པ་མ་རྟོགས་པ་ཡིན་ནོ། །འདི་ཡི་རྒྱས་པར་ཐེག་བསྡུས་ལས་དེ་ལ་ཡིད་ནི་རྣམ་པ་གཉིས་སྟེ་དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་རྟག་ཏུ་མཚུངས་པར་ལྡན་པ་སྟེ། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ་གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་ཏེ། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཞེས་གསུངས་ཏེ་ཉོན་མོངས་པ་ཅན་ནི་ལྡན་པའི་ཚིག་སྟེ་རྒྱུ་མཚན་འདིས་ན་ཁམས་གསུམ་དུ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་ལས་འདས་པའི་འགོག་པའི་སྙོམས་པར་འཇུག་པ་ན་འདི་མེད་པ་དང་། དགྲ་བཅོམ་པ་དང་། འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའི་ལམ་གྱི་མཉམ་པར་བཞག་པ་ན་མེད་དོ། །ཚེ་རིང་པོའི་འདུ་ཤེས་མེད་པར་སྐྱེ་བའི་རྒྱུ་འདུ་ཤེས་མེད་པའི་སྙོམས་འཇུག་ན་ནི། ཉོན་མོངས་པ་ཅན་གྱི་ཡིད་ཡོད་པས་ཁྱད་པར་ཤེས་པར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པ་སྐྱེ་བ་དང་འགག་པ་དེ་མ་ཐག་པ་ཀུན་གཞི་ལ་གནས་པ་དེ་དྲུག་པ་ཡིད་ཀྱི་ཆ་ཤས་སུ་བྱས་ན་གང་གི་ཚེ་འགོག་པའི་སྙོམས་འཇུག་ནུས་པ་དེའི་ཚེ་ཀུན་གཞི་དང་ཚོགས་དྲུག་མ་གཏོགས་པ་མེད་པར་འགྱུར་བས་ཚོགས་བདུན་དུ་འགྱུར་ཏེ། ཉོན་ཡིད་མེད་པའི་ཕྱིར་རོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དྲི་མེད་པའི་ཡིད་ཚོགས་དགུ་པར་བཞག་དགོས་ན་དེ་ཡང་མི་འཐད་དོ། །འོ་ན་དེ་མ་ཐག་པར་བཤད་པའི་བདུན་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་གང་གིས་ཉོན་ཡིད་དུ་འཇོག་ལ། གང་གིས་དྲི་མ་མེད་པར་འཇོག་ཅེ་ན། ཉོན་མོངས་པ་བཞིས་འཁྱུད་ན་ཉོན་མོངས་པ་ཅན་དུ་འགྱུར་ལ། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས་འཁྱུད་པར་གྱུར་པ་ན་དྲི་མ་མེད་པའི་ཡིད་དུ་བརྗོད་པ་ལེགས་སོ། །དེ་གཉིས་ཀྱང་ཇི་སྲིད་རྣམ་པར་དག་པའི་གནས་ཡོངས་སུ་མ་གྱུར་གྱི་བར་ལ་ལྷན་ཅིག་འདྲེས་ཤིང་འབྱུང་བར་གསུངས་སོ། །དེ་ཡང་ཐེག་བསྡུས་ལས་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཅིས་མངོན་ཞེ་ན། དེ་མེད་དུ་ཟིན་ན་མ་རིག་པ་དང་མ་འདྲེས་པའི་སྐྱོན་དང་། ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་རྣམ་པར་ཤེས་པ་ལྔ་པོ་དག་གི་ལྷན་ཅིག་འབྱུང་པའི་གནས་ནི་མིག་ལ་སོགས་པའོ། །ངེས་ཚིག་མེད་པའི་སྐྱོན་དང་། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་བྱེ་བྲག་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། འགོག་པའི་སྙོམས་པར་འཇུག་པ་ནི་མ་ཡིན་ཏེ་གཞན་དུ་ན་འདི་གཉིས་བྱེ་བྲག་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདུ་ཤེས་མེད་པ་དེ་ན་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་མེད་ན། འདུ་ཤེས་མེད་པར་སྐྱེ་བ་ཐོག་ཐག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ཡང་ངར་འཛིན་པ་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བར་ཡང་དམིགས་པ་ཡི་ཡང་ཕྱིར་རོ། །གཞན་དུ་ན་ནི་མི་དགེ་བའི་སེམས་ཁོ་ན་དེ་དག་དང་མཚུངས་པར་ལྡན་པས་ངའོ་སྙམ་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་འབྱུང་བར་ཀུན་ཏུ་འབྱུང་བ་དང་ལྷན་ཅིག་མཚུངས་པར་ལྡན་པར་ཀུན་ཏུ་འབྱུང་བས་སྐྱོན་འདི་དག་ཏུ་མི་འགྱུར་རོ། །ཡིད་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་སྟེ། སྒྲིབ་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་ཁམས་བཅོ་བརྒྱད་དུ་འཆད་པ་ན་ཡིད་དང་ཆོས་དང་ཡིད་ཀྱིས་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇོག་པ་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་བརྗོད་པ་ནི་བྱེ་བྲག་ཡིན་ལ། བདུན་པ་བསྟན་པ་ནི་དྲུག་པོ་ཐམས་ཅད་ཀྱི་འགགས་མ་ཐག་པར་བརྗོད་དེ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ནི་མིག་ལ་སོགས་པ་དག་ལ་བརྟེན་ཏེ། གཟུགས་ལ་སོགས་པ་དམིགས་པ་རྣམ་པར་རིག་པའོ། །ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགགས་མ་ཐག་པ་སྟེ། རྣམ་པར་ཤེས་པ་དྲུག་གི་གནས་བསྟན་པའི་ཕྱིར། དེ་ལྟར་ཁམས་བཅོ་བརྒྱད་དུ་རྣམ་པར་བཞག་གོ །ཞེས་གསུངས་སོ། །ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ནི། ཚིགས་སུ་བཅད་པ་གཉིས་ཏེ་ཐོག་མར་རྣམ་པར་ཤེས་པ་དྲུག་པོ་བཤད་པར་བྱ་སྟེ་སུམ་ཅུ་པ་ལས། །གསུམ་པས་ཡུལ་རྣམས་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །ཞེས་པ་སེམས་ནི་ཀུན་གཞིའོ་ཡིད་ནི་སྔར་བཤད་པ་གཉིས་པོའོ། །གསུམ་པ་རྣམ་པར་ཤེས་པའི་ཚོགས་དྲུག་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་དྲུག་པོ་ལ། དམིགས་པ་གང་ཡིན་པ་དེ་རྣམས་ཡིན་ནོ། །ཞེས་བྱ་བ་ནི་ལྷག་མ་འདི་རྣམས་དང་མཚུངས་པར་ལྡན་པ་བརྗོད་དེ། དགེ་དང་མི་དགེ་གཉིས་ཀ་མིན། །ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །ཞེས་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་མཚུངས་པར་ལྡན་པར་གསུངས་སོ། །ད་ནི་གཞུང་ཉིད་བསྟན་པར་བྱ་སྟེ་སྔར་བཤད་པའི་སེམས་དང་ཡིད་ཆུ་རླབས་ལྟར་གཡོ་བ་ལ་ཇི་ལྟར་འབྱུང་ཞེ་ན། དོན་དང་འཛིན་པ་གཉིས་སྣང་བས། །རང་གིས་རང་ལ་གཏད་ཅིང་གཟུང་། ཞེས་བྱ་བ་དོན་ནི་ཡུལ་དྲུག་གོ །འཛིན་པ་ནི་རྣམ་པར་ཤེས་པ་དྲུག་སྟེ་དོན་ལ་ཐ་དད་དུ་བདེན་པ་མེད་ཀྱང་གཉིས་སུ་སྣང་བ་སྐྱེ་བར་འགྱུར་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚོགས་པའི་རྟེན་ཅིང་འབྲེལ་བས་སྣང་བ་སྐྱེའོ། །དེ་ལས་སྣང་བ་མཆེད་པར་འགྱུར་བས་ན། རྟོག་པའི་ཡིད་དང་འབྲེལ་བར་འགྱུར་ཏེ་དོན་མཐོང་བར་བྱེད་པས་སྣང་བ་ཐོབ་པ་ཞེས་བྱ་སྟེ། དེས་ན་ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་བཟུང་རྣམ་ཤེས་བྱུང་། །ཞེས་བསྟན་པ་ཡིན་ནོ། །འདི་ལ་ཡང་ཆོས་ཐམས་ཅད་སེམས་སུ་མི་ཤེས་པ་དག་རྣམ་པར་ཤེས་པ་རང་སེམས་ཡིན་ཡང་ཡུལ་ཕྱི་རོལ་གྱི་དོན་ནི་རྡུལ་ཕྲན་ནམ་ཕག་ན་མོས་བསྐྱེད་པར་རྟོག་པ་ཡོད་པས་དེ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་གིས་རང་ལ་གཏད་ཅིང་བཟུང་བའི་ཚུལ་བསྟན་པར་བྱ་སྟེ། འདི་ནི་ཀུན་གཞིའི་ངོ་བོ་ས་བོན་ཐམས་ཅད་པ་ལ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་ས་བོན་རྒྱུན་ཆད་པ་མེད་པ་རྒྱུ་དང་འབྲས་བུའི་ནུས་པ་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་བསམ་གྱིས་མི་ཁྱབ་སྟེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། །ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཞེས་གསུངས་པ་ཡིན་ནོ། །འདི་ལ་རིགས་པ་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། །ནང་གི་ཤེས་བྱའི་ངོ་བོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེའི་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་ཕྱི་རོལ་ལྟ་བུར་སྣང་བ་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང་དེ་ལས་སྐྱེས་པ་ཡིན་པས་ཆོས་ཉིད་གཉིས་དང་ལྡན་པའི་ཕྱིར་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ་ཞེས་པ་དང་། ཡང་ལྷན་ཅིག་སྐྱེས་པ་ཡིན་ཀྱང་རྐྱེན་དུ་འཐད་པ་དང་། །ནུས་པ་འཇོག་པས་རིམས་ཀྱིས་ཀྱང་མི་འགལ་བ་དང་། ནུས་པ་ལ་དབང་པོ་ཡང་ཡིན་པ་མི་འགལ་བར་བསྟན་པའི་ཕྱིར། །གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ནུས་པ་འཇོག་ཕྱིར་རིམས་ཀྱིས་ཡིན། །ལྷན་ཅིག་བྱེད་དབང་ནུས་པ་ཡིས། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་བྱ་བ་ལ་སོགས་པ་དམིགས་པ་བརྟག་པར་གསུངས་པ་ཡིན་ནོ། །དེ་ལྟར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ལ་བརྟེན་ནས། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་བཅུ་གཉིས་འབྱུང་སྟེ། དེའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་དེའི་རྐྱེན་གྱིས་ཡུལ་དྲུག་ལ་དོན་དུ་མཐོང་བའི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་བླང་བྱ་དང་དོར་བྱ་མ་ཡིན་པ་ལ་ཡུལ་གཞན་དུ་རྟོག་པས་བླང་བྱར་རྟོག་པ་ཚོར་བ་བདེ་བ་དང་། དོར་བྱར་རྟོག་པས་སྡུག་བསྔལ་དང་། བར་མ་བཏང་སྙོམས་ཀྱི་ཚོར་བ་སྐྱེ་ལ། དེ་ཡི་དབང་གིས་ཡུལ་ལ་མཚན་མར་འཛིན་པས་འདུ་ཤེས་སུ་འགྱུར་རོ། །མཚན་མར་བཟུང་བས་ཡུལ་གཞན་དུ་རྟོག་པའི་བག་ཆགས་བརྟན་པར་བྱས་པས་གཟུགས་ཀྱི་ངོ་བོ་དབྱིབས་དང་ཁ་དོག་ལ་སོགས་པར་ཞེན་ནས་གཟུགས་ཀྱི་ཕུང་པོ་འགྲུབ་པར་འགྱུར་ཏེ། དེ་རྣམས་ཀྱང་སེམས་མ་དག་པའི་རྒྱུ་ལས་རྐྱེན་དུ་སྣང་བ་དུ་མ་འདུས་པའི་རྟེན་འབྲེལ་ལས་སྣང་བའི་ཕྱིར་ཕུང་པོ་ཞེས་བྱ་སྟེ་འབྲུའི་ཕུང་པོ་བཞིན་ནོ། །དེའི་ཕྱིར། བླང་དོར་བྱེད་པས་ཚོར་བ་སྐྱེ། །དེ་ལ་མཚན་འཛིན་འདུ་ཤེས་ཏེ། །འདུས་བྱས་ཡུལ་སྣང་གཞན་དུ་བརྟགས། །ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ། །ཅེས་སྨོས་པ་ཡིན་ནོ། །འདི་ནི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ལ་སྔར་བསྟན་པ་ལྟར་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དབྱེ་བ་དུ་མར་བརྗོད་དེ། དུ་མ་འདུས་པའི་དོན་དང་། རང་གི་ངོ་བོ་བྱེད་པོ་མེད་ལ་མཚན་ཉིད་འཛིན་པའི་དོན་དང་། ཤེས་པའི་སྐྱེ་སྒོ་བྱེད་ལ་བྱེད་པོ་གཞན་མེད་པའི་དོན་གྱིས་གཅིག་པུ་དང་ཟ་བ་པོ་དང་བྱེད་པ་པོར་རྟོག་པའི་ལྟ་བ་ངན་པ་སྤང་བའི་དོན་དུ་རྣམ་པར་བཞག་པར་རིག་པར་བྱའོ། །རྒྱས་པར་ནི་ཕུང་པོ་ལྔའི་རབ་ཏུ་བྱེད་པར་གསུངས་པས་འདིར་མ་སྤྲོས་པ་ཡིན་ནོ། འདི་ལྟར་འཁོར་བའི་ཆོས་ཐམས་ཅད་འཁྲུལ་པ་ཉིད་དུ་བསྟན་པ་འདི་ལ་མདོར་བསྡུས་ན་བདེན་པ་གཉིས་ཀྱི་རང་ངོ་མ་རྟོགས་པས་འཁྲུལ་པ་ཞེས་བྱ་སྟེ། རྨི་ལམ་དང་སྒྱུ་མ་མ་རྟོགས་པས་འཁྲུལ་པ་བཞིན་ནོ། །འདི་ནི་བྱང་ཆུབ་སེམས་འགྲེལ་ལས། །མ་རིག་ནས་བརྩམས་རྒ་ཤིའི་བར། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། བརྟེན་ནས་བྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལམ་གཞན་པའི་སེམས་ཅན་གང་། །ལས་འབྲས་སྤྱད་པར་འདོད་པ་མེད། །ཞེས་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་པ་ལྟར་མདོ་དང་རྒྱུད་དང་བསྟན་བཅོས་དུ་མ་ལས་གསུངས་སོ། །དེ་ལྟར་འཁྲུལ་པའི་ཚུལ་བཤད་ནས།། །།གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་ནི་གཉིས་ཏེ་རྒྱུ་དྲུག་དང་། རྐྱེན་བཞིར་བསྟན་པའོ། །དང་པོ་ནི། །ཁམས་ལྔ་རྣམ་པར་ཤེས་དང་དྲུག །རྒྱུ་ཞེས་རྟོག་པས་ཐ་སྙད་བྱས། །ཞེས་པ་ནི་ཐེག་པ་སྤྱིའི་སྐད་ལ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་དང་། རྣམ་པར་ཤེས་པའི་ཁམས་ཏེ་དྲུག་པོ་རྣམས་ནི་ཕྱི་ནང་ཐམས་ཅད་ཀྱི་རྒྱུ་ཞེས་ཐ་སྙད་དུ་བཏགས་སོ། །དེ་དག་གི་མཚན་ཉིད་ཀྱང་སྲ་ཞིང་བརྟན་པ་དང་། རླན་ཞིང་གཤེར་བ་དང་། ཚ་ཞིང་སྲེག་པ་དང་། ཡང་ཞིང་གཡོ་བ་དང་། སྟོང་ཞིང་གོ་འབྱེད་པ་ནི་རིམ་པ་ལྟར་ཁམས་ལྔ་ཡིན་ལ་རྣམ་པར་ཤེས་པ་ནི་སྔར་བརྗོད་ཟིན་ཏོ། །གཉིས་པ་རྐྱེན་ལ་བཞི་ལས། དང་པོ་རྒྱུའི་རྐྱེན་ནི། །དེའི་བག་ཆགས་ཀུན་གཞི་ལ། །བསགས་པས་རྒྱུའི་རྐྱེན་ཅེས་བྱ། །ཞེས་པ་ནི་སྔར་བསྟན་པའི་ས་བོན་ཐམས་ཅད་པ་འདི་ནི་རྒྱུའི་རྐྱེན་ཅེས་བྱ་སྟེ། དེ་མེད་ན་སེམས་ཅན་གྱི་རྒྱུ་གཞན་མ་དམིགས་པའི་ཕྱིར་རོ། །དེ་དཔེ་དང་བཅས་ཏེ་ཐེག་བསྡུས་ལས་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་སྨིག་སྒྱུ་དང་རྨི་ལམ་དང་རབ་རིབ་ལྟ་བུའི་ཕྱིར། དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པའི་ས་བོན་དུ་དེ་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་པས། ཡོད་དགོས་སོ་ཞེས་མང་དུ་གསུངས་སོ། །བདག་རྐྱེན་ནི། བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། །ཞེས་སྨོས་ཏེ། རྣམ་པར་ཤེས་པ་དྲུག་གི་བདག་པོའི་རྐྱེན་ནི་བར་དུ་སྣང་བའི་དབང་པོ་ལྔ་དང་རྣམ་པར་ཤེས་པའི་དབང་པོར་བརྗོད་དེ། འདི་ཡང་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་གཟུགས་ཅན་དང་བ་དང་། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་གམ་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་སྟེ་ཐམས་ཅད་ཀྱང་གཟུགས་ཅན་དང་བའོ་ཞེས་གསུངས་ཏེ། ཅིའི་ཕྱིར་གཟུགས་ཅན་ཞེ་ན་འབྱུང་བ་བཞིའི་རྒྱུ་ལས་བྱུང་པ་དང་། དང་བ་ནི་རྣམ་པར་ཤེས་པ་དང་འབྲེལ་བས་གསལ་བ་ལ་བརྗོད་དོ། །འདི་ཡང་ནང་གི་ས་བོན་ནམ་ནུས་པར་འབྲེལ་བ་བརྟག་པར་གསུངས་ཤིང་། ཐེག་བསྡུས་སུ་ནི་ཀུན་གཞིའི་བཟུང་བའི་ཆ་དབང་པོ་ལྔར་སྣང་བ་ལ་བཞེད་དེ་ཐམས་ཅད་ཀྱང་འགལ་པ་མེད་དོ། །ཡིད་ཀྱི་དབང་པོ་ནི་དེ་མ་ཐག་པ་ཀུན་གཞི་ལས་སྐྱེ་བ་དང་འགག་པ་ཉིད་དང་། དྲུག་པོ་འགགས་མ་ཐག་པ་ཡིད་ཀྱི་ཁམས་སུ་བཤད་པ་དང་། ཀུན་གཞིའི་ནུས་པའི་བྱེ་བྲག་ལ་སོགས་པར་བཤད་ཀྱང་། དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པའི་ནུས་པ་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་རིགས་ཏེ། ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་སྐྱེ་མཆེད་དང་དེ་གཉིས་ཡུལ་དང་ཡུལ་ཅན་དུ་རྟེན་ཅིང་འབྲེལ་བ་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་བསྟན་པ་ནི། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བའི་རིག་བྱ་སྟེ། །ཞེས་བྱ་བ་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ཆོས་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །དེ་ཡང་གཟུགས་ནི་འབྱུང་བ་ཆེན་པོ་བཞི་འམ་བཞི་དག་རྒྱུར་བྱས་པ་མིག་གི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་དང་། ཁ་དོག་དང་དབྱིབས་དང་རྣམ་པར་རིག་པའོ། །སྒྲ་ནི་རྣ་བའི་ཡུལ་ཏེ་ཟིན་པ་དང་མ་ཟིན་པ་དང་གཉིས་ཀ་སྟེ་འབྱུང་བ་ལས་བྱུང་བའོ། །དྲི་ནི་སྣའི་ཡུལ་ཏེ་དྲི་ཞིམ་པ་དང་དྲི་ང་བ་དང་དེ་ལས་གཞན་པའོ། །རོ་ནི་ལྕེའི་ཡུལ་ཏེ་རོ་དྲུག་གོ། །རེག་བྱ་ནི་ཕྱོགས་གཅིག་ལུས་ཀྱི་ཡུལ་ཏེ། འཇམ་རྩུབ་དང་ཡང་ལྕི་དང་གྲང་དྲོ་དང་བཀྲེས་སྐོམ་མོ། །ཆོས་ནི་འདུས་བྱས་བསྡུས་པ་ལས་གྱུར་བ་དང་། མངོན་པར་སྐབས་ཡོད་པ་དང་། བརྡ་ལས་བྱུང་བ་ཡང་དག་པར་བླངས་པ་དང་། དབང་འབྱོར་བ་དང་། ཀུན་བརྟགས་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །འདུས་མ་བྱས་ནི། འགོག་པ་གཉིས་དང་ནམ་མཁའ་དང་། དེ་བཞིན་ཉིད་དེ་རྣམ་གྲངས་ཕྱེ་ན་བརྒྱད་དུ་བཤད་པ་རྣམས་ཡིན་ནོ། མདོར་བསྡུས་ན་རྣམ་པར་རིག་པར་བྱ་བ་ཡིན་ནོ། །དེ་མ་ཐག་པའི་རྐྱེན་ནི། དེ་མ་ཐག་པའི་རྐྱེན་ཅེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་ཞེས་བྱ་བ་སྟེ། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི། ཚོགས་དྲུག་པོ་སོ་སོ་འགགས་པ་ཉིད་ཕྱི་མའི་དེ་མ་ཐག་པར་འདོད་ཀྱང་། འགགས་པ་རྒྱུ་ཉིད་དུ་མི་རུང་བའི་རིགས་པས་འདིར་ནི་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ་ལྟར་ཚོགས་དྲུག་པོ་འགགས་པ་ན་ཡིད་ཀྱི་ཁམས་དང་གཅིག་དུ་བཤད་པའི་རྣམ་པར་ཤེས་པས་ཀུན་གཞི་ལ་འགྱེད་ཞིང་ཡང་དེ་མ་ཐག་ཏུ་ས་བོན་ཐམས་ཅད་པ་ལས་ཆུ་ལས་རླབས་ཀྱི་རྐྱེན་བཞིན་དུ་ཀུན་གཞི་ལ་གནས་པའི་ཡིད་གཡོ་ཞིང་འབྱུང་བས་དེ་མ་ཐག་པའི་ཡིད་སྔར་བཤད་པ་ལྟར་འབྱུང་སྟེ་ཚོགས་དྲུག་གི་རྐྱེན་གཅིག་འབྱུང་ན་དེ་མ་ཐག་པ་ཡང་གཅིག་འབྱུང་གི་གཉིས་པ་མི་འབྱུང་ངོ་། །མང་པོ་འབྱུང་པའི་རྐྱེན་ཉེ་བར་གནས་ན་དེ་སྙེད་གཅིག་འབྱུང་བར་འགྱུར་རོ། །དེའི་ཕྱིར་གང་གང་འགགས་པ་ནི་ཚོགས་དྲུག་པོའི་སྔ་མ་འགགས་པའི་ཚེ། དེ་མ་ཐག་ཏུ་ཡང་ཕྱི་མའི་རྐྱེན་ཉེ་བར་སྦྱོར་བས་དེ་མ་ཐག་པ་ཡིན་ནོ། །དེས་ན་གང་གང་སྐྱེ་བ་དེ་མ་ཐག་ཅེས་བཤད་ཀྱང་འགལ་བ་མེད་དོ། །རྒྱུ་མཚན་ནི། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟར་འབྱུང་བར་འགྱུར་བ་ནི། །རྣམ་ཤེས་ལྷན་ཅིག་འམ་མ་ཡིན། །ཞེས་སུམ་ཅུ་པར་གསུངས་པ་ལྟར། རྩ་བའི་རྣམ་ཤེས་ནི་ཀུན་གཞི་ཡིན་ལ་རྣམ་ཤེས་ལྔ་པོ་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་རྐྱེན་གསུམ་དང་ལྷན་ཅིག་ཏུ་འབྱུང་བའམ། ཡང་ན་རྣམ་པར་ཤེས་པ་ཉིད་བདག་པོའི་རྐྱེན་དུ་དགོངས་པས་དེ་མ་ཐག་པས་བསྐྱེད་ནས་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་བསྐྱེད་དོ་སྙམ་དུ་མཛད་པས་ལྷན་ཅིག་མ་ཡིན་པར་སྨོས་པའོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་ཇི་ལྟར་འབྱུང་བ་ནི་ཡང་དེ་ཉིད་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གསུངས་ཏེ་གནས་སྐབས་ལྔ་པོ་དེ་ན་དྲུག་པ་ཡིད་རེ་ཞིག་ཀུན་གཞི་ལ་བསྡུས་པས་ཆོས་ལ་གཏད་པའི་རྣམ་པ་མི་གསལ་བའི་ཕྱིར་དེ་དག་གི་སྐབས་སུ་མི་འབྱུང་བར་བཤད་པ་ཡིན་ནོ། །གཞན་གནས་སྐབས་ཐམས་ཅད་དུ་འབྱུང་བར་བཞེད་པ་ཡིན་ནོ། །འདིར་དྲུག་པའི་ཡིད་དང་བཅས་ཞེས་བྱ་བ་ནི་དྲུག་པ་ཡིད་དེ་ལ་ཡང་དེ་མ་ཐག་པའི་ཡིད་ཡོད་པས་དེ་མ་ཐག་པ་ཀུན་གཞི་ལ་གནས་པའི་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་ཡིན་ནོ། །གཞན་དག་དེ་མ་ཐག་པ་དྲུག་པ་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་ཡོད་པས་ཚིག་འདི་རྣམ་པར་ཤེས་པ་དྲུག་པོ་མཚུངས་པར་དེ་མ་ཐག་པ་འབྱུང་བར་སྟོན་པ་ཡིན་ནོ། །རྣམ་པར་ཤེས་པ་དྲུག་པོ་རྣམས་འབྲས་བུར་བརྗོད་པ་ན་རྐྱེན་གསུམ་ལས་སྐྱེས་པར་འཐད་དོ། །རྣལ་འབྱོར་སྤྱོད་པ་པའི་གཞུང་གིས་རྐྱེན་བཞི་ནི་སེམས་ཀྱིས་བསྐྱེད་པའི་རྒྱུ་རྐྱེན་ཐམས་ཅད་ལ་བརྗོད་པ་ཡིན་ནོ། །དོན་དམ་པར་ན་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་འཐད་ཀྱིས་འདི་ཐམས་ཅད་རྟོག་པའི་བྱེ་བྲག་ལ་བརྗོད་པར་ཟད་དོ། །ལུང་གི་སྤྲོས་པ་དང་རིགས་པ་མང་དུ་ཡོད་མོད་ཀྱི་སྤྲོས་པ་ཆོག་གོ །དེ་ལྟར་རྒྱུ་རྐྱེན་གྱི་དབྱེ་བ་བཤད་ནས། བཞི་ལ་གནས་སྐབས་གསུམ་གྱི་དབྱེ་བ་ལ་གསུམ་ཏེ། མ་དག་པ་དང་། གཉིས་ལྡན་དང་རྣམ་པར་དག་པའོ། །དང་པོ་ནི་ཚིགས་སུ་བཅད་པ་གསུམ་སྟེ། དང་པོ་སྤྱིར་བསྟན་པ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། འཁོར་འདས་ཆོས་ཀུན་སྣང་བར་འགྱུར། ཞེས་སྨོས་ཏེ་རྒྱུ་རྐྱེན་ལ་བརྟེན་ནས་འཁོར་བར་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་དང་། དེ་རྟོགས་ཤིང་ལུགས་ལས་བཟློག་པར་རྟོགས་པས་མྱ་ངན་ལས་འདས་པ་འབྱུང་བ་སྟེ། དེ་ལས་རྒྱས་པར་བརྗོད་ན། མ་རིག་པས་འདུ་བྱེད་དང་། རྐྱེན་དེས་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། རེག་པ་དང་ཚོར་བ་སྔར་བསྟན་པ་ལྟར་འབྱུང་སྟེ་དེའི་ཕྱིར། །སྲེད་ལེན་འཚམས་སྦྱར་སྲིད་པ་གྲུབ། སྲིད་པ་དེ་ཡང་རྣམ་པ་གསུམ་ཡིན་པའི་ཕྱིར། །གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས། །རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་བྱ་སྟེ། །གཟུགས་མེད་པ་བཞི་ནི་འདོད་པ་དང་གཟུགས་ཀྱི་སྣང་བ་དང་ཐོགས་པ་བཀག་པའི་ཕྱིར་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་དང་། འདོད་པའི་འདོད་ཆགས་དང་བྲལ་ལ་བསམ་གཏན་བཞིའི་མཐུས་སྐྱེས་པའི་ཕྱིར་གཟུགས་ཁམས་ནི་འབྲིང་དང་། རྟོག་པ་ཐམས་ཅད་དང་ལྡན་པས་འདོད་པའི་ཁམས་ཏེ་དེ་ནི་མཚན་མར་འཛིན་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐམས་ཅད་ཀྱང་རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་པས་བླང་བ་དང་དོར་བའི་ཚུལ་བཞིན་མ་ཡིན་པའི་རྟོག་པས་བསྐྱེད་ནས་དགེ་མི་དགེ་ལུང་དུ་མ་བསྟན་པ་དང་གསུམ་གྱིས་འདུ་བྱས་པས་དེའི་ཕྱིར། །ཐམས་ཅད་བླང་དོར་རྟོག་པ་ཡིས། །དགེ་དང་མི་དགེ་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་རྐྱེན་ལས་ནི། །ཞེས་རྒྱུའི་ཁྱད་པར་བརྗོད་ནས་དེའི་འབྲས་བུ་ཇི་ལྟ་བུ་ཞེ་ན། །བདེ་སྡུག་སྙོམས་འཇུག་བཅས་པ་ཡི། །འབྲས་བུ་བསྐྱེད་པ་ཉོན་མོངས་ཅན། །ཞེས་སྨོས་ཏེ་དགེ་བ་བཅུའི་མཐུ་ཆུང་འབྲིང་ཆེན་པོས་བདེ་བའི་འབྲས་བུ་ཆུང་འབྲིང་ཆེན་པོ་བསྐྱེད་པ་ནི་འདོད་པའི་ཁམས་ཀྱི་བདེ་འགྲོ་དང་། མི་དགེ་བས་བསྐྱེད་པའི་སྡུག་བསྔལ་ཅན་ནི་ངན་སོང་གསུམ་དང་། སྙོམས་པར་འཇུག་པ་བསམ་བརྟན་བཞི་དང་གཟུགས་མེད་པ་བཞི་ཤེས་རབ་དང་བྲལ་བས་བསྐྱེད་པ་ནི་གཟུགས་དང་གཟུགས་མེད་པ་སྟེ། ཐམས་ཅད་ཀྱང་ཉོན་མོངས་པ་ཅན་གྱི་ཡིད་དང་མ་བྲལ་བ་ཡིན་ནོ། །དེས་ན་སེམས་ཉིད་མ་དག་གནས་སྐབས་ཡིན། །ཞེས་དྲི་མ་དང་བཅས་པ་བརྗོད་པའོ།། །།གཉིས་པ་དག་མ་དག་གཉིས་ཀའི་གནས་སྐབས་ནི། དྲི་མ་དེ་ཉིད་གློ་བུར་བར། །ཤེས་ནས་ཐབས་དང་བཅས་སྦྱོང་བ། །ལམ་པ་ཞེས་བྱར་རྒྱལ་བས་གསུངས། །ཞེས་པ་སྟེ། སྔར་བསྟན་པ་ལྟར་སྒྲིབ་པ་གློ་བུར་བར་ཤེས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་བརྟེན་པ་དང་། བསྐྱེད་རྫོགས་ཀྱི་ཐབས་ཀྱི་ཁྱད་པར་གྱིས་སྒྲིབ་པ་དེ་སྦྱོང་བ་ལ་ཞུགས་པ་ཚོགས་ཀྱི་ལམ་ནས་ས་བཅུ་རྒྱུན་མཐའི་བར་དུ་མ་དག་པ་དང་དག་པ་གཉིས་གའི་གནས་སྐབས་ལམ་པར་བརྗོད་པ་ཡིན་ནོ། །དྲི་མ་མེད་པ་ནི། །དྲི་མེད་དག་པ་སངས་རྒྱས་ཏེ། །དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་པ་སྟེ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་དྲི་མ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད་དང་མ་བྲལ་བས་སངས་རྒྱས་སུ་གསུངས་སོ། །ཧེ་བཛྭ་ལས་ཀྱང་། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་པ་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་པའི་དོན་བསྟན་པ་ཡིན་ནོ། །གཉིས་པ་ལུས་འགྲུབ་པའི་ཚུལ་བཤད་པ་ལ་གསུམ་སྟེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི་ལུས་ནི་འགྲུབ་པའི་ཚུལ་བཤད་པ། ཀུན་གཞི་སྲོག་རླུང་དང་བཅས་པ། ཁམས་གསུམ་སྐྱེ་བར་སྦྱོར་བ་ན། ཞེས་བྱ་བ་ནི་རྡོ་རྗེ་ཐེག་པའི་གཞུང་ཐམས་ཅད་ནས་གཞི་ལུས་དང་སེམས་གཉིས་སུ་གསུངས་ཀྱང་། སེམས་སྔར་བསྟན་པ་ལ་ཁྱད་པར་དུ་སྔགས་ཀྱི་ཐེག་པར་ཐབས་ཀྱི་ཁྱད་པར་བསྟན་དགོས་པས་བརྟེན་པ་སེམས་བཅིང་བ་ལ་རྟེན་ལུས་བཅིང་བ་གནད་ཆེ་བའི་ཕྱིར་ལུས་ཀྱི་གནས་ལུགས་བསྟན་པས། དེས་ན་ལུས་གྲུབ་པའི་ཚུལ་ལ་ཕྱིར་ལུས་འདི་སེམས་ཀྱི་ཆ་ལས་གྲུབ་པ་ཡིན་ཀྱང་ཇི་ལྟར་གྲུབ་པ་ཤེས་དགོས་པས། ཁམས་གསུམ་གྱི་སྐྱེ་བར་སྦྱོར་བ་ན། ཀུན་གཞི་ལུང་དུ་མ་བསྟན་པ་དེ་ཁྲིད་པར་བྱེད་པ་ནི་ཡིད་གཡོ་བ་དང་བཅས་པ་ཡིན་པས། དེ་ལ་སྔགས་ཀྱི་སྐད་དུ་སྲོག་གི་རླུང་ཞེས་བྱ་སྟེ། སྲོག་འཛིན་ལ་ཡང་ཞིང་གཡོ་བའི་མཚན་ཉིད་འཛིན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཁམས་གསུམ་གྱི་སྐྱེ་བའི་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་མིའི་ལུས་ལེན་པའི་ཚུལ་རྒྱས་བཤད་དོ། །དང་པོ་ནི་གཟུགས་མེད་པ་དང་། གཟུགས་དང་འདོད་པའི་ཁམས་གསུམ་ལས་གཟུགས་མེད་ནི། འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། །ཡུལ་དུ་བྱས་ནས་དེར་སྐྱེ་བ། །གཟུགས་མེད་ཞེས་བྱ་ཡིད་ལུས་སོ། །ཞེས་སྨོས་ཏེ་གཟུགས་མེད་པར་འཚམས་སྦྱོར་བ་ན་ཡང་འདུ་བྱེད་ནི་ལས་བསྒྲུབ་པ་དང་འཕེན་པར་བྱེད་པའི་ལས་ཡིན་པས་དེ་དང་བཅས་པའི་རྣམ་པར་ཤེས་པས་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཏིང་ངེ་འཛིན་ལ་ཡུལ་དུ་བྱས་ནས། དེ་རྫོགས་པར་བྱེད་ཅིང་ཐོབ་པ་ན་ཡང་རྣམ་པར་ཤེས་པ་དེ་ཉིད་ཀྱི་ང་རྒྱལ་ཙམ་སྟེ་སེམས་བག་ཆགས་དང་བཅས་པའི་ལུས་ཡོད་པ་ཉིད་ཡིན་ནོ། །འོ་ན་ཅིའི་ཕྱིར་གཟུགས་མེད་ཅེས་བྱ་ཞེ་ན། ཐེག་པ་ཐུན་མོང་བ་ནས་བཤད་པའི་རྡུལ་ཕྲ་རབ་འདུས་པ་དང་སྣང་བའི་གཟུགས་མེད་པའི་ཕྱིར་ཏེ་དེར་སྐྱེས་པའི་འཕགས་པ་མ་ཡིན་པ་རྣམས་ནི་ཉོན་ཡིད་དང་བཅས་པའི་ཡིད་ཀྱི་ལུས་ཡིན་ནོ། །ནམ་ཏིང་ངེ་འཛིན་དེ་ལས་ཁམས་གཞན་དུ་འཕོ་བ་ན་རྣམ་པར་རྟོག་པ་གཞན་འབྱུང་བས་འཆི་བའི་ཐ་སྙད་དུ་བརྗོད་དེ། དེ་ནི་གཟུགས་མེད་པའི་རྒ་ཤི་བཤད་པའོ། །གཟུགས་ཀྱི་ཁམས་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་ལས་ངོ་བོ་བསྟན་པའི་ཕྱིར། །བསམ་གཏན་བཞིར་བརྟེན་གང་སྐྱེ་བ། །གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། །རགས་པ་བཅོམ་པས་བརྫུས་སྐྱེས་སོ། །ཞེས་སྨོས་ཏེ་སྔར་བཞིན་དུ་ཀུན་གཞི་སྲོག་རླུང་དང་བཅས་པས་འདྲེན་པར་བྱེད་ཅིང་འཕེན་པར་བྱེད་པ་ནི་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་ཉེར་བསྡོགས་ལ་བརྟེན་ནས། དང་པོས་ནི་ཚངས་རིས་དང་འདུན་ན་འདོན་དང་ཚངས་ཆེན་དུ་སྐྱེ་ལ། གཉིས་པས་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དུ་སྐྱེ་ཞིང་། གསུམ་པས་ནི། དགེ་ཆུང་ཚད་མེད་དགེ་དགེ་རྒྱས་སུ་སྐྱེ་ལ། གཞི་པས་ནི་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེར་སྐྱེ་བའོ། །དེ་ཉིད་ཤེས་རབ་དང་འབྲེལ་བས་གཙང་མའི་གནས་གཞན་རྣམས་སུ་འགྲོ་བས་དེ་རྣམས་ནི་གཟུགས་ཀྱི་ཁམས་ཡིན་ཏེ་འདོད་པའི་ཁམས་ལས་གྱེན་དུ་བསྐྱོད་པའི་ཕྱིར་འདོད་སྲེད་རགས་པ་མངོན་དུ་རྒྱུ་བ་བཅོམ་པའི་ཕྱིར་བརྫུས་ཏེ་སྐྱེ་བ་ཀུན་རྫོགས་པའི་ལུས་གོས་དང་བཅས་པའོ། །ཡིད་ཞི་གནས་ཀྱིས་འཁྱུད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཅུང་ཟད་མི་གསལ་བ་ཡིན་ནོ། །འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་ནི། འབྲས་བུ་ཆེ་ན་གནས་པས་གནས་གཞན་ལོགས་སུ་མི་བགྲང་ངོ་། །དེ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་འཇིག་རྟེན་པའི་བསམ་གཏན་གསུམ་པ་ལས་འདུ་ཤེས་དང་ཚོར་བ་འགོག་པ་ལ་མྱ་ངན་ལས་འདས་པར་འཛིན་པའི་དབང་གིས་གྱུར་བར་གསུངས་སོ། །དེ་ལྟར་གཟུགས་དང་གཟུགས་མེད་པ་ན་སྐྱེ་བ་རྣམས་རྟེན་འབྱུང་བ་ལྔའི་ཁམས་གང་གི་དབང་གིས་སྐྱེ་ཞེ་ན། ཐམས་ཅད་ལ་སེམས་ཀྱི་ཟག་པ་ཉོན་མོངས་དང་ལུས་ཀྱི་ཟག་པ་ཡང་ཡོད་པས་དེའི་ཕྱིར་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་མཆོག་ཏུ་མི་འགྱུར་བའི་མདོར་བསྡུས་ནས། ཐིག་ལེ་འཛག་པས་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་ན་གཟུགས་ཀྱི་ཁམས་ན་ཕོ་དང་མོའི་དབང་པོ་མེད་ཅིང་། གཟུགས་མེད་པ་ན་ནི་ལུས་ཀྱང་མེད་པ་སྟེ་དེ་མི་རིགས་སོ་ཞེ་ན། དེ་རྣམས་ན་ཟག་པ་ཡོད་དེ། གཟུགས་མེད་བཞི་ནི། ཟད་པར་ནམ་མཁའི་རླུང་དང་མེ་དང་ཆུ་དང་སའི་འཛག་པ་བཞིའོ། །འོག་མིན་པ་བཞི་ནི་ཟད་པར་རླུང་གི་རླུང་དང་མེ་དང་ཆུ་དང་ས་བཞིའོ། །དེ་བཞིན་དུ་ཟད་པར་མེའི་རླུང་དང་། མེ་དང་ཆུ་དང་ས་དང་། ཟད་པར་ཆུ་ཡི་རླུང་དང་མེ་དང་ཆུ་དང་ས་དང་། ཟད་པར་སའི་རླུང་དང་མེ་དང་ཆུ་དང་ས་སྟེ་འབྲས་བུ་ཆེ་ནས་ཚངས་རིས་ཀྱི་བར་དུ་སྟེ། གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་པ་བཞི་སྟེ་གནས་གཞན་ཉི་ཤུ་རྣམས་སུ་ནམ་མཁའ་དང་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་དབྱེ་བས་དེ་དག་གི་འཛག་པར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་ཐམས་ཅད་ཀྱང་སྔར་སྨོས་པ་རྒྱུ་རྐྱེན་དང་བཅས་པས་རྒ་ཤི་དང་བཅས་པའི་ཕྱིར། ལྡན་པ་མ་རིག་སྐྱེད་དང་བཅས། དྲན་པ་ཉེར་བཞག་ཏུ་བསྟན་ཏོ། །ཞེས་བྱ་སྟེ་དྲན་པ་ཉེ་བར་བཞག་པའི་བསྟན་བཅོས་བསྡུས་པར་དེར་སྐྱེ་བའི་ཚུལ་ཞིབ་དུ་བཤད་པ་ནི་མདོ་དང་སྦྱར་བ་ཡིན་ནོ། །འདོད་པའི་ཁམས་སུ་ནི་ཁམས་ཐམས་ཅད་རྫོགས་པར་ལྡན་པའི་ཕྱིར། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། ཞེས་པ་ནས་གཞན་ཚིགས་བཅད་གཉིས་ཏེ། དེ་ཡང་འདོད་པ་དང་ལྡན་པའི་ཕྱིར་འདོད་ཁམས་ཞེས་བྱ་སྟེ། དེ་ཡང་འདོད་པའི་ལྷ་རིགས་དྲུག་དང་། མི་དང་ལྷ་མ་ཡིན་དང་། དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་སྟེ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ཀྱང་། ས་ཆུ་མེ་རླུང་ནམ་མཁའ་དང་། ཡེ་ཤེས་ཀྱི་ཁམས་ཁུ་བ་ལྟུང་བ་ཡོད་པས། ཁམས་དྲུག་ལྡན་དུ་བཤད་དེ། ཕྲ་བ་སྲིན་བུ་ཆུང་ངུ་དང་རགས་པ་ལྷ་ལ་སོགས་པ་ཐམས་ཅད་ཀྱང་། སྐྱེ་གནས་བཞི་དང་ལྡན་པ་སྟེ། བརྫུས་ཏེ་སྐྱེ་བ་དང་མངལ་དང་སྒོ་ང་དང་དྲོད་གཤེར་ལས་སྐྱེ་བ་བཞི་དང་ལྡན་པ་ཡིན་ནོ། །དེ་རྣམས་ཁམས་དྲུག་ལྡན་ཡིན་ཀྱང་བྱེ་བྲག་དུ་འཛམ་བུའི་གླིང་ཏུ་སྐྱེས་པའི་མི་རྣམས་ལ་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་སྐྱེ་བ་དང་གླིང་གསུམ་གྱི་མི་མ་གཏོགས་པ་གཞན་ལ་སོ་སོར་ཐར་པ་མི་སྐྱེ་བར་གསུངས་པའི་ངེས་པ་བསྟན་པའི་ཕྱིར། གཞན་དག་རྣམས། །ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། འབྲས་བུ་སྤྱོད་པས་རྒྱུ་དམན་ཏེ། །ཞེས་སྨོས་པ། ངན་སོང་གསུམ་ན་དགེ་བའི་སེམས་བསྐྱེད་པ་དཀོན་པ་དང་མི་དགེ་བའི་འབྲས་བུ་སྟོབས་ཅན་ལ་སྤྱོད་པ་ཡིན་ལ། ལྷ་དང་ལྷ་མ་ཡིན་དང་། བྱང་གི་གླིང་སྒྲ་མི་སྙན་གྱི་མི་རྣམས་ནི་བསོད་ནམས་ཀྱི་འབྲས་བུ་ལ་སྤྱོད་པས་གཉེན་པོ་བསྐྱེད་པའི་རྒྱུ་དམན་པའི་ཕྱིར། སངས་རྒྱས་དེར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱ་བར་མི་སྟོན་པ་དང་རྡོ་རྗེའི་ཐེག་པའི་སྐལ་བ་དམན་པར་གསུངས་སོ། །དེས་ན་གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན། མཆོག་ཡིན་ཞེས་བྱ་བ་རྡོ་རྗེ་ཐེག་པ་དང་སོ་སོར་ཐར་པ་སྤྱོད་པའི་སྐལ་བ་མཆོག་ཡིན་ནོ། །ཁྱད་པར་དུ་ཡང་། འཛམ་གླིང་ལེགས་སྐྱེས་པ། ལས་ཀྱི་ས་པར་རབ་ཏུ་གྲགས། ཞེས་བསྟན་ཏེ་འདིར་སྐྱེས་པའི་མི་རྣམས་ནི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། བདེ་འགྲོ་དང་ངན་འགྲོ་རྣམས་སུ་འགྲོ་བའི་ལས་ཐམས་ཅད་སྟོབས་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་འབྱོན་ཏོ། །འདིར་བཤད་པའི་ཚིགས་བཅད་ནི་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་བྱུང་ངོ་། །ལུང་དུ་མ་ཡོད་ཀྱང་མ་དྲངས་སོ། །དེ་ལྟར་ཁམས་གསུམ་གྱི་སྐྱེ་བའི་ཚུལ་སྤྱིར་བསྟན་ནས། བྱེ་བྲག་དུ་ལུས་གྲུབ་པའི་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྐལ་པ་དང་པོའི་ཚུལ་དང་། མངལ་ནས་སྐྱེས་པའི་ཚུལ་ལོ། །དང་པོ་ནི་ཚིགས་སུ་བཅད་པ་གཉིས་ཏེ། དང་པོར་འཇིག་རྟེན་འདི་ཐུན་མོང་བ་ལྟ་བུའི་རྣམ་རིག་ལ་ཚངས་པ་ཆེན་པོ་དང་མཐུན་པར་སྐལ་ཆུང་གཅིག་ཆགས་ནས། དེའི་འོག་དུ་བཅུད་ཆགས་པའི་ཚེ་མི་རྣམས་འདིར་བྱུང་བ་ནི། ཡུལ་འདིར་སྐྱེ་བ་གྲུབ་ཚུལ་ནི། །དང་པོ་བརྫུས་སྐྱེས་གཟུགས་ཁམས་བཞིན། ཞེས་པ་གཟུགས་ཁམས་གྱི་འོད་གསལ་གྱི་ལྷ་ལྟ་བུ་འོད་དང་ལུས་དང་ཚེ་དཔག་དུ་མེད་པ་དགའ་བའི་ཟས་དང་ལྡན་ཞིང་སྟོབས་རྫོགས་པའི་ཕྱིར་རྫོགས་ལྡན་ཞེས་བྱའོ། །དེ་ནས་རིམ་གྱིས་སྲེད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །བླང་དོར་བྱས་པས། ཞེས་བྱ་བ་ནི། གསུམ་ལྡན་དང་གཉིས་ལྡན་དང་རྩོད་ལྡན་འབྱུང་པའི་ཚུལ་ཏེ། མདོ་ལས་དེའི་ཚེ་ས་ཆེན་པོ་ལས་ས་མོ་ཞག་དྲི་དང་རོ་ཕུན་སུམ་ཚོགས་པ་ཡོད་པ་བྱུང་སྟེ་སེམས་ཅན་དེ་རྣམས་དྲི་སྣོམ་ཞིང་སོར་མོའི་རྩེ་མོས་མྱང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱངས་པ་ལྟར་སྲེད་དོ། །དེའི་རྒྱུས་ལུས་ལྕི་བར་གྱུར་ཏེ་འོད་ཉམས་སོ། །འཇིག་རྟེན་དུ་མུན་པ་བྱུང་པ་དང་ཉི་མ་དང་ཟླ་བ་འོད་གསལ་བ་འཆར་བ་དང་ནུབ་པ་དག་བྱུང་ངོ་། །དེའི་འོག་དུ་ཤི་བའི་རོ་དག་བྱུང་པས་ཚེ་ནུབ་པར་གྱུར་ཏོ། །ལུས་ཀྱི་ཁམས་རྟས་པས་ཟག་པ་དང་ཕོ་དང་མོའི་དབང་པོ་ཡང་བྱུང་སྟེ། སེམས་ཅན་ང་ནི་ཚེ་རིང་བ་དང་ཁ་དོག་བཟང་བ་ཡིན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་རྩོད་པ་དང་། འདོད་པའི་སེམས་དང་། སྡུག་བསྔལ་བ་བྱུང་སྟེ་ས་ཞག་སའི་འོག་དུ་ནུབ་པར་གྱུར་ཏོ། །དེའི་འོག་ཏུ་མྱུ་གུའི་ཚལ་དང་། དེའི་འོག་དུ་འབྲས་ས་ལུ་མ་བཏབ་པར་སྐྱེ་བ་དང་བཅས་པ་ཡང་རིམ་གྱིས་ནུབ་པས་ང་ཡིར་བྱ་བ་དང་། དེ་ལ་གཞན་དག་གིས་བླངས་པས་རྩོད་པ་དང་བཅས་པ་བྱུང་བར་གསུངས་ཏེ་དེས་ན། ལུས་ཁམས་ནི། རགས་སྣང་ཕོ་མོ་སྣང་མུན་དང་། །བདེ་སྡུག་འདོད་སྲེད་རྟས་པར་གྱུར། །ཞེས་སྨོས་པ་ཡིན་ནོ། །དེ་ནས་མངལ་ནས་སྐྱེ་བ་གྲུབ་པའི་ཚུལ་ནི་གསུམ་ཏེ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རིམ་པ་དང་བཅས་པ་དང་། མངལ་དུ་ཇི་ལྟར་འཇུག་པའི་ཚུལ་དང་། སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ནི་ཚིག་རྐང་བདུན་ཏེ། དེ་ནས་གང་གི་ཚེ་མངལ་ནས་སྐྱེ་བ་འགྲུབ་པར་གྱུར་བ་དེའི་ཚེ། རང་གི་སེམས་ཀྱི་སྣང་བ་ཡིན་ཀྱང་། གཞན་དུ་རྟོག་པའི་བག་ཆགས་ལ་བརྟེན་ནས་ཕ་མའི་རྐྱེན་ཉེ་བར་སྦྱོར་བ་དང་ཐུན་མོང་བ་ལྟ་བུར་སྣང་བའི་ཚུལ་བཤད་དགོས་པས། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་རོ་དྲུག་བཟའ་བཏུང་ལས། །བྱུང་ཞིང་འགྲུབ་པའི་རྐྱེན་བྱེད་དོ། །ཞེས་སྨོས་ཏེ་ལུས་ཀྱི་ཁམས་རུས་པ་ལ་སོགས་པ་སུམ་ཅུ་སོ་དྲུག་པོ་ཐམས་ཅད་བཟའ་བཏུང་གི་རྐྱེན་གྱིས་བསྐྱེད་ཅིང་བྱུང་བས་ནང་གི་སྲ་བ་དང་རླན་པ་དང་དྲོ་བ་དང་ཡང་བའི་འབྱུང་བཞི་རྟས་ཤིང་གྲུབ་པར་བྱེད་པར་སྣང་སྟེ་རྐྱེན་བྱེད་པ་དེ་ཡང་རོ་དྲུག་སྟེ། སྐྱུར་བ་དང་སྐ་བ་གཉིས་ནི་ཡེ་ཤེས་དང་ནམ་མཁའི་ཁམས་སོ། །ཁ་བ་ནི་རླུང་ཚ་བ་ནི་མེ། མངར་བ་ནི་ཆུ་ལན་ཚྭ་བ་ནི་སའི་ཁམས་ཏེ། ནམ་མཁའ་དང་བདེ་བའི་ཡེ་ཤེས་ཀྱི་སྦྱོར་བས་ཐམས་ཅད་ཀྱང་བསྐྱེད་པའི་ཕྱིར་ན། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བའི་ཡེ་ཤེས་ཀྱིས། །སྦྱོར་བས་བརྟན་པར་འགྲུབ་པ་ཡིན། ཞེས་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུར་འགྲུབ་པའི་རང་བཞིན་ཤེས་དགོས་པས། ཚིག་ལྔ་སྟེ། །པད་མར་ཆུད་པའི་ས་བོན་ནི། ཞེས་པ་མངལ་དུ་དཀར་དམར་གྱི་དྭངས་མ་ལ་བར་དོའི་རྣམ་པར་ཤེས་པས་བདག་དུ་བཟུང་ཞིང་འདྲེས་པ་ལ་བརྗོད་དེ་ཕ་མའི་ཁམས་རྐྱང་ནི་མ་ཡིན་ནོ། །དེ་ལ་ཁམས་བཞིའམ་ལྔར་ཇི་ལྟར་ངེས་ཞེ་ན། །འཛིན་པས་ས་ཁམས་རང་བཞིན་སྟེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་སྨོས་པ། རྣམ་པར་ཤེས་པ་འཛིན་པ་དང་། བརླན་པ་དང་། ལུས་སྨིན་པ་དང་། ཆེར་རྒྱས་ཤིང་འཕེལ་བ་དང་ནང་གི་གོ་སྐབས་སོ་སོར་འབྱེད་པ་ལས་འབྲས་བུའི་གཟུགས་རྣམས་ཀྱང་སྣང་བར་བྱེད་པར་གསུངས་པའི་ཕྱིར་བཤད་དོ། །འདི་རྣམས་རྒྱས་པར་དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས། ལུས་འདི་ལ་ནི་ཁམས་གྱི་ཚོགས་རྣམས་མ་ལུས་རོ་དྲུག་རྣམས་ཀྱི་བཟའ་བཏུང་ལས་ནི་འབྱུང་བར་འགྱུར། ཞེས་བྱ་བ་ལ་སོགས་པ་རྣམས་གསུངས་པ་བསྡུས་པ་ཡིན་ནོ། །ཁམས་འདི་རྣམས་འབྱུང་པའི་རྟེན་འབྲེལ་གྱི་རིམ་པ་ཤེས་པར་བྱ་བ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་དེ་ཉིད་བསྐྱེད་པར་བྱེད་པ་ཡང་། དཔལ་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་ལུང་འདི་ཉིད་དེ། བྷོ་ལ་ཀ་ཀོ་ལ་སྦྱོར་བ་ནི། ཕ་མ་གཉིས་ཀྱིས་ཉམས་སུ་མྱོང་བ་ན་བར་མ་དོའི་དྲི་ཟ་ཉེ་བར་འོངས་པས་རེག་པའི་བག་ཆགས་སྲ་བ་ཉིད་མྱོང་བས་སའི་ཁམས་སྐྱེ་བར་བྱེད་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་ཕ་མའི་ཁུ་བའི་རང་བཞིན། ལས་འདི་ནི་ང་ཡིའོ་སྙམ་དུ་འཛིན་པས་ཆུའི་ཁམས་འབྱུང་པའི་རྐྱེན་ཏོ། བསྐྱོད་པ་ལ་དྲོ་བའི་མེའི་ཁམས་སྐྱེ་སྟེ་དེ་ཡང་ཁྲག་གི་རང་བཞིན་དུ་འགྱུར་རོ། །གཡོ་བ་རླུང་དུ་རབ་ཏུ་གྲགས་པ་ནི་དེ་ལྟར་ཡང་བ་དང་རྐྱེན་གཡོ་བ་ཐམས་ཅད་རླུང་གི་རང་བཞིན་ཡིན་པ་དང་། བདེ་བ་ནི་ནམ་མཁའི་ཁམས་ཏེ་གོ་འབྱེད་པ་དང་ལྡན་པ་ཉིད་ཡིན་པས། ཁམས་ལྔ་པོས་རྣམ་པར་ཤེས་པ་བསྐོར་སྟེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་པ་ཡིན་ནོ། །འདི་ཡི་རྒྱས་བཤད་སྦྱང་གཞི་དང་དེ་ལྷ་གང་ཡིན་པ་དང་རང་བཞིན་དང་སྦྱར་བ་ཡང་དེ་ཉིད་ལས། བྷོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུའི་རང་བཞིན་ཉིད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་འབྱུང་འགྱུར་ཏེ། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་འགྱུར་གང་། །པད་མར་གང་ཞིག་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་བརྗོད། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་ཅིག་ཉིད་ལ། །ལྔའི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་གསུངས་པ་ཡིན་ནོ། །མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། །རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། ཞེས་པ་ནས་ཚིགས་སུ་བཅད་པ་གསུམ་ཏེ། འདི་ཡང་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་ལུང་ཡིན་པའི་ཕྱིར་བརྗོད་དོ། །ཡང་ཁ་ཅིག་མངལ་དུ་ཚུལ་ཇི་ལྟར་འཇུག་པ་མི་ཤེས་པས། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང་། །ཞེས་བྱུང་བ་སྔར་བསྟན་པའི་ཉོན་མོངས་པ་ཅན་གྱི་ཡིད་དེ་ཉིད་བག་ཆགས་དང་བཅས་པ་སྟེ། རླུང་གི་ངོ་བོ་ནི་གཡོ་བ་དང་བཅས་པ་ཡིན་ལ་དེས་གཟུགས་གཞན་རྨི་ལམ་གྱི་སྣང་བ་བཞིན་གང་དུ་སྐྱེ་བ་སྦྱོར་བའི་ཕ་མ་མཐོང་སྟེ། དེའི་ཚེ་རྒྱུ་དང་རྐྱེན་གྱི་ཁྱད་པར་གྱི་དོན་ནི་མི་ཤེས་ཀྱི་གཏི་མུག་གིས་རྒྱུད་རྨོངས་ནས་སེམས་དེར་འཇུག་པའི་ཕྱིར། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། ཞེས་གསུངས་པ་ཡིན་ནོ། །བཀུག་ནས་ཇི་ལྟར་འགྱུར་ཞེ་ན། །མངལ་དུ་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་བཟུང་བ་སྟེ། དེ་ཡང་མངལ་སྐྱེས་ཕལ་ཆེར་ནི་མངལ་དུ་འཇུག་པ་ལ་ཕྱོགས་པ་ན་ཆར་རླུང་ལ་སོགས་པའི་རྐྱེན་གྱིས་བདས་ནས་སྐྱབས་བཙལ་བའི་སྣང་བ་འབྱུང་སྟེ་ཉིང་འཚམས་སྦྱོར་རོ། །གཞན་ཡང་བར་མ་དོའི་དྲི་ཟས་ཕ་མའི་ཁུ་བ་བྱུང་བ་ལ་འདི་ནི་ང་ཡིའོ་སྙམ་དུ་སེམས་པར་འགྱུར་རོ་གང་ཕོར་སྐྱེ་བ་ནི་ཕ་ལ་སྡང་ཞིང་མ་ལ་ཆགས་ལ་མོར་སྐྱེ་ན་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་ཤེས་པས་ཉིང་འཚམས་སྦྱོར་ཏེ་མངལ་དུ་འཇུག་གོ་ཞེས་མདོ་ལས་གསུངས་པ་བཞིན་བག་ཆགས་ཀྱིས་ཀུན་གཞི་འདྲེན་ཞིང་བཟུང་ནས་མངལ་དུ་འཇུག་པར་འགྱུར་རོ། །ཞུགས་ཟིན་ནས་ཇི་ལྟར་འགྱུར་ཞེ་ན། །དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལ། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཅི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་སྨོས་ཏེ། དཀར་དམར་གྱི་དབུས་སུ་ཀུན་གཞི་ཉིད་མ་གཏོགས་པ་ཡིད་དང་རྣམ་པར་ཤེས་པ་མི་གསལ་བར་འགྱུར་ཏེ་ཆང་གིས་ར་རོ་བ་བཞིན་ནོ། །འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་ཞེས་བྱ་བར་གསུངས་ལ། རྒྱུའི་རྡོ་རྗེ་འཆང་ཟླ་བ་དང་ཉི་མ་ས་བོན་གྱི་རང་བཞིན་དུ་རྒྱུད་ཐམས་ཅད་ལས་གསུངས་སོ། །འདིར་འཕྲོས་པ་ནི། མངལ་དུ་འཇུག་པ་ལ་རིགས་བཞི་གསུངས་ཏེ། མི་དྲན་མི་ཤེས་བཞིན་དུ་འཇུག་ཅིང་གནས་ལ་སྐྱེ་བ་ནི་སེམས་ཅན་ཐ་མལ་བ་རྣམས་སོ། །དྲན་ཅིང་ཤེས་པས་མངལ་དུ་འཇུག་ལ། མི་དྲན་མི་ཤེས་པར་གནས་ཤིང་སྐྱེ་བ་ནི་འཁོར་ལོས་བསྒྱུར་བ་དང་རྒྱུན་དུ་ཞུགས་པ་དག་གོ །དྲན་ཅིང་ཤེས་པར་འཇུག་ཅིང་སྐྱེ་ལ། མི་དྲན་མི་ཤེས་པར་གནས་པ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་རང་སངས་རྒྱས་དག་གོ །ཐམས་ཅད་དུ་དྲན་བཞིན་ཤེས་བཞིན་དུ་མངལ་དུ་འཇུག་གནས་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་དག་པའི་ས་པ་རྣམས་ཡིན་ནོ། །ཞེས་མདོ་ལས་བྱུང་ངོ་། །གཞན་ཡང་དཀར་ཆ་དང་དམར་ཆ་ཀུན་གཞིའི་རྣམ་པར་ཤེས་པ་དང་གཅིག་དུ་འདྲེས་པ་དང་། ལུས་རྫོགས་པ་ནི། རྡོ་རྗེ་རྣམ་པ་བཞི་དང་ཆོ་ག་ཡན་ལག་གསུམ་དང་མངོན་པར་བྱང་ཆུབ་པ་ལྔའི་རིམ་པར། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་ཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། ཅེས་ཧེ་བཛྭ་ལས་གསུངས་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་བསྒྲུབ་པའི་ཐབས་ཀྱི་ལེའུ་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ལ་གསུམ་སྟེ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ་དང་། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་བཤད་དང་། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ཉིད་ལ་ཡང་དག་འགྲོ། །ཞེས་བྱ་བ་ནི། གང་གི་ཚེ་མངལ་དུ་ཞུགས་པ་དེའི་ཚེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་མ་ཐག་ཏུ་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་གི་རླུང་བསྐྱེད་ཅིང་འདུ་བྱེད་པར་འགྱུར་ཏེ་ལས་ཀྱི་རླུང་སྐད་ཅིག་སྐད་ཅིག་ལ་བསྐྱེད་པར་བྱེད་པས་འོ་མ་ལ་ཞོར་འགྱུར་བ་ལྟར་ནུར་ནུར་པོ་དེ་ཉིད་འདྲེས་པ་སྡུད་པར་བྱེད་རྟས་པར་བྱེད་མི་འདྲུལ་བར་བྱེད་ཅིང་བསྐྱེད་དེ་གནས་སྐབས་གཞན་དུ་བྱེད་པས་འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏེ་ཞེས་གསུངས་པའི་དོན་དང་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡིད་འདུ་བྱེད་པ་ལངས་པའི་དོན་ཡིན་ནོ། །གཉིས་པ་འཕེལ་བའི་རིམ་པ་ལ། ཚིགས་སུ་བཅད་པ་ཕྱེད་དང་བཅུ་སྟེ། དེ་ཡང་ཟླ་བའི་རིམ་པས་བརྗོད་པར་བྱའོ། །ནུར་ནུར་མེར་མེར་ལྟར་ལྟར་པོ། །གོར་གོར་པོ་སྟེ་བདུན་ཕྲག་བཞི། །ལས་རླུང་གིས་དཀྲུགས་སྡུད་པར་བྱེད། །ཅེས་བྱ་བ་ནི། མངལ་དུ་ཞག་བདུན་ཕྲག་དང་པོ་ནི་སྲོག་གི་རླུང་ངོ་། །གཉིས་པ་ལ་ཀུན་ནས་སྡུད་པ་ཞེས་བྱ་བའི་རླུང་འབྱུང་ངོ་། །གསུམ་པར་མཛོད་ཀ་ཞེས་བྱ་བ་དང་། བཞི་པར་རབ་ཏུ་འབྱེད་པ་དང་། ལྔ་པར་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ་ཁུ་ཁྲག་གི་རྡུལ་ཕྲ་རབ་ཐམས་ཅད་གཏོར་ཞིང་སྡུད་པར་བྱེད་དོ་ཞེས་གསུངས་སོ། །མཁྲང་འགྱུར་གྱི་ཞག་དང་པོ་ལ་སེམས་ཅན་དེ་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་སྲོག་རྩ་ཆགས་པར་འགྱུར་ཏེ། རྩེ་མོ་གཅིག་ནི་མ་ཡི་རྩ་དང་འབྲེལ་ཏོ། །དེའི་ཕྱིར། མཁྲང་འགྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །ཞེས་བསྟན་ཏོ། །དེ་ནས་ཟླ་བ་གཉིས་པར་སླེབ་ནས་ཞག་རེ་ལ་རྩ་གཉིས་བརྒྱ་རེ་ཆགས་པར་འགྱུར་བས་དེ་ཐམས་ཅད་ཀྱི་ཞག་དང་པོ་ལ་དབུ་མ་སྲོག་གི་རླུང་དང་བཅས་པ་དེ་ལས། །བསྐྱེད་ནས་སྙིང་དང་ལྟེ་བ་ཡི། འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཞེས་བྱ་བ་དྲི་མ་མེད་པའི་འོད་ལས། ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་ལས་བསྐྱེད་པ་བདུད་རྩི་ལྔའི་རོར་འགྱུར་རོ། །ཟླ་བ་གཅིག་ནས་སྔོན་དུ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་མྱུ་གུར་གྱུར་པའི་སྙིང་གི་དབུས་ཀྱི་གནས་སུ་རྩ་བཅུ་སྲོག་རླུང་ལ་སོགས་པའི་གཞིར་གྱུར་པ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་མོ། །ལྟེ་བར་བརྒྱད་པ་བརྒྱད་དེ་དྲུག་བཅུ་རྩ་བཞིའི་དབུགས་རྒྱུ་བར་འགྱུར་བ་ཤིན་དུ་ཕྲ་བའོ་ཞེས་གསུངས་སོ། །འདི་ནི་སེམས་ཀྱི་རྡོ་རྗེ་འཆང་ལ་ལུས་འགྲུབ་པ་ན་ཁྱབ་འཇུག་ཏུ་གསུངས་པས་དེའི་གནས་སྐབས་བཅུའི་དང་པོ་ཉ་ལྟ་བུ་ཞེས་གསུངས་ཏེ་འཕེལ་བར་བྱེད་པ་ནི་མའི་རོ་མའི་རྩ་དང་འབྲེལ་པས་ལྟེ་བ་ནས་རླུང་དང་ཁྲག་གི་ནུས་པས་བསྐྱེད་པའི་ཕྱིར། ཉའི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མའི་རྩར་འབྲེལ་བས། །རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། །ཞེས་བརྗོད་པ་ཡིན་ནོ། །དེ་ནས་ཟླ་བ་གཉིས་པ་ནས། །ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །ཞེས་བྱ་བ་སྔར་བསྟན་པའི་དང་པོའི་རྩ་མ་གཏོགས་པ་དེ་ཕྱིན་ཆད་རྩ་འཕེལ་བའི་དུས་ཟླ་བ་བཅུ་གཉིས་སོ། །དེ་ནས་སྲོག་གི་རླུང་ལས་ཡེ་ཤེས་དང་སའི་རང་བཞིན་འོག་ཏུ་འཕྲོ་བའི་ཕྱིར། །སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །ཞེས་བསྟན་ཏེ་གསང་བའི་འཁོར་ལོའི་རྩ་རྣམས་གྲུབ་པ་ཡིན་ནོ་འདི་ཡང་དྲི་མ་མེད་པའི་འོད་ལས། རྒྱུད་ལས་མ་གསུངས་ཀྱང་ཁྱིམ་བཅུ་གཉིས་ཀྱི་དབང་གིས་རྩ་དྲུག་ཅུ་རྩ་བཞི་བཞིར་གྱུར་པའི་རྩ་བཅུ་གཉིས་སུ་འགྱུར་ཏེ་དེ་བཞིན་དུ་ཤིན་ཏུ་ཕྲ་བའོ། །དེ་ལྟར་ལྟེ་བའི་ཐམས་ཅད་ཀྱིས་ལག་པ་དང་རྐང་པ་གདོང་གི་གནས་མེད་པའི་ཕྱིར་སྟེང་དང་འོག་དུ་སྦྲུལ་གྱི་རྣམ་པ་སྟེ་རྐང་ལག་དང་ཁའི་གནས་རྣམས་སུའོ། །སྦྲུལ་གྱི་རྣམ་པ་ནུབ་ནས་ཟླ་བ་གསུམ་པ་ལ་གདོང་པ་དང་རྐང་ལག་གི་གནས་སུ་འབུར་པོ་ལྔར་འགྱུར་རོ། །ཞེས་གསུངས་ཏེ་འཁོར་ལོ་དྲུག་དང་ཡན་ལག་གི་འཁོར་ལོའི་རྩ་བ་རྣམས་སུ་ངེས་སོ། །ཐུར་སེལ་དང་གྱེན་རྒྱུ་གཉིས་པོས་ལུས་སྟོད་སྨད་འགྲུབ་པར་བྱེད་པའི་ཕྱིར། རུ་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི། །རླུང་གིས་སྟོད་རྣམས་བསྒྲུབ་པར་བྱེད། །ཅེས་རྒྱུད་རྡོ་རྗེ་ཕྲེང་བའི་གཞུང་འདིར་དྲངས་པ་ཡིན་ཀྱང་གོ་རིམ་ནི་དུས་འཁོར་དུ་གསུངས་པ་བཞིན་དུ་ཡིན་ཏེ། རླུང་གསུམ་པོས་སྦྲུལ་ལྟ་བུ་རྫོགས་པ་ཡིན་གྱི་རུས་སྦལ་གྱི་གནས་སྐབས་དེའི་འོག་ཏུ་འབྱུང་བར་ངེས་སོ་དེའི་ཕྱིར། །བཞི་པར་ཁྱབ་བྱེད་རླུང་གིས་ནི། ཡན་ལག་རྩ་རྣམས་སྣང་བར་བྱེད། །ཞེས་པ་འདི་དང་སྦྱར་བར་བྱའོ། །འདི་ཡང་རྐང་ལག་དང་མགྲིན་པ་མཉམ་པར་གྱུར་པས་རུས་སྦལ་ལོ། །གཞན་ལག་པ་དང་རྐང་པ་དང་གདོང་གི་ཕྱོགས་གྱི་རྩ་ཕྲ་མོ་རྣམས་དང་། རྐང་ལག་གི་ཚིགས་དྲུག་དང་འགོ་དང་མགྲིན་པར་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་ཟླ་བ་བཞི་པ་རྫོགས་ནས་འགྱུར་ཏེ་རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པར་ཕག་པའི་དངོས་པོར་ཤ་དང་རུས་པ་བསྟེན་ཏོ། །རུས་པའི་ཚིགས་སུམ་བརྒྱ་དྲུག་བཅུའོ་ཞེས་གསུངས་སོ། །འདིར་ཡང་། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། ནང་གི་གནས་གཞན་བསྒྲུབ་པར་བྱེད། །ཅེས་ནང་གི་ཤ་དང་རུས་པའི་གཞིར་གྱུར་པ་བསྒྲུབ་པའི་དོན་ཡིན་ནོ། །འདི་དང་ཟླ་བ་དྲུག་པའི་སྐབས་ནས་ཚོར་བའི་སྡུག་བསྔལ་ཤེས་པའི་ཕྱིར། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་འགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་ཅུ་ཆགས་པར་གྱུར། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཕུང་པོ་ལྔ་རྫོགས་ནས། །ཞེས་པ་ནི་རྣམ་པར་ཤེས་པ་དང་འདུ་བྱེད་དང་གཉིས་ནི་ཟླ་བ་གསུམ་ཕན་ཆད་དོ། །བཞི་པ་དང་ལྔ་པར་འདུ་ཤེས་དང་ཚོར་བ་དང་དེ་ནས་གཟུགས་ཀྱི་ཕུང་པོ་ཟླ་བ་དྲུག་པར་འགྲོ་བ་ན་རྫོགས་པས་ཕུང་པོ་ལྔ་དང་ཁམས་ལྔའི་ལྷ་རྫོགས་པའི་དོན་ཡིན་ལ་རྩ་བའི་རླུང་ལྔའི་སྟོབས་བསྐྱེད་པས་གྲུབ་པ་ཡིན་ནོ། །དེ་ནས་ཡན་ལག་གི་རླུང་དང་དབང་པོ་རྣམས་འབྱུང་བའི་ཁམས་ཀྱི་ཆ་རྣམ་པར་བསྐྱེད་པ་བསྟན་བའི་ཕྱིར། ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གི་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་བསྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཞེས་སྨོས་པ་ནི། ཀླུའི་རླུང་དེ་ནི་ཡེ་ཤེས་ཀྱི་ཆ་ཡིན་པས་མིག་གཉིས་གཏི་མུག་རྡོ་རྗེ་སའི་ཁམས་སུ་བསྟན་པ་ཡིན་ནོ། །རུས་སྦལ་གྱི་རླུང་གི་རླུང་ཡིན་པས་རྣ་བའི་བུག་པ་ཆུའི་ཁམས་ཞེ་སྡང་རྡོ་རྗེའི་རང་བཞིན་ནོ། །རྩངས་པ་ནི་མེའི་རླུང་ཡིན་པས་རླུང་གི་ཁམས་སྣ་བུག་སེར་སྣ་རྡོ་རྗེའི་ངོ་བོ་ཉིད་ཡིན་ནོ། །ལྷ་སྦྱིན་ནི་ཆུའི་ཁམས་ཏེ་ལྕེ་མེའི་རང་བཞིན་བསྐྱེད་པས་འདོད་ཆགས་རྡོ་རྗེའི་ངོ་བོའོ། །ནོར་ལས་རྒྱལ་ནི་སའི་རང་བཞིན་ཡིན་པས་ལུས་ཀྱི་དབང་པོའི་རེག་བྱ་རླུང་གི་ཁམས་བསྐྱེད་དེ་ཕྲག་དོག་རྡོ་རྗེའི་ངོ་བོ་ཡིན་ནོ། །འདི་རྣམས་ཀྱི་ཡུལ་འཛིན་པ་ཡང་། །མིག་གིས་ཆུ་ལས་སྐྱེས་པའི་གཟུགས་འཛིན་ཏོ། །རྣ་བས་ནམ་མཁའ་ལས་སྐྱེས་པའི་སྒྲ་འཛིན་ཏོ། །སྣས་ས་ལས་སྐྱེས་པའི་དྲི་འཛིན་ཏོ། །ལྕེས་མེ་ལས་སྐྱེས་པའི་རོ་འཛིན་ཏོ། །ལུས་ཀྱིས་རླུང་ལས་སྐྱེས་པའི་རེག་བྱ་འཛིན་ཏེ་ལུས་དང་བསམ་པའི་ཐབས་དང་ཤེས་རབ་ཡིན་ནོ། །དེའི་ཕྱིར་རླུང་ལྔ་དང་དབང་པོ་ལྔ་དང་ཡུལ་ལྔ་པོའི་ཁམས་གང་ཡིན་པ་རྟེན་ཅིང་འབྲེལ་བ་རྟོགས་པར་འགྱུར་རོ། །རླུང་བཅུ་པོ་ཟླ་བ་རེ་རེར་ནུས་པ་འཕེལ་བ་ལ་བསྐྱེད་པའི་མིང་དུ་བཤད་པ་འདིས། ནུས་པ་སྡུད་པ་ཡང་བཟློག་ནས་སྐྱེས་བུ་ཚེ་ལོ་བརྒྱའི་དབང་དུ་བྱས་ཏེ་ལོ་བཅུ་བཅུར། རྡོ་རྗེ་འཕྲེང་བའི་རྒྱུད་ལས་བྱུང་བ་འོག་ནས་སྟོན་ཏོ། །དོན་སྣོད་དང་རྩ་ཁམས་གྲུབ་ཚུལ་འོག་ན་ཡོད་པས་འདིར་རགས་པ་བསྟན་པ་ཡིན་ནོ། །དེ་ལྟར་འཕེལ་བ་བཤད་ནས། ད་ནི་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ནི། །དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ཏེ། ཞག་རེ་ལ་རྩ་གཉིས་བརྒྱ་རེ་ཆགས་པ་བསྡོམས་པས་ཟླ་རེ་ལ་རྩ་དྲུག་སྟོང་དུ་འགྱུར་ཏེ་མངལ་དུ་ཟླ་དགུ་འཕེལ་བའི་དབང་དུ་བྱས་པས། སྟོང་ཕྲག་ལྔ་བཅུ་རྩ་བཞི་ཡིན་ལ། སྐྱེས་ནས་ཀྱང་ཟླ་བ་གསུམ་གྱི་བར་ཆགས་ཏེ་དེ་ལྟར་ཟླ་བ་བཅུ་གཉིས་ལ་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་སུ་བཤད་པ་ནི་རགས་པའི་རིམ་པའོ། །ཟླ་བ་བརྒྱད་ཀྱི་བར་དུ་ལྕེ་མ་བསྐྱེད་པས་མ་ཡི་རྩས་བསྐྱེད་ཅིང་དགུ་པ་ནས་ནི་མི་གཙང་བ་ཟ་སྟེ་བཀྲེས་སྐོམ་གྱི་ཚོར་བས་སྡུག་བསྔལ་ལོ། །དེ་ནས་ནང་གི་སྙིགས་མ་དྲི་ཆུ་ལ་སོགས་པ་ཡང་འབྱུང་ངོ་། །འདི་ཕན་ཆད་དུ་ནི་སྣང་བ་གཞན་འབྱུང་གི་དེ་ནས་མི་སྡུག་པ་དང་སྡུག་བསྔལ་བའི་འདུ་ཤེས་འབྱུང་བས་སྐྱེ་བར་འདོད་པ་སྟེ། དེ་ཡི་ཚེ་འབྱིན་པའི་རླུང་གིས་བསྒྱུར་ཏེ་སྐྱེ་བར་འགྱུར་རོ། །འདི་ལས་ཞིབ་ཏུ་བདུན་ཕྲག་གསུམ་བཅུ་སོ་བརྒྱད་དུ་རླུང་འབྱུང་བ་དང་འགྲུབ་པར་བྱེད་པའི་རིམ་པ་ཡང་། །བདུན་ཕྲག་ལྔ་ནི་གོང་དུ་བསྟན་ཏོ། བདུན་ཕྲག་དྲུག་པར་ཡན་ལག་གི་རྩ་བའི་རྩ་བསྒྲུབ་པར་བྱེད་པའི་རླུང་ནི་ཟས་རླུང་ངོ་། །བདུན་པར་འཁྱིལ་པ་དང་། ཉིང་ལག་གི་རྩ་བྱེད་པ་ནི་བརྒྱད་པར་བཟློག་ཅིང་བསྒྱུར་བ་ཞེས་བྱའོ། །དགུ་པ་དབང་པོའི་སྒོ་བསྒྲུབ་པའི་རླུང་ནི་རྣམ་འབྱེད་དོ། །བདུན་ཕྲག་བཅུ་པར་ནི་ཀུན་ནས་སྒོ་དང་སྲ་བ་ཞེས་བྱ་བ་གཉིས་འབྱུང་ངོ་། །བཅུ་གཅིག་པར་བུ་ག་འབིགས་པར་བྱེད་པ་རྡོ་རྗེའི་རླུང་ངོ་། །བཅུ་གཉིས་པར་ཡོན་པོའི་སྒོའོ། །བཅུ་གསུམ་པར་བཀྲེས་སྐོམ་རླུང་ཞེས་བྱའོ། །བཅུ་བཞི་པར་སྐུད་པའི་སྒོ་ཞེས་བྱ་བས་རྩ་རྒྱུས་འཕེལ་བར་བྱེད་དོ། །བཅོ་ལྔ་པར་པད་མ་དང་། བཅུ་དྲུག་པར་བདུད་རྩི་དང་། བཅུ་བདུན་པར་འབྲི་གཏོང་དང་། བཅོ་བརྒྱད་པར་བརྟན་འགྱུར་དང་། བཅུ་དགུ་པར་ཤིན་ཏུ་སྲ་བ་དང་དེ་ནི་རུས་པ་བྱེད་པའི་རླུང་ངོ་། །ཉི་ཤུ་བར་ཤ་བསྐྱེད་པའི་རླུང་ངོ་། །ཉེར་ཅིག་པར་ཀུན་ཏུ་རྒྱལ་བའི་རླུང་གིས་ཁྲག་བསྐྱེད་དོ། །ཉེར་གཉིས་པར་ཡོངས་འཛིན་གྱི་རླུང་གིས་པགས་པ་བསྐྱེད་དོ། །ཉེར་གསུམ་པར་སྤྲིན་འཛིན་གྱིས་མདོག་བཟང་ངན་བསྒྲུབ་བོ། །ཉེར་བཞི་པར་རླུང་གྲོང་ཁྱེར་འཛིན་གྱི་དང་བར་བྱེད་དོ། །ཉེར་ལྔ་པར་སྔོན་གྲུབ་གྱི་རླུང་གིས་སྐྲ་དང་སྤུའི་རྩ་བ་བསྐྱེད་དོ། །ཉེར་དྲུག་པར་སྨན་ཡོན་ཆེན་པོའི་རླུང་གིས་དབང་པོ་སྦྱོང་ངོ་། །དེ་ནས་ཉེར་དགུའི་བར་གསུམ་ནི་ཕྱིན་ཅི་ལོག་དང་མེ་ཏོག་ཕྲེང་དང་ལྕགས་ཀྱི་སྒོ་ཞེས་བྱ་སྟེ་པགས་པ་དང་སེན་མོ་བྱེད་དོ། །དེ་ཕྱིན་ཆད་ནི་འཕེལ་བར་བྱེད་པ་དང་། སྐྱེ་བར་བྱེད་པ་ནི་ལས་རླུང་ཐོགས་པའི་རྐྱེན་ཅེས་བྱ་བ་སྟེ། སྐྱེས་ནས་ཞག་བདུན་ན་སྲིན་བུའི་རིགས་བརྒྱད་ཁྲི་ཡང་འགྲུབ་པར་གསུངས་ཏེ་འདི་ལྟར་རྒྱས་པར་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །སྨན་གྱི་བསྟན་བཅོས་རྣམས་ལས་ཀྱང་བྱུང་མོད་ཀྱི་མ་སྨོས་སོ། །གང་གི་ཚེ་མངལ་དུ་རྫོགས་པ་དེ་ནི་མི་ཡི་སེང་གེའི་གནས་སྐབས་ཡིན་ནོ། །འདིར་མངལ་ན་གནས་པའི་སྡུག་བསྔལ་ནི་བུམ་པའི་ནང་དུ་བཙོས་པ་དང་འདྲ་ལ། སྐྱེ་བའི་ཚེ་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། །ཐང་ལ་ལྷུང་པ་ན་ལྤགས་པ་བཤུས་པ་བཞིན་ནོ། །ཟས་སུ་བཤང་བ་ཟ་བ་ནི་ཕག་པ་བཞིན་ནོ། །ཞེས་མང་དུ་གསུངས་སོ། །དེ་ལྟར་རྒྱས་པར་བཤད་ནས། འཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཞེས་བྱ་བ་སྟེ་འདིར་སྔགས་ཀྱི་ཐེག་པ་ནས་སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུར་གསུང་པའི་དོན་ཕུང་པོ་ཁམས་སྐྱེ་མཆེད་རིམ་གྱིས་རྫོགས་པའི་ཚེ་མཆོག་གི་སྤྲུལ་པ་དྲི་མ་དང་བཅས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡིན་ནོ། །དྲི་མ་མེད་པར་སྦྱངས་པ་ན་བྷ་ག་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཟླ་བ་བཅུ་ནི་ས་བཅུ་རང་བཞིན་གྱིས་རྟོགས་པར་རྫོགས་པ་ནི་ཡེ་ཤེས། མ་ནི་མཁན་པོ། ཁྲུ་མ་ནི་ཆོས་གོས། ངག་གི་སྔགས་ནི་ཨ་ཧྃ། དེའི་ལུས་སྦྱོང་བ་ལ་སོགས་པ་ནི་དབང་བསྐུར་བར་བྱེད་པ་འོད་ཟེར་ཆེན་པོའི་ཚུལ། དེ་ནས་གནས་སྐབས་བཞི་རྫོགས་པ་ནི་སྐུ་བཞིའི་སངས་རྒྱས་སུ་བཞུགས་ཀྱང་མ་རྟོགས་པས་འཁོར་བའི་ལུས་སུ་གྱུར་ཏོ་ཞེས་ཧེ་བཛྭ་ལས། མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧྃ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ནི་རྣམ་པ་ཧྃ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པའི་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་པ་དང་། རྡོ་རྗེ་ཕྲེང་བར་ཡང་། བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། །ཅེས་བྱ་བ་ལ་སོགས་པ་འདི་ཡི་རྒྱས་པར་བཤད་པ་དང་། སྦྱང་གཞི་ལ་སྦྱོང་བྱེད་འབྲས་བུའི་རིམ་པ་དུས་ཀྱི་འཁོར་ལོའི་དབང་གི་ལེའུ་འགྲེལ་པ་དང་བཅས་པས་རྒྱས་པར་གསུངས་སོ། །འདི་ལྟར་སེམས་དྲི་མ་དང་བཅས་པའི་གཟུགས་སྐུ་བཤད་པས། དྲི་མ་མེད་ཙམ་ན་མཆོག་གི་སྤྲུལ་པ་འཕྲོ་བར་གོ་བར་འགྱུར་ཏེ། དེས་ན་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་དུ་བདེ་གཤེགས་སྙིང་པོ་ཅན། །ཞེས་བཤད་པའི་དོན་དང་ཡང་མཐུན་པར་འགྱུར་རོ། །དེ་ལྟར་ལུས་འགྲུབ་པའི་རིམས་པ་བསྟན་ཟིན་ཏོ། གསུམ་པ། ལུས་དེ་ཡང་རྩ་ཇི་ལྟ་བུ་དང་ལྡན་པ་མ་ཤེས་ན་རླུང་དང་ཐིག་ལེའི་གནས་མི་ཤེས་པས་ཐབས་དང་ཤེས་རབ་ཀྱི་རྒྱུད་རྣམས་སུ་གསུངས་པའི་རྩ་རྣམས་བཤད་པར་བྱའོ། །འདི་ལ་ཡང་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་རྐྱང་གཙོ་མོ་དང་། །འཁོར་ལོ་ནད་བསྐྱེད་རྩར་བཅས་དང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །དེ་ལས་ཕྲ་བའང་བཤད་པར་བྱ། །ཞེས་སྨོས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་དྲུག དབུ་མ་དང་། རོ་རྐྱང་གཉིས་དང་། རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་སུམ་བཅུ་སོ་བདུན་གྱི་ངེས་པ་དང་། འཁོར་ལོ་བཞི་དང་དྲུག་དང་བཅོ་བརྒྱད་ཀྱི་རྒྱས་བཤད་དང་། ནད་བསྐྱེད་པ་དང་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྒྱས་བཤད་དང་། ཕྲ་མོ་དང་ཁམས་གང་གིས་བསྐྱེད་པ་བསྟན་པའོ། །དང་པོ་ནི་ངོ་བོ་བཤད་ཅིང་ལུང་དང་སྦྱར་བ་གཉིས་ལས། ཚིག་བཅད་ཕྱེད་དང་དྲུག་སྟེ། ཐོག་མ་ལུས་བསྐྱེད་པའི་གཞིར་གྱུར་པ་དབུ་མ་སྟེ་འདི་ལ་ཡང་གཞན་དག་བསྒོམ་པའི་དབུ་མ་དང་། གནས་པའི་དབུ་མ་གཉིས་ལ་གནས་པ་ནི་ཤི་བའི་ཚེ་ཡལ་ནས་འགྲོ་བར་འདོད་པ་དང་གཞུངས་པར་འདོད་པ་དང་གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་དོན་ལ་མེད་པར་འདོད་པ་ཡོད་ཀྱང་འདིར་ནི་རྒྱུད་འགྲེལ་དཔང་པོར་བྱས་ནས་བཤད་དེ། སྔར་ལུས་འགྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་སྟེ། འཁོར་ལོ་དྲུག་པོའི་བར་བར་དུ་རང་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་དེ་གསང་བ་ནས་སྤྱི་ག ཙུག་གི་བར་ལ་འབྲེལ་བ་ཡར་སྣ་ནི་ཧྃ་གི་རང་བཞིན་གྱི་དཀར་ཆ་ཕ་ལས་ཐོབ་པའི་ཐིག་ལེ་ཡུངས་དཀར་ཙམ་གྱིས་བཀག་ལ། ལྟེ་བའི་འོག་ན་མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཁྲག་གི་རང་བཞིན་སྟེ། ཨ་ཐུང་དུ་བརྗོད་པ་ཡིན་ནོ། །འདི་ཡི་བར་ནི་ད་ལྟ་གནས་པའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སང་ངེ་བ་སྟེ་ནམ་མཁའ་དང་འདྲ་བར་ཡོད་པས་དུས་ཀྱི་འཁོར་ལོ་ནས་འདི་ལ་སྟེང་སྒྲ་གཅན་འོག་དུས་ཀྱི་མེ་ཞེས་འགོ་འཇུག་ཏུ་བཤད་པ་དང་ལུས་ཀྱི་བར་གྱི་སྲོག་རླུང་དུ་གསུངས་ཏེ། དོན་ལ་རླུང་ཐམས་ཅད་ཀྱི་རྩ་བ་དེར་བརྟེན་པས་ལུས་ཅན་གནས་པར་བྱེད་པའོ། །འོ་ན་ཧེ་བཛྭ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དྷར་མ་རབ་གྲགས། །ཞེས་དཀར་ཆ་འབབ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། །ལྟེ་འོག་མན་ཆད་དུང་ཅན་ཞེས། །དཀར་ཆ་འབབ་བར་བྱེད་པ་ཡིན། །ཞེས་བསྟན་ཏེ་རྩ་གཞན་ཐམས་ཅད་ཀྱི་དྭངས་མ་རྩ་གསུམ་འདུས་མདོ་ནས་གཅིག་ཏུ་དུང་ཅན་མའི་མར་སྣ་རུ་འདུས་ཏེ་འབབ་པས་བདེ་བ་བསྐྱེད་པར་བྱེད་པའོ། །འདི་ནི་སྡོམ་འབྱུང་དང་ཁ་སྦྱོར་ཐིག་ལེ་དང་ནག་པོ་པའི་རྫོགས་རིམས་རྣམས་ནས་ལུང་འདི་གསུངས་ཏེ། སྙིང་ཁའི་ཆུས་སྐྱེས་དབུས་སོན་པ་ནི་དང་པོ་བསྐྱེད་པའི་ཚེ་སྙིང་གི་དབུས་སུ་ཟུག་པའོ། །དེ་ཡང་ཡར་མར་དུ་གྱེས་པ་ཡིན་ནོ། །ཆུ་ཤིང་སྙི་མའི་མེ་ཏོག་ལྟར་སྟོང་བ་ནི་ཁུ་ཁྲག་མི་རྒྱུ་བའོ། །འཕྱང་ཞིང་ཁ་ནི་འོག་ཏུ་བལྟས་ཞེས་བྱ་བ་ནི་ཧཾ་དཀར་ཆ་དེ་འཕྱང་བ་ནི་ཡར་སྣ་ནས་ཁ་འོག་ཏུ་ལྟ་ཞིང་། ཏིལ་གྱི་མར་མེ་ལྟར་གསལ་བ་ཞེས་འགྱུར་ཁ་ཅིག་ལ་ཡོད་པ་འདིར་མར་སྣ་མར་མེ་ལྟ་བུས་བརྒྱན་པ་སྟེ་ཁྲག་གི་ཨ་ཐུང་གིས་བཀག་པའོ། །དེ་འོག་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པ་སྟེ། འདི་ལ། །ཨ་བ་དྷཱུ་ཏིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །ཞེས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བ་སྟེ་མདོར་ན་ལུས་ཅན་སྲོག་རྩ་ཡིན་པས་འདི་གོ་བར་བྱའོ། །གསང་སྔགས་རྙིང་མའི་གཞུང་ལས་སྙིང་ཁ་ན་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་གསུངས་པ་ཡང་འདི་ཁོ་ན་སྟེ། ཤའི་དྭངས་མ་ནི་རྩ་དབུ་མའོ། །ཁྲག་གི་དྭངས་མ་ཨ་ཐུང་ཡིན་ལ་རུས་པའི་དངས་མ་ནི་ཧྃ་ཡིན་ནོ། །རླུང་གི་དྭངས་མ་ནི་སྲོག་རླུང་ངོ་། །དྭངས་མའི་དངས་མ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྗོད་པ་འཐད་ཀྱི། འདོད་པ་ལ་ལ་ན་སྙིང་ཁ་ན་དྭངས་མ་ལྔ་འདུས་སྲན་མ་ཙམ་འདོད་པ་དེ་ནི་མ་ཡིན་ཏེ་གྲངས་ཅན་པ་ཡང་བདག་སྲན་མ་ཙམ་ཡོད་ཅེས་འདོད་པ་སངས་རྒྱས་ཀྱིས་བཀག་པའི་ཕྱིར་རོ། །འོ་ན་གཞུང་ཁ་ཅིག་ནས་སྐྱེ་བདུན་བསྒྲུབ་པའི་སྐབས་ན། དེའི་སྙིང་ཁའི་རོ་ཙ་ན་ཞེས་བྱུང་བ་གང་ཡིན་སྙམ་དུ་རྟོག་ན་དྭངས་མ་གཉིས་སྙིང་ཁར་ཚོགས་པ་དེ་རོ་བཅུད་ཆེན་པོ་ཡིན་པས་དེ་ལས་བརྗོད་པ་ཡིན་ནོ། །འདི་ལ་མིང་གི་རྣམ་གྲངས་ནི་ཨ་བ་དྷུ་ཏི་དང་། སུ་སུ་མ་མ་དང་། ཀུན་དྷར་མ་དང་། ཕྲ་མོའི་གཟུགས་དང་། མར་སྣ་ལ་དུང་ཅན་མ་དང་། ཡར་སྣ་ལ་སྒྲ་ཅན་གྱི་རྩ་དང་། སྲོག་རྩ་དང་། ནང་གི་ཤིང་གཅིག་དང་། སྲོག་ཤིང་སྐུད་པ་དང་། ལམ་པོ་ཆེ་དང་རྩ་དབུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཉིས་པ་རོ་རྐྱང་དང་བཅས་པ་བཤད་པ་ནི། བཤད་པ་དངོས་དང་ལུང་བཤད་པ་གཉིས་ལས། དང་པོ་ནི་ཚིག་བཅད་ཕྱེད་དང་བདུན་སྟེ། །གཡས་གཡོན་རོ་རྐྱང་གཉིས་པོ་ནི། དང་པོ་ལྟེ་བ་ནས་རྩ་གསུམ་འདུས་མདོ་ནས་གྱེས་ནས་མཁལ་མའི་རྩ་ཆེན་པོ་འབྲེལ་སྟེ་སྙིང་ཁའི་རྩ་གཡས་ནི་ཁྱབ་བྱེད་རྒྱུ་བའི་སར་འབྲེལ་གཡོན་ལྷ་སྦྱིན་གྱི་རྩ་ལ་འབྲེལ་བས་མཆན་འོག་གི་རྩ་ཆེན་པོ་སྙིང་རྩ་དངུལ་འདུ་ཞེས་བྱ་བ་ཡིན་ལ་ཡང་མགྲིན་པའི་གནས་སུ་འདུས་ནས་རྩེ་ཆུང་ངུ་རུ་གྱུར་ཏེ་རྣ་བའི་འོག་ནས་ཕུག་ནས་ལྗོན་ཤིང་གི་རྩ་ཞེས་གླད་པ་ལ་སོང་སྟེ་ཚངས་བུག་གི་རྩ་ལ་འབྲེལ་ཅིང་དབང་པོའི་སྒོ་ཐམས་ཅད་དུ་ཡང་འབྲེལ་ཏོ། །བྱེ་བྲག་དུ་སྣ་བུག་གཉིས་སུ་ཡར་སྣ་འབྱུང་ཞེས་བརྗོད་དོ། །འོག་ཏུ་ནི། རྩ་གསུམ་འདུས་ས་ནས་གྱེས་ཏེ། ཁྲག་དང་དྲི་ཆེན་གྱི་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མས་བྱེད་ལ། གཡོན་ནས་རྐྱང་མས་དྲི་ཆུའི་འབྱིན་སྡོམ་བྱེད་པར་ཧེ་བཛྭ་ལས་བཤད་དེ། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དྷར་མ་རབ་གྲགས། །ཞེས་གསུངས་པས་ཡང་ཁ་གཅིག་གིས་མ་རྟོག་དོགས་ནས་རྡོ་རྗེ་སྙིང་པོས་སྟེང་དུ་ནི་རླུང་གསུམ་འབབ་པར་རྒྱས་པར་གསུངས་སོ། །ཁྱད་པར་དུ་ལྟེ་བའི་གནས་དེར་རོ་རྐྱང་ལས་རྩ་བཞི་གྱེས་དེ་ལ་གསུམ་གསུམ་དུ་སྟེ་བཅུ་གཉིས་དེ་ལ་ལྔ་ལྔར་གྱེས་པས་དྲུག་ཅུ་སྟེ་དྲུག་ཅུ་རྩ་བཞིའམ་བདུན་ཅུ་རྩ་གཉིས་སུ་གསུངས་པ་རླུང་ཐམས་ཅད་ཕྱིར་ལུས་ཐམས་ཅད་དུ་གསོ་བསྐྱེད་བྱེད་ལ་ནང་དུ་དབུ་མ་ལ་སྲོག་རླུང་གསོ་བསྐྱེད་བྱེད་པ་ཡིན་ནོ། །འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་བྱུང་པའི་ལུང་བཤད་པ་ནི། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །གྱེན་ནས་ཅི་རྒྱུ་ཞེ་ན། སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །ཞེས་རྐྱང་མ་ཆུའི་རང་བཞིན་ཟླ་བའི་རླུང་དག་རོ་མ་མེའི་རང་བཞིན་ཉི་མའི་རླུང་དང་དབུ་མ་ནམ་མཁའི་རང་བཞིན་སྲོག་གི་རླུང་རྒྱུ་ཞིང་འོག་ནས་རྩེ་མོ་གསུམ་ནི། །གཡས་གཡོན་དབུ་མའི་མར་སྣ་ནས། བཤང་བ་གཅི་བ་ཁུ་བ་རྒྱུ་ཞེས་དེ་རྣམས་ཀྱི་ལས་བྱེད་ལ་གསུམ་པོ་འདུས་ཤིང་གྱེས་པ་ལྟ་བུར་ལུས་ལ་ཡོད་པས། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་གསུངས་པ་འདིར་བརྗོད་པ་ཡིན་ནོ། །དེ་ལྟར་རོ་རྐྱང་བཤད་ནས། གསུམ་པ་རྩའི་གཙོ་བོ་ཉི་ཤུ་རྩ་བཞི་དང་སོ་བདུན་གྱི་རྒྱས་པར་བཤད་པ་ནི་གསུམ་སྟེ། སྤྱིར་བསྟན་པ་དང་། ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་དང་། སྦས་བའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལས་གྱེས་པའི་རྩ་ཆེན་པོ། །ཉི་ཤུ་བཞི་སྟེ་སྙིང་ཁ་ཡི། །ཡན་ལག་རླུང་ནི་བརྟེན་པའི་རྩ། །ལྔ་དང་གཙོ་བོ་གསུམ་བཅས་པ། །སུམ་ཅུ་གཉིས་ཏེ་རྩ་བ་ཡི། །རླུང་རྟེན་རྩར་བཅས་སུམ་ཅུ་དྲུག །ཅེས་བྱ་བ་དབུ་མ་དང་རོ་རྐྱང་ལ་གྱེས་པའི་རྩ་ཉི་ཤུ་རྩ་བཞི་ནི་ཕྱི་ཡི་ཡུལ་ཉི་ཤུ་རྩ་བཞི་དག་པ་འོག་ནས་སྟོན་པ་རྣམས་ཐུགས་གསུང་སྐུའི་འཁོར་ལོའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡི་རང་བཞིན་ནོ། །ཡན་ལག་གི་རླུང་ལྔ་བརྟེན་པའི་རྩ་ལྔ་དང་གཙོ་བོ་གསུམ་དང་བཅས་པས་སུམ་ཅུ་སོ་གཉིས་ནི་ལྷ་མོ་བཅོ་ལྔ་ཡར་ངོ་དང་མར་ངོ་དག་པ་བཅུ་དྲུག་པའི་དཀར་ཆ་ནི་དུང་ཅན་ཏེ་དྷཱུ་ཏི་ནག་ཆ་ནི་བདུད་བྲལ་ཏེ་ལྕེའུ་ཆུང་ངུ་ཟུག་པ་ཧེ་བཛྭ་ལས་གསུངས་པ་ཡིན་ནོ། རྩ་བའི་རླུང་བརྟེན་པ་རྩ་ལྔ་ལ་དབུ་མ་ལ་ཆ་གཉིས་སུ་བྱས་ནས་གསུམ་འདུས་མན་ཆད་དུང་ཅན་མ་ནི་ཡེ་ཤེས་ཀྱི་ཁམས་ཐུར་སེལ་གྱི་གནས་ཡན་ཆད་སྲོག་གི་རླུང་གི་གནས་ཡིན་ནོ། །གཞན་གསུམ་ནི་སྙིང་ཁའི་ཤར་ཕྱོགས་ལུས་ཀྱི་མདུན་དུ་མེ་མཉམ་གྱི་རླུང་བརྟེན་པའི་རྩ་སྣར་མ་ཞེས་བྱ་བ་དང་། གྱེན་རྒྱུའི་གནས་མེ་མཚམས་སུ་གླང་པོ་ཆེའི་རྩའོ། །ཁྱབ་བྱེད་གཡས་ཀྱི་ཕྱོགས་སུ་འབབ་པའི་གནས་སེར་སྐྱ་སྟེ་རོ་མའི་བྱེ་བྲག་གོ། །རྩ་བ་དང་ཡན་ལག་གི་རྩ་བཅུ་པོ་ལ་མིང་ནི་དུས་འཁོར་ལས་སེར་སྐྱ་ཕྲ་མོ་ལུག་ལ་སོགས་པ་ལམ་གསུམ་གྱུར་པ་རྣམས་དང་སྣར་མ་དང་ནི་གླང་ཆེན་ལྕེ། རྒྱལ་ནི་དྲུག་པ་ཡིན་ལ་རྒྱལ་བ་འགྲོ་དང་བརྒྱད་པ་ལམ་བུ་ཥ་སྟེ་དགུ་པ་ཀུ་ཧེའོ། །བཅུ་པའི་གྲངས་ནི་དུང་ཅན་མ་གང་མིའི་བདག་པོ་བདེ་བའི་མཐར་ནི་བྱང་སེམས་ས་བོན་འཛག །ཞེས་གསུངས་པ་ཡིན་ནོ། །གསང་འདུས་སུ་བཤད་པ་ནི་འོག་གི་སྙིང་ཁའི་འཁོར་ལོའི་མིང་ན་ཡོད་དོ། །དེ་ལྟར་རྩ་སུམ་ཅུ་སོ་བདུན་ནི་རིགས་དང་ལྷ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དུ་རྒྱུད་ཐམས་ཅད་ལ་སྦྱར་སྟེ་སྟོན་ཏོ། །ཁ་ཅིག་ཏུ་ཕྱོགས་འགའ་ཡར་བ་སྟོན་ཏོ། །རྩ་ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་ནི། འདིའི་གཡོན་པའི་ཆར་སྐྱེས་པ་ཞེས་པ་ནས་ཚིགས་སུ་བཅད་པ་བདུན་རྐང་པ་གཅིག་དང་བཅས་པ་སྟེ། འདི་ལ་ན་རོ་པའི་འགྲེལ་ཆེན་དུ་རོ་རྐྱང་ལས་གྱེས་པ་བཅོ་ལྔ་བཅོ་ལྔ་སྦྱར་བཤད་གསུངས་ཀྱང་འདིར་བདེ་མཆོག་གི་རྒྱུད་རྣམས་དང་སཾ་བྷུ་ཊི་དཔང་པོར་བྱས་ཏེ། ལུས་ཀྱི་སྟོད་ན་གནས་པའི་རྩ་བོ་ཆེ་བཅུ་བཞི་རྐྱང་མས་བསྐྱེད་པ་དང་། སྨད་ཀྱི་རྩ་ཆེན་པོ་བཅུ་རོ་མས་བསྐྱེད་པའི་ཆར་བཤད་པ་ཡིན་ནོ། །རྩ་བཅུ་ནི་དབུ་མས་བསྐྱེད་པར་ལེགས་ཏེ་དེ་ལྟར་སུམ་ཅུ་སོ་བཞི་པོ་རྩ་གསུམ་གྱིས་སྡེ་ཚན་དུ་བཅད་པ་གསང་བ་འདུས་པའི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བར་བྱུང་ངོ་། །འགའ་ཞིག་འཁོར་ལོར་སྦྱོར་བ་ནི་མི་འཐད་པར་སེམས་སོ། །རྩ་དེ་དག་ལུས་ཀྱི་གནས་གང་ན་ཡོད་པ་ནི། མི་ཕྱེད་མ་ནི་འཚོགས་མ་ལ་གནས་པའི་རྩའོ། །འཕྲ་གཟུགས་མ་ནི་ཚངས་པའི་བུ་གར་འབྲེལ་པའི་རྩའོ། །རྩེ་བ་མ་ནི་རྣ་བ་གཡས་པའི་རྩའོ། །གཡོན་པ་མ་ནི་ལྟག་པའི་རྩའོ། །ཐུང་ངུ་མ་ནི་རྣ་བ་གཡོན་པའི་རྩའོ། །རུས་སྦལ་སྐྱེས་མ་ནི་སྨིན་མའི་དབུས་སུ་གནས་པའི་རྩའོ། །བསྒོམ་པ་མོ་ནི་མིག་གི་ཕྱིར་རོལ་གྱི་རྩའོ། །དབང་མ་ནི་འཕྲག་པའི་རྩ་གཉིས་སོ། །སྐྱོན་མ་ནི་མཆན་ཁུང་གི་རྩ་ཆེན་གཉིས་སོ། །འཇུག་མ་ཞེས་བྱ་བ་ནི་ནུ་མའི་རྩ་གཉིས་སོ། །མ་མོ་ནི་ལྟེ་བར་གནས་པའི་རྩའོ། །མཚན་མོ་ནི་སྣ་རྩེར་ཟུག་པའི་རྩའོ། །བསིལ་སྦྱིན་མ་ནི་ཁའི་མཐའ་མ་ལ་བསྐོར་ནས་ཡོད་པའི་རྩའོ། །ཚ་བ་མ་ནི་མགྲིན་པའི་དབུས་སུ་གནས་པའི་རྩའོ། །དེ་ལྟར་བཅུ་བཞི་པོ་རྐྱང་མ་ལ་བརྟེན་པ་ཤེས་རབ་ཀྱི་རང་བཞིན་ཟླ་བ་ཡར་ངོའི་ཆ་དག་པ་ཡིན་ནོ། །དེ་ནས་རོ་མ་ལ་བརྟེན་པའི་ཐབས་ཀྱི་རང་བཞིན་མར་ངོའི་ཆ་དག་པའི་རྩ་རྣམས་ནི། གཞོལ་མ་ནི་བྲང་གི་གཞུང་དུ་གནས་པའི་རྩའོ། །རངས་མ་ནི་ལྒང་པར་འབྲེལ་པའི་རྩའོ། །ཤིན་ཏུ་གཟུགས་ཅན་མ་ནི་མཚན་མར་གནས་པའི་རྩའོ། །ཕྱི་མ་ནི་འོག་སྒོར་འབྲེལ་པའི་རྩའོ། །རྒྱུ་སྦྱིན་མ་ནི་བརླའི་རྩ་ཆེན་གཉིས་སོ། །སྦྱོར་བྲལ་མ་ནི་བྱིན་པར་གནས་པའི་རྩ་གཉིས་སོ། །སྡུ་གུ་མ་ནི་རྐང་པའི་སོར་མོ་རྣམས་ལ་གནས་པའི་རྩའོ། །གྲུབ་མ་ནི་རྐང་པའི་བོལ་གཉིས་ལ་གནས་པའི་རྩའོ། །འཚེད་མ་ནི་རྐང་འཐེབ་སྤུ་འཁྱིལ་ལ་གནས་པའི་རྩའོ། །ཡིད་བཟང་མ་ནི་པུས་མོའི་གཉན་གོང་གཉིས་ལ་གནས་པའི་རྩའོ། །དེ་ལྟར་རྩ་ཉི་ཤུ་རྩ་བཞི་པོ་འདི་རྣམས་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་མིང་གི་རྣམ་གྲངས་སོ། །བདེ་མཆོག་ཏུ་ནི་ཕྱི་རོལ་གྱི་གནས་ཉིད་ཀྱི་མིང་གིས་བརྗོད་དོ། །དེ་བཞིན་དུ་རྒྱུད་གཞན་ནས་ཀྱང་མིང་གི་རྣམ་གྲངས་གསུངས་པ་ཡོད་དེ་འདིར་མ་སྨོས་སོ། །དེ་ནས་སྦས་པའི་རྩ་ལྔ་བཤད་པ་ནི། ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཅིག་སྟེ། གསུམ་སྐོར་མ་ནི་མིག་གི་དབུས་སུ་འབྲེལ་ཅིང་། གཟུགས་འཛིན་པའི་བདག་རྐྱེན་བྱེད་དོ། །འདོད་མས་རྣ་བར་སྒྲ་འཛིན་ཏོ། །ཁྱིམ་མས་སྣར་དྲི་འཛིན་ལ། གཏུམ་མོས་ལྕེའི་དབུས་སུ་རོ་འཛིན་པའི་བདག་རྐྱེན་བྱེད་དེ། འདིར་རྣམས་ནི་སྔར་སྨོས་པའི་ཡན་ལག་གི་རླུང་རྒྱུ་བའི་གནས་སོ། །བདུད་བྲལ་མ་ནི་ལྕེའུ་ཆུང་གི་དབུས་སུ་ཟུག་ཅིང་། གྱེན་དུ་ཁམས་འབབ་པའི་བྱ་བ་བྱེད་ལ་རེག་བྱའི་ཕྱོགས་གཅིག་ཀྱང་འཛིན་པས་ནོར་ལས་རྒྱལ་གྱི་རླུང་བརྟེན་པར་བྱེད་པ་ཡང་ཡིན་ནོ། །འདི་རྣམས་སྙིང་གི་དབུས་སུ་འབྲེལ་ཞིང་། དེ་ལས་གཞན་ཡང་། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ནི་ཨ་ཝ་དྷུ་ཏི་སྟེ། །གཞན་ནི་རྩ་བའི་རླུང་རྒྱུའི་གནས། །ཞེས་བྱ་བའི་དོན་ནི་གོང་དུ་བསྟན་ཟིན་ཏོ། །བཞི་པ་འཁོར་ལོའི་རྩ་རྣམས་ཀྱི་མིང་རྒྱས་པར་བཤད་པ་ལ་བདུན་སྟེ། མདོར་བསྟན་པ་དང་། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་དང་། འཁོར་ལོ་དྲུག་གི་ངེས་པ་དང་། ཡན་ལག་གི་འཁོར་ལོ་བཅུ་གཉིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། །ཞེས་སྨོས་ཏེ། འཁོར་ལོ་འདི་རྣམས་ཀྱང་གཞན་དག་རྩ་བརྒྱད་བརྒྱད་ལས་ཀྱོག་གི་བྱེ་བྲག་གིས་འདབ་མའི་གྲངས་སུ་འདོད་ཀྱང་། འདིར་ནི་གྲངས་ཇི་ལྟར་བཤད་པ་བཞིན་དུ་རྩ་རེ་རེ་ཡིན་པར་འདོད་དེ། བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་ཀ་ལ་དེ་ལྟར་རྒྱ་ཆེར་བསྟན་པའི་ཕྱིར། ལྟེ་བ་ན་རྩ་དྲུག་བཅུ་རྩ་བཞི། དུས་སྦྱོར་གྱི་རླུང་གི་གནད་བཅིངས་ན་སད་པའི་དུས་སྤྲུལ་པའི་སྐུའི་དགོངས་པར་འཆར་བར་བྱེད་པ་དང་། སྙིང་ཁ་ན་བརྒྱད་ཐུན་ཆེན་པོ་བརྒྱད་དག་པ་གནད་བཅིངས་ན་འོད་གསལ་ཆོས་ཀྱི་སྐུར་འཆར་ཞིང་གཉིད་འཐུག་པོ་དག་པར་བྱེད་པ་དང་། མགྲིན་པ་ན་བཅུ་དྲུག་འཕོ་བའི་རང་བཞིན་དག་པར་བྱེད་པ་གནད་བཅིངས་ན་རྨི་ལམ་གྱི་འཁྲུལ་པ་དག་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་བར་བྱེད་པ་དང་། སྤྱི་བོ་ན་སུམ་ཅུ་སོ་གཉིས་ཆུ་ཚོད་ཀྱི་རང་བཞིན་ཐིག་ལེའི་གནད་བཅིངས་ན། ཆགས་པའི་འཁྲུལ་པ་དག་པར་བྱེད་པ་ཡེ་ཤེས་ཀྱི་སྐུའི་ངོ་བོ་སྟེ། འདི་ནི་གསང་བ་འདུས་པ་དང་དགྱེས་རྡོར་བདེ་མཆོག་རྣམས་སུ་གསུངས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ནས་ནི། མགྲིན་པ་ནས་སུམ་ཅུ་སོ་གཉིས། རྒྱུ་སྐར་གྱི་རང་བཞིན་དང་། སྤྱི་བོ་ན་བཅུ་དྲུག་ཟླ་བའི་རྐང་པ་རྒྱུ་ཚུལ་དང་བཅས་པ་ཡོད་དེ། འོག་ནས་རླུང་གི་སྐབས་སུ་འཆད་དོ། །འཁོར་ལོའི་སྒྲར་བརྗོད་པའི་དོན་ནི། དབྱིབས་ཀྱང་འཁོར་ལོ་ལྟ་བུ་ཡིན་པ་དང་། གནད་བཅིངས་ན། གནས་སྐབས་བཞིའི་འཁྲུལ་པ་གཅོད་པའི་དོན་གྱིས་འཁོར་ལོར་བཤད་དོ། །དེ་ནས་ལྟེ་བའི་འཁོར་ལོའི་རྒྱས་བཤད་ནི། ཚིགས་སུ་བཅད་པ་དགུ་འཚམས་སྦྱོར་དང་བཅས་པ་སྟེ། རྩའི་མིང་འདི་དག་ཐམས་ཅད་ནི། རྒྱུད་རྡོ་རྗེ་འཕྲེང་བའི་གཞུང་གི་ཚིག་ཡིན་ནོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་ལུས་བསྐྱེད་ཅིང་སྤྲུལ་པའི་ཕྱིར་ཏེ། དང་པོ་དབུ་མ་དང་རོ་རྐྱང་ལས་གྱེས་པའི་རྩ་བཞི་སྟོང་པ་ཡེ་ཤེས་ཀྱི་ཁམས་ཡིན་ལ། དེ་ལས་འཕོ་བ་བཅུ་གཉིས་ཀྱི་རིམ་པ་ཡིས། རེ་རེ་ལ་རྩ་ལྔ་ཚན་བཅུ་གཉིས་སུ་གྱེས་པས་དྲུག་ཅུ་ཐམ་པ་ཡོད་དེ། གཡས་རོ་མ་དང་གཡོན་རྐྱང་མའི་འཕོ་བ་དྲུག་ཅུ་པོ་བརྟེན་ལ་སྟོང་པ་བཞི་པོ་དབུ་མའི་འཕོ་བ་ཡིན་ནོ། །ཡང་དག་ཤུགས་དང་ཤིན་དུ་ཤུགས། །ཤིན་དུ་བཟང་དང་བཟང་པོར་འགྲོ། །ཞེས་སྨོས་པའི་རྩ་བཞི་པོ་རོ་རྐྱང་ལས་དབུ་མར་འཇུག་པའི་རྩའི་མིང་ངོ་། །ཡང་དག་པའི་སྟོབས་དང་ལྡན་པ་དང་སྲོག་འཛིན་པས་བཟང་པོར་བྱེད་པའི་དོན་ཏོ། །གཞན་སྟོབས་ཆེན་ལ་སོགས་པའི་རྩ་ལྔ་ནི་ལུག་གི་འཕོ་བ། དེ་བཞིན་དུ་བརྒྱགས་པའི་ཆ་ལ་སོགས་པ་ལྔ་ནི་གླང་གི་འཕོ་བ། བརྒྱགས་པའི་བརླན་ལ་སོགས་པ་ལྔ་ནི་འཁྲིག་པའི་འཕོ་བ་དབུགས་མི་བདེ་བ་ལ་སོགས་པ་ལྔ་ནི་ཀར་ཀ་ཏའི་འཕོ་བ། མི་བཟད་པ་ལ་སོགས་པ་ལྔ་ནི་སེང་གེའི་འཕོ་བ། དབྱངས་ལ་སོགས་པ་ལྔ་ནི་བུ་མོའི་འཕོ་བ། ཡུད་ཙམ་གཙོ་བོ་ལ་སོགས་པ་ལྔ་ནི་སྲང་གི་འཕོ་བ། རྙིང་པ་ལ་སོགས་པ་ལྔ་ནི་སྡིག་པའི་འཕོ་བ། ཚིགས་ཀྱི་གནས་ལ་སོགས་པ་ལྔ་ནི་གཞུའི་འཕོ་བ། དུལ་འགྲོ་ལ་སོགས་པ་ལྔ་ནི་ཆུ་སྲིན་གྱི་འཕོ་བ། ཆགས་པ་ལ་སོགས་པ་ལྔ་ནི་བུམ་པའི་འཕོ་བ། འགྲོ་བ་ལ་སོགས་པ་ལྔ་ནི་ཉའི་འཕོ་བའམ། ཡང་ན་སྟོབས་ཆེན་ནས་རྒྱལ་ལྟར་སྔོའི་བར་དུ་སུམ་ཅུ་ལུག་ལ་སོགས་པ་མཉམ་པའི་ཁྱིམ་དྲུག་དང་། ཡུད་ཙམ་ནས་རབ་གསལ་གྱི་བར་སུམ་ཅུ། གླང་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་ཏུ་རིག་པར་བྱའོ། །རྩ་འདི་རྣམས་ཀྱི་མིང་འདོགས་པའི་རྒྱུ་མཚན་བཤད་ན་ཉན་མོད་ཀྱི་ལོ་ཙཱ་ཕས་འགྱུར་བྱེད་པའི་དུས་ན་སྒྲ་མི་འདྲ་བ་མང་དུ་ཡོད་པ་དང་། ཕལ་ཆེར་བྱེད་ལས་ལ་བཏགས་པས་ཞིབ་ཏུ་མ་བཤད་དོ། །སྙིང་ཁའི་འཁོར་ལོ་བཤད་པ་ནི། ཚིག་བཅད་ཕྱེད་དང་གཉིས་ཏེ། དུས་ཀྱི་འཁོར་ལོ་ལས་གསུངས་པའི་སྣར་མ་དང་། གླང་ཆེན་ལྕེ་དང་། སེར་སྐྱ་དང་། རྒྱལ་དང་། རྒྱལ་བ་དང་། ལམ་བུ་ཤ་དང་། ཀུ་ཧཱེ་དང་། ཕྲ་མོ་དང་བརྒྱད་པོ་རྣམས་ཀྱི་མིང་རྡོ་རྗེ་འཕྲེང་བའི་རྒྱུད་ལས་རིན་ཆེན་ཅོད་པན་ལ་སོགས་པ་བརྒྱད་པོ་འདིའི་མིང་གིས་བསྟན་ཏེ་འཁོར་ལོ་འདིའི་རྩ་ནས་ལུས་ཐམས་ཅད་ཀུན་ཏུ་ཁྱབ་པར་འབྲེལ་ཏོ། །མིང་འདོགས་པའི་དོན་ཡང་། རིན་པོ་ཆེ་དང་། པད་མ་དང་། རྡོ་རྗེ་དང་། ལས་ཀྱི་རིགས་དང་། དེ་དག་གི་དབང་བྱེད་པའི་དོན་གྱིས་ཐབས་དང་ཤེས་རབ་ཀྱི་ཆ་དང་། མགོན་པོ་ཆེ་བ་ནི་གཟུགས་འཛིན་པའི་དོན་དང་། སྒྲ་ཆེན་ནི་སྒྲ་འཛིན་པའི་དོན་དང་། ཉེར་དགའ་ཆེན་པོ་ནི་དྲི་འཛིན་པའི་དོན་དང་། མྱོས་པ་ཆེན་པོ་ནི་རོ་འཛིན་པའི་དོན་ཡིན་སྙམ་མོ། །མགྲིན་པའི་འཁོར་ལོ་བཤད་པ་ནི། ཚིག་བཅད་གཉིས་ཏེ། འདིར་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་བཅུ་དྲུག་པོ་འདི། ཟས་ཀྱི་རོ་དྲུག་ཉམས་སུ་མྱོང་བའི་ཆ་ནས་མིང་གི་རྣམ་གྲངས་འདི་རྣམས་བསྟན་ལ། དུས་ཀྱི་འཁོར་ལོ་ལས་སུམ་ཅུ་རྩ་གཉིས་སུ་གསུངས་པ་ནི། རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྱི་གྲངས་ཀྱིས་རྒྱུ་བ་དང་། བཞི་ནི་དབུ་མའི་ཆ་ལ་སྟོང་པའི་རྩ་ཞེས་གསུངས་སོ། །སྤྱི་བོའི་འཁོར་ལོ་བཤད་པ་ནི། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། ཞེས་པ་ནས་ཚིག་བཅད་བཞི་སྟེ། འདི་དག་ཀྱང་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་ལས་ཀྱིས་བརྗོད་འདུག་པའི་ཕྱིར། རིམ་རིགས་ནས་ནེ་ཙོའི་བར་བཅོ་ལྔ་ནི་ཟླ་བ་འཕེལ་བའི་ཆ་ཡིན་ལ། གང་བ་ནི་བཅུ་དྲུག་པ་དབུ་མའི་ཆའོ། །ཉི་ལྡན་ནས་སྙེམས་པའི་བར། ཕྱི་རོལ་གྱི་རྩ་ནག་པོའི་ཆ་བཅོ་ལྔ་སྟེ། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པའི་ཆ་ཡིན་པས་སུམ་ཅུ་རྩ་གཉིས་སུ་བཤད་པའི་ངེས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལས་ཟླ་བའི་རྐང་པ་འཕེལ་བ་བདུན་དང་འགྲིབ་པ་བདུན་ཏེ་བཅུ་བཞིའི་རྣམ་པར་དག་པ་དང་། འཚམས་གཉིས་དང་གཅས་བས་བཅུ་དྲུག་ཏུ་གསུངས་སོ། །དེ་ལྟར་རྩ་བརྒྱ་ཉི་ཤུ་ནི། འཁོར་ལོ་བཞི་ལ་བཤད་པ་རྩ་རྣམས་ཀྱི་གཙོ་བོ་ཞེས་བཤད་པའོ། །འཁོར་ལོ་དྲུག་གི་ངེས་པ་བསྟན་པ་ནི། རྡོ་རྗེ་འཕྲེང་བ་ལས་གསུངས་པ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་གཉིས་ལས། དང་པོ་ནི། གཙུག་གཏོར་རླུང་དང་མགྲིན་པ་མེ། །གནས་པའི་རྩ་ནི་དགུ་ཡོད་དེ། །ཞེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་གཙུག་ཏོར་བསྐྱེད་པར་བྱེད་པའི་རང་བཞིན། སྨིན་འཚམས་དང་གཙུག་ཏོར་གྱི་འཁོར་ལོའི་སྒྲས་གསུངས་པས། སྨིན་མའི་དབུས་ན་རླུང་རྣམ་པར་དག་པའི་རྩ་ལྔ་དང་། གཙུག་ཏོར་གྱི་མགྲིན་པ་མེའི་ཁམས་འཛིན་པར་བྱེད་པའི་རྩ་གསུམ་ཡོད་དོ་ཞེས་གསུངས་པ་ལས། རླུང་གི་འཁོར་ལོའི་རྩ་དེ་དག་ཀྱང་གང་ཞེ་ན། །བྱེ་བ་འཁྱིལ་པ་མི་བཟད་པ། །མིང་བཟངས་བརྟན་དང་མཚན་ཉིད་ཅན། །ཞེས་བྱ་བ་དྲུག་ཡིན་ནོ། །གཞན་གསུམ་ནི། འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་མེ་དང་ལྡན་པའོ་ཞེས་སོ། །རྒྱུད་གཞན་གྱི་དགོངས་པ་བཤད་པ་ནི། །དུས་ཀྱི་འཁོར་ལོར་གང་གསུངས་པ། །འདི་བདུན་གསང་བའི་གནས་སུ་སྟེ། །སྤྱི་བོ་དང་མཚུངས་གསང་འཁོར་ལོ། །སུམ་ཅུ་རྩ་གཉིས་འདོད་པ་ཡིན། །ཞེས་སྨོས་ཏེ། དུས་འཁོར་ལས་གསང་བའི་ནོར་བུ་ལ་རྩ་བཞི་དང་། སྨིན་འཚམས་ཀྱི་གཙུག་ཏོར་གྱི་རྩ་བཞི་མཐུན་པར་གསུངས་ཤིང་། དེའི་རྩ་བ་ན་གཏུམ་མོའི་མེ་བསྐྱེད་པར་བྱེད་པའི་དབུ་མའི་མར་སྣ། བཤང་གཅི་ཁུ་བ་འཕེན་འཛིན་བྱེད་པའི་རྩ་གསུམ་དང་བདུན་པོ་འདི། གསང་གནས་ན་ཡོད་པར་གསུངས་ལ། འདི་རྣམས་ཀྱི་རྩ་བ་ནས་ལུས་ཀྱི་ཕྱི་རིམ་དང་འབྲེལ་པའི་རྩ་སུམ་ཅུ་སོ་གཉིས་སྤྱི་བོའི་འཁོར་ལོ་དང་གྲངས་མཚུངས་པར་ཡོད་པར་བཤད་དོ། །དེས་ན་གོང་མའི་རྩ་བདུན་པོ་དང་། སྨིན་མ་ནས་གསང་བའི་བར་དུ་སྲོག་གི་རླུང་འཛིན་པ་དང་། ཁུ་བ་འབབ་པའི་རྩ། དབུ་མ་ལ་ཆ་གཉིས་སུ་བཤད་ན། རྩ་དགུ་པོ་འདི་ལོགས་སུ་འཁོར་ལོ་ལ་མི་གཏོགས་པར་བྱུང་པས། རྒྱུད་ཀྱི་དགོངས་པ་འདི་གཉིས་མཐུན་པར་འགྱུར་ལ། ཡང་ན་རྒྱུད་ཐམས་ཅད་དགོངས་པ་ཅན་ཡིན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་བཤད་པའི་ཕྱིར། སྨིན་མའི་དབུས་མན་ཆད་དུ་འཁོར་ལོ་དྲུག་ལ་རྩ་བའི་རླུང་གི་རྟེན། སྨིན་དབུས་བྱེ་བ་དང་། སྤྱི་བོར་འཁྱིལ་པ་དང་། མགྲིན་པར་མི་བཟད་པ་དང་། སྙིང་ཁར་མིང་བཟངས་དང་། ལྟེ་བར་བརྟན་པ་དང་། གསང་བར་མཚན་ཉིད་ཅན་དང་། དྲུག་པོ་ནི་འཁོར་ལོའི་དབུས་རྣམས་སུ་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་དང་། འཁོར་ལོ་རྣམས་ནི་སྲོག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་གསུང་གི་དཀྱིལ་འཁོར་གྱི་སྒོ་བཞིར་ཡང་བཤད་པས། དེ་དག་དབུས་ནས་གནས་པ་ནི། །སྟོང་པ་དྲུག་གི་རྩ་ཡིན་ནོ། །འདི་རྣམས་གསུང་གི་སྒོ་ཞེས་བྱ། །ཞེས་བསྟན་པ་ཡིན་ནོ། །རྒྱས་པར་ནི་དྲི་མ་མེད་པའི་འོད་ལས། འདིར་ལུས་ལ་རིགས་གསུམ་གྱི་རྩ་གསུམ་ནི། ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་འཛིན་པའི་རྩ་གསུམ་སྟེ། ལྟེ་བ་དང་གསང་བའི་རྡོ་རྗེའི་ནོར་བུའོ། །དེ་བཞིན་དུ་རིགས་དྲུག་གི་རྩ་ནི་ལ་ལ་ན་དང་ར་ས་ན་དང་ཨ་བ་དྷུ་ཏི་དང་གཤང་བ་དང་གཅི་བ་དང་ཁུ་བ་འབབ་ཅེས་སོ། །དེ་བཞིན་དུ་རིགས་སུམ་བ་སོ་དྲུག་གི་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་རྩ་དྲུག་རྣམས་ལ་སྒྲ་འཛིན་པ་གཉིས་དང་། རེག་བྱ་འཛིན་པ་གཉིས་དང་། གཟུགས་འཛིན་པ་གཉིས་དང་། དྲི་འཛིན་པ་གཉིས་དང་། རོ་འཛིན་པ་གཉིས་པོ་འདི་དག་སྟེ་རྩ་བཅུའོ། །ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་གཞན་རྣམས་འཕོ་བ་བཅུ་གཉིས་ཀྱི་རྩ་རྣམས་དང་ཐུན་བརྒྱད་ཀྱི་རྩ་རྣམས་སོ། །དེ་ལྟར་སུམ་ཅུ་རྩ་དྲུག་པོ་ཐམས་ཅད་ཀྱི་རིགས་ཀྱི་གཙོ་བོར་འགྱུར་ཏེ་དྲུག་རོའི་གཟུགས་ཅན་མ། དྲུག་ཁམས་ཀྱི་གཟུགས་ཅན་མ། དྲུག་དབང་པོའི་གཟུགས་ཅན་མ། དྲུག་ཡུལ་གྱི་གཟུགས་ཅན་མ། དྲུག་ལས་ཀྱི་དབང་པོའི་གཟུགས་ཅན་མ་དྲུག་ལས་ཀྱི་དབང་པོའི་ཡུལ་གྱི་གཟུགས་ཅན་མའོ། །དེ་བཞིན་དུ་དྲུག་གཟུགས་ལ་འཇུག་པའོ། །དྲུག་ཚོར་བ་ལ་འཇུག་པའོ། །དྲུག་འདུ་ཤེས་ལ་འཇུག་པའོ། །དྲུག་འདུ་བྱེད་ལ་འཇུག་པའོ། །དྲུག་རྣམ་པར་ཤེས་པ་ལ་འཇུག་པའོ། །དྲུག་ཡེ་ཤེས་ལ་འཇུག་པ་སྟེ་རིགས་སུམ་ཅུ་རྩ་དྲུག་དུ་འཇུག་པའོ། །རྩ་རྣམས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་བདུན་ཅུ་རྩ་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་གསུངས་པའི་དུས་ཀྱི་འཁོར་ལོའི་རྩ་ནི། གཙུག་ཏོར་གྱི་རྩ་བཞི་ཐུན་ཚོད་བཞིའི་རང་བཞིན་ནོ། །སྤྱི་བོར་ནི་མི་བདག་ཅེས་པ་ཚེས་བཅུ་དྲུག་ལ་འཇུག་པའོ། །མགྲིན་པའི་འཁོར་ལོ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུ་གུ་བཞིས་འཇུག་པས་སུམ་ཅུ་རྩ་གཉིས་སོ། །སྙིང་ཁར་སྣར་མ་ལ་སོགས་པའི་རྩ་བརྒྱད་དེ་གཟའ་བརྒྱད་རྒྱུའོ། །ལྟེ་བའི་ཁྱིམ་གྱི་འཁོར་ལོར་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་དྲུག་ཅུ་རྒྱུ་བ་དང་སྟོང་པ་བཞི་རྒྱུ་བས་དབྱུག་གུ་དྲུག་ཅུ་རྩ་བཞིའོ། །གསང་བའི་དབུས་རྩ་སུམ་ཅུ་རྩ་གཉིས་ནི་ཁུ་བ་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་འཇུག་པ་རྣམས་སོ་ཞེས་གསུངས་སོ། །ཡན་ལག་གི་འཁོར་ལོ་བཅུ་གཉིས་རྒྱས་པར་བཤད་པ་ནི། །ལག་པ་གཡས་པའི་ཚིག་གིས་གསུམ་ལ། ཞེས་པ་ནས། ཚིགས་བཅད་གསུམ་སྟེ། ལག་པ་གཡས་པ་ལ་རླུང་གི་ཁམས་དང་། གཡོན་པ་ལ་མེའི་ཁམས་དང་། རྐང་པ་གཡས་པ་ལ་ཆུའི་ཁམས་དང་། གཡོན་པ་ལ་སའི་ཁམས་སྟེ། དེ་དག་གི་ཚིགས་ཆེན་བཅུ་གཉིས་ལ་རྩ་སུམ་ཅུ་སུམ་ཅུ་གནས་པས་ཐམས་ཅད་ལ་སུམ་བརྒྱ་དྲུག་བཅུའོ། །ཉིང་ལག་སོར་མོའི་ཚིགས་རྣམས་ལ་ཡང་རྩ་དྲུག་དྲུག་ཡོད་པས་གྲངས་གོང་མ་དང་མཉམ་སྟེ། ཟླ་བ་བཅུ་གཉིས་ཀྱི་ཞག་གྲངས་དང་མཐུན་པའི་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཡིན་ནོ། །ད་ནི་ནད་བསྐྱེད་པ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྒྱས་བཤད་ལ། དང་པོ་ནད་བསྐྱེད་པའི་ཚུལ་གྱིས་རྩ་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། འདི་ཡང་གཙུག་ཏོར་གྱི་རྩ་བཞི་སྤྱི་བོའི་བཅུ་དྲུག་དང་ཉི་ཤུས་བད་ཀན་གྱི་ནད་བསྐྱེད་པ་དང་། མགྲིན་པ་ན་སུམ་ཅུ་སོ་གཉིས་སྙིང་ཁ་ན་བརྒྱད་དེ་བཞི་བཅུས་མཁྲིས་པ་བསྐྱེད་པ་དང་། ལྟེ་བ་ན་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རོལ་ནས་བཅུ་དྲུག་དང་རྩ་བརྒྱད་ཅུ་ནས་རླུང་གི་ནད་བསྐྱེད་པ་དང་། གསང་བའི་ནང་རིམ་ནས་བཅུ་དྲུག་གིས་འདུས་པའི་ནད་བསྐྱེད་པས་དེ་ལྟར་རྩ་བརྒྱ་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་འཁོར་ལོའི་གཙོ་བོ་རྣམས་ཀྱི་ཕྱི་རོལ་ནས་ཁམས་རྒྱུ་བ་དག་ཡིན་པར་ངེས་སོ། །གཞན་དག་ནི་འཁོར་ལོའི་དངོས་གཞི་ཡིན་ནོ་ཞེས་འདོད་དོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངེས་པ་བཤད་པ་ནི། ཚིགས་སུ་བཅད་པ་བཞི་སྟེ། རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་རིམ་པ་འདིས། སྟོང་ཕྲག་ཉི་ཤུ་རྩ་བཞི་ཟླ་བའི་རླུང་དང་ཁམས་དཀར་ཆ་འབབ་པས་རྐྱང་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མའི་རླུང་དང་ཁྲག་འབབ་པས་རོ་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་རླུང་ཁོ་ན་རྒྱུ་བས་སྒྲ་གཅན་གྱི་རང་བཞིན་དབུ་མའི་རིགས་སུ་བརྗོད་དོ། །དེ་ལྟར་རིགས་གསུམ་གྱི་བདག་ཉིད་དུ་ཕྱེ་བ་རྣམས་ཀྱང་། སྔར་བཤད་པའི་རྩ་ཉི་ཤུ་རྩ་བཞི་པོ་མི་ཕྱེད་མ་ནས་བཟུང་ནས་ཡིད་བཟངས་མའི་བར་གྱི་རྣམ་དབྱེ་ཡིན་ཏེ། ཐིམ་པ་ཞེས་བྱ་བ་ལུས་ཀྱི་གནས་སུ་ལས་བྱས་ཟིན་པ་དང་ལོངས་སྤྱོད་པ་ནི་བྱེད་བཞིན་པ་དང་། བདག་པོ་ནི་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་རྣམ་པ་གསུམ་མམ་ཐིམ་པ་རླུང་ལོངས་སྤྱོད་པ་དཀར་ཆ། བདག་པོ་ཁྲག་གི་རང་བཞིན་ཡིན་པས་ཀྱང་། རྩ་གསུམ་གསུམ་དུ་འགྱུར་ཏེ། བདུན་ཅུ་རྩ་གཉིས་སོ། །དེ་རེ་རེ་ལ་རྩ་བྲན་གྱི་འཁོར་སྟོང་སྟོང་ཡོང་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྟེ། སྡོང་པོ་ལྟ་བུའོ། །དེ་ལས་གཞན་པའི་རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་པ་བསྟན་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། འདི་ལ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྣལ་འབྱོར་མའི་རྒྱུད་བདུན་ཅུ་དོན་གཉིས་ཀྱི་རིགས། རྩ་ཉི་ཤུ་རྩ་བཞི་པོ་རྣམ་ལས་གྱེས་པ་ཡིན་གྱིས་དེ་ལས་གཞན་པའི་རྩ་ཡོད་པར་མངོན་སྟེ། རྩ་ཉི་ཤུ་རྩ་བཞི་པོ་ལས་གཞན་རྩ་བའི་རྩ་ཆེན་པོ་བཅུ་གཉིས་སྔར་བསྟན་པ་དེ་རྣམས་འདིའི་ཡན་ལག་ཡིན་ནོ་ཞེས་བྱར་མི་རུང་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བསྟན་པའི་མདོ་ནས་གསུངས་པའི་དོན་བསྡུས་པ། དེར་གནས་ལུས་ཀྱི་ཕྱོགས་བཞི་ལ། རྩ་ལྔ་ཡན་ལག་བཞི་བཅུ་སྟེ། །རེ་རེ་ཡང་ཡལ་ག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་པའི་དོན་འདི་རྒྱས་པར་གསུངས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ་ལས། པགས་པར་སོན་པའི་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞིས་བ་སྤུ་བསྐྱེད་པར་བྱེད་པར་གསུངས་སོ། །འདི་རྣམ་ཀྱི་ཁམས་གང་ཡིན་པ་བསྟན་པའི་རིམ་པ་ནི། ལྟེ་བ་ནི་སའི་ཁམས། སྙིང་ཁ་ནི་རླུང་། མགྲིན་པ་མེ། སྤྱི་བོ་ཆུ། གཙུག་ཏོར་ནི་ནམ་མཁའ། གསང་བ་ནི་ཡེ་ཤེས་བདེ་བའི་རིགས་སུ་གསུངས་ཏེ། འདི་ནི་ཁྱབ་པར་བྱ་བ་ལ་ཁྱབ་པར་བྱེད་པས་བསྡུས་པ་ཡིན་ནོ། གཞན་ཡང་། ལྟེ་བ་དང་གསང་བ་གཉིས་ཐབས་དང་ཤེས་རབ་ཏུ་བྱེད་པའི་སྐབས་སུ་ནི། གསང་བ་ཡེ་ཤེས་ཀྱི་ཁམས་སའི་རང་བཞིན་དུ་བྱེད་པ་ན། ལྟེ་བ་རླུང་དུ་འགྱུར་ལ། ལྟེ་བའི་འཁོར་ལོ་སའི་ཁམས་སུ་བྱེད་པ་ན། སུམ་མདོ་རླུང་དུ་བྱས་པ་ལ་འགལ་པ་མེད་དོ། །ཡང་སྤྱི་བོ་རླུང་གི་ཁམས་སུ་བྱས་ན། གཙུག་ཏོར་ཡེ་ཤེས་ཀྱི་ཁམས་སུ་འགྱུར་བས། མགྲིན་པ་དང་སྙིང་ཁ་ཐབས་དང་ཤེས་རབ་ཏུ་བྱ་དགོས་པས། སྙིང་ཁ་ཆུའི་ཁམས་སུ་བྱས་ལ། མགྲིན་པ་ནི་མེའི་ཁམས་ཡིན་ན། །རྒྱུ་མཚན་འདིས་ཁྱབ་བྱ་ཁྱབ་བྱེད་གཉིས་དང་། འཁོར་ལོ་བཞི་ལ་ཐབས་ཤེས་རབ་ཆ་གཉིས་དང་། འཁོར་ལོ་དྲུག་ལ་ཕ་དང་མའི་རིགས་སུ་བཤད་པས་ཐབས་དང་ཤེས་རབ་ཆ་གསུམ་དུ་གསུངས་པ་སྟེ། མདོར་བསྡུས་ན་ནམ་མཁའ་དང་ཡེ་ཤེས་ཤེས་རབ་ཏུ་བྱས་པ་ན་འབྱུང་བ་བཞི་ག་ཐབས་སུ་འགྱུར་ཞིང་། ནང་ཚན་དུ། ས་རླུང་ཐབས་དང་ཤེས་རབ། མེ་ཆུ་ཐབས་དང་ཤེས་རབ་ཡིན་པས། ཕན་ཚུན་དགྲ་དང་གྲོགས་སུ་འགྱུར་རོ། །རིམ་པ་འདིས་བ་སྤུའི་མཐར་ཐུག་བར་ཁམས་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་ཀྱི་བདག་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་དུས་གྱི་འཁོར་ལོ་ལས། ལྷ་དང་མི་རྣམས་ཀྱི་ནི་གཙུག་ཏོར་སྟོང་པའི་ཁམས་སུ་འགྱུར་ལ་གསང་བར་ཡང་ནི་ཡེ་ཤེས་ཁམས། སྙིང་ཁའི་པདྨ་རླུང་གི་ཁམས་ཏེ་གསང་བར་མེ་ནི་ངེས་པར་མགྲིན་པའི་འཁོར་ལོར་འབར་བའོ། །ཆུ་ནི་སྨིན་མའི་དབུས་ཀྱི་པད་མའི་ནོར་ལས་ནོར་གྱི་འདབ་མའི་ལྟེ་བའི་འཁོར་ལོ་སར་འགྱུར་རོ། །རྐང་པ་ལག་པའི་ཚིགས་འཚམས་དྲུག་དང་ས་དང་ཆུ་དང་བྱིན་ཟ་དང་ནི་རླུང་རྣམས་གྲངས་གསུམ་གྱིས། །རྐང་པ་ལག་པ་རྣམས་སུ་ས་ལ་སོགས་པ་ཁམས་ལྔ་རྣམས་ནི་ཡོན་ཏན་གསུམ་གྱི་དབང་གིས་འགྱུར། །སོར་མོ་རྣམས་ཀྱི་རྒན་པོ་ལ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ནི་ཚིགས་ཀྱི་གཟུགས་རྣམས་མ་ལུས་པ། །དེ་དག་སེན་མོའི་མཐར་ཐུག་པར་སྟེ་སླར་ཡང་སོ་ན་དེ་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བ་ཉིད། །གཞན་ཡང་གང་ཞིག་མཆོག་གི་ལུས་ལ་བ་སྤུའི་མཐར་ཐུག་གྱུར་པ་དེ་དང་དེ་ནི་དེ་ལྟར་ཁམས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་རྒྱུད་རྣམས་ཀྱི་ལུང་མང་དུ་ཡོད་མོད་ཀྱི་སྤྲོས་པ་ཆོག་གོ །ད་ནི་དེ་དག་གི་འཇུག་བསྡུ་བ་བསྟན་པ་ནི། །དེ་ལྟར་རྩ་ཡི་མཚན་ཉིད་ཤེས། ལུས་ཀྱི་གནས་ལུགས་ཤེས་པར་འགྱུར། །ཞེས་སྨོས་ཏེ་ལུས་ནི་རིལ་པོ་གཅིག་མ་ཡིན་པར་ཁམས་ཐམས་ཅད་ཀྱི་རང་བཞིན་དུ་སྣང་ཡང་ཅིག་པུ་དང་རྟག་པ་དང་བདག་ལ་སོགས་པའི་བདེན་པའི་དངོས་པོས་སྟོང་པ། རྩ་ཐམས་ཅད་ཀྱི་རྣམ་པར་སྣང་བ་འདི་ཡང་། ཉོན་མོངས་པའི་དྲ་བ་ལས་རྣམ་པར་གྲོལ་པའི་ཚེ་ཆུ་ཟླ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའི་གཟུགས་ཀྱི་སྐུ་རྐྱེན་གཞན་གྱིས་གཞོམ་དུ་མེད་པ་རྡོ་རྗེའི་རང་བཞིན་དུ་འགྱུར་ཏེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོའི་མདོ་ནས། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པ་ཁ་དོག་དྲུག་དང་ལྡན་པའི་འོད་ཀྱི་རང་བཞིན་གཏན་པ་མེད་པའི་མཆོད་སྦྱིན་དུ་མས་བསྒྲུབས་པའི་ནུས་པ་དང་ལྡན་པར་གྲུབ་བོ་ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱའོ།། །།བཞི་པ་རླུང་བསྟན་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོའི་ཚིག་ལྔ་ནི་སྤྱི་དོན་ཡིན་ཏེ། རྩ་བསྟན་པ་དེ་ནས་རླུང་གི་ངོ་བོའི་ཡི་གེ་གནས་ས་དང་བཅས་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་དང་། སྟོབས་དང་། སྟོབས་མ་ཡིན་པའི་རིམ་པ་དང་འཇུག་ས་དང་བཟུང་ཐབས་དང་སྐྱོན་དང་ཡོན་ཏན་རྣམས་རླུང་ཇི་སྙེད་པ་ཐམས་ཅད་འདུས་པ་ཡིན་པས་འདིར་བཤད་པར་བྱའོ། །ཞེས་སྨོས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་ངོ་བོ་དང་། གནས་བྱེད་ལས་དང་བཅས་པ་དང་། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་དང་། འཇུག་སྒོ་ཕན་ཡོན་དང་བཅས་པ་དང་། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པའོ། །དང་པོ་ལ། ཚིགས་སུ་བཅད་པ་དྲུག་སྟེ། དེ་རྣམས་ཀྱི་མདོར་བསྟན་པ་ནི། རླུང་ནི་ངག་དང་དུས་སྦྱོར་སྟེ། ཡི་གེ་ཐམས་ཅད་འདི་ལས་སྐྱེས། ཞེས་བྱ་བ་ལུས་ཅན་རྣམས་ཀྱི་ངག་དུ་བརྗོད་པ་དང་། དབུགས་དང་ཡུད་ཙམ་ལ་སོགས་པའི་དུས་སྦྱོར་དང་། སྲོག་ཆེན་པོའི་ཡི་གེ་ལ་བརྟེན་ནས་སྒྲར་བརྗོད་པ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་སྟེ། །མཚན་ཡང་དག་པར་བརྗོད་པ་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་དུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཞེས་གསུངས་པ་ཡིན་ནོ། །དེ་ནས་རྒྱས་པར་བཤད་པ་ནི། ཐོག་མར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས། དེ་ལ་གནས་པའི་ཡིད་འདུ་བྱེད་པའི་ཕྱིར། སྲོག་རླུང་ཨ་ཡི་རྣམ་པ་ཅན་འགྲུབ་བོ། །འདི་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ནོ། །དེ་ལས་གཉིས་པ། ཐུར་སེལ་གྱི་རླུང་ནི་སའི་ཁམས་དང་ལྀའི་ཡི་གེའོ། །གྱེན་དུ་རྒྱུ་བ་ནི་མེའི་ཁམས་དང་རྀའི་ཡི་གེའོ། །མེ་མཉམ་ནི་རླུང་གི་ཁམས་དང་ཨིའི་ཡི་གེ་ཞེས་བརྗོད་དོ། །ཁྱབ་བྱེད་ཀྱི་རླུང་ནི་ཆུའི་ཁམས་དང་ཨུའི་ཡི་གེར་འགྱུར་རོ། །རིམ་པ་འདི་ནི་དུས་ཀྱི་འཁོར་ལོ་ལས་ཐུར་སེལ་ཞེས་བྱ། རྣམ་པ་གསུམ་ནི་ཡེ་ཤེས་ཁམས་སུ་འགྱུར་ལ་སྲོག་རླུང་ཡང་ནི་སྟོང་པའོ། །རླུང་ནི་ནང་དུ་མཉམ་གནས་ཡིན་ལ་སླར་ཡང་མེ་ནི་གྱེན་རྒྱུ་ཁྱབ་བྱེད་ཉིད་ནི་ཆུ་ཡིན་ནོ། །ཞེས་གསུངས་པའི་དོན་ཡིན་ནོ། །ཡང་དགོངས་པ་གཞན་ལས་གྱེན་རྒྱུ་ཆུའི་ཁམས་དང་། མེ་མཉམ་ནི་མེའི་ཁམས་དང་། ཁྱབ་བྱེད་ནི་རླུང་གི་ཁམས་སུ་འཆད་དེ་དེ་ནི། ཁ་ནས་རྒྱུ་བའི་རླུང་ཆུ་ཡིན་པ་དང་། ཕོ་བར་ཁ་ཟས་སྲེག་པའི་དོན་དང་། ལུས་ཐམས་ཅད་དུ་ཁྱབ་པའི་བྱེད་ལས་ཙམ་གྱི་དགོངས་པ་ཡིན་ནོ། །དེ་ནས་ཡན་ལག་གི་རླུང་ལྔ་ནི། ཀླུའི་རླུང་ནི་སའི་ཁམས་ཀྱིས་བསྐྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་ཡི་གེ་ཨཱ་རིང་པོའོ། །རུས་སྦལ་ནི་རླུང་གི་ཁམས་ཏེ་ཨིའི་ཡི་གེར་བཤད་དོ། །རྩངས་པ་ནི་མེའི་ཁམས་ཏེ་ཡི་གེ་ཨར་ཡིན་ནོ། །ལྷ་སྦྱིན་ནི་ཆུའི་ཁམས་ཏེ་ཡི་གེ་ཨོ་རུ་འགྱུར་རོ། །ནོར་ལས་རྒྱལ་གྱི་རླུང་ནི་སའི་ཁམས་ཏེ་ཨལ་གྱི་ཡི་གེ་ཡིན་ནོ། །འདི་རྣམས་ཀྱང་། ཀླུ་ནི་ས་ཡིན་དེ་ནས་རུས་སྦལ་དང་ནི་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རྣམས་ནི་རླུང་དང་མེ་དང་ཆུ་དང་ས་རྣམས་ལས་ནི་རིམས་ཀྱིས་འབྱུང་བར་འགྱུར། ཞེས་གསུངས་སོ། །རླུང་བཅུ་པོ་འདི་ཐོག་མར་ཟླ་བ་རེ་རེ་ལ་རིམས་ཀྱིས་ནུས་པའི་སྟོབས་བསྐྱེད་ནས་སོ་སོའི་བྱེད་ལས་ནི་དུས་ཐམས་ཅད་དུ་བྱེད་ལ། ནུས་པ་སྡུད་པ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པ་ལ་ལོ་བཅུ་བཅུར་བཤད་དོ། །འདི་ལ་བརྟེན་ནས་ཕུང་པོ་རྣམ་པ་ལྔ་དང་རླུང་སྦྱར་བ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི། ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ལ་མུན་པའི་སྣང་བ་ཞེས་བྱ་བ་ཀུན་གཞི་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་ནི། ནམ་མཁའི་རླུང་དང་། འདུ་བྱེད་ནི་གཡོ་བའི་མཚན་ཉིད་ཡིན་པས་རླུང་གི་རླུང་དང་། ཚོར་བ་ནི་རྒྱུད་སྲེག་པའི་མཚན་ཉིད་ཡིན་པས་མེའི་རླུང་དང་། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་ཅིང་སྡུད་པ་ཡིན་པས་ཆུའི་རླུང་དང་། གཟུགས་ནི་སྲ་བ་ལ་སོགས་པའི་མཚན་ཉིད་ཡིན་པས་སའི་རླུང་སྟེ། རིམ་པས་སྣང་བ་ལས་མུན་པ། མུན་པའི་སྣང་བ་ལས་མཆེད་པ། དེ་ལས་ཉེ་བར་ཐོབ་པ་འབྱུང་བས་བསྐྱེད་བྱ་བསྐྱེད་བྱེད་དུ་གསུངས་སོ། །དུས་འཁོར་ལས་གཟུགས་ནི་ས་ལས་གྲུབ་ཅིང་སྲིད་པ་གསུམ་གྱི་གནས་སུ་ཆུ་ལས་ཀྱང་ནི་འདུ་ཤེས་འགྲུབ་པར་འགྱུར། །མེ་ལས་ངེས་པར་ཚོར་བ་ཡང་སྟེ་རླུང་རྣམས་ལས་ཀྱང་འདུ་བྱེད་ཕུང་པོ་ཉིད་དུ་འགྱུར་བ་ཡིན། །རྣམ་ཤེས་དང་ནི་ཡེ་ཤེས་འདྲེས་པ་ནམ་མཁའ་རྡོ་རྗེར་བཅས་པས་འདིར་ནི་ལུས་ལས་གྲུབ་པ་ཉིད། ཞེས་གསུངས་སོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ནི། ད་ལྟར་ལུས་གནས་ལས་བྱེད་པ། ཞེས་བྱ་བ་ནས་ཚིགས་སུ་བཅད་པ་དགུ་སྟེ། འདི་ལ་ཡང་ཐོག་མར་སྲོག་འཛིན་པའི་རླུང་གི་རྒྱས་བཤད་ནི། སྤྱིར་ལུས་རྣམས་ཀུན་ལ་ཁྱབ་ཀྱང་བྱེ་བྲག་ཏུ་བྱེད་ལས་གང་བྱེད་པ་ཡིན་ཞེ་ན། རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟེན་པར་བྱེད། །ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་དེ་ཀུན་གཞིའི་རྣམ་པར་ཤེས་པ་དང་ཕན་ཚུན་རྒྱུ་རྐྱེན་དུ་རྣམ་པར་བཞག་པ་སྔར་བཤད་པ་ལྟར་ཡིན་གྱི་ཀུན་གཞི་ཚུར་བརྟེན་ཞེས་པ་ནི་མ་ཡིན་ནོ། །འདི་ནི་གསང་བ་འདུས་པའི་རྒྱུད་ལས། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ཞེས་གསུངས་ཏེ། ད་ལྟར་ཡང་ཆ་ཤས་དུས་སྦྱོར་གྱི་རླུང་ལ་ཡང་འབྱུང་མོད་ཀྱི། ཁོ་རང་གཙོ་བོ་ནི། དུས་འཁོར་ལས་གསུངས་པ་ལྟར་འཆི་བའི་ཚེ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། དེ་ནས་རྣམ་པར་ཤེས་པ་གཞན་དུ་འཕོ་ཞེས་གསུངས་པ་འདི་ཡིན་ནོ། །མཚོ་བའི་གནས་སྐབས་ན་ནི། །ད་ལྟར་བདག་འཛིན་དྲན་པ་བསྐྱེད། །ཞེས་པ་སྟེ། འདི་མེད་ན་བདག་ཏུ་འཛིན་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མི་འབྱུང་མོད་ཀྱང་འདི་ཡོད་པའི་དབང་གིས་སྐྱེའོ། །གལ་ཏེ་གནས་གཞན་དུ་ལོག་ན་ནི་བརྒྱལ་བ་དང་སྨྱོ་བ་དང་འཆི་བ་བསྐྱེད་པར་བྱེད་དོ། །འདི་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་པྲ་རྣམས་ཀྱི་རང་བཞིན་ལྟ་བུ་དང་འདྲེས་ནས་ཡོད་ཅིང་། ཁ་དོག་མེད་པའི་ཁ་དོག་ཅན་ཡིན་པས། །ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཞེས་སོ། །ཐུར་སེལ་གྱི་རླུང་ནི། འོག་གི་རྩ་གསུམ་འདུས་མདོ་མན་ཆད་དུ་གནས་ཏེ། དེའི་བྱེད་ལས་ནི། དྲི་ཆེན་དང་དྲི་ཆུ་དང་ཁུ་བའི་ཁམས་འབྱིན་སྡོམ་བྱེད་པའི་ཕྱིར། ལོག་ན་ནི་སྨད་ཀྱི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ་ཞེས་ཚིག་བཅད་གཅིག་གིས་བསྟན་ཏོ། གྱེན་རྒྱུ་ནི། ལུས་ཀྱི་མདུན་ཕྱོགས་ཀྱི་རྩ་ནས་མགྲིན་པའི་གནས་སུ་ངག་གི་ལས་རྣམས་བྱེད་དེ། ལོག་ན་ནི་རོ་སྟོད་ཀྱི་ནད་བསྐྱེད་དོ་ཞེས་ཚིགས་བཅད་གཅིག་གིས་བསྟན་ཏོ། །མེ་མཉམ་ནི། ཕོ་བར་ཟུག་ནས་ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་ལོག་ན་ཕོ་བའི་ནད་བསྐྱེད་ཅེས་ཚིགས་བཅད་གཅིག་གོ །ཁྱབ་བྱེད་ནི། གཡས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་ཐམས་ཅད་དུ་ཁྱབ་པར་བྱེད་པས། ལོག་ན་ཞ་རེངས་ལ་སོགས་པའི་ནད་བསྐྱེད་དོ་ཞེས་ཚིགས་བཅད་གཅིག་གོ །ཡན་ལག་གི་རླུང་རྣམས་ནི་བདེན་བྲལ་རྒྱབ་ཕྱོགས་རླུང་འཚམས་དང་། གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཞེས་སྨོས་པ་ནི་དྲི་མ་མེད་པའི་འོད་ལས་སྲོག་སྟེང་དུ་རྒྱུ་སྟེ་ཐུར་སེལ་ལྟེ་བའི་འོག་ཏུ་རྒྱུའོ། །མཉམ་པ་ཤར་གྱི་འདབ་མ་ལ་སྣར་མའི་རྩ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་མེའི་འདབ་མ་ལ་གླང་པོ་ཆེའི་ལྕེའི་རྩའོ། །ཁྱབ་བྱེད་ལྷོའི་འདབ་མ་ལ་སེར་སྐྱའི་རྩའོ། །ཀླུ་བདེན་བྲལ་གྱི་འདབ་མ་ལ་རྒྱལ་གྱི་རྩའོ། །རུས་སྦལ་ཆུའི་འདབ་མ་ལ་རྒྱལ་བའི་རྩའོ། །རྩངས་པ་རླུང་གི་འདབ་མ་ལ་ཀུན་ཏུ་འཕྱང་པའི་རྩའོ། །ལྷ་སྦྱིན་བྱང་གི་འདབ་མ་ལ་ཨི་ཌའི་རྩའོ། །ནོར་རྒྱལ་དབང་ལྡན་གྱི་འདབ་མ་ལ་ཚུལ་འཆོས་པའི་རྩའོ། །ཞེས་གསུངས་སོ། །དེ་དག་གི་བྱེད་ལས་ནི་ཡུལ་ལྔ་འཛིན་པ་དང་སྒེག་པ་ལ་སོགས་པ་རྣམས་གཞུང་དུ་བཤད་པ་ཁོ་ན་ཡིན་ལ། ནོར་ལས་རྒྱལ་གྱི་བྱེད་ལས་ཀྱི་ཕྱོགས་ཅིག་ཤི་ནས་མ་འཐོར་བར་ལ་གནས་ཞེས་པའི་དོན་དུས་ཀྱི་འཁོར་ལོ་ལས་ཤི་བའི་ལུས་ལས་མི་གཏོང་ཞེས་པ་དང་། འགྱུར་ལ་ལ་ན་ཞག་གཅིག་གི་བར་ཞེས་བྱུང་སྟེ། དོན་ལ་ལུས་ཀྱི་སྲ་བའི་ཁམས་ཀྱི་རྡུལ་ཕྲ་རབ་མ་འཐོར་གྱི་བར་ལ་ཡོད་པར་རིགས་ཏེ། ཁམས་གཅིག་ལ་ཡང་ཁམས་ལྔ་ལྡན་དུ་བཤད་པའི་དོན་ཏོ། ད་ལྟ་རླུང་གི་ཐུན་ཆེན་པོ་བརྒྱད་ཀྱི་རང་བཞིན་ནོ། །འདི་རྣམས་ལའང་ལུང་མང་དུ་གསུངས་མོད་ཀྱི་ཡི་གེས་འཇིགས་པའི་ཕྱིར་མ་བྲིས་སོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ་བཞི་སྟེ། ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་ཚུལ་དང་། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ནི། །རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། །ཞེས་པ་ནས་ཚིགས་སུ་བཅད་པ་བཅུ་གཅིག་སྟེ། འདི་ལ་ཡང་། སྙིང་ཁ་དང་། སྤྱི་བོ་དང་། མགྲིན་པ་དང་། ལྟེ་བ་དང་། སྤྱིའི་ཁམས་དང་། ཚིགས་ཀྱི་འཁོར་ལོ་དང་། རྩ་ཐམས་ཅད་ཀྱི་རྒྱུ་ལུགས་དང་། འགག་པའི་ངེས་པ་རྣམས་རིམ་པ་བཞིན་དུ་འཆད་དོ། །དང་པོ་ནི། །སྲོག་རླུང་སྒྲ་གཅན་རང་བཞིན་ནི། །དབུ་མར་རྒྱལ་པོ་ལྟ་བུར་གནས། །ཞེས་བྱ་བ་ནི། མངལ་དུ་ཉེ་བར་སྦྱོར་བ་ནས་འཆི་བ་ལ་ཐུག་གི་བར་དུ་གནས་ཤིང་གཞན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །ཇི་ལྟར་སྙིང་ཁའི་འཁོར་ལོ་ལྟར། །འཁོར་ལོ་གཞན་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི། སྙིང་ཁར་གསུངས་པའི་རྩ་བ་དང་ཡན་ལག་གི་རླུང་འབྱུང་བ་བཞིའི་དབྱེ་བས། བརྒྱད་དུ་བཤད་པ་དེ་བཞིན་དུ་འཁོར་ལོ་གཞན་ཐམས་ཅད་ལ་ཡང་། སྡེ་ཚན་བརྒྱད་ཀྱི་རང་བཞིན་དུ་རྒྱུའོ། །དེས་ན་འཁོར་ལོ་དྲུག་ལ་རླུང་སྡེ་ཚན་དྲུག་ཅུ་ཐམ་པའོ། །དེ་ལས་བྱེ་བྲག་ཏུ་རྩའི་མང་ཉུང་དང་ཕྱི་ནང་གི་སྦྱོར་བས་མང་ཉུང་དུ་བཤད་པ་ཡིན་ནོ། །དེ་ནས་སྤྱི་བོའི་འཁོར་ལོ་བཤད་པ་ནི། །སྤྱི་བོའི་འཁོར་ལོ་སུམ་ཅུ་གཉིས། ཟླ་བའི་རྐང་པ་དང་མཚུངས་པའི། རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད། །ཅེས་སྨོས་ཏེ། ལུས་ལ་གནས་པའི་དུས་ན་ཕྱིའི་རྩ་བཅུ་དྲུག་ཡོད་པ་ནི་ཁྲག་གཙོ་བོར་རྒྱུ་ལ། ནང་གི་རྩ་བཅུ་དྲུག་ནི། ཟླ་བའི་རྐང་པ་དང་མཚུངས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བས་དེའི་ཕྱིར་བཅུ་དྲུག་ཏུ་དུས་འཁོར་ལས་བཤད་དོ། །དེ་ལ་ཡང་དབུ་མ་ལ་འཇུག་པས་གཉིས་ནི་སྟོང་པའི་རང་བཞིན་ཡིན་ལ། ཟླ་བའི་རྐང་པ་ཡང་འཕེལ་བ་དང་ཟད་པ་བཅུ་བཞི་ཡོད་པས། གཞན་དག་བཅུ་བཞི་རིམ་པ་ལྟར་རྩ་རྣམས་ལ་རྒྱུ་སྟེ། དེ་ཡང་གང་ཞེ་ན། རྩ་དང་པོ་གསུམ་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་དང་ལྡན་པའི་རླུང་རྒྱུའོ། །རྩ་བཞི་པ་ལ་ཡོན་ཏན་གཅིག་བྲི་བས་ཡོན་ཏན་བཞི་ལྡན་པ་རྒྱུའོ། །ལྔ་པ་ལ་ཡོན་ཏན་གསུམ་དང་ལྡན་པ་རྒྱུའོ། །དྲུག་པ་ལ་ཡོན་ཏན་གཉིས་དང་ལྡན་པ་རྒྱུའོ། །བདུན་པ་ལ་ཡོན་ཏན་གཅིག་དང་ལྡན་པ་རྒྱུའོ། །ཕྱི་མའི་རྩ་བདུན་རིམ་པས་བཟློག་པ་ནི། རྩ་བརྒྱད་པ་ལ་ཡོན་ཏན་གང་ཡང་མེད་པས་སྟོངས་པའི་ཕྱིར། ལྟག་ཁུང་གི་རྩ་ཡིན་ལ། དགུ་པ་ནས་ཡོན་ཏན་གཅིག་དང་། བཅུ་པ་གཉིས་དང་བཅུ་གཅིག་པ་གསུམ་དང་། བཅུ་གཉིས་པ་ལ་བཞི་དང་། བཅོ་ལྔའི་བར་གསུམ་ལ་ཡོན་ཏན་ལྔ་པ་དང་། དཔྲལ་བའི་ཐིག་ལེར་སྲོག་ཡོངས་སུ་གང་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྩའི་ནང་དུ་རླུང་རྒྱུ་རིམ་གྱིས་ཡོན་ཏན་བསྟན་པ་ཡིན་ལ། དོན་ལ་ཞག་གཅིག་ལ་དབྱུག་གུ་ཉི་ཤུ་རྩ་བརྒྱད་དང་། ནམ་མཁའ་ཡེ་ཤེས་ཀྱི་སྟོང་པ་གཉིས་སམ་བཞི་སྟེ། སྤྱིར་ན་དེ་དག་བསྡོམས་པས། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཡུད་ཙམ་སུམ་ཅུའི་བདག་ཉིད་ཀྱི་དག་པར་རྒྱུད་ཕན་ཚུན་ནས་བརྗོད་དོ། །མགྲིན་པ་རུ་རླུང་རྒྱུ་ཚུལ་ནི། མགྲིན་པར་རྩ་ནི་བཅུ་དྲུག་གོ །ཐབས་ཤེས་དབྱེ་བས་སུམ་ཅུ་གཉིས། །ཞེས་པ་ནི་རྒྱུ་ས་རྩ་ཡིན་ལ། ཇི་ལྟར་རྒྱུ་ཞེ་ན། དེ་ལ་བཞིར་ནི་སྟོང་པ་རྒྱུ་བ་སྟེ་དབུ་མའི་རིགས་སོ། །ལྷག་མ་ཉི་ཤུ་རྩ་བརྒྱད་པོ་ལ། གཞན་དག་ཕྱོགས་བཞིར་བདུན་བདུན་དུ། རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། །ཞེས་སྨོས་ཏེ། ཉི་ཤུ་རྩ་བརྒྱད་དང་། སྟོང་པ་ཡེ་ཤེས་ཀྱི་ཆར་བཅས་པའི་ཡུད་ཙམ་དང་དབྱུག་གུའི་བདག་ཉིད་ཀྱི་རླུང་རྒྱུའོ། །རྡོ་རྗེ་ཕྲེང་བ་དང་། བདེ་མཆོག་གི་རྒྱུད་རྣམས་སུ་མགྲིན་པ་ན་འཕོ་བ་བཅུ་དྲུག་གི་རྣམ་དག་ཏུ་གསུངས་པ་ནི། གོང་མའི་གཉིས་གཉིས་དྲིལ་བ་ཡིན་པས་འགལ་བ་མེད་དོ། །ལྟེ་བའི་ནང་གི་རྩ་ལ་རླུང་རྒྱུ་བའི་ཚུལ་ནི། ལྟེ་བའི་རྩ་ནི་དྲུག་ཅུ་བཞི། །ཁྱིམ་གྱི་དབྱེ་བས་ཕྱེ་བས་ན། །ཞེས་པ་ནི་སྔར་བཤད་པའི་རྩ་རྣམས་ཡིན་ལ། དེའི་ནང་དུ་ལྔ་ཚན་བཅུ་གཉིས་ལ་དྲུག་ཅུ་སྟེ། །དབྱུ་དགུ་དྲུག་ཅུའི་བདག་ཉིད་དོ། །དེ་ལ་གཡས་གཡོན་གྱི་ཆ། །ལུག་དང་གླང་གི་རྩ་ལྔ་ལྔར། །ས་ཆུ་མེ་རླུང་ནམ་མཁའ་དང་། ནམ་མཁའ་རླུང་མེ་ཆུ་སའི་སྡུད་པ་དང་བསྐྱེད་པའི་རིམ་པས་དྲུག་ཅུའི་བདག་ཉིད་དོ། །བཞི་ནི་སྟོང་པ་ཞེས་པ་ཡེ་ཤེས་ཀྱི་ཆ་དབུ་མ་ལ་རྒྱུའོ། །སྤྱིའི་ཁམས་བཤད་པ་ནི། །ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། །གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །ཞེས་བྱ་བ་ནི་འཁོར་ལོ་རྣམས་ཀྱི་རགས་པའི་སྡེ་ཚན་ཡིན་པས། སྤྱིར་ཡང་ཁམས་དེ་ཡིན་ལ། བྱེ་བྲག་གི་རྩ་བྲན་ལྔ་པོ་ལ་ཡང་། ནམ་མཁའ་ནི་དབུས་ཀྱི་ཆ་ཡིན་ལ། གཞན་རྣམས་ལ་ཕྱོགས་ཀྱི་དབྱེ་བས་དེ་སྐད་དུ་གསུངས་སོ། །ཚིགས་ཀྱི་འཁོར་ལོ་ལ་ནི། དེ་བཞིན་དུ་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་རེ་རེ་ལ་རྩ་སུམ་ཅུའི་ནང་དུ་རླུང་རྒྱུ་བས་སུམ་ཅུ་སྟེ། ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག་ནི་རླུང་དེ་དག་ཐམས་ཅད་ཀྱི་གྲངས་སོ། །ཉིང་ལག་སོར་མོའི་རྩ་རྣམས་ཀྱང་དེ་དང་མཚུངས་པ་ཡིན་ཏེ་སུམ་བརྒྱ་དྲུག་ཅུ་ཡིན་ནོ། །འདི་རྣམས་ཐམས་ཅད་ཀྱི་ངེས་པ་དུས་ཀྱི་འཁོར་ལོར། གཟའ་རྣམས་སྙིང་ཁའི་པད་མའི་འདབ་མར་དབྱུག་གུ་དྲུག་ཅུ་རྣམས་ནི་གསལ་བར་ལྟེ་བའི་པད་མར་རོ། །སྨིན་མའི་དབུས་སུ་རྒྱལ་པོ་ངེས་པར་ཉིན་ཞག་རྐང་པ་བཅུ་བཞི་སྐར་མ་ལོངས་སྤྱོད་འཁོར་ལོར་ཡང་། །ལྟེ་བའི་པད་མར་སླར་ཡང་སྐར་མ་རྣམས་ཀྱི་དབྱུག་གུ་རྣམས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། །དབྱུག་གུ་ཆུ་སྲང་རྣམས་ནི་རྐང་པ་ལག་པ་ལ་སོགས་གསལ་བར་ལུས་ཀྱི་ཚིགས་རྣམས་མ་ལུས་པ། །ལྟེ་བའི་པད་མ་ཉི་མའི་འདབ་མར་མཆོག་གི་ཆ་ནི་འཁོར་ཞིང་རིམས་ཀྱིས་ཀྱང་ནི་འཕོ་བར་བྱེད། །ཞེས་གསུངས་པ་ཡིན་ནོ། །རྩ་ཐམས་ཅད་ཀྱི་རྒྱུ་ལུགས་བཤད་པ་ནི། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བས་དབུ་མའི་བདག་ཉིད་གསུངས། །ཞེས་སྨོས་ཏེ། འདི་ནི་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་དགོངས་པ་འབྱུང་བ་ལྔའི་རླུང་ཁོ་ན་རྒྱུ་བར་བྱེད་པའི་རྩ་ཉི་ཁྲི་བཞི་སྟོང་པོ་འདི་ནི་དབུ་མར་ནམ་མཁའ་དང་སྒྲ་གཅན་གྱི་བདག་ཉིད་ཐུགས་ཀྱི་རྡོ་རྗེའི་ངོ་བོའོ། །དཀར་དམར་གྱིས་ཕྱེ་དེ་དང་མཉམ་པ་ནི། ཁྲག་འབབ་པའི་གསུང་རྡོ་རྗེའི་ངོ་བོ་ཉི་ཁྲི་བཞི་སྟོང་དང་སྐུ་རྡོ་རྗེའི་ངོ་བོ་དཀར་ཆ་འབབ་པ་ཉི་ཁྲི་བཞི་སྟོང་སྟེ་དེ་ཐམས་ཅད་དུ་ཡང་རླུང་གིས་ལས་བྱེད་པའི་ཕྱིར་བདུན་ཁྲི་ཉིས་སྟོང་དུ་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་རོལ་གཅིག་གི་དུས་སྦྱོར་དང་མཚུངས་པར་རྒྱུ་ཞིང་། དབུགས་དབྱུང་རྔུབ་གཅིག་ཀྱང་བ་སྤུའི་མཐར་ཐུག་པར་འགྲོ་ཞིང་རྒྱུ་བས་ན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ན་རྒྱུ་བར་འགྱུར། །ཞེས་སྨོས་པ་ཡིན་ནོ། །ཞར་ལ་རླུང་དེ་དག་འགག་པའི་དུས་ཀྱི་ངེས་པ་བསྟན་པའི་ཕྱིར། །གང་ཚེ་ལུག་སོགས་རྩ་གཅིག་དུ། །རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ། ཞེས་བྱ་བ་ནི་གང་གི་ཚེ་ལུས་ཅན་རྣམས་ཀྱི་དུས་སུ་འཆི་བའི་ལྟས་ནི། ལྟེ་བའི་ལུག་ལ་སོགས་པའི་རྩ་གཅིག་འགགས་པར་གྱུར་པ་དེའི་ཚེ་རྩ་ཆེན་པོ་ཉི་ཤུ་རྩ་བཞི་རྩ་བྲན་དང་རྣམས་སུ་ཡང་ཆ་ཤས་དེ་ཁོ་ན་བཞིན་དུ་འགག་པར་འགྱུར་ལ། གཞན་ནི་འོག་ནས་སྡུད་པའི་རིམ་པར་རྒྱས་པར་འཆད་དོ། །འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །ཞེས་བྱ་བ་ནི། ཕྱི་རུ་ལོ་གཅིག་ནང་དུ་ཞག་ཅིག་དང་། ཕྱིའི་ཟླ་བ་བཅུ་གཉིས་ནང་དུ་རླུང་གི་འཕོ་བ་བཅུ་གཉིས་དང་། འཕོ་བ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པས་དཀྱིལ་འཁོར་དྲུག་ཅུ་དང་། དཀྱིལ་འཁོར་དྲུག་བཅུ་ནི་དབྱུ་གུ་དྲུག་བཅུ་དང་། ཕྱིའི་ལོ་གཅིག་གི་ཆུ་ཚོད་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ནི་ནང་དུ་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་དང་། དེ་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡོད་པ་ནི། ཕྱི་རོལ་གྱི་ལོ་གཅིག་ལ། ཞག་བཅུ་གཅིག་བཞི་ཆ་ལྷག་པར་སྣང་བ་དང་། དེ་ལྟ་བུའི་སྦྱར་བཤད་མང་དུ་ཡོད་དེ། ཞིབ་ཏུ་ཁོ་བོས་རྩིས་ཐམས་ཅད་བསྡུས་པའི་རྟོག་པར་བཤད་ཟིན་པས་དེར་བལྟ་བར་བྱའོ། །ད་ནི་ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་པ་ནི། སྤྱིར་བསྟན་པ་དང་དུས་སྦྱོར་རྒྱས་བཤད་དང་། དབུ་མའི་ཆ་བཤད་པ་དང་གསུམ་ལས། དང་པོ་ནི་ཚིག་བཅད་གསུམ་དང་། རྐང་པ་གསུམ་སྟེ། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །ཞེས་པ་སྔར་བསྟན་པ་ལྟར་ཐམས་ཅད་དུ་རྒྱུ་ཡང་། བྱེ་བྲག་ཏུ་རླུང་ཐམས་ཅད་ཀྱི་འཇུག་སྒོ་ཆེན་པོ་ཡིན་པས། ལྟེ་བའི་དཀྱིལ་འཁོར་ནས་སྣར་རྒྱུ་བའི་ཚུལ་ནི། རོ་རྐྱང་གི་རྩ་ཆེན་གཉིས་བརྒྱུད་ནས་སྣ་བུག་དུ་འབྱུང་སྟེ། གཡས་པ་ཉི་མ་དུག་གི་རླུང་ནི། གཡས་པ་ཉི་མ་ཐབས་ཀྱི་ཆ་ཡིན་ཀྱང་། ངོ་བོ་གསུང་རྡོ་རྗེའོ། །གཡོན་པ་ཟླ་བ་བདུད་རྩི་ཤེས་རབ་ཀྱི་རང་བཞིན་སྟེ། ངོ་བོ་སྐུ་རྡོ་རྗེའོ། །དེ་གཉིས་རེ་རེ་ལ་རླུང་ཁྲི་དང་བཞི་བརྒྱ་དྲུག་བཅུ་རྩ་ཕྱེད་དང་གསུམ་པ་ཚན་པ་རེ་རེ་ནི་གཡས་གཡོན་གྱི་སྣང་བུག་རེ་རེ་ནས་འབྱུང་བའི་ཕྱིར་ལས་རླུང་ཐམས་ཅད་ལ་ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་གཉིས་དབུས་ན་རྒྱུ་བའི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡོད་དེ། དེ་ནི་ཕྱི་རོལ་དུ་སྒྲ་གཅན་དང་། གོ་འབྱེད་པའི་ཕྱིར་ནམ་མཁའ་དང་། དབུ་མ་ལ་འཇུག་པའི་དོན་གྱིས་ཡེ་ཤེས་ཀྱི་རླུང་སྟེ། ཐབས་ཤེས་རབ་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན། གཡས་པ་ནི་གསུང་གི་རྡོ་རྗེ། གཡོན་པ་ནི་སྐུའི་རྡོ་རྗེའི་རང་བཞིན་ཡིན་ནོ། །དེ་ལ་ངོ་བོའི་དབྱེ་བ་ཡིས་འོག་ནས་སྟོན་པ་ལྟར་ས་ལ་སོགས་པ་ལྔའི་བདག་ཉིད་དོ། །འདི་ལ་ཡང་དང་པོ་རྒྱུ་བའི་ཐོག་མ་གང་ཡིན་པ་ཤེས་དགོས་པས། སྐྱེས་དུས་མ་དང་འབྲེལ་པའི་རླུང་། །ཆད་ཅིང་དེ་ནས་སྣར་རྒྱུ་བས། །ཀར་ཀ་ཏའི་ཁྱིམ་དུ་བཤད། །ཞེས་སྨོས་ཏེ། འདི་ནི་སྤྱན་རས་གཟིགས་ཀྱིས། དེ་ཡང་འདིར་ཇི་ལྟར་ཀར་ཀ་ཏའི་དུས་སྦྱོར་གྱིས་དབང་གིས་ཕྱི་རོལ་དུ་ཉི་མ་སྐྱེ་བའི་ཁྱིམ་གང་ལ་སྐྱེས་པའི་ཉི་མ་ཀར་ཀ་ཏཱ་ཡིན་པ་དེ་བཞིན་དུ་སེམས་ཅན་སྐྱེས་པ་ཐམས་ཅད་གང་དུ་སྐྱེ་བའི་དུས་དེར་ཡང་རླུང་རྒྱུ་བར་འགྱུར་བའི་ཁྱིམ་དེ་ཡང་ཀར་ཀ་ཏ་ཁྱིམ་གྱི་མིང་ཅན་དུ་རིག་པར་བྱའོ། །སྲོག་སྐྱེ་བ་ཞེས་པ་ཡང་ཀར་ཀ་ཏའི་དུས་སྦྱོར་གྱི་རིགས་པས་སོ། །ཞེས་གསུངས་པའི་དོན་ཡིན་ནོ། །དུས་སྦྱོར་རྒྱས་པར་བཤད་པ་ནི། ད་ནི་དུས་སྦྱོར་བཤད་པར་བྱ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡང་སྣར་འབྱུང་པའི་རླུང་ནི། ལྟེ་བ་ནས་ཇི་ལྟར་དུ་འབྱུང་ཞེ་ན། སྔར་གོང་དུ་བསྟན་པའི། །རྩ་བ་ཡན་ལག་བཅས་པའི་རླུང་། །ལུས་ཀུན་འཁོར་ལོ་རིམ་བརྒྱུད་དེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད། །ཞེས་སྨོས་ཏེ། སྙིང་ཁའི་ཐུན་བརྒྱད་དང་། མགྲིན་པའི་རྒྱུ་སྐར་གྱི་རླུང་དང་། སྤྱི་བོའི་ཟླ་བའི་རླུང་དང་། ཡུལ་ཉི་ཤུ་རྩ་བཞིའི་རླུང་དང་། ཚིགས་ཆེན་གྱི་འཁོར་ལོའི་རླུང་ཐམས་ཅད་ལྟེ་བའི་ཁྱིམ་བཅུ་གཉིས་གྱི་གནས་སུ་བརྒྱུད་ཅིང་སྲོག་གི་ནུས་པ་བསྐྱེད་དེ། དེ་ནས་སྣར་རྒྱུ་བར་འགྱུར་རོ། །དེའི་ཕྱིར་གླང་ལ་སོགས་པའི་མཉམ་པ་དྲུག་དང་། ལུག་ལ་སོགས་པའི་མི་མཉམ་པ་དྲུག་གི་ཁྱིམ་བཅུ་གཉིས་སུ་རེ་མོས་ཀྱིས་གཡས་དང་གཡོན་ནས་འབྱུང་བས་འཕོ་བ་བཅུ་གཉིས་སུ་འགྱུར་རོ། །དེ་ཉིད་ཀྱི་རིམ་པ་རྒྱས་པར་བཤད་པའི་དོན་དུ། ཉི་མ་ལྷོར་བསྒྲོད་དང་པོ་ལ་ཞེས་སྨོས་པ་ནི། ཉི་མ་ཀར་ཀ་ཏའི་ཁྱིམ་དུ་སྐྱེས་ནས་ལྷོར་བསྒྲོད་པའི་ཟླ་བ་དྲུག་ལ་ཉི་མ་འབྲི་བ་དང་། ཟླ་བ་ནི་སྟོབས་དང་ལྡན་པས་འཕེལ་བར་བཤད་ལ་ཆུ་སྲིན་ལ་སོགས་པའི་ཉི་མ་བྱང་དུ་བསྒྲོད་པ་ཟླ་བ་དྲུག་ལ་ཟླ་བའི་ནུས་པ་འབྲི་བ་དང་ཉི་མའི་ནུས་པ་འཕེལ་བས། འདིར་གཡས་ནས་རྒྱུ་བའི་དུས་སྦྱོར་དྲུག་ནི། ཉི་མའི་སྟོབས་དང་ལྡན་པ་ཐབས་ཀྱི་རླུང་ཡིན་ཀྱང་། ཕྱིར་རྒྱུ་བས་ནུས་པ་ཟད་པའི་ཕྱིར་ཀར་ཀ་ཏ་གཡས་པ་ནས་རྒྱུ་བར་བཤད་དོ། །ཆུ་སྲིན་ནི་གཡོན་པ་ནས་རྒྱུ་བར་བརྗོད་དོ། །དྲི་མ་མེད་པའི་འོད་ལས་དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ལྡན་དུ་འགྱུར་ཏེ། བྱང་དུ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་ལ་གཡོན་གྱི་རྩའི་ཟླ་བ་ཁུ་བའི་ཁམས་བདག་པོའོ། །ལྷོ་རུ་གླང་དང་ཀར་ཀ་ཏ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་དུ་ཉི་མ་རྡུལ་གྱི་ཁམས་བདག་པོར་འགྱུར་རོ། །ཞེས་གསུངས་པས། འདིར་སྣ་བུག་གཡས་པ་ནས་འབྱུང་བ་ཐོག་མར་བཤད་ལ། འཆི་རྟགས་ཀྱི་སྐབས་ནས། སྐྱེ་བའི་དུས་སུ་གཡས་ནས་དང་པོ་རྒྱུ་ན་གཡས་ནས་འཆི་རྟགས་འཕེལ་བ་དང་། གཡོན་ནས་དང་པོ་རྒྱུ་ན་གཡོན་ནས་འཆི་རྟགས་འཕེལ་བ་ཡང་གསུངས་སོ། །དེ་ལྟར་གསུངས་པའི་གཡས་གཡོན་འཕོ་བ་རྣམས་ཀྱི་གྲངས་ནི། སྣ་བུག་གཡས་ནས་འབྱུང་བའི་རླུང་ལ། ཐོག་མར་སའི་རླུང་སུམ་བརྒྱ་དྲུག་བཅུ་དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་། ནམ་མཁའ་རིམ་པ་བཞིན་དུ་འབྱུང་བ་སྡུད་པའི་རིམ་པས་རྒྱུ་བའི་ཕྱིར་སུམ་བརྒྱ་དྲུག་བཅུ་དྲུག་བཅུ་སྟེ། ཀུན་ལ་སྟོང་དང་བརྒྱད་བརྒྱའོ། །དེའི་འོག་དུ་གཡོན་པ་ཟླ་བའི་རླུང་རྒྱུ་བའི་རིམ་པ་ནི། ཡང་ཐོག་མར་ནམ་མཁའི་རླུང་སུམ་བརྒྱ་དྲུག་བཅུ་འབྱུང་ལ། དེ་བཞིན་དུ་རླུང་མེ་ཆུ་དང་སའི་རིམ་པས་གྲངས་གོང་དང་མཚུངས་པར་རྒྱུ་བས། དེ་ལྟར་འཕོ་བ་བཅུ་གཉིས་ལ། ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་སྟེ། ཞེས་སྨོས་པ་ཡིན་ནོ། །དེ་ལ་དབུ་མའི་ཆ་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་དང་ཚིག་རྐང་གསུམ་སྟེ། དེ་ལ་ཡེ་ཤེས་རླུང་བཤད་པ། །དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡིན། །ཞེས་བྱ་བ་ནི། ཞག་གཅིག་གི་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔའོ། །དེ་ལ་འཕོ་བ་རེ་རེའི་ནང་ནས་དུ་ཡོད་ཅེ་ན། ལྔ་བཅུ་རྩ་དྲུག་དང་བཞི་ཆའོ། །སའི་འབྱུང་ཆུང་ལ་སོགས་པའི་དབྱུ་གུ་དྲུག་བཅུ་པོ་རེ་རེས་བཅུ་གཅིག་བཞི་ཆ་ཐོབ་སྟེ། དེའི་ངེས་པ་དབུགས་གཅིག་ལ་ཡང་ཆ་ཤས་ཡོད་པས། །མདོར་ན་དབུགས་གཅིག་སོ་གཉིས་ཆ། །བསགས་པས་དེ་ལྟར་གྱུར་པ་ཡིན། །དེ་ཡང་ཕྱེད་ནི་ཕྱིར་རྒྱུ་ལ། །ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །ཞེས་སྨོས་པ་ཡིན་ནོ། །འདི་ནི་གཟའ་ཀུན་རྐང་པ་སྟེ། །ཞེས་པ་ནི། ཕྱི་རུ་ཉི་ཟླ་དང་གཟའ་ལྔ་དང་དུ་བ་འཇུག་རིངས་ལ་སོགས་པ་རྣམས་ཀྱི་རྩིས་དག་པར་བྱེད་པའི་རྐང་པ་ཡང་འདིས་བྱེད་ཅིང་། ནང་དུ་སྣ་བུག་གཉིས་ཀྱི་རླུང་དང་། དབང་པོའི་སྒོ་ལྔ་དང་། སྤྱི་གཙུག་དང་། ཐུར་དུ་སེལ་བ་ལ་སོགས་པའི་རླུང་ཐམས་ཅད་དབུ་མའི་ཆ་ཤས་འདི་ལས་འབྱུང་པའི་དོན་ཡིན་ནོ། །འདི་ཕྱིར་འགྲོ་བ་འཕེལ་བ་ལས་འོག་ནས་སྟོན་པའི་དབུ་མའི་འཆི་ལྟས་འབྱུང་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་ཟིན་ན་རྡོ་རྗེའི་ལུས་འགྲུབ་པའི་རྒྱུ་ཡིན་པས། ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་འཕེལ་བས་འཆི་མེད་འགྲུབ། །ཞེས་སྨོས་སོ། །འདིའི་རླུང་རིམ་པས་བསགས་ན། སྐྱེས་བུ་ཚེ་ལོ་བརྒྱ་པའི་ཡེ་ཤེས་ཀྱི་རླུང་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་འབྱུང་བའི་ཕྱིར། ལོ་བརྒྱའི་ལས་རླུང་གི་ཚོགས་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པའི་ཕྱིར། དེ་ལ་དགོངས་ནས། ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་འགྱུར་བ་དང་། ཤེས་བྱ་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིར། ལོ་བརྒྱའི་རྒྱུ་བ་བསྡོམས་པས་ན། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས། །འདི་དོན་རྟོགས་པས་མ་ནོར་འཆར། །ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་ལ། སྣའི་ཕྱོགས་གང་དུ་འབྱུང་བ་དང་། ཁ་དོག་དང་། གཟའ་རྣམས་ལ་སྦྱར་བ་དང་། ལས་གང་འགྲུབ་པ་དང་། ཕྱིར་འགྲོ་བའི་རིང་ཐུང་དང་ལྔས་སྟོན་པ་ལ། །རྒྱུ་རིམས་ཁ་དོག་སྟོབས་ཡོན་ཏན། །ཞེས་བྱ་བ་ནས་ཚིག་བཅད་དྲུག་པོ་འདི་རྣམས་ཤིན་ཏུ་གོ་བདེ་མོད་ཀྱིས་ཀྱང་། ཅུང་ཟད་བཤད་ན། སྣའི་ཀ་བའི་ཕྱོགས་སུ་བདབས་ཏེ་རྒྱུ་བ་ནི་གཉིས་ཀའི་ཆུའི་རླུང་ཡིན་ལ། ཕྱི་རོལ་གཉིས་ནི་མེ་རླུང་ཡིན་ནོ། །སྟེང་གི་ཕྱོགས་གཉིས་ནི་རླུང་གི་རླུང་ཡིན་ལ། འོག་གི་མཆུ་ལ་བརྟེན་པ་གཉིས་ནི་སའི་རླུང་ཡིན་ནོ། །དེ་རྣམས་ཀྱི་དབུས་ནས་རྒྱུ་བ་ནི་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་སོ། །ཁ་དོག་གི་རིམ་པ་ཡང་། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ་རླུང་གི་རླུང་ནག་པོ་ནམ་མཁའ་ནི་སྔོན་པོར་འདོད་དོ། །ཡང་ན་སྣ་ཚོགས་པ་ཞེས་བྱ་བ་ལྗང་ཁུའི་ཁ་དོག་གོ །གཟའ་རྣམས་ལ་སྦྱར་བ་ནི། །འདི་དག་སྟོབས་ནི་གཡས་པ་རྣམས། །སྤེན་ཕུར་བཀྲ་ཤིས་ཉི་མ་མེ། །ས་སོགས་རིམ་པས། ཞེས་པ་དབྱངས་རིང་པོ་དང་དྲག་པོའི་གཟའ་རྣམས་ཏེ། ས་རླུང་ནི་སྤེན་པ་དང་ལཱྀ་ཡིག་གོ །ཆུ་རླུང་ལ་ཕུར་བུ་དང་ཨཱུའོ། །མེ་རླུང་ལ་མིག་དམར་དང་རཱྀའོ། །རླུང་གི་རླུང་ལ་ཉི་མ་དང་ཨཱིའོ། །ནམ་མཁའི་རླུང་ལ་དུས་མེ་དང་ཨཱའོ། །གཡོན་པ་རྣམས། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་འཇུག་རིང་མཁའ་རིམ་བཞིན། ཞེས་པ་ནི་ཡི་གེ་ཐུང་ངུ་རྣམས་དང་ཞི་བའི་གཟའ་རྣམས་ཏེ། ནམ་མཁའི་རླུང་ལ་སྒྲ་གཅན་དང་ཨའོ། །རླུང་གི་རླུང་ལ་ཟླ་བ་དང་ཨཱིའོ། །མེ་རླུང་ལ་གཟའ་ལག་དང་རཱྀའོ། །ཆུ་རླུང་ལ་པ་སངས་དང་ཨུའོ། །ས་རླུང་ལ་འཇུག་རིངས་དང་ལྀའོ། །དེ་ལྟར་གཟའ་དང་སྦྱར་བའི་རིམ་པ་ནི། ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ་ནང་དུ་འཆར་བ་ཡིན་ནོ། །ལས་གང་འགྲུབ་པ་ནི། ཕུང་པོ་ཁམས་སོགས་དེ་མཐུན་ཕྱིར། ཞེས་པ་ནི། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། ཕྱི་རོལ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རང་རང་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། ནམ་མཁས་ནི་བསད་གསོ་ལ་སོགས་པ་ལས་ཐམས་ཅད་འགྲུབ་ལ། རླུང་གིས་བསྐྲད་པ་དང་བསད་པ་མེས་དབང་དང་དགུག་པ། ཆུས་ཞི་བ་དང་རྒྱས་པ། སས་རེངས་པ་དང་རྨོངས་པའི་ལས་འགྲུབ་ལ། ཡེ་ཤེས་ལས་ནི་ཐམས་ཅད་པ། ཞེས་པའི་དོན་ནི། དུས་འཁོར་ལས་བསད་པ་མ་གཏོགས་པའི་ལས་ཐམས་ཅད་ཡེ་ཤེས་ཀྱིས་འགྲུབ་བོ་ཞེས་གསུངས་པས། ཡེ་ཤེས་རྒྱུ་བའི་དུས་གང་ཞེ་ན། རླུང་མཉམ་དུ་རྒྱུ་བའི་དུས་སུ་བཤད་དོ། །ཕྱིར་འགྲོ་བའི་རིང་ཐུང་ནི། སྣ་རྩེའི་ཕྱི་རོལ་ནས་ས་རླུང་ནི་སོར་བཅུ་གཉིས་སུ་རྒྱུའོ། །ཆུ་སོར་བཅུ་གསུམ། མེ་བཅུ་བཞི། རླུང་བཅོ་ལྔ། ནམ་མཁའ་བཅུ་དྲུག་གི་བར་དུ་འགྲོ་སྟེ། དེའི་རྒྱུ་མཚན་ནི་འབྱུང་བའི་ལྕི་ཡང་གི་ཡོན་ཏན་གྱི་དབང་གི་རིམ་པས་རིང་བ་དང་ཐུང་བ་ཡིན་པར་དུས་ཀྱི་འཁོར་ལོ་ལས་གསུངས་སོ། །གསང་འདུས་ཀྱི་གདམས་པ་ཁ་ཅིག་ལས་ནི། འཁོར་ལོ་བཞི་ལས་རླུང་བཞི་འབྱུང་བ། སྤྱི་བོ་ནས་རླུང་གི་རླུང་འབྱུང་བས་སོར་ཉི་ཤུ་དང་། མགྲིན་པ་ནས་མེ་རླུང་འབྱུང་བས་སོར་བཅོ་བརྒྱད་དང་། སྙིང་ཁ་ནས་ཆུ་རླུང་འབྱུང་པས་སོར་བཅུ་དྲུག་དང་། ལྟེ་བ་ནས་ས་རླུང་འབྱུང་པས་སོར་བཅུ་གཉིས་སུ་བཞེད་པ་ཡང་སྣང་ངོ་། །རྟེན་འབྲེལ་རྩིས་དང་དབྱངས་སྦྱར་པ། །ཁོ་བོས་རྩིས་ཀུན་བསྡུས་པར་བཤད། །ཅེས་པ་ནི་ནང་དུ་རང་ལ་རྟེན་འབྲེལ་འཆར་བ་དང་། ཕྱི་རུ་གཞན་ལ་ལུང་སྟོན་པར་བྱེད་པ་བསྡུས་པ་ནི། །གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །གཞན་ཡང་གཡས་ཀྱི་དུས་སྦྱོར་དུ། །རྒྱུ་དུས་གཡུལ་འགྱེད་གང་འདྲི་བ། །དུས་མེས་འཆི་བར་སྟོན་པ་སྟེ། །རླུང་དུ་ཉི་མས་ཡན་ལག་ཉམས། །མེར་ནི་མིག་དམར་གྱིས་སྣང་འགྱུར། །ཆུར་ནི་ཆུར་བུ་ཉེན་ཆེའོ། །སར་ནི་སྤེན་པ་འཆར་བ་ཡིས། །གཡུལ་དུ་ཡུན་རིངས་རྩོད་པར་འགྱུར། །ནད་པ་རྣམས་ལ་གོ་རིམ་བཞིན། །འཆི་དང་ཉོན་མོངས་རྨ་དོད་དང་། །བཅོས་འཚོ་ནད་ཡུན་རིང་བར་འགྱུར། །ཡུལ་གྱི་ལྟད་མོ་བག་མ་དང་། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་བཟང་བ་མ་ཡིན་ཏེ། །འབྲས་བུ་སྣ་ཚོགས་སྔ་མ་བཞིན། །གང་གིས་གཡོན་པའི་དཀྱིལ་འཁོར་དུ། །གཡོན་ངོས་སྒྲ་གཅན་འཆར་ཚེ་འདྲི། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། ཟླ་བ་རླུང་སྟེ་དགྲ་བོ་ཡི། ཡན་ལག་འགའ་ཞིག་ཉམས་བྱེད་འགྱུར། །མེ་ལ་གཟའ་ལག་དགྲ་བོ་སྨས། །པ་སངས་ཆུ་སྟེ་ནོར་ཐོབ་འགྱུར། །ས་ཡི་དཀྱིལ་འཁོར་འཇུག་རིངས་འཆར། །དགྲ་རྣམས་རང་གི་དབང་དུ་འགྱུར། །ནད་པ་རྣམས་ནི་འཚོ་བ་དང་། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། །སྒྲ་གཅན་མ་གཏོགས་གཞན་རྣམས་དག །དྲག་པོའི་ལས་ལ་སྟོབས་ལྡན་མིན། །གཞན་ཡང་རང་ཉིད་མཉམ་བཞག་དུས། །དུས་མིན་ཕྱིན་ཅི་ལོག་འཕོ་ན། །གཡོན་གྱི་ཕྱོགས་རྣམས་སྔར་ལྟར་བཟང་། །ནོར་དང་ཟས་དང་ལོངས་སྤྱོད་འཐོབ། །གཡས་ཕྱོགས་དུས་མིན་འཕོ་བ་ངན། །ནད་དང་ནོར་ཉམས་འཇིགས་སྐྲག་དང་། །གཏམ་ངན་ཐོས་པར་འགྱུར་བའི་རྟགས། །ཇི་ལྟར་ཡུན་རིང་ཕྱིན་ལོག་རྒྱུ། །འཆི་བའི་ལྟས་སུ་སྟོན་པར་བྱེད། །དེ་སོགས་དཔག་དུ་མེད་པ་ཡིན། །གང་གི་ཕྱིར་དུས་མ་ཡིན་པར་འཆི་བའི་ལྟས་བྱུང་ན། བཟློག་པའི་ཆོ་ག་ཡང་བཤད་པར་བྱ་སྟེ། །ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་སྒོམ། །རྐང་པ་དཀྱིལ་དཀྲུང་ལུས་བསྲངས་ནས། ལག་གཉིས་མཆན་ཁུང་འཕར་རྩ་བསྡམ། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཞེས་བྱ་བ་འདི་ནི་ཁོ་བོས་རྒྱུད་འགྲེལ་རྣམས་ལས་བསྡུས་པ་ཡིན་ནོ། །རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་ནི། རླུང་གི་རྒྱུ་ཚུལ་འདི་ནི་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་ཚིགས་སུ་བཅད་པ་བརྒྱད། འཚམས་སྦྱོར་གྱི་ཚིགས་བཅད་དང་བཅས་པ་སྟེ། འདི་ལ་འཕགས་སྐོར་པ་རྣམས་ཀྱི་འབྲུ་གནོན་དུ་མ་ཡོད་མོད་ཀྱི། འདིར་མི་འགལ་བར་བཤད་པར་བྱ་སྟེ། སྣའི་བུ་ག་ལས་བྱུང་ཞིང་། རླུང་ལྔ་སྟེང་དུ་ཡང་དག་རྒྱུ། ཞེས་བྱ་བ་ནི་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལྔའོ། །དཀྱིལ་འཁོར་ལྔ་པོ་དེ། རྣལ་འབྱོར་པས་རྡོ་རྗེའི་བཟླས་པ་བྱེད་པའི་དུས་ན་རླུང་གི་ཕྲ་མོའི་བཟླས་པ་རྣམས་བཞི་བྱའོ། །དེ་ཡང་གཡོན་པ་གཡས་དང་གཉིས་ག་དང་། དལ་བར་རྒྱུ་བ་རྣམ་པ་བཞི། །ཞེས་བྱ་བ་ནི་མདོར་བསྟན་ནོ། །དེ་ལས་བཞི་པོ་རྒྱས་པར་བཤད་པ་ནི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། པད་མའི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་རང་ཉིད་ཀྱི་སྣ་གཡས་པ་ནས་བྱུང་པ་མེའི་ཁམས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་པོ་འདི་ནི། ཉི་མའི་ཁམས་ཀྱི་རང་བཞིན་ཁ་དོག་དམར་པོ་དབང་དང་དགུག་པ་དང་། ལས་ཐམས་ཅད་འགྲུབ་པར་བྱེད་པའི་བཟང་པོ་འདི། པད་མའི་མགོན་པོ་འོད་དཔག་དུ་མེད་པའི་རིགས་པད་མ་མཐར་བྱེད་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སམ་ཡང་ན་གསུང་གི་རྡོ་རྗེའི་རང་བཞིན་རྒྱུ་བ་ཡིན་པས། ཡི་གེ་ཨ་ཡི་བཟླས་པ་དང་ལྷན་ཅིག་བསྒྲུབ་བོ། །ཡང་གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་དུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་སྣ་གཡོན་པ་ནས་འབྱུང་བ་ཤེས་རབ་ཀྱི་ཁམས་ཀྱི་རང་བཞིན་ཟླ་བའི་རླུང་ཡིན་ཀྱང་། མཐུན་པའི་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་རླུང་གི་དཀྱིལ་འཁོར་དང་འདྲེས་པ་དཀྱིལ་འཁོར་ལྔའི་རིམ་པ། ཁ་དོག་ལྗང་སེར་དུ་སྣང་བ་སྟེ་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱེད་པ་སྐུ་རྡོ་རྗེ་དང་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་འདྲེས་པའི་རང་བཞིན་གྱི་རྒྱས་བཏབ་པའི་ལྷ་དང་། ཡི་གེ་ཨོཾ་དང་ལྷན་ཅིག་རྡོ་རྗེའི་བཟླས་པ་བྱའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་ནི་སྣ་གཉིས་ཀ་དང་སྟེང་དང་འོག་གི་ཆ་གཉིས་ཀ་ནས་འབྱུང་བའི་ཁམས་སའི་དཀྱིལ་འཁོར་གྱི་རང་བཞིན། ཁ་དོག་སེར་པོ་ལྟེ་བའི་དཀྱིལ་འཁོར་ནས་ཐུར་དུ་ཡེ་ཤེས་ཀྱི་ཁམས་དཀར་དམར་ལྷན་ཅིག་པའི་རིན་པོ་ཆེའི་མགོན་པོ་རྒྱུ་བ། གོང་བུའི་གཟུགས་ཀྱིས་འོག་གི་སྣ་རྩེར་བཅིངས་ཏེ། རྡོ་རྗེའི་བཟླས་པ་བྱས་ན་ཐིག་ལེའི་རྣལ་འབྱོར་འགྲུབ་པའོ། །དེ་ནས་གཞན་ཡང་དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུའི་དཀྱིལ་འཁོར་སྟེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་དལ་ཞིང་ཕྱོགས་གཅིག་དུ་རྒྱུ་བ་མེད་པ་ཡེ་ཤེས་ཀྱི་ཁམས་དག་པའི་ཤེལ་ལྟར་སྣང་བ་དྲི་མ་མེད་ཅིང་འོད་གསལ་བ་འདི་ནི་ཆུའི་དཀྱིལ་འཁོར་སྟེ། རྡོ་རྗེའི་མགོན་པོ་ཐུགས་ཀྱི་རྡོ་རྗེ་རྒྱུ་བ་ཡིན་པས་དབུ་མ་རུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ལྷན་ཅིག་ཡི་གེ་ཧཱུྃ་གི་རྣམ་པའི་རྡོ་རྗེའི་བཟླས་པ་བསྒྲུབས་ན་འོད་གསལ་བ་འཐོབ་པོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའི་བཟླས་པ་བཞི་ནི་དབྱུང་བ་དང་རྔུབ་པ་དང་། གནས་པ་དང་བདེ་བ་ཆེན་པོ་རོ་མཉམ་པར་བྱ་བའི་རིམ་པ་སྟེ། །སྐུའི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །རྡོ་རྗེ་སེམས་དཔར་བདག་ཉིད་སྦྱོར། །ཞེས་བྱ་བའི་ལས་བསྒྲུབ་པའི་བསྒྲུབ་ཐབས་འཕགས་པ་ཀླུ་གྲུབ་ཉིད་ཀྱིས་འགྲེལ་པ་མཐའ་དྲུག་ཆེན་པོ་ལས་གསུངས་པ་དང་། ཡང་འཁོར་ལོ་བཞིའི་དབུས་སུ་མགྲིན་པར་པད་མའི་མགོན་པོ། སྤྱི་བོར་ལས་ཀྱི་མགོན་པོ། སྙིང་ཁར་རྡོ་རྗེའི་མགོན་པོ། ལྟེ་བར་རིན་པོ་ཆེའི་མགོན་པོའི་རང་བཞིན་གྱི་རྡོ་རྗེའི་བཟླས་པ་བསྒོམ་པར་གསུངས་པས། འོག་ནས་འབྱུང་བའི་ཚིགས་བཅད། །དེ་ལྟར་རླུང་གི་སྣ་རྩེ་ནི། །ཁ་དོག་ལྔ་པར་རྣམ་པར་བསྒོམ། །སྔགས་བཟླས་བ་ཡི་གྲངས་ཀྱིས་ནི། །མཉམ་བཞག་ཉིན་མཚན་རྟག་ཏུ་ཟློས། །ཞེས་བཤད་པ་ལ་འགལ་བ་མེད་དོ། །སྔོན་གྱི་ཡིག་སྒྲོས་ལ་གོང་མའི་རྒྱུ་བ་བཞི་པོ་དང་ལྔ་པ་ནི། ཁམས་ཀུན་ལས་ནི་ཡང་དག་འབྱུང་། །རྟེན་དང་བརྟེན་པས་བཟུང་བས་ན། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། ཞེས་བྱ་བ་འདི་སྦྱོར་མོད་ཀྱི་དེ་ལྟར་ན་དཀྱིལ་འཁོར་ལྔ་ཞེས་འབྱུང་བར་རིགས་པ་ལ། གོང་མ་འདི་རྣམས་བཟླས་པ་ཡིན་པའི་ཕྱིར། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །ཞེས་གསུངས་པས་འདི་ནི་རྡོ་རྗེའི་བཟླས་པའི་རིམ་པར་བཤད་པ་ལེགས་སོ། །གོང་མའི་འབྲུ་གནོན་ཡང་ས་ལ་སོགས་པའི་ཁམས་ཀུན་ལས་བྱུང་བ། རྟེན་ལུས་དང་། བརྟེན་པ་སེམས་སམ། ཡང་ན་རྟེན་འོད་གསལ་བ་ལ་བརྟེན་པའི་ཀུན་གཞིའི་རྣམ་པར་ཤེས་པས་བཟུང་བ་ནི། ལུས་ཡིན་པས་དེ་ནི་མུན་པ་ཆེན་པོའི་རླུང་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྟེ། འཆི་བའི་མཐར་འབྱུང་བར་འགྱུར་བས། གསུང་གི་དཀྱིལ་འཁོར་བཞི་པོ་འདི་དག་ནི་རྣལ་འབྱོར་པས་བཟླས་པས་འཆི་བ་མེད་པའི་རྡོ་རྗེའི་ལུས་འགྲུབ་པར་འགྱུར། ཞེས་བྱ་བའི་དོན་ཡིན་ནོ། །དགོངས་པ་མཐའ་དག་གི་འཕྲོས་པ་ཡོད་མོད་ཀྱི་ཆོག་གོ །བློ་ཆུང་ངུ་རྣམས་ཀྱིས་འཕགས་པ་ཡབ་སྲས་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་དོན་མི་གཅིག་གོ་སྙམ་དུ་སེམས་པར་མི་བྱའོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་ལ། འཇུག་སྒོ་དང་། བཟུང་ཐབས། ཕན་ཡོན་དང་རྣམ་པ་གསུམ་ལས། དང་པོ་ནི། འཇུག་སྒོ་སྟེང་ནས་སྣ་བུག་གཉིས། །ཁ་དང་འོག་དུ་ལམ་གསུམ་དང་། །ལུས་ཀུན་ཡིན་ཏེ་རྣམ་པ་བཞི། །ཞེས་བྱ་བ་ནི། བླ་མ་དམ་པ་རྣམས་ཀྱི་མན་ངག་ལས་གསུངས་ཏེ། མེ་རླུང་དང་རླུང་གི་རླུང་སྣ་བུག་ནས་འཇུག་གོ །ཆུའི་རླུང་ཁ་ནས་སོ། །ས་རླུང་ནི་འོག་གི་ལམ་གསུམ་ནས་སོ། །མ་ནིང་གི་རླུང་ནི་ལུས་ཐམས་ཅད་ནས་སོ། །དེ་ལྟར་བླ་མ་མར་པའི་ཞལ་སྔ་ནས་ཀྱང་། །ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་གི་སྒོ་གཉིས་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ན་དམ། །ཞེས་གསུངས་སོ། །བཟུང་ཐབས་ཀྱང་རྣམ་པ་བཞི་ལས། །བསྒྲང་ཞིང་རྩི་བ་ལ་བསླབ་པ་ནི། བཟུང་ཐབས་དབྱུང་རྔུབ་གནས་ལྡོག་དང་། །དག་པ་བགྲང་ཞིང་བརྩི་བ་སྟེ། །ཞེས་བྱ་བའི་དོན་ནི། དེ་ལ་རྣམ་རྟོག་ཤས་ཆེ་བས་རླུང་བགྲང་ཞིང་བརྩི་བ་ནི། ལུས་གནད་བཅས་ལ། སེམས་རྣལ་དུ་བཞག་སྟེ། དབུགས་དབྱུང་བ་དང་བརྔུབ་པ་ལ་སེམས་འཛིན་པ་སྟེ། ཆུ་ཚོད་ལ་སོགས་པའི་བར་དུའོ། །རྗེས་སུ་འགྲོ་བ་ནི། དེའི་འོག་ཏུ་རླུང་འདི་ལུས་ཐམས་ཅད་ལ་འཇུག་གམ། ཕྱོགས་འགའ་ཞིག་ཏུ་འཇུག་ཅེས་ལུས་ཐམས་ཅད་ཀྱིས་མཐར་ཐུག་པར་འགྲོ་བ་དང་། བཟློག་པ་ལ་དམིགས་པའོ། །དེའི་འོག་ཏུ་འཇོག་པ་ནི། ཐམས་ཅད་དུ་ཁྱབ་པ་ལ་རྣམ་པར་མི་རྟོག་པ་ལ་སེམས་འཛིན་པའོ། །དེ་ནས་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཉེན་པོའི་ཆོས་རྣམས་ལས་འགྲོ་བ་དང་འོང་བ་དང་ཞི་གནས་ལ་སྔར་ལྟར་ཞུགས་པས། རང་བཞིན་གྱིས་སྣང་བ་དང་སྟོང་པ། དབྱེར་མེད་པའི་དོན་དམ་པ་ལ་འཇུག་པས་རྣམ་པར་དག་པ་ཞེས་བརྗོད་དོ། །འདི་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ཀ་ལས་བསྟན་ཏོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། །ཚུལ་འདི་རྒྱས་པར་གསུངས་པའི་རྗེས་སུ། །ཇི་ལྟར་ཞེ་ན་རབ་ཏུ་གདུལ་དཀའི་སེམས། །ཞེས་བརྗོད་པ་དེ་ནི། རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ། རླུང་དུ་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ནི། །མི་རྟོག་རྒྱ་ཡན་བཅིངས་པ་ཡིས། །ཞི་གནས་བསྐྱེད་པར་གསུངས་པ་ཡིན། །ཞེས་སྨོས་ཏེ། སོ་སོར་བསྡུད་པ་ལ་སོགས་པ་ཡིན་ནོ། །གསུམ་པ་ནི། །ཁ་དོག་དབྱིབས་ལ་རྣམ་པར་སྦྱང་། །མངོན་ཤེས་ཟད་པར་འབྱུང་བའི་རྒྱུ། །ཞེས་སྨོས་ཏེ། སྔར་བསྟན་པའི་རླུང་སོ་སོའི་ཁ་དོག་ལ་སེམས་བཞག་པ་བརྟན་པས་གསལ་སྣང་བྱུང་བ་དེའི་ཚེ། དེ་ཉིད་ཀྱི་རྣམ་པ་གང་འགྲུབ་པར་འདོད་པ་ཕྱི་དང་ནང་དུ་དམིགས་ནས། སེམས་བརྟན་པར་གྱུར་པས་ཟད་པར་འགྲུབ་ལ། སྙིང་ཁར་དྲི་མ་མེད་པའི་ཀུན་གཞིའི་རྣམ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་དམིགས་ཏེ། གཞན་གྱི་རྣམ་ཤེས་དང་བསྲེས་ཏེ་བསྒོམས་པས། མངོན་པར་ཤེས་པ་ལྔ་འཆར་རོ། །ཚུལ་འདི་ནི་རྒྱས་པར། །རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། མཁས་པ་བསྐལ་ལྡན་གྲགས་པའི་གསང་བ་འདུས་པའི་འགྲེལ་པ་ཆེན་པོ་རྣམས་ནས་བྱུང་ངོ་། །བཞི་པ་ནི། །བུམ་ཅན་སྟེང་འོག་བར་གསུམ་དང་། །རྣམ་གྲོལ་བཅས་པས་ལས་ཀུན་བྱེད། །ཞེས་སྨོས་པའི་བུམ་པ་ཅན་ནི། དུས་ཀྱི་འཁོར་ལོ་ལས། སྟོང་པ་དུ་བ་ལ་སོགས་ལམ་ནི་བླ་མའི་དབང་གིས་གཟུགས་རྙན་རབ་ཏུ་སྒོམ་པར་བྱ། དེ་ལ་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་དུ་སེལ་པའི་རླུང་དག་བསྡམ་པར་ཡང་ནི་བྱ། ཕྱི་ནས་ཟླ་བ་དགག་པ་དང་ནི་གཟའ་ཉིད་དང་ནི་བྱ་ཞིང་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པ། དེ་ནས་གང་ཞིག་ཅུང་ཟད་འདོད་པ་ཉི་མ་ཅུང་ཟད་ཀྱིས་ནི་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཉི་མ་ཟླ་བ་མཉམ་དང་མི་མཉམ་གྱུར་པ་དགག་ཅིང་དབུས་མར་མེ་ནི་ཞུ་བར་གྱུར་པ་དང་། སྲོག་དང་ཐུར་དུ་སེལ་བ་གཉིས་ཀྱིས་ཀྱང་ནི་ཉི་མ་དང་པོར་སོན་པའི་དུས་མིན་འཆི་བ་བསླུ། ཞེས་གསུངས་པ་དང་། སེང་གེ་རྣམ་གྲོལ་ནི། སྒྱུ་མ་ཆེན་མོ་ལས་ཡོན་ཏན་དང་བཅས་པ་གསུངས་སོ། །ཕན་ཡོན་བསྟན་པ་ནི། ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། ཞེས་བྱ་བ་འོག་ནས་སྟོན་པའི་མདོར་བསྟན་ཡིན་ལ་གཞན་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ནི། སྟེང་གི་ཉི་ཟླ་སྒྲ་གཅན་གྱི་རླུང་གསུམ་ངོ་བོ་ཉི་མ་ཡིན་ཡང་འོག་ཏུ་ཡོན་ཏན་འབྱུང་སྟེ། རྡུལ་མུན་པ་སྙིང་སྟོབས་གསུམ་སྟེ་དུག་གསུམ་གྱི་རྣམ་རྟོག་འཇོམས་ལ་རྡོ་རྗེ་གསུམ་ཐོབ་པར་བྱེད་པས་ཉི་མའི་ཡོན་ཏན་གསུམ་འོག་ཏུ་གསུངས་ལ། ཐུར་སེལ་ཟླ་བའི་རང་བཞིན་ཡིན་ཀྱང་དེའི་ཡོན་ཏན་སྟེང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པས། ཟླ་བའི་རང་བཞིན་སྟེང་དུ་བཤད་དེ། མདོར་བསྡུས་ན། དེ་དག་གི་རང་བཞིན་གཟུང་འཛིན་བརྒྱད་པོ་འཇོམས་པས་མཐར་ཐུག་གི་ཡོན་ཏན་དུ་གསུངས་ལ། གནས་སྐབས་སུ་རླུང་ཟིན་པས། སའི་ཡོན་ཏན་ལུས་བརྟན། ཆུས་སྣུམ་པ་དང་། མེས་མདངས་གསལ་བ་དང་། རླུང་གིས་མགྱོགས་པ་དང་། ནམ་མཁའི་ཡོན་ཏན་དག་ཅིང་ཤེས་རབ་ཆེ་བ་ལ་སོགས་པ་འབྱུང་ཞེས། བླ་མ་ཏེ་པུ་པས་གསུངས་སོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ། དེ་ལྟར་གསུངས་པའི་རླུང་ཇི་སྙེད་པ་ཐམས་ཅད་ཀྱང་། རྣམ་པར་རྟོག་པ་དང་། རླུང་གཉིས་དབྱེ་བ་མེད་པར་གསུངས་ཏེ། མཚན་ཉིད་རྣམ་པ་གསུམ་དང་འབྲེལ་བའི་ཕྱིར་རོ། །དེ་ཡང་གང་ཞེ་ན། །མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་དང་ཕྲ་དང་གཞན་བསྐྱོད་བྱེད། །ཅེས་སྨོས་སོ། །རླུང་འདི་ཐམས་ཅད་ཀྱི་གཞི་ཇི་ལྟ་བུ་ཞེ་ན། །སེམས་ཉིད་གསལ་ལ་མི་རྟོག་པ་སྟེ། །དེ་ལ་རླུང་གི་མིང་གིས་བརྗོད་པ་ནི། ངོ་བོ་ཡེ་ཤེས་རླུང་ཆེན་པོ་ཞེས་བྱའོ། །དེ་ལྟར་ན་གཉེན་པོ་རྒྱུ་འཐུན་པའི་ཡང་དག་པའི་རྟོག་པ་རྣམས་ལ་ཡང་རླུང་གི་མིང་ཡོད་དམ་ཞེ་ན། །གཉེན་པོ་ཡེ་ཤེས་རླུང་ཆེན་ནི། །ཡང་དག་རྟོག་པའི་འདུ་བྱེད་བཤད། །ཅེས་སོ། །འོ་ན་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ། ཇི་ལྟ་བུའི་རླུང་ཡིན་ཞེ་ན། དུག་གསུམ་དང་འབྲེལ་བའི་རླུང་དུ་བསྟན་ཏེ། །ཀུན་གཞི་ལ་གནས་ཉོན་ཡིད་ནི། །གཏི་མུག་བསྐྱེད་པའི་རླུང་དུ་བཤད། །ཞེས་པ་སྔར་བསྟན་པ་ལྟར་ང་མེད་པ་ལ་ངར་འཛིན་པ་ལ་སོགས་པའི་གཏི་མུག་བསྐྱེད་པའི་ཕྱིར་རོ། །འདུ་བྱེད་ཡེ་ཤེས་སྣང་ཆ་ལ། །གཞན་རྟོག་ཆགས་པའི་རླུང་ཞེས་བྱ། །ཞེས་པ་ནི། རྣམ་པར་རྟོག་པ་འདུ་བྱེད་པ་ལ་སེམས་ཀྱི་རང་ཡུལ་ཡེ་ཤེས་ཀྱི་སྣང་ཆ། འོད་ལྔའི་རྣམ་པ་སྣང་བ་ལ་གཞན་དུ་རྟོག་ཅིང་། སྲེད་ལེན་གྱི་ཆགས་པ་བསྐྱེད་པས་དགའ་བའི་འདོད་ཆགས་ཀུན་ཏུ་གཡོ་བའི་ཕྱིར་རོ། །རྣམ་ཤེས་བླང་དོར་དཔྱོད་པའི་རླུང་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ། མ་རྟོགས་ཤིང་བླང་བ་དང་དོར་བ་ལ་བརྟེན་ནས་ཞེ་སྡང་བསྐྱེད་པའི་རླུང་སྟེ། དེ་ལྟར་རྣམ་པར་ཤེས་པ་བརྒྱད་ཀྱི་འདུ་བྱེད་པ་ཐམས་ཅད་རླུང་ཡིན་པས། ཁམས་གསུམ་རླུང་གི་འདུ་བྱེད་ཅེས། བཅོམ་ལྡན་འདས་ཀྱིས་གསུངས་པས། སྐྱོན་དང་ཡོན་ཏན་ཐམས་ཅད་རླུང་ལ་བརྟེན་པར་རྟོགས་པར་བྱས་ནས། ཡང་དག་པའི་ལམ་གྱི་རིམ་པའི་གནད་བཅིང་པར་བྱ་སྟེ། དེས་ན་རྡོ་རྗེ་འཕྲེང་བ་ལས། རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་གསུངས་པ་འདིར་སྨོས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་ནས། འཇུག་བསྡུ་བ་ནི། ཕྱི་ནང་རླུང་མིང་བྱེད་ལས་ཀུན། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཞེས་བྱ་བ་ནི་སྔར་ལུས་འགྲུབ་པའི་སྐབས་དང་། དུམ་བུ་འདིར། མདོ་རྒྱུད་རྣམས་ནས་གསུངས་པ་ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ནོ།། །།ད་ནི་ལྔ་པ་རྩ་དེ་དག་ཏུ་ཐིག་ལེ་ཇི་ལྟར་རྒྱུ་བའི་རིམ་པ་བཤད་པར་བྱ་སྟེ། འདི་ལ་ཡང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། །དེ་ནས་རྩ་དང་རླུང་བརྟེན་ནས། །ཐིག་ལེ་གནས་དང་རྒྱུ་ཚུལ་ནི། །རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་པ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། །ཞེས་པ་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་བཤད་རྒྱུད་དུ་གསུངས་ཏེ། འདི་ནི་དཔལ་ས་ར་ཧ་པའི་ཞལ་སྔ་ནས་ཀྱང་། ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་པ་མེད། ཞེས་བྱུང་བས་འཁོར་འདས་ཐམས་ཅད་ཐིག་ལེའི་གནས་ལུགས་སུ་ཡང་གསུངས་སོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། འཁྲུལ་པ་མ་རིག་གི་ཐིག་ལེ་མདོར་བསྟན་པ་དང་། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་དང་། །གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་དང་། ཞར་ལ་སྐྱོན་བསལ་བ་བསྟན་པའོ། །དང་པོ་ལ་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། དེ་ཡང་སྤྲོས་བྲལ་གྱི་ཐིག་ལེ་ནི་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། ངོ་བོ་སྟོང་། རང་བཞིན་གསལ། འགག་པ་མེད་པ་གསུམ་པོ་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་དང་། གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་ཅིར་ཡང་གྲུབ་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་སྔར་རྒྱས་པར་བཤད་པ་ཡིན་ནོ། །དེ་ལྟ་བུའི་དོན་དེ་ཡོད་པའི་རྟགས་ད་ལྟར་སྣང་བ་ཇི་ལྟ་བུ་ཞེ་ན། ཐམས་ཅད་སྟོང་པར་སྣང་བ་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལས་མ་འདས་པའི་དོན་ཡིན་པས་ད་ལྟ་ཡང་ཐམས་ཅད་སྟོང་པར་སྣང་བ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་རྟགས་ནི། མིག་གི་ཡུལ་དུ་དབྱིངས་རིག་གི་རྟགས་བཅུ་འཆར་བ་དང་། སྤྲུལ་སྐུའི་རྟགས་སུ། ཚོགས་དྲུག་གི་ཡུལ་སྣང་གི་ནུས་པ་སོ་སོར་འབྱིན་པ་སྟེ། གསུམ་པོ་ནི་བསླུ་བ་མེད་པའི་རྟགས་ད་ལྟར་ཡུལ་ལ་སྣང་བ་སྟེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་དང་འབྲེལ་བའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས། དེ་ནི་རྟོག་བྲལ་མ་འཁྲུལ་བ་རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། ཞེས་སྨོས་ཏེ། དེ་ལ་རྣམ་པར་རྟོག་པ་དང་བྲལ་བའི་རྣལ་འབྱོར་མངོན་སུམ་གང་ཞེ་ན། །ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམས་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །མཐོང་དང་ཐོས་དང་བསྣམས་པ་དང་། །མྱངས་དང་རེག་པར་གྱུར་པ་དང་། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་བདག་ཉིད་ཆེན་པོ་ཀླུ་གྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གསུངས་སོ། །འདི་ཉིད་བསྒོམ་པར་བྱེད་པའི་ཚུལ་ཡང་སློབ་དཔོན་དཔའ་བོ་རྡོ་རྗེས་ཕྱག་རྒྱ་བཞི་རིམ་པ་ལས། །མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཞེས་པ་དང་། དཔལ་ས་ར་ཧ་པས་ཀྱང་། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །ཐིག་ལེའི་སྒྲ་དོན་ཡང་ལི་ཀ་ནའི་བདེ་བ་ཆེན་པོའི་སྙིང་པོའི་དོན་སྟེ་ཐིག་ལེའི་དོན་ནི་སྣང་བ་དུ་མ་བདལ་བ་ཡིན་ནོ་ཞེས་བྷི་མ་ལས་གསུངས་སོ། །རྒྱས་པར་ནི་མདོ་རྒྱུད་ཀུན་ལས་གསུངས་སོ། །གཉིས་པ་འཁྲུལ་པ་མ་རིག་གི་ཐིག་ལེ་མདོར་བསྟན་པ་ལ། ཚིགས་བཅད་གཉིས་རྐང་པ་དང་བཅས་པ་སྟེ། དེ་ལ་འཁྲུལ་པ་མ་རིག་ཐིག་ལེ་ནི། ཀུན་བརྟགས་དང་གཞན་དབང་ལས་དབྱེ་བ་བྱ་སྟེ། སྔགས་ཀྱི་ཐིག་ལེ་དང་། རླུང་གི་ཐིག་ལེ་དང་། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་རྒྱལ་བས་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་འཕྲེང་བར་གསུངས་སྟེ། དེ་ཡང་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལས་ཀུན་ཏུ་བརྟགས་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ལས་གྱུར་པའི་མིང་དང་དོན་དུ་འཛིན་པའི་གཉེན་པོར་ལྷ་དང་བཟླས་པའི་སྔགས་དང་། རྣམ་པར་རྟོག་པ་སྦྱོང་བའི་ཚུལ་རྣམས་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་ཡིན་ལ། དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་པའི་རྐྱེན་གསུམ་གཡོ་བ་ནི་རླུང་གིས་བྱེད་པས་དེ་འཆིང་བ་ལ་རླུང་གི་ཐིག་ལེ་ཞེས་བཤད་དོ། །ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལས་བྱུང་བ་རྣམས་འོག་ནས་སྟོན་པ་རྣམས་སོ། །གསུམ་པ་རྫས་ཀྱི་ཐིག་ལེ་བཤད་པ་ལ་ལྔ་སྟེ། བར་དོའི་རྐྱེན་ཉེ་བར་སྦྱོར་བ་དང་། དྭངས་མ་གཉིས་དང་། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་དང་། ཁམས་སུམ་བཅུ་སོ་དྲུག་གི་རྒྱས་བཤད་དང་། དཀར་ཆའི་འཕོ་བའི་རིམ་པའོ། །དང་པོ་ནི། ཚིག་བཅད་ཕྱེད་དང་གཉིས་ཏེ། དེ་ལ་རྫས་ཀྱི་ཐིག་ལེ་ཕྱི་ནང་གཉིས་ལས། ནང་གི་དང་པོ་ཕ་མའི་རྐྱེན་ཉེ་བར་སྦྱོར་པའི་ཚུལ་རྒྱས་པར་གོང་དུ་བཤད་པ་བཞིན་ནོ། །དྭངས་མ་གཉིས་བསྟན་པ་ནི། ཚིག་བཅད་ཕྱེད་དང་བཞི་སྟེ། ད་ལྟ་གནས་ཚེ་དྭངས་སྙིགས་གཉིས་ཀྱི་རླུང་སེམས་དྭངས་མ་སྔར་བསྟན་ཟིན་ལ། རྫས་ཀྱི་ཐིག་ལེ་ལ་དྭངས་མ་ནི་དཀར་དམར་གཉིས་སྟེ། དཀར་ཆ་དབུ་མའི་ཡར་སྣ་ན། ཧཾ་གི་རང་བཞིན་ཉུངས་དཀར་ཙམ། །དཀར་ལ་སྣུམ་བ་ཤེལ་དང་མཚུངས། །ཕ་ལས་འཐོབ་པ་ཀུན་གྱི་མཆོག །ཞེས་པ་ནི། གནས་པ་དང་། རྣམ་པ་གང་ཡིན་པ་དང་། ཆེ་ཆུང་དང་། ཁ་དོག་དཔེ་དང་བཅས་པ་དང་། གང་ལས་བྱུང་བ་རྣམས་རིམ་པས་བསྟན་པ་ཡིན་ནོ། །དམར་ཆ་རྩ་གསུམ་འདུས་པ་ན། །དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཞེས་བྱ་བ་མ་ལས་ཐོབ་པའི་ཐིག་ལེ་རྒོད་མའི་མེ་ཞེས་བྱ་བ་ནི། རྟག་གདོང་གི་མེ་སྟེ་རབ་ཏུ་ཚ་ཞིང་དམར་བའི་དོན་ཡིན་ནོ། །འདི་ལ་ཐིག་ལེ་ནི་དཔལ་ཧེ་རུ་ཀ་དང་། དམར་ཆ་ནི་རྡོ་རྗེ་ཕག་མོའི་རང་བཞིན་དུ་དཔྱིད་དང་ཐིག་ལེ་ཞེས་ཀྱང་གསུངས་ཏེ། འདི་གཉིས་ནི་ཀུན་གཞི་དང་སྲོག་གི་རླུང་བརྟེན་པ་ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཡིན་ནོ་ཞེས་སྡོམ་འབྱུང་ལས། །སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ། །པད་མ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཞེས་པ་དང་ཧེ་བཛྭ་ལས་ཀྱང་། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཞེས་པ་དང་། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཕག་མོའི་ཐིག་ལེའི་རང་བཞིན་ཏེ། །རྒོད་མའི་མེ་འདྲའི་ངོ་བོ་ཉིད། །ཞེས་པ་དང་། །ཚངས་པའི་གནས་སུ་ཡང་དག་གནས། །གཞོམ་མེད་ཧཾ་གི་རྣམ་པ་ཅན། །བ་མོ་ལྟ་བུར་འཛག་པ་སྟེ། །དཔྱིད་ཅེས་བྱ་བར་ཡང་དག་བཤད། ཞེས་བྱ་བ་ལ་སོགས་པ་རྒྱུད་རྣམས་ལས་མང་དུ་གསུངས་སོ། །སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་ནི། དེ་བརྟེན་སྙིགས་ཀྱང་དྭངས་སྙིགས་གཉིས། ཞེས་པ་ནས་ཚིགས་སུ་བཅད་པ་བདུན་སྟེ། དེ་ལ་དམར་ཆ་ཁྲག་གི་རང་བཞིན་ནི་ཨ་ཐུང་གི་མེས་བསྐྱེད་ནས་གྱེན་དུ་འགྲོ་ལ། ཐིག་ལེ་དཀར་པོ་ཧཾ་ལ། བརྟེན་ནས་སྤྱི་བོ་ནས་འོག་ཏུ་འགྲོ་བས་དེའི་ཚུལ་རྒྱས་པར་བསྟན་པའི་ཕྱིར། ནང་ན་སྦྱིན་སྲེག་བྱེད་པའི་རྒྱུས་བསྐྱེད་པ་སྟེ། དེ་ཡང་ཇི་ལྟར་ན་ཕྱི་རོལ་གྱི་བཟའ་བཏུང་གི་དངོས་པོ་རྣམས་ནི་སྲེག་རྫས། རོ་བརྐྱང་གིས་བསྐྱེད་པའི་ལག་པ་གཉིས་ནི་དགང་གཟར་དང་བླུག་གཟར་ཁ་ནི་ཧོམ་ཁུང་། དེས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་གསོ་བར་བྱེད་པ་སྟེ། མེ་ལྷ་ཞལ་གསུམ་པའི་རང་བཞིན་ཕོ་བ་ན་རླུང་མེ་མཉམ་དང་། བད་ཀན་མྱགས་བྱེད་དང་། མཁྲིས་པ་མདོག་འགྱུར་གསུམ་གྱིས་བསྲེགས་བཞུས་སྦྱངས་ནས་དྭངས་མ་ནི་འཆིན་པ་རུ་རྩ་ཆེན་པོ་བཞི་ལས་བརྒྱུད་དེ་ཁྲག་དུ་འགྲོའོ། །སྙིགས་མ་ནི་དྲི་ཆུའོ། །ཁྲག་གི་དྭངས་མ་ནི་ཤ། སྙིགས་མ་ནི་མཁྲིས་པར་འགྲོ་བས། འཁྲིས་པ་དེའི་ཡང་སྙིགས་ནི། དྲི་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་དང་སེར་པོར་བྱེད་དོ། །ཤའི་དྭངས་མ་ནི་ཚིལ་སྙིགས་མ་ནི་ལྤགས་པ་དང་དྲི་མའོ། །ཚིལ་གྱི་དྭངས་མ་ནི་རུས་པ། སྙིགས་མ་ནི་རྨེན་བུའོ། །རུས་པའི་དྭངས་མ་ནི་རྐང་། སྙིགས་མ་ནི་སོ་སེན་མོ། རྐང་གི་དྭངས་མ་ནི་ཁུ་བ་སྙིགས་མ་ནི་སྦུབས་ཀྱི་དྲི་མའོ། །ཁུ་བའི་དྭངས་མ་ནི་སྟོབས་དང་ཁ་དོག་སྙིགས་མ་ནི་འཛག་པའི་ཕྱིར་རྒྱུད་རྣམས་ནས་ནང་གི་སྐྱེ་བ་བདུན་པ་ཞེས་བཤད་ཅིང་། རིམ་པ་འདི་ནི་སློབ་དཔོན་དཔའ་བོས། །ལུས་ཟུངས་དྭངས་མ་ཁྲག་དང་ཤ། །ཚིལ་དང་རུས་རྐང་ཁུ་བ་སྟེ། གནོད་བྱ་བདུན་ཡིན་དྲི་མ་གཅིན། །གཤང་བ་རྡུལ་ལ་སོགས་པའང་ཡིན། ཞེས་གསུངས་སོ། །ཁམས་སུམ་བཅུ་སོ་དྲུག་གི་རྒྱས་བཤད་ནི། །དྭངས་མ་བཅུ་ཇི་ལྟར་རྒྱུ་བ་དང་། །སྙིགས་མ་ཉི་ཤུ་རྩ་བཞི་རྒྱས་བཤད་དང་། གཉིས་ལས། དང་པོ་ནི། རྒྱས་བཤད་ཁམས་ནི་སུམ་བཅུ་དྲུག །ཅེས་པ་ནས་ཚིགས་སུ་བཅད་པ་དྲུག་སྟེ། འདི་དག་ཀྱང་སྔར་རྩའི་སྐབས་སུ་རྒྱས་པར་བཤད་ཟིན་པས་འདིར་ནི་ཁམས་ངོས་བཟུང་བ་ཙམ་བཤད་དེ། སྙིང་ཁའི་རྩ་བརྒྱད་ཀྱི་ཡན་ལག་གི་རྩ་མིག་དང་རྣ་བ་སྣ་ལྕེར་འབྲེལ་བའི་ཡུལ་འཛིན་པའི་བདག་རྐྱེན་བྱེད་པ་དང་། བདུད་བྲལ་ནི་ལྕེའུ་ཆུང་གི་དབུས་སུ་ཁུ་བ་འབབ་པས་ནག་ཕྱོགས་དང་མཐུན་པར་བཤད་ཅིང་། རེག་བྱའི་ཕྱོགས་གཅིག་འཛིན་པ་དང་རྩ་བའི་རླུང་ལྔའི་བྱེད་ལས་སྔར་བསྟན་ལ། ཁྱད་པར་དུ་དབུ་མའི་ཆ་ལས་ཡར་སྟེང་དུ་རླུང་གསུམ་འབབ་ཅིང་། ཐུར་དུ་ཐིག་ལེ་དང་དྲི་ཆུའི་ཁམས་གསུམ་གྱི་བྱ་བ་བྱེད་པ་དང་བཅས་པ་དྭངས་མའི་ཁམས་བཅུ་གཉིས་སོ། །འདིའི་ངེས་པའི་ལུང་ནི་ཁ་སྦྱོར་ཐིག་ལེ་ལས། །ཕྱོགས་བཞི་འདབ་མའི་རྩར་གནས་པ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །འཚམས་རྩར་བདུད་རྩི་ལྔ་འབབ་པ། །དེ་བརྟེན་མཆོད་པ་བཞི་ཞེས་བཤད། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་བྱ་བ་འདིར་སྨོས་ཏེ། འདིར་ཕྱོགས་བཞིར་བཤད་པའི་མར་མེའི་དངོས་པོ་ནི། ཡན་ལག་གི་རྩ་མཁའ་འགྲོ་མ་བཞིའི་ངོ་བོ་ཡིན་ལ། བདུད་རྩི་ལྔ་འབབ་པའི་འཚམས་རྩར་བརྗོད་པ་ནི། རྩ་བའི་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་ལས། འཚམས་ཀྱི་རྩ་བུམ་པའི་ངོ་བོ་དེ་བཞིན་གཤེགས་པར་བཤད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྙིང་ཁའི་ལྔ་སྨོས་པ་ནི། གསུམ་བསྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་གཏུམ་མོ་དང་། བདུད་བྲལ་མ་དང་ལྔ་པོ་ཡིན་ནོ། །དེ་ལྟར་དྭངས་མ་བཅུ་གཉིས་རྒྱུ་བའི་ཚུལ་བཤད་ནས། ད་ནི་སྙིགས་མ་ཉི་ཤུ་རྩ་བཞི་པོ་ཇི་ལྟར་འབབ་པའི་ཚུལ་བཤད་པ་ལ། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཞེས་པ་ནས་ཚིགས་སུ་བཅད་པ་ཕྱེད་དང་བཅུ་དྲུག་གིས་བསྟན་ཏེ། འདི་རྣམས་ནི་སམྦུ་ཊ་ནས་བྱུང་པའི་ལུང་ཇི་ལྟ་བ་ཡིན་པས་མཁའ་སྤྱོད་དང་། ས་སྤྱོད་དང་། ས་འོག་སྤྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་གནས་ཉི་ཤུ་རྩ་བཞིར་བརྗོད་དེ། ཐིག་ལེ་རྒྱུན་དུ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས། ཕྱིའི་གནས་དང་ནང་གི་གནས་སུ་ཉེ་བར་བརྗོད་དེ། འདི་རྣམས་ཀྱང་ཕྱི་རོལ་གྱི་ཡུལ་དང་རྩ་དང་དེའི་ནང་ནས་འབབ་པའི་ཁམས་དང་གནས་ལ་སོགས་པའི་ས་བཅུའི་སྦྱར་བཤད་རྣམས་ཏེ། མི་ཕྱེད་མ་ནི་མགོ་བོ་ལ་གནས་ཤིང་སེན་མོ་དང་སོ་རྣམས་བསྐྱེད་དོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ཏུ་གནས་ཤིང་སྐྲ་དང་སྤུ་རྣམས་བསྐྱེད་དོ། །རྩེ་བ་མ་ནི་རྣ་བ་གཡས་པར་གནས་ཤིང་ལྤགས་པ་དང་དྲི་མ་རྣམས་བསྐྱེད་དོ། །གཡོན་པ་མ་ནི་ལྟག་པར་གནས་ཤིང་ཚང་རའི་ཤ་རྣམས་བསྐྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རྒྱུན་དུ་གནས་པ་དང་། ནང་དུ་དཀར་ཆ་རྒྱུན་དུ་གནས་པའི་ཕྱིར་གནས་ཞེས་བརྗོད་དོ། །ཐུང་ངུ་མ་ནི་རྣ་བ་གཡོན་པར་གནས་ཤིང་རྒྱུས་པ་བསྐྱེད་དོ། །རུས་སྦལ་མ་ནི་སྨིན་ཕྲག་ཏུ་གནས་ཤིང་རུས་པ་བསྐྱེད་དོ། །བསྒོམ་པ་མ་ནི་མཆིན་པ་ལ་གནས་ཤིང་མིག་གཉིས་བསྐྱེད་དོ། །དབང་བསྐུར་མ་ནི་དཔུང་པའི་རྩ་བ་དང་འབྲེལ་ཅིང་སྙིང་དང་ཕྲག་པ་བསྐྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རེས་འགའ་གནས་པ་དང་། ནང་དུ་དཀར་ཆ་དང་ཉེ་བའི་གནས་སོ། །སྐྱོན་མ་ནི་མཆན་འོག་གཉིས་ནས་འབྲེལ་ཞིང་། མཆིན་པ་ནས་མིག་འབྲས་ཀྱི་ཤ་བསྐྱེད་དོ། །འཇུག་མ་ནི་ནུ་མ་གཉིས་ལ་གནས་ཤིང་ལོང་ཀ་དང་མཁྲིས་པ་བསྐྱེད་དོ། །ཕྱི་རུ་མཁའ་འགྲོ་མ་རྣམས་དང་། ནང་དུ་ཁམས་ལོངས་སྤྱོད་པའི་ཞིང་ངོ་། །མ་མོ་ནི་ལྟེ་བར་གནས་ཤིང་གློ་བ་བསྐྱེད་པར་བྱེད་དོ། །མཚན་མོ་ནི་རྒྱུ་མ་དང་སྣ་རྩེར་འབྲེལ་ཞིང་ལྟོ་བ་བསྐྱེད་པར་བྱེད་དོ། །གོང་མ་དང་ཉེ་བའི་ཞིང་ངོ་། །བསིལ་སྦྱིན་མ་ནི་འགྲམ་པ་དང་རྩིབས་ལོགས་སུ་འབྲེལ་ཞིང་གྲོད་པ་བསྐྱེད་དོ། །ཚ་བ་མའམ་དྲོད་མ་ནི་མགྲིན་པ་ནས་ལྟེ་བར་གནས་ཤིང་གཉེ་མ་བསྐྱེད་དོ། །ཕྱིར་མཁའ་འགྲོ་མ་དང་ནང་དུ་དྭངས་སྙིགས་འདྲེས་པས་ཚན་དྷོ་ཧའོ། །རྐྱང་མ་སྟེ་དེ་དག་ནི་རྩ་གཡོན་པ་རྐྱང་མ་ལས་གྱེས་ཤིང་གཡོན་གྱི་ཆ་ལ་གནས་པ་ཤེས་རབ་ཀྱི་ཆའོ། །རོ་མ་ལ་བརྟེན་པ་ཐབས་ཀྱི་ཆ་རྣམས་ནི། གཞོལ་མ་ནི་སྙིང་ཁ་ནས་གཤང་ལམ་དུ་འབྲེལ་ནས་གཤང་བ་བསྐྱེད་དོ། །རངས་མ་ནི་འཚོགས་མ་དང་ལྒང་པར་འབྲེལ་ཞིང་། འཚོགས་མའི་ཤ་དང་རྒྱུངས་པ་བསྐྱེད་དོ། །ཉེ་བའི་ཚན་དྷོ་ཧའོ། །ཤིན་དུ་གཟུགས་ཅན་མ་ནི་མཚན་མ་ལ་གནས་ཤིང་རྣག་བསྐྱེད་དོ། །སྤྱི་མ་ནི་གཤང་ལམ་དུ་གནས་ཤིང་བད་ཀན་སྐྱེད་དོ། །ཕྱིར་མཁའ་འགྲོ་མ་རྣམས་ཚོགས་ཀྱི་འཁོར་ལོ་ལ་འདུ་བ་དང་ནང་དུ་དང་སྙིགས་འདུ་བས་འདུ་བའོ། །རྒྱུ་སྦྱིན་མ་ནི་བརླ་ཟུང་ལ་གནས་ཤིང་ཁྲག་བསྐྱེད་དོ། །སྦྱོར་བྲལ་མ་ནི་བྱིན་པ་ལ་གནས་ཞིང་རྔུལ་བསྐྱེད་དོ། །ཉེ་བའི་འདུ་བའོ། །སྡུ་གུ་མ་ནི་སོར་མོ་ལ་གནས་ཤིང་ཚིལ་བསྐྱེད་དོ། །གྲུབ་མ་ནི་རྐང་པའི་རྒྱབ་བམ་བོལ་ལ་གནས་ཤིང་འཆི་མ་བསྐྱེད་དོ། །ཕྱི་རུ་ཁམས་འདོར་བ་དང་ནང་དུ་བདེ་བ་མེད་པའི་ཕྱིར་དུར་ཁྲོད་དོ། །འཚོད་མ་ནི་མཐེ་བོང་ལ་གནས་ནས་ལུད་པ་དང་འཆིལ་མ་བསྐྱེད་དོ། །ཡིད་བཟངས་མ་ནི་པུས་མོ་ལ་གནས་ཤིང་སྣབས་བསྐྱེད་དོ། །ཉེ་བའི་དུར་ཁྲོད་དོ། །ཞེས་གསུངས་པ་འདི་རྣམས་སློབ་དཔོན་ཆེན་པོ་གསེར་གླིང་པའི་དགྱེས་རྡོར་གྱི་འགྲེལ་པར་གསུངས་པ་དང་། རྩ་ལ་ཡུལ་ཉི་ཤུ་རྩ་བཞི་པོའི་མིང་རྐྱང་པ་སྦྱར་བ་ནི། །སྤྱི་བོ་པུ་ལླ་རི་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བརྗོད། །ཞེས་བྱ་བ་ལ་སོགས་པ། འཁོར་ལོ་སྡོམ་པའི་རྒྱུད་ལས་བྱུང་བ་ནག་པོ་པས་ཀྱང་མངོན་རྟོགས་དང་དཔྱིད་དང་ཐིག་ལེར་རྒྱས་པར་བཤད་པ་རྣམས་འདིར་སམ་བྷུ་ཊིའི་རྒྱུད་ནས་ཕྱོགས་གཅིག་ཏུ་གསུངས་པ་ཤེས་པར་བྱའོ། །དཀར་ཆའི་འཕོ་བ་དང་བཅས་པ་རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་བཞི་སྟེ། དང་པོ་ཁམས་ཉི་ཤུ་རྩ་བཞི་ལས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྣམས་སུ་འགྲོ་བའི་ཚུལ་ཡང་། ཕྱག་ན་རྡོ་རྗེའི་འགྲེལ་པར་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་གསུངས་པའི་རིམ་པས་ཐིམ་པ་ནི་བྱ་བ་ཡོངས་སུ་རྫོགས་ནས་ཁམས་ཀྱི་སྙིགས་མར་གྱུར་བ་སྟེ། འབྲས་བུའོ། །ལོངས་སྤྱོད་པ་ཁམས་དེ་དག་གི་དྭངས་མ་དང་དཀར་ཆ་ཡིན་ཏེ་དངོས་གཞིའོ། །དེ་དག་བསྐྱེད་པར་བྱེད་པའི་བདག་པོ་ནི་རྩ་བར་རླུང་ཁྲག་འདྲེས་པ་རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། རླུང་དང་དཀར་དམར་གསུམ་གྱི་བདག་ཉིད་བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུའི་མཐར་ཐུག་པར་ཁྱབ་ཅིང་ཀུན་དུ་བསྐྱེད་དོ། །དེ་ལས་ཀྱང་ཁྱད་པར་དུ་ཐིག་ལེའི་འཕོ་བ་ནི། ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་རྩ། །ཁམས་བཞི་ལྡན་པ་མགྲིན་པར་འབབ། །ཞེས་སྨོས་ཏེ། སྤྱི་བོ་ནས་ས་ཆུ་མེ་རླུང་གི་ཁམས་འབྱུང་ཆུང་གི་རྣམ་པར་དབྱེ་བས་བཅུ་དྲུག་གི་རང་བཞིན་གྱི་ཐིག་ལེ་མགྲིན་པའི་གནས་སུ་འབབ་པོ། དེའི་ཕྱེད་བརྒྱད་ནི་སྙིང་ཁའི་འཚམས་སུའོ། །དེའི་ཕྱེད་བཞི་ནི་ལྟེ་བའི་འཚམས་ཀྱི་ཕྱོགས་སུ་འབབ་བོ། །དེ་རྣམས་རྩ་གསུམ་འདུས་མདོར་གཅིག་དུ་གྱུར་པ་ནི་ཐིག་ལེ་ཅན་སྟེ། དམར་ཆའི་རང་བཞིན་ཨ་ཐུང་ངུའི་མེ་ལ་གཅིག་ཏུ་འབབ་པས་ན། དུང་ཅན་མའི་ནང་དུ་ཟླ་བ་ཡོངས་སུ་རྫོགས་པ་བཅུ་དྲུག་པའི་ཆར་འགྱུར་ཏེ། ཧེ་བཛྭ་ལས་ཀྱང་། བཅོ་ལྔ་ཆ་ཡི་བདག་ཉིད་ཕྱིར། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་སོ། །འདི་ལ་བརྟེན་ནས། ལུས་ཀྱི་ཕྱི་རོལ་གྱི་ཚིགས་ཐམས་ཅད་དུ་ཡང་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་གསུངས་ཏེ་དུས་ཀྱི་འཁོར་ལོ་ལས་འདིར་ནི་སོར་མོ་རྣམས་ནས་ཚིགས་ཀྱི་རིམ་པས་གཙུག་གཏོར་བར་དུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉའི་མཐར་ཡང་རང་གི་སེམས། ཨ་ནི་གཙུག་གཏོར་ནས་ནི་ནག་པོའི་ཕྱོགས་སུ་འདིར་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། ཞེས་གསུངས་ཏེ། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་མོའི་ཚིགས་དང་པོ་ལ་ཨའོ། །ཚེས་དང་ཚིགས་གཉིས་པ་ལ་ཨིའོ། །གསུམ་པ་ལ་རྀའོ། །བཞི་པ་ལ་ལོང་བུ་རུ་ཨུའོ། །ལྔ་པར་པུས་མོ་ལ་ལྀའོ། །དྲུག་པར་བརླའི་འཚམས་སུ་ཨའོ། །བདུན་པ་ལ་ལག་པ་གཡོན་པའི་སོར་ཚིགས་དང་པོ་ལ་ཨེའོ། །བརྒྱད་པ་ལ་སོར་ཚིགས་གཉིས་པར་ཨར་རོ། །དགུ་པ་ལ་ཚིགས་གསུམ་པར་ཨོའོ། །བཅུ་པ་ལ་ལག་པའི་འཁྲིག་མར་ཨའོ། །བཅུ་གཅིག་པ་ལ་གྲུ་མོར་ཧའོ། །བཅུ་གཉིས་པ་ལ་དཔུང་བར་ཡའོ། །བཅུ་གསུམ་པ་ལ་མགྲིན་པར་རའོ། །བཅུ་བཞི་པ་ལ་འཚོགས་མར་ཝའོ། །བཅོ་ལྔ་པ་ལ་སྤྱི་བོར་ལའོ། །བཅུ་དྲུག་པ་ཨྃ་གི་རང་བཞིན་ཚངས་བུག་ཏུ་འགྲོ་སྟེ། དེ་བཞིན་དུ་གཞོགས་གཡས་པ་ལ་མར་ངོའི་ཚེས་ཀྱི་རིམ་པས་འཕོ་བར་འགྱུར་རོ། །རིམ་པ་གཞན་ཡང་སྡོམ་འབྱུང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཱཽ། ཨྃ་གི་ཡི་གེའི་རིམ་པས། །ཡར་ངོའི་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོར་ཡི་གེ་ཨ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྨན་གྱི་བསྟན་བཅོས་ལས་ཀྱང་ཀུན་ཏུ་འཁྱམ་པའི་བརླ་གནས་ཀྱི་རྩ་ཞེས་བྱ་སྟེ། འདི་ཡོད་པའི་གནས་སུ་གཏར་སྲེག་ལ་སོགས་པ་མི་བྱ་བར་བཤད་དོ། །འདི་ནི་སེམས་ཅན་རྣམས་ལ་ཁམས་འཛག་པར་བྱེད་པས་དུག་གསུམ་གྱི་ཉོན་མོངས་པ་བསྐྱེད་དེ། །ལུས་ཅན་ཀུན་གྱི་སྙིང་དགའ་བས། །ཆགས་བསྐྱེད་རྨོངས་བྱས་སྡང་སེམས་སྐྱེ། །འཁོར་བ་བསྐྱེད་བྱེད་གཞིར་གྱུར་ཏོ། ཞེས་པའི་དོན་གོང་དུ་རྒྱས་པར་བཤད་ཟིན་ཏོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་བཤད་པ་ནི། གང་གིས་འཆིང་བ་དང་། འཆིང་བའི་རིམ་པ་དང་། འབྲས་བུ་བསྟན་པ་གསུམ་ལས། དང་པོ་ནི། །རྒྱལ་བས་གསུངས་པའི་ཐབས་ལྡན་བས། །འཛག་བྲལ་དངུལ་ཆུ་ལྟ་བུར་ནི། །ཕྱག་རྒྱ་གསུམ་གྱི་མེས་བཅིངས་ན། ཞེས་སྨོས་ཏེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་རྒྱུད་ཐམས་ཅད་དུ་གསུངས་པ། འཛག་པ་དང་བྲལ་བ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཐོབ་པར་བསྟན་ཏེ་ཧེ་བཛྭ་ལས། གཅིག་དང་དུ་མར་བྲལ་པ་ཡི། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། ཞེས་དཔེ་དང་དོན་རྣམ་པར་སྦྱར་ནས་གསུངས་ཏེ། དེ་འཆིང་བའི་ཕྱག་རྒྱ་གསུམ་པོ་ཡང་དུས་ཀྱི་འཁོར་ལོ་ལས། ཕྱག་རྒྱ་དེ་ནི་རྣམ་པ་གསུམ་སྟེ་ལས་དང་བརྟགས་པ་བཟང་མོའོ། །ཞེས་པ་དང་། འགྲེལ་པར་ལས་ཀྱི་ཕྱག་རྒྱ་ནི་སྔགས་སྒྲུབས་པའི་སྟོབས་ཀྱིས་གྲུབ་པ་སྔགས་སྐྱེས་སམ་ཞིང་ལས་སྐྱེས་པའམ་རིགས་ལས་སྐྱེས་པ་སྟེ། ནུ་མ་དང་སྐྲ་དང་ལྡན་པའོ། །ཀུན་བརྟགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཡིད་ཀྱིས་བརྟགས་པའི་རྣམ་པ་བསྒོམས་པ་ལས་བྱུང་བའོ། །ཕྱག་རྒྱ་བཟང་མོ་ནི་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིད་ཀྱིས་བརྟགས་པ་ཐམས་ཅད་དང་བྲལ་བའོ་ཞེས་གསུངས་སོ། །དངུལ་ཆུ་འཆིང་བ་བཞིན་ཞེས་བྱ་བ་ནི་དངུལ་ཆུ་མེ་དང་ཕྲད་ན་སྐད་ཅིག་ཀྱང་ནི་མི་སྡོད་འབྲོས་པ་བཞིན། །དེ་བཞིན་སྐྱེ་གནས་རེག་པ་ལས་ནི་རྟག་ཏུ་ཁུ་བ་འཕོ་བ་ཡིན། །སྨན་དང་སྣུམ་ལ་སོགས་པའི་སྟོབས་ཀྱིས་གཡོ་བ་ཡང་ནི་འཆིང་བ་ལྟར། །དེ་བཞིན་ཕྱག་རྒྱའི་སྟོབས་ཀྱིས་ཁུ་བའི་བློ་ནི་སྦྱོང་བའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །འཆིང་བའི་རིམ་པ་ནི། རྒྱལ་མཚན་རྩ་བཞི་དག་པ་རུ། །འགགས་པས་བདེན་མཐོང་དོན་ལ་སྦྱོར། །རྗེས་དྲན་བཅུ་དྲུག་དང་ལྡན་པས། །བརྟན་བྱས་གྱེན་ལ་འགྲོ་བ་ཡིན། །ཞེས་བྱ་བ་སྨོས་ཏེ་ཐོག་མར་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་ལེགས་པར་སྦྱངས་ནས། འཛིན་པའི་སྐབས་སུ་ཁམས་བྱང་ཆུབ་ཀྱི་སེམས་སྐ་བ་དང་སླ་བ་འཛག་པ་རྒྱལ་མཚན་ཏེ་གསང་བའི་རྩ་བཞི་རུ་འགག་ཅིང་དེ་ཉིད་ཀྱིས་བདེན་པ་མཐོང་བ་ལ་སྦྱོར་ཞིང་། དེ་ནས་རྗེས་སུ་དྲན་པ་བསྒོམ་པའི་ལམ་ཐོབ་པར་འགྱུར་ཏེ། དེ་ཡང་སྤྱན་རས་གཟིགས་ཀྱིས། དེ་ནས་གཟུགས་མཐོང་བར་བྱས་ལ་ཉི་མ་སོ་སོའི་དུས་སུ་སྲོག་གི་རླུང་བཀག་པ་ཞེས་པ་བུམ་པ་ཅན་ཇི་སྲིད་རྣམ་པར་འཁོར་བ་དང་ལྡན་པ་རང་གི་ལུས་སུ་ཡོངས་སུ་སོན་པས་འོད་ཟེར་གྱི་འཁོར་ལོ་མཐོང་བ་སྔོན་དུ་གསུངས་པའི་གཟུགས་བརྙན་ནང་གི་བདག་ཉིད་ཅན། ཟླ་བ་དྲུག་གིས་རེག་པ་དམན་པ་དབང་པོ་གཉིས་ཀྱིས་གཉིས་མཁྱུད་པ་སྤངས་པ། ཉམས་པའི་བདེ་བ་དོར་བ། མི་གཡོ་བའི་བདེ་བའི་ལམ་སེམས་སྟོང་པ་ཉིད་དུ་བསམས་ལ། གལ་ཏེ་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམས། དེ་ནས་སྐད་ཅིག་མ་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་སྐད་ཅིག་གིས་ཆགས་པ་དང་ཆགས་བྲལ་གྱི་མཐའ་ཆགས་པའི་དང་པོའི་སྐད་ཅིག་ཞེས་བྱའོ། །ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་དེའི་མཐར་སོན་པ་བཅུ་དྲུག་པའི་ཆའི་སྐད་ཅིག་གོ། །ཆགས་བྲལ་ནི་ནག་པོའི་ཕྱོགས་དེའི་ཕྱོགས་ནི་ནག་པོའི་ཕྱོགས་སུ་སོན་པ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དེ། དེ་དེ་ཉིད་ཀྱི་སྐད་ཅིག་དང་། དབུགས་ཀྱི་གྲངས་ཀྱིས་འཕེལ་བ་རླུང་བརྒྱ་ཕྲག་བཅོ་བརྒྱད་ཀྱི་གྲངས་ཞེས་པས་སོ། །གསང་བའི་རྡོ་རྗེ་ནོར་བུའི་རྩེ་མོར་འཕེལ་ཏེ་བརྒྱ་ཕྲག་སུམ་བཅུ་རྩ་དྲུག་གི་སྐད་ཅིག་གི་སྲོག་གི་གྲངས་བཀག་ནས་གསང་བའི་པད་མར་ཐོབ་ཞེས་ཏེ་དེས་ནི་ས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ལྟེ་བ་དང་། སྙིང་ཁ་དང་། ལྐོག་མ་དང་། དཔྲལ་བ་རྣམས་སུ་བཞི་དང་། དྲུག་དང་། བརྒྱད་དང་། བཅུའི་ས་རྣམས་སུ་འགྱུར་རོ། །སྤྱི་གཙུག་ཏུ་གཉིས་ཀྱིས་རླུང་ཐམས་ཅད་འགག་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པས། །ས་ནི་བཅུ་གཉིས་རིམ་པ་ལྟར། །འཐོབ་བྱེད་ཅེས་སྨོས་སོ། །དགའ་བ་བཅུ་དྲུག་ནི། །མཐར་སོན་རྟེན་འབྲེལ་བཅུ་གཉིས་དག །ཅེས་པ་ནི་སྐུ་གསུང་ཐུགས་ཡེ་ཤེས་ལ་དགའ་བ་བཞིས་ཕྱེ་བས་བཅུ་དྲུག་ལ་རིམ་པས་མས་བརྟན་པས་རྣམ་པར་དག་པར་བསྟན་ཏེ། འདིར་གང་གིས་གཡོ་བའི་ཆགས་པའི་ཉམས་པ་དེ་མཆོག་ཏུ་མི་འགྱུར་བར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བ་ཆགས་པ་ཆེན་པོ་ལ་ཆགས་པ་བྲལ་བའམ། ཉམས་པའི་ཆགས་པ་བྲལ་བའི་མིང་ནི་ཞེ་སྡང་ངོ་། །ཞེ་སྡང་ཟད་པས་ཞེ་སྡང་ཆེན་པོར་འགྱུར་ཏེ། ཞེ་སྡང་ཆེན་པོ་བརྒྱལ་བའི་མིང་ངོ་། །གཏི་མུག་ཉམས་པས་གཏི་མུག་ཟད་པའི་གཏི་མུག་ལས་ཀྱང་གཏི་མུག་ཆེན་པོར་འགྱུར་སྟེ་ཆགས་པ་ཆེན་པོས་ཞེ་སྡང་ཆེན་པོ་དང་གཏི་མུག་ཆེན་པོས་ཆགས་པ་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅན་གྱི་མ་རིག་པ་ཉམས་པའོ། །མ་རིག་པ་ཉམས་པས་མ་རིག་པ་ཆེན་པོར་འགྱུར་སྟེ་དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགག་པའོ་ཞེས་གསུངས་སོ། །དེའི་མཐར་ཐུག་གི་འབྲས་བུ་ནི། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས། །སྐད་ཅིག་མངོན་པར་བྱང་ཆུབ་ཅེས། །བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། ཞེས་སྨོས་ཏེ་སྐུ་གསུམ་མཐར་ཐུག་པའི་འབྲས་བུ་འཐོབ་པའོ། །ལྔ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་ལ། སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། ཞེས་བྱ་བ་ནས་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལ་བད་ཀན་ནི་གླད་པ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་ངོ་བོ་ས་ཆུའི་རང་བཞིན་ཡིན་པས་ཐུར་ལ་འགྲོ་བ་དང་། རླུང་ནི་ལྟེ་བ་དང་གསང་གནས་ལ་བརྟེན་ནས་འོག་ཏུ་གནས་ཀྱང་སྟེང་དུ་འགྲོ་བ་དང་། མཁྲིས་པ་ནི་ཁྲག་དང་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་རླུང་དང་བསྡོངས་ན་གྱེན་དུ་འགྲོ་ཞིང་བད་ཀན་དང་བསྡོངས་ནས་འོག་ཏུ་འགྲོ་བས། ལུས་ལ་གནོད་པར་བྱེད་དེ། དེ་དག་ཀྱང་རྩ་བ་ནི་བད་ཀན་གཏི་མུག་གིས་བསྐྱེད་ཅིང་མཁྲིས་པ་ཞེ་སྡང་གིས་བསྐྱེད་པ་རླུང་འདོད་ཆགས་ཀྱིས་བསྐྱེད་དེ། དེ་སྐད་དུའང་། །དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། རླུང་མཁྲིས་བད་ཀན་རིམ་པས་བསྐྱེད་པའི་རྒྱུ། །ཞེས་བརྒྱད་པ་ལས་བཤད་དོ། །དེས་ན་ཆུ་མེ་རླུང་གསུམ་ནད་ཡིན་སྟེ། ལུས་ལ་ནད་བྱེད་པ་དེ་ཡང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་བའི་ཕྱིར་བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་དང་། དགའ་བདེ་ཆུ་ལྟ་བུ་དང་། རྣམ་རྟོག་གཡོ་བ་རླུང་ལྟ་བུ་དང་གསུམ་པོ་དེའི་རྒྱུ་མཚན་ལ་བརྟེན་ནས་གཟུགས་ཀྱི་ཁམས་མན་ཆད་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པར་ཡང་བྱེད་དོ། །དེ་ཡང་མཛོད་ལས། དེའི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། འཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་ཀྱིས་འདུ་བ་འཁྲུགས་པ་འདི་རྣམས་ཀྱི་སྐྱོན་བསལ་བའི་ཐབས་གེགས་སེལ་ལས་བྱུང་བ་བཞིན་དུ། མཁའ་དང་ས་ནི་དེ་གཉིས་ཀྱི། །རྟེན་བྱེད་སྐྱོན་ནི་མེད་པ་ཡིན། །དེ་ཕྱིར་མཁས་པས་དེ་གཉིས་ཀྱི། །གནད་ཤེས་གསུམ་པོའི་སྐྱོན་གཞོམ་བྱ། །ཞེས་སྨོས་སོ། །འདི་ལ་ཡང་ནང་དུ་སའི་ཁམས་ནི་ཕུར་སེལ་གྱི་རླུང་ཡིན་ལ། ནམ་མཁའ་ནི་ཕྱིར་དབྱུང་བ་ཡིན་པས་དུས་ཀྱི་འཁོར་ལོ་ནས། དབྱུང་བ་ཡིས་ནི་མཁྲིས་པའི་གཤེད་ཡིན་སྲོག་དང་རྩོལ་པ་ཡིས་ནི་བད་ཀན་ལ། རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པ་ཡིས་ནི་སེལ་བར་འགྱུར། །ཞེས་གསུངས་སོ། །ད་ནི་འཇུག་བསྡུ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལྟར་ཐིག་ལེ་གསུམ་པོ་མ་རིག་པ་དང་འབྲེལ་བས་འཁོར་བ་བསྐྱེད་པའི་གཞིར་གསུངས་ལ། འཆིང་བྱེད་ཀྱི་ཐབས་ཀྱིས་ཟིན་པས་འཇོམས་པའི་གཉེན་པོ་རུ་བཤད་དེ། ཧེ་བཛྭ་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་ལ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་སོ། །གསུམ་པོ་རྣམ་པར་རྟོག་པའི་སྦྱང་གཞི་སྦྱོང་བྱེད་དང་སྦྱར་ནས་ཇི་ལྟར་བསྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། །བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བ་ལས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལ་སོགས་པའི་ལུང་འདི་གསུངས་ཏེ། འདོད་ཆགས་ཆེན་པོའི་དབང་དུ་སོང་བས་སྲིད་པ་གསུམ་དུ་སྐྱེ་བ་རྣམས་དེ་ལས་རྒྱུད་རྣམ་པར་གྲོལ་བའི་དོན་དུ་ཁམས་བྱང་ཆུབ་ཀྱི་སེམས་དཀར་དམར་རྫས་ཀྱི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །ཞེ་སྡང་ཆེན་པོའི་དབང་དུ་སོང་ནས་མི་གང་ཞིག་མི་སྲུན་པའི་ལུས་ཅན་དེ་རྣམས་མྱུར་དུ་གྲོལ་བར་བྱ་བའི་དོན་དུ་ཀུན་བརྟགས་པའི་རིམ་པ་དང་འབྲེལ་པའི་སྔགས་ཀྱི་ཐིག་ལེ་རྣམས་གསུངས་པ་ཡིན་ནོ། །མི་གང་ཞིག་གཏི་མུག་ཆེན་པོས་རྒྱུད་ཀུན་ནས་འཁྲུལ་པར་གྱུར་པ་རྣམས་ལ་སྲིད་པའི་སྡུག་བསྔལ་ལས་བསྐྱོབ་པ་དང་། མི་སྣང་བ་དང་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཀྱི་འབྲས་བུ་བརྒྱད་ཐོབ་པར་བྱ་བའི་ཕྱིར་དང་། རང་གི་དབང་པོའི་མངོན་སུམ་དུ་ཡེ་ཤེས་ཀྱི་འབྲས་བུ་སྣང་བར་བྱ་བ་ནི་རླུང་གི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་ཐབས་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །དེ་ལྟར་དུམ་བུ་གསུམ་དུ་གསུངས་པའི་རྩ་དང་རླུང་དང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལས་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པས་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་གསུངས་སོ། །ཧེ་བཛྭ་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་བཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་པ་རྟོགས་པར་བྱའོ།། །།ད་ནི་དུམ་བུ་དྲུག་པ་གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྣམ་ཤེས་སོགས་འབྲེལ་བ། མདོར་བསྡུས་རགས་པ་བཤད་པར་བྱ། ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་དང་ཡེ་ཤེས་རྣམ་པ་ལྔ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་དང་བཅས་པ་རྣམས་ཀྱིས་མ་བསྡུས་པ་མེད་མོད་ཀྱི་འདིར་རགས་པའི་རིམ་པ་འཆད་དོ་ཞེས་སོ། །རྒྱས་པར་བཤད་པ་ལ་ལྔ་སྟེ་སྤྱིར་བསྟན་པ་དང་། གཉིད་འཐུག་པོའི་གནས་སྐབས་དང་། རྨི་ལམ་གྱི་གནས་སྐབས་དང་། ཆགས་པའི་གནས་སྐབས་དང་། ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པའོ། །དང་པོ་ནི་ཚིག་ལྔ་སྟེ་ཐོག་མར་ལུས་བསྐྱེད་པའི་ཚུལ་ནི་གོང་དུ་བཤད་དོ། །གནས་དུས་གནས་སྐབས་བཞི་ཡིན་ཏེ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །མ་དག་སྐུ་བཞིའི་གནས་སྐབས་ཡིན། །ཞེས་འོག་ནས་འཆད་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་མན་ཆད་རེ་རེ་ལ་ཡང་། མ་དག་པའི་གནས་སྐབས་ཀྱི་གཞི་དང་། ཡེ་ཤེས་གང་ཡིན་པ་དང་སྐུ་གང་ཡིན་པ་དང་དྲི་མ་ཇི་ལྟར་སྦྱོང་བའི་རིམ་པ་སྦྱོང་བྱེད་ཀྱི་ཐབས་ཀྱི་ཁྱད་པར་གང་ཡིན་པ་དང་བཅས་པ་རྒྱས་པར་སྟོན་ཏོ། །གཉིས་པ་གཉིད་འཐུག་པོའི་གནས་སྐབས་རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་ལྔ་སྟེ། དབྱེ་བ་རྣམས་པ་མང་བཤད་ཀྱང་། ཞེས་པ་ནི་རྒྱུད་འགྲེལ་རྣམས་ལས་གཞི་ལམ་འབྲས་བུའི་དབྱེ་བ་མང་དུ་གསུངས་ཀྱང་། དང་པོའི་སངས་རྒྱས་ལས། སད་དང་རྨི་ལམ་གཉིད་སྟུག་དང་། །བཞི་པ་དབང་པོ་གཉིས་སྐྱེས་བདེ། །ཡེ་ཤེས་ཐུགས་གསུང་སྐུ་ཡི་མིན། །གནས་བཞི་རྣམས་སུ་མི་གནས་ཏེ། །ཞེས་གསུངས་པའི་ཕྱིར། འདིར་ཐོག་མར་གཉིད་འཐུག་པོའི་གནས་སྐབས་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞི་གཙོ་བོ་ཡིན་ཅིང་། གནས་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོར་གནས་ལ། ངོ་བོ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་མི་གསལ་བར་གཅིག་ཏུ་བསྡུས་པ་སྟེ། འདི་ནི་སེམས་ཅན་གྱི་གནས་སྐབས་སོ། །དེ་ཉིད་ཀྱི་འཁྲུལ་པ་དག་ན། འོད་གསལ་བའི་འབྲས་བུ་དངོས་སུ་བྱེད་པར་འགྱུར་ཏེ། ཡེ་ཤེས་རྣམས་ཀྱི་ནང་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཡིན་ལ། ལ་ལ་ནས་ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ་ཞེས་ཀྱང་འདོད་པའི་ཕྱིར་གོང་མ་ལ་ཀྱང་གི་སྒྲ་སྨོས་པ་ཡིན་ནོ། །འདི་ལ་ཆགས་པའི་གནས་སྐབས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྦྱོར་ན་འདི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཐད་ཀྱི། ཆགས་པའི་གནས་སྐབས་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བཤད་ན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་གཉིད་ཀྱི་གནས་སྐབས་སུ་འཐད་དོ། །གཉིད་འཐུག་པོའི་གནས་སྐབས་ན་ཡེ་ཤེས་བསྒྲིབ་པའི་སྐྱོན་ཇི་ལྟ་བུ་ཡོད་ཞེ་ན། བག་ཆགས་བརྟེན་ཀྱང་མི་གསལ་ཞིང་། །འདུ་བྱེད་གཡོ་བའི་རྐྱེན་ཡོད་ཕྱིར། །མ་རིག་དྲི་མ་ཅན་ཞེས་བྱ། །ཞེས་སྨོས་པ་སྔར་ཀུན་གཞིའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། འོ་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་སྤང་བྱར་འདུག་པས་གཉེན་པོ་ཇི་ལྟ་བུ་ཅིག་གིས་སྦྱང་ཞེ་ན། འདི་ཐེག་པ་གསུམ་སོ་སོའི་འབྲས་བུ་ཐོབ་པའི་གནས་སྐབས་དང་། སྦྱར་ནས་བཤད་པ། གང་ཟག་ཆོས་ལ་བདག་མེད་པ། གཅིག་དང་ཕྱེད་དང་གཉིས་དང་གཉིས། །རིམ་པས་གཉེན་པོའི་ཤེས་པ་སྟེ། དེ་སྦྱངས། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་རྟེན་གྱི་གང་ཟག་ནི། ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་རྟོག་པ་བཞི་གཉེན་པོ་མི་རྟག་པ་སྟོང་པ་སྡུག་བསྔལ་བ་བདག་མེད་ལ་སོགས་པས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཉན་ཐོས་ཀྱི་ལམ་བསྒོམས་པས་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པས་ན། གཉེན་པོའི་རྒྱུན་ཐ་མ་དེ་ལ་ཡང་རྡོ་རྗེ་ལྟ་བུའི་མིང་གིས་འདོགས་ཤིང་། དེ་བས་ལྷག་པ་རང་སངས་རྒྱས་ཀྱི་ཆོས་ལ་བདག་མེད་པའི་ཆ་ཤས་མཐོང་བས་ཆོས་ཀྱི་བདག་གི་བཟུང་བའི་དོན་རང་བཞིན་མེད་པར་རྟོགས་ཀྱང་འཛིན་པའི་ལྷག་མ་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་མ་སྤངས་པ་ཡོད་པས་བདག་མེད་ཕྱེད་དང་གཉིས་མཐོང་བ་སྟེ། དེ་ལྟ་བུའི་ལམ་བསྒོམ་པ་སྔོན་དུ་བྱས་ནས་འབྲས་བུ་རང་སངས་རྒྱས་མངོན་སུམ་དུ་བྱེད་པ་ན་ཡང་གཉེན་པོའི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་ཐོབ་པ་ཡིན་ནོ། །དེས་གཉིས་པས་ཆེས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔས་བདག་མེད་པ་རྣམ་པ་གཉིས་མངོན་སུམ་དུ་བྱས་པས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ན་ངེས་པར་ཏིང་ངེ་འཛིན་འདི་ཐོབ་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་ལ་གནས་ནས་སེམས་ཅན་དོན། །ཕན་ཕྱིར་རབ་ཏུ་བསྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འཐོབ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པས་འདིར་ནི། ཐེག་གསུམ་སོ་སོའི། །རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། །དྲི་བཅོམ་དག་པ་གསུམ་ཐོབ་གསུངས། །ཞེས་བྱ་བ་སྨོས་སོ། །འོ་ན་ཐེག་པ་གསུམ་ཀའི་འབྲས་བུ་མངོན་སུམ་དུ་བྱེད་པ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་སྤངས་སམ་ཞེ་ན་མ་ཡིན་ཏེ། ཐེག་བསྡུས་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་མཐོང་བ་མེད་པར་ཡང་རང་གི་མྱ་ངན་ལས་འདས་པ་ཡོངས་སུ་བསྒྲུབ་པས་ཀུན་གཞིའི་རྣམ་པར་ཤེས་པ་དེ་དག་གི་གཞུང་དུ་མ་བསྟན་ཏོ། བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ལ་མཐོང་བ་འཇུག་པ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཤེས་བྱའི་གནས་ཀྱི་གཞིར་བསྟན་ཏོ་ཞེས་བྱ་བ་དང་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་ནས་རྒྱལ་གྱུར་པས། །ཉན་ཐོས་དེ་དག་གནས་པར་འགྱུར། བསྐུལ་ན་སྣ་ཚོགས་གཟུགས་ཀྱི་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་བྱ་བ་འདིའི་དོན་རྒྱུད་བླ་མ་དང་དཔལ་འཕྲེང་གི་མདོ་དང་། ལང་ཀར་གཤེགས་པ་དང་། པད་མ་དཀར་པོ་ལ་སོགས་པ་རྣམས་ནས་རྒྱ་ཆེར་གསུངས་སོ། །སྔགས་ཀྱི་ཐེག་པ་འདིར་ཀུན་གཞིའི་རྣམ་པར་ཤེས་པ་ཡེ་ཤེས་སུ་བསྒྱུར་བའི་ཐབས་ཇི་ལྟ་བུ་གསུངས་ཞེ་ན། དེ་ཕྱིར་གསལ་ལ་མི་རྟོག་པའི། །ཉིན་མཚན་གཉིས་ཀྱི་འོད་གསལ་བསྒོམ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། ཕྱག་རྒྱ་ཆེ་ལ་རོལ་བར་བྱ། །ཞེས་སྨོས་ཏེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་ཏུ་མི་འགྱུར་བ་གྲུབ་པའི་མདོར་བསྡུས་དང་། འཕགས་པ་ཀླུ་སྒྲུབ་གྱི་རིམ་པ་ལྔ་ལས་འོད་གསལ་བའི་རིམ་པ་དང་། གཞན་ཡང་མཁས་གྲུབ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒོམ་པའི་རིམ་པར་རྒྱ་ཆེར་བསྟན་ཏོ། །རྣམ་ཀུན་མཆོག་ལྡན་ཞེས་བྱ་བའི་དོན་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་ཉིད་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མར་ལྟ་བར་མི་ནུས་བཞིན། །ཞེས་རྒྱུད་བླ་མར་གསུངས་པའི་དོན་སྤྱན་རས་གཟིགས་ཀྱི་གསུངས་པ་ཡོད་མོད་ཀྱི་འདིར་མ་བྲིས་སོ། །ཕྱག་རྒྱ་ཆེན་པོའི་རིམ་པས་བསྟན་ཟིན་ཏོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ། དག་པ་དང་མ་དག་པའི་ངོ་བོ་དང་། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་དང་། གནད་འཆིང་བ་འབྲས་བུ་དང་བཅས་པ་གསུམ་གྱིས་བསྟན་ཏེ། དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་དེ་བཟུང་དང་འཛིན། །གཉིས་སྣང་འཁྲུལ་པར་བྱེད་པ་ཡིན། །ཞེས་སྨོས་ཏེ། འདི་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་ནས་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱེད་ནས། ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན་ལ། རྩ་གནས་བརྒྱུད་ནས་བཟུང་འཛིན་གྱི་སྣང་བ་བསྐྱེད་པ་ནི་འོག་ནས་རྒྱས་པར་འཆད་པ་བཞིན་ནོ། །དེ་ལྟར་ཀུན་གཞི་ལ་གནས་པའི་ཡིད་དང་དྲུག་པ་ཡིད་ཀྱི་ཆ་ཤས་ཡིན་པས་འོག་ནས་སྟོན་པ་བཞིན་དུ་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་ཡིན་ལ་སྐུ་བཞི་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེའི་ཕྱིར། །དག་ན་ལོངས་སྤྱོད་རྫོགས་པ་སྟེ། །གསལ་ལ་མ་འདྲེས་སྟོང་པར་གནས། །ཞེས་སྨོས་པ་སྟེ། འདི་ལ་རྨི་ལམ་གྱི་གནས་སྐབས་ནི་ཡུལ་དང་དབང་པོ་དང་ཤེས་པ་ཐམས་ཅད་གསལ་ལ་མ་འདྲེས་པ་དང་། ཡིད་ལས་གཞན་དུ་རྡུལ་ཕྲ་རབ་འདུས་པའི་ཡུལ་ལ་སོགས་པ་ནི་མེད་པས་སྣང་བ་དང་སྟོང་པ་དབྱེར་མེད་པའི་རང་གི་ངོ་བོ་ཡིན་ནོ། །རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ལ་ཚིགས་སུ་བཅད་པ་བདུན་སྟེ། འདི་དག་ཀྱང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ལས། རྒྱས་པར་གསུངས་པའི་ཚུལ་བསྡུས་པ་ཡིན་པས། རྨི་ལམ་དེར་མ་དག་པ་དང་འཁྲུལ་པའི་སྣང་བ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། ཐོག་མར་སྙིང་ཁར་ཀུན་གཞིའི་སྟེང་དུ་ཚོགས་དྲུག་པོ་ཐམས་ཅད་སྡུད་དོ། །དེ་ནས་ཡིད་སྲོག་གི་རླུང་དང་ལྷན་ཅིག་ལངས་ནས་ལུས་ཀྱི་སྟེང་གི་ཕྱོགས་སྤྱི་བོར་སོང་ན་ལྷའི་ཡུལ་རྣམས་ཀྱི་སྣང་བ་དང་། ནམ་མཁའ་ལ་ཕྱིན་པ་དང་། རི་མཐོན་པོ་ལ་སོགས་པ་ལ་གྱེན་དུ་འགྲོ་བ་དང་། མིག་གི་རྩ་ལ་སོང་བས་གཟུགས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་དང་། དེ་བཞིན་དུ་སྒྲ་དང་དྲི་དང་རོ་ལ་སོགས་པ་མ་འདྲེས་པར་འཆར་རོ། །གང་གི་ཚེ་ཡིད་སྲོག་གི་རླུང་དང་ལྷན་ཅིག་སྙིང་ཁའི་འོག་གི་ཕྱོགས་སུ་གསང་བ་ལ་སོགས་པར་འགྲོ་བས་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྣང་བ་དང་། ཐུར་དུ་བྲག་རོང་དང་ནགས་འཐིབས་པོ་ལ་སོགས་པ་ལ་འགྲོ་བ་དང་། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པར་འཆར་བར་འགྱུར་རོ། །ལུས་ཀྱི་བར་གྱི་རྩ་རྣམས་སུ་ཡིད་སྲོག་གི་རླུང་དང་ལྷན་ཅིག་ཏུ་འགྲོ་བས། དེའི་ཚེ་གླིང་བཞི་ལ་སོགས་པ་ས་སྟེང་གི་སྣང་བ་འཆར་རོ། །དེ་ཡང་མདུན་གྱི་རྩ་གནས་ལ་སོང་བའི་ཚེ་ཤར་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །གཡས་ཀྱི་རྩ་ལ་སོང་ན་ལྷོའོ། །རྒྱབ་ཀྱི་རྩ་ལ་ནུབ་བོ། །གཡོན་གྱི་རྩ་ལ་སོང་ན་བྱང་ཕྱོགས་ཀྱི་སྣང་བ་འབྱུང་སྟེ། རྩ་གནས་ཡངས་པ་ལ་ཡུལ་ཡངས་པ་དང་། རྩ་གནས་དོག་པ་ལ་ཡུལ་ཤིན་ཏུ་དོག་པ་ལ་སོགས་པའི་སྣང་བ་འཆར་སྟེ། དེའི་ཕྱིར་སྲོག་གཡས་པར་རྒྱུ་བའི་འཆི་ལྟས་བྱུང་བའི་ཚེ་རྨི་ལམ་དུ་ཡང་ལྷོ་ཕྱོགས་སུ་ཡང་ནས་ཡང་དུ་ཕྱིན་པ་རྨི་བས་ལྷོར་འགྲོ་བ་འཆི་ལྟས་སུ་བཤད་པའི་དོན་ནི་དེ་ཡིན་པར་གོའོ། །རྨི་ལམ་དེར་དངོས་པོ་ཇི་ལྟ་བུ་སྣང་བའི་རྐྱེན་ཡང་། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱི། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་ནས་མང་དུ་གསུངས་པའི་ཕྱིར། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། །ཞེས་འདིར་སྨོས་ནས་རླུང་གི་རྨི་ལམ་གྱི་སྡེ་ཚན་ནི་འདི་ཡིན་ཏེ། ས་ཕྱོགས་ནེའུ་སིང་ལ་སོགས་པ་རྫས་ཐམས་ཅད་སྔོན་པོ་དང་། གོས་སྔོན་པོ་དང་། ནག་པོ་དང་། བྱ་ནག་དང་། ནམ་མཁར་འཕུར་བ་དང་། རྟ་ཞོན་པ་དང་། ནོར་བུ་སྔོན་པོ་དང་རིག་པ་དྭངས་པ་དང་རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་ཞིང་འགྱུར་བ་ཡང་ཡུད་དུ་སྣང་བ་ལ་སོགས་པ་ཡིན་ནོ། །མཁྲིས་པའི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི་མེ་འབར་བ་དང་། གོས་དམར་པོ་དང་སེར་པོ་དང་ས་གཞི་དམར་པོ་དང་། གསེར་དང་། བཙུན་པ་ལ་སོགས་པ་གོས་སེར་ཅན་སྣང་བ་དང་། སེམས་ཅན་དང་རྫས་ལ་སོགས་པ་ཐམས་ཅད་ཀྱང་སེར་པོ་ཤས་ཆེ་བ་དང་དལ་ཞིང་བརྟན་པ་དང་རིག་པ་ཡང་སྐྲག་པ་ལ་སོགས་པ་དང་འབྲེལ་བ་རྣམས་སྣང་བ་ཡིན་ནོ། །བད་ཀན་གྱི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང་། ཁ་བ་དང་། ས་ཕྱོགས་དཀར་པོ་དང་། གོས་དཀར་པོ་དང་བུད་མེད་དང་གླང་པོ་ཆེ་དང་དངུལ་དང་མུ་ཏིག་ལ་སོགས་པའི་ནོར་བུ་དཀར་པོ་དང་། རེག་པའི་བདེ་བ་དང་བརྟན་པ་ལ་སོགས་པ་དུ་མ་སྣང་སྟེ། །ཇི་ལྟར་ཁམས་ཀྱི་རིམ་པ་བཞིན་དུ་རྨི་ལམ་གྱི་སྣང་བ་དཔག་ཏུ་མེད་པ་འབྱུང་བར་བཤད་པས། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །ཞེས་དོན་བསྡུས་པ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པས་བསྒོམ་པའི་གནད་བཅིང་བ་འབྲས་བུ་དང་བཅས་པ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། ད་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པ་ན། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། གཞན་ཡང་རྨི་ལམ་གྱི་སྣང་བ་འདི་དང་བར་མ་དོའི་ཤེས་པ་ཅུང་ཟད་མཚུངས་པའི་ཕྱིར་དང་བཅོམ་ལྡན་འདས་ཀྱིས་འཕོ་བའི་སྐབས་ན་རྣམ་པར་ཤེས་པ་འགྲོ་བའི་ལམ་སོ་སོར་གསུངས་པ་རྣམས་གང་དུ་འགྲོ་བ་ད་ལྟར་རྨི་ལམ་གྱིས་ཚོད་འཛིན་ཅིང་ཤེས་པའི་ཕྱིར། བར་དོ་ཕྱི་མ་འཕོ་བ་ཡིས། །སྣང་བའི་ཚོད་འཛིན་བྱེད་པ་ཡིན། །ཞེས་སྨོས་པ་ཡིན་ནོ། །རྨི་ལམ་དེ་ཐབས་མཁས་པའི་ཡན་ལག་གིས་ཡོན་ཏན་དུ་ཇི་ལྟར་བསྒྱུར་བར་བྱེད་ཅེ་ན། རང་གི་སེམས་ཀྱི་སྣང་བ་ཡིད་ཀྱི་ཡུལ་ཆོས་འདུས་བྱས་ལ་དབང་ཐོབ་བར་བྱ་དགོས་པས། དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བཅིང་བ་སྟེ། འདིར་ཡེ་ཤེས་ནི་ཀུན་བརྟགས་པའི་གཞལ་ཡས་ཀྱི་ཁང་པ་དང་ལྷ་དང་ལྷ་མོ་དང་སངས་རྒྱས་ཀྱི་ཞིང་དང་ཟད་པར་དང་། རྫུ་འཕྲུལ་གྱི་ཡུལ་ཀུན་བརྟགས་པ་དང་དབང་འབྱོར་པའི་གཟུགས་ཐམས་ཅད་རྨི་ལམ་བཟུང་བ་དང་སྦྱང་བ་དང་བསྒྱུར་བའི་ཁྱད་པར་གྱིས་བདེ་བླག་ཏུ་གྲུབ་པར་བྱ་སྟེ། སྒྱུ་ལུས་དང་ཟུང་འཇུག་གི་རིམ་པ་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་གསུངས་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་རྨི་ལམ་གྱི་རྒྱུ་དང་རྐྱེན་དང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྒྱ་ཆེར་བཤད་པ་དུ་མ་ཡོད་མོད་ཀྱི་འདིར་ནི་རྒྱས་པར་མ་བསྟན་ནོ། །འོ་ན་རྨི་ལམ་ཐམས་ཅད་ནི་བག་ཆགས་གཉིས་འཁྲུལ་ཡིན་ནོ་ཞེས་འཇིག་རྟེན་ན་གྲགས་ན། རྨི་ལམ་ལ་མ་འཁྲུལ་པ་གཉེན་པོའི་ཆར་གྱུར་པ་ཡོད་དམ་ཞེ་ན། །འཁྲུལ་པ་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །ཞེས་སྨོས་ཏེ། འདིར་འགྱོད་པ་དང་གཉིད་དང་རྟོག་དཔྱོད་ནི་དགེ་བ་དང་མི་དགེ་བ་དང་ངེས་པ་དང་མ་ངེས་པ་ཐམས་ཅད་དུ་འབྱུང་བས། མ་འཁྲུལ་བ་དང་འདྲེས་པའི་རྨི་ལམ་ཤིན་ཏུ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་ས་དང་པོ་ནས་ས་བཅུ་པའི་བར་ལ་རྨི་ལམ་གྱི་ལྟས་ཀྱི་ཁྱད་པར་བརྒྱ་རྩ་བརྒྱད་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལས་གསུངས་པས། དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། རྨི་ལམ་བསྟན་པ་མདོ་ལས་གསུངས། །ཞེས་སྨོས་སོ། །འོ་ན་སྔར་རྨི་ལམ་ནི་རླུང་མཁྲིས་བད་ཀན་གྱི་ཆས་བསྐྱེད་ཅིང་དེ་དག་ནི་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་ཅེས་གྲགས་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཟག་བཅས་ཀྱི་ཕུང་པོ་མེད་པ་དག་ལ་རྨི་ལམ་འབྱུང་བར་མི་རིགས་སོ་སྙམ་ན། འདི་ལ་ནི་རྟེན་གཞན་ཡོད་དེ་དེ་ཡང་གང་ཞེ་ན། །དེ་རྒྱུ་ཟག་མེད་ཁམས་བཟུང་ཕྱིར། །ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔའ། ས་དང་པོ་ལ་གནས་ནས་ཁམས་གསུམ་གྱི་ཉོན་མོངས་པའི་ཟག་པ་དང་བཅས་པའི་ལུས་སྤངས་ཀྱང་ཟག་པ་མེད་པའི་ལས་ཀྱིས་བསྐྱེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འཛིན་པས། ཕུང་པོ་དང་འབྲེལ་བའི་གནས་སྐབས་རྣམ་པ་བཞི་འཛིན་པས་ཟག་པ་མེད་པའི་རྨི་ལམ་ཀྱང་ཡོད་དོ། །ཚུལ་འདི་ནི། དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །ཇི་ལྟར་པད་མ་ཆུ་ནང་ན། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མ་གོས། ཞེས་རྒྱུད་བླ་མ་ལས་གསུངས་པ་དང་། རྒྱས་པར་ནི་མཆོག་ཏུ་མི་འགྱུར་བ་གྲུབ་པ་ལས་གསུངས་སོ། །ཆོས་ཀྱི་ཕྱག་རྒྱའི་བྱེ་བྲག་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །བཞི་པ་ཆགས་པའི་གནས་སྐབས་བཤད་པ་ལ། དག་མ་དག་གི་ངོ་བོ། འཁོར་བར་བསྐྱེད་པའི་ཚུལ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ། གནད་བཅིང་བ་དངོས་བཤད་པ་དང་བཞི་ལས། དང་པོ་ནི། ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། སེམས་ཅན་རྣམས་ཀྱི་སྙོམས་འཇུག་གི་ཆགས་པའི་དུས་ན་རྣམ་པར་ཤེས་པ་དེའི་ཚེ། ཇི་ལྟར་གནས་ཞེ་ན། དགའ་བ་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཡང་ལྡན་སྟེ། འདོད་སྲེད་ཀྱི་དང་པོ་ནི་སྤྱི་བོའི་འཁོར་ལོར་གནས་སོ། །གཉིས་པ་དགའ་བའི་ཚེ་ནི་མགྲིན་པར་རོ། །གསུམ་པ་མཆོག་ཏུ་དགའ་བའི་དུས་ན། ལྟེ་བར་རྣམ་པར་ཤེས་པ་འདུས་པ་ཡིས། མེ་དང་ཟླ་བ་གཉིས་འདྲེས་ཚེ། དུང་ཅན་ནང་དུ་ལྷན་སྐྱེས་མྱོང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རང་གི་དབུ་མའི་མར་སྣར་གཏུམ་མོའི་མེ་དང་ཁམས་བྱང་ཆུབ་ཀྱི་སེམས་དཀར་ཆ་གཉིས་འདྲེས་པ་ལ་བརྗོད་ཀྱི། ཕྱི་རོལ་དུ་འདྲེས་པ་ནི་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཡུན་དང་ངོ་བོ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་སྐད་ཅིག་ཤེས་པ་སྟེ། །ཚོགས་བརྒྱད་མ་འགགས་སོ་སོར་གསལ། བདེ་ལ་མི་རྟོག་ཉོན་མོངས་མིན། །ཞེས་སྨོས་ཏེ། འདི་ནི་སྐད་ཅིག་མའི་ཤེས་པ་བདེ་གསལ་མི་རྟོག་པ་འདྲེས་པའི་རང་ངོ་ཉོན་མོངས་པའི་དྲི་མ་མེད་པ་ཡིན་ཀྱང་ལུས་ཅན་རྣམས་ཀྱིས་དེ་མི་ཤེས་ལ་དེ་འགགས་པའི་རྗེས་སུ་དགའ་བྲལ་གྱི་དགའ་བ་འཆར་སྟེ། ལྷན་ཅིག་སྐྱེས་པ་མ་བཏོགས་པའི་དགའ་བ་གསུམ་པོ་ནི་རྣམ་པར་རྟོག་པའི་ཆའོ། །ཧེ་བཛྭ་ལས། དགའ་བས་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཞེས་གསུངས་པས་དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད་དེ་ཚོགས་བརྒྱད་ཀྱི་རང་ངོར་རྫོགས་པའི་ཕྱིར་རོ། །གང་གི་ཚེ་གཉེན་པོས་རྣམ་པར་སྦྱངས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་དག་ན་ཐམས་ཅད་ལྷན་ཅིག་སྐྱེས་པའི་བདེ་བར་དེ་ཉིད་ཡིན་པའི་ཕྱིར་འགག་པ་མེད་པ་ནི་ཚོགས་དྲུག་གི་རང་ངོ་གསལ་བ་སྤྲུལ་པའི་སྐུའི་རང་བཞིན་དང་། འཛག་བྲལ་ནི་ཉོན་མོངས་པའི་ཟག་པ་ཐམས་ཅད་དང་བྲལ་བས་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྟོང་པ་དང་ལྡན་པ་ནི་རང་བཞིན་ཀྱི་སྐུ་སྟེ། དེས་ན་གནས་སྐབས་ཐམས་ཅད་དུ་འགྲོ་བའི་བདག་ཉིད་ཀྱི་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་བ་ཡིན་པས། །ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་བསྟན་པ་ཡིན་ནོ། །འཁོར་བར་བསྐྱེད་པར་བྱེད་པའི་ཚུལ་ལ་ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ། གང་གིས་མ་རྟོགས་ཞེ་ན། མ་དག་འཁྲུལ་པའི་སེམས་ཅན་རྣམས་སོ། །གང་མ་རྟོགས་པ་ནི། སྐད་ཅིག་བདེ་ཆེན་མི་ཤེས་པས། །ཞེས་པ་སྟེ། སྔར་བསྟན་པ་དེ་ཉིད་མི་ཤེས་པའོ། །ཚུལ་ཇི་ལྟར་དུ་མི་ཤེས་པ་ནི། རང་ལ་གནས་པ་གཞན་དུ་བཟུང་། །བདེ་ཉམས་དུག་གསུམ་བསྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བའི་རྒྱུ། །ཞེས་སྨོས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་ལ་གཞན་དུ་ཡུལ་ལ་ཀུན་ཏུ་རྟོག་པ་དང་། ཁམས་བྱང་ཆུབ་ཀྱི་སེམས་ཉམས་པར་གྱུར་པས་ཉོན་མོངས་པ་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་སྟེ། དུས་ཀྱི་འཁོར་ལོ་ལས། དེ་ལྟར་རྣམ་པ་བཞིའི་སེམས་དང་རྣམ་གསུམ་བཅོམ་ལྡན་འདས་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་ནང་དུའོ། །མཉམ་པའི་འབྲས་བུ་བདེ་བ་སྟེར་བ་ཁྱབ་བྱེད་རྣལ་འབྱོར་དབང་ཕྱུག་གིས་ནི་ཐར་པའི་རྒྱུར་བསྲུང་བྱ། ཐིག་ལེ་ཤོར་ན་སུ་ཞིག་གྲོལ་ལས་རྣལ་འབྱོར་མཆོག་གི་བདེ་བ་བྲལ་ཞིང་སྐྱེ་བའི་ས་བོན་ནོ། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་ནི་དཀའ་ཐུབ་པ་ཡིས་རྣམ་པ་ཀུན་ཏུ་སྤང་པར་བྱ། ཞེས་གསུངས་པ་ཡིན་ནོ། །ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་ཇི་ལྟར་སྐྱེ་ཞེ་ན། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། །བདེ་འདོད་རང་ཆགས་སེར་སྣ་དང་། །ཕྲག་དོག་ཀུན་བསྐྱེད་མི་དགེ་སྤྱོད། །དེ་ཡིས་ངན་འགྲོ་ཀུན་བསྐྱེད་བྱེད། ཞེས་བྱ་བ་སྨོས་ཏེ། འདི་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་ཇི་ལྟར་གསུངས་པའི་རིམ་པ་འདིར་བཤད་པ་ཡིན་ཏེ། གཞུང་ཇི་ལྟ་བ་བཞིན་ནོ། །མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་ནི་ཚིགས་བཅད་བཞི་སྟེ། སྔར་བསྟན་པའི་མ་རིག་པའི་ཚུལ་དེ་ལས་ཅུང་ཟད་བཟློག་པར་བྱས་ནས་རང་དང་གཞན་ལ་ཕན་པར་འདོད་པའི་སེམས་བསྐྱེད་དེ་སེར་སྣ་དང་ཕྲག་དོག་དང་ཆགས་པ་དང་ཁོང་ཁྲོ་བའི་སྐྱོན་རྣམས་དོར་བར་བྱས་ལ། ཟང་ཟིང་གི་སྦྱིན་པ་དང་རང་གི་རྒྱུད་བསྲུང་བའི་ཚུལ་ཁྲིམས་ལ་བརྟེན་ནས་བདེ་བ་འདོད་པས་འདོད་པའི་ཁམས་ཀྱི་ལྷ་དང་མིའི་གོ་འཕང་ཐོབ་ཅིང་། འདོད་སྲེད་བཅད་ནས་བསམ་གཏན་གྱི། །བདེ་ཚོལ་གཟུགས་དང་གཟུགས་མེད་ལེན། །ཞེས་པའི་ཚུལ་ནི་སྔར་སྐྱེ་བའི་ཉིང་འཚམས་སྦྱར་བའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ཡང་སྔར་ལྟར་རོ་མྱོང་ན་ཞེས་བྱ་བའི་དོན་ནི། ཇི་ལྟར་བདོད་པའི་བདེ་བ་ལ་ཞེན་པ་བཞིན་དུ། བསམ་གཏན་གྱི་བདེ་བ་ལའང་འདོད་པས་ཆགས་ཤིང་རོ་མྱོང་བར་བྱེད་ན་ཆགས་པ་དང་ལྡན་པས་དེ་ལས་ཉོན་མོངས་པ་གཞན་སྐྱེ་བའི་ཕྱིར་དུག་གསུམ་གྱི་དབང་གིས་ཁམས་གསུམ་དུ་འཁོར་བར་འགྱུར་རོ། །དེ་ལྟར་ཁམས་གསུམ་གྱི་འཛག་པ་བཅད་ནས་ཁམས་གསུམ་པོ་སེམས་ལས་བྱུང་བར་ཤེས་ཤིང་ཉོན་མོངས་པ་སྤངས་ཀྱང་མྱ་ངན་ལས་འདས་པ་ཉིད་ལ་ཕྱོགས་གཅིག་ཏུ་སྲེད་ན་ཐེག་པ་དམན་པར་འགྱུར་བས། སེམས་སུ་ཤེས་ནས་ཁམས་གསུམ་གྱི། །ཆགས་སོགས་མཐོང་བསྒོམ་གྱིས་བཅོམ་ནས། །མྱ་ངན་འདས་སྲེད་དེ་ཐོབ་པ། །དེར་གནས་ཉན་རང་ཞེས་བརྗོད་དོ། །ཞེས་སྨོས་ཏེ། སྤངས་རྟོགས་ཀྱི་ཚུལ་ནི་སྔར་བཤད་པ་ཡིན་ནོ། །ཉན་རང་གི་ཞི་བ་ལ་མངོན་པར་དགའ་བ་ཡང་སྤངས་ནས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བས་མཐའ་གཉིས་ལས་ངེས་པར་འབྱུང་བ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། །སྲིད་དང་ཞི་བ་གཉིས་ཀ་ལ། །སྲེད་སྤངས་འཛག་མེད་དབང་ཐོབ་པ། །རྡོ་རྗེ་ཐེག་པར་གསུངས་པ་ཡིན། །ཞེས་བསྟན་སྟེ། དེ་ལ་འཛག་པ་ཞེས་བྱའི་དོན་ཡང་། རྟེན་ལུས་ཀྱི་འཛག་སྒོ་བཞི་ནི་སྟེང་དང་འོག་དང་བ་སྤུའི་བུ་ག་དང་དབང་པོ་གཞན་ཡུལ་ལ་ཟག་པའོ། །སེམས་ཀྱི་ཟག་པ་བཞི་ནི། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་ལྟ་བའི་ཟག་པ་རྣམ་པ་བཞི་སྤངས་པས་འབྲས་བུ་མཐར་ཕྱིན་པར་འགྱུར་རོ། །གནད་བཅིང་བ་དངོས་ནི་ཚིག་རྐང་བདུན་ཏེ་དེ་ལ་དགའ་བ་བཞིའི་ངོ་བོ་ནི། ཧེ་བཛྭ་ལས། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ཕྱི་ནས་དེ་ཉིད་རྣམ་པ་གཉིས། །དེའི་ཁུ་བའམ་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལས། དེའི་ཁུ་བའམ་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡིས་རབ་ཏུ་ཕྱེ་བ་ཉིད། །སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །དེ་ལྟར་ལྷན་ཅིག་སྐྱེ་རྣམ་བཞི། །ཞེས་གསུངས་པ་ཡིན་ནོ། །དགའ་བ་བཞིའི་གོ་རིམ་ནི། ཧེ་བཛྭ་ལས། དང་པོར་དགའ་བ་ཙམ་ཉིད་དེ། གཉིས་པའི་གྲངས་ལས་མཆོག་དགའ་ཉིད། གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཞེས་གསུངས་སོ། །དེའི་རྣམ་པར་དབྱེ་བ་ནི་དགའ་བ་བཞི་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དབྱེ་བས་བཅུ་དྲུག་དུ་འགྱུར་ཏེ། །དུས་ཀྱི་འཁོར་ལོ་ལས་རྒྱས་པར་གསུངས་སོ། །འཛག་པའི་སྐྱོན་ནི་སྔར་བཤད་དོ། །བཅིང་བའི་ཐབས་ནི་དུས་ཀྱི་འཁོར་ལོ་ནས། དངུལ་ཆུའི་དགྲ་ནི་མེ་ཉིད་ཡིན་ལ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མིན། མ་བཅིངས་པ་ལས་གསེར་མི་བྱེད་ལ་གསེང་དང་བྲལ་བས་གསེར་འགྱུར་མཁན་ལ་ལོངས་སྤྱོད་མེད་པ་ཉིད། དེ་བཞིན་བུད་མེད་ལ་སྦྱོར་དམན་པས་རྣལ་འབྱོར་པའི་སེམས་ནི་རྟག་ཏུ་འཆིང་བར་མི་འགྱུར་རོ། །མ་བཅིངས་པ་ལས་ལུས་ནི་འབིགས་པ་མིན་ལ་འདིར་ནི་ལུས་ཕུག་པ་ཡིས་མཆོག་གི་བདེ་བ་སྟེར། ཞེས་གསུངས་པ་ཡིན་ནོ། །འདི་ལ་ཡང་དབབ་པ་དང་། བཟུང་བ་དང་བཟློག་པ་དང་ཐམས་ཅད་དུ་ཁྱབ་པ་ལ་སོགས་པའི་མན་ངག་གིས་བརྒྱན་པའོ། །ཕན་ཡོན་དང་རྣམ་པར་དག་པ་དང་རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་རྣམས་ནི་སྔར་ཐིག་ལེའི་སྐབས་སུ་བཤད་ཟིན་ཏོ། །དེས་ན་ངོ་བོ་དམ་ཚིག་གི་ནང་གི་ཕྱག་རྒྱ་ལས་སུ་རུང་བར་བྱ་བའི་ཕྱིར། དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་། །ཞེས་བསྟན་སྟེ། ཕན་ཡོན་དང་བཅས་པ་ནི། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་དོན་གྱི་རྒྱུར་ནི་ཐོག་མར་ལས་ཀྱི་ཕྱག་རྒྱ་བརྟེན་པར་བྱ། དེ་ལས་ཉི་མའི་གཟུགས་ཅན་བདེ་བ་ལུས་ལ་རྐང་པ་གཙུག་ཏོར་དང་ནི་ཡན་ལག་ཐམས་ཅད་འགེངས། གློག་གི་དབྱུག་པ་དང་མཚུངས་འགྱུར་བ་མེད་པའི་བདེ་བ་བསྐྱེད་ཅིང་ཡན་ལག་མཚན་གྱིས་རབ་ཏུ་རྫོགས། རྣམ་གསུམ་བཅོམ་ལྡན་འདས་ཀྱི་སྐུར་ནི་རྡོ་རྗེ་སྣང་བར་བྱེད་ཅིང་དེ་ནས་ཆོས་ཀྱི་དབྱིངས་སུ་འགྱུར། ཕྱག་རྒྱ་བཞི་པོ་འདི་རྣམས་འགྱུར་མེད་བདེ་བའི་འབྲས་བུ་སྟེར་བ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ཞེས་དུས་ཀྱི་འཁོར་ལོ་ལས་གསུངས་པ་ལ་སོགས་པའི་རིམ་པ་རྣམས་འདིར་རྒྱས་པར་མ་བསྟན་ཏོ། །ལས་ཀྱི་ཕྱག་རྒྱའི་རིམ་པ་བཤད་ཟིན་ཏོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་བཤད་ལ། ངོ་བོ་དང་། དག་པ། སྤང་གཉེན་འབྲས་བུ་དང་བཅས་པ་གསུམ་ལས། དང་པོ་ནི་ཚིགས་བཅད་ཕྱེད་དང་གསུམ་སྟེ། སད་པའི་གནས་སྐབས་ཀྱི་ཐ་མལ་གྱི་དུས་ཀྱི་ཤེས་པ་ནི། གང་ལས་བྱུང་ཞེ་ན། །ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། །ཞེས་སྨོས་པ་ནི། གོང་དུ་བཤད་པའི་རྒྱུའི་རྐྱེན་དང་བདག་པོ་དང་དེ་མ་ཐག་པ་དང་དམིགས་པའི་རྐྱེན་བཞིས་མིག་ལ་སོགས་པའི་རྣམ་ཤེས་དྲུག་པོ་རྣམས་དབང་པོ་དྲུག་དང་འབྲེལ་བར་བྱས་ཏེ་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ཕྱི་རོལ་དུ་སྣང་བ་རང་གི་སེམས་ཡིན་པར་མ་ཤེས་པས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་རྣམ་པ་གསུམ་པོ་ལ་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་ཞེ་སྡང་བ་དང་། བཏང་སྙོམས་མ་རྟོགས་པས་གཏི་མུག་བསྐྱེད་དེ། དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བཞག་ཅིང་། ཡང་འདུ་བྱེད་པས་ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་གྱི་འཁོར་ལོར་གྱུར་སྟེ། དེ་ཡང་ཐོག་མ་ཀ་དག་འཁྲུལ་མེད་ལ། །ངེས་པ་མེད་པའི་ལྷུན་གྲུབ་ལ། །འཁྲུལ་པའི་ཡེ་ཤེས་སྦག་སྦོག་དེ། །མ་རིག་པ་ནི་གསུམ་དག་པ། །ཤེས་པ་གསལ་གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་བཟུང་བའི་བློས། རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཅིངས། །དེར་རྟས་ཡུལ་ལ་བདག་བཟུང་པའོ། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུན་བཞིན་དུ་རྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་མཁས་པ་ཆེན་པོ་བྷི་མ་ལས་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དོན་བསྡུས་པའི་སྐབས་སུ་གསུངས་སོ། །དེ་ལྟར་ཐ་མལ་གྱི་གནས་སྐབས་ཀྱི་ངོ་བོ་བཤད་ནས། ད་ནི་དག་པ་ནི། འདི་ཉིད་དག་པ་ཡེ་ཤེས་གསུམ། །ཡིད་ནི་མི་གཡོ་མཉམ་ཉིད་དེ། །ཀུན་རྟོགས་དག་པ་སོ་སོར་རྟོག །སྒོ་ལྔ་ཡུལ་རྣམས་བྱ་བ་གྲུབ། །ཞེས་སྨོས་ཏེ། འདི་ལྟར་གསུམ་པོ་འདི་དང་སྔར་བསྟན་པའི་མེ་ལོང་ལྟ་བུ་དང་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་ལྔ་པོ་འདི་གནས་སྐབས་བཞིའི་འཁྲུལ་པ་དག་པ་ལས་འབྱུང་བ་ཇི་ལྟར་ཡིན་ཞེ་ན། གསང་བ་འདུས་པ་ལ་སོགས་པ་སྔགས་ཀྱི་གཞུང་རྣམས་སུ་གསུངས་ཤིང་། ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། ཕུང་པོ་ལྔའི་གནས་འགྱུར་གསུངས་ཏེ། ཡང་དབང་འབྱོར་བ་དུས་ཆོས་ཀྱི་སྐུ་ལ་དབང་འབྱོར་བ་ཐོབ་ཅེ་ན། མདོར་བསྡུས་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་གྱུར་བའི་ཕྱིར། ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་ལྟར་མི་མཐོང་པ་ལ་དབང་འབྱོར་བ་དང་། ཚོར་བའི་ཕུང་པོ་གྱུར་བའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བའི་དང་། འདུ་ཤེས་ཀྱི་ཕུང་པོ་གྱུར་པའི་ཕྱིར་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་པ་དང་། འདུ་བྱེད་ཀྱི་ཕུང་པོ་གྱུར་པའི་ཕྱིར་སྤྲུལ་པ་དང་བསྒྱུར་བ་དང་འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་ཐོབ་པའོ། །ཞེས་གསུངས་སོ། །དེ་ཡང་ཀུན་གཞི་གནས་གྱུར་པ་ནི་མི་ལོང་ལྟ་བུ་དང་། ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པས་མཉམ་པ་ཉིད་དང་། དྲུག་པ་ཡིད་གནས་གྱུར་པས་སོ་སོར་རྟོག་པ་དང་། དངོས་པོ་ལ་འཇུག་པ་གནས་གྱུར་པས་བྱ་བ་གྲུབ་པ་དང་། ཡེ་ཤེས་དེ་དག་གི་རང་ངོ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། འདི་རྣམས་ཀྱི་ངོ་བོ་ནི་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེ། །ཞེས་བྱ་བ། གཡོ་བ་མེད་པ་དང་ང་ཡི་བ་མེད་པ་དང་། རྒྱ་ཡོངས་སུ་མ་ཆད་པ་དང་དུས་རྟག་ཏུ་ལྡན་པ་དང་། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཀྱང་དེ་ལ་ཕྱོགས་པ་མ་ཡིན་པ་དང་། ཡེ་ཤེས་ཐམས་ཅད་ཀྱི་རྒྱུའི་མཚན་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཡང་དེ་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། དེའི་ངེས་ཚིག་ཏུ། ཡེ་ཤེས་ཐམས་ཅད་ཀྱི་གཟུགས་བརྙན་དེ་ལས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་སྐུ་གསུམ་ལས་འདི་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཡང་ཐེག་བསྡུས་ལས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ་ཞེས་པ་དང་། གསེར་འོད་ལས་ཀྱང་། ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པས་ཆོས་ཀྱི་སྐུ་སྟོན་ཏོ། །དེ་ལ་གནས་པའི་ཡིད་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དངོས་པོ་ལ་འཇུག་པའི་རྣམ་ཤེས་དག་པས་སྤྲུལ་པའི་སྐུ་སྟོན་ཏོ། །ཞེས་གསུངས་པ་དང་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང་བཤད་དོ། །དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། ཀུན་གཞི་མེ་ལོང་ཡེ་ཤེས་ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །འདི་ལ་ཁ་ཅིག་ལོངས་སྤྱོད་རྫོགས་པའི་སངས་རྒྱས་སུ་འདོད་པ་ཡོད་དེ། དེ་ནི་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་ཡིན་ལ། ཞེས་གསུངས་པའི་དགོངས་པ་མ་ལོན་པ་སྟེ། ཀྱང་གི་སྒྲ་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུའི་རྐྱེན་དུ་ཆོས་སྐུ་མེ་ལོང་ལྟ་བུ་སྦྱོར་བའི་ཚིག་སྟེ་རྣམ་པར་ཤེས་པའི་ཚོགས་བདུན་གྱི་རྒྱུའི་རྐྱེན་དུ་ཀུན་གཞི་སྦྱོར་བ་བཞིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་ན། ལུང་རིག་ཀྱི་སྐྱོན་དུ་མ་ཡོད་མོད་ཀྱི་འཕྲོས་པ་ཆོག་གོ །བསྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ཡང་། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་དག་པ་དང་། གང་གི་ཡང་ཕྱོགས་སུ་མ་ལྷུང་བ་དང་། སྲིད་ཞི་གཉིས་ལ་མི་གནས་པའི་ཞི་བ་དང་། ཐུགས་རྗེ་ཆེན་པོ་འཇུག་པ་དང་། སེམས་ཅན་ལ་མོས་པ་བཞིན་དུ་མཚན་དང་དཔེ་བྱད་སྟོན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ནི་ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་སྟེ། འདི་དང་དྲུག་པ་ཡིད་ཀྱི་ཆ་གཅིག་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །འབྱོར་བ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་ལྟ་བུ་དང་གསུང་ཆོས་ཀྱི། དུང་འབྱུང་བའི་ཕྱིར་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཡང་དོན་དང་བཅས་པའི་འཛིན་པ་གནས་གྱུར་པས་ཞིང་ལ་སོགས་པ་སྟོན་པ་དང་། རྣམ་རྟོག་གཞན་དུ་གྱུར་པས་དུས་ཐམས་ཅད་དུ་ཡེ་ཤེས་དང་ལས་ལ་ཐོགས་པ་མེད་པ་འདི་གཉིས་ཀྱི་ཆ་རེ་སྤྲུལ་པའི་སྐུ་ཡིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་དུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་གྲུབ་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་པས་འཇུག་པས་སྒོ་ལྔ་དང་ཡིད་ཀྱི་ཆ་གཅིག་གམ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་བྱ་བ་གྲུབ་པ་སྟེ་སྤྲུལ་པའི་སྐུ་ཡིན་ནོ། །དེ་ལྟར་ཡེ་ཤེས་བཞི་པོའི་དོན་ནི་ཡེ་ཤེས་ཐམས་ཅད་འཛིན་པ་དང་སེམས་མཉམ་པ་ཉིད་ཀྱི་ཕྱིར་དང་ཆོས་སྟོན་པ་དང་བྱ་བ་གྲུབ་པའི་ཕྱིར་ཏེ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། ཞེས་བྱུང་ངོ་། །ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། རིགས་དང་དོན་ཐ་དད་པ་མེད་པ་དང་། འཁོར་འདས་ཐམས་ཅད་རྫོགས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། གཅིག་པ་དང་ཐ་དད་པ་མ་ཡིན་པ་དང་། རྣམ་པ་དེ་དག་གིས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་ཕྱིར་དང་། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་བྱ་བས་བསྟན་པར་མངོན་ནོ། །ཕུང་པོ་ལྔ་ལ་ཡེ་ཤེས་སྦྱར་བ་ཡོད་མོད་ཀྱི་འོག་ནས་འཆད་དོ། །སྤང་གཉེན་འབྲས་བུ་དང་བཅས་པ་ནི། ཚིག་བཅད་གཉིས་དང་རྐང་པ་གཅིག་སྟེ། ཡིད་སྒོ་ལྔ་དང་བཅས་པས་ཡེ་ཤེས་ལ་སྒྲིབ་པ་ནི་ཉོན་མོངས་པ་མཐོང་སྤངས་བསྒོམ་སྤངས་རྣམས་སོ། །ཚོགས་བརྒྱད་ཀའི་སྒྲིབ་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། གཉེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་རབ་ཏུ་བསྒོམ་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་། ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་། ཐམས་ཅད་ལ་འཇུག་པའི་སྙིང་རྗེ་ཆེན་པོ་སྟེ་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བ་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པ་ཡིན་ནོ། །གོང་གི་ཡེ་ཤེས་ཀྱི་སྐབས་སུ་བཤད་པ་བཞིན། །དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཡིད་དང་རྨི་ལམ་གཅིག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། །ཞེས་སྨོས་པ་ཡིན་ནོ། །དེ་ཕྱིར་ཆོས་ཀྱི་ཕྱག་རྒྱ་བཅིང་བ་ནི་དཔའ་བོ་རྡོ་རྗེའི་ཞལ་ནས་གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བའོ། །དེ་ལ་རྟོག་པ་ནི་མཆོག་དགའ་བའོ། །ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པས་ལྷན་ཅིག་སྐྱེས་པ་བསྒོམ་སྟེ། གང་གང་ལ་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་དག་གམ། །གནས་པ་རྣ་བའི་སྒྲ་དག་གམ། །གནས་བ་སྣའི་དྲི་དག་གམ། གནས་པ་ལྕེའི་རོ་དག་གམ། །གནས་པ་ལུས་ཀྱི་རེག་དག་གམ། །གནས་པ་ཡིད་ཀྱི་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་བསྒོམ་པའི་མཆོག །ཞེས་གསུངས་སོ། །འཇུག་བསྡུ་བ་ནི། ཚིགས་བཅད་གཅིག་སྟེ། དེ་ལྟར་གནས་སྐབས་རྣམ་པ་བཞིའི་འཁྲུལ་པ་དང་། མ་འཁྲུལ་པའི་ཡེ་ཤེས་ལམ་གྱི་རིམ་པ་དང་བཅས་པ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། གཞི་དང་ལམ་དང་འབྲས་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྡུས་ཏེ་བསྟན་པ་ཡིན་ནོ།། །།ད་ནི་དུམ་བུ་བདུན་པ་སྣོད་ལ་སྦྱར་བ་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཕྱི་རོལ་ཇི་བཞིན་གནས་པ་ནི། །ཁམས་གསུམ་ནང་གི་བདག་ཉིད་དེ། །ཞེས་བྱ་བ་ནི། ནང་ལུས་དང་ཕྱིའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ལས་ཤར་བ་ཡིན་ཀྱང་། སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་དབང་གིས་ཐ་དད་པ་དུ་མར་སྣང་སྟེ། ཕྱི་རོལ་པ་དག་ནི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་བསྒྲུབས་པར་རྟོག །རང་གི་སྡེ་པ་ཉན་ཐོས་པ་རྣམས་ཀྱང་རྡུལ་ཕྲ་རབ་དོན་ད མ་པར་བདེན་པར་གྲུབ་པ་ལས་བྱུང་བར་རྟོག་སྟེ་དེ་དག་མ་ཡིན་པ་ནི་སྔོན་གྱི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་བསྟན་བཅོས་རྣམས་སུ་བཀག་ཟིན་ཏོ། འདིར་དོན་དམ་པར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་གྲུབ་པ་མེད་དེ། །ཕུག་ཁྲུ་ལྔ་པའི་ནང་དུ་འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་འོངས་ཀྱང་ཕུག་ཆེ་བར་ཡང་མི་སྣང་དེ་དག་གི་སྤྱོད་ཡུལ་དོག་པར་ཡང་མི་སྣང་། ཞེས་གསུངས་པ་དང་། མདོ་རྣམས་ལས་ཀྱང་། འཇིག་རྟེན་གྱི་ཁམས་འདིའི་མཐོང་ཚུལ་ཐ་དད་པ་དག་གསུངས་སྟེ། མོའུ་འགལ་གྱི་བུས་གདགས་པར་གསུངས་པ་དང་། རྟ་མགྲིན་གནམ་ས་བཀོད་པའི་མདོ་ལས་གསུངས་པ་དང་དུས་ཀྱི་འཁོར་ལོར་གསུངས་པ་ལ་སོགས་པ་རྣམས་འགལ་བ་སྙམ་དུ་སེམས་པར་མི་བྱ་སྟེ། དེ་ལ་འདིར། ཕྱི་རོལ་དུ་གནས་པའི་རི་དང་གླིང་དང་རྒྱ་མཚོ་ལ་སོགས་པ་དོན་གཞན་དུ་གྲུབ་པ་མེད་དེ་རྣལ་འབྱོར་པའི་ལུས་ལ་ཡང་སྲིད་པ་གསུམ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བདགས་པར་ནུས་སོ། །ཞེས་བསྟན་པའི་ཕྱིར་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བར་བྱ་བའི་དོན་དུ་ཡང་། ཕྱིའི་འཇིག་རྟེན་དང་ནང་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་གཅིག་པ་ཉིད་དུ་སྟོན་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་དགུ་སྟེ། གནས་གཞན་བསྟན་པ་དང་། འབྱུང་བ་རིམས་བརྩེགས་དང་། རི་རྣམས་དང་། གླིང་བདུན་དང་། ནང་གི་འབྱུང་བ་ལྔ་དང་། རྒྱ་མཚོ་བདུན་དང་། གཟའ་ལ་སོགས་པ་རྣམས་དང་། མེ་གསུམ་དང་། སྐྱེ་གནས་དང་དུས་སྦྱོར་ལ་སོགས་པའོ། །དང་པོ་ནི་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། ལུས་ལ་ཁྲུ་བཞི་པར་བྱས་ལ། སོར་ཉི་ཤུ་རྩ་བཞི་ཁྲུ་རེ་སྟེ། ལྟེ་བ་ཡན་ཆད་ཀྱི་ཁྲུ་དོ་ལ་ནི་མི་དང་ལྷ་རྣམས་སོ། །དེ་མན་ཆད་ནི་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་དམྱལ་བ་རྣམས་ཡིན་པས། སྤྱི་བོ་ནས་སོར་བཞི་ནི་གཟུགས་མེད་པའི་ཁམས་སོ། །དེའི་འོག་ཏུ་སོར་བཅུ་དྲུག་ནི་གཟུགས་ཁམས་བཅུ་དྲུག་གོ །དེའི་འོག་དུ་འདོད་པའི་ལྷ་དྲུག་དང་། མི་རྣམས་ནི་ལྟེ་བའི་བར་རོ། །ལྟེ་བ་ནས་སུམ་མདོའི་བར་སའི་དཀྱིལ་འཁོར་སྟེ་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་དམྱལ་བ་གཅིག་གོ །བརླ་ཆུའི་དཀྱིལ་འཁོར་སྟེ་དམྱལ་བ་གཉིས་སོ། །རྗེ་ངར་ནི་མེ་སྟེ་དམྱལ་བ་གཉིས་སོ། །དེ་མན་ཆད་ནི་རླུང་གི་དཀྱིལ་འཁོར་སྟེ་དམྱལ་བ་གཉིས་དང་། །རྐང་མཐིལ་དུ་བརྒྱད་པ་རྡོ་རྗེའི་དམྱལ་བའི་གནས་རྣམས་རིམ་པ་བཞིན་དུ་གསུངས་པ་ཡིན་ནོ། །འབྱུང་བ་རིམས་རྩེགས་ནི། རྐང་ལག་ཚིགས་གསུམ་རིམ་པ་ལྟར། །རླུང་མེ་ཆུའི་དཀྱིལ་འཁོར་ཡིན། །བྲང་ནི་ས་སྟེ་ཞེས་བྱ་བ་གོང་དུ་སྨོས་པའི་རིམ་པས་ལྟེ་བ་མན་ཆད་སའི་དཀྱིལ་འཁོར་རམ། ཡང་ན་བྲང་གྲུ་བཞི་ས་ཞེས་ཀྱང་རྒྱུད་འགྲེལ་རྣམས་ལས་གསུངས་སོ། །རི་རྣམས་བསྟན་པ་ནི། སྒལ་ཚིགས་ནི་ཞེས་པ་དང་། བཅས་པའི་ཚིགས་བཅད་གཉིས་སྟེ། སྒལ་ཚིག་གི་རུས་པ་རྣམས་ནི་རིའི་རྒྱལ་པོ་རི་རབ་བོ། །ཕྱི་རོལ་གྱི་འཁོར་ཡུག་གི་རི་ཆེན་པོ་བདུན་ནི་བརླའི་རུས་པ་ནི་མདོག་སྔོན་གྱི་རིའོ། །རྗེ་ངར་གྱི་རུས་པ་ནི་མན་དྷ་རའོ། །བོལ་གོང་གི་རུས་པ་ནི་མཚན་མོའི་རིའོ། །དཔུང་པའི་རུས་པ་ནི་ནོར་བུ་བྱེད་པའོ། །ལག་ངར་གྱི་རུས་པ་ནི་བྲེའོ་ཡི་རིའོ། །ལག་མགོའི་རུས་པ་ནི་ཁ་བ་ཅན་ནོ། །སེན་མོ་རྣམས་ནི་རྡོ་རྗེའི་རི་སྟེ་འཁོར་ཡུག་གི་རི་ཡིན་ནོ། གླིང་རྣམས་ནི་ཚིག་རྐང་བདུན་སྟེ། གླིང་འདི་རྣམས་ནང་གི་འཁོར་ཡུག་རྣམས་ཀྱི་རྩར་རིམ་པ་བཞིན་དུ་གནས་ཏེ། དེ་དག་ལུས་ལ་ནི་བད་ཀན་གྱི་ཁམས་ནི་ཟླ་བའི་གླིང་ངོ་། །རྒྱུ་མ་ནི་དཀར་པོའི་གླིང་ངོ་། །ཚིལ་ནི་ཀུ་ཤའི་གླིང་ངོ་། །སྙིང་ནི་མིའམ་ཅིའི་གླིང་ངོ་། །མཆིན་པ་ནི་ཁྲུང་ཁྲུང་གི་གླིང་ངོ་། །ཤ་ནི་དྲག་པོའི་གླིང་སྟེ་དེ་དག་ནི་ནང་གི་གླིང་དྲུག་གོ །རྐང་ལག་དུམ་བུ་བཅུ་གཉིས་ནི། འཛམ་བུའི་གླིང་སོགས་གླིང་ཕྲན་བཅས། ཞེས་པ་ནི། ལག་པ་གཡས་པའི་དུམ་བུ་གསུམ་ནི་ལུས་འཕགས་ཀྱི་གླིང་ངོ་། །དེ་བཞིན་དུ་གཡོན་པའི་དུམ་བུ་གསུམ་ནི་འཛམ་བུའི་གླིང་ངོ་། །རྐང་པ་གཡོན་པ་ནི་བ་གླང་སྤྱོད། རྐང་པ་གཡས་པ་ནི་སྒྲ་མི་སྙན་སྟེ་གླིང་དུམ་བུ་བཅུ་གཉིས་སོ། །ནང་གི་འབྱུང་བའི་ཁམས་ལྔ་ནི། ཇི་ལྟར་ཕྱིའི་འབྱུང་བའི་རིམ་པ་བཞིན་དུ། སྲ་བ་བརླན་དང་དྲོད་དང་དབུགས། །ཁམས་བཞི་བུ་ག་ནམ་མཁའ་ཡིན། །ཞེས་པ་སྔར་བསྟན་པ་བཞིན་དུ་ཡིན་ནོ། །རྒྱ་མཚོ་བདུན་བཤད་པ་ནི་ཚིག་རྐང་ལྔ་སྟེ། སྦྲང་རྩིའི་རྒྱ་མཚོ་ནི་ཁུ་བའོ། །མར་གྱི་རྒྱ་མཚོ་ནི་ཞག་གོ །ཞོའི་རྒྱ་མཚོ་ནི་མགོའི་ཀླད་པའོ། །འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་འོ་མ། སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་སོ། །ཆུའི་རྒྱ་མཚོ་ནི་མཆིལ་མའོ། །ཆང་གི་རྒྱ་མཚོ་ནི་རྔུལ་ལོ། །བ་ཚའི་རྒྱ་མཚོ་ནི་གཅིན་ནོ། །གཟའ་ལ་སོགས་པ་བཤད་པ་ནི། ཚིག་རྐང་ལྔ་སྟེ། དབང་པོ་གཟའ་དགུའི་རང་བཞིན་སྟེ་ཞེས་པ་ནི། སྣ་བུག་གཉིས་ནི་རླུང་གི་གཟའ་ཉི་ཟླའོ། །མིག་གཉིས་ནི་མེའི་གཟའ་མིག་དམར་དང་ཕུར་བུའོ། །ཁ་དང་དྲི་ཆུའི་སྒོ་གཉིས་ནི་ཆུའི་གཟའ་པ་བ་སངས་དང་གཟའ་ལག་གོ །དྲི་ཆེན་དང་སྤྱི་གཙུག་གི་བུ་ག་གཉིས་ནི་སའི་གཟའ་སྤེན་པ་དང་འཇུག་རིངས་སོ། །རྣ་བ་གཉིས་ནི་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེའོ། །གཞན་ཡང་སྙིང་ཁའི་རྩ་བཅུ་ཡང་གཟའི་རང་བཞིན་དུ་བཤད་དོ། །སོ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཕྱིའི་ཆུ་བོ་རྣམས་ནི་ནང་དུ་རྩ་རྣམས་ཐམས་ཅད་དུ་ཁམས་འབབ་པའོ། །རྒྱུ་མ་ནི་སྤྲིན་གྱི་རང་བཞིན་སྟེ་རོ་འཛག་པའི་ཕྱིར་རོ། །ཕྱིའི་རླུང་གི་དཀྱིལ་འཁོར་ནི་ནང་དུ་ལུས་ལ་གནས་པ་རྣམས་སོ། །སྙིང་ཁ་ལས་བྱུང་པའི་སྒྲ་ནི་ཐོག་གི་རང་བཞིན་ནོ། །ལྟོ་བའི་སྒྲ་ནི་འབྲུག་གི་སྒྲའོ། །མེ་གསུམ་བཤད་པ་ནི། །སྙིང་ཁ་མགྲིན་པ་ལྟེ་བ་ན། །གློག་དང་ཉི་དྲོད་བསྲེག་བྱེད་མེ། །ཞེས་པ་ནི་སྙིང་ཁར་ནི་གློག་གི་མེ་སྟེ་ཞེ་སྡང་བསྐྱེད་པའོ། །མགྲིན་པར་ནི་ཉི་མའི་མེ་སྟེ་བྱ་བ་བྱེད་པའི་མེའོ། །ལྟེ་བར་ཤ་ཟའི་མེ་སྟེ་ཟས་སྲེག་པར་བྱེད་པའི་དོན་ཡིན་ནོ། །སྐྱེ་གནས་དང་དུས་སྦྱོར་ལ་སོགས་པ་བསྟན་པ་ལ་ཚིགས་བཅད་གསུམ་སྟེ། གཞན་ལུས་ཀྱི་པགས་པ་དང་དྲོད་དང་བ་སྤུ་ཐམས་ཅད་མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི་ནི་ཕྱི་རོལ་གྱི་སའི་སྐྱེ་གནས་རྣམས་ནི་ནང་དུ་བ་སྤུའི་སྲིན་བུ་རྣམས་སོ། །ཕྱི་རུ་རླུང་གི་སྐྱེ་གནས་ཀྱི་ཁམས་སྒོང་སྐྱེས་ནི་ནང་དུ་ཤིག་གོ །ཕྱི་རུ་ཆུའི་ཁམས་དྲོད་གཤེར་ལས་སྐྱེས་པ་སྟེ་ནང་དུ་ལུས་ཀྱི་སྲིན་བུ་རྣམས་སོ། །ཕྱི་རུ་མའི་ཁམས་མངལ་སྐྱེས་ཏེ་ནང་དུ་ནི་ཁུ་བའོ། །ནམ་མཁའི་ཁམས་བརྫུས་ཏེ་སྐྱེ་བ་རྣམས་ནང་གི་གཟུགས་གཞན་སྲོག་ཆགས་ཕྲ་མོ་རྣམས་སོ། །དེ་ལྟར་སྐྱེ་གནས་བཞིར་གསུངས་སོ། །ཕྱི་རོལ་གྱི་བདུད་རྩིའི་ཆར་ནི་ནང་དུ་ལྕེའུ་ཆུང་གི་བདུད་རྩིའི་ཁམས་སོ། །ཐུན་ནས་སྐད་ཅིག་བར་གྱི་ནི། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། །རྩ་རླུང་ཐིག་ལེ་སེམས་བཅས་སོ། །ཞེས་བྱ་བ་ནི་སྔར་རྩ་རླུང་གི་སྐབས་སུ་བསྟན་ཟིན་ཏོ། །སྲོག་རླུང་དཀར་དམར་སྦྱོར་བ་ན། །ཟླ་ཉི་འཛིན་པར་སྣང་བ་དང་། །ཞེས་བྱ་བ་ནི། ནང་དུ་སྲོག་གི་རླུང་དཀར་དམར་ལ་རེག་པ་དང་། དུས་སྦྱོར་གྱི་འཚམས་ཀྱི་མཐའ་དུས་གསུམ་ཟླ་བ་དྲུག་ན་གཟའ་འཛིན་པ་བྱུང་བ་ནང་གི་དུས་སྦྱོར་དབུ་མར་རྒྱུ་བ་ཡིན་པར་གསུངས་སོ། །དེ་སོགས་རྣམས་བཤད་དུ་མ་རྣམས་ཞེས་བྱ་བ་ནི། ཕྱིའི་དངོས་པོ་ཇི་སྙེད་པ་རྣམས་ནང་གི་རྩ་རླུང་ཐིག་ལེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་བ་དང་། དེ་ཐམས་ཅད་ཡེ་ཤེས་སུ་སྦྱོར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་པ་རྣམས་འདིར་མདོར་བསྡུས་པ་སྟེ་དུས་འཁོར་ལས། ས་ཡིས་སྲ་ལ་ཆུ་ཡིས་གཤེར་ཞིང་མེ་ཡིས་དྲོ་བར་འགྱུར་ཏེ་རླུང་གིས་ཀྱང་ནི་ཡང་པ་ཉིད། བུ་ག་སྟོང་པར་བསྟན་པ་རུས་པ་ཉིད་དང་ལྷའི་རི་མཆོག་འདིར་ནི་ཆར་པ་བདུད་རྩིར་འགྱུར། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འཇུག་བསྡུ་བ་ནི་ཚིགས་བཅད་གཅིག་སྟེ། དེ་སོགས་རྟེན་འབྲེལ་རྟོགས་པ་ན། ཞེས་པ་ནི་ཕྱི་ནང་གི་རྟེན་འབྲེལ་ལོ། །ཐབས་དང་ཤེས་རབ་སྦྱོར་ཤེས་པ་ནི་དོན་དམ་ཀུན་རྫོབ་དང་ལུས་དང་བསམ་པ་ལ་སོགས་པའི་གནས་ལུགས་ཤེས་པས་གནས་སྐབས་དང་མཐར་ཐུག་གི་སྣ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར། ཕྱི་འཇིག་རྟེན་གྱི་ཁམས་དང་ནང་ལུས་ལ་སྦྱར་བ་རྣམས་འདིར་ནི་མདོར་བསྡུས་ཏེ་ཅུང་ཟད་བརྗོད་པ་ཡིན་ནོ། དེ་ལྟར་ཕྱི་དང་ནང་གཉིས་སུ་མེད་པ་སྦྱོར་བ་བསྟན་པས། དེ་ཉིད་ལྷ་དང་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་དོན་དུ་ཡང་རྟོགས་པར་འགྱུར་རོ།། །།བརྒྱད་པ་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་འཁོར་ལོ་འབྱུང་བའི་རྒྱུ་མཚན་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། ཕྱི་འཇིག་རྟེན་གྱི་ཁམས་ནང་དུ་སྦྱར་བ་བསྟན་པ་དེ་ནས་སེམས་ཅན་གྱི་ཀུན་རྟོག་ལ་བདེན་པ་མེད་བཞིན་དུ་ཀུན་བརྟགས་ཀྱི་ལྷ་རྣམས་བསྒོམ་པ་ཇི་ལྟ་བུ་ཞེ་ན། དགོས་པ་རྣམ་པ་གསུམ་པོ་འདིའི་ཕྱིར་ཏེ། ལས་དང་པོ་པ་རྣམས་ཀྱི་སེམས་འཛིན་པའི་དོན་དང་། ཤེས་བྱ་ཤིན་ཏུ་ཕྲ་བ་རྣམས་ལ་ཕྱི་དང་ནང་ལྷ་དང་དཀྱིལ་འཁོར་དུ་སྦྱོར་ཤེས་པའི་དོན་དང་། འབྲས་བུ་གྲུབ་པའི་གནས་སྐབས་ན་དབང་འབྱོར་བའི་གཟུགས་ཀྱིས་གཞན་དོན་དུ་གཟུགས་ཀྱི་སྐུ་དུ་མ་སྤྲོ་བའི་ཕྱིར་དཔའ་བོ་གཅིག་ནས་མཐའ་ཡས་པའི་བར་གྱི་དཀྱིལ་འཁོར་གྱི་འཁོར་ལོར་གསུངས་པའི་ངེས་པ་འདི་ལྟ་སྟེ། ཞེས་འོག་མ་རྣམས་ཀྱི་རྒྱུ་མཚན་རྟོགས་པར་བྱེད་པའོ། །རིམ་པ་འདི་ནི་དཔལ་དྲིལ་བུ་པའི་ཞལ་སྔ་ནས་ཀྱང་། བཅོས་མ་གཉིས་ཀྱི་དངོས་པོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་བའི་ཕྱིར། །འཁོར་ལོ་གསུམ་གྱིས་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །ཅི་ནས་མ་གྲུབ་ཡང་གྲུབ་མིན། །ཞེས་གསུངས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་བཞི་སྟེ། ལྷའི་གྲངས་ཀྱི་ངེས་པ་དང་། དཀྱིལ་འཁོར་གྱི་ངེས་པ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་དང་། བསྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ལ་ཚིགས་སུ་བཅད་པ་དྲུག་དང་རྐང་པ་གསུམ་སྟེ། འདི་ཡང་དུས་ཀྱི་འཁོར་ལོའི་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བའི་རིམ་པ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་ཏེ། དབུ་མ་དང་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཡང་དག་པའི་དོན་དང་། ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་གཅིག་ལ་ཡང་ཐམས་ཅད་འདུས་པ་ཡིན་པའི་ཕྱིར་ན་དཔའ་བོ་གཅིག་པ་ཧེ་རུ་ཀའི་ངེས་པ་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དུ་གསུངས་པ་དང་། །རྡོ་རྗེ་སེང་གེའི་གདན་བཞུགས་དང་། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །དང་པོའི་སངས་རྒྱས་སོགས་མིང་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །ཞེས་བྱ་བ་ལ་སོགས་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་གཅིག་པོའི་མིང་ངོ་། །དེ་བཞིན་དུ་ལྷ་གཉིས་སུ་བསྟན་པའི་དོན་ནི། སྐུ་གཉིས་ཐབས་དང་ཤེས་རབ་དང་། །སྟེང་འོག་དཀར་དམར་བདེན་གཉིས་དང་། །དེ་སོགས་ཡབ་ཡུམ་གཉིས་པའོ། །ཞེས་པ་ནི་དེ་ལྟར་ཡུལ་དང་ཡུལ་ཅན་གྱི་རྣམ་པར་དབྱེ་བ་དང་། རྟེན་དང་བརྟེན་པ་ཡང་ཡིན་ཏེ། མདོར་བསྡུས་ན་བདེན་པ་གཉིས་ཀྱི་རང་བཞིན་མཚོན་པའི་ཕྱིར་རོ། །དེ་བཞིན་དུ་ལྷ་གཙོ་འཁོར་གསུམ་པ་བསྒོམ་པར་བྱེད་པའི་ངེས་པ་ཡང་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང་། སྔར་བསྟན་པའི་ཐིག་ལེ་གསུམ་དང་རྩ་དང་སྟེང་འོག་བར་གསུམ་དང་། ཨཱོཾ་ཨ་ཧཱུྃ་གི་ཡི་གེ་གསུམ་དང་རླུང་གསུམ་ལ་སོགས་པས་ཀྱང་ཐམས་ཅད་བསྡུས་པའི་ཕྱིར། །རྩ་གསུམ་རླུང་གསུམ་སེམས་གསུམ་དང་། །སྣང་བ་གསུམ་གྱི་བདག་ཉིད་ཕྱིར། །ལྷ་གསུམ་ཡིག་གསུམ་ཞལ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ནས་རྒྱས་པར་གསུངས་སོ། །དེ་བཞིན་དུ་གཙོ་འཁོར་བཞི་བསྒོམ་པའི་ངེས་པ་ཡང་། །ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། ཞེས་པ་ཡེ་ཤེས་སྤྱིར་བཏང་ནས་ས་ཆུ་མེ་རླུང་ཡེ་ཤེས་ཀྱིས་ཁྱབ་པར་བྱ་བ་བཞི་དང་རྡོ་རྗེ་བཞིའི་རིམ་པ་སྟེ། ཧེ་བཛྭ་ལས་ཐམས་ཅད་བཞི་བཞིར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལྷ་ལྔ་བསྒོམ་པའི་ངེས་པ་ཡང་། སྔར་བསྟན་པའི་ཡེ་ཤེས་ལྔ་དང་ཕུང་པོ་ལྔ། །འཁོར་ལོ་ལྔ་དང་རླུང་ལྔ་དང་། ཁམས་བཞི་ཁྱབ་པར་བྱེད་པ་ནམ་མཁའ་དང་བཅས་པ་ལྔའི་དོན་ཡིན་ནོ། དུ་མར་གསུངས་པ་ནི་རྒྱུད་ཐམས་ཅད་ནས་བསྟན་པའོ། །དེ་བཞིན་དུ་ལྷ་དྲུག་གི་ངེས་པ་ཡང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་སུ་དབྱེ་བའམ། རྣམ་པར་ཤེས་པའི་ཚོགས་དྲུག་དང་འཁོར་ལོ་དྲུག་གི་དབྱེ་བས་ལྷ་དྲུག་གི་དཀྱིལ་འཁོར་འཁོར་ལོ་བསྒྱུར་བ་ལྟ་བུ་གསུངས་སོ། །དེ་བཞིན་དུ་ལྷ་བདུན་གྱི་ངེས་པ་ཡང་ཉོན་ཡིད་དང་བཅས་པའི་ཚོགས་བདུན་སྦྱང་བའི་ཕྱིར་ཡི་གེ་བདུན་པ་ལྟ་བུ་གསུངས་སོ། །དེ་ཉིད་ལ་ལྷ་བརྒྱད་པའི་ངེས་པ་ཡང་ཡོད་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་སྦྱོང་པའི་ཕྱིར་དང་། དྲུག་པ་ཡིད་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷ་དགུ་པ་དང་བཅུ་པ་ཡང་ཧེ་བཛྭ་དང་། །ཡང་དག་གི་དཀྱིལ་འཁོར་ལྟ་བུ་རྣམས་ཏེ། །སྙིང་ཁའི་རྩ་རླུང་ས་བཅུ་སྟོབས། །དེ་སོགས་དགུ་དང་བཅུ་པ་དང་། །ཞེས་ངེས་པ་སྨོས་ཏེ། རྣམ་པར་ཤེས་པ་བརྒྱད་དང་དེའི་ཡུལ་དང་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ཡིན་ནོ། །དེ་ལ་སོགས་པའི་དཀྱིལ་འཁོར་དུ་མའི་སྦྱང་གཞི་ཡོད་དེ། །ཕུང་པོ་ཁམས་བཅུ་དབང་པོ་ཡུལ། །ཞེས་པ་ཕུང་པོ་ལྔ་དང་ཁམས་ལྔ་དང་དབང་པོ་ལྔ་དང་བཅས་པས་ལྷ་བཅོ་ལྔ་བདག་མེད་མའི་དཀྱིལ་འཁོར་ལྟ་བུ་དང་གཞན་ཡང་། དེ་ལས་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་ཉི་ཤུ་རྩ་བཞི་དང་། ཡེ་ཤེས་ཀྱི་ཁམས་དང་ཕུང་པོ་གཅིག་ཏུ་བྱས་པའི་དབྱེ་བས་དུ་མར་འགྱུར་རོ། །དྲུག་དྲུག་དེ་བཞིན་ལས་བྱེད་པ། །དབང་དྲུག་དང་བཅས་དཀྱིལ་འཁོར་ནི། །ཞེས་བྱ་བ། ཁམས་དྲུག་ལ་དྲུག་དྲུག་སུམ་བཅུ་སོ་དྲུག་གི་དཀྱིལ་འཁོར་དང་། ལྔ་ལྔ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་ཡང་འབྱུང་ངོ་། །ལས་ཀྱི་དབང་པོ་དྲུག་ནི་ལག་པ་དང་རྐང་པ་དང་ངག་དང་དྲི་ཆུའི་སྒོ་གཉིས་དང་དབང་པོ་མཆོག་སྟེ་དྲུག་དང་དེ་དག་གི་ལས་ཀྱང་འགྲོ་བ་དང་ལེན་པ་དང་སྨྲ་བ་དང་གཤང་བ་དང་ཆུ་འཛག་པ་དང་ཁུ་བ་འཛག་པ་སྟེ། དེ་དག་གི་དབྱེ་བས་དུ་མར་འགྱུར་ཏེ། ལྷ་ལྔ་དགུ་དང་བཅུ་གསུམ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་པ། །སོ་བདུན་རིགས་བརྒྱ་དུ་མའི་བར། ཞེས་སྨོས་ཏེ་རྒྱུད་སྡེ་ཆེན་པོ་བཞིའི་ལྷ་ཚོགས་ཇི་སྙེད་པ་ཐམས་ཅད་ཀྱང་རྩ་བ་འདི་རྣམས་སུ་འདུས་སོ། །དེ་ལ་རིགས་ཉི་ཤུ་རྩ་ལྔ་ལས་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ལྔ་བཅུ་དང་། ལུས་དང་བསམ་པའི་དབྱེ་བས་བརྒྱ་སྟེ། རིགས་གསུམ་པ་དང་རིགས་ལྔ་དང་། རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་སོ། །དེའི་ཡན་ལག་རྣམ་པར་དབྱེ་བ་སྔར་བསྟན་པའི་རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས་ཀྱི་ལྷ་ཡང་། དུས་ཀྱི་འཁོར་ལོ་ལས་སྟོང་དྲུག་བརྒྱ་ཉི་ཤུའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། དཔལ་མཁའ་འགྲོ་རྒྱ་མཚོ་ནས་དུར་ཁྲོད་ཀྱི་ལྷ་དང་བཅས་པའི་ཉིས་སྟོང་བརྒྱད་བཅུ་རྩ་བརྒྱད་ལན་བཅུ་གཉིས་སུ་རྣམ་པར་འཁོར་བ་ལ་སོགས་པ་རྣམས་ཀྱང་གསུངས་ཏེ་མདོར་བསྡུས་ན། རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། །ཞལ་དང་ཕྱག་མཚན་དེ་དང་མཚུངས། ཞེས་སྨོས་པ་ཡིན་ཏེ་སྦྱང་གཞིའི་གྲངས་ཇི་སྙེད་པ་དེ་སྙེད་དུ་འགྱུར་རོ། །དེ་ལྟར་ཡང་ཧེ་བཛྭ་ལས། རིགས་གཅིག་ལས་ནི་དེ་བཞིན་གཤེགས་པའི་ཚོགས། རིགས་ཀྱི་ཚོགས་ལས་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཆེན་དང་། བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིག་ཅན་རྣམས། །མཆོག་དུ་དགའ་བའི་རིགས་ལས་བྱུང་བའོ། །ཞེས་གསུངས་སོ། །དཀྱིལ་འཁོར་གྱི་ངེས་པ་ནི། ལུས་ལ་དཀྱིལ་འཁོར་བཤད་པ་ནི། །ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་དང་བཅས་པ་བསྡུས་པ་ནི། །ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། །ཞེས་སྨོས་ཏེ། དེ་ཡང་དཀྱིལ་འཁོར་སྣང་བར་ནི། །རྐང་པའི་ཞབས་སུ་མཚོན་ཆེན་རླུང་། །གཞུའི་དབྱིབས་སུ་རྣམ་པར་གནས། ཞེས་བྱ་བ་ལ་སོགས་པ་འབྱུང་བ་རིམ་བརྩེགས་ངེས་བརྗོད་ལས་གསུངས་པ་དང་། ཐིག་ཀྱང་དེ་ཉིད་ལས། སིན་དྷུ་རྡོ་རྗེའི་ཐིག་ཟླུམ་པོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ་ལས། ཀ་བ་རྡོ་རྗེ་ཕྲེང་བ་སའི་འཁོར་ཡུག་རྩིག་པ་ཉིད་ནི་ངེས་པར་རུས་པ་རྣམས་ཀྱིས་བྱ། །ཤ་དང་ཁྲག་དང་ཆུ་དང་གཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་ནུབ་ཀྱི་ཚོན་དབྱེ་བ། །མཁྲིས་པ་བད་ཀན་དག་གིས་ཉི་མ་རི་བོང་ཅན་ལ་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུས་སྐྱེས་སོ། །རི་མོ་ལྔའི་རྩིག་པ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །མངའ་བདག་ཆུ་སྐྱེས་དུས་ཀྱི་རྩ་ལ་རླུང་དང་མེའི་འཁོར་ཡུག་ལ་སོགས་ལྤགས་པ་ལ་སོགས་པས། །ཉི་མའི་སྒོ་ནི་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་གྱིས་སྤྲས་དེ་བཞིན་སོའི་ཕྲེང་བས་སོ། །དུར་ཁྲོད་འཁོར་ལོ་བརྒྱད་པོ་རླུང་གི་འཁོར་ཡུག་སོན་པ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །དཀྱིལ་འཁོར་མཐར་ནི་ཕྱོགས་དང་འཚམས་སུ་སོན་པའི་མེ་འོད་ངེས་པར་བ་སྤུ་རྣམས་ཀྱིས་སོ། །དེ་ལྟར་ངེས་པར་སྐུའི་རྡོ་རྗེ་མཆོག་གི་ཡོན་ཏན་སྣ་ཚོགས་ཅན་གྱི་དཀྱིལ་འཁོར་རྣམ་པར་གསུངས། ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་བཤད་པ་ནི། ཚིགས་སུ་བཅད་པ་བཞི་དང་རྐང་པ་གསུམ་སྟེ། གོང་དུ་གསུངས་པའི་ལྷ་དང་དཀྱིལ་འཁོར་གྱི་བྱེ་བྲག་དེ་དག་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པས། ཐབས་དང་ཤེས་རབ་ཀྱི་ངོ་བོ་ནི་རྣམ་པ་ལྔ་སྟེ། ཕན་ཚུན་ཐབས་དང་ཤེས་རབ་ནི་ཕ་རི་ལ་བརྟེན་པའི་ཚུ་རི་ཞེས་རྣམ་པར་བཞག་པ་ལྟ་བུ་ཡིན་ནོ། །གཡས་གཡོན་ཐབས་དང་ཤེས་རབ་ནི་གང་གི་ཚེ་གཡས་ཕྱོགས་ཐབས་སུ་བརྗོད་པ་ན། དེའི་ཚེ་གཡོན་པ་ཤེས་རབ་ཏུ་བརྗོད་པར་འགྱུར་ཏེ། རྟེན་འབྲེལ་དུ་གནས་པའི་ཕྱིར་རོ། །ལུས་སེམས་ཐབས་དང་ཤེས་རབ་ནི་ལུས་ཐབས་སུ་གྱུར་པ་ན་སེམས་ཤེས་རབ་ཏུ་འགྱུར་ཏེ་གཅིག་ལ་གཅིག་བརྟེན་ནས་སེམས་པ་སྐྱེ་བའི་ཕྱིར་རོ། །དཀར་དམར་ཐབས་དང་ཤེས་རབ་ནི། ཐབས་ཀྱིས་ལུས་ལས་བྱུང་པའི་དཀར་ཆ་ནི་ཤེས་རབ་བོ། །ཤེས་རབ་ཀྱི་ལུས་ལས་བྱུང་པའི་དམར་ཆ་ནི་ཐབས་སོ། །རྟེན་དང་བརྟེན་པའི་ཐབས་དང་ཤེས་རབ་ནི་འཇིག་རྟེན་གྱི་ཁམས་ཐབས་སུ་བཤད་ན། དེའི་ཚེ་བརྟེན་པ་སེམས་ཅན་ནི་ཤེས་རབ་ཏུ་འགྱུར་རོ། །དེ་ལྟར་ལྔ་པོ་འདི་རྣམས་ཕན་ཚུན་གོ་རིམ་བཟློག་ན་བཅུར་འགྱུར་རོ། །རིམ་པ་འདི་ལ་བརྟེན་ནས་རྒྱས་གདབ་ཐམས་ཅད་ཀྱང་ཤེས་པར་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས་ཤར་ནུབ་དང་ལྷོ་བྱང་གི་ལྷ་རྣམས་ཕན་ཚུན་འཁྱུད་པ་ཐབས་དང་ཤེས་རབ་ཏུ་གསུངས་པ་ནི་རིགས་གཞན་གྱི་རྒྱས་གདབ་པ་ཞེས་བྱའོ། །གཡས་གཡོན་ནས་རྩ་རླུང་གི་རིམ་པ་ཡིན་པ་དང་། ལུས་སེམས་ཀྱི་རྒྱས་གདབ་པ་ནི་མ་ལོག་པའི་རྒྱས་གདབ་ཅེས་བྱ་སྟེ། རིམ་པ་འདི་གཉིས་ནི་དགྱེས་རྡོར་ལས། སེམས་ལུས་དང་ལྡན་ན་གནས་པ་དང་ལུས་སེམས་དང་ལྡན་ན་མཛེས་པའི་ཕྱིར་སྐུ་ལ་ཐུགས་ཀྱི་རྒྱས་གདབ་དང་། སེམས་ལ་སྐུའི་རྒྱས་གདབ་དང་། འདོད་ཆགས་འོད་དཔག་ཏུ་མེད་པ་ལ་སེར་སྣ་རིན་ཆེན་འབྱུང་ལྡན་གྱི་རྒྱས་གདབ་དང་ཕྲག་དོག་དོན་ཡོད་གྲུབ་པ་ལ་འདོད་ཆགས་འོད་དཔག་ཏུ་མེད་པའི་རྒྱས་གདབ་ཏུ་གསུངས་ཤིང་། དཀར་དམར་དང་ཟླ་ཉི་ལ་སོགས་པ་བདེ་བ་ལ་སྟོང་པ་ལ་བདེ་བའི་རྒྱས་གདབ་ནམ་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཏེ། རྟེན་དང་བརྟེན་པ་ཡང་དེ་ཉིད་དོ། །རྒྱུད་ཕན་ཚུན་གྱི་ལུང་མང་པོ་ཡོད་མོད་ཀྱི་མ་བྲིས་སོ། །ད་ནི་དེ་ལས་འཕྲོས་པ་ཤེས་རབ་གཙོ་བོར་བསྟན་པ་ཤེས་རབ་ཀྱི་རྒྱུད་དང་། ཐབས་གཙོ་བོར་བསྟན་པ་ཕ་རྒྱུད་ཡིན་ནོ་ཞེས་འཆད་དེ། འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གང་བསྟན་པའི་སྒྲས་སྨོས་ཏེ། དོན་ལ་ནི་ཀུན་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཡིན་ཏེ། ཧེ་བཛྭ་ལས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཞེས་པ་དང་། གསང་བ་འདུས་པ་ལས། །རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་བུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་དང་། གཞན་ཡང་། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་དང་། གཞན་རྒྱ་ཆེར་དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་པའི་དོན་མིག་ཐབས་སུ་གྱུར་པ་ན་གཟུགས་ཤེས་རབ་བོ། །གཟུགས་ཐབས་སུ་གྱུར་པ་ན་མིག་ཤེས་རབ་བོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་དང་། དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཕན་ཚུན་ཐབས་དང་ཤེས་རབ་ཏུ་གསུངས་སོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། མིག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པར་གསུངས་ནས། །གཟུགས་ལ་སོགས་པ་སྦྱོར་བ་བསྒོམ། །ཞེས་གཟུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་ཏུ་གསུངས་པ་ཡིན་ནོ། །གཞན་ཡང་རྩ་རོ་མ་ཐབས་ནང་ནས་བྱུང་བའི་རླུང་ཤེས་རབ་བོ། །རྐྱང་མ་ཤེས་རབ་ལ་ནང་ནས་འབྱུང་བའི་རླུང་ཐབས་སོ། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །ཞེས་པ་སྔར་བཤད་པ་བཞིན་དུ་ཡིན་ནོ། དོན་དམ་ཐབས་སྟེ་ཀུན་རྫོབ་ནི། ཤེས་རབ། ཞེས་པ། སྟོང་པ་ཉིད་ནི་དོན་དམ་པ་ཤེས་རབ་ཏུ་གསུངས་པ་ལ་ཐབས་སུ་བརྗོད་པ་ནི། གང་གིས་རྟེན་ཅིང་འབྲེལ་འབྱུང་བ། ཐུབ་པས་ཡང་དག་དོན་དུ་གཟིགས། །དེ་ཡིས་འགྲོ་བར་སྟོང་པར་མཁྱེན། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའི་ཐབས་ལགས་སོ་ཞེས་དཔལ་འཕྲེང་གི་མདོ་ལས་གསུངས་པ་དང་སྦྱར་བ་ཡིན་ནོ། །བཟློག་པའང་ཡིན་ཞེས་པ་ནི། སྔར་བསྟན་པའི་ཐབས་དང་ཤེས་རབ་ཐམས་ཅད་ཀྱང་ཕན་ཚུན་བཟློག་པ་ཡིན་ལ། ཁྱད་པར་དུ་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ཐབས་ཀྱི་རང་བཞིན་ཡིན་ཅིང་དེའི་རང་ངོ་སྟོང་པ་ཉིད་ནི་ཤེས་རབ་ཏུ་བཤད་པ་ཡིན་ནོ། །དེ་སོགས་དཔག་མེད་ཤེས་པར་བྱ་བ་ནི། ཕྱི་དང་ནང་དང་གཞན་ཐམས་ཅད་ལ་སྦྱར་བ་ཤེས་པར་བྱའོ། །གཞན་ཡང་ཁ་དོག་དང་ཡོན་ཏན་ལ་སོགས་པའི་ཐབས་དང་ཤེས་རབ་རྣམས་ནི་གོང་དུ་རླུང་གི་སྐབས་སུ་ཇི་སྐད་བསྟན་པ་བཞིན་ནོ། །བསྐྱེད་རྫོགས་ཀྱི་ངེས་པ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། །དབྱིབས་སྐུ་རླུང་དང་བརྗོད་པ་སྔགས། །ཡིད་ནི་ཐིག་ལེ་རྫོགས་རིམས་བརྗོད། །ཞེས་པ་ནི། བསྐྱེད་པའི་རིམ་པའི་མིང་གིས་བརྗོད་ན་ཟབ་མོའི་བསྐྱེད་པའི་རིམ་པ་ཞེས་ཀྱང་བྱ། རྫོགས་པའི་རིམ་པར་བརྗོད་པའི་དོན་ནི་སྤྱན་རས་གཟིགས་དབང་ཕྱུག་གིས། འདིར་ཇི་ལྟར་མངལ་གྱི་ལུས་རྫོགས་པ་དེ་ལྟར་ལྷ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་སྟེ་བསྙེན་པའི་ཡན་ལག་གོ །ཇི་ལྟར་ངག་རྫོགས་པ་དེ་ལྟར་ལས་རྒྱལ་མཆོག་སྟེ་ཉེ་བའི་བསྒྲུབ་པའོ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་དེ་ལྟར་ཐིག་ལེའི་རྣལ་འབྱོར་སྟེ་བསྒྲུབ་པའོ། །ཇི་ལྟར་ཁུ་བ་འཛག་པའི་བདེ་བ་བསྐྱེད་པ་དེ་ལྟར་ཕྲ་མོའི་རྣལ་འབྱོར་སྟེ་བསྒྲུབ་པ་ཆེན་པོའོ། །དེ་བཞིན་དུ་ཡན་ལག་བཞིའི་བསྒྲུབ་པའི་ཐབས་ནང་གི་ལེའུར་གསུངས་ཏེ་ཡང་དག་པར་རྒྱས་པར་བསྟན་པའོ་ཞེས་གསུངས་པའི་དོན་ནོ། །དེ་བཞིན་དུ་རྒྱུད་ཐམས་ཅད་ལས། སྐྱེ་བ་བསྐྱེད་རིམས་བསྟན་པ་སྟེ། །འཆི་བ་རྫོགས་རིམས་ཉིད་ཡིན་ནོ། །ཞེས་སྦྱང་གཞི་དང་སྦྱར་བ་གསུངས་སོ། །ཀུན་བརྟགས་བསྐྱེད་རིམས་ཤེས་བྱ་སྟེ། ཞེས་པ་རྟོག་པས་སྒྲོས་བཏགས་པའི་དབྱིབས་བསྒོམ་པ་རྣམས་སོ། །གཞན་དབང་འབྲེལ་བ་རྫོགས་རིམས་བཤད། །ཅེས་པ་རྣམ་པ་དང་བཅས་པ་རྣམས་བསྡུས་ནས་གོང་བུ་དང་ནཱ་ད་ལ་སོགས་པའི་རྣམ་པར་ཤེས་པ་ཙམ་ལ་སེམས་འཛིན་པ་ནི་གཞན་དབང་གིས་ངོ་བོ་ཉིད་ཡིན་ནོ། །མཐར་ཐུག་པའི་གནས་ལུགས་ཀྱི་བསྐྱེད་རྫོགས་ཆེན་པོ་ནི་སྣང་བ་ལ་འཛིན་པ་ཐམས་ཅད་དང་བྲལ་བའི་ཀུན་རྫོབ་བདེན་པ་བསྐྱེད་རིམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་འགྲུབ་པའི་ཕྱིར་རོ། །སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རྫོགས་པའི་རིམ་པ་ནི་དོན་དམ་བདེན་པ་སྟེ་ཐམས་ཅད་དེ་ལ་རྫོགས་པའི་ཕྱིར་རོ། །དོན་འདི་ཡང་། ང་ཡིས་སྔར་ནི་བཤད་པ་ཡི། །བདེན་པ་གཉིས་ལ་བརྟེན་པ་ཀུན། །རྣལ་འབྱོར་པ་ཡིས་དངོས་ཀུན་གྱི། །བསྒོམ་པ་མངོན་པར་དགའ་བར་བརྗོད། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་སྤྱོད། །རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །མྱ་ངན་འདས་པ་དེ་ལ་བསྟན། །རྒྱུད་འདི་ཡི་ནི་རྣལ་འབྱོར་པས། །བདེན་པ་གཉིས་ནི་ཡང་དག་བརྟེན། །ཞེས་ཀུན་ཏུ་སྤྱོད་པའི་རྒྱུད་ལས་གསུངས་པའི་དོན་ཡིན་ནོ། །གཞན་ཡང་བདེན་པ་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་པའི་རིམ་པ་སྟེ། ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རིམ་པས་བསྐྱེད་པའི་ཕྱིར་རོ། །དབྱེ་བ་མེད་པའི་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་ཉིད་རྫོགས་པའི་རིམ་པར་གསུངས་ཏེ། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་དོན་ཡིན་ནོ། །འཇུག་བསྡུ་བ་ནི། ཚིག་རྐང་དྲུག་སྟེ། དེ་ལ་སོགས་པ་ཐམས་ཅད་ཀྱང་ཕྱི་དང་ནང་དང་གཞན་གྱི་རིམ་པས་མཐར་ཐུག་པའི་འབྲས་བུ་ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི། རྡོ་རྗེ་ཐེག་པའི་རྩ་བ་མདོར་བསྡུས་བརྗོད་པ་ཡིན་ནོ། །ཇི་ལྟར་ཨེ་ཝྃ་བཤད་པ་བཞིན་ཞེས་པ་ནི་ཆོས་ཐམས་ཅད་ཨེ་ཝྃ་ཐབས་དང་ཤེས་རབ་ཀྱི་གནས་ལུགས་སུ་བསྡུས་ནས་གསུངས་ཏེ། ཧེ་བཛྭ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པའོ། །མདོར་ན་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་འཛིན་པ་མེད་པའི་ངང་ནས་སྦྱང་བར་བྱའོ། །ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་བསྟན་ཟིན་ཏོ།། །།དེ་ནས་དགུ་པ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་སྦྱོང་བྱེད་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པ་འདིར་ནི་བསྟན་པར་བྱ། །ཞེས་བྱ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དག་པ་དང་མ་དག་པའི་ཆོ་འཕྲུལ་ལས་སྣང་བའི་ཚུལ་སྔར་བསྟན་པ་བཞིན་དང་། ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་སྐབས་སུ་བཤད་པ་བཞིན་སྦྱང་གཞི་ཐམས་ཅད་ལ་སྦྱོང་བྱེད་ཀྱི་གཉེན་པོ་ལྷའི་དཀྱིལ་འཁོར་ལ་སོགས་པ་བསྟན་པའི་ངེས་པ་བཤད་པར་བྱའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། ཡང་དག་པའི་བདེན་པ་གཉིས་བཤད་པ་དང་། དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་པར་རྟོག་པ་སྤང་བ་དང་། སྤང་གཉེན་གྱི་རྩ་བ་དང་། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་དང་། རྒྱས་བཤད་དང་། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་ལ་སྦྱར་བའོ། །དང་པོ་ནི་ཚིགས་བཅད་ཕྱེད་དང་གསུམ་སྟེ། རྡོ་རྗེའི་ཐེག་པ་ཆེན་པོ་ལས་ཡང་དག་པའི་འབྲས་བུ་ཡེ་ཤེས་དང་། དེ་ཉིད་དང་རྗེས་སུ་མཐུན་པའི་གཉེན་པོའི་ཤེས་པ་བསྐྱེད་པ་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་དག་ནི་དབྱེ་བ་མེད་པའི་ཕྱིར། འབྲས་བུ་ལམ་དུ་བྱེད་པ་ཞེས་སྨོས་སོ། །དོན་དམ་པར་ན་རྒྱུ་དང་འབྲས་བུ་དང་ལམ་དུ་ཉེ་བར་འདོགས་པ་དང་སེམས་པ་དང་རྟོག་པ་དག་གི་རྣམ་པར་རྟོག་པས། སྒྲོས་བཏགས་པ་ཙམ་སྟེ། དོན་ལ་ཡོད་པ་མ་ཡིན་ནོ། །དོན་དམ་པར་གང་ཞིག་ཡོད་ན་རྟོག་པའི་དྲ་བ་ཐམས་ཅད་ལས་འདས་པའི་སེམས་རང་བཞིན་གྱིས་དག་པའི་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་སྙིང་པོ་དག་ནི་ཡོད་པས་དེའི་ཚུལ་བརྗོད་པ། །སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །ཞེས་སྨོས་སོ། །དེ་ལ་སངས་རྒྱས་ཀྱི་སྙིང་པོ་ནི་སྔར་སྨོས་པའི་ཚོགས་བརྒྱད་ཀྱི་འཁྲུལ་པའི་དྲི་མ་མེད་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་བདེན་པ་གཉིས་ཀྱི་དོན་མངོན་སུམ་དུ་མ་བྱས་པ་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ལ་རྨོངས་ནས་ལྟ་བ་ཐ་དད་འཛིན་པས་འཁོར་བར་གྱུར་ཏོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྒྱུ་མ་ཇི་ལྟ་ཇི་ལྟ་བར། །དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། དེ་བཞིན་དུ་ནི་བརྟེན་ནས་བྱུང་། །ཇི་ལྟར་རི་མོ་མཁན་གྱིས་གཟུགས། །གནོད་སྦྱིན་འཇིགས་པ་བྲིས་པ་ཡིས། །དེ་ཡིས་བདག་ཉིད་སྐྲག་པ་ལྟར། །མི་མཁས་འཁོར་བར་དེ་བཞིན་ནོ། །ཇི་ལྟར་རང་གིས་འདམ་གཡོས་པས། །བྱིས་པ་འགའ་ཞིག་བྱིང་པ་ལྟར། །དེ་བཞིན་རྟོག་པའི་འདམ་བྱིང་བས། །སེམས་ཅན་རྣམས་ནི་འབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡིས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཡུལ་དང་ཤེས་པ་དེ་དག་ཏུ། །རྣམ་པར་རྟོག་པའི་དུག་གིས་བཅིངས། ཞེས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ་བཞིན་དུ་འཁྲུལ་པར་གྱུར་པ་ཡིན་ནོ། །དེ་ལ་ལྟོས་ནས་སངས་རྒྱས་ཐོབ་བོ་ཞེས་ཀུན་རྫོབ་ཀྱི་བདེན་པ་ལ་སྨྲ་བར་འགྱུར་ཏེ། དེ་ཡང་ཇི་ལྟར་ཞེ་ན། །དེ་དག་སྙིང་པོ་མེད་མཐོང་བས། །ཤེས་རབ་སྙིང་རྗེའི་ཡིད་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྫོགས་སངས་རྒྱས་ལ་སྦྱར་བར་བྱ། །དེས་ཀྱང་ཚོགས་བསགས་ཀུན་རྫོབ་ཏུ། །བླ་ན་མེད་པའི་བྱང་ཆུབ་འཐོབ། །རྟོག་པའི་འཆིང་བ་རྣམས་ལས་གྲོལ། །ཞེས་གསུངས་པ་ཡིན་ནོ། །འོ་ན་སེམས་ཅན་དང་སངས་རྒྱས་སུ་བཏགས་པ་དང་སྣང་བ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་དོན་དམ་པའི་བདེན་པ་ཉིད་ནི་ཇི་ལྟ་བུ་ཞེ་ན། གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པས་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། སྟོང་པ་ཉིད་གྱི་རང་བཞིན་ནོ། །ཞེས་བྱ་བ་འདི་བསྟན་པར་བཞེད་ནས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཞེས་བྱང་ཆུབ་སེམས་འགྲེལ་ལས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྟེ། དེ་ལྟར་བདེན་པ་གཉིས་པོ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་གསུངས་པའི་ལུང་འདིར་བསྡུས་པ། ཀུན་རྫོབ་བཟུང་འཛིན་སྣང་བ་སྟེ། བདེན་པ་ཆུ་ཟླ་ལྟ་བུའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །ཞེས་སྨོས་ཏེ། ཀུན་རྫོབ་ནི་ཐམས་ཅད་མི་བདེན་པ་ཞེས་བྱ་བའི་སྒྲ་ཡིན་པས་བཟུང་བ་དང་འཛིན་པ་གཉིས་སུ་ཀུན་བརྟགས་པ་ནི་རྣམ་པ་ཐམས་ཅད་དུ་མེད་པ་དག་ཡིན་ཏེ། འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང་། །དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། ཞེས་ཀུན་བརྟགས་པའི་བཟུང་བ་དང་འཛིན་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་དུ་གསུངས་སོ། །འོ་ན་བདེན་པ་ཇི་ལྟར་བཞག་ཅེ་ན། མེད་བཞིན་དུ་སྣང་བ་ཙམ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། བསླུ་བ་མེད་པའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ཉིད་དོན་དམ་པའི་བདེན་པ་མ་ཡིན་ནམ། གང་བསླུ་བ་མེད་པ་དེ་ནི་དོན་བྱེད་ནུས་པ་ཚད་མ་ཉིད་དང་འབྲེལ་བ་ཡིན་པས། །དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་དོན་དམ་ཉིད་དུ་བརྗོད། །ཅེས་རིགས་པའི་གཞུང་ལས་བྱུང་བ་མ་ཡིན་ནམ། ཞེ་ན། འདི་ཡང་རྣམ་གྲངས་ཀྱིས་དོན་དམ་པར་བཞག་པ་ཡོད་མོད་ཀྱི་ཆོས་ཉིད་ཀྱི་རིགས་པའི་རྗེས་སུ་འབྲེལ་བ་དག་ནི། སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་སྔར་སྨོས་པ་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། ཞེས་བྱ་བ་དང་། ཀུན་རྫོབ་དེ་ལ་ཡང་ཀུན་རྫོབ་ཉིད་དང་བདེན་པ་གཉིས་སུ་དབྱེ་བར་འདོད་ནས། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པའི་ཕྱིར་དེ་ལྟར་བཤད་པའི་བདེན་པ་གཉིས་པོ་འདི་ཡང་ཆོས་རྣམས་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་པས། གཅིག་པ་དང་ཐ་དད་པ་གང་དུ་ཡང་བརྗོད་དུ་མེད་དོ། །ཚུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྟོགས་ཤིང་བསྟན་པའི་ཆོས་ཐམས་ཅད་ཀྱི་དོན་ཀྱང་ཡིན་ཏེ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་མི་ཤེས་པ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་སྨྲ་བར་འདོད་པའི་དོན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ན། །ཐ་སྙད་ཀྱི་བདེན་པ་གཉིས་པ་འདི་ཅི་དགོས་སྙམ་ན། དེ་ལ་བཤད་པར་བྱ་སྟེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། མྱ་ངན་འདས་པ་ཐོབ་མི་འགྱུར། གང་གི་ཕྱིར་ཐ་སྙད་ལ་མ་རྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་འཐོབ་པར་མི་འགྱུར་བ་དེའི་ཕྱིར་བདེན་པ་གཉིས་ཀ་གདགས་དགོས་སོ་ཞེས་གསུངས་པས་ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཡང་དག་པའི་རྟོག་པ་དང་ལྟ་བ་འབྱུང་བས། དེར་རྟོག་བྱེད་པའི་རྟོག་པས་བསྐྱེད། གཉེན་པོའི་སྦྱོང་བྱེད་ཡིན་པར་བཤད། ཅེས་སྨོས་པ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་དོན་སངས་རྒྱས་ཀྱི་སྙིང་པོ་རུ་འཆད་པ་འདི་སྔགས་ཀྱི་གཞུང་རྣམས་དང་རྣལ་འབྱོར་སྤྱོད་པའི་གཞུང་རྣམས་ལ་འཐད་ཀྱིས། དབུ་མའི་གཞུང་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་དང་ཁམས་ཡོད་པར་བསྟན་པ་མེད་དོ་སྙམ་དུ་རྟོག་པའི་དབུ་མ་པ་དག་གི་ཚིག་གི་རྗེས་སུ་འཁྲུལ་པར་མི་བྱ་སྟེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམས་ཀྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་རྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེའི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་བ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཤིང་འདིའི་མིང་གི་རྣམ་གྲངས་ནི། རྒྱུད་བླ་མ་ལས། སེམས་ཀྱི་རྣམ་པར་དག་པའི་ཁམས། །འདིའི་རང་བཞིན་ཆོས་སྐུ་དང་། དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པར་གསུངས་ཤིང་། དཔེ་དགུས་ཉོན་མོངས་པ་ཇི་སྙེད་པ་མདོར་བསྡུས་པས་དྲུག་བཅུ་རྩ་བཞི་རྣམ་པར་སྦྱངས་པ་ལས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རྩ་བཞི་སྣང་བར་བྱེད་པ་སྦྱང་གཞི་དང་སྦྱོང་བྱེད་ཀྱིས་ཡོངས་སུ་སྦྱོང་བ་འཐད་པ་དང་བཅས་པ་གསུངས་པའི་དོན་གྱིས་ན་འདིར་ཡང་། སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། ཞེས་སྨོས་པ་ཡིན་ནོ། །དེ་ལྟར་སྔགས་ཀྱི་ཚུལ་གྱིས་ཡང་དག་པའི་ལྟ་བ་ཞེས་བྱ་བ་ཟུང་འཇུག་མཐའ་བྲལ་ཆེན་པོའི་བདེན་པ་གཉིས་ཀྱི་ཚུལ་བཤད་ནས། །ད་ནི་དེའི་ཚུལ་མ་རྟོགས་པ་རྣམས་ཀྱི་ཞེ་འདོད་སྤང་བར་བསྟན་པ་ལ་ཡང་། ཕྱི་རོལ་པ་དང་། ཐེག་པ་དམན་པའི་གྲུབ་མཐའ་གཉིས་ལས། དང་པོ་ནི། ཚིག་རྐང་ལྔ་ལས། །ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །རྣམ་རྟོག་གིས་བྱས་ཤེས་བྱ་ཡིན། །ཞེས་པ་ནི། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། ལྷའི་བླ་མ་ཕུར་བུ་དང་། ར་མ་ན་དང་། གྲངས་ཅན་གཅེར་བུ་པ་རྣམས་ཀྱིས་རྣམ་པར་རྟོག་པས་བརྟགས་པའི་གྲུབ་པའི་མཐའ་རྣམས་ཏེ། །འདི་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། །གང་གི་རིག་བྱེད་རང་བྱུང་དང་ནི་སྐྱེ་བོ་རྣམས་ཀྱི་སྐྱེ་གནས་ཁ་ལག་རྐང་པ་ལ་སོགས་དང་། །རྟའི་མཆོད་སྦྱིན་ལས་གཞན་ཆོས་ནི་གཞན་ན་ཡོད་མིན་ཞེས་བྱ་དེ་ནི་ཚངས་པས་བསྟན་པ་ཡིན། །བྱེད་པོའི་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་སྟོང་ཉིད་ཉམས་པའི་ཆོས་ཅན་དང་། །བྱེད་པ་པོ་དང་རྒྱུ་དང་འབྲས་བུ་རྣམས་ནི་འདིར་ནི་གསལ་བར་ཁྱབ་འཇུག་གིས་ནི་བསྟན་པའོ། །ལམ་ནི་དྲུག་དང་དེ་ཉིད་ལྔ་དང་མ་ལུས་མཆོག་གི་གོ་འཕང་དང་ནི་གཞན་ཡང་སྔགས་ཀྱི་ལུས། །རིག་པ་བདག་དང་ཡང་དག་ཞི་བ་ཉིད་དང་རྣམ་གསུམ་ལམ་དུ་འགྲོ་དང་སྦྱོར་དང་སྟོང་པའི་དངོས། །ཐིག་ལེས་ཕྱེ་བ་ཞི་བ་ཉིད་དང་ཚིགས་འཚམས་བཅུ་གཉིས་དབྱེ་བས་མ་ལུས་ལུས་སུ་སོན་པ་ནི། །གང་དུ་འདི་དག་ཐམས་ཅད་ངེས་པར་གང་ལ་བསྟན་པར་འགྱུར་བ་དེ་ནི་ཞི་བས་བསྟན་པ་ཡིན། །དབང་ཕྱུག་དང་ནི་ལས་ཀྱི་རྣམ་སྨིན་མེད་ལ་ཡོན་ཏན་ཡུལ་ནི་འབྱུང་བའི་ཚོགས་ལ་ལོངས་སྤྱོད་དོ། །དེ་མེད་པས་ན་འབྲས་བུ་མེད་པ་རྣམས་ནི་གསལ་བར་ལྷའི་བླ་མས་བསྟན་པར་རིག་པར་བྱ། །སྟག་གཟིག་རྣམས་ནི་ལོངས་སྤྱོད་དོན་དུ་རྒྱུ་བཅས་རྒྱུ་བ་མེད་པ་མ་ལུས་བྱེད་པ་པོ་ཡིས་བསྐྱེད། མི་རྣམས་མཐོ་རིས་པ་ཡང་ངེས་པར་དགའ་བ་ཡིས་ནི་འགྱུར་ཏེ་ར་མ་ན་ཡིས་བསྟན་པ་ཡིན། །དུས་གསུམ་པོ་དང་རྫས་དྲུག་དང་ནི་གནས་ཀྱི་རྣམ་བཞག་དགུ་དང་སྲོག་ནི་ཅུང་ཟད་ལུས་དྲུག་ལ། །སྐུ་ལྔ་གཞན་ཡོད་པ་དང་བརཏལ་ཞུགས་དུལ་བར་འགྲོ་བ་ཡེ་ཤེས་སྤྱོད་ལམ་རྣམས་ཀྱིས་དབྱེ་བ་དང་། །སྲོག་ནི་ལུས་ཀྱི་ཚད་ཙམ་སྲིད་པ་དཔག་ཏུ་མེད་པ་རྣམས་སུ་རྟག་པ་ཡིས་ནི་ཐར་པ་ལ། །གང་དུ་ཐར་པའི་ཚད་ནི་སྟེང་དུ་སྨོས་པ་རྣམས་ནི་རྒྱལ་བ་ཡིས་ནི་ཡང་དག་བསྟན་པ་ཡིན། །ཞེས་མུ་སྟེགས་པ་རྣམས་ཀྱི་སོ་སོའི་རང་གཞུང་གྲུབ་པའི་མཐའ་རྣམས་གསུངས་ནས། འདི་རྣམས་ཐམས་ཅད་ལོག་པར་ལྟ་བ་ཡིན་པས་དགག་པའི་ཚུལ་ནི། གཞུང་འདི་ཉིད་ཀྱི་རྗེས་སུ་ཡང་རྒྱས་པར་གསུངས་ལ། དབུ་མ་དང་ཚད་མའི་བསྟན་བཅོས་རྣམས་སུ་ཡང་དང་ཡང་དུ་གསུངས་ཤིང་། འདིར་ཡི་གེ་མངས་བར་འགྱུར་བའི་ཕྱིར་མ་བཀོད་དོ། །དེས་ན་རྒྱུ་དང་རྐྱེན་ལྡན་པ་དང་འདུ་བའི་འབྲེལ་བ་འདོད་པའི་གྲངས་ཅན་པ་རྣམས་དང་། མེད་འཛིན་སོགས་ཞེས་པ་ནི་ཆད་པར་ལྟ་བ་རྒྱང་འཕེན་པ་སྟེ། མུ་སྟེགས་པ་ཐམས་ཅད་འདི་གཉིས་སུ་འདུས་ཤིང་ལྟ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ལུས་སེམས་ཀྱི་བཟུང་འཛིན་ལ་བརྟེན་ནས་བྱུང་བར་བཅོམ་ལྡན་འདས་ཀྱིས་ཚངས་པ་དྲ་བའི་མདོ་ལས་གསུངས་ཏེ། དེ་ལྟ་བུའི་ལྟ་བ་ངན་པ་དག་ལ་འཆོལ་བའི་སེམས་ཅན་རྣམས་མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པ་དག་གིས་བཟློག་ནས་ཡང་དག་པའི་ལམ་དུ་དྲང་བར་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཡིན་ནོ། །ཐེག་པ་དམན་པའི་གྲུབ་མཐའ་ནི། ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ། དང་པོ་ཕྱི་རོལ་གྱི་ཡུལ་ལ་འཁྲུལ་པའི་ཆ་ནི། ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཀུན་གཞི་ཡིད་བཅས་ཡུལ་སྣང་གི །ནུས་པ་མ་རྟོགས་དབང་གིས་ཏེ། །ཞེས་བྱ་བ་ནི། རང་གི་སྡེ་པ་ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཕྱི་རོལ་གྱི་དོན་སེམས་ལས་གཞན་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་དང་ཆ་མེད་པ་བསྐོར་བ་བར་བཅས་དང་བར་མེད་ལ་སོགས་ཕྱི་རོལ་གྱི་དོན་མངོན་སུམ་པ་དང་། ཕག་ན་མོ་ལ་སོགས་པ་འདོད་པ་དེ་དག་ཀྱང་། ཀུན་གཞི་ཡིད་དང་བཅས་པའི་ནུས་པ་ཕུལ་དུ་སྣང་བའི་ཆ་མ་རྟོགས་པས་དོན་གཞན་དུ་རྟོག་པའི་འཁྲུལ་པ་བྱུང་བ་ཡིན་གྱི་རྣམ་པར་ཤེས་པ་ལས་ཐ་དད་པ་ནི་གཞན་དུ་བདེན་པ་མེད་དོ། །འོན་ཀྱང་བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་རྟོག་པའི་གཉེན་པོ་རྡུལ་ཕྲ་རབ་ལ་སོགས་པ་ཁམས་ཀྱི་རང་བཞིན་གསུངས་པས། འོན་ཀྱང་བདག་སོགས་བྱེད་པ་པོ། །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད། །ཞེས་སྨོས་སོ། །དེ་ཡང་བྱང་ཆུབ་སེམས་འགྲེལ་ལས། གཟུང་དང་འཛིན་པའི་ངོ་བོ་ཡིས། རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །ཕྱི་དོན་རྣམ་པ་ཀུན་ཏུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །བདག་དང་གང་ཟག་བཏགས་པར་བརྗོད། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཅེས་པ་རང་གི་སྡེ་པ་ཉན་ཐོས་འགའ་ཞིག་གང་ཟག་གི་བདག་ལ་སོགས་པ་ཡོད་པར་སྨྲ་བ་དེ་དག་ཀྱང་མིང་གིས་བཏགས་པ་ཙམ་དུ་ཡིན་གྱི་བདེན་པའི་གང་ཟག་གི་རྫས་གྲུབ་པ་ཡོད་ན། རྫས་དེ་འཁོར་བ་ཉིད་ཡིན་ན་ནི་མྱ་ངན་ལས་འདས་པ་མི་འཐད་པ་དང་། རྫས་དེ་མྱ་ངན་ལས་འདས་པ་ཡིན་ན་ནི་འབད་པ་མེད་པར་ཐར་པར་རིགས་པའི་སྐྱོན་ཡོད་པས། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཡོད་ན་འབད་མེད་ཐར་པའམ། །ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། །ཞེས་སྨོས་སོ། །འདི་ནི་རྒྱས་པར་མདོ་སྡེ་རྒྱན་ལས། །གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པའི་དོན་ཡིན་ནོ། །དེ་སོགས་སེམས་ལ་སྣང་བ་ཡི། །སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། །ཞེས་བྱ་བ། སེམས་ལ་སྣང་བའི་རྒྱུ་འབྲས་རྣམས་སྔར་གོང་དུ་བརྗོད་པ་དང་། ཡང་ཐམས་ཅད་སེམས་སུ་ཤེས་པས་ལྟ་བ་ངན་པ་རྣམས་སྤོང་ལ་སེམས་སུ་འཛིན་པ་ཡང་སྤངས་པས་ཡང་དག་པའི་དོན་མཐོང་བར་འགྱུར་སྟེ། བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། སྟོང་ཉིད་བདག་ཉིད་གཅིག་པུ་ཡི། ངོ་བོ་སེམས་ལ་བཏགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པ་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་སོ། །དེ་བཞིན་དུ་རྣམ་པར་རིག་པ་བདེན་པ་སྤང་པ་ལ་སོགས་པ་རྣམས་ཀྱང་རྒྱ་ཆེར་གསུངས་པས་ཐེག་པ་ཆེན་པོ་དང་ཐམས་ཅད་ལ་འཇུག་པའི་ཚུལ་བདེན་པ་གཉིས་ཀྱི་གནས་ལུགས་རྟོགས་པར་བྱའོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདིར་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ལུས་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། རྩ་རླུང་ཐིག་ལེའི་ངེས་པས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་སྤང་གཉེན་དེ་བཞིན་གཤེགས་པས་གསུངས་པ་འཕགས་པ་ཀླུ་སྒྲུབ་གྱི་ཞལ་སྔ་ནས་ཀྱང་། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བ་ཡིན། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡོངས་རྟོགས་ན། །དེ་ནི་སོ་སོ་རང་རིག་ཉིད། །ཅི་འདྲ་ཞེས་བྱ་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་བརྗོད་པས། །དེ་ནི་དངོས་པོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་ཡིན། །རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། མཁས་རྣམས་རབ་ཏུ་འཇུག་པ་ཡིན། ཞེས་གསུངས་པ་ལྟར་དུ། །ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། ཞེས་སྨོས་པ་འཛམ་བུའི་གླིང་དུ་སྐྱེས་པའི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ལ་གནས་སྐབས་བཞིའི་ཚེ་མཐར་ཐུག་པ་ནི་ལོ་བརྒྱ་གསུངས་ལ་དེ་ཡང་ཕྱི་རོལ་གྱི་ཉིན་ཞག་བསྒྲང་པའི་ལོས་འཇོག་པ་མ་ཡིན་གྱི་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པས་དེའི་ལོ་རྣམ་པར་བཞག་སྟེ། དེའི་ཕྱིར་ཤིན་ཏུ་ཕྲ་བ་ལུས་ལས་སྐྱེས་པའི་སྲིན་བུ་རྣམས་ནི་མིའི་ཞག་གཅིག་ལ་ལོ་བརྒྱ་རྫོགས་ཤིང་ཆེ་བ་འོག་མིན་གྱི་ལྷ་ཡི་དབུགས་འབྱུང་རྔུབ་གང་ཡིན་པ་མི་རྣམས་ཀྱི་ལོ་གཅིག་སྟེ་མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་བྱས་པའི་དེས་བསྒྲེས་པའི་རང་ལོ་བརྒྱ་ནི་ཚེ་ཚད་དེ་ཤག་ཏིའི་ཚེ་ཞེས་བཤད་དོ། །ཤག་ཏིའི་ལོ་ལ་འབར་དུ་ཞེས་བྱ་བ་གཟུགས་མེད་པ་གོང་མའི་དབུགས་གཅིག་སྟེ་འདི་ཡང་རང་ལོ་བརྒྱའི་མཐར་ཐུག་པ་སྟོན་པས་ཁམས་གསུམ་པ་ཐམས་ཅད་ཚེ་ལོ་བརྒྱ་པར་འཆད་དོ། །དུས་མ་ཡིན་པར་འཆི་བ་ནི་ལས་ཀྱི་དབང་གིས་ཏེ་ཚེ་མ་རྫོགས་པར་འཆི་བར་འདོད་པས་རྒྱུ་མཚན་དེས་ན་སེམས་ཅན་རྣམས་ཀྱི་རང་རང་གི་ལོ་བརྒྱའི་ཚེ་གཅིག་ལ་ཁམས་ཀྱི་རླུང་ཇི་སྙེད་ཡོད་པ་སྦྱང་གཞི་ཡིན་པས་དེ་ལ་གྲངས་སུ་ཡོད་ཅེ་ན་བསྡོམས་ན་བྱེ་བ་བདུན་བཅུ་བདུན། ས་ཡ་བདུན་དང་འབུམ་ཕྲག་དྲུག་ཡོད་པས་སྦྱང་གཞི་དེ་སྦྱོང་བའི། ཞེས་སྨོས་ཏེ་དེ་ལ་གཉེན་པོ་ཡེ་ཤེས་ཀྱི་རླུང་སྔར་བསྟན་པ་ལྟར་དབུགས་རེ་རེ་ལ་ཡང་ཆ་ཤས་ཡོད་པའི་ཕྱིར་དེ་དང་རྗེས་སུ་མཐུན་པར་སྦྱང་གཞིའི་དབུགས་གྲངས་ཇི་སྙེད་པ་རྣམས་ནི་རྣམ་པར་རྟོག་པའི་གྲངས་ཡིན་ཏེ་རྣམ་པར་རྟོག་པ་དེ་སྤྱོད་པའི་གཉེན་པོ་རྣམ་པར་དཀར་བའི་ཆོས་ཀྱི་སྒོའི་གྲངས་ཀྱང་དེ་སྙེད་དུ་འགྱུར་བས་ཆོས་ཀྱི་སྒོ་ཡང་བྱེ་བ་བདུན་བཅུ་རྩ་བདུན་དང་། ས་ཡ་ཕྲག་བདུན་དང་། འབུམ་ཕྲག་དྲུག་གོ །དེ་དག་ལས་རགས་རིམས་བསྡུས་པས་བརྒྱད་ཁྲི་བཞི་སྟོང་ཞེས་གྲགས་སྟེ་དེའི་ཕྱིར་ན་ཆོས་སྒོ་དེ་དང་མཉམ་པ་ཡིན། བརྒྱད་ཁྲི་བཞི་སྟོང་རགས་རིམས་གྲངས། ཞེས་སྨོས་པ་ནི་སྤང་གཉེན་གྱི་རྩ་བ་རྣམས་བསྟན་པའོ། །ད་ནི་བྱེ་བྲག་ཏུ་གཉེན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ལ་ཚིགས་སུ་བཅད་པ་བཞི་སྟེ་སྔར་བསྟན་པའི་ལོ་བརྒྱའི་ལས་རླུང་ཐམས་ཅད་ལས་བྱེ་བྲག་ཏུ་དེ་ལ་ཡེ་ཤེས་རླུང་ཇི་སྙེད། རྒྱུ་བ་མྱ་འདས་ལམ་ལྡན་པ། །གཉེན་པོ་མཆོག་སྟེ་བླ་མེད་རྒྱུད། ཞེས་སྨོས་ཏེ་ལོ་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་ཞག་རེ་ལ་དྲུག་བརྒྱ་བདུན་བཅུ་རྩ་ལྔ་རེ་རྒྱུ་བ་དེ་རྣམས་ཐམས་ཅད་བསྡོམས་པས་ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་དེ་དེ་ཐམས་ཅད་ནི་རྡོ་རྗེའི་ཐེག་པའི་རྒྱུད་ཀྱི་ཡན་ལག་གི་གྲངས་སུ་བརྗོད་ཅིང་དེ་རྣམས་སྡེ་ཚན་དུ་བསྡུས་ན་དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། ཞེས་པ་ནི་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་སྟེ། དེ་ལས་ཀྱང་བྱེ་བྲག་དུ་ལོ་གསུམ་གྱི་ཞག་ནི་སྟོང་བརྒྱ་བཅུའོ། །དེ་ལ་རྒྱུད་ཐམས་ཅད་ཀྱི་རྩ་བ་རྣམ་པ་གསུམ་དུ་འགྱུར་ཏེ་དེའི་ཕྱིར་ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ། ཞེས་སྨོས་སོ། །དེ་འདྲ་རེ་རེ་ལའང་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཀྱི་ཆ་གཉིས་གཉིས་ཡོད་པས་གཡས་གཡོན་གྱི་རྒྱུ་བ་གཉིས་གཉིས་སུ་ཕྱེ་ན་བསྒྲོད་པས་རིགས་དྲུག་གི་རྒྱུད་དུ་བཤད་དེ་རྡོ་རྗེ་སེམས་དཔའ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་རིགས་ཀྱི་རྣམ་པར་དབྱེ་བས་སོ། །དེ་ལ་ཟླ་བའི་རིམས་པས་དབྱེ་ན་སྐུའི་རྒྱུད་བཅུ་གཉིས་དང་གསུང་གི་རྒྱུད་བཅུ་གཉིས་དང་ཐུགས་ཀྱི་རྒྱུད་བཅུ་གཉིས་སྟེ་དེས་ན་ཟླ་བའི་དབྱེ་བས་རིགས་རྣམས་ནི། སུམ་བཅུ་སོ་དྲུག་རྒྱུད་དུ་བཤད། །ཅེས་སྨོས་པ་ཡིན་ནོ། རྒྱུད་སུམ་བཅུ་སོ་དྲུག་པོ་དེ་ལ་ཡང་གཡས་པ་དང་གཡོན་པ་ནས་འབྱུང་བའི་ཐབས་དང་ཤེས་རབ་ཀྱི་རིམ་པས་ཕྱེ་ན་རྩ་བའི་རྒྱུད་ཀྱི་གྲངས་སུ་འགྱུར་སྟེ། །གཡས་གཡོན་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་ཐབས་དང་ཤེས་རབ་རྒྱུད། །རྩ་རྒྱུད་བདུན་བཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། ཕྱག་གྲངས་དག་པར་གསུངས་པ་ཡིན། །ཞེས་བྱ་བའི་དོན་སྟེ་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔས་རྩ་བའི་རྒྱུད་བདུན་བཅུ་རྩ་གཉིས་པོ་འདིར་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་བསྡུས་ཤིང་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཆེན་པོ་ལས་བཅོམ་ལྡན་འདས་ཕྱག་བདུན་བཅུ་དོན་གཉིས་པའི་རྣམ་པར་དག་པ་གསུངས་ཏེ། ནང་གི་རྩ་བདུན་བཅུ་དོན་གཉིས་དང་། ལྟེ་བའི་རྩ་དབུ་མའི་འཕོ་བ་དང་བཅས་པའི་རླུང་བདུན་བཅུ་དོན་གཉིས་འདོད་པ་དང་མི་འདོད་པའི་རྣམ་པར་རྟོག་པ་བདུན་བཅུ་དོན་གཉིས་དང་དེ་ཐམས་ཅད་ཀྱི་གཉེན་པོའི་ཡེ་ཤེས་ཀྱི་གྲངས་སུ་གསུངས་སོ། །རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ་ཐོག་མར་དབྱངས་དང་གསལ་བྱེད་གྱི་ངེས་པ་ཨ་སོགས་དབྱངས་ནི་སུམ་བཅུ་དྲུག །ཀ་སོགས་དབྱེ་བ་དེ་དང་མཉམ། །ཞེས་པ་ཨ་ཨི་རྀ་ཨུ་ལྀ་རྩ་བ་ལྔའོ། །ཨ་ཨེ་ཨར་ཨོ་ཨལ་ཡོན་ཏན་ལྔའོ། །ཧ་ཡ་ར་ཝ་ལ། ཡ་ན་དྷེ་ཤ་སྟེ་རྐྱེན་ལས་གྱུར་པ་ལྔའོ། །དེ་ལྟར་ཐུང་ངུ་བཅོ་ལྔ་རིང་པོ་བཅོ་ལྔ་སྟེ་སུམ་བཅུ་དྲུག་པོ་ནི་རྩ་བའི་དབྱངས་ཏེ་གྲི་གུག་དང་དབྱུག་པ་ཐིག་ལེ་ཚེག་དྲག་ཐོང་གཤོལ་གྱི་རྣམ་པ་ལྟ་བུ་ལྔ་དང་ཨཱོཾ་དང་དྲུག་གོ། །གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙྱ་ཉ། ཊ་ཐ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། སྭ་སྭ་ཤ་ཥ་ཀྭ་སྟེ་སུམ་བཅུ་དང་ཧ་ཡ་ར་ཝ་ལ་ཀྵ་དྲུག་པོ་བསྣན་ན་སུམ་བཅུ་སོ་དྲུག་སྟེ་འདི་རྣམས་བརྗོད་བྱེད་ཡི་གེའི་གཙོ་བོར་གསུངས་ལ་རེ་རེ་ཡང་རྒྱུད་ཕྲན་སུམ་བཅུ་སྟེ། ཞེས་པ་དེ་ལྟར་ཀ་རྡོ་རྗེའི་རྒྱུད་ལྟ་བུ་ལ་དབྱངས་སུམ་བཅུས་བསྒྱུར་བས་ཀ་ཀི་ཀྲི་ཀུ་ཀླྀ་ཞེས་པ་ལྟ་བུ་རིང་ཐུང་སུམ་བཅུར་འགྱུར་བས་དབྱངས་དང་གསལ་བྱེད་ལྷན་ཅིག་པ་དགུ་བརྒྱ་སོ་སོར་ཕྱེ་ན་སྟོང་བརྒྱད་བརྒྱ་ཡིན་པས་ན། སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད་ཅེས་སྨོས་པ་ཡིན་ནོ། །དེ་ནི་དུས་སྦྱོར་གཅིག་གི་རླུང་གི་གྲངས་དང་མཉམ་པས་དུས་སྦྱོར་བཅུ་གཉིས་ལ་ཡོད་པའི་ཡི་གེའི་གྲངས་དང་རྒྱུད་ཀྱི་ཡན་ལག་མཉམ་པས་ན། ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་པ་སྟེ། །ཞེས་བསྟན་པ་ཡིན་ནོ། །འདི་ནི་ཞག་གཅིག་གི་རླུང་གི་གྲངས་ལ་འབྱུང་བ་དང་ལོ་གཅིག་གི་ཆུ་ཚོད་ལ་འབྱུང་བའི་དབྱངས་དང་གསལ་བྱེད་ཀྱང་ཡིན་ནོ། །དེ་ལ་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཐིག་ལེ་ཚེག་དྲག་གྲི་གུག་གསུམ་གྱི་རང་བཞིན་གྱི་རིང་ཐུང་གསུམ་དུ་འགྲོ་བར་ལོ་གསུམ་གྱི་ཡི་གེ་སྔར་བསྟན་པའི་རྒྱུད་ཀྱི་གྲངས་སུ་འགྱུར་རོ། །གཞན་ཡང་ཞག་གྲངས་ལ་སྦྱར་བ་ནི་གསལ་བྱེད་སུམ་བཅུ་དབྱངས་དྲུག་བསྒྱུར། །སུམ་བརྒྱ་དྲུག་བཅུ་རྩ་བའི་དབྱངས། །ཞེས་པ་ཀ་སྡེ་ལྔ་པོ་ལ་དབྱངས་དྲུག་གིས་བསྒྱུར་བས་སུམ་བཅུ་སྟེ་དེ་བཞིན་དུ་ཙ་ཊ་ཏ་པ་སྭའི་སྡེ་ཚན་རྣམས་ལ་བསྒྱུར་བས་ལོ་གཅིག་གི་ཞག་ལ་འཆར་བའི་དབྱངས་རྣམས་ཏེ་སྔར་སྨོས་པའི་ཉིན་མཚན་དབྱངས་ཀྱང་དྲུག་བཅུ་སྟེ། རྒྱུ་མཚན་དེས་ན་དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། ལོ་གཅིག་ཆུ་ཚོད་དབྱངས་མཐུན་ཕྱིར། །གསལ་བྱེད་དེ་དང་མཚུངས་པ་ཡིན། །ཞེས་སྨོས་ཏེ་སྔར་བསྟན་པ་ལ་དབྱེ་བ་བྱས་པ་ཡིན་ནོ། །ཞིབ་ཏུ་དབྱངས་འཆར་ནང་དུ་ལྟོས་ཞེས་པ་ནི་དུས་ཀྱི་འཁོར་ལོའི་ནང་ནས་འབྱུང་བ་དང་ཁོ་བོས་ཀྱང་རྩིས་བསྡུས་པར་བྱས་པས་དེར་ལྟོས་གཅིག་པའོ། །དེ་ལྟར་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་རྣམ་དབྱེ་བསྡུས་པར་བསྟན་པ་ཡིན་ཏེ་རྒྱ་ཆེར་ནི་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཉིད་རྒྱུད་ཐམས་ཅད་ཀྱི་ལྷ་དང་སྦྱར་བ་ནི་ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་རྩ་ཁམས་ལ་སྦྱར་བ་གཉིས་ལས་དང་པོ་ལ་ཡང་དུས་འཁོར་དང་སྡོམས་པ་ཆེ་ཆུང་དང་སྒྱུ་འཕྲུལ་དྲ་བ་དང་གསང་བ་འདུས་པ་དང་རྒྱུད་གཞན་ལ་སྦྱར་བ་དང་རྣམ་པ་ལྔ་ལས། དང་པོ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སྟེ། སྔར་གསུངས་པའི་རྒྱུད་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྣམས་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་ལ་སྦྱར་ནས་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་གཉིས་མེད་རྒྱུད། །དེ་དག་གཙོ་བོ་ཅུང་ཟད་བརྗོད། །ཞེས་འཚམས་སྦྱར་ནས་ལོ་གསུམ་ཟླ་ཕྱེད་གསུམ་གྱི་ལོ་གསུམ་གྱི་ཆ་ལ་དུས་ཀྱི་འཁོར་ལོ་དང་རྣལ་འབྱོར་མའི་རྒྱུད་དང་ཟླ་བ་ཕྱེད་དང་གཉིས་པོའི་ཞག་ལ་ཕ་རྒྱུད་ཀྱི་ལྷ་རྣམས་སྟོན་པས་དེའི་ཕྱིར་ལོ་གསུམ་ཞག་ལ་བདུན་གྱིས་བགོས་པས་བརྒྱ་དང་ལྔ་བཅུང་བཞིར་འགྲོ་སྟེ་དུས་འཁོར་ཉུང་ངུའི་ལྷ་གྲངས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་བརྒྱ་ལྔ་བཅུ་ང་བཞི་ཡིན་ནོ། བགོས་པས་ཐོབ་པའི་ཤུལ་དུ་ལྷག་མ་གཉིས་ལུས་པ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་གསུངས་སོ། །འཁོར་ལོ་སྡོམ་པ་ཆེ་ཆུང་ནི། ལོ་གསུམ་གྱི་ཞག་ལ་ཟླ་བའི་ཆ་བཅོ་ལྔའི་རྣམ་དག་གིས་འབྱུང་སྟེ། དེས་ན་ཟླ་བ་ཆ་ནི་བཅོ་ལྔ་སྟེ། དེས་ཕྱེ་བདུན་བཅུ་རྩ་གཉིས་སྟེ། །བདག་པོ་འཁྲིགས་བཅས་རྣལ་འབྱོར་མའི། །ངེས་བརྗོད་རྒྱུད་ཀྱི་ལྷ་རུ་བཤད། །བསྡུས་ན་དཔའ་མོ་སུམ་བཅུ་བདུན། །ཐབས་གཅིག་དང་བཅས་ལུས་ལ་གནས། ཞེས་སྨོས་པ་ཡེ་ཤེས་ཀྱི་རླུང་ལོ་གསུམ་པོ་ལ་བཅོ་ལྔས་བགོས་པས་བདུན་བཅུ་དོན་གཉིས་སུ་འགྱུར་བ་བདག་པོ་འཁྲིག་པ་དང་ལྷན་ཅིག་པའི་དཀྱིལ་འཁོར་གྱི་ལྷ་མོ་བདུན་བཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ནི་བདེ་མཆོག་ངེས་པར་བརྗོད་པ་འབུམ་པའི་ལྷ་ཡིན་ལ། རྩ་རྒྱུད་བསྡུས་པའི་དཔའ་མོ་སུམ་བཅུ་སོ་བདུན་ཐབས་དང་བཅས་པ་ཡིན་ནོ། །ཐབས་རྣམས་གཅིག་ཏུ་འཆད་པའི་རྒྱུ་མཚན་ཡང་ཀུན་སྤྱོད་ལས། ཐོད་པའི་དུམ་སོགས་འཁོར་ལོ་གནས། །ཉི་ཤུ་རྩ་བཞི་གཉིས་མེད་པས། །སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །དཔའ་བོ་ཉིད་དུ་བརྗོད་པ་ཡིན། །ཞེས་གསུངས་སོ། །ཐབས་ཀྱི་རྒྱུད་ཀྱི་ལྷ་ཡེ་ཤེས་ཀྱི་རླུང་ལས་ཇི་ལྟར་འགྲུབ་པ་ལས་སྒྱུ་འཕྲུལ་དྲ་བ་བཤད་པ་ནི་ཚིགས་བཅད་གཉིས་སྟེ་ཟླ་བ་ཕྱེད་པ་གསུམ་གྱི་ཞག་དེ་དག་ནི་ཁྱད་པར་དུ་ཐབས་ཀྱི་ལྷ་ཡིན་པས། དུས་སྦྱོར་རྒྱུ་བ་གཅིག་གཉིས་ཀྱིས་ཞག་བཞི་བཅུ་ཞེ་ལྔ་པོ་དེ་བསྒྱུར་ན་སྤྱིར་གྲངས་ལྔ་བརྒྱ་བཞི་བཅུ་འབྱུང་སྟེ་དེ་ལ་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ནི་ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དང་། ཞེ་ལྔ་དང་། ཞེ་གསུམ་གྱི་དཀྱིལ་འཁོར་རྣམས་གྲངས་སུ་བྱས་པས་ཉིས་བརྒྱ་བདུན་བཅུ་རྩ་བཞི་ཡིན་ནོ། གསང་བ་འདུས་པའི་ལྷ་རྣམས་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། དཔལ་ལྡན་འདུས་པའི་དཀྱིལ་འཁོར་གྱི་རྣམ་གྲངས་དྲུག་སྟེ་དབུས་ཀྱི་ལྷ་དགུའི་དཀྱིལ་འཁོར་དང་ལྷ་བཅུ་གསུམ་པ་དང་ལྷ་བཅུ་དགུའི་དཀྱིལ་འཁོར་དང་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དང་། ལྷ་སུམ་བཅུ་སོ་གཉིས་མ་དང་སུམ་བཅུ་སོ་བཞིའི་དཀྱིལ་འཁོར་རྣམས་འབྱུང་སྟེ། །ཐབས་དང་ཤེས་རབ་དབྱེ་བ་ཡིས། །ཉིས་བརྒྱ་དྲུག་བཅུ་རྩ་བཞིའོ། །དེ་ལྟར་སྒྱུ་འཕྲུལ་དྲ་བ་དང་གསང་བ་འདུས་པའི་ཡང་དཀྱིལ་འཁོར་གྱི་རྣམ་གྲངས་ཐམས་ཅད་བསྡུས་པ་ཡིན་ཏེ། ཐབས་ཀྱི་ཡེ་ཤེས་ཀྱི་རླུང་དང་རྣལ་འབྱོར་མ་རྒྱུད་རྣམས་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རླུང་ཡིན་པས། ཐབས་ཤེས་རབ་དང་བཅས་རྣམ་གྲངས་སོ། །ཞེས་བསྟན་པ་ཡིན་ནོ། །རྒྱུད་གཞན་ལ་སྦྱར་བ་ནི་ཚིག་བཅད་གཉིས་དང་རྐང་པ་གཅིག་སྟེ། དེ་ལ་རྒྱུད་གཞན་རྡོ་རྗེ་ཐོད་པ་དང་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་དགྱེས་པའི་རྡོ་རྗེ་ལ་སོགས་པ་མ་རྒྱུད་ཀྱི་དཀྱིལ་འཁོར་དེ་རྣམས་འཁོར་ལོ་སྡོམ་པའི་རང་བཞིན་ལོ་གསུམ་གྱི་ཡེ་ཤེས་ཀྱི་རླུང་གི་ནང་དུ་འདུས་པར་གསུངས་ཤིང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རྣམས་དང་རྟ་མགྲིན་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱང་གསང་བ་འདུས་པར་བསྡུ་ལ་ཆོས་དབྱིངས་ངག་དབང་གི་དཀྱིལ་འཁོར་དང་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་ཡིན་པས་དེ་ལྟར་ཕ་རྒྱུད་དང་མ་རྒྱུད་ཀྱི་དཀྱིལ་འཁོར་དེ་དག་གི་ཡན་ལག་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱང་འདུ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་རྣམས་ཀྱི་ལྷ་རྣམས་དེའི་ཡང་ཡན་ལག་ཏུ་འགྱུར་བ་ཡིན་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གི་རྣམ་གྲངས་ལས་འཕྲོས་པའི་ཆར་བྱང་ཆུབ་སེམས་དཔའི་འགྲེལ་པར་གསུངས་སོ། །དེས་ནི་ཡེ་ཤེས་ཀྱི་རླུང་ལ་ལྷ་ཐམས་ཅད་སྦྱར་བ་བཤད་ཟིན་ཏོ། །རྩ་ཁམས་ལ་སྦྱར་བ་ཡང་སྔ་མའི་རིམ་པས་འཆད་པ་ལས་དུས་ཀྱི་འཁོར་ལོའི་སྦྱར་བཤད་ནི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ་ཇི་ལྟར་ཡེ་ཤེས་ཀྱི་རླུང་གི་རྣམ་པར་དབྱེ་བ་ལྟར་རྩ་ཡང་དེ་བཞིན་དུ་གསུངས་པ་ནི། སྙིང་གར་སྲོག་གི་རྩ་ཨ་བ་དྷུ་ཏི་དང་རླུང་ནི་དུས་ཀྱི་འཁོར་ལོའོ། །རོ་རྐྱང་གཉིས་ནི་ཞབས་ཀྱི་རང་བཞིན་སྟེ། འཁོར་ལོའི་དབུས་ཀྱི་རིགས་དྲུག་ནི་སངས་རྒྱས་དྲུག་དང་དེའི་སྙིང་གའི་རྩར་དུ་བ་མ་ལ་སོགས་པའི་ལྷ་མོ་རྣམས་དང་། ཡེ་ཤེས་ཀྱི་སྣང་བ་ནི་ཕྱག་རྒྱ་ཆེན་མོ་ཡིན་པས། །སྙིང་ཁར་སངས་རྒྱས་ལྷ་མོ་བརྒྱད། །ཡེ་ཤེས་སྣ་ཚོགས་ཡུམ་དུ་བཤད། །ཅེས་སྡེབ་སྦྱོར་གྱི་དབང་གིས་སྨོས་སོ། །བུམ་པ་བརྒྱད་ནི་ནང་དུ་གཤང་གཅི་ཤ་དང་རྐང་ཁུ་ཁྲག་རྣམས་ཡིན་ཏེ་གཙུག་ཏོར་གྱི་རྩ་བཞི་ནི་ནོར་བུ་གྷཎྜྻི་དཔག་བསམ་ཤིང་དང་དུང་གི་རང་བཞིན་ནོ། །ངོ་བོའི་དབྱེ་བས་ཕུང་པོ་དྲུག་དང་ཁམས་དྲུག་ནི་སངས་རྒྱས་ཡུམ་དང་བཅས་པ་རྣམས་སོ། །མིག་ལ་སོགས་པ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་ནི། བྱང་ཆུབ་སེམས་དཔའ་ལྷ་མོར་བཅས་པའོ། །རྐང་པ་ལ་སོགས་པ་ལས་ཀྱི་དབང་པོ་རྣམས་དང་དེའི་ལས་དང་བཅས་པ་རྣམས་ནི་ཁྲོ་བོ་བཅུའོ། །ལྟེ་བའི་རྩ་བདུན་བཅུ་དོན་གཉིས་པོ་ནི་འཇིགས་མ་ལ་སོགས་པའི་རྣལ་འབྱོར་མ་བདུན་བཅུ་དོན་གཉིས་གསུང་གི་དཀྱིལ་འཁོར་གྱི་རང་བཞིན་ནོ། །ཚིགས་ཆེན་བཅུ་གཉིས་ཀྱི་རྩའི་འཁོར་ལོ་རྩ་སུམ་བརྒྱ་དྲུག་བཅུ་ནི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་བཞིན་དུ་གནས་སོ། །སོར་ཚིགས་ཀྱི་རྩ་རྣམས་ནི་ཀླུ་རྣམས་དང་གཏུམ་མོ་རྣམས་སོ། །བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུ་རྣམས་ནི་འབྱུང་པོའི་རང་བཞིན་ནོ། །འདོད་པའི་རྟོག་པ་སུམ་བཅུ་སོ་དྲུག་མི་འདོད་པའི་རྟོག་པ་སུམ་བཅུ་སོ་དྲུག་ཀུན་གསུང་དང་སྐུའི་དཀྱིལ་འཁོར་གྱི་མཆོད་པའི་ལྷ་མོ་རྣམས་ཡིན་པས་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་རྩ་ཁམས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཕན་ཚུན་རྒྱས་གདབ་དང་བཅས་པས་དབྱེ་བས་སྟོང་བརྒྱད་བཅུའི་དཀྱིལ་འཁོར་དུ་འགྱུར་རོ། །དཔལ་འཁོར་ལོ་སྡོམ་པ་བཤད་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ནི་ཞེས་པ་ནས་ཚིགས་བཅད་ཕྱེད་དང་གསུམ་སྟེ། རྩ་གསུམ་བདུད་བྲལ་དང་བཅས་པ་ནི་གཙོ་བོ་ཡབ་ཡུམ་དང་སྔར་བསྟན་པ་བཞིན་སྙིང་གར་ཡུམ་བཞི་མཆོད་པ་བཞི་ཡིན་ལ་རྩ་ཆེན་ཉེར་བཞི་ནི་རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་ཡིན་ཅིང་དེའི་ནང་ནས་འབབ་པའི་ཁམས་ཉི་ཤུ་རྩ་བཞི་ནི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོར་གསུངས་སོ། །དབང་པོའི་སྒོ་རྣམས་ནི་ཁ་གདོང་མ་ལ་སོགས་པ་ཁྲོ་བོ་བཅུའི་རང་བཞིན་རྣམས་ཏེ་སྡོམ་པ་ཆུང་བའི་ལྷ་གྲངས་ཡིན་ནོ། །རྩ་ཉི་ཤུ་རྩ་བཞི་པོ་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་ཕྱིར་རྩ་བདུན་བཅུ་རྩ་གཉིས་ནི་ལྷ་བདུན་བཅུ་རྩ་གཉིས་ཀྱི་རང་བཞིན་ཡིན་ནོ། །དེ་བས་ཆེས་ཤིན་ཏུ་རྒྱས་པར་ནི་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ་རུ་རིགས་བསྡུས་པའི་དཀྱིལ་འཁོར་ངེས་པར་བརྗོད་པ་རྒྱུད་བླ་མ་དང་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དུ་གསུངས་སོ་དེ་དག་གི་ལྷའི་གྲངས་ལ་སོགས་པ་རྣམས་ནི་ཤིན་ཏུ་མང་བའི་ཕྱིར་འདིར་མ་བྲིས་སོ། །དཔལ་གསང་བ་འདུས་པ་བཤད་པ་ནི། །དཔལ་ལྡན་འདུས་པ་བཤད་པར་བྱ། །ཞེས་པ་ནས་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། དེ་ཡང་འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་ལྔ་ཡིན་ཏེ། ས་ལ་སོགས་པའི་ཁམས་བཞི་པོ་དང་རེག་བྱ་དང་བཅས་པས་ཡུམ་ལྷ་མོ་ལྔའོ། །མིག་གཉིས་སའི་སྙིང་པོའོ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ་ལྕེ་ལ་བཞུགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །དེ་དག་གི་རོ་མཉམ་ཡང་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་དྲི་རྡོ་རྗེ་མ་རོ་རྡོ་རྗེ་མའོ། །ཡིད་ཀྱི་ཁམས་ནི་འཇམ་དཔལ་ལོ། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ལུས་ཀྱི་ཁམས་ལ་ཀུན་ཏུ་བཟང་པོ་རྩ་རྒྱུད་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་དག་གི་རོ་མཉམ་ཡང་ཉེ་བའི་གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཞི་ཡིན་ནོ། །ཞེས་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་བྱུང་ངོ་། །ཡན་ལག་གི་ཚིགས་བརྒྱད་དང་། ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཏེ། ལྷ་སུམ་བཅུ་སོ་བཞིའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ལས་འཁོར་ལོའི་རྩ་ཐམས་ཅད་ལ། རིགས་བསྡུས་པ་ཡང་ལྟེ་བ་སའི་དཀྱིལ་འཁོར་དུ་དེའི་འཁོར་ལས་ཀྱི་རིགས་ལས་སྐྱེས་པ་མཁྱེན་པ་དང་གཏུམ་མོ་ལ་སོགས་པའི་ལྷ་མོའི་དཀྱིལ་འཁོར་དྲུག་བཅུ་རྩ་བཞི་གསུངས་པ་ཡིན་ནོ། །སྙིང་ག་ཆུའི་ཁམས་སུ་རྡོ་རྗེའི་དབྱིངས་ལ་སོགས་པའི་ལྷ་མོ་དགུ་རྡོ་རྗེའི་རིགས་སུ་གསུངས་སོ། །མགྲིན་པ་མེའི་ཁམས་སུ་པད་མའི་སྒྲོན་མ་ལ་སོགས་པ་ལྷ་མོ་བཅུ་དྲུག་པད་མའི་རིགས་ཀྱི་རང་བཞིན་དུ་གསུངས་ཤིང་སྤྱི་བོ་རླུང་གི་ཁམས་སུ་རབ་ཏུ་སད་མ་ལ་སོགས་པ་འཁོར་ལོའི་རིགས་ལྡན་སུམ་བཅུ་རྩ་གཉིས་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་རྡོ་རྗེ་འཕྲེང་བ་ལས་གསུངས་ཏེ་ཐམས་ཅད་རྩ་དང་ཁམས་ཀྱི་རང་བཞིན་ཡིན་ནོ། །དཀྱིལ་འཁོར་གཞན་ལ་སྦྱར་བ་ནི། དེ་སོགས་དཀྱིལ་འཁོར་དུ་མ་རྣམས། །རྐྱང་པ་ཕྱོགས་རེ་ཆ་ལྡན་པ། །གསུངས་པ་ཐམས་ཅད་འདིར་འདུས་ཏེ། །དཔེར་ན་དགྱེས་རྡོར་ལྷ་དགུ་ནི། །སྙིང་གའི་འཁོར་ལོ་རྐྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། ཞེས་བྱ་བའི་དོན་སྔར་དཔའ་བོ་གཅིག་པ་ནས་མཐའ་ཡས་པའི་བར་དུ་སྦྱར་བ་བཞིན་དང་ཡང་འཇམ་དཔལ་དང་གཤིན་རྗེ་གཤེད་ལ་སོགས་པ་སྐུའི་དཀྱིལ་འཁོར་ཐམས་ཅད་སྤྱི་བོ་ནས་འབྱུང་བ་དང་འགྲིན་པ་ནས་འོད་དཔག་དུ་མེད་པ་དང་རྟ་མཆོག་ལ་སོགས་པ་གསུང་གི་དཀྱིལ་འཁོར་འབྱུང་བ་དང་། སྙིང་ག་ནས་མི་བསྐྱོད་པ་དང་ཡང་དག་ལ་སོགས་པ་ཐུགས་ཀྱི་དཀྱིལ་འཁོར་རྣམས་འབྱུང་བ་དང་ལྟེ་བ་ནས་རིན་ཆེན་འབྱུང་ལྡན་དང་བདུད་རྩིའི་རིགས་ཀྱི་དཀྱིལ་འཁོར་རྣམས་འབྱུང་བ་དང་གསང་གནས་ནས་དོན་ཡོད་གྲུབ་པ་དང་འཕྲིན་ལས་ཕུར་བུའི་དཀྱིལ་འཁོར་རྣམས་འབྱུང་བ་དང་ཡན་ལག་ཉིང་ལག་དང་སྒལ་ཚིགས་རྣམས་ནས་མ་མོའི་དཀྱིལ་འཁོར་རྣམས་འབྱུང་བ་དང་དེའི་ཡན་ལག་ཏུ་འཇིག་རྟེན་པ་དང་དྲག་སྔགས་ལ་སོགས་པ་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཏུ་རྒྱུད་དང་གདམ་ངག་རྣམས་ནས་མང་དུ་གསུངས་སོ། །འདི་རྣམས་ཀྱི་ལུང་དུ་མ་ཡོད་མོད་ཀྱི་སྤྲོས་པ་མངས་བར་འགྱུར་བའི་ཕྱིར་མ་བཤད་དོ། །འཇུག་བསྡུ་བ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་མདོར་བསྡུས་ན་སྔར་གོང་དུ་གསུངས་པའི་རྩ་ཐམས་ཅད་ནི་སྐུའི་རང་བཞིན་སྟེ་བསྐྱེད་རིམས་ཡིན་ནོ། །རླུང་རྣམས་ནི་སྔགས་དང་ཡི་གེའི་རང་བཞིན་ཡིན་ཏེ་བཟླས་པའོ། །ཐིག་ལེ་ཐམས་ཅད་ནི་ཕྲ་མོའི་རྫོགས་པའི་རིམ་པའོ། །དེ་བཞིན་སྦྱིན་སྲེག་ལས་རྣམས་ཀུན། ནང་གི་སྦྱང་ཞི་སྦྱོང་བྱེད་ཡིན། །ཞེས་པ་ནི་སྔར་གོང་དུ་སྨོས་པ་བཞིན་དུ་ཡིན་པས་འདིར་ལས་རྒྱལ་པོ་མཆོག་བསྟན་པའི་ཕྱིར་ཕྱོགས་ཙམ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པའི་ཡེ་ཤེས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་དུ་ས་བཅུ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་གཟུངས་བཅུ་གཉིས་དང་ཏིང་ངེ་འཛིན་ལ་སོགས་པ་ལམ་དང་འབྲས་བུ་རབ་འབྱམས་ཐམས་ཅད་ལྷ་དང་སྔགས་ཀྱི་རིམ་པར་ལུས་སེམས་ནང་གི་དབྱེ་བ་ལ་བརྟེན་ནས་ཐམས་ཅད་ཀྱི་དོན་གཟིགས་པས་སངས་རྒྱས་ཀྱིས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བྱིས་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟོགས་པར་དཀའ་བ་གསུངས་པའོ།། །།དེ་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་གནས་སྐབས་བཞི་དང་ཕྱིའི་འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་ནང་དུ་སྦྱར་བ་དང་བཅས་པ་ནི་ཤེས་པར་བྱ་བའི་གཞི་ཡིན་ཅིང་དེ་ལ་ཀུན་བརྟགས་པའི་ལྷ་རྣམས་བསྒོམ་པའི་དོན་དང་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེན་པ་གཉིས་ཀྱི་གནས་ལུགས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་དང་རྩ་རླུང་ཐིག་ལེ་རྣམ་པར་རྟོགས་པ་དང་བཞི་ཡེ་ཤེས་སུ་དག་པའི་ཆོས་ཐམས་ཅད་ཀྱི་ཚུལ་སྦྱར་བཤད་ཀྱིས་ནི་འཆིང་བར་བྱེད་པའི་ཐབས་བརྗོད་ནས། དེ་ལ་བརྟེན་པའི་ལམ་ཇི་ལྟར་བསྒྲོད་པའི་རིམ་པ་བཤད་པ་ལས་བཅུ་པ་ལམ་གྱི་རིམ་པ་སྦྱར་བཤད་བསྟན་དགོས་པས་འདི་ལ་གསུམ་སྟེ་མདོར་བསྟན་པ་དང་རྒྱས་པར་བཤད་པ་དང་འཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། དེ་ཕྱིར་འདི་དོན་གནད་འཆིང་བ། །ལམ་རིམ་ཀུན་ལས་ཁྱད་པར་འཕགས། །ཞེས་བྱ་བ་སྨོས་ཏེ་སྤྱིར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་ཉིད་ལ་ཐབས་ཆེན་པོ་ཡིས་ཟིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྟེ། དེ་ལ་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ནི་རྟེན་འདོད་པའི་ཁམས་རྩ་རླུང་བྱང་ཆུབ་སེམས་ཀྱིས་བསྡུས་པའི་ལུས་འདི་ཐབས་མཁས་པས་ལྕགས་ལས་གསེར་དུ་བསྒྱུར་བ་ལྟར་གནད་འཆིང་བར་བྱེད་པ་འདི་ནི་ལམ་གྱི་རིམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། སྙིགས་མ་ཡི་ནི་དུས་འདི་རུ། །མི་འགྲུབ་སྙམ་དུ་ཁྱོད་སེམས་ན། །ཕྱག་རྒྱའི་དཀྱིལ་འཁོར་བཟླས་པ་ཡིས། །སངས་རྒྱས་གྲངས་མེད་ཉིད་གཞན་དུ། །བཀྲེས་དང་སྐོམ་པས་ཉམས་པས་ན། །བདེ་བར་འགྲུབ་པར་མི་འགྱུར་རོ། །འབད་དེ་འདོད་བྱ་དམིགས་ན་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། །ཅི་འདོད་པར་ནི་ཡོངས་སུ་འཐོབ། །རིང་ནས་ཐོས་དང་མིག་གཉིས་ཀྱིས། །རྣལ་འབྱོར་པ་ཡིས་མོད་ལ་མཐོང་། ཞེས་བྱ་བ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་། སྔོན་དུ་འཚམས་མེད་པ་བྱེད་པ་དག་ཀྱང་སྐྱེ་བ་འདི་ཉིད་ལ་བདེ་བ་ཆེན་པོའི་འབྲས་བུ་སྟེར་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་ཐབས་མཁས་པའི་ལམ་འདི་ནི་རྨད་དུ་བྱུང་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་སྟེ་ཐུན་མོང་གི་ལམ་དང་ཐུན་མོང་མ་ཡིན་པའི་ལམ་མོ། །དང་པོ་ལ་ཉན་ཐོས་ཀྱི་ལམ་དང་རང་སངས་རྒྱས་ཀྱི་ལམ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་དང་གསུམ་ལས། དང་པོ་ནི་ཚིགས་སུ་བཅད་པ་གཅིག་སྟེ་དེ་ཡང་འཕགས་པའི་བདེན་པ་བཞི་ལ་བརྟེན་ནས་སྡུག་བསྔལ་དང་ཀུན་འབྱུང་སྤངས་ཤིང་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་སོ་བདུན་ལ་བརྟེན་ནས། འགོག་པ་མངོན་སུམ་དུ་བྱེད་པ་འཕགས་པ་ཉན་ཐོས་ཡིན་པས་དེའི་ངོ་བོ་ནི་གང་ཟག་བདག་མེད་ཞི་བ་ཙམ་སྟེ་དེ་དུས་ཇི་ལྟ་བུས་ཐོབ་ཞེ་ན་མྱུར་བ་སྲིད་པ་ལན་གསུམ་སྟེ་ཞེས་བྱ་བ་ནི་མི་ཚེ་གཅིག་གིས་ཚོགས་སྦྱོར་བསྒྲོད་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་དེའི་ཕྱི་མ་ལ་ལན་གཅིག་ཕྱིར་འོང་བ་དང་ཕྱིར་འོང་པ་དག་གི་འབྲས་བུ་ཐོབ་ནས་གསུམ་པ་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པ་དང་ཤིན་ཏུ་མྱུར་བ་ནི་ཚེ་གཅིག་ནས་ཀྱང་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་དུ་མངོན་སུམ་དུ་བྱེད་ལ་ཤིན་ཏུ་འགོར་ན་ཡང་ལྷ་དང་མིའི་སྐྱེ་བ་ལན་བདུན་གྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དེ་དེ་ནི་ཤིན་ཏུ་འགོར་ཡང་སྲིད་པ་ལན་བདུན་པའོ་ཞེས་མདོ་ལས་གསུངས་པས་རྒྱུན་ཞུགས་འགོར་ཀྱང་ལན་བདུན་ཡིན་ཞེས་སྨོས་སོ། །དེས་ནི་རང་ཉིད་ཁམས་གསུམ་པའི་སྡུག་བསྔལ་ཐམས་ཅད་ཞི་བ་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ལུས་ཐོབ་པའི་ཕྱིར་རང་དོན་ཞི་བ་ཙམ་མངོན་སུམ་དུ་བྱས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་བཤད་པ་ནི། རང་རྒྱལ་སྐལ་པ་ཉི་ཤུ་ནས། །བསེ་རུ་སྐལ་པ་བརྒྱ་ཡིས་འགྲུབ། །ཞེས་སྨོས་ཏེ་གང་ཟག་དབང་པོ་འབྲིང་པོ་དག་ནི་རང་ཉིད་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ལ་ཞར་ལ་སྐལ་པ་འགའ་ཡར་དུ་སེམས་ཅན་གྱི་དོན་བྱ་སྟེ་དེའི་འོག་ཏུ་ཞི་བ་མངོན་སུམ་དུ་བྱའོ་སྙམ་དུ་སེམས་བསྐྱེད་ནས་སྔ་མ་ཉན་ཐོས་ཀྱི་ལམ་དེའི་སྟེང་དུ་ཆོས་ཀྱི་གཟུང་དོན་དུ་སྣང་བ་སེམས་ཀྱི་ཆོས་འཕྲུལ་དུ་ཤེས་ཤིང་རྣམ་པར་སྦྱངས་ནས་ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་དེ། དེའི་ཆ་གཅིག་བྱང་ཆུབ་སེམས་དཔའ་དང་མཐུན་པར་སྦྱངས་པས་ཐ་མ་སློབ་དཔོན་མི་དགོས་པར་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་དེ་དེ་ཡང་ཚོགས་ན་སྤྱོད་པ་ཆུང་ངུ་ནི་སྐལ་པ་ཉི་ཤུ་ཙམ་དང་ཚོགས་སྤྱོད་ཆེན་པོ་སྐལ་པ་ལྔ་བཅུ་ཙམ་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་བརྒྱས་འགྲུབ་སྟེ་དེ་ནི་རང་སངས་རྒྱས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བྱང་ཆུབ་སེམས་དཔའ་བྱམས་པས་གསུངས་པ་དང་། བསེ་རུ་སྐལ་པ་བརྒྱ་ཡི་རྒྱུས། །ཞེས་མཛོད་ལས་ཀྱང་བྱུང་ངོ་། །དེ་ནི་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཐོབ་པའི་ཚུལ་ལོ། །ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལམ་བཤད་པ་ནི། སེམས་ཅན་ཐམས་ཅད་ཕན་བྱེད་པ། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཞེས་སྨོས་ཏེ་ཐོག་མར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྲིད་ཞི་གཉིས་ཀྱི་མཐའ་དང་བྲལ་བར་ལམ་ཐམས་ཅད་ལ་མཁས་པར་བྱེད་པ་དང་། སྐྱོ་བ་མེད་པའི་ཚུལ་གྱིས་བསྐལ་པ་གྲངས་མེད་པར་སྤྱོད་ཅིང་ས་དང་པོ་མངོན་སུམ་དུ་བྱས་ནས། དོན་དམ་པའི་སེམས་བསྐྱེད་པ་ལ་ཞུགས་ཏེ་འཁོར་བ་ཇི་སྲིད་དུ་འཇུག་པའི་སྙིང་རྗེ་ཆེན་པོ་དང་ལྷན་ཅིག་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་མངོན་སུམ་དུ་ཐོབ་པར་བྱ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བས་བསྐལ་པ་གྲངས་མེད་པར་མི་སྐྱོ་བར་སྤྱོད་པས་ས་བདུན་པ་ཐོབ་ཅིང་། དེའི་འོག་ཏུ་གཟུངས་དང་ཏིང་ངེ་འཛིན་དང་སོ་སོ་ཡང་དག་པར་རིག་པ་ཡེ་ཤེས་ཀྱི་རྣམ་པར་རོལ་པ་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཡང་བསྐལ་པ་གྲངས་མེད་པར་སྦྱོང་བར་བྱེད་དོ་ཞེས་གསུངས་པས་འདི་ལྟ་བུའི་རྣམ་པར་གྲོལ་བ་ནི། གྲངས་མེད་གསུམ་གྱིས་འཐོབ་པར་ཐེག་པ་ཐུན་མོང་དུ་བསྟན་ཏོ། །དེ་ཡང་འདུལ་བ་ལུང་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པའོ། །ཞེས་མང་དུ་གསུངས་ཏེ་དོན་དམ་པར་སེམས་ཅན་རྣམས་ཀྱི་དོན་དུ་བརྩེ་བས་གྲངས་མེད་པར་བཞུགས་པར་ཟད་ཀྱི་རང་གི་དོན་འགྲུབ་པ་ལ་དེ་ལྟ་མ་ཡིན་ནོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐུན་མོང་གི་ལམ་བཤད་ནས། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ནི་གཉིས་སྟེ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། ལམ་དངོས་སོ། །དང་པོ་ནི་ཚིག་རྐང་བདུན་སྟེ། དེ་ཡང་ལམ་གྱི་དངོས་གཞི་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་མཚུངས་ལ། ཐབས་མཁས་པའི་མཐུ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པ་མྱུར་བར་གསུངས་ཏེ། སི་ཏི་ཀ་ར་ལས། དོན་ག ཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བྱུང་བས། འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱིས་ཐབས་མཁས་ཙམ། །ལྡན་ཀྱང་མི་ཚེ་དྲུག་བཅུ་སྟེ། །ཞེས་སྨོས་པ། བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ལྷ་དང་གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་ཀྱིས་རང་གི་དོན་དང་གཞན་གྱི་དོན་ཡོངས་སུ་སྒྲུབ་པར་བྱེད་པའི་ཐབས་མཁས་པས་ཟིན་ན་མི་ཚེ་དྲུག་བཅུ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པའི་ལོ་དྲུག་སྟོང་སྟེ་དེ་ཙམ་གྱིས་རྡོ་རྗེ་འཛིན་པའི་ས་འཐོབ་བོ་ཞེས་གསུངས་པའི་དོན་ཡིན་ནོ། །དེ་བས་ཀྱང་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཐབས་མཁས་པས་ཟིན་ན་མྱུར་བ་ཉིད་དུ་ལོངས་སྤྱོད་རྫོགས་པའི་འབྲས་བུ་འཐོབ་པ་སྟེ། ལོ་སྟོང་དྲུག་བརྒྱས་མ་ཆགས་པད་མ་ཅན་དུ་གནས་པར་འགྱུར་ཞེས་ལུང་ལས་གསུངས་པའི་ཕྱིར། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །ཞེས་བསྟན་ཏོ། རྡོ་རྗེའི་ཐེག་པ་བླ་ན་མེད་པ་ཉིད་ཀྱི་ཐབས་མཁས་པས་ཟིན་ན་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཡེ་ཤེས་ཀྱི་གནས་ལུགས་སུ་དག་པས། །བླ་ན་མེད་པ་ཚེ་གཅིག་གིས། །བརྩོན་ལྡན་ངེས་པར་འགྲུབ་པར་འགྱུར། །ཞེས་བྱས་སྟེ། འདི་ནི་ངེས་པ་ཁོ་ནའོ། །སྔགས་ལ་ཞུགས་པ་འགའ་ཞིག་ཕ་རོལ་ཏུ་ཕྱིན་པ་དང་ལམ་མི་མཐུན་ནོ་སྙམ་ན་དེ་ནི་ལོག་པར་རྟོག་པ་སྟེ། གཞི་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་མེད་པར་འདིར་སངས་རྒྱས་སུ་མི་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་མེད་པས་སོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་དང་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་འགྲེལ་པ་ཆེན་པོ་རྣམས་སུ་གསུངས་སོ། །གང་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་ཡོན་ཏན་དེ་དག་ཐོབ་པ་མེད་པར་སེམས་རྣམ་པར་གྲོལ་པའི་ཞི་བ་ཐོབ་ནས་རང་ལ་ཡོན་ཏན་མེད་ཀྱང་གཞན་ལ་སྣང་བར་འགྱུར་རོ་ཞེས་སྟོན་པ་ནི་ཕྱིན་ཅི་ལོག་སྟེ། བདག་ཉིད་ལ་བཟའ་བ་མེད་པར་གཞན་དག་ལ་བཟའ་བ་དཔག་ཏུ་མེད་པའི་ཆར་འབབ་པར་འགྱུར་རོ་ཞེས་བྱ་བ་དང་མཚུངས་སོ། །དོན་མེད་པའི་སྤྲོས་པ་མང་པོ་ཡོད་མོད་ཀྱི་ཆོག་གོ །ལམ་དངོས་ལ་ལྔ་སྟེ། ཚོགས་ལམ་དང་སྦྱོར་ལམ་དང་། མཐོང་ལམ་དང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དང་པོ་ནི། །དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་བསྒྲུབ་ཚོགས་ལམ་སྟེ། །ཞེས་བྱ་བ་ཡང་དག་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དང་མཇལ་ནས། དོན་གོ་བར་བྱེད་པའི་ཆོ་ག་ཕྱིན་ཅི་མ་ལོག་པ་ཐོབ་ཅིང་། བསྐྱེད་རྫོགས་ལེགས་པར་ཤེས་ནས་ཀུན་རྫོབ་དང་དོན་དམ་པ་དང་རྟེན་དང་བརྟེན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ཤིང་། རིག་པ་འཛིན་པའི་སྡོམ་པ་ལ་གནས་པར་བྱས་ནས་མོས་པ་ཚུལ་བཞིན་དུ་བསྒྲུབ་པ་ལ་ཞུགས་པ་དམ་ཚིག་གི་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་པ་བཞིན་དུ་སློབ་པ་ནི་ངེས་པར་ཚོགས་ལམ་ཆེན་པོ་ཡིན་ཏེ། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། རྡོ་རྗེ་ཆོས་འབྱུང་གི་ཁང་པར་ཞུགས་ཤིང་བདུད་རྣམས་འཇུག་པའི་སྒོར་བྱམས་པ་ལ་སོགས་པའི་སྒོ་གླེགས་བཅུག་ནས་དེར་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བསྒྲུབ་པར་བྱེད་ན་ངེས་པར་སྔོན་དུ་འཚམས་མེད་པ་བྱས་པ་ཡང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་གྱི། གཞན་དུ་ན་སྔགས་ཀྱི་ཐེག་པར་ཞུགས་ཤིང་ལས་ངན་པ་བྱེད་པས་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། ཀུན་ཏུ་སྤྱོད་པའི་རྒྱུད་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སྔོན་དཔག་ཏུ་མེད་པར་སྦྱངས་པར་གསུངས་ཏེ། འདི་ནི་མདོར་གསུངས་པའི་ཚོགས་ལམ་ཆེན་པོའི་མཚན་ཉིད་ཀྱང་འདི་ལ་ཡོད་དེ། །སྐལ་པ་དཔག་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་བཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམ་ངག་རྒྱ་ཆེན་སྙེད་པར་འགྱུར། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་མཚན་ཉིད་འདི་ལ་ཡོད་དེ། ཞི་ལྷག་གི་གདམ་ངག་ཕྱིན་ཅི་མ་ལོག་པ་ཐོབ་པའི་ཕྱིར་དང་། སྟོན་པར་བྱེད་མཁན་དེ་སྤྲུལ་སྐུའི་སངས་རྒྱས་ཡིན་པའི་ཕྱིར་དང་། བསྒྲུབ་པ་ལ་རྩེ་གཅིག་ཏུ་ཞུགས་པས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་འབྱུང་བའི་ཕྱིར་རོ། །འདི་ལ་གཞན་དག་མཚན་དཔེ་ཡོད་མེད་ལ་སོགས་པའི་ཁྱད་པར་ལ་སོགས་པ་འཆད་པ་ཡོད་ཀྱང་དེ་མི་རིགས་པའི་དགག་བསྒྲུབ་དུ་མ་ཡོད་དེ་མ་སྨོས་སོ། །གཉིས་པ་སྦྱོར་བའི་ལམ་ནི་ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ་དེ་ཡང་ཁྱད་པར་དུ་རྫོགས་པའི་རིམ་པ་ལ་འཇུག་པར་བྱེད་པ་ནས་ས་འཚམས་ཡིན་ཏེ། །རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་གནས་དྲོད་ཐོབ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །ཞེས་སྨོས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་རྫོགས་པའི་རིམ་པའི་ཉམས་མྱོང་རྒྱུན་མ་ཆད་པར་སྐྱོང་བ་ལ་བརྗོད་ལ། དྲོད་ཀྱི་རྟགས་ཀྱང་དུ་བ་ལ་སོགས་པ་མཚོན་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཐོབ་པ་དང་། དེས་སྤང་བྱ་ཇི་ལྟར་སྤངས་པའི་ཚུལ་ཧེ་བཛྭ་ལས། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །ཞེས་དེ་རྣམས་ཀྱིས་མི་གནོད་པའི་དྲོད་ཆུང་ངུ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །བསྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་རྐྱེན་ཆེན་པོས་བསྐྱེད་པའི་ཉོན་མོངས་ཀྱིས་མི་གནོད་པའི་དྲོད་འབྲིང་པོ་དང་། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་དང་རྫུ་འཕྲུལ་གྱི་ཆ་གྲུབ་ན་དྲོད་ཆེན་པོའི་རྟགས་སུ་བཤད་དེ། ཕ་རོལ་ཏུ་ཕྱིན་པའི་དྲོད་རྩེ་མོ་བཟོད་པའི་དོན་ཡིན་པས་འདིའི་སྐྱོང་ལུགས་སྤྲོས་བཅས་སྤྲོས་མེད་གཉིས་སུ་གསུངས་ཏེ། །སྤྲོས་བཅས་ནི་དེ་ཚེ་བརཏལ་ཤུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །ཞེས་བྱ་བ་རྒྱུད་རྣམས་ལས། ཅུང་ཟད་དྲོད་ནི་ཐོབ་པ་ནས། གལ་ཏེ་སྤྱོད་པ་བྱེད་འདོད་ན། །འདིས་ནི་འགྲུབ་འགྱུར་འདོད་ཡོད་ན། །དེས་ནི་སྤྱོད་པ་སྤྱད་པ་ཉིད། །ཞེས་བརཏལ་ཤུགས་སྤྱོད་པར་འདོད་ན་བྱ་མི་འདོད་ན་ནང་གི་སྤྱོད་པས་འགྲུབ་བོ་ཞེས་རྒྱུད་རྣམས་ལས་གསུངས་སོ། །ནང་གི་སྤྱོད་པ་དེ་ཡང་གང་ཞེ་ན། །ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས། །ཡེ་ཤེས་ཕྱག་རྒྱ་རྣམ་བརྟགས་དོར། །ཕྱག་རྒྱ་ཆེན་མོ་ལས་བྱུང་བ། །ཞེས་གསུངས་པའི་ཕྱིར། །འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱངས་པ་ཞེས་ཀྱང་བཤད། །ཞེས་སྨོས་པ་འཇིག་རྟེན་གྱི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ནས་སོ་སོར་སྡུད་པ་དང་བསམ་གཏན་བསྒོམས་པས་རྒྱུའི་སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་ཐོབ་སྟེ། སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལུས་ཀྱི་རྩ་ཐམས་ཅད་དག་པར་འགྱུར་བས་འབྲས་བུ་མངོན་དུ་བྱེད་པ་ཉིད་དེ། དེས་ན་བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུའི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སྨོས་པ་ཡིན་ནོ། །འདི་ནི་ཕ་རོལ་དུ་ཕྱིན་པའི་ལམ་མདོ་སྡེ་རྒྱན་ནས་ཀྱང་། །བསམ་གཏན་ལ་ཐོབ་མངོན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་དང་། །ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་ཡོངས་སུ་མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པ་རྣམ་ཀུན་ཏུ། །ཀུན་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་བརྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོངས་འགྱུར། །ཞེས་བྱ་བ་རྣམས་ནི་དྲོད་དང་རྩེ་མོ་དང་བཟོད་པའི་གནས་སྐབས་རྣམས་སོ། །དེ་ནས་དེ་ལ་འཛིན་པ་ཡི། རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆོད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་ཏུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བའང་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། །སོ་སོར་སྡུད་པ་སྙོམས་ཞུགས་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརློབ། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། །ཞེས་པ་ལ་སོགས་པ་གསུངས་པ་རྣམས་དོན་གཅིག་གོ །མདོར་བསྡུས་ན། བསམ་གཏན་དང་སྲོག་རྩོལ་གྱི་ཡན་ལག་གིས་ངེས་པར་མཐོང་བའི་ལམ་ལ་སྦྱོར་བའི་ལམ་མོ། །གསུམ་པ་མཐོང་ལམ་ནི་ཚིག་རྐང་ལྔ་སྟེ། །དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །ཅེས་པ་སྦྱོར་བའི་ལམ་ཉིད་དུ་རླུང་དག་པར་བྱ་བའི་ཕྱིར་སྲོག་རྩོལ་ལ་སྦྱངས་པས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་འཁོར་ལོ་རྣམས་ལ་རླུང་རྣམས་ཀྱི་འགྲོ་འོང་ཤིན་ཏུ་སྦྱངས་པས། ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་འགོག་པར་ནུས་པ་དེའི་ཚེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་སྙེད་དུ། དུང་ཅན་གྱི་མར་སྣར་འཆིང་བར་ནུས་པས་རྣམ་པར་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་། འཇིག་རྟེན་གྱི་ཁམས་བཅུའི་མཐར་ཐུག་པ་མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་དབང་ཐོབ་པས་ངེས་པར་མཐོང་བའི་ལམ་ཐོབ་པ་ཡིན་ཏེ། །དེ་ནས་རྩ་བའི་རྒྱུད་ཀྱི་ལུང་། རྟག་ཏུ་འཛིན་པའི་སྟོབས་ཀྱི་ནི། །རྡོ་རྗེ་སེམས་དཔར་ཡང་དག་འགྲུབ། །ཞེས་བྱ་བ་འདི་སྨོས་ཏེ་འདི་ནི་རླུང་གི་རྣལ་འབྱོར་རོ། །སྲོག་རྩོལ་གྱི་འབྲས་བུ་མཐར་ཐུག་པ་ཡིན་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཤེས་རབ་ཡེ་ཤེས་སྐད་ཅིག་དེ་ལས་བདེ་བ་སྟེར་བ་གལ་ཏེ་ཐིག་ལེའི་ཕྲེང་བ་མི་འཕོ་བས། །དེ་ལས་འཛག་པ་མེད་པའི་ལྷན་སྐྱེས་སྐད་ཅིག་མ་ཡིས་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་འགྱུར། །རོ་ཡི་འགྲོ་བས་སོན་པ་ཐམས་ཅད་སྲོག་གིས་ཀུན་ནས་བགྲངས་ནས་ཉོན་མོངས་བདུད་ནི་ངེས་པར་འཇོམས། །རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་རྣལ་འབྱོར་པ་ཡིས་ཚེ་འདི་ལ། །ཞེས་གསུངས་སོ། །འདི་ནི་མདོ་སྡེའི་རྒྱན་ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་ན་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཞེས་གསུངས་པ་དང་ཁྱད་པར་མེད་དོ། །བཞི་པ་བསྒོམ་པའི་ལམ་ནི། ངོ་བོ་དང་མཐོང་བསྒོམ་གྱི་རླུང་འགགས་ལུགས་གཉིས་ལས། དང་པོ་ནི་ཚིག་རྐང་ལྔ་སྟེ། །སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །ཞེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་པ་ནི་སྤྲོས་པ་མེད་པ་ཡིན་པས། རྗེས་ཐོབ་ཀྱི་སྤྱོད་པ་སྒྱུ་མ་ལྟ་བུ་དང་། མཉམ་པར་བཞག་པས་ཤིན་ཏུ་སྤྲོས་མེད་ཀྱི་ཚུལ་གྱིས། རྗེས་དྲན་ཡན་ལག་སྦྱང་བྱས་ནས། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པའི་རྗེས་ལ་དྲན་པ་ནི་ཤེས་རབ་ཀྱི་ཆགས་པ་རྗེས་སུ་དྲན་པ་ཞེས་གསུངས་ཏེ། བདེ་བ་དང་སྙིང་རྗེ་གནད་གཅིག་པས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་དང་རྣམ་པ་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མཐུན་པའི་རྗེས་དྲན། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསང་བ་འདུས་པ་ལས་གསུངས་པ་ལྟར་སྦྱངས་པས་རྣམ་པར་དག་པའི་ཏིང་ངེ་འཛིན་རིམ་གྱིས་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྦྱོར་བ་ལ་བརྟེན་པའི་ལམ་འདི་ནི་རྒྱུད་གཞན་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་གསུངས་ཏེ། བདུད་དང་ཐེག་པ་དམན་པ་ལ་སོགས་པ་རྣམས་ཀྱིས་མི་འཕྲོག་པས་རྣམ་པར་རྒྱལ་བ་འགྲུབ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲེལ་བས་ན་ཚོགས་ཀྱི་སྤྱོད་པ་ཆེན་པོ་ཞེས་ཀྱང་བཤད་པ་འདི་ནི་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་འགགས་པ་ཡིས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ས་ནི་བཅུ་གཉིས་འཐོབ་པར་འགྱུར། །ཞེས་གསུངས་པ་དང་དུས་ཀྱི་འཁོར་ལོ་ལས། །རྣམ་པ་ཐམས་ཅད་ཟད་པ་མེད་པའི་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུར་འགྲོའོ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དང་ནི་གྲུབ་པར་མིའི་བདག་པོ་སྐྱེས་བུ་ཚེ་འདི་ཉིད་ལ་འགྲོ། །ཞེས་གསུངས་པ་དང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། དེ་ནས་སེང་གེ་རྣམས་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པ་རྟོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་འཚམས་བཟུང་ནས། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་ཐོད་རྒལ་གྱི་སྙོམས་འཇུག་སྦྱོང་བ་གསུངས་པ་དང་ཡང་གནད་གཅིག་གོ །མཐོང་བསྒོམ་གྱི་རླུང་འགག་པའི་ཚུལ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །རླུང་དང་རྣམ་རྟོག་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། །ཞེས་སྨོས་ཏེ་དེ་ནི་སྔར་བཤད་པའི་ཚོགས་སྦྱོར་གཉིས་ཀྱི་གནས་སྐབས་སོ། །གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། གསང་བར་འགགས་པ་མཐོང་བའི་ལམ། །ཞེས་པ་སྲོག་རྩོལ་དང་འཛིན་པས་མི་གཡོ་བའི་སྐད་ཅིག་མ་ཐོབ་པ་སྟེ། རྒྱུད་འགྲེལ་ལས་འདི་གཉིས་གསང་བའི་འཁོར་ལོར་འགགས་པའི་དག་པར་གསུངས་ཀྱང་། དེ་ཡི་མ་རིག་པ་དང་ཟག་པ་དང་བཅས་པའི་སྐྱེ་འཆི་འགགས་པས་བསྒོམ་པའི་ལམ་གྱི་རླུང་དང་ལྷན་ཅིག་པའི་རྣམ་རྟོག་དག་པས་ན། །གསུམ་པར་དེ་ཉིད་དག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ག་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །ཅེས་སྨོས་པ་ནི། ས་དང་པོའི་ཡོངས་སུ་སྦྱོང་བ་སྦྱངས་ནས་གཉིས་པར་འཕར་བའི་རིམ་པ་ལྟར། འདིར་ཡང་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་རེ་ཡེ་ཤེས་ཀྱི་རླུང་དུ་འགགས་པས་རིམ་པ་འདི་བསྟན་ཏེ། རྒྱུད་འགྲེལ་ལས་ནི་འཁོར་ལོ་དྲུག་ལ་གཉིས་གཉིས་རྣམ་དག་ཏུ་གསུངས་སོ། །ལྔ་པ་མཐར་ཕྱིན་པའི་ལམ་ནི་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། །དེ་ནས་གཙུག་གཏོར་རླུང་འགགས་པས། །དེ་ཚེ་སངས་རྒྱས་ཐོབ་པར་གསུངས། །ཞེས་པ་ས་བཅུའི་རྒྱུན་མཐའ་མ་ན་སངས་རྒྱས་ཀྱི་ས་ཞེས་བྱ་བ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཞེས་ཀྱང་བྱ། རྡོ་རྗེ་སློབ་དཔོན་བདག་པོའི་དབང་མཐར་ཕྱིན་པ་གྲུབ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་མཐར་ཕྱིན་པའི་འབྲས་བུ་སྟེ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བ་ལ་སོགས་པ་དུས་ཀྱི་འཁོར་ལོ་ལས་རྒྱ་ཆེར་གསུངས་ཏེ། །རྟེན་འབྲེལ་བཅུ་གཉིས་འགགས་ཤིང་དག་པ་དང་། མས་བརྟན་པའི་དགའ་བ་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་མཐར་ཕྱིན་པ་སྟེ། འདི་རྣམས་ཀྱང་ཕུང་པོ་ལྔ་དང་ཕྱི་སྟོང་པ་ལ་སོགས་པ་ལྔ་དང་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ་དང་། ཆེན་པོ་སྟོང་པ་ཉིད་ལ་སོགས་པ་ལྔ་དང་ཁམས་ལྔ་དང་ཆོས་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོར་བ་མེད་པ་ལ་སོགས་པའི་སྟོང་པ་ཉིད་ལྔ་དང་སྐྱེ་མཆེད་ལྔ་དང་དམིགས་པ་མེད་པའི་སྙིང་རྗེ་ལྔ་དང་། བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཁམས་དང་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ལོ་གསུམ་དང་ཟླ་བ་ཕྱེད་གསུམ་དག་པའི་ཡེ་ཤེས་ཀྱི་རང་བཞིན་མཐར་ཕྱིན་པའོ། །ཡེ་ཤེས་སྐུ་ཉིད་འགྲུབ་པ་ཉིད། །ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་དང་མཚུངས་འཐོབ། །ཅེས་པ་མཆོག་ཏུ་མི་འགྱུར་བ་གྲུབ་པ་ལས་འདི་ལྟར་གསུངས་ཏེ། །སྟོང་པའི་དངོས་པོ་དངོས་འདི་ལ། །བརྟགས་པའི་གཟུགས་ནི་སྤངས་པ་སྟེ། །གཞོན་ནུ་མ་ཡི་མེ་ལོང་དུ། །གཟུགས་བརྙན་བཞིན་དུ་མཐོང་བ་ཉིད། །ཞེས་པ་བེམ་པོ་མིན་པའི་འཇིག་རྟེན་ལས་འདས་པ་བདེན་པའོ། །གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་པོ་ཐམས་ཅད་མཉམ་པར་འགྱུར། །གཅིག་གི་རང་བཞིན་གཡོ་མེད་གནས། །གཡོ་མེད་ཡེ་ཤེས་ཡང་དག་འབྱུང་། །ཆ་མིན་པ་དང་རྟག་མིན་པ། །ཞེས་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་འདུ་ཤེས་བདག་ཉིད་མཆོག །ཨའི་ཡི་གེའི་རིགས་ལས་བྱུང་། །གཡོ་མེད་ཆེན་པོའི་གོ་འཕང་རྙེད། །ཤེས་པ་མེད་ཅིང་ཤེས་བྱའང་མེད། །ཞེས་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །སྐྱེ་བ་མེད་པའི་ཆོས་རྣམས་ལ། །འདུ་བྱེད་སྤངས་པ་རྣམས་ལ་ཡང་། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །ཞེས་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ལས་འདས། །ཡེ་ཤེས་དག་པ་དྲི་མ་མེད། །རང་བཞིན་འོད་གསལ་བ་ཡི་ཆོས། །ཆོས་ཀྱི་དབྱིངས་སུ་སོན་པར་སོན། །ཞེས་རྣམ་པར་ཤེས་པའི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་གསུངས་པ་དང་། སྔར་གནས་སྐབས་བཞིའི་སྐབས་སུ་ཇི་ལྟར་བརྗོད་པ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པ་མཐར་ཕྱིན་པའོ། །འཇུག་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ཡིན། །དབྱེ་བ་དཔག་མེད་འདིར་མ་བརྗོད། །ཞེས་བྱ་བ་སྟེ་སྔར་བསྟན་པའི་རྩ་རླུང་ཐིག་ལེ་ཐམས་ཅད་སྦྱོར་བ་ཡན་ལག་དྲུག་ཏུ་འདུས་ཤིང་དེའི་འབྲས་བུ་རྣམ་པར་དག་པ་སངས་རྒྱས་ཉིད་ཡིན་པས་འདི་ཡང་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་གསུངས་པ་ལྟར་བསྡུས་པ་ཡིན་ནོ། །དེ་ཡང་དྲི་མ་མེད་པའི་འོད་ལས། མཚན་མ་ཡང་དག་པ་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང་བར་པའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་དུ་བ་ལ་སོགས་པའི་ལམ་སྟེ་ཡན་ལག་དྲུག་གི་སྦྱོར་བས་གཟུགས་ཡོངས་སུ་རྫོགས་པས་མི་འགྱུར་བའི་སྐད་ཅིག་མ་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་གཅིག་ལ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ས་དང་པོ་ཐོབ་པའོ། །མངོན་པར་ཤེས་པ་ལྔས་མ་ཐོབ་པའི་དོན་ཡང་དག་པར་མཐོང་བ་འཇིག་རྟེན་གྱི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཐ་མའི་མཚན་མ་ནི་སངས་རྒྱས་རྡོ་རྗེ་འཆང་ཉིད་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པའི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་ས་བཅུ་གཉིས་ཐོབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཞེས་བྱའོ། །ཞེས་གསུངས་སོ། །འདི་དག་གི་དབྱེ་བ་དཔག་དུ་མེད་པ་ཡོད་ཀྱང་འདིར་མ་བརྗོད་དེ་ལམ་གྱི་རིམ་པ་མདོར་བསྡུས་པའོ།། །།ད་ནི་བཅུ་གཅིག་པ་རྩ་རླུང་ཐིག་ལེ་བསྡུད་པའི་ཚུལ་བཤད་པར་བྱའོ། །དེ་ལ་ཡང་གསུམ་སྟེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། །བསྡུད་པའི་རིམ་པ་བཤད་པར་བྱ། །ཞེས་པ་ནི་སྔར་གསུངས་པ་རྣམས་ཀྱིས་རང་བཞིན་གྱིས་རྫོགས་པའི་རིམ་པ་དང་ཆོས་མཐུན་པའི་སྡུད་པ་གོ་བར་འགྱུར་མོད་ཀྱང་། ལུས་ཅན་རྣམས་འཆི་བའི་ལྟས་ཀྱི་རིམ་པ་ལུས་རྫོགས་པ་ཉིད་ནས་འཇིག་པའི་རིམ་པ་སྐྱེ་བ་དང་འཇིག་པའི་མི་རྟག་པ་སྒྱུ་མ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུད་ཐམས་ཅད་ལས་གསུངས་པ་འདིར་གསལ་བར་བཤད་པར་བྱའོ། །དེ་ཡང་འཆི་བ་ནི་ཁམས་གསུམ་པའི་གནས་སུ་ལུས་རིགས་མཐུན་པ་དེ་འདོར་བར་བྱེད་དེ། །ངོ་བོ་ནི་ཚེ་དང་སྲོག་གི་རླུང་དང་དྲོད་འགག་པར་བྱེད་པ་སྟེ་ཕུང་པོ་རྙིང་པ་འདོར་བ་ལ་འཆི་བ་ཞེས་ཐ་སྙད་དུ་འདོགས་སོ། །དེ་ཡང་ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། ངེས་མེད་ཞེས་པ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་གྱི་སྟོབས་དང་རྫས་བསྒྲུབས་པའི་སྟོབས་ཀྱིས་ཀྱང་ཚེ་རིང་བར་འགྱུར་ཞིང་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་ནི་སེམས་ལ་དབང་ཐོབ་པའི་ཕྱིར་འབྱུང་སྟེ་དེ་ལྟ་བུ་ནི་བསམ་གྱིས་མི་ཁྱབ་བོ། །འདིར་ནི་ཁམས་དྲུག་དང་ལྡན་པ་ཕལ་པ་རྣམས་ཀྱི་ངེས་པའོ། །རྒྱས་པར་བཤད་པ་ལ་བཞི་སྟེ་རྩ་སྡུད་པའི་རིམ་པ་དང་རླུང་གི་འཆི་ལྟས་དང་། ཐིག་ལེ་འགག་པའི་རིམ་པ་དང་ཞར་ལ་གང་དུ་འཕོ་བའི་ངེས་པ་བཤད་པའོ། །དང་པོ་ལ་རྩ་ཕལ་པ་སྡུད་པའི་ཚུལ་དང་། འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ་དང་། རྩ་ཉི་ཤུ་རྩ་བཞི་པོ་སྡུད་པའི་ཚུལ་གསུམ་ལས། དང་པོ་ལ་ཚིགས་སུ་བཅད་པ་གསུམ་སྟེ། དེ་ཡང་ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་སྐྱེས་ནས་ལོ་གཅིག་གི་བར་དུ་ནི་རྩ་ཁམས་ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་རྫོགས་ཟིན་ནས་སྐྱེས་བུ་རང་ལོ་བརྒྱའི་དུས་སུ་འཆི་བ་དག་ནི་ལོ་གཅིག་རྫོགས་པའི་ཕྱིར་དེ་ཉིན་ནས་ཞག་རེ་ལ་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམ་པར་བཤད་པས། ལོ་བརྒྱ་ལ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སྡུད་པར་འགྱུར་བ་རགས་པའི་རིམ་པ་བརྗོད་པའོ། །དེ་ཉིད་ལ་དུས་ཀྱི་འཁོར་ལོར་གསུངས་པའི་རིམ་པས་ཞིབ་པར་བརྩིས་ན། ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ལ་ཕྲ་བའི་རྩ་ཀུན་སྡུད་པ་སྟེ། དེ་ལ་གྲངས་ནི་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་པས་དེ་ཡང་སྔར་བཞིན་དུ་སྡུད་པར་འགྱུར་བའི་རྩ་གཉིས་གཉིས་ཡིན་ནོ། །འཁོར་ལོ་བཅོ་བརྒྱད་སྡུད་པར་འགྱུར་བའི་རིམ་པ་ནི་ཚིགས་བཅད་གསུམ་སྟེ། སྔ་མའི་རྩ་ཕྲ་བ་རྣམས་བསྡུས་ཟིན་ནས་དེའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་ལ་རྩ་ཆེན་པོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པ་ལས་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་སུམ་བརྒྱ་དྲུག་བཅུ་ནི་ཞག་གསུམ་གསུམ་བཞིན་དུ་རེ་རེ་སྐམ་པར་འགྱུར་ལ་སོར་མོའི་ཚིགས་ཀྱི་རྩ་སུམ་བརྒྱ་དྲུག་བཅུ་ཡང་དེ་བཞིན་དུ་ཉི་མ་གསུམ་གསུམ་ལ་རེ་རེ་སྐམ་པར་འགྱུར་རོ། །ལྟེ་བའི་ཁྱིམ་བཅུ་གཉིས་པའི་རྩ་དྲུག་བཅུ་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་སྡུད་དོ། །སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་པོ་ཞག་བཅོ་ལྔའི་ནང་དུ་སྡུད་དོ། །མགྲིན་པའི་རྩ་སུམ་བཅུ་ལས་རྒྱུ་སྐར་གྱི་རང་བཞིན་ཉི་ཤུ་རྩ་བརྒྱད་པོ་ཟླ་བ་གཅིག་གི་ནང་དུ་སྡུད་དེ། གསང་བའི་རྩ་དང་ཡང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །སྙིང་ཁའི་རྩ་བརྒྱད་པོ་ཞག་བརྒྱད་ཀྱི་ནང་དུ་འདོར་རོ། །དེ་ལྟར་འཁོར་ལོ་བཞིའི་རྩ་བརྒྱ་དྲུག་བཅུ་བཙུག་ཏོར་གྱི་རྩ་བཞི་དང་བཅས་པ་རྣམས་ཀྱི་དབུ་མའི་ཆ་མ་གཏོགས་པ་རྣམས་འདོར་བའི་ཚུལ་ཡིན་ནོ། །རྩ་ཉི་ཤུ་རྩ་བཞི་པོ་སྡུད་པའི་ཚུལ་ལ་ཚིགས་སུ་བཅད་པ་གཉིས་དང་རྐང་བ་གཅིག་སྟེ། དུས་ཀྱི་འཁོར་ལོ་ལས་ཞིབ་ཏུ་མ་གསུངས་ཀྱང་རྒྱུད་ཕན་ཚུན་གྱི་ངེས་པས་རྩ་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་རྩ་ཆེན་དྲུག་བཅུ་དྲུག་བཅུ་ཡོད་དེ། །ལྟེ་བ་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་ནང་དུ་སྡུད་དགོས་པས་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་རྩ་བདུན་བཅུ་རྩ་གཉིས་པོ་མ་གཏོགས་པ་རྣམས་ལོ་གསུམ་ལ་སྡུད་ལ། བདུན་བཅུ་རྩ་གཉིས་པའི་དཀར་དམར་གྱི་ཆ་བཞི་བཅུ་ཞེ་བརྒྱད་པོ་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ཏེ། རིམ་པ་འདི་མེད་ན་ལོ་གསུམ་ཕྱོགས་གསུམ་ལ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་སྐམ་པའི་ངེས་པ་མི་ཤེས་སོ། །དེ་ལྟར་འཁོར་ལོའི་རྩ་ཆེན་རྣམས་སྐམས་ཏེ་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་མི་རྒྱུ་བ་དེ་ནས་ཞག་གཅིག་ན་འཕོ་བ་ཡིན་ཏེ། དེའི་ཚེ་དབུ་མ་ཉིད་ཀྱི་རྩ་ཆེན་པོ་སུམ་བཅུ་སོ་དྲུག་ཞག་གཅིག་ལ་འདོར་བར་ངེས་སོ། །འདི་ཡང་ཞིབ་ཏུ་བརྗོད་ན་འཁོར་ལོ་བཞིའི་རྩ་སྤྱི་བོ་ནས་བཅུ་བཞི་མགྲིན་པ་ནས་ཉི་ཤུ་རྩ་བརྒྱད་སྙིང་ག་ན་བརྒྱད་ལྟེ་བ་ན་དྲུག་བཅུ་གསང་བ་ནས་རོ་རྐྱང་གི་སྣ་མོ་གཉིས་དང་གཙུག་གཏོར་གྱི་གཉིས་ཏེ་སྤྱིར་བརྒྱ་དང་བཅུ་བཞི་ཡན་ལག་དང་ཉིང་ལག་གི་རྩ་བདུན་བརྒྱ་ཉི་ཤུ་ཡུལ་ཉི་ཤུ་རྩ་བཞིའི་རྩའི་འཁོར་ལོ་རྣམས་ལ་དབུ་མ་རེ་རེ་མ་བཏོགས་པ་རྣམས་ལ་སྟོང་བཞི་བརྒྱ་བཅུ་དྲུག་སྟེ་དེ་རྣམས་ཐམས་ཅད་དྲིལ་བས་ཐབས་ཤེས་རབ་དཀར་དམར་གྱིས་ཕྱེ་བའི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་འོང་སྟེ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལ་ཉིན་རེ་གཉིས་གཉིས་སྐམ་ལ། མུན་པ་ཆེན་པོའི་རླུང་རྒྱུ་བའི་ཞག་གཅིག་གི་དུས་སུ་སྤྱི་བོའི་དབུ་མའི་འཕོ་བའི་རྩ་གཉིས་དང་མགྲིན་པའི་གཉིས་དང་སྙིང་གའི་སྟེང་འོག་གི་ཆ་གཉིས་དང་ལྟེ་བའི་དབུ་མའི་རྩ་བཞི་དང་གསང་བའི་དུང་ཅན་གྱི་རྩ་གཅིག་དང་སྟེང་གི་གཙུག་གཏོར་གྱི་རང་བཞིན་ཚངས་བུག་གི་རྩ་དང་། དེ་ལྟར་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཅིག་གཉིས་མི་ཕྱེད་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞིའི་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་སྟེ། སུམ་བཅུ་སོ་དྲུག་པོ་འདི་ནི་དབུ་མའི་རང་བཞིན་ཞག་གཅིག་ལ་སྐམ་པ་རྣམས་ཀྱི་རྒྱས་བཤད་ཡིན་ནོ། །འདིའི་ངེས་པ་ཞག་ཕྱེད་ན་འཆི་བར་འགྱུར་བ་རྣམས་ཀྱི་ཡང་བོལ་གོང་དང་ཡན་ལག་གི་རླུང་གི་རྩ་རྣམས་མ་བསྡུས་པར་མཐོང་བའི་ཕྱིར་དང་། ཡང་ཡན་ལག་གི་དབུ་མའི་རླུང་རྩ་ལ་མཚོན་ལ་སོགས་པ་གནོད་པར་གྱུར་ན་ཡུད་ཙམ་ལ་འཆི་བའི་ཕྱིར་རོ། །འདི་དག་གི་ངེས་པ་ཡང་དུས་ཀྱི་འཁོར་ལོ་ལས། །ཟླ་བ་ཕྱེད་ཕྱེད་ན་ཡང་རྩ་ནི་དགུ་ལ་ཀླུ་ཡིས་བསྒྱུར་བ་ལྟེ་བའི་འཁོར་ལོ་འཆད་པར་བྱེད། །བྱེད་པ་དང་ནི་བྱ་བ་ཞེས་བྱའི་འཁོར་ལོའི་ཚིགས་ཀྱི་རྩ་རྣམས་རེ་རེ་མེའི་ཉི་མས་འདོར། །མགྲིན་པར་ཡང་ནི་རྒྱུ་སྐར་རྩ་རྣམས་ཟླ་བའི་ནང་དུ་ཉིན་དང་ཉིན་ལ་རིམས་ཀྱིས་འདོར་བར་འགྱུར། །ཐིག་ལེ་གནས་པར་ཟླ་བའི་རྐང་པར་ཟླ་བ་ཕྱེད་ནང་དུ་འདོར་ལ་གཟའ་རྩ་སྙིང་གར་གནས་པ་ཡང་། །ཞེས་བྱ་བ་ལ་སོགས་པ་རྒྱུད་འགྲེལ་རྣམས་ནས་རྒྱས་པར་གསུངས་སོ། །གཉིས་པ་རླུང་གི་འཆི་ལྟས་ལ་ལྔ་སྟེ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ་དང་། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་བའི་ལྟས་དང་། གཡས་པ་ཉི་མའི་འཆི་ལྟས་དང་། གཡོན་པ་ཟླ་བའི་འཆི་ལྟས་དང་། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ལ་རླུང་གི་སྡུད་རིམས་བསྟན་པ་ནི་ཞེས་པ་ནས་ཚིགས་བཅད་གཉིས་སྟེ། རྩ་བ་དང་ཡན་ལག་གི་རླུང་རྣམས་ཟླ་བཅུར་རིམས་ཀྱིས་རྫོགས་ཏེ། སྐྱེས་ནས་དུས་སུ་འཆི་བ་གང་ཡིན་པ་དེ་ནི་ལོ་བཅུ་བཅུ་རིམ་པ་ལྟར་དུ་དང་པོར་ནོར་རྒྱལ་གྱི་སྟོབས་ལོ་བཅུ་ན་ལྷ་སྦྱིན་གྱི་སྟོབས་དང་གཅིག་ཏུ་འགྱུར་རོ། །ཉི་ཤུ་པ་ལ་རྩངས་པའི་རླུང་གི་སྟོབས་དང་གཅིག་ཏུ་འགྲོའོ། །སུམ་བཅུ་པ་ལ་རུས་སྦལ་གྱི་སྟོབས་དང་གཅིག་དུའོ། །བཞི་བཅུ་པ་ལ་ཀླུའི་རླུང་དང་གཅིག་དུའོ། །ལྔ་བཅུ་པ་ལ་ཁྱབ་བྱེད་ཀྱི་རླུང་དང་གཅིག་དུའོ། །དེ་ནས་ཀླུ་དང་ཁྱབ་བྱེད་ཀྱི་རླུང་གཉིས་མཚུངས་པར་སྤྱོད་པས་དྲུག་བཅུའི་བར་དུ་སྟོབས་བྱེད་ཅིང་། བདུན་བཅུའི་བར་དུ་མཉམ་གནས་དང་ལྷན་ཅིག་གོ །བརྒྱད་བཅུའི་བར་དུ་གྱེན་རྒྱུའི་ནུས་པ་དང་ལྷན་ཅིག་གོ །དགུ་བཅུའི་བར་དུ་ཐུར་སེལ་གྱི་སྟོབས་དང་ལྷན་ཅིག་གོ །དེ་ཕན་ཆད་ནས་སྲོག་གི་རླུང་ལ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ། །ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་སོ། །གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པར་འཆི་བའི་ལྟས་ལ། འཕེལ་བའི་རིམ་པ་དང་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་དང་གཉིས་ལས། །དང་པོ་ནི་རྒྱས་པར་དུས་ཀྱི་འཁོར་ལོ་ནས། །ཞེས་པ་ནས་ཚིགས་བཅད་དྲུག་སྟེ། སྐྱེས་བུ་ཚེ་ལོ་བརྒྱ་པ་གང་ཡིན་པ་དེ་ལ་སྐྱེས་ནས་ལོ་གཅིག་གི་བར་དུ་རླུང་རྣམས་གྱི་དུས་སྦྱོར་གྱི་གྲངས་ཀུན་མཉམ་པར་རྒྱུ་སྟེ་ཆད་ལྷག་མེད་དོ། །དེ་ནས་བསྒྲོད་པ་གསུམ་པ་ལ་ནམ་མཁའི་རླུང་གི་འཚམས་སུ་རླུང་ཅིག་རྒྱུ་བ་འཕེལ་ལ། བསྒྲོད་པ་བཞི་པའི་ཟླ་བ་དྲུག་ལ་འཕེལ་འགྲིབ་མེད་དོ། །ལོ་གཉིས་པ་ལ་ས་རླུང་དུ་སྣ་གཡས་པར་རླུང་གཉིས་ཀྱི་རྒྱུ་བ་འཕེལ་ལོ། །ལོ་གསུམ་པ་ལ་སྣ་གཡོན་དུ་ནམ་མཁའི་རླུང་དུ་དབུགས་གསུམ་མོ། །ལོ་བཞི་པ་ལ་སྣ་གཡས་སུ་སའི་རླུང་དུ་དབུགས་བཞིའོ། །ལོ་ལྔ་པ་ལ་སྣ་གཡོན་དུ་ནམ་མཁའི་རླུང་དུ་དབུགས་ལྔའོ། །ལོ་དྲུག་པ་ལ་ཟླ་བ་ཕྱེད་དང་གཉིས་ཀྱིས་མཆོག་པའི་འཚམས་སུ་སྣ་གཡས་སུ་ས་རླུང་ལ་དབུགས་དྲུག་འཕེལ་པས། །དེ་ལྟར་རེ་མོས་རེ་རེ་འཕེལ། །ཕྱོགས་གསུམ་མ་ཚང་ལོ་བདུན་ན། །ཆུ་སྲང་གཅིག་འགྱུར། །ཞེས་སྨོས་པ་ཡིན་ནོ། །གཡོན་དང་གཡས་སུ་རིམ་པ་བཞིན། །ལོ་རེ་ཆུ་སྲང་རེ་རེ་འཕེལ། །ཞེས་པ་ལོ་བརྒྱད་པ་ལ་སྣ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་གཉིས་འཕེལ་ལོ། །ལོ་དགུ་པ་ལ་སྣ་གཡས་སུ་ས་རླུང་དུ་ཆུ་སྲང་གསུམ་འཕེལ་སྟེ། དེ་ལྟར་རེ་མོས་ཀྱིས་དྲུག་བཅུའི་བར་དུ་འཕེལ་བས། །དྲུག་བཅུ་རྩ་བདུན་ལོན་ནས་ནི། །ཆུ་ཚོད་གཅིག་དུ་འགྱུར་ཏེ་སྣ་གཡོན་པའི་མཁའ་རླུང་དུ་རྒྱུ་བར་འགྱུར་ཏོ། །དེ་ཕྱིན་ཅད་ཟླ་བ་དྲུག་ནས་སྣ་གཡས་པར་ས་རླུང་དུ་ཆུ་ཚོད་གཉིས་འཕེལ་ལོ། །ཟླ་བ་གཞན་དྲུག་ལ་སྣ་གཡོན་ནས་ནམ་མཁའི་རླུང་དུ་ཆུ་ཚོད་གསུམ་དུ་འགྱུར་ཏེ། དེ་ལྟར་ལོ་སུམ་བཅུའི་བར་དུ་འཕེལ་བས། དེ་ནས་བསྒྲོད་པ་རེ་རེ་བཞིན། །ལོ་ནི་སུམ་བཅུ་དབྱུག་གུ་འཕེལ། །གཡོན་དང་གཡས་དང་རིམ་པ་བཞིན། །མཁའ་དང་ས་རླུང་གནས་དེར་འབྱུང་། །ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་བཅུ་གཅིག་ལོན་ནས་སྣ་གཡོན་དུ་ནམ་མཁའི་རླུང་གི་རང་བཞིན་ཞག་གཅིག་ཏུ་རྒྱུའོ། །དེ་ལྟར་རྒྱུ་བ་འཕེལ་ནས། དེ་ནས་ལོ་གསུམ་ཕྱོགས་གསུམ་ན་སྲིད་པ་གཞན་དུ་འཕོ་བར་འགྱུར་བས་ན་ལོ་བརྒྱ་ཐམ་པ་ཡིན་ནོ། །ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་ནི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི། །དབུ་མའི་འཆི་ལྟས་ངེས་པ་ནི། །ཞེས་འཚམ་སྦྱར་ནས་དངོས་ནི། ཟླ་བ་སོ་བདུན་ཕྱེད་བཅས་ལ། །ཞག་གི་འཕེལ་བ་སོ་གསུམ་སྟེ། །ཞེས་བྱ་བ་ནི་ལོ་གསུམ་ཕྱོགས་གསུམ་གྱི་ཟླ་བ་སུམ་བཅུ་སོ་ཕྱེད་དང་བརྒྱད་ཡོད་པ་ལ། འཆི་ལྟས་དངོས་ཞག་སུམ་བཅུ་སོ་གསུམ་འཕེལ་བ་ཡིན་པས། དེ་ལ་ཇི་ལྟར་འཕེལ་བའི་ཚུལ་ནི། །སོ་བཞི་ཕྱེད་བཅས་ཞག་གྲངས་ལ། །རེ་རེ་འཕེལ་འགྱུར་སུམ་བཅུའི་བར། ཞེས་སྨོས་སྟེ་ཟླ་བ་སུམ་བཅུ་སོ་ཕྱེད་དང་ལྔའི་བར་དུ་འཆི་ལྟས་ཞག་སུམ་ཅུ་འཕེལ་བ་ཡིན་པས་ཞག་སུམ་བཅུ་སོ་ཕྱེད་དང་ལྔ་ལྔ་ལ་སྣ་གཡས་གཡོན་ནས་འཆི་ལྟས་ཞག་རེ་རེ་འཕེལ་ཞིང་རྒྱུ་བར་འགྱུར་རོ། །ཞག་གསུམ་གསུམ་འཕེལ་ཙམ་ན། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་བཅུར་བསྐྱེད་སྡུད་ཀྱི་རིམ་པས་ནམ་མཁའ་དང་ས་ནས་འབྱུང་བའི་རླུང་གི་རྩ་དྲུག་དྲུག་གི་ནུས་པ་སྡུད་དོ། །དེ་རྒྱས་པར་བཤད་པ་ནི། །ལྟེ་བའི་ཁྱིམ་གྱི་རྩ་དྲུག་བཅུ། །གཡོན་དུ་མཁའ་ནས་རིམ་པ་ལྟར། །གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག །སྐམས་ཤིང་མི་མཉམ་རྒྱུ་བ་འཕེལ། །དེ་བཞིན་གཡས་ནས་མཉམ་པ་རུ། །གཉིས་བཞི་ལ་སོགས་ས་རླུང་ནས། །སྡུད་རིམས་འགག་ཅིང་ཁྱིམ་དྲུག་སྟོངས། །ཞེས་བྱ་བ་ལྟེ་བར་དབུ་མ་ལས་རྩ་བཞིར་གྱེས་སྟེ་དེ་ལ་བཅུ་གཉིས་སུ་གྱེས་ཤིང་དེ་ལས་ལྔ་ལྔར་གྱུར་པའི་གཡོན་གྱི་ཕྱོགས་ན་ལུག་འཁྲིག་པ་སེང་གེ་སྲང་གཞུ་བུམ་པ་དྲུག་ལ་རྩ་སུམ་བཅུ་ནས། ནམ་མཁའ་རླུང་མེ་ཆུ་དང་སའི་རིམ་པས་སྡུད་ཅིང་། གཡས་ནས་གླང་ཀར་ཀ་ཏ་བུ་མོ་སྡིག་པ་ཆུ་སྲིན་ཉའི་ཁྱིམ་གྱི་ས་ཆུ་མེ་རླུང་ནམ་མཁའ་མཉམ་པའི་ཞག་གིས་སྡུད་པས། འཆི་ལྟས་ཞག་གཅིག་སྣ་གཡོན་དུ་ནམ་མཁའི་རླུང་རྒྱུའོ་དེའི་འོག་ཏུ། ཞག་སོ་གསུམ་ཕྱེད་བཅས་རླུང་ཚུལ་བཞིན་དུ་རྒྱུ་ཞིང་། ཡང་སྣ་གཡས་ནས་ས་རླུང་དུ་ཞག་གཉིས་རྒྱུའོ། །ཡང་ཞག་སོ་ཕྱེད་དང་གསུམ་ན་སྣ་གཡོན་དུ་ནམ་མཁར་ཞག་གསུམ་རྒྱུའོ། །དེ་བཞིན་དུ་རེ་མོས་ཀྱིས་ཞག་རེ་འཕེལ་སྟེ། ཞག་སོ་གཅིག་ཕྱེད་བཅས་ན་སྣ་གཡས་སུ་ས་རླུང་ཞག་བཞིའོ། །ཡང་ཞག་སུམ་བཅུ་དང་ཕྱེད་ན་གཡོན་དུ་མཁའ་རླུང་ཞག་ལྔ་རྒྱུ་སྟེ། ཁྱིམ་དྲུག་གི་མཁའ་རླུང་གི་ནུས་པ་ཟད་དེ་རྩ་དྲུག་སྟོངས་སོ། །དེ་ནས་ཞག་ཉི་ཤུ་རྩ་དགུ་ཕྱེད་བཅས་ན་གཡས་སུ་ཞག་དྲུག་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ས་རླུང་སྟོངས་སྟེ་རྩ་དྲུག་སྐམས་སོ། །ཡང་ཞག་ཉི་ཤུ་རྩ་བརྒྱད་ཕྱེད་བཅས་ན། གཡོན་ནས་རླུང་གི་རླུང་ཞག་བདུན་རྒྱུའོ། །ཡང་ཞག་ཉི་ཤུ་རྩ་བདུན་ཕྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བརྒྱད་རྒྱུའོ། །དེ་ནས་ཞག་ཉི་ཤུ་རྩ་ཕྱེད་དང་བདུན་ན་གཡོན་དུ་རླུང་གི་རླུང་ཞག་དགུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་དྲུག་ན་གཡས་སུ་ཆུ་རླུང་ཞག་བཅུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་ལྔ་ན་གཡོན་དུ་རླུང་གི་རླུང་ཞག་བཅུ་གཅིག་རྒྱུ་སྟེ། ཁྱིམ་དྲུག་གི་རླུང་གི་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་བཞི་ན། གཡས་སུ་ཆུ་རླུང་ཞག་བཅུ་གཉིས་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ཆུ་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །དེ་ནས་ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་ནས་གཡོན་དུ་ཞག་བཅུ་གསུམ་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་དང་གཉིས་ན་གཡས་ནས་ཞག་བཅུ་བཞི་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་ཕྱེད་དང་བཅས་པ་ན་གཡོན་ནས་མེ་རླུང་ཞག་བཅོ་ལྔའོ། །གཡས་ནས་ཞག་བཅུ་དགུ་ཕྱེད་དང་བཅས་པའི་འོག་ཏུ་མེ་རླུང་ཞག་བཅུ་དྲུག་གོ། །གཡོན་ནས་ཞག་ཕྱེད་དང་བཅུ་དགུའི་འོག་ཏུ་མེ་རླུང་ཞག་བཅུ་བདུན་སྟེ་གཡོན་པའི་ཁྱིམ་དྲུག་གི་མེ་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་གཡས་ནས་ཞག་ཕྱེད་དང་བཅོ་བརྒྱད་ན་མེ་རླུང་ཞག་བཅོ་བརྒྱད་རྒྱུ་བས་གཡས་ཀྱི་ཁྱིམ་དྲུག་གི་མེ་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་བདུན་ན་གཡོན་ནས་ཞག་བཅུ་དགུ་ཆུ་རླུང་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་དྲུག་ན་སྣ་གཡས་ནས་རླུང་གི་རླུང་ཞག་ཉི་ཤུའོ། །ཡང་ཞག་ཕྱེད་དང་བཅོ་ལྔ་ན་གཡོན་ནས་ཆུ་རླུང་ཞག་ཉེར་གཅིག་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་བཞི་ན་གཡས་ནས་རླུང་གི་རླུང་ཞག་ཉེར་གཉིས་སོ། །ཡང་ཞག་ཕྱེད་དང་བཅུ་གསུམ་ནི་གཡོན་ནས་ཆུ་རླུང་ཞག་ཉེར་གསུམ་རྒྱུས་ནས་ཆུ་རླུང་གི་ཁམས་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཉིས་ན་གཡས་ནས་རླུང་གི་རླུང་ཞག་ཉེར་བཞི་བརྒྱུས་ནས་རླུང་གི་ཁམས་ཟད་ཅིང་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཅིག་ན་གཡོན་ནས་ས་རླུང་ཞག་ཉེར་ལྔ་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་ན་གཡས་སུ་མཁའ་རླུང་ཞག་ཉེར་དྲུག་རྒྱུའོ། །ཡང་ཞག་ཕྱེད་དང་དགུ་ན་གཡོན་དུ་ས་རླུང་ཞག་ཉེར་བདུན་རྒྱུའོ། །ཡང་ཞག་ཕྱེད་བརྒྱད་ན་གཡས་སུ་མཁའ་རླུང་ཞག་ཉེར་བརྒྱད་རྒྱུའོ། །ཡང་ཞག་ཕྱེད་དང་བདུན་ན་གཡོན་དུ་ས་རླུང་ཞག་ཉེར་དགུ་རྒྱུ་སྟེ། གཡོན་གྱི་རླུང་ལྔ་ཟད་པས་རྩ་དྲུག་ན་གཡོན་གྱི་ཁྱིམ་དྲུག་གི་རྩ་སུམ་བཅུར་རླུང་མི་རྒྱུའོ། །ཡང་ཞག་ཕྱེད་དང་དྲུག་ན་གཡས་སུ་མཁའ་རླུང་ཞག་སུམ་བཅུ་རྒྱུ་སྟེ་དེ་ནས་འཚོ་བའི་ཞག་ཕྱེད་དང་ལྔ་རྒྱུ་ཞིང་རྩ་དྲུག་སྟོངས་ནས་གཡས་ཀྱི་ཁྱིམ་དྲུག་གི་རྩ་སུམ་བཅུར་རླུང་མི་རྒྱུ་བས་ལྟེ་བའི་ཕྱི་རྩ་དྲུག་བཅུ་སྐམ་མོ། །དེ་ལྟར་འཆི་ལྟས་ཟླ་བ་གཅིག་འཕེལ་བས་ཟླ་བ་སུམ་བཅུ་སོ་ཕྱེད་དང་ལྔ་འདས་ནས། །དེ་རྗེས་ཟླ་བ་གསུམ་པོ་ལ། །གཡོན་ནས་སོ་གཅིག་སྙིང་སྟོབས་ཟད། །གཡས་ནས་སོ་གཉིས་རྡུལ་ཟད་བྱེད། །རྩ་བའི་རྩ་ཆེན་དྲུག་དྲུག་འགག །དེ་རྗེས་སོ་གསུམ་རླུང་ཀུན་ཟད། །མུན་པ་ཆེན་པོ་ཟད་བྱེད་རླུང་། །ཞག་གཅིག་རྒྱུ་ཞིང་འཕོ་བར་བྱེད། །ཞེས་བྱ་བ་ནི་ཟླ་བ་གསུམ་དང་ཞག་བདུན་གྱི་བར་གྱི་ལྷག་མ་རྣམས་བསྡུས་པ་སྟེ། གཡོན་ནས་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་ཟླ་བའི་རླུང་ཐམས་ཅད་ཟད་དེ་ཟླ་བའི་འཕོ་བ་མཐར་ཐུག་ཅིང་ཁྱིམ་དྲུག་གི་རྩ་བ་དྲུག་ཀྱང་སྟོངས་སོ། །ཡང་གཡས་སུ་འཕོས་ནས་ཞག་སོ་གཉིས་རྒྱུ་བས་མཁྲིས་པའི་ཁམས་ཟད་པར་བྱེད་ཅིང་གཡས་ཀྱི་ཁྱིམས་དྲུག་གི་རྩ་བ་ཡང་སྐམས་པས་ལྟེ་བའི་རྩ་དོན་གཉིས་པོ་ཐམས་ཅད་འགག་པས་ཉི་མའི་མཐར་ཐུག་གོ །དེ་ནས་ཞག་སོ་གསུམ་དུ་མུན་པ་དང་རླུང་གི་ཁམས་ཟད་པར་བྱེད་པ་རྒྱུ་སྟེ་སྤྱི་བོའི་རྩ་བཅུ་བཞི་དང་། མགྲིན་པའི་ཉེར་བརྒྱད་དང་། སྙིང་ཁའི་བརྒྱད་དང་། གསང་བའི་རྩ་རྣམས་སྐམ་ཞིང་། དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱོར་བ་མེད་པས། ཞག་གཅིག་མུན་པ་ཆེན་པོའི་རླུང་རྒྱུ་བས་ཡེ་ཤེས་ཀྱི་རླུང་ཟད་ནས་དབུ་མའི་ཡན་ལག་གི་རྩ་ཀུན་བསྡུས་ཏེ་ཐིག་ལེ་འདོར་ཞིང་རྣམ་པར་ཤེས་པ་འཕོ་བར་འགྱུར་རོ། །དོན་འདི་ལ་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། སུམ་བཅུ་རྩ་སུམ་དུ་རྒྱུ་བའི་ཉི་མ་དང་། ཡང་སུམ་བཅུ་རྩ་གསུམ་དུ་འཕོ་བའི་ཉི་མས་ཞེས་གཉིས་ཀའི་ཁྱིམ་བསྡུས་པས་ཉི་མ་སྟོང་བརྒྱ་ཉི་ཤུ་རྩ་གཉིས་གྱི་ཉི་མར་འགྱུར་ཏེ་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ལ་ཉི་མ་གསུམ་མ་ཚང་པའི་དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩའི་དབྱེ་བས་སྲོག་གི་རླུང་གནས་ཡོངས་སུ་གཏོང་ཞེས་གསུང་པ། འཆི་ལྟས་རྒྱུ་བའི་བར་ནས་གཡས་སུ་ཞག་ཉིས་བརྒྱ་བདུན་བཅུ་དོན་ཕྱེད་དང་བརྒྱད། གཡོན་ན་ཞག་ཉིས་བརྒྱ་དགུ་བཅུ་གོ་ཕྱེད་དང་གསུམ། འཆི་ལྟས་འཕེལ་བ་ལ་གཡས་ཀྱི་ཞག་ཉིས་བརྒྱ་བདུན་བཅུ། གཡོན་གྱི་ཞག་ཉིས་བརྒྱ་ལྔ་བཅུ་རྩ་ལྔ། དབུས་ཀྱི་ཞག་སུམ་བཅུ་རྣམས་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ཏུ་དགོངས་པའོ། །ད་རུང་གཡས་གཡོན་གྱི་འཕེལ་བའི་ལྷག་ཞག་གསུམ་དབུ་མའི་ཞག་གསུམ་སྔ་མའི་གསུམ་དང་དགུ་ཡོད་པ་ནི། མངལ་གྱི་ཟླ་བ་དགུའི་དབྱུག་གུ་བསྡུས་པས་ཞག་དགུར་འགྱུར་བར་གསུངས་པའི་ཕྱིར་ལྷག་པ་ཡིན་ལ། ཞག་གཅིག་པོ་ནི་མངལ་གྱི་དང་པོའི་ཟླ་བ་གཅིག་གི་སྲོག་ཟད་པའི་ཕྱིར་ཡིན་ཏེ། འགྲེལ་པ་ནས་དེ་ནས་གཞན་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་ཉིན་ཞག་གི་ཚོགས་གསུམ་བཅུའི་འཚོ་བའི་མཚན་མའོ་ཞེས་བྱུང་བ་ཡིན་ནོ། །སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས། །དབུ་མའི་འཆི་ལྟས་ངེས་པ་ཡིན། །ཞེས་བྱ་བ་ནི་འདིར་ཞག་འཕེལ་བའི་རགས་པར་བརྩིས་པས་ཞག་སུམ་བཅུ་སོ་བཞི་ལོ་གསུམ་ཕྱོགས་གསུམ་ལ་འཕེལ་བ་བསྟན་ཏེ། ཞིབ་པ་ནི་ཞག་གཅིག་ཆུ་ཚོད་གཅིག་ཆུ་སྲང་ལྔ་དབུགས་གཅིག་ཡིན་སྟེ། ཐ་མའི་མུན་པ་ཟད་བྱེད་ལ་དབུགས་ཕྱེད་ལས་མེད་པས་ལུང་ལས་གསུངས་པ་འོག་ན་ཡོད་པ་བཞིན་ནོ། །མུན་པ་ཆེན་པོ་ཞག་གཅིག་པོ་ཡང་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བ་སྟེ། དེའི་ཚེ་དབུ་མའི་རྩ་ཆེན་པོ་སུམ་བཅུ་སོ་དྲུག་དོར་ཞིང་ཀུན་གཞིའི་རྣམ་པར་ཤེས་པ་སྲོག་གི་རླུང་དང་ལྷན་ཅིག་ཕ་རོལ་ཏུ་འགྲོ་སྟེ། དབུ་མའི་སྒྲ་གཅན་གྱི་འཆི་ལྟས་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །འདིའི་ངེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། །དུས་ཀྱི་ལོ་ནི་ཇི་སྲིད་གཅིག་ནས་ཉིན་ཞག་ཚུལ་གྱིས་རྒྱུ་བ་ཡིས་ནི་འཕེལ་ཞིང་འཕོ་བར་བྱེད། །ཟླ་བ་ཉི་མའི་ལམ་ཞེས་བྱ་བ་མི་མཉམ་མཉམ་པ་ནས་ནི་ཉིན་ཞག་རེ་རེ་རིམ་གྱིས་འཕེལ། །སླར་ཡང་འཕོ་བའི་རིམ་པས་མཉམ་དང་མི་མཉམ་ཉི་མས་རྩི་བས་ནི་བཅུ་གཉིས་རྣམས་སུ་བྱེད་པར་འགྱུར། །ཇི་སྲིད་ཟླ་བ་ཕྱེད་དང་གཉིས་སུ་བཅུ་ལ་གསུམ་གྱིས་བསྒྱུར་པ་དང་ནི་འཚོ་བའི་ཉིན་ཞག་གསུམ། །དབུགས་དང་ཆུ་སྲང་རྣམས་དང་དབྱུག་གུར་རིམ་གྱིས་ཉིན་དང་མཚན་དུ་འཕེལ་བ་དེ་དག་རྣམས་ཀྱིས་སོ། །ལོ་བདུན་དུ་ཡང་བསྒྲོད་པའི་ཡན་ལག་གིས་ཏེ་བསྒྲོད་པའི་དབང་གིས་དྲུག་བཅུའི་ལོ་རྣམས་ཀྱང་། །ལོ་ནི་སུམ་བཅུ་ཟླ་བ་གསུམ་གྱིས་ཉིན་མཚན་འགྱུར་བ་དུས་ཀྱི་ལོ་དང་ཟླ་བ་ཕྱེད་པ་གསུམ། །ཞེས་གསུངས་པ་འདི་རྣམས་ཤིན་ཏུ་རྒྱས་པར་བཤད་པ་ཡིན་ནོ། །གཡས་གཡོན་དང་དབུ་མའི་འཆི་ལྟས་ལོ་གསུམ་ཕྱོགས་གསུམ་ལས་སོ་སོར་བགོས་ན་ཇི་ལྟ་བུ་ཞེ་ན། ཞག་སུམ་བཅུ་སོ་བཞི། ཆུ་ཚོད་སུམ་བཅུ་སོ་དྲུག་ཆུ་སྲང་ལྔ་བཅུ་ང་ལྔ་དབུགས་གཅིག་གི་སུམ་བཅུ་པོ་ཕྱེད་དང་གསུམ་གྱི་ཆ་བཅུ་རྣམས་ནི་དབུ་མ་སྒྲ་གཅན་གྱི་འཆི་ལྟས་ཀྱི་སྐལ་པ་ཡིན་ལ། གཡས་གཡོན་གྱི་ཉི་ཟླའི་རླུང་གཉིས་པོ་ལ་ཞག་ལྔ་བརྒྱ་བཞི་བཅུ་རྩ་ལྔ་ཆུ་ཚོད་བཅུ་གཅིག་ཆུ་སྲང་སོ་གཉིས་དབུགས་གཅིག་དབུགས་ཀྱི་བཞི་གསུམ་ཆ་དང་བཅས་པ་རེ་རེ་ཡོད་པ་ནི་ཉི་ཟླའི་འཆི་ལྟས་དངོས་གཞི་ཡིན་པས་རྒྱུད་ལས། ཉི་མའི་ཚོགས་ལ་ཕྱེད་བཅས་སུམ་བཅུ་རྩ་གཉིས་རྣམས་ཀྱིས་བགོས་པ་དུས་ཀྱི་འཁོར་ལོ་རྒྱུ་བ་ཡིན། ཞེས་གསུངས་པའི་འགྲེལ་པར། འདི་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལ་སུམ་བཅུ་རྩ་ཕྱེད་དང་གསུམ་གྱི་ཆས་རྙེད་པ་ནི། ཉི་མ་སུམ་བཅུ་རྩ་བཞི་དང་དབྱུ་གུ་སུམ་བཅུ་རྩ་ལྔ་དང་དབུགས་ཕྱེད་དང་གསུམ་སྟེ་འདི་རྣམས་ལས་ཉི་མ་གཅིག་ལྟེ་བར་རོ། །ལྷག་མ་གཡོན་དང་གཡས་སུ་འཆི་ལྟས་རིག་པར་བྱ་སྟེ་ཉི་མ་སོ་སོར་ལ་དབྱུ་གུ་ལྷག་པར་འགྱུར་ཏེ་ཐ་མར་རྩ་གཡས་སུ་རྒྱུའོ། །དུས་སུ་འཆི་བའི་ངེས་པའོ། །ཞེས་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། །དེ་ལས་བགོ་བཤའ་ཞིབ་ཏུ་བྱས་པ་དག་ནི་སློབ་དཔོན་ཀུན་དགའ་ཡིས་མཛད་པའི་དུས་འཁོར་འགྲེལ་པ་ན་ཡོད་དོ། །གསུམ་པ་གཡས་པ་ཉི་མའི་འཆི་ལྟས་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་དུས་མིན་ཉི་མ་ཡི། །འཆི་ལྟས་ངེས་པ་འདི་ལྟ་སྟེ། །ཞེས་པ་སྐྱེས་བུ་ཚེ་ལོ་བརྒྱ་པའི་དུས་སུ་འཆི་བ་ནི། སྔར་བསྟན་ལ་སྔོན་གྱི་ལས་ཀྱིས་དུས་མ་ཡིན་པར་འཆི་བ་འབྱུང་བས་དེ་ལ་ཡང་ཉི་མའི་ཁམས་གཡས་པ་མྱུར་ཏུ་ཟད་པའི་འཆི་ལྟས་འབྱུང་བའི་ཚུལ་འདིར་རྒྱས་པར་འཆད་པའོ། །རྒྱས་པར་བཤད་པ་ལ་ཚིགས་སུ་བཅད་པ་ལྔ་དང་རྐང་པ་གསུམ་སྟེ། དེ་ཡང་སྣ་གཡས་སུ་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་ན་ངེས་པར་འཆི་བའི་ལྟས་ཡིན་པས་འཚམས་གྱི་ངེས་བཟུང་ངོ་། །དེ་ནས་ཁྱིམ་བཅུ་གཉིས་པའི་རྩ་གཡས་ཕྱོགས་ནས་བཟུང་ནས་གླང་ལ་སོགས་པ་མཐུན་པའི་དུས་སྦྱོར་ནས་བཟུང་ནས་ཁྱིམ་བཅུ་གཉིས་རིམ་པ་ལྟར་དུ་འདོར་ཞིང་ལྟེ་བའི་ཁྱིམ་བཅུ་གཉིས་པོའི་རྩ་དྲུག་བཅུ་པོ་འགག་པར་འགྱུར་ཏེ། དེ་ལ་གང་གི་ཚེ་སྣ་གཡས་སུ་ཞག་ལྔ་རྒྱུ་བ་དེའི་ཚེ་གླང་གི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་ཏེ་ལོ་གསུམ་གྱི་ཚེ་ལུས་པ་ཡིན་ནོ། དེ་ནས་ལོ་གཅིག་གི་བར་དུ་རིམས་ཀྱིས་འཕེལ་ནས། སྣ་གཡས་སུ་རླུང་ཞག་བཅུ་རྒྱུ་བའི་ཚེ་ཁྱིམ་གཉིས་པའི་རྩ་ལྔ་དོར་ནས་ལྷག་མ་ལོ་གཉིས་ཀྱི་ཚེ་ཡིན་ནོ། །ཡང་ལོ་གཅིག་གི་བར་དུ་ལྔ་འཕེལ་ནས་སྣ་གཡས་ནས་ཞག་བཅོ་ལྔ་རྒྱུ་བ་ན་ཁྱིམ་གསུམ་པའི་རྩ་ལྔ་འགགས་ནས་ལོ་གཅིག་གི་ཚེ་ལུས་སོ། །དེ་ནས་ཟླ་བ་རེར་ཞག་རེ་འཕེལ་ནས་ཟླ་བ་དྲུག་ན་སྣ་གཡས་ནས་ཞག་ཉི་ཤུ་རྒྱུ་ན་ཁྱིམ་བཞི་པའི་རྩ་ལྔ་འགགས་ནས་ཟླ་བ་དྲུག་གི་ཚེའོ། །དེ་ནས་ཟླ་བ་གསུམ་ལ་ཞག་ལྔ་འཕེལ་ནས་སྣ་གཡས་ནས་ཞག་ཉེར་ལྔ་རྒྱུ་ན་ཁྱིམ་ལྔ་པའི་རྩ་ལྔ་འགགས་ནས་ཚེའི་ལྷག་མ་ཟླ་བ་གསུམ་ལུས་ཏེ། དེ་རྣམས་ལྔ་ཚན་འཕེལ་བ་སྟེ། །ཁྱིམ་ལྔ་སྟོངས་པར་གྱུར་པ་ཡིན། །ཞེས་སྨོས་སོ། །དེ་ནས་ཞག་རེ་རེ་འཕེལ་བས་ལྟེ་བའི་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ། སྣ་གཡོན་ནས་ཞག་བཞི་གཡས་པ་ནས་ཉེར་དྲུག་རྒྱུ་བས་ཁྱིམ་དྲུག་པའི་རྩ་ལྔ་སྟོངས་ནས་ཚེའི་ལྷག་མ་ཟླ་བ་གཉིས་སོ། །དེ་ནས་ཡང་སྣ་གཡོན་ནས་ཞག་གསུམ་གཡས་པ་ནས་ཉེར་བདུན་རྒྱུ་བས་ཁྱིམ་བདུན་པའི་རྩ་ལྔ་སྐམས་ནས་ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་སྟེ། འདི་ཚུན་ཆད་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བསླུ་བར་ནུས་པས། ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། །དེ་ནས་སུས་ཀྱང་བཟློག་མི་ནུས། །ཞེས་སྨོས་སོ། །འདི་ནས་ཞག་སུམ་བཅུ་སོ་གསུམ་ན་འཆི་བ་ཡིན་པས་ཚེའི་ལྷག་མ་ཟླ་བ་གཅིག་པོ་དེའི་ཞག་བཅོ་ལྔ་ལ་ཁྱིམ་བརྒྱད་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་བཅུ་རུ་ཁྱིམ་དགུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་ལྔ་ལ་ཁྱིམ་བཅུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་གསུམ་ལ་ཁྱིམ་བཅུ་གཅིག་པའི་རྩ་ལྔ་སྐམ་སྟེ། དེ་ལྟར་ཞག་སུམ་བཅུ་སོ་གསུམ་དུ་སྣ་གཡས་ནས་རྒྱུ་བས་ཁྱིམ་བཞི་འདོར་བར་བྱེད་ཅིང་སྤྱིར་ཁྱིམ་བཅུ་གཅིག་སྟོངས་ནས་ཉི་མའི་སྟོབས་ཟད་པར་གྱུར་ཏེ་དེའི་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་སྣ་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་དེ། །ཁྱིམ་བཅུ་གཉིས་པ་ལུག་གི་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ནས་ལྟེ་བའི་རྩ་ཐམས་ཅད་དུ་རླུང་མི་རྒྱུ་བས་གོང་དུ་བཤད་པ་སྟར། དེ་ནས་དབུ་མར་ཞག་གཅིག་བརྒྱུས་ནས་རྣམ་པར་ཤེས་པ་ཕ་རོལ་ཏུ་འགྲོ་བར་བྱེད་དེ། འདི་ཡང་དུས་ཀྱི་འཁོར་ལོར་ལྔ་ལས་ལྔ་ཡིས་འཕེལ་བས་ཉི་ཤུ་རྩ་ལྔའི་ཉིན་ཞག་རྣམས་ཀྱི་ཚུལ་གྱིས་རྒྱུ་ཞིང་འཕོ་བར་འགྱུར། དེ་ནས་རེ་རེས་ལྷག་པ་བཅུ་ལ་གསུམ་གྱིས་བསྒྱུར་བ་དང་ནི་ཇི་སྲིད་གསུམ་གྱིས་ལྷག་པ་རྣམས། །གང་དུ་རྒྱས་པའི་དུས་ལ་ལོ་ནི་གསུམ་མིག་ཟླ་བ་དྲུག་གསུམ་ཟུང་དང་ཟླ་བས་མ་ལུས་པར་དེ་རྣམས་ཟླ་བ་ལྷག་མ་ཉིན་ཞག་རྣམས་ནི་ཚེས་ཕྱོགས་མདའ་དང་ཡོན་ཏན་གཉིས་གཅིག་འཚོ་བར་འགྱུར། །མཆོག་གི་ཆ་ནི་རང་གནས་ཁྱིམ་གྱི་འཁོར་ལོ་འདོར་ཞིང་འབྲི་བའི་ལྷག་མ་དག་ནི་མཉམ། །ལོ་དང་ཟླ་བ་ཉི་མ་ཡང་ནི་གསུམ་མིག་ཟླ་བ་དང་ནི་དྲུག་དང་གསུམ་ཟུང་ཟླ་བ་ཡིས། །རྒྱས་པ་ལས་ནི་འབྲི་བ་དང་མཉམ་ཚེས་ཕྱོགས་མདའ་དང་ཡོན་ཏན་དང་ནི་ཟེ་འབྲུ་ལ་ཞུགས་པ། །ཉི་མ་སུམ་བཅུ་རྩ་དྲུག་རྣམས་ཀྱི་མཐར་ནི་ཉི་མའི་འཆི་ལྟས་སྦྱོར་བ་ཡིས་ནི་འཆི་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །བཞི་པ་གཡོན་པ་ཟླ་བའི་འཆི་ལྟས་བཤད་པ་ནི། མདོར་བསྟན་དང་། རྒྱས་བཤད་གཉིས་ལས་དང་པོ་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། །ཞེས་པ་སྟེ་སྐྱེས་བུ་འགའ་ཞིག་ལ་དུས་མ་ཡིན་པར་འཆི་བའི་རྟགས་སྣ་གཡོན་པ་ཟླ་བའི་རླུང་འབྱུང་བ་ཡང་ཡོད་པས་དེ་སྟོན་ཏོ། རྒྱས་པར་བཤད་པ་ནི་ཚིགས་བཅད་ཕྱེད་དང་ལྔ་སྟེ། དང་པོ་ལུག་ལ་སོགས་པའི་མི་མཐུན་པའི་དུས་སྦྱོར་ལ་སྣའི་བུ་ག་གཡོན་པ་ནས་སྲོག་རྒྱུ་བ་ཡོད་པས་སྣ་གཡོན་ནས་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་ན་འཕོ་བར་འགྱུར་བའི་རྟགས་སོ། །དེ་ནས་ཟླ་བ་གསུམ་གསུམ་ན་འཆི་རྟགས་ཞག་རེ་རེ་འཕེལ་ཏེ་ཟླ་བ་དྲུག་འདས་ནས་སྣ་གཡོན་དུ་ཞག་གསུམ་རྒྱུ་བས། དེ་ནས་ཟླ་བ་སུམ་བཅུའི་ཚེ་ལུས་ཏེ་ལྟེ་བའི་ལུག་གི་ཁྱིམ་གྱི་རྩ་ལྔ་སྟོངས་པ་ཡིན་ནོ། །དེ་ནས་ཟླ་བ་རེ་རེ་བཞིན། །འཆི་ལྟས་ཞག་ནི་རེ་རེ་འཕེལ། །ཟླ་བ་གསུམ་གྱིས་ཁྱིམ་རེ་འདོར། །གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། །འཚོ་བའི་ཟླ་བ་འབྲི་བ་ཡིན། །ཞེས་བྱ་བ་ཟླ་བ་རེ་རེ་བཞིན་དུ་གཡོན་དུ་འཆི་ལྟས་ཀྱི་ཞག་རེ་རེ་འཕེལ་བས། ཞག་དྲུག་རྒྱུ་ཙམ་ན་ཁྱིམ་གཉིས་པའི་རྩ་ལྔ་སྐམ་མོ། །ཚེའི་ལྷག་མ་ཟླ་བ་ཉེར་བདུན་ནོ། །གཡོན་ནས་ཉི་མ་དགུ་རྒྱུ་བ་ན་ཁྱིམ་གསུམ་པའི་རྩ་ལྔ་སྟོངས་ཏེ་ཚེ་ཟླ་བ་ཉེར་བཞིའོ། །ཉི་མ་བཅུ་གཉིས་རྒྱུ་བ་ན་ཁྱིམ་བཞི་པའི་རྩ་ལྔ་སྟོངས་ཏེ། ཚེ་ཟླ་བ་ཉེར་གཅིག་གོ །ཉི་མ་བཅོ་ལྔ་རྒྱུ་བ་ན་ཁྱིམ་ལྔ་པ་འདོར་ཞིང་། ཚེ་ཟླ་བ་བཅོ་བརྒྱད་དོ། །སྣ་གཡོན་ནས་ཉི་མ་བཅོ་བརྒྱད་རྒྱུ་བ་ན་ཁྱིམ་དྲུག་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་བཅོ་ལྔའོ། །ཉི་མ་ཉེར་གཅིག་གཡོན་ནས་རྒྱུ་བ་ན་ཁྱིམ་བདུན་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་བཅུ་གཉིས་སོ། །གཡོན་ནས་ཞག་ཉེར་བཞི་རྒྱུ་བ་ན་ཁྱིམ་བརྒྱད་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་དགུའོ། །གཡོན་ནས་ཞག་ཉེར་བདུན་རྒྱུ་བ་ན་ཁྱིམ་དགུ་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་དྲུག་གོ །གཡོན་ནས་ཟླ་གཅིག་རྒྱུ་བ་ན་ཁྱིམ་བཅུ་པའི་རྩ་ལྔ་འདོར་ཞིག་ཚེའི་ལྷག་མ་ཟླ་བ་གསུམ་མོ། །དེ་ནས་ཟླ་བ་གསུམ་ལ་ཁྱིམ་བཅུ་གཅིག་པའི་རྩ་ལྔ་དོར་ནས་འཆི་ལྟས་སྣ་གཡོན་ནས་ཞག་སུམ་བཅུ་སོ་གསུམ་རྒྱུ་སྟེ་དེས་ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཞག་གསུམ་ན་འཆི་བར་འགྱུར་ཏེ། དེ་ནས་ཞག་གཉིས་ཉི་མའི་ཁམས་ཟད་པར་བྱེད་པ་སྣ་གཡས་པ་ནས་རྒྱུ་བས་ཁྱིམ་བཅུ་གཉིས་པའི་རྩ་ལྔ་ཡང་སྟོངས་པར་བྱས་ནས་དེའི་འོག་ཏུ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་བརྒྱུས་ནས་རྣམ་པར་ཤེས་པ་གཞན་དུ་འཕོའོ། །འདི་ཡང་དུས་ཀྱི་འཁོར་ལོར། གལ་ཏེ་སྲོག་ནི་ཉིན་དང་མཚན་ལ་རྩ་ནི་གཅིག་ནས་རྒྱུ་ན་དུས་ཀྱི་ལོར་ནི་འཆི་བར་འགྱུར། གལ་ཏེ་མི་རྣམས་ལ་ནི་རྒྱུན་མ་ཆད་པར་ཟླ་བ་ཕྱེད་དུ་རྒྱུ་ན་ཕྱེད་དང་གཉིས་འཚོའོ། །རྒྱུན་མ་ཆད་པར་ཟླ་བ་གཅིག་ཏུ་རྒྱུ་ན་མིའི་བདག་པོ་འཚོ་བ་ཡང་ནི་ཟླ་བ་གསུམ། དེ་ལྟར་རྣལ་འབྱོར་རང་གི་ལུས་ལ་དུས་ཀྱི་འཁོར་ལོ་ཟླ་བར་རྒྱུ་བས་འཆི་བར་ཤེས་པར་བྱའོ་ཞེས་གསུངས་སོ། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་འི་ཚིགས་བཅད་ལྔ་སྟེ། དེ་ལྟར་གཡས་གཡོན་གྱི་ཉི་མ་དང་ཟླ་བའི་འཆི་ལྟས་སོ་སོར་འབྱུང་བའི་རྒྱུན་མཚན་ལྟེ་བའི་མཉམ་པའི་ཁྱིམ་ལུག་ལ་སོགས་པར་མི་མཐུན་པའི་དུས་སྦྱོར་ལ་ཁྱིམ་དེ་ནས་ཐོག་མར་རླུང་རྒྱུན་ཟླ་བའི་འཆི་རྟགས་གཙོ་བོར་འགྱུར་ཏེ། གཞན་མཐུན་པ་མ་ཡིན་པའི་དུས་སྦྱོར་དུ་གླང་ལ་སོགས་པ་མི་མཉམ་པའི་ཁྱིམ་རྣམས་ལས་ཐོག་མར་རླུང་རྒྱུ་བ་བྱུང་ན་ཉི་མའི་འཆི་རྟགས་གཙོ་བོར་གྱུར་པ་ཡིན་ནོ། །ཞེས་རྒྱུད་འགྲེལ་ལས་གསུངས་པ་ཡིན་ནོ། །གཞན་ཡང་སྔ་མ་ལོ་བརྒྱ་ཐུབ་པ་ནས། སྐྱེས་ནས་ཞག་གཅིག་ཐུབ་པའི་བར། །རྩ་ཀུན་རྒྱུ་དང་དབུ་མ་རྐྱང་། །རྒྱུ་བའི་རིམ་པར་གསུངས་པ་ཡིན། །ཞེས་པའི་དོན་དབང་ཕྱུག་གི་གཞུང་ལ་སོགས་པའི་འཆི་རྟགས་ཀྱི་རླུང་རྣམས་ལ་གཡས་ནས་དབྱུ་གུ་ལྔ་རྒྱུ་བ་ལོ་བརྒྱ་ནས་འཆི་ལ། ཞག་གཅིག་རྒྱུ་ན་ལོ་བཅུའི་ཚེ་ལ་སོགས་པ་ཡོད་དོ་ཞེས་བྱ་བ་དེ་དག་མི་འཐད་དོ་ཞེས་དགག་པའི་ཕྱིར་གསུངས་པ་ཡིན་ཏེ། འདིར་སྐྱེས་ནས་ཞག་གཅིག་ན་འཆི་བ་ནི་རྩ་གཞན་ཐམས་ཅད་དུ་མི་རྒྱུ་ཞིང་དབུ་མ་ཉིད་ནས་འབྱུང་བ་དང་། ལོ་གསུམ་ན་འཆི་བ་ནི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་མ་གཏོགས་པར་རླུང་མི་རྒྱུ་བ་དང་ལོ་བརྒྱ་ཐུབ་པ་ནི་རྩ་ཐམས་ཅད་དུ་རླུང་རྒྱུ་བས་གོང་གི་དུས་དང་དུས་མ་ཡིན་པའི་འཆི་རྟགས་འདི་དག་འཐད་ཅིང་ངེས་པ་ཡིན་པར་གསུངས་སོ། །གཞན་ཡང་རླུང་གི་འཆི་རྟགས་མེད་ཀྱང་གཞན་དུ་བསགས་པའི་ལས་ཀྱི་མཐུས་འཆི་བ་ན་རྩ་རླུང་ཇི་ལྟར་འགག་ཞེ་ན། གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྩ་རྣམས་གཅིག་ཆར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས། །ཞེས་སྨོས་སོ། །སྔར་བཤད་པའི་ཇི་ལྟར་ལྟེ་བ་འགགས་པ་བཞིན་དུ་འབྱུང་བ་ལྔ་དང་ཉི་ཟླ་སྒྲ་གཅན་གྱི་ཁམས་ཀྱི་ཡོན་ཏན་བརྒྱད་པོ་སྙིང་གར་ཐུན་བརྒྱད་ཀྱི་རིམ་པ་དང་། མགྲིན་པར་རྒྱུ་སྐར་དང་སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཀྱང་འདོར་སྟེ་ཞག་གྲངས་ནི་རྩའི་སྐབས་སུ་བཤད་པ་བཞིན་ནོ། །དེའི་རིམ་པས་འཁོར་ལོ་གཞན་དག་ཀྱང་མཚུངས་ཤིང་འཁོར་ལོ་ལྔ་དང་ཚིགས་ཀྱི་འཁོར་ལོ་སུམ་བཅུ་པོ་ཀུན་ལ་ཡང་ས་ཆུ་མེ་རླུང་ནམ་མཁའི་རླུང་རེ་རེ་ལ་དབྱུ་གུ་བཅུ་གཉིས་བཅུ་གཉིས་བསྐྱེད་སྡུད་ཀྱི་རིམ་པ་ཡོད་པས་དེ་ལྟར་དཀྱིལ་འཁོར་དྲུག་བཅུ་པོ་ཞག་དྲུག་བརྒྱུས་ནས་ཟད་པར་འགྱུར་བ་ཡིན་ནོ། །རླུང་གི་འཆི་ལྟས་ངེས་པ་དང་བཅས་པ་བསྟན་པའོ། །ད་ནི་གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ་གཉིས་སྟེ། ལོ་དགུ་བཅུ་གོ་བདུན་གྱིས་སྟོབས་འདོར་བ་དང་། ལོ་གསུམ་གྱི་འཆི་རྟགས་དངོས་སོ། །དང་པོ་ནི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། གོང་དུ་རྩ་དང་རླུང་འགག་པའི་རིམ་པ་བཤད་ནས་ཐིག་ལེ་འགག་པའི་ཚུལ་ནི། ལོ་གཅིག་ནང་དུ་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ཐམས་ཅད་འཕེལ་ནས་དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཉི་མ་རེ་རེ་ལ་དཀར་ནག་གི་རྩ་གཉིས་གཉིས་འགྲིབ་པ་སྔར་བསྟན་པ་བཞིན་དུ་ཡིན་ལ། དེ་ནས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་བར་དང་བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་བར་དུ་ཐིག་ལེ་འཕེལ་ཏེ་ཡེ་ཤེས་ཀྱི་ཁམས་རྒྱས་པ་ཡིན་ནོ། །དེ་ནས་ཡང་དཀར་བའི་ཆ་འགྲིབ་ཅིང་འདོར་བར་བྱེད་ལ། དེ་ནས་ཁྲག་གི་ཁམས་ལོ་བཅུ་དྲུག་ཏུ་འཕེལ་བ་ཡིན་ཏེ། སོ་གཉིས་ནས་ཁྲག་གི་ཁམས་དེ་ཡང་འདོར་བར་འགྱུར་རོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། མེའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་ཆུའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། སའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་སྟེ། དེ་ལྟར་འགྲིབས་པས་རགས་པར་རྩིས་པའི་ལོ་དགུ་བཅུ་གོ་བདུན་ནས་སྟོབས་ཀུན་དོར་ནས། དེ་ནས་ལོ་གསུམ་ན་འཆི་བ་ནི་དུས་སུ་འཆི་བའི་ངེས་པར་ཤེས་པར་བྱའོ། །འདི་དག་ཀྱང་དབུགས་སྲངས་ཀྱི་ལོ་ལ་འཇོག་གིས་ཕྱི་རོལ་གྱི་ནི་མ་ཡིན་ནོ། །ལོ་གསུམ་གྱི་འཆི་ལྟས་དངོས་ལ་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། དེ་ཡང་ངེས་པར་འཆི་བ་ལ་ཐུག་པའི་རྟགས་ནི། ལྟེ་བའི་དཀྱིལ་འཁོར་དྲུག་བཅུ་པོའི་རྩ་གཅིག་གི་འགྱུ་བ་ཆད་པ་དང་གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་མོ། །དྲི་ཆུ་ངེས་པར་འགྱུར་ན་ཟླ་བ་དྲུག་ན་འཆི་སྟེ། རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་གོ །ལྕེ་ཡིས་ཁ་ཟས་ཀྱི་རོ་འཛིན་པ་དོར་ན་ཞག་ལྔའོ། །མིག་གི་དབུས་སུ་ཚངས་པའི་རི་མོ་སྔར་མེད་པ་བྱུང་ན་ཞག་བཞིའོ། །སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཞག་གསུམ་མོ། །ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས་སོ། །ཆོས་ཀྱི་ཁམས་ཁུ་བ་སྟེང་འོག་ཏུ་ཉམས་ན་ཞག་གཅིག་ནས་ཕ་རོལ་ཏུ་འགྲོ་བ་སྟེ། དེ་ཡང་དཀར་ཆ་འོག་ཏུ་ལྟུང་བས་དམར་ཆ་གྱེན་ལ་འགྲོ་བ་ཡིན། ཞེས་པ་ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྒྲ་གཅན་ཉི་མ་སྟེང་དུ་འགྲོ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། ཞེས་གསུངས་པའི་རིམ་པས་རླུང་རྣམས་ནི་སྣའི་སྒོ་ནས་འགྲོ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ་བསྡུས་ནས་གཞིའི་འོད་གསལ་བ་ཆོས་ཀྱི་སྐུའི་རང་བཞིན་ཉམས་སུ་མྱོང་སྟེ་སྲིད་པ་གཞན་དུ་ཉེ་བར་འཕོ་བར་འགྱུར་རོ། །དེ་རྣམས་ཀྱིས་རྩ་རླུང་བྱང་ཆུབ་ཀྱི་སེམས་འགག་པའི་རིམ་པ་བསྟན་ཟིན་ཏོ།། །།ད་ནི་བཞི་པ་ཞར་ལ་གང་དུ་འཕོ་བ་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། འདི་ཡང་ས་པུཾ་ཊ་དང་སྡོམ་འབྱུང་ལ་སོགས་པ་རྣམས་ནས་གསུངས་པའི་ལུང་བསྡུས་པ་ཡིན་པས། །དེ་ནས་ཀུན་གཞིའི་རྣམ་ཤེས་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཞེས་པ་གཞན་དུ་འགྲོ་ས་ཡོད་པ་མ་ཡིན་ཀྱང་གནས་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དུ་ཉེ་བར་བསྡུས་ཏེ་གནས་སོ། །ཐེག་ལེ་ལས་ནི་ལྷ་མོ་ཆེ། །ཞེས་པ་ནི་སྨིན་འཚམས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཐིག་ལེའི་དབུས་སུ་རྣམ་པར་ཤེས་པ་འཕོས་པས་གཟུགས་ཀྱི་ཁམས་བཅུ་དྲུག་ཏུ་སྐྱེའོ། །ལྟེ་བ་ལས་ནི་འདོང་ཁམས་ལྷ། །ཞེས་པ་འདོད་ལྷ་རིགས་དྲུག་གང་རུང་དུ་སྐྱེའོ། །མིག་ལས་འདོད་པའི་མིའི་དབང་པོ། །ཞེས་བྱ་བ་འདོད་ཁམས་ཀྱི་དབང་ཕྱུག་རྒྱལ་པོ་རྣམས་སུ་འགྱུར་རོ། །སྣ་ལས་གནོད་སྦྱིན་རྣམས་སུ་སྟེ། །ཞེས་པ་ལུས་ངན་གྱི་གནས་ལྕང་ལོ་ཅན་དུ་འགྲོའོ། །རྣ་བ་ལས་ནི་གྲུབ་པའི་ལྷ་སྟེ་སུམ་བཅུ་རྩ་གསུམ་གྱི་རིག་པ་འཛིན་པ་རྣམས་ཀྱི་ལྷའི་ནང་དུའོ། །གཞན་ཡང་དགོངས་པ་ཁ་ཅིག་ལ་ལྟེ་བ་ནས་ལྷ་མ་ཡིན་དུ་འགྲོ་ཞེས་ཀྱང་གྲགས་སོ། །དེ་རྣམས་ནི་བདེ་འགྲོར་འཕོ་བའི་ལམ་ཡིན་ཏེ་ངན་འགྲོའི་ལམ་ནི་སྲིད་པའི་སྒོ་ཞེས་པ་ཁུ་བ་འབབ་པའི་སྒོ་ལས་ཡི་དྭགས་སུ་འགྲོ་བར་བཤད་དོ། །ཆུའི་ལམ་ནས་འཕོས་ན་དུད་འགྲོར་འགྱུར་རོ། །འོག་སྒོ་ལས་ནི་དམྱལ་བ་བརྒྱད་དེ། །ཡང་སོས་ནས་མནར་མེད་པའི་བར་གྱི་དམྱལ་བ་རྣམས་སོ། །དེ་ནས་བར་དོ་འབྱུང་བ་ཡིན་ཏེ། དེའི་ཚུལ་ཡང་སྡོམ་འབྱུང་ལས། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པས། །དེ་ཕྱིར་སྔོན་བྱས་ལས་ཀྱི་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོ་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཞེས་བྱ་བ་གསུངས་ཏེ་བར་དོའི་ཚུལ་འདི་ནི་ཁོ་བོས་དྲན་པ་ཉེ་བར་བཞག་པ་དང་ཆོས་དྲུག་གི་བར་དོའི་སྐབས་སུ་ཞིབ་ཏུ་བཤད་ཡོད་པས་འདིར་མ་སྤྲོས་སོ། །འཇུག་བསྡུ་བ་ནི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལྟར་འཆི་བ་དང་སྐྱེ་བའི་རིམ་པ་ཇི་སྙེད་པའི་འཚམས་སྦྱོར་བར་བྱེད་པའི་བར་དོ་དང་བཅས་པ་ཤེས་པ་དང་མ་ཤེས་པའི་ཚུལ་གྱིས་བཅིངས་པ་དང་གྲོལ་བ་བསྟན་པར་འདོད་ནས། །དེ་ནས་བར་དོ་འབྱུང་བ་ཡིན། །སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །ཞེས་བྱ་བ་སྔར་བསྟན་པའི་ལུས་ཀྱི་རྩ་རླུང་བྱང་ཆུབ་ཀྱི་སེམས་སྡུད་རིམས་དེ་ཇི་ལྟ་བ་བཞིན་དུ་བརྟེན་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཀྱང་སྡུད་པས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཐིམ་པ་ནི་སྣང་བ་ཐིམ་པ་ཞེས་བྱ་སྟེ་སྤྲུལ་པའི་སྐུ་བསྡུས་པའོ། །ཡིད་དང་རྣམ་པར་རྟོག་པ་ཐིམ་པ་ནི་མཆེད་པ་ཐིམ་པ་ཞེས་བྱ་སྟེ་སྐྱེ་བའི་རྣམ་པར་ཤེས་པ་ཐིམ་པས་ལོངས་སྤྱོད་རྫོགས་པ་སྡུད་པའོ། །ཀུན་གཞིའི་རྣམ་པར་ཤེས་པ་འོད་གསལ་བའི་རང་བཞིན་དུ་སྦྱོར་བ་ན་ཐོབ་པ་ཐིམ་པ་ཞེས་བྱ་སྟེ་ཀུན་གཞི་ཐིམ་ནས་འོད་གསལ་བ་ཐོབ་པའི་ཕྱིར་རོ། །དེ་ལྟར་ཡིན་ཀྱང་མ་ཤེས་པའི་ཕྱིར། །སྐུ་གསུམ་རང་བཞིན་ཉིད་མ་ཤེས། །འོད་གསལ་སྣང་དང་མུན་པ་ཡི། །ཞེས་བྱ་བ་འོད་གསལ་བའི་རང་བཞིན་སངས་རྒྱས་ཀྱི་སྙིང་པོ་དེ་ནི ་སྣང་བ་ཞེས་བྱའོ། །དེ་ལ་སྒྲིབ་པའི་མ་རིག་པ་བག་ཆགས་དེ་ནི་མུན་པ་ཞེས་བྱའོ། །སྟོང་པ་ནི་ཚོགས་དྲུག་ཡུལ་དང་བཅས་པ་བདེན་པ་མེད་པའི་ཕྱིར་དང་སྟོང་པ་ཆེན་པོ་ནི་དེའི་རྩ་བ་ཀུན་གཞི་ལ་གནས་པའི་ཡིད་ཀྱི་འདུ་བྱེད་བདེན་པ་མེད་པའི་ཕྱིར་དང་། རྣམས་ཞེས་བྱ་བ་ཤིན་ཏུ་སྟོང་པ་ཆེན་པོ་ཀུན་གཞི་ཉིད་མི་བདེན་པ་མིག་ཡོར་དང་མཚུངས་པའི་ཕྱིར་དང་། དེ་ལྟར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རྟོགས་པར་འཁོར་བའི་འཁོར་ལོར་འཁྱམས་ལ། །དེ་ཉིད་སྦྱངས་པས་ཡེ་ཤེས་ཏེ། །རྣམ་པར་དག་ན་མྱ་ངན་འདས། །ཞེས་བྱ་བ་ནི་སྔར་རྒྱས་པར་བསྟན་པ་ཡིན་ནོ། །འདི་ཡན་ཆོད་ཀྱིས་གཞི་དང་ལམ་དང་འབྲས་བུའི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་མ་ལུས་པ་ཐམས་ཅད་རྒྱུད་སྡེ་རྣམས་ལས་ཇི་ལྟར་གསུངས་པའི་དོན་བསྡུས་ཏེ་རྣམ་པར་ཕྱེ་བ་ཡིན་ནོ། །ད་ནི་དེ་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་ཅིང་རིག་པ་འཛིན་པའི་སྡེ་སྣོད་ཀྱི་རྒྱུ་མཚན་རྟོགས་པར་བྱ་བ་དང་། བསྔོ་བ་སྨོན་ལམ་དང་བཅས་པ་ལ་དྲུག་སྟེ། སྤྱིའི་དོན་བསྡུ་བ་དང་། སྡེ་སྣོད་གསུམ་སོ་སོ་དང་སྦྱར་བ་དང་། བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ་དང་། འབྲས་བུའི་རང་བཞིན་བསྡུ་བ་དང་། འདི་གང་ལས་རྙེད་པ་དང་། བཅོམ་ལྡན་འདས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པའོ། །དང་པོ་ནི་ཚིགས་སུ་བཅད་པ་གཉིས་སྟེ། གོང་དུ་གསུངས་པའི་རིམ་པ་འདི་རྣམས་རྒྱལ་བ་ཐམས་ཅད་མཁྱེན་པས་བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་དུ་ཕྱི་རོལ་དུ་ཐུན་མོང་བ་ལྟ་བུའི་རྣམ་པར་རིག་བྱེད་ལ་སྣང་བའི་འཇིག་རྟེན་གྱི་ཁམས་དང་། ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་གཞན་དུ་ཀུན་བརྟགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དང་སྔགས་ལ་སོགས་པ་གསུངས་པ་ཐམས་ཅད་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་དང་བཅས་པའི་རྟོག་པས་ཇི་སྲིད་དུ་སྦགས་ཀྱི་བར་ལ་སྦྱང་གཞི་དང་དྲི་མ་མེད་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྣམ་པ་གཉིས་སུ་གྱུར་བས་འབྲས་བུ་མཐར་ཐུག་པར་གསུངས་ཏེ། ཐམས་ཅད་ཀྱང་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་མིང་ཚིག་ཡི་གེ་ལ་སོགས་པའི་སྤྲོས་པ་དུ་མས་བརྒྱན་པ་དང་བཟུང་འཛིན་གྱི་མཚན་མ་ཐམས་ཅད་མེད་པའི་སྤྲོས་བྲལ་གྱི་གནས་ལུགས་གསུངས་པ་རྣམས་ལ་སེམས་ཅན་གྱི་རྟོག་པ་ཐ་དད་པས་མིང་གི་རྣམ་གྲངས་དུ་མས་གསུངས་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་སོ། །དེའི་ཕྱིར་སྡེ་སྣོད་གསུམ་སོ་སོ་དང་སྦྱར་ནས་བཤད་པ་ལ་གསུམ་སྟེ། དང་པོ་མངོན་པ་ལ་ཡང་ཕྱི་ནང་གཉིས་སྟེ། ཕྱིའི་མངོན་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སྟེ། དེ་ཡང་སེམས་ཅན་ལྟ་བ་ཐ་དད་པར་ལྷུང་བ་དག་དྲང་པའི་ཕྱིར་ཕྱི་རོལ་གྱི་བྱེད་པ་པོ་གཞན་ན་མེད་པར་བསྟན་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ལུས་དང་སེམས་དང་ཕྱི་རོལ་གྱི་ཁམས་ལ་སོགས་པའི་སྣང་བ་སེམས་དང་སེམས་ལས་བྱུང་བའི་ཆོས་སྤང་བྱ་དང་གཉེན་པོའི་རྣམ་པར་བཞག་པ་དང་དེའི་ཡན་ལག་དུ། རྟོག་པས་ལྡན་མིན་འདུ་བྱེད་ཀྱི། །སྣོད་བཅུད་ཕྲ་རགས་མིང་ཚིག་དང་། །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། ཇི་ལྟར་ཀུན་ལས་བཏུས་དང་མཛོད་ལ་སོགས་པ་གསུངས་པ་བཞིན་དུ་ཡིན་ནོ། །ནང་གི་མངོན་པའི་ཚུལ་བཤད་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ཡང་ཇི་ལྟར་ཕྱི་རོལ་ན་ཡོད་པ་བཞིན་དུ་ནང་དང་སྦྱར་ནས་བཤད་པ་ནི། ཇི་ལྟར་ཕྱི་བཞིན་ནང་ན་གནས། །རྩ་དང་ལུས་དབྱིབས་འཇིག་རྟེན་ལ། །རླུང་གིས་དག་དུས་ཡི་གེ་བསྐྱེད། །ཐིག་ལེས་གཟའ་དང་རྒྱུ་སྐར་དང་། །ཆུ་བོ་མེ་སོགས་ངེས་པ་བསྟན། །ཞེས་སྨོས་པ་རྣམས་ནི་སྔར་ནང་ལ་སྦྱར་བའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་བ་དང་། གཞན་ཡང་ཐབས་མཁས་པའི་ཁྱད་པར་བསྟན་པ་ནི་ཇི་ལྟར་འཇིག་རྟེན་ན་མིག་གཙུམ་ན་གཟུགས་མི་མཐོང་པ་མངོན་སུམ་དུ་གྲུབ་ལ། མིག་ཕྱེ་བས་ནི་ཟླ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་སྣང་བར་འགྱུར་བ་དང་མིག་བཙིར་ན་ཟླ་བ་གཉིས་སུ་སྣང་བའི་དཔེ་དེ་བཞིན་དུ་ཡང་དག་པའི་ལམ་དུ་འཇུག་པར་འདོད་པའི་སེམས་ཅན་རྣམས་ཀྱང་ཕྱི་རོལ་གྱི་མངོན་པར་གསུངས་པའི་སྤང་གཉེན་གྱི་ཚུལ་རྐྱང་པ་ཤེས་ཀྱང་། རྟེན་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་འཆིང་བ་མ་ཤེས་པས་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མ་ཡིན་ལ། རྟེན་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་ཤེས་ཤིང་བཅིངས་ན་རྟགས་བཅུ་དང་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་ཏེ་དེ་ནི་མིག་བཙུམ་པ་དང་ཕྱེ་བའི་ཁྱད་པར་ལྟ་བུ་ཡིན་ནོ། །གཞན་ཡང་སྔགས་ལས་གསུངས་པའི་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་དོན་གཞན་པ་ཕྱི་རོལ་ན་གྲུབ་པ་མེད་ཀྱང་གཞན་སྣང་ལ་དབང་འབྱོར་བའི་སྤྲུལ་པ་དུ་མ་སྤྲོ་བར་ནུས་པའི་ཕྱིར་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་བསྟན་པའི་རྒྱུ་མཚན་ཡང་དེ་ཡིན་ལ། འདི་ནི་མིག་བཙིར་བས་ཟླ་བ་གཉིས་སུ་སྣང་བ་ལྟ་བུ་སྟེ་བདེན་པ་མེད་བཞིན་དུ་མཚུངས་པར་སྣང་བ་ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་གཞུང་ཐམས་ཅད་ནི་ནང་གི་དོན་གྱི་མངོན་པ་ཡིན་པར་བསྟན་ཏོ། །ཇི་ལྟར་མདོ་སྡེ་ཡིན་པའི་ཚུལ་བཤད་པ་ནི་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པ་ལྟར། འདིར་ཡང་གཞན་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་ནང་གི་གནས་ལ་སོགས་པའི་ས་བཅུ་དང་ལམ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གཟུངས་སྔགས་དང་གསང་སྔགས་དང་རིགས་སྔགས་དང་ལྷ་དང་ལམ་གྱི་རིམ་པར་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་སོ་བདུན་དང་། བསྐྱེད་རྫོགས་ཀྱི་ཡན་ལག་ལ་ཟད་པར་དང་ཟིལ་གྱིས་གནོན་པ་ལ་སོགས་པ་རང་དང་གཞན་གྱི་དོན་གྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པར་བྱེད་པའི་རྒྱུ་མཚན་དེའི་ཕྱིར་ན་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །སྔགས་ཀྱི་ཐེག་པ་ཇི་ལྟར་འདུལ་བའི་དོན་ཡིན་པ་བཤད་པ་ནི་ཚིགས་བཅད་ཕྱེད་དང་གཉིས་སྟེ། དེ་ཡང་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འདུལ་བའི་མདོ་ལས་གསུངས་པ་བཞིན་ཕྱི་རོལ་གྱི་ལུས་ངག་གི་སྲུང་སྡོམ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་ཅིང་རང་གི་ཞི་བ་མངོན་སུམ་བྱེད་པའི་འདུལ་བ་ནི་ཕྱིའི་འདུལ་བ་ཡིན་ལ། ནང་དུ་རང་དང་གཞན་གྱི་དོན་ལ་མ་རྨོངས་པར་ཀུན་རྫོབ་དོན་དམ་དང་རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྡོམ་པའི་ཚུལ་ཁྲིམས་ཐབས་མཁས་པའི་ཁྱད་པར་དང་བཅས་པས་ཉོན་མོངས་པའི་ཚོགས་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་སུ་སྒྱུར་བར་བྱེད་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བ་སེལ་བར་བྱེད་ཅིང་། འཁོར་བའི་ཉེས་པ་ནས་སེམས་ཅན་ཐམས་ཅད་སློང་བར་བྱེད་པའི་ཕྱིར་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་འདུལ་བར་གསུངས་སོ། །དེ་ལྟར་སྡེ་སྣོད་གསུམ་ཐམས་ཅད་དང་མཐུན་པའི་ཕྱིར་ན་རིག་པ་འཛིན་པའི་སྡེ་སྣོད་ཞེས་བྱའོ། །བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཉན་རང་འབྲས་བུ་ཐོབ་བྱེད་དེ། །ཞེས་བྱ་བ་ནི་ཐེག་པ་འོག་མའི་ཚུལ་ཤེས་པའི་དགོས་པའོ། །དེ་བས་ཀྱང་ཆེས་རྨད་དུ་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་དང་ལྡན་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི་ལོགས་སུ་བཤད་པས་དེ་རྣམས་ཤེས་ཤིང་བསྒྲུབས་པའི་དགོས་པ་བསྟན་པར་འདོད་ནས། །ཟབ་མོའི་མདོ་འདུལ་མངོན་པ་རྣམས། །སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། །ཞེས་སྨོས་སོ། །དེའི་སྟེང་དུ་ཡང་ཐབས་མཁས་པའི་ཁྱད་པར་གཞུང་འདི་ནས་ཇི་སྐད་དུ་གསུངས་པ་ལྟ་བུའི་ནང་དོན་རྒྱས་པར་ཤེས་ཤིང་སངས་རྒྱས་ཀྱི་སྙིང་པོའི་ཚུལ་རྟོགས་ནས་འབྲས་བུ་རྟོགས་པ་ལམ་དུ་བྱེད་པ་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས་དེའི་ཕྱིར་རྡོ་རྗེའི་ཐེག་པའི་སྔགས་ཀྱི་ཚུལ་རྒྱུད་ཐམས་ཅད་ལས་གསུངས་པ་གོ་བར་བྱ་བའི་དོན་དུ་ཟབ་མོའི་དོན་ཉེ་བར་མཚོན་པའི་མིང་དང་ཚིག་གི་རྣམ་གྲངས་རྣམས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །འབྲས་བུའི་ཚུལ་ཡོངས་སུ་བསྡུ་བ་བསྟན་པ་ནི་ཚིགས་སུ་བཅད་པ་བཞི་སྟེ། ཐོག་མར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གི་ངོ་བོ་བསྟན་པའི་ཕྱིར། །ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། །ཞེས་པ་སྔར་གོང་དུ་རྒྱས་པར་བཤད་པ་བཞིན་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་མངོན་སུམ་རྣམས་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན་ཐམས་ཅད་ཀྱང་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་ཡིན་ལ་དེའི་ཚེ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་རྣམ་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པའི་ལྟ་བས་ཟིན་པས་རྒྱུ་འབྲས་སོ་སོར་རྟོག་པའི་ཡེ་ཤེས་དང་། རང་གི་ངོ་བོས་སྟོང་པའི་ཡེ་ཤེས་དང་དེ་ལ་དབང་ཐོབ་པས་དེའི་མཐུ་སྟོན་པར་བྱེད་པའི་བྱ་བ་གྲུབ་པ་དང་། ཐམས་ཅད་ཀྱང་མཉམ་པ་ཉིད་དུ་གནས་པས་མཉམ་པ་ཉིད་དང་དེ་བཞིན་ཉིད་ལས་གཡོས་པ་མེད་པའི་ཚུལ་འདི་ཐམས་ཅད་ལ་བཞུགས་པའི་ཕྱིར། རྫུན་མེད་བསླུ་མེད་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཞེས་པའི་དོན་དང་མཐུན་པར་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །འོ་ན་ཡེ་ཤེས་དེའི་སྒྲིབ་པ་གང་ནས་བྱུང་ཞེ་ན། དེ་སྒྲིབ་འཁྲུལ་རྟོག་བཟུང་འཛིན་གྱི། །ཤེས་པ་བློ་བུར་བར་སྐྱེས་ནས། །ཞེས་པ་སྔར་ཉོན་མོངས་པ་ཅན་གྱི་ཡིད་གང་ནས་བྱུང་བ་བསྟན་པ་ལྟར་ཐམས་ཅད་ཀྱི་རྩ་བ་ང་དང་བདག་ཏུ་ལྟ་བ་ལས་བྱུང་སྟེ་དཔལ་ཆོས་ཀྱི་གྲགས་པས། །བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་གྱུར། །ཞེས་གསུངས་པ་བཞིན་དུ་འདུ་བྱེད་ཀྱིས་མངོན་པར་འདུ་བྱས་ནས་ཡང་དག་པའི་གནས་ལུགས་ཇི་ལྟར་བཞིན་དུ་མ་མཐོང་ཞིང་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པར་གྱུར་ཏེ། སྨིག་སྒྱུ་ལ་ཆུར་འཁྲུལ་པ་བཞིན་དུ་གྱུར་པས་དེའི་ཕྱིར་ན། །ཡོད་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་བས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །ཞེས་སྨོས་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་བཟུང་འཛིན་གྱི་འཁྲུལ་པ་རྣམས་བྲལ་ན། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། སྔར་བསྟན་པ་ལྟར་རྟོགས་པས་སངས་རྒྱས་རང་བཞིན་ཏེ། དེ་ཡང་སྔར་བདེན་པ་གཉིས་ཀྱི་སྐབས་སུ་ཇི་སྐད་བཤད་པ་བཞིན་དུ། །ཀུན་རྫོབ་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་གཟིགས། །དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། །དབྱེར་མེད་གཅིག་དུ་བདེན་གཟིགས་པས། །ཞེས་བསྟན་ཏོ་དེ་ལྟར་རྟོགས་པའི་རྒྱུ་མཚན་གྱིས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་དང་བྲལ། ཞེས་བྱ་བ་སྨོས་ཏེ་འདིའི་ངོ་བོ་ཡང་རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཞེས་གསུངས་པས་དེ་ལྟ་བུའི་སྙོམས་འཇུག་གི་སྒྲིབ་པ་དག་ནས་བདེན་པ་གཉིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་སོ་སོ་རང་གིས་རིག་པ་དེ་ཉིད་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སུ་གསུངས་ཏེ། དེ་ཡང་རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་ལྡན་པ་ཉིད། །འགྲོ་བ་ཞི་བའི་ཆོས་ཉིད་དུ། །གཟིགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བའི་ཕྱིར། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་ཏེ་དག་པ་ཉིད། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་སྔགས་ཀྱི་འབྲས་བུ་མཐར་ཐུག་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །བསྟན་ཆོས་འདི་གང་ལས་རྙེད་པ་ནི་ཚིགས་སུ་བཅད་པ་བཞི་སྟེ། གོང་དུ་བསྟན་པའི་རྒྱུ་མཚན་དེས་ན། རྡོ་རྗེའི་ཐེག་པ་འདིར། གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། །འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། །ཞེས་བྱ་བ་ནི་དཔག་དུ་མེད་པའི་རྡོ་རྗེ་ཐེག་པའི་ཚིག་དོན་རྣམས་ལ་འདིར་གལ་ཆེ་བ་དག་བསྡུས་པ་ཡིན་ནོ། །བློ་རྒྱ་ཆེ་བ་དག་གིས་ཕྱི་ནང་གཞན་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་རྣམས་ལ་འཇུག་པར་བྱ་བ་ནི་རྒྱས་པར་བསྟན་པ་དཔག་མེད་ཀྱང་། རྒྱལ་སྲས་རྣམས་ཀྱི་བསྟན་པ་ཡི། རྒྱུད་འགྲེལ་རྣམས་ལ་ལྟ་བར་གྱིས། །ཞེས་སྨོས་ནས་དེ་དག་ལ་ལྟ་བར་བྱེད་པ་ལ་ཡང་གཞུང་འདི་ལྟ་བུ་དགོས་པས་དེ་རྣམས་ཀུན་ལ་འཇུག་པའི་སྒོ་ནི་འདི་ཡིན་ནོ། །འོ་ན་འདི་ཁྱོད་རང་གིས་དྲན་པ་བྲིས་སམ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཐམས་ཅད་མཁྱེན་པས་གསུངས་པའི་བླ་ན་མེད་པའི་རྒྱུད་ཀྱི་དོན་ཁོ་ན་བསྡུས་པ་ཡིན་ཏེ། དེས་ན། ཟབ་མོ་ནང་གི་དོན་བཤད་པ། འདི་ནི་རང་བཟོ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །ཞེས་སྨོས་སོ་འོ་ན་རྒྱལ་བས་གསུངས་པའི་རྒྱུད་རྣམས་མཐའ་དྲུག་ལ་སོགས་པའི་དབུས་སུ་ཆུད་པ་ཤིན་ཏུ་གོ་དཀའ་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱིས་ཀྱང་། །གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། གསང་བ་པའི་བདག་པོ་ཆེན་པོ་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། འཇམ་པའི་དབྱངས་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་རྒྱུད་ཀྱི་འགྲེལ་པ་དང་། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་གྲུབ་ཡབ་སྲས་རྣམས་དང་། དཔལ་ས་ར་ཧ་པ་དང་། མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱད་དང་། མཁས་པ་ཆེན་པོ་ཤན་ཏི་པ་དང་དུས་འཁོར་ཞབས་དང་དཔལ་ཏཻ་ལོ་པ་ཆེན་པོ་དང་ནཱ་རོ་དང་མཻ་ཏྲི་ལ་སོགས་པ་ཕྱིས་བྱོན་པའི་མཁས་ལ་གྲུབ་པ་ཐོབ་པ་ཆེན་པོ་རྣམས་དང་ཡང་དག་པར་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པའི་བླ་མ་དམ་པ་ཉིད་རྣམས་ཀྱི་རྣམ་འགྲེལ་གྱི་མཐུ་ལ་རྟེན་ནས་བློ་གྲོས་ཀྱི་མིག་གིས་མཐོང་ཞིང་རྙེད་པ་ཡིན་ཏེ། རང་བཟོར་བཤད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ་གསུམ་སྟེ། བསྟོད་པ་དང་། བསྔོ་བ་དང་། བཟོད་པར་གསོལ་བའོ། །དང་པོ་ནི། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། །ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོབ་པར་མཛད། །ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ་གང་གིས་རྡོ་རྗེའི་ཐེག་པ་བླ་ན་མེད་པ་བསྒྲུབས་ཤིང་མཐར་སོན་པར་བྱས་པའི་དེ་བཞིན་གཤེགས་པ་དེ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །དེའི་སྐུ་དེ་ནི་ནམ་མཁའི་སྐུ་ཅན་སྟེ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་རང་གི་ངོ་བོ་སེམས་ཀུན་གཞིའི་རྣམ་པར་ཤེས་པ་འགགས་ཤིང་དག་པས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞི་བ་ཆེན་པོ་མཐར་སོན་པ་སྟེ། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་པའི་མེ། །ཞི་དེའི་ཚུལ་གྱིས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བའང་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཞེས་ཟླ་བ་གྲགས་པས་གསུངས་པ་ལྟ་བུ་ཡིན་ཏེ། སྦྱང་གཞི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་འགགས་པས་གཉེན་པོའི་མིང་ཅན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་མཛད་པ་སྟེ། དེའི་ཕྱིར་ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པ་ནི་ནམ་མཁའི་སྐུ་ཅན་ནོ། །དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པས་བསྒྲུབས་པའི་ཆོས་ཀྱི་སྐུ་ནི་ཡེ་ཤེས་བཞི་པོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་དེ་ནི་དུས་ཀྱི་འཁོར་ལོ་ལས་ཉི་མའི་སྐུ་ཡང་ཡིན་པས། ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས་ཞེས་སྨོས་ཏེ་དཔེ་སྦྱར་བ་ཡང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་འཕྲིན་ལས་བསྟན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁས་མཐས་ཀླས་པ་ཀུན་ཏུ་གཟུགས་ཀྱི་སྐུ་ཇི་སྙེད་པ་སྟོན་པར་མཛད་དེ། འཁོར་བའི་སེམས་ཅན་རྣམས་ཇི་སྲིད་མ་སྟོང་གྱི་བར་དུ་རྒྱུན་མི་འཆད་པར་སྟོན་ཏེ་སྐུའི་གསང་བའོ། །དེ་བཞིན་དུ་གསུང་ཡང་ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུར་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་འཕེལ་བར་བྱེད་པའི་གསུང་ཆོས་ཀྱི་དུང་ནི་ངག་གི་རྩོལ་བའི་འདུ་མཛད་པ་མེད་པར་ཡང་ནམ་མཁའི་ཁམས་དང་མཉམ་པར་འབད་པ་མེད་པར་འགྲོ་བ་ཇི་སྙེད་པ་ཀུན་གྱིས་ཐོས་པར་མཛད་པ་ནི་གསུང་གི་གསང་བའོ། །སངས་རྒྱས་བཅོམ་ལྡན་འདས་དེའི་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲི་མ་ཐམས་ཅད་དང་བྲལ་བ་ལྟར་འབད་རྩོལ་གང་ཡང་མེད་པར་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་ལྷན་ཅིག་ཏུ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྤྲོས་པ་དང་ལྡན་པའི་རྒྱལ་བའི་སྲས་དང་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ལ་སོ་སོའི་ཡིད་བཞིན་དུ་རེ་བ་ཐམས་ཅད་སྐོང་བར་མཛད་པ་འདི་ནི་ཐུགས་ཀྱི་གསང་བའོ། །དེ་ལྟ་བུའི་སྐུ་གསུངས་ཐུགས་གྱི་འཕྲིན་ལས་ཀྱི་ཁྱད་པར་སེམས་ཅན་གྱི་ཁམས་ཇི་སྙེད་པའི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་ཏུ་འཇུག་ཅིང་མཁྱེན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཁྱོད་གྱི་སྐུ་གསུང་ཐུགས་ཡེ་ཤེས་ལ་ཉེས་པའི་ཚོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་པར་བཞུགས་ཏེ། ཉི་མའི་འོད་ཟེར་ནི་རིན་པོ་ཆེའི་རི་དང་ས་གཞི་དང་ནགས་ཚལ་དང་མི་གཙང་པའི་ལྗན་ལྗིན་གྱི་ཁྲོད་རྣམས་སུ་ཞུགས་ཤིང་སྣང་བར་བྱེད་སྐེམས་པར་བྱེད་བསྲེག་པར་བྱེད་ཀྱང་དེ་དག་གིས་གོས་པ་མེད་པ་བཞིན་ནོ། །ཚུལ་འདི་ནི་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཞེས་གསུངས་པ་དང་། རྒྱུད་བླ་མ་ལས་ཀྱང་། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་ཤེས་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེ་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་དང་། །དྲི་མེད་རྣམ་པར་རྟོག་མེད་དེ། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་ཀྱི་ཕྱིར། །རྟག་པའི་ཕྱིར་ན་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་རྒྱས་པར་བསྟན་པ་དང་། འཕྲིན་ལས་ཀྱང་། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་དང་། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུར་ཡོངས་སུ་འཛིན། །གནས་ནི་ཡོངས་སུ་གྱུར་བ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །བག་ཆགས་ལས་གྲོལ་བསམ་མི་ཁྱབ། །འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །གང་གིས་ཁྱོད་ནི་ཤེས་པར་ནུས། །ངག་གིས་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱིས་སྤྱོད་ཡུལ་མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །འདི་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའི། །སེམས་ཅན་ཀུན་གྱི་དངོས་མེད་པ། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་ཡོན་ཏན་སྐབས། །སྔར་འགགས་གསལ་དང་དམ་ཆོས་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། ཞེས་བྱ་བ་ནས། །ཇི་སྲིད་འཇིག་རྟེན་མ་ལུས་མཆོག་དུ་ཞི་བ་མ་ཐོབ་དང་། །ཇི་སྲིད་ནམ་མཁའི་ཁམས་རྣམས་ཐོབ་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུམ་དང་སྙིང་རྗེའི་མ་མས་བསྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱེད་ལ་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་ཏེ། །ལུང་འདི་རྣམས་སྨོས་པའི་དོན་ནི་སྔགས་ཀྱི་ཚུལ་དང་སློབ་དཔོན་འཕགས་པ་ཐོགས་མེད་དང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་འབྲས་བུ་རྣམ་པར་བཞག་པ་མི་མཐུན་ནོ་སྙམ་པའི་སྐྱེ་བོ་རྣམས་ཀྱི་ལོག་རྟོག་བསལ་བའི་དོན་དུ་སྨོས་པར་ཟད་ཀྱི་བདག་ལ་ཐེ་ཚོམ་འགའ་ཡང་མེད་དོ། །དེའི་ཕྱིར་རང་གི་སེམས་ཆོས་སྐུ་ལ་དག་པ་དང་མ་དག་པའི་ཚུལ་གྱི་གསང་འདི་མཐོང་བའི་ཕྱིར། །དེ་བཞིན་དང་སོགས་དྲི་མེད་ཅན། །རང་སེམས་དང་སོགས་གོམས་པ་ལ། །སྣང་བའི་རྫོགས་པའི་སངས་རྒྱས་ནི། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛེས་པ་ཅན། །ཞི་བའི་ཆོས་ནི་གསུང་པ་དང་། །མི་གསུང་མཉམ་པར་བཞུགས་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པས། །བྱང་ཆུབ་ཕྱིར་ནི་རབ་སྦྱོར་སྟེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་མོད་ཀྱི་འཇིག་རྟེན་ན། །དོན་ཆེན་བློ་ནི་ཉེར་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམས་ཀྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་དག །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་པར་འགྱུར། །ཞེས་རྒྱུད་བླ་མ་ནས་གསུངས་པ་ལྟ་བུ་འདི་ལ་ངེས་ཤེས་སྐྱེས་པས་དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་བསྟན་བཅོས་བརྩམས་པ་འདི་དག་བསྔོ་བ་ནི། ཟབ་མོའི་ནང་དོན་བཤད་པ་ལ། །དགེ་བ་མཐུ་ཡང་ཅི་ཡོད་པས། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཞེས་བྱ་བ་སྟེ། རྒྱུད་ཐམས་ཅད་ཀྱི་ཟབ་མོའི་དོན་བསམ་གྱིས་མི་ཁྱབ་པའི་གནད་འདི་ལྟར་སྨོས་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་རྨད་དུ་བྱུང་བ་ཡིན་པའི་ཕྱིར་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་གྱུར་ཅིག་ཅེས་བསྔོས་པ་ཡིན་ནོ། །དེ་ལྟར་བསྟན་པར་གྱུར་པ་ལ་རྒྱུད་འགྲེལ་རྣམས་ཀྱི་དོན་ཇི་ལྟ་བར་ཕྱོགས་འཛིན་གྱི་བློ་སྤངས་ནས་རྣམ་པར་བཤད་མོད་ཀྱང་། ཚིག་གཅིག་ཙམ་དོན་དང་རྗེས་སུ་མི་མཐུན་པར་བརྗོད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་མ་གུས་པར་འགྱུར་བའི་ཕྱིར། །ཅུང་ཟད་འགལ་བར་འགྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ་ཞིང་དེ་ལ་ཡང་མཁའ་འགྲོའི་སྒྲ་སྨོས་པ་ནི་གསང་སྔགས་ཀྱི་བརྗོད་པའི་སྒྲ་གོ་བདེ་བའི་ཚིག་དུ་བཅོས་པ་དག་ཉེས་པར་གྱུར་ན་མི་རུང་སྟེ་ཧེ་བཛྭ་ལས། ཀྱེ་ཡི་རྡོ་རྗེའི་དབང་བསྐུར་གང་། །གསང་བའི་སྐད་གྱིས་མི་སྨྲ་ན། །དེ་ནི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཞེས་གསུངས་པས་དམ་ཚིག་གི་ཉེས་པ་ཕྲ་ཞིང་ཕྲ་བ་དག་གིས་ཀྱང་མ་གོས་པར་བྱ་བའི་ཕྱིར་དེ་སྐད་བརྗོད་ཀྱི། མ་གོ་མ་རྟོགས་བཞིན་དུ་མཁས་པར་འདོད་པའི་ང་རྒྱལ་དང་རློམ་པས་བརྗོད་པའི་ཚིག་ཡོད་ནས་བཟོད་པར་གསོལ་བ་མ་ཡིན་ནོ། །ཚུལ་འདི་ལྟར་གཞུང་འདི་ལྟ་བ་དང་སེམས་པ་དང་འཆད་པར་བྱེད་པ་དག་གིས་ཀྱང་། ཉེས་པའི་ཚོགས་རྣམས་ཀྱིས་མ་གོས་པར་བྱའོ། །དེ་ལྟར་རྡོ་རྗེའི་ཐེག་པ་གསང་སྔགས་ཀྱི་ནང་དོན་ཟབ་མོ་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ། དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའི་རྣམ་པར་བཤད་པ་བརྗོད་ཟིན་ནས། །ད་ནི་འགྲེལ་པ་ཉིད་གྱི་དོན་བསྡུ་བ་བརྗོད་པར་བྱ་སྟེ། དེ་ལྟར་ཟབ་མོ་གསང་སྔགས་ཀྱི་དོན་བཤད་པ་འདི། ཡང་དག་པའི་ལྟ་བ་བདེན་པ་གཉིས་དབྱེར་མེད་པ་ལ་རྩ་རླུང་བྱང་ཆུབ་ཀྱི་སེམས་འཆིང་བར་བྱེད་པ་ཐབས་ཀྱི་བསྒོམ་པས་བརྒྱན་པ་རང་གཞན་གྱི་དོན་འགྲུབ་པར་བྱེད་པའི་སྤྱོད་པ་ཅན། སངས་རྒྱས་ཀྱི་སྙིང་པོའི་འབྲས་བུ་མངོན་སུམ་དུ་སྣང་བར་བྱེད་པའི་ཚུལ་ལ་བརྟེན་ནས་བཤད་པ་ཡིན་པས་སྔ་རབས་ཀྱིས་ཕྱོགས་རེ་བསྒོམ་པས་རྟོགས་པ་དང་། ཚིག་ལ་དཀའ་བས་སྦྱངས་ཤིང་གཞུང་ཐ་དད་པ་མཁྱེན་པ་རྣམས་ཀྱིས། ངའི་དེ་དང་མ་མཐུན་ནོ་ཞེས་སྤོང་བར་མི་མཛད་པར་བྱང་ཆུབ་སེམས་དཔའ་དང་མཁས་གྲུབ་རྣམས་ཀྱི་གཞུང་འགྲེལ་རྣམས་དང་། ཐེག་པ་ཆེན་པོ་སྟོན་པའི་མདོ་རྒྱུད་མཐའ་དག་ལ་གཟིགས་ལ། དེ་ནས་མ་བཤད་པ་དང་རྣམ་པ་ཐམས་ཅད་ནས་འགལ་བར་འདུག་ན་དོར་བར་མཛོད་ཅིག །རྒྱལ་བ་རྣམས་ཀྱིས་རྒྱལ་བའི་སྙིང་པོ་མངོན་སུམ་སྟོན་པར་བྱེད་པ་གང་། །ཕྱི་ནང་གཞན་གསུམ་རང་གི་ངོ་བོ་ཡེ་ཤེས་རང་བཞིན་རྟོགས་བྱའི་ཕྱིར། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀུན་སྣ་ཚོགས་ཐབས་ལྡན་པ། །རྡོ་རྗེའི་ཐེག་པས་འདུལ་བའི་འགྲོ་ལ་དུ་མ་བསྟན་པར་མཛད་པ་གང་། །རྒྱུད་ཀུན་ཕྱི་མ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་གྲགས་འཇིག་རྟེན་དུ། །ལྷ་དང་མི་དང་ལྷ་མིན་ཚོགས་རྣམས་དབང་བསྐུར་བསྟན་པར་མཛད་པ་གང་། །འཇམ་པའི་དབྱངས་དང་པད་མ་དཀར་འཛིན་ཐུགས་རྗེའི་ཆུ་ཀླུང་ལས་འཐོན་པ། །ཉོན་མོངས་གདུང་སེལ་དག་པའི་བློ་གྲོས་པད་ཚལ་རྒྱས་པར་བྱེད་པ་གང་། །རིང་ཞིག་ལོན་ནས་གངས་ཅན་ཡུལ་དུ་མཁས་གྲུབ་རྣམས་ཀྱིས་རྩོལ་བའི་མཐུས། །བབ་པ་གང་དེ་ཀླུ་སྒྲུབ་མཚོ་སྐྱེས་ལ་སོགས་མཁས་གྲུབ་རྣམས་ཀྱིས་བཤད་པའི་ཆུ་རྒྱུན་དུ། །དབྱེར་མེད་འདྲེས་པས་འགྲོ་ལ་ཕན་བྱེད་རང་གཞན་དོན་གཉིས་བསྒྲུབ་བྱའི་ཕྱིར། །དོན་གཉེར་རྣམས་ལ་གསལ་བར་སྤྲོས་ཏེ་དིང་སང་དུས་འདིར་བྱུང་བ་ཡིན། །དེ་ལྟར་ཟབ་མོའི་ནང་དོན་ལེགས་བཤད་པས། །རྒྱལ་བའི་སྙིང་པོ་མངོན་སུམ་ངེས་པར་འགྱུར། །དལ་འབྱོར་ཐོས་པའི་ཀླུ་དབང་ལུས་རྫོགས་པས། །གཞུང་མང་ཤེས་ལྡོག་སྦྲུལ་མགོའི་གདེངས་ཀ་ཅན། །ཐ་དད་སྨྲ་བའི་ཕུ་སྒྲ་སྒྲོགས་པ་དག །རྒྱལ་བའི་གཞུང་བཤད་ལུས་སྟོད་མཛེས་གྱུར་ཀྱང་། །ལྟ་བ་སྣ་ཚོགས་ལུས་སྨད་མཛེས་པ་མིན། །འདིར་ནི་རྒྱལ་སྲས་རྣམས་ཀྱིས་གང་མཛད་པའི། །རྡོ་རྗེ་ཐེག་པའི་ཁང་བཟང་ཉམས་དགའ་བར། །སྣ་ཚོགས་རྒྱུད་ཀྱི་རིན་ཆེན་གྱིས་གང་ཞིང་། །དབང་བྱེད་རྒྱལ་བའི་སྙིང་པོའི་ལྷ་དབང་ནི། །ཤེས་བྱའི་གནས་ལུགས་རྟོགས་པའི་བརྒྱན་གྱིས་མཛེས། །ངག་ཚིག་དྲི་མ་མེད་པའི་འོད་ཟེར་འཕྲོ། །ལྷ་བཅས་འགྲོ་ལ་དགོས་འདོད་ཀུན་རྩོལ་བ། །གསང་བའི་བདག་པོས་གསུངས་པ་བཞིན་དུ་བཤད། །དེ་ཕྱིར་བློ་གྲོས་མིག་དང་ལྡན་རྣམས་ཀྱིས། །ཕྱོགས་འཛིན་ཞེན་པའི་ལྟ་བ་ཀུན་སྤོངས་ལ། བདེན་གཉིས་དབྱེར་མེད་འཕགས་པས་གང་གསུངས་པ། །ཐབས་ཤེས་དབྱེར་མེད་ནོར་བུ་སྤྱི་བོས་ལོང་། །རང་གཞན་དགོས་འདོད་འབྱུང་བའི་རྒྱུ་རུ་འགྱུར། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས། །ཟབ་མོའི་གནས་ལུགས་མངོན་དུ་རྟོགས་པ་དང་། །རང་ལ་གནས་པའི་སྙིང་པོའི་ཡེ་ཤེས་དེ། །མྱུར་ཏུ་སྒྲིབ་བྲལ་མངོན་སུམ་སྣང་བར་ཤོག། །།གསང་སྔགས་རྡོ་རྗེ་ཐེག་པའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་གསང་སྔགས་ནང་དོན་གྱི་འགྲེལ་པ་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མས་ཉེ་བར་བརྒྱན་པ། བཤེས་གཉེན་ཆེན་པོ་ཤཱཀྱ་མགོན་པོས་ཁྱད་པར་དུ་བསྐུལ་ཞིང་། གཞན་ཡང་དགེ་བའི་བཤེས་གཉེན་རི་ཁྲོད་དབང་ཕྱུག་རྣམས་ཀྱིས་བསྐུལ་བའི་ཕྱིར། རྩོད་པ་དང་ལྡན་པའི་དུས་སུ་བྱུང་བའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ལམ་དུ་བྱེད་པ། སྔགས་འཆང་རང་བྱུང་རྡོ་རྗེ་ཞེས་བྱ་བས། གླང་ལོ་ཟླ་བ་གཉིས་པ་ལ། ཨུ་རྒྱན་གྱི་མཁན་པོ་པད་མ་འབྱུང་གནས་གྱི་བསྒྲུབ་གནས་ཆེན་པོར་སྦྱར་བ་ཡོངས་སུ་རྫོགས་སོ།། །། | |||
</div> | </div> | ||
Revision as of 17:46, 13 February 2013
༄༅། །གསང་སྔགས་ཟབ་མོ་ནང་དོན་གྱི་འགྲེལ་པ་བཞུགས་སོ། །[1]
༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོས་བློ་གྲོས་མཆོག་དུ་གྱུར་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེའི་ཐེག་པ་བླ་ན་མེད་པ་གསུངས་པ་ལས། །དེ་ཡི་ཟབ་མོའི་ནང་གི་དོན་ཉེ་བར་བསྡུས་ཏེ་བསྟེན་པ་བཤད་པར་བྱའོ། །བསྟན་ཆོས་འཆད་པར་བྱེད་པ་དག་ནི་ཐོག་མར་དགོས་པའི་དོན་བརྗོད་པར་བྱ་བ་ཡིན་པས་དེ་བརྗོད་པ། སྤྲོ་བ་དང་ནི་རྩོམ་པ་ཆེན་པོས་རྡོ་རྗེའི་ཐེག་ལ་འཇུག་འདོད་གང་། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་བླ་མ་ལ་དབུལ་ཟབ་མོའི་དབང་རྣམས་བླང་བར་བྱ། །དེའི་འོག་དུ་རྒྱུད་དང་གདམ་ངག་མཉན་ཅིང་བསམས་ཏེ་བསྒོམས་པས་ངེས་པར་འཇུག་པར་བྱ། །རྒྱུད་ཀུན་སྣ་ཚོགས་ཚིག་དང་དོན་ལྡན་དགོངས་པའི་སྐད་རྣམས་དུ་མར་ལྡན། །ཕྱི་ནང་གཞན་དང་ཡེ་ཤེས་རྒྱ་ཆེན་རྣམ་པ་མང་ལྡན་ཕལ་གྱིས་བསྡུ་བར་ནུས་མིན་པ། །བསྡུས་པ་གང་དེ་མཐོང་བར་གྱུར་ན་མུན་ཁུང་གནས་པའི་ནོར་བུའི་སྒྲོམ་ལ་སྣང་བ་ཡི། །སྒྲོན་མེ་དང་ནི་ལྡེ་མིག་ལག་དུ་ཕྱིན་པས་ངེས་པར་དོན་ལ་འཇུག་པར་འགྱུར་བ་བཞིན། །བློ་ལྡན་ངེས་པར་བདག་ལ་མོས་དང་ཐེ་ཚོམ་ལྡན་ལའང་ཕན་པར་འགྱུར་སྙམ་གཞུང་འདི་བསྡུས། དེ་ལྟ་བུ་སྡུད་པར་བྱེད་པ་ཡང་བདག་ལྟ་བུའི་ཡུལ་མ་ཡིན་མོད་ཀྱང་གསང་བ་བའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་ཤིང་གྲུབ་པ་རྣམས་ཀྱི་རྣམ་པར་འགྲེལ་པ་དུ་མ་དང་བླ་མ་དམ་པ་ལས་འོངས་པ་ཡང་དག་པའི་བསྟན་བཅོས་འབུམ་ཕྲག་དུ་མ་མཐོང་བའི་ཕྱིར་དང་། ནང་གི་དོན་ཅུང་ཟད་ངེས་པའི་ཕྱིར་བརྩམས་པ་ལ་སྐྱོན་མེད་དོ། །གཞན་ཡང་ཁ་གཅིག་ཕ་རྒྱུད་མ་རྒྱུད་དག་ལ་ལ་ལ་ནས་རྩའི་གནས་ལུགས་བསྡུས་པ་དང་། རྒྱས་པར་བཤད་པ་དང་། རླུང་དང་ཐིག་ལེའི་དགོངས་པ་དག་འདྲེས་པ་དང་། ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་ལུས་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ཡེ་ཤེས་ཀྱི་གནས་ལུགས་དང་རྒྱས་གདབ་པ་དང་བཅས་པ་རྣམ་གྲངས་རེ་རེར་བསྟན་པ་དང་། གཉིས་དང་གསུམ་དང་། ཡོངས་སུ་རྫོགས་པ་ལ་སོགས་པ་གསུངས་པ་རྣམས་ཁོང་དུ་མ་ཆུད་པར། རྒྱུད་རྣམས་དང་དེ་ལ་བརྟེན་པའི་མན་ངག་རྣམས་ནི་དོན་མི་ཅིག་གོ་སྙམ་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་ཕྱོགས་རེ་མཐོང་བ་དག་ཀྱང་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྟོག་ཅིང་སྒྲོགས་པ་ནི་ཐམས་ཅད་མཁྱེན་པའི་ལམ་ལས་རིང་བའི་ཕྱིར་རྡོ་རྗེའི་ཐེག་པ་ཟབ་པ་དཔག་ཏུ་མེད་པའི་མིང་དང་དོན་ལྡན་པ་མི་ཤེས་པས་ལོག་པར་འགྱུར་བ་དག་ལ་བརྩེ་བ་དང་། བདག་ཉིད་ཀྱང་རྒྱུད་རྣམ་པར་སྦྱང་བའི་ཕྱིར་བསྟན་བཅོས་འདི་བྱས་སོ། །ཁ་ཅིག་འདི་དོན་ཤེས་ན་དོན་དང་ལྡན། །མོས་དང་བསམ་མི་ཁྱབ་དྲན་ཐར་པའི་རྒྱུ། །མཁའ་ལྡིང་རྗེས་སུ་བྱ་བྲན་རྩོལ་བ་བཞིན། །མཁས་གྲུབ་རྗེས་སུ་བདག་ཀྱང་རྩོལ་བར་བྱེད། དེ་ལྟར་དགོས་པ་བཤད་ནས་གཉིས་པ་བསྡུས་པའི་དོན་ནི་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། གཞུང་གི་དོན་དང་། འཇུག་བསྡུ་བ་བསྔོ་བ་དང་བཅས་པའོ། །དང་པོ་ལ་བླ་མ་དང་། རྣམ་པ་དང་བཅས་པའི་སྐུ་དང་། བདེ་བ་ཆེན་པོ་ལ་ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་བཅུ་གཉིས་སྟེ། ལུས་རྣམ་པར་བཞག་པ་དང་། །རྒྱུ་རྐྱེན་སྤྱིར་བསྟན་པ་དང་། །བྱེ་བྲག་ཏུ་ལུས་འགྲུབ་པའི་བསྐྱེད་རིམས་དང་། རྩ་བཤད་པ་དང་། རླུང་བཤད་པ་དང་། ཐིག་ལེ་བཤད་པ་དང་། གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ་དང་། ཕྱི་སྣོད་ཀྱི་དོན་ནང་དུ་སྦྱར་བའི་དོན་དང་། བསྐྱེད་རིམས་ཀྱི་ཚུལ་ལ་སྦྱར་བ་དང་། ཆོས་རྣམས་ཀྱི་སྦྱང་གཞིར་བསྟན་པ་དང་། ལམ་གྱི་རིམ་པ་དང་། ལུས་འཇིག་ཅིང་སྡུད་པའི་ཚུལ་བཤད་པའོ། །དེ་ལྟར་བརྗོད་པར་བྱེད་པའི་བསྟན་བཅོས་འདིས་ནང་གི་དོན་ཤིན་ཏུ་ཟབ་པ་དག་སྟོན་པར་བྱེད་པའི་ངག་དེ་ལ་བརྟེན་ནས་དོན་རྟོགས་པར་བྱེད་པ་ནི། ངག་དང་ངག་ཅན་གྱི་འབྲེལ་བའོ། །གཞིའི་དོན་ཚུལ་བཞིན་དུ་ཤེས་པ་ལ་བརྟེན་ནས་དེ་ཡི་གནད་འཆིང་བ་ནི་ལམ་གྱི་རིམ་པ་ཡིན་ལ། དེས་གནས་སྐབས་ཀྱི་འཁྲུལ་པ་རྣམ་པར་སྦྱངས་ནས་དྲི་མ་མེད་པའི་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བས་འབྲས་བུ་འཐོབ་པར་བྱེད་པ་ནི་རང་བཞིན་གྱི་འབྲེལ་བ་སྟེ་འདི་ནི་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་དོན་གྱི་འབྲེལ་ལོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ཅེས་བྱ་བ་འབྲེལ་པའི་དོན། །འབྲེལ་བ་ལ་ཡང་རྣམ་གསུམ་སྟེ། །གཞི་དང་རང་བཞིན་འབྲས་བུ་དང་། །མི་འཕྲོགས་པ་ཡིས་ཕྱེ་བ་ཉིད། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་སོ། །ཞེས་གསུངས་པས་འདི་ཉིད་བཤད་པར་བྱ་སྟེ། འདི་ལ་བོད་དུ་བྱོན་པའི་སྔ་རབས་པ་ཁ་ཅིག །གཞི་ནི་བྱང་ཆུབ་ཀྱི་སེམས་གཉེན་པོའི་རྣམ་པར་སྐྱེས་པ་ཡིན་ཞེས་བཞེད་པ་དང་། ལ་ལ་ནི་དབང་བཞིའོ་ཞེས་པ་བཞེད་པ་དང་། གཞན་ཡང་གཞི་ལུས་ཡིན་ནོ་ཞེས་གསུང་མོད་ཀྱི་ལུང་དང་མི་མཐུན་པ་དང་། གང་ཡང་གཉེན་པོའི་རྣམ་པར་སྐྱེས་ན་ལམ་དུ་འགྱུར་བ་དང་། དབང་ཡང་ལམ་གྱི་གཞི་ཡིན་ལ་དེ་ལ་ཡང་གཞི་གཞན་དགོས་པའི་ཕྱིར་དང་། ལུས་ནི་ཕུང་པོ་ལྔ་ཡི་ཡ་གྱལ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་གཞིར་མི་འཐད་དོ། །འདིར་ནི་གཞི་དངོས་པོའི་གནས་ལུགས་ལུས་སེམས་གཉིས་སོ། །དེ་ལ་དྲི་མས་མི་འཕྲོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཉིད་འབྲས་བུའོ། །གང་གཞི་དེ་ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཀྱི་གནད་བཅིངས་པས་ལམ་གྱི་རིམ་པར་འགྱུར་རོ། །འདི་ཡི་དོན་ནི་འོག་ནས་སྟོན་ཅིང་དགག་བསྒྲུབ་དང་ལུང་མང་པོ་རྣམས་ནི་ཡི་གེ་མང་བར་འགྱུར་བས་འཕྲོས་པ་བཞག་པར་བྱའོ། །རེ་ཞིག་བསྟན་བཅོས་འདི་ཉིད་ཀྱི་འབྲེལ་ནི། དང་པོར་རྒྱུ་རྐྱེན་སྤྱིའི་གནས་ལུགས་མ་གོ་ན་ཕྱི་རོལ་པ་དང་མཚུངས་པར་འགྱུར་དུ་དོགས་པས་རྒྱུ་རྐྱེན་སྤྱིར་བསྟན་ཏོ། དེ་ནས་བྱེ་བྲག་ཏུ་ལུས་འགྲུབ་པས་བསྐྱེད་པའི་རིམ་པ་རྟོགས་པར་བྱ་བའི་ཕྱིར་བསྟན་ཏོ། དེ་ཇི་ལྟར་གནས་པ་ལ་རྩ་ཤེས་དགོས་པ་དང་། རྩ་དེ་ཡང་རླུང་གིས་བསྒྲུབས་ཤིང་རྒྱུ་བའི་ཕྱིར་དང་། དེར་དྭངས་སྙིགས་ཀྱི་ཐིག་ལེ་གནས་ཤིང་བརྟེན་པའི་དོན་དང་། དེ་ལྟར་རྩ་རླུང་ཐིག་ལེ་རྫོགས་པས། གཉིད་དང་རྨི་ལམ་ཐ་མལ་གྱི་དུས་དང་ཆགས་པའི་གནས་སྐབས་བཞི་ཡི་འཁྲུལ་པ་བསྐྱེད་པས་དེ་དག་གི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ་དང་། དེ་ལ་ཕྱི་གཞན་དུ་མ་གྲུབ་པར་བསྟན་པའི་ཕྱིར་སྦྱར་བཤད་དང་། ཀུན་བཏགས་པ་ལ་དབང་འབྱོར་བར་བྱ་བའི་ཕྱིར་བསྐྱེད་རིམས་བསྟན་པའི་ངེས་པ་ལ་སྦྱར་བ་དང་། དེར་མ་ཟད་ཀྱི་སྤང་གཉེན་གྱི་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པའི་རྒྱུ་མཚན་གོ་བར་བྱ་བ་དང་། ཐེག་པ་ཐམས་ཅད་ཀྱི་ལམ་རིམ་བསྒྲོད་ཚུལ་དང་བཅས་པ་དང་། འཆི་བ་དང་རྫོགས་པའི་རིམ་པ་བསྡུད་པའི་ཚུལ་སྦྱར་བ་རྟོགས་པས་དག་པ་དང་མ་དག་པའི་ཉིང་འཚམས་སྦྱོར་བ་རྟོགས་པར་བྱ་བ་དང་། དེ་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་ཅིང་རིག་པ་འཛིན་པའི་སྡེ་སྣོད་གྱི་རྒྱུ་མཚན་རྟོགས་པར་བྱ་བ་ནི་འདི་ཡི་གོ་རིམས་ཡིན་ནོ། །དེ་ལྟར་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་དང་འབྲེལ་བ་དང་དགོས་པ་དང་དགོས་པའི་དགོས་པ་རྟོགས་པར་བྱའོ། །ད་ནི་རྩོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཆོད་པར་བརྗོད་པ་ཚིགས་སུ་བཅད་པ་གསུམ་ལས་དང་པོ། བླ་མ་དང་སངས་རྒྱས་དབྱེར་མེད་པ་ལ་ཕྱག་འཚལ་བ་ནི། དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །ཞེས་གང་ལ་ཕྱག་བྱ་བའི་ཁྱད་པར་གྱི་གཞི་བརྗོད་ནས། ཁྱད་པར་དུ་བྱེད་པའི་ཆོས་ཡོན་ཏན་འདི་རྣམས་དང་ལྡན་པར་སྟོན་པ་ནི། ཐམས་ཅད་མཁྱེན་པ་ལ་སོགས་པ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པ་ནི་ཚིག་ཟློས་པ་མ་ཡིན་གྱི། མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ཡིན་ནོ། །མཁྱེན་པའི་སྒྲ་ཙམ་ནི་གཞན་གྱི་སྒྲ་ལ་རྟེན་ནས་རྟོགས་པ་ཡང་ཡོད་པས་ན་འདི་བརྗོད་དོ། །དེ་ལྟར་རྟོགས་ཀྱང་མི་སྟོན་པའི་རང་སངས་རྒྱས་དག་ཀྱང་ཡོད་པས་བདག་ཅག་གི་བླ་མ་ནི་དེ་ལྟ་མ་ཡིན་ཏེ་དེས་ན། ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། ཞེས་བྱ་སྟེ་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་དབང་བསྐུར་བ་དང་བསྐྱེད་པའི་རིམ་པ་དང་། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་སྣང་བ་དང་སྟོང་པ་དབྱེར་མེད་པ་བདེན་པ་གཉིས་ཀྱི་དོན་མ་ནོར་པར་སྟོན་པར་མཛད་ཅིང་། བསྟན་ནས་ཀྱང་དེའི་བྱེད་ལས་གནས་སྐབས་བཞིའི་འཁྲུལ་པ་སེལ་བ་སྟེ། གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་ཐ་མལ་གྱི་སྣང་བས་རྒྱུད་དཀྲུགས་པ་བསལ་ནས། སྐུ་བཞིའི་འབྲས་བུ་མངོན་དུ་སྟོན་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཡིན་པའི་ཕྱིར། དཔལ་ལྡན་བླ་མ་ལ་ཕྱག་འཚལ་བ་ཡིན་ནོ། །གཉིས་པ་ནི་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་ངོ་བོར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ་ནི། ལྷན་ཅིག་སྐྱེས་པ་གཅིག་གི་དངོས་ནི། སེམས་ཅན་ཐམས་ཅད་ལ་དབྱེ་བ་མེད་པར་དྲི་མ་དང་བཅས་ཏེ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཡིན་ལ། གཉིས་ཀྱི་བདག་ནི་ཐབས་དང་ཤེས་རབ་དང་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་འབྲས་བུ་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་དང་དེ་ཡི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་སྐུ་གཉིས་སོ། །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། ཞེས་པ་ནི་དོན་དམ་པ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་སྐུ་དེ་ལ་རྨི་ལམ་དག་པ་དང་ཀུན་གཞི་ལ་བརྟེན་པའི་ཡིད་སྲོག་གི་རླུང་དང་བཅས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་གྱི་སྣང་བ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དག་པས་སྤྲུལ་པའི་སྐུ་འབྱུང་སྟེ། འདི་ཡང་རྩ་ནི་སྐུ་རླུང་གསུང་ཐིག་ལེ་ཐུགས་རྡོ་རྗེ་སྟེ་འདི་གསུམ་རྣམ་པར་སྦྱངས་པས་ཐོབ་པར་གསུངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གསུངས་སོ། །གནས་སྐབས་བཞི་པོ་སྐུ་བཞི་ཉིད་ཅེས་བྱ་བ་ནི། དྲི་མ་མེད་པའི་འོད་དུ་གསུངས་པ་ལྟར། གཉིད་འཐུག་པོ་ཤིན་དུ་ལོག་པ་སེམས་མེད་པའི་གནས་སྐབས་ནི་ཆོས་ཀྱི་སྐུའོ། །རྨི་ལམ་གྱི་གནས་སྐབས་སྲོག་གི་རླུང་གིས་བསྐྱེད་པ་ཡོད་པ་དང་མེད་པ་ལྟ་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སད་པའི་གནས་སྐབས་ཀྱི་སྣང་བ་དང་བཅས་པ་ནི་སྤྲུལ་པའི་སྐུའོ། །ཆགས་པའི་གནས་སྐབས་བཟློག་པར་དཀའ་བའི་དྲི་མས་རྨོངས་པར་གྱུར་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པའོ། །སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་མེད་པའོ་ཞེས་གསུངས་པ་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་སྐུ་བཞིའི་དབྱེ་བ་གསུངས་པའོ། །སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། ཞེས་བྱ་བ་ནི་དེ་ཉིད་ལ་རྣམ་པའི་དབྱེ་བས་ཡེ་ཤེས་ལྔ་དང་སྐུ་ལྔར་ཡང་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་དང་། །རྣམ་པར་ཤེས་པའི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ་དང་། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པ་དང་། འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པ་སྟེ་དེ་ལྟར་སྐུ་ལྔ་དང་ཡེ་ཤེས་ལྔ་དང་ཕུང་པོ་ལྔ་པོ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་གཅིག་པུ་ཡི་རྣམ་པར་དབྱེ་བ་སྟེ། ཧེ་བཛྭ་ལས། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་དུ་ཕན་པ་ཉིད། ཞེས་བྱ་བ་ལ་སོགས་པ་དང་། ཀུན་ཏུ་སྤྱོད་པ་ལས། གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། གཅིག་པུའི་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པ་ལ་སོགས་པ་རྒྱུད་ཐམས་ཅད་དུ་རྒྱ་ཆེར་གསུངས་པས་བདེ་བ་ཆེན་པོའི་རྣམ་པ་ཐམས་ཅད་ལ་ཕྱག་འཚལ་བའོ། །ཚིགས་སུ་བཅད་པ་གསུམ་པ་ནི་དེ་ཡང་། བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ལྷ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྟེ། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །ཞེས་བྱ་བ་ནི་རྡོ་རྗེ་གུར་ལས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །དེ་ཉིད་རྣལ་འབྱོར་མར་བརྗོད་དེ། །གང་ཕྱིར་དེ་ཉིད་ལ་འཇུག་པས། །ཕྱག་རྒྱ་ཆེན་པོར་རབ་ཏུ་སྦྱོར། །ཞེས་གསུངས་ཏེ་དེ་ལྟ་བུའི་དངོས་པོ་གཅིག་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ཡང་རྟེན་ཅིང་འབྲེལ་བར་འབྱུང་པ་ལ་བྱ་སྟེ། དེ་ཡང་རང་བཞིན་སྟོང་པ་ཉིད་དོ། །དེ་སྐད་དུ་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ཡང་མ་སྐྱེས་པ་མ་འགགས་པ་སྟོང་པ་དབེན་པ་ཞི་བའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ཡང་སྔགས་ཀྱི་ཐེག་པ་ལ་མིང་གི་རྣམས་གྲངས། དབུ་མའི་རང་བཞིན་བདེ་ཆེན་ཉིད་ཞེས་བྱ་སྟེ་མཐའ་ཐམས་ཅད་དང་བྲལ་བས་དབུ་མ་སྟེ། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། བདེ་བ་ཆེན་པོའི་ཐིག་ལེ་དང་། ཡུལ་དང་ཡུལ་ཅན་དབྱེར་མེད་པ་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་གསུངས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་བསྐྱེད་པ་ཡིན་ནོ། །དེ་ཡང་རྟོགས་པར་བྱ་བའི་དབང་དུ་བྱས་ནས། །གང་མཐར་སྐྱེས་པའི་རང་བཞིན་ཅན། ཞེས་སྨོས་ཏེ་གང་མཐར་ཞེས་སྒྲ་གཅིག་གིས་དོན་མང་པོ་འཛིན་པས་འདིར་བརྗོད་པ། གང་བསྒོམ་པའི་ལམ་མཐར་ཐུག་པ་དེ་ཡི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་རྣམ་པར་བཅོམ་པ་དེའི་ཚེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་མཚན་མ་ཐམས་ཅད་བྲལ་བ་འཐོབ་བོ། །འདི་ནི་རྒྱུད་བླ་མ་ལས་རྒྱ་ཆེར་གསུངས་སོ། །དེ་ཡང་ལམ་པའི་སྐབས་སུ་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །དེ་ཡི་རྒྱུ་མཐུན་པ་ས་དང་པོ་ལ་མཐོང་བས་སྤང་བར་བྱ་བ་སྤངས་པའི་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དོན་ནི་དེ་ལྟ་བུ་ཡིན་ནོ། །འོ་ན་བླ་ན་མེད་པའི་རྒྱུད་ལས། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་གསུངས་པ་འདི་ཅི་ལྟ་བུ་ཞེ་ན། །རང་བྱུང་རྣམས་ཀྱི་དོན་དམ་དེ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། ཞེས་རྒྱུད་བླ་མ་ལས་གསུངས་ཏེ་སངས་རྒྱས་ཉིད་ཐམས་ཅད་དུ་དཔང་དུ་བྱས་ཏེ། དབང་གི་སྟོབས་ཀྱིས་སམ། བསྒོམས་པའི་སྟོབས་ཀྱིས་སྐྱེས་ཀྱང་རུང་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་མཆོག་ཏུ་དགའ་བའི་མ་མཐའ། དགའ་བྲལ་གྱི་ཡ་མཐར་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་སུ་མེད་པ་ཆགས་པ་དང་གཏི་མུག་དང་ཞེ་སྡང་གི་སེམས་བྲལ་བ་ཆུ་ཟླ་ལྟར་བདེན་པ་དང་བརྫུན་པ་བྲལ་བ་འཛག་པ་མེད་པའི་བདེ་བ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་རླུང་བརྒྱ་ཕྲག་བཅོ་བརྒྱད་འགགས་པའི་སྐད་ཅིག་ལ་ས་དང་པོར་སྦྱོར་བ་ནི་བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ་ནས་རྒྱ་ཆེར་གསུངས་ཏེ། དེ་དང་གཞི་མཐུན་པ་ནི་ལུས་ཅན་ཐམས་ཅད་ལ་སྐྱེ་ཡང་སྒྲིབ་པས་བསྒྲིབས་པའི་ཕྱིར་འཁོར་བའི་རྩ་བར་གྱུར་ཏོ། །དེ་ནི་ལྷ་མོ་སྟེ་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་དང་བདག་མེད་མ་ཞེས་བྱ་བ་ལ་སོགས་པའི་མིང་དུ་ཡང་གསུངས་པས་འདིར་ཡང་། ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་སྨོས་པ་ཡིན་ནོ། །གཉིས་པ་བཤད་པར་དམ་བཅའ་པ་ནི། ཚིག་རྐང་དྲུག་ལས། དེ་ལྟར་མཆོད་པར་བརྗོད་ནས་བཤད་པར་བྱ་བ་ནི་ནང་དོན་གྱི་བསྟན་བཅོས་འདི་སྟོན་པར་བྱེད་དོ། །དེ་ཡང་ཚུལ་ཇི་ལྟ་བུ་ཞེ་ན། རྒྱུད་རྣམས་ཀུན་ཏུ་གསང་བ་གང་། ཞེས་བྱ་བ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཕལ་དུ་གསང་བ་ནི་ཡང་དག་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་ཐབས་མཁས་པའི་ཁྱད་པར་བླ་ན་མེད་པའི་དམ་ཚིག་ཆེན་པོ་དགོངས་པ་དང་ལྡན་པ་རྣམས་དང་གསུམ་པ་དང་བཞི་པའི་དབང་གི་དོན་དང་དུ་བ་ལ་སོགས་པའི་རྟགས་དང་རྟགས་ཅན་འབྲེལ་པའི་ལམ་དང་འབྲས་བུ་རྣམས་ཀུན་ཏུ་གསང་བ་གང་ཡིན་པའོ། །རྒྱལ་བས་བླ་ན་མེད་པར་ཕྱེ་བ་ནི་དེ་ལྟ་བུའི་དོན་རྣམས་བླ་ན་མེད་པའི་རྒྱུད་དུ་མཚོན་པའི་ཚིག་གསུངས་སོ། །དེ་ཡང་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པ་སྟེ། མཐའ་དྲུག་གིས་བཅིངས་ནང་གི་དོན། ཞེས་པ་ནི་མཐའ་དྲུག་དང་ལྡན་པ་དགོངས་པ་ཅན་དུས་དང་དོན་དང་བསམ་པ་ལ་བརྟེན་ནས་གསུངས་པ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་བྱང་ཆུབ་པའི་དུས་བརྗོད་པ་ལྟ་བུ་དང་། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་སྒྱུ་མ་ཆེན་མོ་ལས་གསུངས་པ་དང་། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། ཞེས་ཧེ་བཛྭ་ལ་སོགས་པར་གང་གསུངས་པ་བསྒྱུར་བ་ལྡེམ་པོར་དགོངས་པ་དང་མཐུན་པ་དང་། དགོངས་པ་ཅན་མ་ཡིན་པ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་རྒྱུད་རྣམས་སུ་གསུངས་པ་དང་། དྲང་བའི་དོན་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པ་དང་བརྡའ་དང་ལག་པའི་ཕྱག་རྒྱ་དང་ཕྱིའི་སྦྱིན་བསྲེག་དང་བསྐྱེད་རིམས་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་གསུངས་པ་རྣམས་དང་། ངེས་པའི་དོན་རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང་། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་དུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་དང་། སྒྲ་ཅི་བཞིན་མ་ཡིན་པ་ཀོ་ཏ་ཁྱ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་བསྟན་བཅོས་ལ་མེད་པ་དང་། སྒྲ་ཅི་བཞིན་པ་དོན་དང་མིང་སྔར་བརྗོད་པ་འཇིག་རྟེན་གྱི་བསྟན་བཅོས་ལས་གྲགས་པ་རྣམས་ཏེ། རྒྱས་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་གསུངས་པ་ལྟ་བུས་རྒྱུད་ཀྱི་ཚིག་ཐམས་ཅད་འདྲེས་པར་གནས་པ་རྣམས་ལས། ཁྱད་པར་དུ་ནང་གི་དོན་ཤིན་ཏུ་ཡང་དཔག་པར་དཀའ་སྟེ་རྒྱུ་ངེས་ན་འདིར་རྟོགས་པར་འདོད་པ་དག་ལ་སྟོན་པར་བྱེད་དོ། །ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཕ་རོལ་ཕྱིན་པར་རབ་གསང་བ། །ཞེས་བྱ་བ་ཕྱི་རོལ་པའི་ཉན་ཐོས་ཀུན་དུ་རྒྱུ་དང་ཙ་ར་ཀ་ལ་སོགས་པ་རྣམས་དང་། ནང་གི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་བདག་དང་གང་ཟག་ཏུ་བདེན་པར་རྟོག་པ་སེམས་ཀྱི་གནས་ལུགས་ལ་རྨོངས་པ་དག་དང་། ཆོས་འདི་པ་ཕ་རོལ་དུ་ཕྱིན་པ་ལ་ཕྱོགས་རེ་ཞུགས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བས་རང་གསང་དུ་གནས་ཏེ། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ། བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་ལས་དང་པོ་པ་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལགས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་དུ་རྟོགས་དཀའ་བ་དེ་ཡང་རྡོ་རྗེའི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་ལས་སྣང་བ་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་དྲི་མ་མེད་པ་ཉིད་དྲི་མ་དང་བཅས་པའི་ལུས་ལ་གནས་པར་གསུངས་པ་དང་། སེམས་དྲི་མ་དང་བཅས་པ་ཉོན་མོངས་པའི་སྦུབས་དུ་མས་བསྐྲིས་པ་འདི། སངས་རྒྱས་ཀྱི་སྙིང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་ཀྱི་ཡོན་ཏན་དང་ལྡན་པར་བཞུགས་སོ་ཞེས་བྱ་བ་ནང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་མངོན་དུ་བསྟན་པ་རྡོ་རྗེའི་གནས་རྣམས་འདིར་སྟོན་པར་འདོད་ནས། ལུས་སེམས་ནང་གི་བདག་ཉིད་བཤད་ཅེས་སྨོས་པ་ཡིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། ཤིན་ཏུ་རྟོགས་པར་དཀའ་བ་ནི། །གསུངས་ལ་དགོས་པ་མེད་དོ་ཞེས། །བརྗོད་པའི་དོགས་པ་སེལ་བའི་ཕྱིར། །བླ་མའི་རྒྱུད་ལས་རྒྱས་པར་གསུངས། །རྒྱལ་སྲས་ཀྱིས་ཀྱང་བཤད་དཀའ་བ། །ཁྱོད་ཀྱིས་བརྗོད་པར་མི་ནུས་ཞེས། །རྟོག་པའི་དོགས་པ་སྔར་བསལ་བས། །རྒྱལ་བའི་བཀའ་བཞིན་བསྟེན་པའི་རིགས། །ད་ནི་ཐོག་མར་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་ལ་གཉིས་ཏེ། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པའོ། །དང་པོ་ནི། དྲི་མེད་རྒྱལ་བའི་སྙིང་པོ་ནི། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་བྱ་བ་སྨོས་ཏེ་འདི་ནི་མཆོག་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱ་སྟེ་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པ་ཡིན་ནོ། །དེ་ལ་རྡོ་རྗེ་ནི་འགྱུར་བ་མེད་པ་སངས་རྒྱས་ཡིན་ལ། དེ་ཡི་ལམ་དུ་འགྲོ་བ་ནི་ཐེག་པ་སྟེ་རྒྱལ་བའི་སྲས་རྣམས་དེར་ཕྱིན་པར་བྱེད་པའམ། ཡང་ན་མི་ཤིགས་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས་ཐམས་ཅད་དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པའོ། །གནས་འདི་ལ་དྲི་མ་ཐམས་ཅད་ཀྱིས་གོས་པ་མེད་པས་ན་དྲི་མ་མེད་པའོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱའོ། །དེ་ལ་གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ་མ་དག་པ་དང་བཅས་པ་སེམས་ཅན་གྱི་གནས་སྐབས་དང་། མ་དག་པ་དང་དག་པ་གཉིས་ཀ་ལྡན་པ་བྱང་ཆུབ་སེམས་དཔའ་ལམ་པའི་གནས་སྐབས་དང་། ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་གནས་སྐབས་ཏེ། དེ་ལྟར་རྣམ་པ་གསུམ་པོ་འདི་ལ་མིང་གི་ཐ་སྙད་ཀྱི་རྣམ་གྲངས་སུ། གཞི་དང་ལམ་དང་འབྲས་བུ་དང་། གཞི་རྒྱུད་དང་ཐབས་རྒྱུད་དང་འབྲས་བུའི་རྒྱུད་གསུམ་དང་། གཞི་དངོས་པོའི་གནས་ལུགས་དང་ལམ་གྱི་རིམ་པ་དང་འབྲས་བུ་སྐྱེ་བའི་རིམ་པ་ཞེས་བྱ་བ་ལ་སོགས་པ་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་སོ། །འདི་ལ་བསམ་གྱིས་མི་ཁྱབ་པའི་ཚུལ་གང་ཞེ་ན། སངས་རྒྱས་ཀྱི་སྙིང་པོ་ལ་དྲི་མས་གོས་པ་མེད་ཀྱང་། ཉོན་མོངས་པ་དང་ཤེས་བྱའི་དྲི་མ་མཐའ་དག་མ་སྤངས་ཀྱི་བར་ལ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། དྲི་མ་དེ་ཉིད་ཐོག་མ་མེད་པའི་དུས་ནས་འབྲེལ་ཀྱང་གློ་བུར་བ་ཡིན་པས་དྲི་མ་དེ་རྫས་བདེན་པར་གྲུབ་པ་མེད་པ་བྱང་ཆུབ་ཀྱི་དོན་དང་། ད་ལྟ་དྲི་མ་དང་བཅས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་རྫོགས་པར་ཡོད་ཀྱང་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པའི་རྒྱུ་མཐུན་པ་དཀར་པོའི་ཆོས་ཀྱི་རྐྱེན་གྱིས་མ་བསྐྱེད་ན་ནུས་པ་མི་འབྱིན་པ་ཡོན་ཏན་གྱི་དོན་དང་། སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་འཕྲིན་ལས་འཇུག་པ་ལ་དབྱེ་བ་མེད་པས་བརྗོད་པ་ཐམས་ཅད་དང་བྲལ་ཀྱང་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་བསམ་གྱིས་མི་ཁྱབ་སྟེ་མདོར་བསྡུས་ན། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་རྒྱུད་བླ་མར་གསུངས་པ་ཡིན་ནོ། །ཚུལ་འདི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྟོགས་དཀའ་བར་གསུངས་ཀྱང་རེ་ཞིག་དཔེས་བསྟན་པར་བྱ་སྟེ། ནོར་བུ་རིན་པོ་ཆེ་བཻ་ཌུརྻ་ཆེན་པོ་ཤུན་པ་དང་བཅས་པའི་ཚེ་ཤུན་པ་དང་བཅས་ཀྱང་ནང་དུ་ནོར་བུ་ལ་ཤུན་པ་འདྲེས་པ་མེད་པ་ལྟར་སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་སྙིང་པོ་དྲི་མ་རྣམས་ཀྱིས་བསྒྲིབས་ཀྱང་མ་འདྲེས་པས་ན་དག་ལ་ཉོན་མོངས་དང་ལྡན་པ་ཡིན་ནོ། །ཡང་ཐོག་མ་ནས་ཤུན་པ་དང་བཅས་པའི་ནོར་བུ་ཡིན་ཀྱང་ཤུན་པ་དེ་ནི་ནོར་བུ་ལས་བྱུང་པ་ཡང་མ་ཡིན་ནོར་བུ་ལས་གཞན་ནས་ཀྱང་བྱུང་པ་མ་ཡིན་ཏེ་གང་ནས་ཀྱང་མ་བྱུང་པའི་ཤུན་པ་དེ་རྣམ་པར་དག་པར་བྱས་པས་དག་པ་ལྟར་སེམས་སངས་རྒྱས་ཀྱི་སྙིང་པོའི་སྒྲིབ་པ་དག་པའི་སངས་རྒྱས་ཀྱང་དེ་ཁོ་ན་བཞིན་དུ་ཡིན་ནོ། །ཡང་ནོར་བུའི་ཡོན་ཏན་དེ་རྣམས་དང་པོ་དང་ཐ་མ་ཁྱད་མེད་ཀྱང་། སྔ་མ་ལ་ནི་ཡོན་ཏན་མི་སྣང་ལ་ཕྱི་མ་དྲི་མ་མེད་པ་དེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་གསོལ་བ་བཏབ་ན་ཡོན་ཏན་འབྱིན་པ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ད་ལྟ་ཡོད་ཀྱང་སྐྱོན་མེད་པའི་རྣམ་པར་དཀར་བས་མ་བསྐྱེད་ན་ནུས་པ་མི་འབྱིན་པས་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ནོར་བུ་ང་ནི་ཤུན་པ་ཅན་ནོ་ང་ནི་ཤུན་པ་མེད་པའོ་གསོལ་བ་འདེབས་པ་ལ་ཡོན་ཏན་སྦྱིན་ནོ་མི་སྦྱིན་ནོ་ཞེས་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པ་བཞིན་འཕྲིན་ལས་འཇུག་སྟེ། དེས་ན་སངས་རྒྱས་ཀྱི་སྙིང་པོ་ཡང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་སྟེ། ཚུལ་དེ་ལྟར་རྟོགས་པར་བྱའོ། །རྒྱུ་མཚན་འདི་མ་རྟོགས་པར་ད་ལྟར་འབྲས་བུ་ཡོད་པར་འཆད་པ་དང་ཉོན་མོངས་པ་སྤང་དུ་མེད་པ་དང་། གཉེན་པོའི་ཡེ་ཤེས་གསར་པ་བསྐྱེད་དུ་མེད་པ་དང་། རང་བཞིན་གྱིས་དག་པ་མེད་དགག་འབའ་ཞིག་གི་ཕྱོགས་སུ་འཆད་པ་ནི་རྡོ་རྗེའི་ཐེག་པ་ལས་རིང་ངོ་། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་འདི་ནི་དོན་དམ་དང་ཀུན་རྫོབ་དང་སངས་རྒྱས་དང་སེམས་ཅན་དང་སྣང་བ་དང་སྟོང་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་ངོ་བོ་ཉིད་གནས་སྐབས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །འདི་ཡི་ངོ་བོ་ནི། །ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གང་གསུངས་པ་སྟེ། རྒྱས་པར་ནི་ཁོ་བོས་སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པའི་བསྟན་བཅོས་སུ་བཤད་ཟིན་ཏོ།། །།དུམ་བུ་བཅུ་གཅིག་གི་ངེས་པ་བསྟན་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། ཐོག་མར་སྤྱི་ཡི་རྒྱུ་རྐྱེན་དང་། ལུས་གྲུབ་ཚུལ་དང་། རྩ་དང་རླུང་དང་། ཐིག་ལེ་དང་། རྣམ་པར་ཤེས་པ་དང་འབྲེལ་བ་དང་། ཕྱི་སྣོད་དང་། ལྷ་ལ་སྦྱར་བ་དང་། ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱར་བ་དང་། ལམ་གྱི་རིམ་པ་དང་། འཇིག་ཅིང་སྡུད་པའི་ཚུལ་རྣམས་དུམ་བུ་བཅུ་གཅིག་རིམ་པས་སྟོན་པར་བྱེད་དོ་ཞེས་མདོར་བསྟན་པ་སྟེ་གོ་རིམ་འབྲེལ་ཚུལ་ནི་སྔར་བཤད་པ་ཡིན་ནོ།། །།ད་ནི་བསྟན་བཅོས་རྒྱས་པར་བཤད་པ་ལ་དུམ་བུ་བཅུ་གཅིག་ལས། དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པ་ལ་བཞི་སྟེ། སེམས་དག་པ་དང་མ་དག་པའི་ངོ་བོ་བཤད་པ་དང་། ཅི་ལྟར་འཁྲུལ་པའི་ཚུལ་དང་། རྒྱུ་རྐྱེན་གྱི་དབྱེ་བ་དང་། གནས་སྐབས་གསུམ་གྱི་དབྱེ་བའོ། །དང་པོ་ལ་ཡང་། ངོ་བོ་དང་། རྣམ་པ་གཉིས་ལས་ངོ་བོ་ནི། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་བྱ་བ་སྨོས་པ་ནི། ཐེག་པ་ཐམས་ཅད་ཀྱི་སྤྱི་སྐད་ལ་སེམས་ཉིད་ཅེས་གསུངས་ཀྱང་། དག་པ་དང་བཅས་པ་དང་། མ་དག་པ་གཉིས་སུ་ཤེས་པར་བྱ་སྟེ། དག་པ་ལ་སེམས་སུ་བསྟན་པ་ནི་རྒྱུད་བླ་མ་ལས། །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །སའི་ཁམས་ལ་གནས་པ་མེད། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། ཞེས་གསུངས་ཏེ་འདི་ནི་སངས་རྒྱས་ཀྱི་སྙིང་པོ་ལ་སེམས་སུ་བརྗོད་ཅིང་འཁོར་འདས་ཐམས་ཅད་ཀྱི་གཞིའི་དོན་ཡིན་ནོ། །མདོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་སྟེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། །སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་དང་བསྟན་བཅོས་རྣམས་ལས་ཀྱང་མང་དུ་གསུངས་པ་ནི་དག་པ་དང་བཅས་པ་བརྗོད་པ་ཡིན་ནོ། །མ་དག་པ་ལ་སེམས་སུ་བརྗོད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསུངས་པ་གང་ཡིན་པ་སྟེ། མངོན་པ་ཀུན་ལས་བཏུས་པ་ནས། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ་ས་བོན་ཐམས་ཅད་པའི་ཀུན་གཞི་ཡི་རྣམ་པར་ཤེས་པ་ཞེས་གསུངས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁྱུད་པ་ཁམས་གསུམ་གྱིས་སེམས་དང་སེམས་ལས་བྱུང་བས་བསྡུས་པ་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །དེ་ལ་དགོངས་ནས་ལང་ཀར་གཤེགས་པ་ལས་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་པ་དང་། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དབུས་མཐའ་ལས་ཀྱང་གསུངས་ཏེ་དེ་བས་ན། རེ་ཞིག་ཀུན་གཞི་ཉིད་བཤད་པར་བྱའོ། །འདི་ནི་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །ཞེས་བྱ་བ་གསུངས་ཏེ། འདི་ཡང་ཀུན་གཞི་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་སྒྲ་མ་སྨོས་ན་དེ་བཞིན་ཉིད་ལ་ཡང་ཀུན་གཞིས་བརྗོད་དུ་རུང་བའི་ཕྱིར་རྣམ་པར་ཤེས་པ་སྨོས་སོ། །རྣམ་པར་ཤེས་པ་ནི་དོན་མཐོང་བ་ལ་བརྗོད་ན་འདི་དོན་དུ་ཅི་ལྟར་བཞག་ཅེ་ན། རྣམ་པར་སྨིན་པ་དང་ས་བོན་གྱི་དོན་དུ་རྣམ་པར་ཤེས་པའི་ཚོགས་གཞན་བདུན་པོ་ལས་ཕན་ཚུན་རྒྱུ་དང་རྐྱེན་གྱི་དངོས་པོར་གྱུར་བའི་ཕྱིར་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཐམས་ཅད་དེར་བསགས་པའི་ཕྱིར་རྣམ་པར་སྨིན་པ་སྟེ་ཆར་ཆུ་ལས་རྒྱ་མཚོ་བཞིན་ནོ། །རྐྱེན་ཉེ་བར་གནས་པ་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པའོ། །ཀུན་ཏུ་འགྲོ་བའི་རེག་པ་དང་ཡིད་ལ་བྱེད་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་ལྔ་པོས་དུས་ཐམས་ཅད་དུ་བསྐོར་བས་སེམས་བྱུང་རྣམས་ཀྱང་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་སྟེ། ཀུན་གཞི་ཉིད་ནི་ཚོར་བ་བཏང་སྙོམས་པ། ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ་མེ་ལོང་གི་གསལ་བ་བཞིན་ནོ། །རྒྱུན་འབབ་པའི་ཆུ་བོ་བཞིན་དུ་ཡུལ་དང་ཡུལ་ཅན་དང་དབང་པོའི་ས་བོན་ཐམས་ཅད་རྒྱུན་འཆད་པ་མེད་པར་འབབ་པ་ཡིན་ནོ། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ་ཅེས་པ་ནི། སངས་རྒྱས་པ་ལ་དགོངས་པ་སྟེ་ཉན་ཐོས་ཀྱི་དགྲ་བཅོམ་པ་ལ་ནི་ཀུན་གཞི་ཡོད་པ་ཉིད་དོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་མོངས་ཀྱི་རྟེན་ལོག་པ་ལ་ཡང་ཆ་ཅིག་ལོག་པར་བཤད་དུ་རུང་ངོ་། །འདི་ཡི་ཤིན་ཏུ་རྒྱས་པར་བཤད་པ་ནི་ཐེག་བསྡུས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་མངོན་པའི་མདོའི་གཞུང་ཆོས་ཀུན་ས་བོན་ཐམས་ཅད་པའི། རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་ཏེ། དེ་ལ་ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེར་སྦྱོར་བའམ། དེ་ཡང་དེ་དག་ཏུ་རྒྱུ་ཡི་དངོས་པོར་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡང་ན་སེམས་ཅན་དག་དེ་ཡི་བདག་ཉིད་དུ་སྦྱོར་བས་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ནི་ལེན་པའི་རྣམ་ཤེས་ཞེས་ཀྱང་བྱ་སྟེ་དགོངས་འགྲེལ་ལས། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། ཅེས་གསུངས་པ་ལྟ་བུ་སྟེ། དེ་ནི་དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་དེ་དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་པར་ཉེ་བར་བཟུང་བ་དང་། ལུས་ཉིང་འཚམས་སྦྱོར་བ་སྦྲེལ་བ་ན་ཡང་དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་ཏེ་དེ་ལྟ་བས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་པ་དང་། ཡང་མཚན་ཉིད་རྣམ་པར་བཞག་པ་ནི་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་རང་གི་མཚན་ཉིད་ནི། གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུས་ཐམས་ཅད་དུ་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་འབྲས་བུའི་མཚན་ཉིད་དུ་རྣམ་པར་བཞག་པ་ནི། གང་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །ཞེས་པ་དང་། བག་ཆགས་དེ་ཡང་དཀར་བ་དང་གནག་པའི་ཆོས་དེ་དག་དང་ལྷན་ཅིག་དུ་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུན་ཉིད་དུ་འབྱུང་ཞིང་དེ་ལས་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་ཤེས་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །སྣ་ཚོགས་པའི་བག་ཆགས་སྣ་ཚོགས་སུ་མ་དམིགས་པར་གནས་ཀྱང་ཕྱིས་ལས་སོ་སོར་བསྐྱེད་པ་ན་ཐ་དད་དུ་སྣང་བ་ནི་ཚི་གུའི་རྐྱེན་དང་ལྡན་པའི་རས་ཚོན་གྱིས་བསྒྱུར་བས་སྣ་ཚོགས་སུ་འགྱུར་བ་བཞིན་ཏེ། འདི་ནི་མཆོག་ཏུ་ཟབ་པའི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་ཀུན་གཞིའི་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་དང་རྐྱེན་གྱི་མཚན་ཉིད་དུ་བལྟའོ། །དེ་ཡང་གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། གཉིས་པ་ཉེ་བར་དཔྱོད་པ་ཅན། །ཉེ་བར་དཔྱོད་དང་ཡོངས་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་དབུས་མཐའ་ལས་བྱུང་བ་བཞིན་དུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྒྱུ་མཚན་འདིས་ནི་ཀུན་གཞི་ནི་སེམས་ཅན་གྱི་གནས་ཁྱད་པར་ཅན་དུ་བརྗོད་ལ། མྱ་ངན་ལས་འདས་པ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་ནི་མ་ཡིན་པར་བརྗོད་དོ། །འོ་ན་ཁ་ཅིག །ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང་། །རྣམ་པར་བྱང་བའི་རྒྱུ་མ་ཡིན། ཞེས་བྱ་བ་ལ་རྣམ་བྱང་གི་རྒྱུ་ཉིད་དུ་སྟོན་པ་ཡང་ཡོད་པས་འདི་ཇི་ལྟར་ཡིན་ཅེ་ན། ཀུན་གཞི་དེ་དག་པ་ལ་རྣམ་པར་བྱང་བ་ཉིད་ཀྱི་ཐ་སྙད་དུ་བརྗོད་པར་བྱེད་ན་རུང་གི་ཀུན་གཞིའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་བཤད་ན་མི་རུང་བ་ཉིད་ཡིན་ནོ། །འོ་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་དང་དབྱེ་བ་མེད་པ་ཡང་དག་པའི་ལྟ་བ་ལ་བརྟེན་པའི་རྟོགས་པ་ཡང་ཀུན་གཞིའི་སྟེང་དུ་འཇོག་པ་མ་ཡིན་ནམ། རྣམ་པར་བྱང་བའི་ཆོས་དེ་དག་ཅི་ལྟར་བསྐྱེད་ཅེ་ན། འདི་ནི་སྔར་བརྗོད་པའི་སེམས་ཀྱི་དག་པའི་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་སྟེ། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་ཉིད་ཡིན་ནོ། །རིགས་དེ་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་བྱ་བ་གསུངས་ཤིང་རྒྱས་པར་ནི་ཐེག་བསྡུས་ལས། ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེ་ཡི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་ཇི་ལྟར་རུང་། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པས་དེ་ཡི་བག་ཆགས་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་བྱུང་བ་བརྗོད་དགོས་སོ་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་སོན་པ་ལས་དེ་བྱུང་ངོ་། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་། ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཡིན་ན་ནི་ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང་། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི་ཐོས་པའི་བག་ཆགས་དེ་ཡི་ས་བོན་གྱི་གནས་གང་ཞིག་ཡིན་པར་བལྟ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་དེ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འགྱུར་ཏེ་ཐོས་བསམ་བསྒོམ་པ་ལན་མང་དུ་བྱས་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས་ཀུན་གཞིའི་ཡི་རྣམ་ཤེས་ཀྱི་ངོ་བོ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་བའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་པའི་ཀུན་ནས་བཀྲིས་པ་དང་། ངན་འགྲོ་དང་ཉེས་པ་ཐམས་ཅད་དེངས་བར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་། ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱིས་བསྡུས་པས། ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལྟར། རྣམ་པར་སྨིན་པའི་ཤེས་པ་འབྲི་ཞིང་གནས་རྣམ་པ་ཐམས་ཅད་དུ་གྱུར་པ་དང་། ས་བོན་ཐམས་ཅད་པ་ཡང་མེད་པར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན། དེ་ལྟ་མ་ཡིན་ཏེ་རང་བཞིན་དུ་གནས་པའི་རིགས་ཆོས་ཀྱི་དབྱིངས་དེ་ལ། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་རྣམ་པར་བཞག་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བཞག་ཅིང་ཕྱེ་བ་དེ་ལྟར། ཚོགས་བརྒྱད་པོ་དེ་རྣམས་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞི་ཡི་རང་བཞིན་དུ་ཡོད་དེ། དེ་ཡང་ཡང་དག་པའི་ཀུན་ཏུ་རྟོག་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས། སྔར་གྱི་དྲི་མ་དེ་བཅོམ་པ་ལས་ཚོགས་བརྒྱད་ཀྱི་འཁྲུལ་པ་མེད་པས་གནས་གྱུར་པའི་ཡེ་ཤེས་ཀྱི་མིང་ཐོབ་སྟེ། རྒྱུ་མཚན་དེས་ན། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་དབུས་མཐར་གསུངས་པ་ལྟར་དྲི་མ་མེད་པ་ནི་ཡེ་ཤེས་ཡིན་ལ་དྲི་མ་དང་བཅས་པ་ནི་རྣམ་པར་ཤེས་པ་ཡིན་པར་བལྟའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་སོ། །རྒྱས་པར་ནི་ཁོ་བོས་རྣམ་པར་ཤེས་པ་དང་ཡེ་ཤེས་བརྟག་པའི་བསྟན་བཅོས་སུ་བཤད་ཅིང་། འོག་ནས་རྣམ་པར་ཤེས་པ་དང་འབྲེལ་བ་བསྟན་པའི་སྐབས་ནས་ཀྱང་སྟོན་པར་བྱེད་དོ། །དེ་ལྟར་དག་པ་དང་མ་དག་པའི་སེམས་བཤད་ནས། ཐོག་མེད་ལ་ཞེས་བྱ་བ་ནི་དུས་ཀྱི་ཐོག་མ་དང་ཐ་མ་ནི་རྟོག་པས་སྒྲོས་བཏགས་པ་ཡིན་པས་འདིར་ནི་དྲི་མ་མེད་པ་དང་དྲི་མ་དང་བཅས་པའི་རང་གི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་སྟེ་དེ་ལས་ཐོག་མ་གཞན་མེད་པའི་ཕྱིར་ཐོག་མ་མེད་པའི་དུས་ཞེས་བྱ་སྟེ། རང་གི་ངོ་བོ་དེ་གང་གིས་རིག་པ་དང་རྟོགས་པའི་སྐད་ཅིག་ལ་ནི་རྣམ་པར་གྲོལ་བར་འགྱུར་ལ། དེ་མ་རིག་པས་སེམས་འཁྲུལ་པའི་ཐོག་མ་མ་རིག་པ་ཞེས་བྱའོ། །དེའི་ཕྱིར་ཆོས་མངོན་པའི་མདོ་ལས། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་ལའང་ཐོབ་པ་ཡིན། །ཅེས་གང་གསུངས་པ་དང་། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང་། །འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། ཞེས་གསུངས་པ་ཡིན་ནོ། །གང་སྐད་ཅིག་མ་དེ་མ་རྟོགས་པ་རྒྱུན་འབྲེལ་བ་འདས་པའི་དུས་དཔག་ཏུ་མེད་པར་ཡང་ཞུགས་ཤིང་བྱུང་བའི་ཕྱིར་ཡང་ཐོག་མ་མེད་པ་ཞེས་སྒྲས་བརྗོད་དུ་རུང་གིས། ཐོག་མ་ནས་སེམས་དྲི་མ་དང་བཅས་པ་རྟག་པ་ཉིད་དུ་ཡོད་པའམ་མེད་པ་ལ་སྐྱེ་བར་རྟོག་ན་ནི། འཇིག་ཚོགས་སུ་ལྟ་བའི་རྣམ་གྲངས་ཡིན་ལ། དྲི་མ་རྟག་པར་འབྲེལ་ན་སྤང་དུ་མི་རུང་བ་ཉིད་དང་། སེམས་རྒྱུ་མེད་ལས་སྐྱེ་བར་འགྱུར་བའི་སྐྱོན་ཡོད་པས་རིགས་པ་དང་ཡང་འགལ་ལོ། །དེ་ལྟ་བུའི་སེམས་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་གཅིག་པ་དང་ཐ་དད་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་རྒྱ་མ་ཆད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་ཕྱོགས་སུ་མ་ལྷུང་བས་ན་ཕྱོགས་ལྷུང་མ་མཆིས་པ་ཉིད་ཡིན་པས་སེམས་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །སེམས་ཀྱི་རྣམ་པ་ནི། དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་དང་རང་བཞིན་གསལ། །རྣམ་པ་འགག་མེད་ཅི་ཡང་འཆར། །ཞེས་བྱ་བ་སྨོས་ཏེ། སེམས་དེ་ཉིད་རྣམ་པར་རིག་པ་སྐད་ཅིག་གི་རང་ངོ་མ་འགགས་པའི་རྣམ་པར་རོལ་པའི་ཆ་ལས། རང་བཞིན་སྟོང་པ་ཉིད་དུ་གནས་པ་དང་། རང་བཞིན་གྱིས་གསལ་བར་གནས་པ་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། དེ་ལས་སེམས་བྱུང་གི་ཚོགས་དང་རྣམ་པ་ཤེས་པའི་ཚོགས་བདུན་གྱི་རང་རང་གི་རྣམ་པ་འགག་པ་མེད་པར་སྐད་ཅིག་དུ་འཆར་བའི་ཕྱིར། མ་དག་པའི་གནས་སྐབས་ན་སེམས་དང་། ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བར་གསུངས་པ་དང་། དག་པ་ན་སྐུ་གསུམ་དང་ཡེ་ཤེས་ཀྱི་མིང་གིས་བརྗོད་པ་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཀྱང་། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཞེས་བརྗོད་པར་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གསུངས་སོ། །གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་བཤད་པ་ནི། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། །དེ་ཉིད་རང་གིས་རང་མ་རིག །འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །ཞེས་བྱ་བ་སྟེ། སེམས་དེ་ཉིད་རང་གིས་རང་མ་རིག་པ་ཡང་གང་མ་རིག་པ་དང་གང་གིས་མ་རིག་པ་དང་ཚུལ་ཇི་ལྟར་མ་རིག་པ་སྟེ། དང་པོ་ནི་རང་བཞིན་གྱིས་དག་པའི་རང་གི་ངོ་བོ་མ་རིག་ལ། གང་གིས་ཞེ་ན་རང་ངོ་ལ་ཡུལ་དང་ཡུལ་ཅན་ལྟར་སྣང་བའི་འགག་པ་མེད་པའི་རྩལ་གྱིས་མ་རིག་པའོ། །ཚུལ་ཇི་ལྟར་དུ་མ་རིག་ཞེ་ན་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་རྒྱུ་རྐྱེན་ལྟར་སྣང་བ་དང་དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་དུ་བྱེད་པས་མ་རིག་པ་བསྐྱེད་དེ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁོར་བའི་གཞི་དང་རྐྱེན་དུ་གྱུར་ཏོ། །དེ་ཡང་ཀུན་གཞི་དང་ཕན་ཚུན་རྒྱུ་དང་རྐྱེན་གྱི་རྣམ་པར་གྱུར་པའི་ཕྱིར་ཆུ་དང་རླབས་ལྟར་དུ་རྒྱུན་མི་འཆད་པར་གཡོ་ཞིང་འདུ་བྱེད་པས་མ་རིག་པའོ། །འདི་ནི་ཡིད་ཅེས་བཤད་དེ་འདི་ཡང་སུམ་ཅུ་པ་ལས། །དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་དུ་འགྲོགས། །ཞེས་གསུངས་ཏེ་འདི་ནི་དེ་ལ་གནས་པ་ནི། །ཀུན་གཞི་དེ་ལ་གནས་ཏེ་རབ་ཏུ་འབྱུང་ཞིང་། རྣམ་པར་ཤེས་པའི་ཚོགས་གཞན་དྲུག་པོ་དག་གི་སྐྱེ་བ་དང་འགག་པ་ན་ནུས་པ་ཀུན་གཞི་ལ་འཇོག་པར་བྱེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ཡི་རང་གི་ངོ་བོ་ནི་དཔལ་ཆོས་ཀྱི་གྲགས་པས། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་ཚད་མར་གསུངས་སོ། །གཉིས་པ་དེ་ལ་དམིགས་པའི་ཡིད་ཅེས་བྱ་བ་ཀུན་གཞི་ལ་ངར་སེམས་པའི་བདག་ཉིད་ཅན་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ་འདི་ཡང་ཡིད་དེ་ཉིད་ཀུན་གཞི་ལ་བདག་དུ་རྟོག་པར་བྱེད་པ་ཉོན་མོངས་པ་བཞི་པོས་དུས་རྟག་ཏུ་བསྒོས་པའི་ཕྱིར་དེ་ནི་རྣམ་པར་ཤེས་པ་ཉོན་མོངས་པའི་གནས་ཡིན་པས་འདི་ལ་ནི་ཚད་མ་མེད་ཅིང་ཚད་མ་མ་ཡིན་པའི་བློ་ཐམས་ཅད་སྐྱེ་བར་བྱེད་པ་ཡིན་ནོ། །འདི་གཉིས་ཀ་གཅིག་ནི་རྣམ་པར་ཤེས་པ་རང་གི་ངོ་བོ་བརྗོད་ཅིང་གཅིག་ནི་དེ་ལ་བརྟེན་ནས་འཁྲུལ་པར་བྱེད་པ་དང་ལྡན་པའི་ཆ་ནས་བརྗོད་དེ་ཐག་པ་དང་དེ་ལ་སྦྲུལ་དུ་འཛིན་པ་བཞིན་དུ་བརྗོད་དོ། །འདི་ལ་གཞན་དག་དེ་མ་ཐག་པ་དྲུག་པ་ཡིད་ཀྱི་ཆར་འཆད་པ་དང་། ཁ་ཅིག་དོན་ལ་མེད་པར་འཆད་པ་དག་ཡོད་ཀྱང་དེ་དག་ནི་ཉན་ཐོས་པའི་ཚོགས་དྲུག་ལས་མེད་པར་འདོད་པའི་རྣམ་བཞག་ལ་ཞེན་ནས་ཐེག་པ་ཆེན་པོའི་ཚོགས་བརྒྱད་ཀྱི་རྣམ་པར་བཞག་པ་མ་རྟོགས་པ་ཡིན་ནོ། །འདི་ཡི་རྒྱས་པར་ཐེག་བསྡུས་ལས་དེ་ལ་ཡིད་ནི་རྣམ་པ་གཉིས་སྟེ་དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་རྟག་ཏུ་མཚུངས་པར་ལྡན་པ་སྟེ། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ་གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་ཏེ། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཞེས་གསུངས་ཏེ་ཉོན་མོངས་པ་ཅན་ནི་ལྡན་པའི་ཚིག་སྟེ་རྒྱུ་མཚན་འདིས་ན་ཁམས་གསུམ་དུ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་ལས་འདས་པའི་འགོག་པའི་སྙོམས་པར་འཇུག་པ་ན་འདི་མེད་པ་དང་། དགྲ་བཅོམ་པ་དང་། འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའི་ལམ་གྱི་མཉམ་པར་བཞག་པ་ན་མེད་དོ། །ཚེ་རིང་པོའི་འདུ་ཤེས་མེད་པར་སྐྱེ་བའི་རྒྱུ་འདུ་ཤེས་མེད་པའི་སྙོམས་འཇུག་ན་ནི། ཉོན་མོངས་པ་ཅན་གྱི་ཡིད་ཡོད་པས་ཁྱད་པར་ཤེས་པར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པ་སྐྱེ་བ་དང་འགག་པ་དེ་མ་ཐག་པ་ཀུན་གཞི་ལ་གནས་པ་དེ་དྲུག་པ་ཡིད་ཀྱི་ཆ་ཤས་སུ་བྱས་ན་གང་གི་ཚེ་འགོག་པའི་སྙོམས་འཇུག་ནུས་པ་དེའི་ཚེ་ཀུན་གཞི་དང་ཚོགས་དྲུག་མ་གཏོགས་པ་མེད་པར་འགྱུར་བས་ཚོགས་བདུན་དུ་འགྱུར་ཏེ། ཉོན་ཡིད་མེད་པའི་ཕྱིར་རོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དྲི་མེད་པའི་ཡིད་ཚོགས་དགུ་པར་བཞག་དགོས་ན་དེ་ཡང་མི་འཐད་དོ། །འོ་ན་དེ་མ་ཐག་པར་བཤད་པའི་བདུན་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་གང་གིས་ཉོན་ཡིད་དུ་འཇོག་ལ། གང་གིས་དྲི་མ་མེད་པར་འཇོག་ཅེ་ན། ཉོན་མོངས་པ་བཞིས་འཁྱུད་ན་ཉོན་མོངས་པ་ཅན་དུ་འགྱུར་ལ། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས་འཁྱུད་པར་གྱུར་པ་ན་དྲི་མ་མེད་པའི་ཡིད་དུ་བརྗོད་པ་ལེགས་སོ། །དེ་གཉིས་ཀྱང་ཇི་སྲིད་རྣམ་པར་དག་པའི་གནས་ཡོངས་སུ་མ་གྱུར་གྱི་བར་ལ་ལྷན་ཅིག་འདྲེས་ཤིང་འབྱུང་བར་གསུངས་སོ། །དེ་ཡང་ཐེག་བསྡུས་ལས་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཅིས་མངོན་ཞེ་ན། དེ་མེད་དུ་ཟིན་ན་མ་རིག་པ་དང་མ་འདྲེས་པའི་སྐྱོན་དང་། ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་རྣམ་པར་ཤེས་པ་ལྔ་པོ་དག་གི་ལྷན་ཅིག་འབྱུང་པའི་གནས་ནི་མིག་ལ་སོགས་པའོ། །ངེས་ཚིག་མེད་པའི་སྐྱོན་དང་། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་བྱེ་བྲག་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། འགོག་པའི་སྙོམས་པར་འཇུག་པ་ནི་མ་ཡིན་ཏེ་གཞན་དུ་ན་འདི་གཉིས་བྱེ་བྲག་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདུ་ཤེས་མེད་པ་དེ་ན་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་མེད་ན། འདུ་ཤེས་མེད་པར་སྐྱེ་བ་ཐོག་ཐག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ཡང་ངར་འཛིན་པ་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བར་ཡང་དམིགས་པ་ཡི་ཡང་ཕྱིར་རོ། །གཞན་དུ་ན་ནི་མི་དགེ་བའི་སེམས་ཁོ་ན་དེ་དག་དང་མཚུངས་པར་ལྡན་པས་ངའོ་སྙམ་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་འབྱུང་བར་ཀུན་ཏུ་འབྱུང་བ་དང་ལྷན་ཅིག་མཚུངས་པར་ལྡན་པར་ཀུན་ཏུ་འབྱུང་བས་སྐྱོན་འདི་དག་ཏུ་མི་འགྱུར་རོ། །ཡིད་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་སྟེ། སྒྲིབ་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་ཁམས་བཅོ་བརྒྱད་དུ་འཆད་པ་ན་ཡིད་དང་ཆོས་དང་ཡིད་ཀྱིས་རྣམ་པར་ཤེས་པའི་ཁམས་རྣམ་པར་འཇོག་པ་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་བརྗོད་པ་ནི་བྱེ་བྲག་ཡིན་ལ། བདུན་པ་བསྟན་པ་ནི་དྲུག་པོ་ཐམས་ཅད་ཀྱི་འགགས་མ་ཐག་པར་བརྗོད་དེ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ནི་མིག་ལ་སོགས་པ་དག་ལ་བརྟེན་ཏེ། གཟུགས་ལ་སོགས་པ་དམིགས་པ་རྣམ་པར་རིག་པའོ། །ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགགས་མ་ཐག་པ་སྟེ། རྣམ་པར་ཤེས་པ་དྲུག་གི་གནས་བསྟན་པའི་ཕྱིར། དེ་ལྟར་ཁམས་བཅོ་བརྒྱད་དུ་རྣམ་པར་བཞག་གོ །ཞེས་གསུངས་སོ། །ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ནི། ཚིགས་སུ་བཅད་པ་གཉིས་ཏེ་ཐོག་མར་རྣམ་པར་ཤེས་པ་དྲུག་པོ་བཤད་པར་བྱ་སྟེ་སུམ་ཅུ་པ་ལས། །གསུམ་པས་ཡུལ་རྣམས་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །ཞེས་པ་སེམས་ནི་ཀུན་གཞིའོ་ཡིད་ནི་སྔར་བཤད་པ་གཉིས་པོའོ། །གསུམ་པ་རྣམ་པར་ཤེས་པའི་ཚོགས་དྲུག་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་དྲུག་པོ་ལ། དམིགས་པ་གང་ཡིན་པ་དེ་རྣམས་ཡིན་ནོ། །ཞེས་བྱ་བ་ནི་ལྷག་མ་འདི་རྣམས་དང་མཚུངས་པར་ལྡན་པ་བརྗོད་དེ། དགེ་དང་མི་དགེ་གཉིས་ཀ་མིན། །ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །ཞེས་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་མཚུངས་པར་ལྡན་པར་གསུངས་སོ། །ད་ནི་གཞུང་ཉིད་བསྟན་པར་བྱ་སྟེ་སྔར་བཤད་པའི་སེམས་དང་ཡིད་ཆུ་རླབས་ལྟར་གཡོ་བ་ལ་ཇི་ལྟར་འབྱུང་ཞེ་ན། དོན་དང་འཛིན་པ་གཉིས་སྣང་བས། །རང་གིས་རང་ལ་གཏད་ཅིང་གཟུང་། ཞེས་བྱ་བ་དོན་ནི་ཡུལ་དྲུག་གོ །འཛིན་པ་ནི་རྣམ་པར་ཤེས་པ་དྲུག་སྟེ་དོན་ལ་ཐ་དད་དུ་བདེན་པ་མེད་ཀྱང་གཉིས་སུ་སྣང་བ་སྐྱེ་བར་འགྱུར་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚོགས་པའི་རྟེན་ཅིང་འབྲེལ་བས་སྣང་བ་སྐྱེའོ། །དེ་ལས་སྣང་བ་མཆེད་པར་འགྱུར་བས་ན། རྟོག་པའི་ཡིད་དང་འབྲེལ་བར་འགྱུར་ཏེ་དོན་མཐོང་བར་བྱེད་པས་སྣང་བ་ཐོབ་པ་ཞེས་བྱ་སྟེ། དེས་ན་ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་བཟུང་རྣམ་ཤེས་བྱུང་། །ཞེས་བསྟན་པ་ཡིན་ནོ། །འདི་ལ་ཡང་ཆོས་ཐམས་ཅད་སེམས་སུ་མི་ཤེས་པ་དག་རྣམ་པར་ཤེས་པ་རང་སེམས་ཡིན་ཡང་ཡུལ་ཕྱི་རོལ་གྱི་དོན་ནི་རྡུལ་ཕྲན་ནམ་ཕག་ན་མོས་བསྐྱེད་པར་རྟོག་པ་ཡོད་པས་དེ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་གིས་རང་ལ་གཏད་ཅིང་བཟུང་བའི་ཚུལ་བསྟན་པར་བྱ་སྟེ། འདི་ནི་ཀུན་གཞིའི་ངོ་བོ་ས་བོན་ཐམས་ཅད་པ་ལ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་ས་བོན་རྒྱུན་ཆད་པ་མེད་པ་རྒྱུ་དང་འབྲས་བུའི་ནུས་པ་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་བསམ་གྱིས་མི་ཁྱབ་སྟེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། །ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཞེས་གསུངས་པ་ཡིན་ནོ། །འདི་ལ་རིགས་པ་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། །ནང་གི་ཤེས་བྱའི་ངོ་བོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེའི་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་ཕྱི་རོལ་ལྟ་བུར་སྣང་བ་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང་དེ་ལས་སྐྱེས་པ་ཡིན་པས་ཆོས་ཉིད་གཉིས་དང་ལྡན་པའི་ཕྱིར་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ་ཞེས་པ་དང་། ཡང་ལྷན་ཅིག་སྐྱེས་པ་ཡིན་ཀྱང་རྐྱེན་དུ་འཐད་པ་དང་། །ནུས་པ་འཇོག་པས་རིམས་ཀྱིས་ཀྱང་མི་འགལ་བ་དང་། ནུས་པ་ལ་དབང་པོ་ཡང་ཡིན་པ་མི་འགལ་བར་བསྟན་པའི་ཕྱིར། །གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ནུས་པ་འཇོག་ཕྱིར་རིམས་ཀྱིས་ཡིན། །ལྷན་ཅིག་བྱེད་དབང་ནུས་པ་ཡིས། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་བྱ་བ་ལ་སོགས་པ་དམིགས་པ་བརྟག་པར་གསུངས་པ་ཡིན་ནོ། །དེ་ལྟར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ལ་བརྟེན་ནས། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་བཅུ་གཉིས་འབྱུང་སྟེ། དེའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་དེའི་རྐྱེན་གྱིས་ཡུལ་དྲུག་ལ་དོན་དུ་མཐོང་བའི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་བླང་བྱ་དང་དོར་བྱ་མ་ཡིན་པ་ལ་ཡུལ་གཞན་དུ་རྟོག་པས་བླང་བྱར་རྟོག་པ་ཚོར་བ་བདེ་བ་དང་། དོར་བྱར་རྟོག་པས་སྡུག་བསྔལ་དང་། བར་མ་བཏང་སྙོམས་ཀྱི་ཚོར་བ་སྐྱེ་ལ། དེ་ཡི་དབང་གིས་ཡུལ་ལ་མཚན་མར་འཛིན་པས་འདུ་ཤེས་སུ་འགྱུར་རོ། །མཚན་མར་བཟུང་བས་ཡུལ་གཞན་དུ་རྟོག་པའི་བག་ཆགས་བརྟན་པར་བྱས་པས་གཟུགས་ཀྱི་ངོ་བོ་དབྱིབས་དང་ཁ་དོག་ལ་སོགས་པར་ཞེན་ནས་གཟུགས་ཀྱི་ཕུང་པོ་འགྲུབ་པར་འགྱུར་ཏེ། དེ་རྣམས་ཀྱང་སེམས་མ་དག་པའི་རྒྱུ་ལས་རྐྱེན་དུ་སྣང་བ་དུ་མ་འདུས་པའི་རྟེན་འབྲེལ་ལས་སྣང་བའི་ཕྱིར་ཕུང་པོ་ཞེས་བྱ་སྟེ་འབྲུའི་ཕུང་པོ་བཞིན་ནོ། །དེའི་ཕྱིར། བླང་དོར་བྱེད་པས་ཚོར་བ་སྐྱེ། །དེ་ལ་མཚན་འཛིན་འདུ་ཤེས་ཏེ། །འདུས་བྱས་ཡུལ་སྣང་གཞན་དུ་བརྟགས། །ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ། །ཅེས་སྨོས་པ་ཡིན་ནོ། །འདི་ནི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ལ་སྔར་བསྟན་པ་ལྟར་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དབྱེ་བ་དུ་མར་བརྗོད་དེ། དུ་མ་འདུས་པའི་དོན་དང་། རང་གི་ངོ་བོ་བྱེད་པོ་མེད་ལ་མཚན་ཉིད་འཛིན་པའི་དོན་དང་། ཤེས་པའི་སྐྱེ་སྒོ་བྱེད་ལ་བྱེད་པོ་གཞན་མེད་པའི་དོན་གྱིས་གཅིག་པུ་དང་ཟ་བ་པོ་དང་བྱེད་པ་པོར་རྟོག་པའི་ལྟ་བ་ངན་པ་སྤང་བའི་དོན་དུ་རྣམ་པར་བཞག་པར་རིག་པར་བྱའོ། །རྒྱས་པར་ནི་ཕུང་པོ་ལྔའི་རབ་ཏུ་བྱེད་པར་གསུངས་པས་འདིར་མ་སྤྲོས་པ་ཡིན་ནོ། འདི་ལྟར་འཁོར་བའི་ཆོས་ཐམས་ཅད་འཁྲུལ་པ་ཉིད་དུ་བསྟན་པ་འདི་ལ་མདོར་བསྡུས་ན་བདེན་པ་གཉིས་ཀྱི་རང་ངོ་མ་རྟོགས་པས་འཁྲུལ་པ་ཞེས་བྱ་སྟེ། རྨི་ལམ་དང་སྒྱུ་མ་མ་རྟོགས་པས་འཁྲུལ་པ་བཞིན་ནོ། །འདི་ནི་བྱང་ཆུབ་སེམས་འགྲེལ་ལས། །མ་རིག་ནས་བརྩམས་རྒ་ཤིའི་བར། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། བརྟེན་ནས་བྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལམ་གཞན་པའི་སེམས་ཅན་གང་། །ལས་འབྲས་སྤྱད་པར་འདོད་པ་མེད། །ཞེས་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་པ་ལྟར་མདོ་དང་རྒྱུད་དང་བསྟན་བཅོས་དུ་མ་ལས་གསུངས་སོ། །དེ་ལྟར་འཁྲུལ་པའི་ཚུལ་བཤད་ནས།། །།གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་ནི་གཉིས་ཏེ་རྒྱུ་དྲུག་དང་། རྐྱེན་བཞིར་བསྟན་པའོ། །དང་པོ་ནི། །ཁམས་ལྔ་རྣམ་པར་ཤེས་དང་དྲུག །རྒྱུ་ཞེས་རྟོག་པས་ཐ་སྙད་བྱས། །ཞེས་པ་ནི་ཐེག་པ་སྤྱིའི་སྐད་ལ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་དང་། རྣམ་པར་ཤེས་པའི་ཁམས་ཏེ་དྲུག་པོ་རྣམས་ནི་ཕྱི་ནང་ཐམས་ཅད་ཀྱི་རྒྱུ་ཞེས་ཐ་སྙད་དུ་བཏགས་སོ། །དེ་དག་གི་མཚན་ཉིད་ཀྱང་སྲ་ཞིང་བརྟན་པ་དང་། རླན་ཞིང་གཤེར་བ་དང་། ཚ་ཞིང་སྲེག་པ་དང་། ཡང་ཞིང་གཡོ་བ་དང་། སྟོང་ཞིང་གོ་འབྱེད་པ་ནི་རིམ་པ་ལྟར་ཁམས་ལྔ་ཡིན་ལ་རྣམ་པར་ཤེས་པ་ནི་སྔར་བརྗོད་ཟིན་ཏོ། །གཉིས་པ་རྐྱེན་ལ་བཞི་ལས། དང་པོ་རྒྱུའི་རྐྱེན་ནི། །དེའི་བག་ཆགས་ཀུན་གཞི་ལ། །བསགས་པས་རྒྱུའི་རྐྱེན་ཅེས་བྱ། །ཞེས་པ་ནི་སྔར་བསྟན་པའི་ས་བོན་ཐམས་ཅད་པ་འདི་ནི་རྒྱུའི་རྐྱེན་ཅེས་བྱ་སྟེ། དེ་མེད་ན་སེམས་ཅན་གྱི་རྒྱུ་གཞན་མ་དམིགས་པའི་ཕྱིར་རོ། །དེ་དཔེ་དང་བཅས་ཏེ་ཐེག་བསྡུས་ལས་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་སྨིག་སྒྱུ་དང་རྨི་ལམ་དང་རབ་རིབ་ལྟ་བུའི་ཕྱིར། དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པའི་ས་བོན་དུ་དེ་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་པས། ཡོད་དགོས་སོ་ཞེས་མང་དུ་གསུངས་སོ། །བདག་རྐྱེན་ནི། བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། །ཞེས་སྨོས་ཏེ། རྣམ་པར་ཤེས་པ་དྲུག་གི་བདག་པོའི་རྐྱེན་ནི་བར་དུ་སྣང་བའི་དབང་པོ་ལྔ་དང་རྣམ་པར་ཤེས་པའི་དབང་པོར་བརྗོད་དེ། འདི་ཡང་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་གཟུགས་ཅན་དང་བ་དང་། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་གམ་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་སྟེ་ཐམས་ཅད་ཀྱང་གཟུགས་ཅན་དང་བའོ་ཞེས་གསུངས་ཏེ། ཅིའི་ཕྱིར་གཟུགས་ཅན་ཞེ་ན་འབྱུང་བ་བཞིའི་རྒྱུ་ལས་བྱུང་པ་དང་། དང་བ་ནི་རྣམ་པར་ཤེས་པ་དང་འབྲེལ་བས་གསལ་བ་ལ་བརྗོད་དོ། །འདི་ཡང་ནང་གི་ས་བོན་ནམ་ནུས་པར་འབྲེལ་བ་བརྟག་པར་གསུངས་ཤིང་། ཐེག་བསྡུས་སུ་ནི་ཀུན་གཞིའི་བཟུང་བའི་ཆ་དབང་པོ་ལྔར་སྣང་བ་ལ་བཞེད་དེ་ཐམས་ཅད་ཀྱང་འགལ་པ་མེད་དོ། །ཡིད་ཀྱི་དབང་པོ་ནི་དེ་མ་ཐག་པ་ཀུན་གཞི་ལས་སྐྱེ་བ་དང་འགག་པ་ཉིད་དང་། དྲུག་པོ་འགགས་མ་ཐག་པ་ཡིད་ཀྱི་ཁམས་སུ་བཤད་པ་དང་། ཀུན་གཞིའི་ནུས་པའི་བྱེ་བྲག་ལ་སོགས་པར་བཤད་ཀྱང་། དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པའི་ནུས་པ་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་རིགས་ཏེ། ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་སྐྱེ་མཆེད་དང་དེ་གཉིས་ཡུལ་དང་ཡུལ་ཅན་དུ་རྟེན་ཅིང་འབྲེལ་བ་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་བསྟན་པ་ནི། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བའི་རིག་བྱ་སྟེ། །ཞེས་བྱ་བ་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ཆོས་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །དེ་ཡང་གཟུགས་ནི་འབྱུང་བ་ཆེན་པོ་བཞི་འམ་བཞི་དག་རྒྱུར་བྱས་པ་མིག་གི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་དང་། ཁ་དོག་དང་དབྱིབས་དང་རྣམ་པར་རིག་པའོ། །སྒྲ་ནི་རྣ་བའི་ཡུལ་ཏེ་ཟིན་པ་དང་མ་ཟིན་པ་དང་གཉིས་ཀ་སྟེ་འབྱུང་བ་ལས་བྱུང་བའོ། །དྲི་ནི་སྣའི་ཡུལ་ཏེ་དྲི་ཞིམ་པ་དང་དྲི་ང་བ་དང་དེ་ལས་གཞན་པའོ། །རོ་ནི་ལྕེའི་ཡུལ་ཏེ་རོ་དྲུག་གོ། །རེག་བྱ་ནི་ཕྱོགས་གཅིག་ལུས་ཀྱི་ཡུལ་ཏེ། འཇམ་རྩུབ་དང་ཡང་ལྕི་དང་གྲང་དྲོ་དང་བཀྲེས་སྐོམ་མོ། །ཆོས་ནི་འདུས་བྱས་བསྡུས་པ་ལས་གྱུར་བ་དང་། མངོན་པར་སྐབས་ཡོད་པ་དང་། བརྡ་ལས་བྱུང་བ་ཡང་དག་པར་བླངས་པ་དང་། དབང་འབྱོར་བ་དང་། ཀུན་བརྟགས་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །འདུས་མ་བྱས་ནི། འགོག་པ་གཉིས་དང་ནམ་མཁའ་དང་། དེ་བཞིན་ཉིད་དེ་རྣམ་གྲངས་ཕྱེ་ན་བརྒྱད་དུ་བཤད་པ་རྣམས་ཡིན་ནོ། མདོར་བསྡུས་ན་རྣམ་པར་རིག་པར་བྱ་བ་ཡིན་ནོ། །དེ་མ་ཐག་པའི་རྐྱེན་ནི། དེ་མ་ཐག་པའི་རྐྱེན་ཅེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་ཞེས་བྱ་བ་སྟེ། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི། ཚོགས་དྲུག་པོ་སོ་སོ་འགགས་པ་ཉིད་ཕྱི་མའི་དེ་མ་ཐག་པར་འདོད་ཀྱང་། འགགས་པ་རྒྱུ་ཉིད་དུ་མི་རུང་བའི་རིགས་པས་འདིར་ནི་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ་ལྟར་ཚོགས་དྲུག་པོ་འགགས་པ་ན་ཡིད་ཀྱི་ཁམས་དང་གཅིག་དུ་བཤད་པའི་རྣམ་པར་ཤེས་པས་ཀུན་གཞི་ལ་འགྱེད་ཞིང་ཡང་དེ་མ་ཐག་ཏུ་ས་བོན་ཐམས་ཅད་པ་ལས་ཆུ་ལས་རླབས་ཀྱི་རྐྱེན་བཞིན་དུ་ཀུན་གཞི་ལ་གནས་པའི་ཡིད་གཡོ་ཞིང་འབྱུང་བས་དེ་མ་ཐག་པའི་ཡིད་སྔར་བཤད་པ་ལྟར་འབྱུང་སྟེ་ཚོགས་དྲུག་གི་རྐྱེན་གཅིག་འབྱུང་ན་དེ་མ་ཐག་པ་ཡང་གཅིག་འབྱུང་གི་གཉིས་པ་མི་འབྱུང་ངོ་། །མང་པོ་འབྱུང་པའི་རྐྱེན་ཉེ་བར་གནས་ན་དེ་སྙེད་གཅིག་འབྱུང་བར་འགྱུར་རོ། །དེའི་ཕྱིར་གང་གང་འགགས་པ་ནི་ཚོགས་དྲུག་པོའི་སྔ་མ་འགགས་པའི་ཚེ། དེ་མ་ཐག་ཏུ་ཡང་ཕྱི་མའི་རྐྱེན་ཉེ་བར་སྦྱོར་བས་དེ་མ་ཐག་པ་ཡིན་ནོ། །དེས་ན་གང་གང་སྐྱེ་བ་དེ་མ་ཐག་ཅེས་བཤད་ཀྱང་འགལ་བ་མེད་དོ། །རྒྱུ་མཚན་ནི། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟར་འབྱུང་བར་འགྱུར་བ་ནི། །རྣམ་ཤེས་ལྷན་ཅིག་འམ་མ་ཡིན། །ཞེས་སུམ་ཅུ་པར་གསུངས་པ་ལྟར། རྩ་བའི་རྣམ་ཤེས་ནི་ཀུན་གཞི་ཡིན་ལ་རྣམ་ཤེས་ལྔ་པོ་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་རྐྱེན་གསུམ་དང་ལྷན་ཅིག་ཏུ་འབྱུང་བའམ། ཡང་ན་རྣམ་པར་ཤེས་པ་ཉིད་བདག་པོའི་རྐྱེན་དུ་དགོངས་པས་དེ་མ་ཐག་པས་བསྐྱེད་ནས་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་བསྐྱེད་དོ་སྙམ་དུ་མཛད་པས་ལྷན་ཅིག་མ་ཡིན་པར་སྨོས་པའོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་ཇི་ལྟར་འབྱུང་བ་ནི་ཡང་དེ་ཉིད་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གསུངས་ཏེ་གནས་སྐབས་ལྔ་པོ་དེ་ན་དྲུག་པ་ཡིད་རེ་ཞིག་ཀུན་གཞི་ལ་བསྡུས་པས་ཆོས་ལ་གཏད་པའི་རྣམ་པ་མི་གསལ་བའི་ཕྱིར་དེ་དག་གི་སྐབས་སུ་མི་འབྱུང་བར་བཤད་པ་ཡིན་ནོ། །གཞན་གནས་སྐབས་ཐམས་ཅད་དུ་འབྱུང་བར་བཞེད་པ་ཡིན་ནོ། །འདིར་དྲུག་པའི་ཡིད་དང་བཅས་ཞེས་བྱ་བ་ནི་དྲུག་པ་ཡིད་དེ་ལ་ཡང་དེ་མ་ཐག་པའི་ཡིད་ཡོད་པས་དེ་མ་ཐག་པ་ཀུན་གཞི་ལ་གནས་པའི་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་ཡིན་ནོ། །གཞན་དག་དེ་མ་ཐག་པ་དྲུག་པ་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་ཡོད་པས་ཚིག་འདི་རྣམ་པར་ཤེས་པ་དྲུག་པོ་མཚུངས་པར་དེ་མ་ཐག་པ་འབྱུང་བར་སྟོན་པ་ཡིན་ནོ། །རྣམ་པར་ཤེས་པ་དྲུག་པོ་རྣམས་འབྲས་བུར་བརྗོད་པ་ན་རྐྱེན་གསུམ་ལས་སྐྱེས་པར་འཐད་དོ། །རྣལ་འབྱོར་སྤྱོད་པ་པའི་གཞུང་གིས་རྐྱེན་བཞི་ནི་སེམས་ཀྱིས་བསྐྱེད་པའི་རྒྱུ་རྐྱེན་ཐམས་ཅད་ལ་བརྗོད་པ་ཡིན་ནོ། །དོན་དམ་པར་ན་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་འཐད་ཀྱིས་འདི་ཐམས་ཅད་རྟོག་པའི་བྱེ་བྲག་ལ་བརྗོད་པར་ཟད་དོ། །ལུང་གི་སྤྲོས་པ་དང་རིགས་པ་མང་དུ་ཡོད་མོད་ཀྱི་སྤྲོས་པ་ཆོག་གོ །དེ་ལྟར་རྒྱུ་རྐྱེན་གྱི་དབྱེ་བ་བཤད་ནས། བཞི་ལ་གནས་སྐབས་གསུམ་གྱི་དབྱེ་བ་ལ་གསུམ་ཏེ། མ་དག་པ་དང་། གཉིས་ལྡན་དང་རྣམ་པར་དག་པའོ། །དང་པོ་ནི་ཚིགས་སུ་བཅད་པ་གསུམ་སྟེ། དང་པོ་སྤྱིར་བསྟན་པ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། འཁོར་འདས་ཆོས་ཀུན་སྣང་བར་འགྱུར། ཞེས་སྨོས་ཏེ་རྒྱུ་རྐྱེན་ལ་བརྟེན་ནས་འཁོར་བར་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་དང་། དེ་རྟོགས་ཤིང་ལུགས་ལས་བཟློག་པར་རྟོགས་པས་མྱ་ངན་ལས་འདས་པ་འབྱུང་བ་སྟེ། དེ་ལས་རྒྱས་པར་བརྗོད་ན། མ་རིག་པས་འདུ་བྱེད་དང་། རྐྱེན་དེས་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། རེག་པ་དང་ཚོར་བ་སྔར་བསྟན་པ་ལྟར་འབྱུང་སྟེ་དེའི་ཕྱིར། །སྲེད་ལེན་འཚམས་སྦྱར་སྲིད་པ་གྲུབ། སྲིད་པ་དེ་ཡང་རྣམ་པ་གསུམ་ཡིན་པའི་ཕྱིར། །གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས། །རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་བྱ་སྟེ། །གཟུགས་མེད་པ་བཞི་ནི་འདོད་པ་དང་གཟུགས་ཀྱི་སྣང་བ་དང་ཐོགས་པ་བཀག་པའི་ཕྱིར་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་དང་། འདོད་པའི་འདོད་ཆགས་དང་བྲལ་ལ་བསམ་གཏན་བཞིའི་མཐུས་སྐྱེས་པའི་ཕྱིར་གཟུགས་ཁམས་ནི་འབྲིང་དང་། རྟོག་པ་ཐམས་ཅད་དང་ལྡན་པས་འདོད་པའི་ཁམས་ཏེ་དེ་ནི་མཚན་མར་འཛིན་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐམས་ཅད་ཀྱང་རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་པས་བླང་བ་དང་དོར་བའི་ཚུལ་བཞིན་མ་ཡིན་པའི་རྟོག་པས་བསྐྱེད་ནས་དགེ་མི་དགེ་ལུང་དུ་མ་བསྟན་པ་དང་གསུམ་གྱིས་འདུ་བྱས་པས་དེའི་ཕྱིར། །ཐམས་ཅད་བླང་དོར་རྟོག་པ་ཡིས། །དགེ་དང་མི་དགེ་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་རྐྱེན་ལས་ནི། །ཞེས་རྒྱུའི་ཁྱད་པར་བརྗོད་ནས་དེའི་འབྲས་བུ་ཇི་ལྟ་བུ་ཞེ་ན། །བདེ་སྡུག་སྙོམས་འཇུག་བཅས་པ་ཡི། །འབྲས་བུ་བསྐྱེད་པ་ཉོན་མོངས་ཅན། །ཞེས་སྨོས་ཏེ་དགེ་བ་བཅུའི་མཐུ་ཆུང་འབྲིང་ཆེན་པོས་བདེ་བའི་འབྲས་བུ་ཆུང་འབྲིང་ཆེན་པོ་བསྐྱེད་པ་ནི་འདོད་པའི་ཁམས་ཀྱི་བདེ་འགྲོ་དང་། མི་དགེ་བས་བསྐྱེད་པའི་སྡུག་བསྔལ་ཅན་ནི་ངན་སོང་གསུམ་དང་། སྙོམས་པར་འཇུག་པ་བསམ་བརྟན་བཞི་དང་གཟུགས་མེད་པ་བཞི་ཤེས་རབ་དང་བྲལ་བས་བསྐྱེད་པ་ནི་གཟུགས་དང་གཟུགས་མེད་པ་སྟེ། ཐམས་ཅད་ཀྱང་ཉོན་མོངས་པ་ཅན་གྱི་ཡིད་དང་མ་བྲལ་བ་ཡིན་ནོ། །དེས་ན་སེམས་ཉིད་མ་དག་གནས་སྐབས་ཡིན། །ཞེས་དྲི་མ་དང་བཅས་པ་བརྗོད་པའོ།། །།གཉིས་པ་དག་མ་དག་གཉིས་ཀའི་གནས་སྐབས་ནི། དྲི་མ་དེ་ཉིད་གློ་བུར་བར། །ཤེས་ནས་ཐབས་དང་བཅས་སྦྱོང་བ། །ལམ་པ་ཞེས་བྱར་རྒྱལ་བས་གསུངས། །ཞེས་པ་སྟེ། སྔར་བསྟན་པ་ལྟར་སྒྲིབ་པ་གློ་བུར་བར་ཤེས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་བརྟེན་པ་དང་། བསྐྱེད་རྫོགས་ཀྱི་ཐབས་ཀྱི་ཁྱད་པར་གྱིས་སྒྲིབ་པ་དེ་སྦྱོང་བ་ལ་ཞུགས་པ་ཚོགས་ཀྱི་ལམ་ནས་ས་བཅུ་རྒྱུན་མཐའི་བར་དུ་མ་དག་པ་དང་དག་པ་གཉིས་གའི་གནས་སྐབས་ལམ་པར་བརྗོད་པ་ཡིན་ནོ། །དྲི་མ་མེད་པ་ནི། །དྲི་མེད་དག་པ་སངས་རྒྱས་ཏེ། །དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་པ་སྟེ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་དྲི་མ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད་དང་མ་བྲལ་བས་སངས་རྒྱས་སུ་གསུངས་སོ། །ཧེ་བཛྭ་ལས་ཀྱང་། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་པ་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་པའི་དོན་བསྟན་པ་ཡིན་ནོ། །གཉིས་པ་ལུས་འགྲུབ་པའི་ཚུལ་བཤད་པ་ལ་གསུམ་སྟེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི་ལུས་ནི་འགྲུབ་པའི་ཚུལ་བཤད་པ། ཀུན་གཞི་སྲོག་རླུང་དང་བཅས་པ། ཁམས་གསུམ་སྐྱེ་བར་སྦྱོར་བ་ན། ཞེས་བྱ་བ་ནི་རྡོ་རྗེ་ཐེག་པའི་གཞུང་ཐམས་ཅད་ནས་གཞི་ལུས་དང་སེམས་གཉིས་སུ་གསུངས་ཀྱང་། སེམས་སྔར་བསྟན་པ་ལ་ཁྱད་པར་དུ་སྔགས་ཀྱི་ཐེག་པར་ཐབས་ཀྱི་ཁྱད་པར་བསྟན་དགོས་པས་བརྟེན་པ་སེམས་བཅིང་བ་ལ་རྟེན་ལུས་བཅིང་བ་གནད་ཆེ་བའི་ཕྱིར་ལུས་ཀྱི་གནས་ལུགས་བསྟན་པས། དེས་ན་ལུས་གྲུབ་པའི་ཚུལ་ལ་ཕྱིར་ལུས་འདི་སེམས་ཀྱི་ཆ་ལས་གྲུབ་པ་ཡིན་ཀྱང་ཇི་ལྟར་གྲུབ་པ་ཤེས་དགོས་པས། ཁམས་གསུམ་གྱི་སྐྱེ་བར་སྦྱོར་བ་ན། ཀུན་གཞི་ལུང་དུ་མ་བསྟན་པ་དེ་ཁྲིད་པར་བྱེད་པ་ནི་ཡིད་གཡོ་བ་དང་བཅས་པ་ཡིན་པས། དེ་ལ་སྔགས་ཀྱི་སྐད་དུ་སྲོག་གི་རླུང་ཞེས་བྱ་སྟེ། སྲོག་འཛིན་ལ་ཡང་ཞིང་གཡོ་བའི་མཚན་ཉིད་འཛིན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཁམས་གསུམ་གྱི་སྐྱེ་བའི་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་མིའི་ལུས་ལེན་པའི་ཚུལ་རྒྱས་བཤད་དོ། །དང་པོ་ནི་གཟུགས་མེད་པ་དང་། གཟུགས་དང་འདོད་པའི་ཁམས་གསུམ་ལས་གཟུགས་མེད་ནི། འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། །ཡུལ་དུ་བྱས་ནས་དེར་སྐྱེ་བ། །གཟུགས་མེད་ཞེས་བྱ་ཡིད་ལུས་སོ། །ཞེས་སྨོས་ཏེ་གཟུགས་མེད་པར་འཚམས་སྦྱོར་བ་ན་ཡང་འདུ་བྱེད་ནི་ལས་བསྒྲུབ་པ་དང་འཕེན་པར་བྱེད་པའི་ལས་ཡིན་པས་དེ་དང་བཅས་པའི་རྣམ་པར་ཤེས་པས་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཏིང་ངེ་འཛིན་ལ་ཡུལ་དུ་བྱས་ནས། དེ་རྫོགས་པར་བྱེད་ཅིང་ཐོབ་པ་ན་ཡང་རྣམ་པར་ཤེས་པ་དེ་ཉིད་ཀྱི་ང་རྒྱལ་ཙམ་སྟེ་སེམས་བག་ཆགས་དང་བཅས་པའི་ལུས་ཡོད་པ་ཉིད་ཡིན་ནོ། །འོ་ན་ཅིའི་ཕྱིར་གཟུགས་མེད་ཅེས་བྱ་ཞེ་ན། ཐེག་པ་ཐུན་མོང་བ་ནས་བཤད་པའི་རྡུལ་ཕྲ་རབ་འདུས་པ་དང་སྣང་བའི་གཟུགས་མེད་པའི་ཕྱིར་ཏེ་དེར་སྐྱེས་པའི་འཕགས་པ་མ་ཡིན་པ་རྣམས་ནི་ཉོན་ཡིད་དང་བཅས་པའི་ཡིད་ཀྱི་ལུས་ཡིན་ནོ། །ནམ་ཏིང་ངེ་འཛིན་དེ་ལས་ཁམས་གཞན་དུ་འཕོ་བ་ན་རྣམ་པར་རྟོག་པ་གཞན་འབྱུང་བས་འཆི་བའི་ཐ་སྙད་དུ་བརྗོད་དེ། དེ་ནི་གཟུགས་མེད་པའི་རྒ་ཤི་བཤད་པའོ། །གཟུགས་ཀྱི་ཁམས་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་ལས་ངོ་བོ་བསྟན་པའི་ཕྱིར། །བསམ་གཏན་བཞིར་བརྟེན་གང་སྐྱེ་བ། །གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། །རགས་པ་བཅོམ་པས་བརྫུས་སྐྱེས་སོ། །ཞེས་སྨོས་ཏེ་སྔར་བཞིན་དུ་ཀུན་གཞི་སྲོག་རླུང་དང་བཅས་པས་འདྲེན་པར་བྱེད་ཅིང་འཕེན་པར་བྱེད་པ་ནི་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་ཉེར་བསྡོགས་ལ་བརྟེན་ནས། དང་པོས་ནི་ཚངས་རིས་དང་འདུན་ན་འདོན་དང་ཚངས་ཆེན་དུ་སྐྱེ་ལ། གཉིས་པས་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དུ་སྐྱེ་ཞིང་། གསུམ་པས་ནི། དགེ་ཆུང་ཚད་མེད་དགེ་དགེ་རྒྱས་སུ་སྐྱེ་ལ། གཞི་པས་ནི་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེར་སྐྱེ་བའོ། །དེ་ཉིད་ཤེས་རབ་དང་འབྲེལ་བས་གཙང་མའི་གནས་གཞན་རྣམས་སུ་འགྲོ་བས་དེ་རྣམས་ནི་གཟུགས་ཀྱི་ཁམས་ཡིན་ཏེ་འདོད་པའི་ཁམས་ལས་གྱེན་དུ་བསྐྱོད་པའི་ཕྱིར་འདོད་སྲེད་རགས་པ་མངོན་དུ་རྒྱུ་བ་བཅོམ་པའི་ཕྱིར་བརྫུས་ཏེ་སྐྱེ་བ་ཀུན་རྫོགས་པའི་ལུས་གོས་དང་བཅས་པའོ། །ཡིད་ཞི་གནས་ཀྱིས་འཁྱུད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཅུང་ཟད་མི་གསལ་བ་ཡིན་ནོ། །འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་ནི། འབྲས་བུ་ཆེ་ན་གནས་པས་གནས་གཞན་ལོགས་སུ་མི་བགྲང་ངོ་། །དེ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་འཇིག་རྟེན་པའི་བསམ་གཏན་གསུམ་པ་ལས་འདུ་ཤེས་དང་ཚོར་བ་འགོག་པ་ལ་མྱ་ངན་ལས་འདས་པར་འཛིན་པའི་དབང་གིས་གྱུར་བར་གསུངས་སོ། །དེ་ལྟར་གཟུགས་དང་གཟུགས་མེད་པ་ན་སྐྱེ་བ་རྣམས་རྟེན་འབྱུང་བ་ལྔའི་ཁམས་གང་གི་དབང་གིས་སྐྱེ་ཞེ་ན། ཐམས་ཅད་ལ་སེམས་ཀྱི་ཟག་པ་ཉོན་མོངས་དང་ལུས་ཀྱི་ཟག་པ་ཡང་ཡོད་པས་དེའི་ཕྱིར་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་མཆོག་ཏུ་མི་འགྱུར་བའི་མདོར་བསྡུས་ནས། ཐིག་ལེ་འཛག་པས་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་ན་གཟུགས་ཀྱི་ཁམས་ན་ཕོ་དང་མོའི་དབང་པོ་མེད་ཅིང་། གཟུགས་མེད་པ་ན་ནི་ལུས་ཀྱང་མེད་པ་སྟེ་དེ་མི་རིགས་སོ་ཞེ་ན། དེ་རྣམས་ན་ཟག་པ་ཡོད་དེ། གཟུགས་མེད་བཞི་ནི། ཟད་པར་ནམ་མཁའི་རླུང་དང་མེ་དང་ཆུ་དང་སའི་འཛག་པ་བཞིའོ། །འོག་མིན་པ་བཞི་ནི་ཟད་པར་རླུང་གི་རླུང་དང་མེ་དང་ཆུ་དང་ས་བཞིའོ། །དེ་བཞིན་དུ་ཟད་པར་མེའི་རླུང་དང་། མེ་དང་ཆུ་དང་ས་དང་། ཟད་པར་ཆུ་ཡི་རླུང་དང་མེ་དང་ཆུ་དང་ས་དང་། ཟད་པར་སའི་རླུང་དང་མེ་དང་ཆུ་དང་ས་སྟེ་འབྲས་བུ་ཆེ་ནས་ཚངས་རིས་ཀྱི་བར་དུ་སྟེ། གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་པ་བཞི་སྟེ་གནས་གཞན་ཉི་ཤུ་རྣམས་སུ་ནམ་མཁའ་དང་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་དབྱེ་བས་དེ་དག་གི་འཛག་པར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་ཐམས་ཅད་ཀྱང་སྔར་སྨོས་པ་རྒྱུ་རྐྱེན་དང་བཅས་པས་རྒ་ཤི་དང་བཅས་པའི་ཕྱིར། ལྡན་པ་མ་རིག་སྐྱེད་དང་བཅས། དྲན་པ་ཉེར་བཞག་ཏུ་བསྟན་ཏོ། །ཞེས་བྱ་སྟེ་དྲན་པ་ཉེ་བར་བཞག་པའི་བསྟན་བཅོས་བསྡུས་པར་དེར་སྐྱེ་བའི་ཚུལ་ཞིབ་དུ་བཤད་པ་ནི་མདོ་དང་སྦྱར་བ་ཡིན་ནོ། །འདོད་པའི་ཁམས་སུ་ནི་ཁམས་ཐམས་ཅད་རྫོགས་པར་ལྡན་པའི་ཕྱིར། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། ཞེས་པ་ནས་གཞན་ཚིགས་བཅད་གཉིས་ཏེ། དེ་ཡང་འདོད་པ་དང་ལྡན་པའི་ཕྱིར་འདོད་ཁམས་ཞེས་བྱ་སྟེ། དེ་ཡང་འདོད་པའི་ལྷ་རིགས་དྲུག་དང་། མི་དང་ལྷ་མ་ཡིན་དང་། དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་སྟེ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ཀྱང་། ས་ཆུ་མེ་རླུང་ནམ་མཁའ་དང་། ཡེ་ཤེས་ཀྱི་ཁམས་ཁུ་བ་ལྟུང་བ་ཡོད་པས། ཁམས་དྲུག་ལྡན་དུ་བཤད་དེ། ཕྲ་བ་སྲིན་བུ་ཆུང་ངུ་དང་རགས་པ་ལྷ་ལ་སོགས་པ་ཐམས་ཅད་ཀྱང་། སྐྱེ་གནས་བཞི་དང་ལྡན་པ་སྟེ། བརྫུས་ཏེ་སྐྱེ་བ་དང་མངལ་དང་སྒོ་ང་དང་དྲོད་གཤེར་ལས་སྐྱེ་བ་བཞི་དང་ལྡན་པ་ཡིན་ནོ། །དེ་རྣམས་ཁམས་དྲུག་ལྡན་ཡིན་ཀྱང་བྱེ་བྲག་དུ་འཛམ་བུའི་གླིང་ཏུ་སྐྱེས་པའི་མི་རྣམས་ལ་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་སྐྱེ་བ་དང་གླིང་གསུམ་གྱི་མི་མ་གཏོགས་པ་གཞན་ལ་སོ་སོར་ཐར་པ་མི་སྐྱེ་བར་གསུངས་པའི་ངེས་པ་བསྟན་པའི་ཕྱིར། གཞན་དག་རྣམས། །ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། འབྲས་བུ་སྤྱོད་པས་རྒྱུ་དམན་ཏེ། །ཞེས་སྨོས་པ། ངན་སོང་གསུམ་ན་དགེ་བའི་སེམས་བསྐྱེད་པ་དཀོན་པ་དང་མི་དགེ་བའི་འབྲས་བུ་སྟོབས་ཅན་ལ་སྤྱོད་པ་ཡིན་ལ། ལྷ་དང་ལྷ་མ་ཡིན་དང་། བྱང་གི་གླིང་སྒྲ་མི་སྙན་གྱི་མི་རྣམས་ནི་བསོད་ནམས་ཀྱི་འབྲས་བུ་ལ་སྤྱོད་པས་གཉེན་པོ་བསྐྱེད་པའི་རྒྱུ་དམན་པའི་ཕྱིར། སངས་རྒྱས་དེར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱ་བར་མི་སྟོན་པ་དང་རྡོ་རྗེའི་ཐེག་པའི་སྐལ་བ་དམན་པར་གསུངས་སོ། །དེས་ན་གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན། མཆོག་ཡིན་ཞེས་བྱ་བ་རྡོ་རྗེ་ཐེག་པ་དང་སོ་སོར་ཐར་པ་སྤྱོད་པའི་སྐལ་བ་མཆོག་ཡིན་ནོ། །ཁྱད་པར་དུ་ཡང་། འཛམ་གླིང་ལེགས་སྐྱེས་པ། ལས་ཀྱི་ས་པར་རབ་ཏུ་གྲགས། ཞེས་བསྟན་ཏེ་འདིར་སྐྱེས་པའི་མི་རྣམས་ནི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། བདེ་འགྲོ་དང་ངན་འགྲོ་རྣམས་སུ་འགྲོ་བའི་ལས་ཐམས་ཅད་སྟོབས་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་འབྱོན་ཏོ། །འདིར་བཤད་པའི་ཚིགས་བཅད་ནི་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་བྱུང་ངོ་། །ལུང་དུ་མ་ཡོད་ཀྱང་མ་དྲངས་སོ། །དེ་ལྟར་ཁམས་གསུམ་གྱི་སྐྱེ་བའི་ཚུལ་སྤྱིར་བསྟན་ནས། བྱེ་བྲག་དུ་ལུས་གྲུབ་པའི་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྐལ་པ་དང་པོའི་ཚུལ་དང་། མངལ་ནས་སྐྱེས་པའི་ཚུལ་ལོ། །དང་པོ་ནི་ཚིགས་སུ་བཅད་པ་གཉིས་ཏེ། དང་པོར་འཇིག་རྟེན་འདི་ཐུན་མོང་བ་ལྟ་བུའི་རྣམ་རིག་ལ་ཚངས་པ་ཆེན་པོ་དང་མཐུན་པར་སྐལ་ཆུང་གཅིག་ཆགས་ནས། དེའི་འོག་དུ་བཅུད་ཆགས་པའི་ཚེ་མི་རྣམས་འདིར་བྱུང་བ་ནི། ཡུལ་འདིར་སྐྱེ་བ་གྲུབ་ཚུལ་ནི། །དང་པོ་བརྫུས་སྐྱེས་གཟུགས་ཁམས་བཞིན། ཞེས་པ་གཟུགས་ཁམས་གྱི་འོད་གསལ་གྱི་ལྷ་ལྟ་བུ་འོད་དང་ལུས་དང་ཚེ་དཔག་དུ་མེད་པ་དགའ་བའི་ཟས་དང་ལྡན་ཞིང་སྟོབས་རྫོགས་པའི་ཕྱིར་རྫོགས་ལྡན་ཞེས་བྱའོ། །དེ་ནས་རིམ་གྱིས་སྲེད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །བླང་དོར་བྱས་པས། ཞེས་བྱ་བ་ནི། གསུམ་ལྡན་དང་གཉིས་ལྡན་དང་རྩོད་ལྡན་འབྱུང་པའི་ཚུལ་ཏེ། མདོ་ལས་དེའི་ཚེ་ས་ཆེན་པོ་ལས་ས་མོ་ཞག་དྲི་དང་རོ་ཕུན་སུམ་ཚོགས་པ་ཡོད་པ་བྱུང་སྟེ་སེམས་ཅན་དེ་རྣམས་དྲི་སྣོམ་ཞིང་སོར་མོའི་རྩེ་མོས་མྱང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱངས་པ་ལྟར་སྲེད་དོ། །དེའི་རྒྱུས་ལུས་ལྕི་བར་གྱུར་ཏེ་འོད་ཉམས་སོ། །འཇིག་རྟེན་དུ་མུན་པ་བྱུང་པ་དང་ཉི་མ་དང་ཟླ་བ་འོད་གསལ་བ་འཆར་བ་དང་ནུབ་པ་དག་བྱུང་ངོ་། །དེའི་འོག་དུ་ཤི་བའི་རོ་དག་བྱུང་པས་ཚེ་ནུབ་པར་གྱུར་ཏོ། །ལུས་ཀྱི་ཁམས་རྟས་པས་ཟག་པ་དང་ཕོ་དང་མོའི་དབང་པོ་ཡང་བྱུང་སྟེ། སེམས་ཅན་ང་ནི་ཚེ་རིང་བ་དང་ཁ་དོག་བཟང་བ་ཡིན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་རྩོད་པ་དང་། འདོད་པའི་སེམས་དང་། སྡུག་བསྔལ་བ་བྱུང་སྟེ་ས་ཞག་སའི་འོག་དུ་ནུབ་པར་གྱུར་ཏོ། །དེའི་འོག་ཏུ་མྱུ་གུའི་ཚལ་དང་། དེའི་འོག་དུ་འབྲས་ས་ལུ་མ་བཏབ་པར་སྐྱེ་བ་དང་བཅས་པ་ཡང་རིམ་གྱིས་ནུབ་པས་ང་ཡིར་བྱ་བ་དང་། དེ་ལ་གཞན་དག་གིས་བླངས་པས་རྩོད་པ་དང་བཅས་པ་བྱུང་བར་གསུངས་ཏེ་དེས་ན། ལུས་ཁམས་ནི། རགས་སྣང་ཕོ་མོ་སྣང་མུན་དང་། །བདེ་སྡུག་འདོད་སྲེད་རྟས་པར་གྱུར། །ཞེས་སྨོས་པ་ཡིན་ནོ། །དེ་ནས་མངལ་ནས་སྐྱེ་བ་གྲུབ་པའི་ཚུལ་ནི་གསུམ་ཏེ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རིམ་པ་དང་བཅས་པ་དང་། མངལ་དུ་ཇི་ལྟར་འཇུག་པའི་ཚུལ་དང་། སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ནི་ཚིག་རྐང་བདུན་ཏེ། དེ་ནས་གང་གི་ཚེ་མངལ་ནས་སྐྱེ་བ་འགྲུབ་པར་གྱུར་བ་དེའི་ཚེ། རང་གི་སེམས་ཀྱི་སྣང་བ་ཡིན་ཀྱང་། གཞན་དུ་རྟོག་པའི་བག་ཆགས་ལ་བརྟེན་ནས་ཕ་མའི་རྐྱེན་ཉེ་བར་སྦྱོར་བ་དང་ཐུན་མོང་བ་ལྟ་བུར་སྣང་བའི་ཚུལ་བཤད་དགོས་པས། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་རོ་དྲུག་བཟའ་བཏུང་ལས། །བྱུང་ཞིང་འགྲུབ་པའི་རྐྱེན་བྱེད་དོ། །ཞེས་སྨོས་ཏེ་ལུས་ཀྱི་ཁམས་རུས་པ་ལ་སོགས་པ་སུམ་ཅུ་སོ་དྲུག་པོ་ཐམས་ཅད་བཟའ་བཏུང་གི་རྐྱེན་གྱིས་བསྐྱེད་ཅིང་བྱུང་བས་ནང་གི་སྲ་བ་དང་རླན་པ་དང་དྲོ་བ་དང་ཡང་བའི་འབྱུང་བཞི་རྟས་ཤིང་གྲུབ་པར་བྱེད་པར་སྣང་སྟེ་རྐྱེན་བྱེད་པ་དེ་ཡང་རོ་དྲུག་སྟེ། སྐྱུར་བ་དང་སྐ་བ་གཉིས་ནི་ཡེ་ཤེས་དང་ནམ་མཁའི་ཁམས་སོ། །ཁ་བ་ནི་རླུང་ཚ་བ་ནི་མེ། མངར་བ་ནི་ཆུ་ལན་ཚྭ་བ་ནི་སའི་ཁམས་ཏེ། ནམ་མཁའ་དང་བདེ་བའི་ཡེ་ཤེས་ཀྱི་སྦྱོར་བས་ཐམས་ཅད་ཀྱང་བསྐྱེད་པའི་ཕྱིར་ན། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བའི་ཡེ་ཤེས་ཀྱིས། །སྦྱོར་བས་བརྟན་པར་འགྲུབ་པ་ཡིན། ཞེས་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུར་འགྲུབ་པའི་རང་བཞིན་ཤེས་དགོས་པས། ཚིག་ལྔ་སྟེ། །པད་མར་ཆུད་པའི་ས་བོན་ནི། ཞེས་པ་མངལ་དུ་དཀར་དམར་གྱི་དྭངས་མ་ལ་བར་དོའི་རྣམ་པར་ཤེས་པས་བདག་དུ་བཟུང་ཞིང་འདྲེས་པ་ལ་བརྗོད་དེ་ཕ་མའི་ཁམས་རྐྱང་ནི་མ་ཡིན་ནོ། །དེ་ལ་ཁམས་བཞིའམ་ལྔར་ཇི་ལྟར་ངེས་ཞེ་ན། །འཛིན་པས་ས་ཁམས་རང་བཞིན་སྟེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་སྨོས་པ། རྣམ་པར་ཤེས་པ་འཛིན་པ་དང་། བརླན་པ་དང་། ལུས་སྨིན་པ་དང་། ཆེར་རྒྱས་ཤིང་འཕེལ་བ་དང་ནང་གི་གོ་སྐབས་སོ་སོར་འབྱེད་པ་ལས་འབྲས་བུའི་གཟུགས་རྣམས་ཀྱང་སྣང་བར་བྱེད་པར་གསུངས་པའི་ཕྱིར་བཤད་དོ། །འདི་རྣམས་རྒྱས་པར་དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས། ལུས་འདི་ལ་ནི་ཁམས་གྱི་ཚོགས་རྣམས་མ་ལུས་རོ་དྲུག་རྣམས་ཀྱི་བཟའ་བཏུང་ལས་ནི་འབྱུང་བར་འགྱུར། ཞེས་བྱ་བ་ལ་སོགས་པ་རྣམས་གསུངས་པ་བསྡུས་པ་ཡིན་ནོ། །ཁམས་འདི་རྣམས་འབྱུང་པའི་རྟེན་འབྲེལ་གྱི་རིམ་པ་ཤེས་པར་བྱ་བ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་དེ་ཉིད་བསྐྱེད་པར་བྱེད་པ་ཡང་། དཔལ་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་ལུང་འདི་ཉིད་དེ། བྷོ་ལ་ཀ་ཀོ་ལ་སྦྱོར་བ་ནི། ཕ་མ་གཉིས་ཀྱིས་ཉམས་སུ་མྱོང་བ་ན་བར་མ་དོའི་དྲི་ཟ་ཉེ་བར་འོངས་པས་རེག་པའི་བག་ཆགས་སྲ་བ་ཉིད་མྱོང་བས་སའི་ཁམས་སྐྱེ་བར་བྱེད་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་ཕ་མའི་ཁུ་བའི་རང་བཞིན། ལས་འདི་ནི་ང་ཡིའོ་སྙམ་དུ་འཛིན་པས་ཆུའི་ཁམས་འབྱུང་པའི་རྐྱེན་ཏོ། བསྐྱོད་པ་ལ་དྲོ་བའི་མེའི་ཁམས་སྐྱེ་སྟེ་དེ་ཡང་ཁྲག་གི་རང་བཞིན་དུ་འགྱུར་རོ། །གཡོ་བ་རླུང་དུ་རབ་ཏུ་གྲགས་པ་ནི་དེ་ལྟར་ཡང་བ་དང་རྐྱེན་གཡོ་བ་ཐམས་ཅད་རླུང་གི་རང་བཞིན་ཡིན་པ་དང་། བདེ་བ་ནི་ནམ་མཁའི་ཁམས་ཏེ་གོ་འབྱེད་པ་དང་ལྡན་པ་ཉིད་ཡིན་པས། ཁམས་ལྔ་པོས་རྣམ་པར་ཤེས་པ་བསྐོར་སྟེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་པ་ཡིན་ནོ། །འདི་ཡི་རྒྱས་བཤད་སྦྱང་གཞི་དང་དེ་ལྷ་གང་ཡིན་པ་དང་རང་བཞིན་དང་སྦྱར་བ་ཡང་དེ་ཉིད་ལས། བྷོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུའི་རང་བཞིན་ཉིད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་འབྱུང་འགྱུར་ཏེ། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་འགྱུར་གང་། །པད་མར་གང་ཞིག་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་བརྗོད། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་ཅིག་ཉིད་ལ། །ལྔའི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་གསུངས་པ་ཡིན་ནོ། །མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། །རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། ཞེས་པ་ནས་ཚིགས་སུ་བཅད་པ་གསུམ་ཏེ། འདི་ཡང་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་ལུང་ཡིན་པའི་ཕྱིར་བརྗོད་དོ། །ཡང་ཁ་ཅིག་མངལ་དུ་ཚུལ་ཇི་ལྟར་འཇུག་པ་མི་ཤེས་པས། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང་། །ཞེས་བྱུང་བ་སྔར་བསྟན་པའི་ཉོན་མོངས་པ་ཅན་གྱི་ཡིད་དེ་ཉིད་བག་ཆགས་དང་བཅས་པ་སྟེ། རླུང་གི་ངོ་བོ་ནི་གཡོ་བ་དང་བཅས་པ་ཡིན་ལ་དེས་གཟུགས་གཞན་རྨི་ལམ་གྱི་སྣང་བ་བཞིན་གང་དུ་སྐྱེ་བ་སྦྱོར་བའི་ཕ་མ་མཐོང་སྟེ། དེའི་ཚེ་རྒྱུ་དང་རྐྱེན་གྱི་ཁྱད་པར་གྱི་དོན་ནི་མི་ཤེས་ཀྱི་གཏི་མུག་གིས་རྒྱུད་རྨོངས་ནས་སེམས་དེར་འཇུག་པའི་ཕྱིར། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། ཞེས་གསུངས་པ་ཡིན་ནོ། །བཀུག་ནས་ཇི་ལྟར་འགྱུར་ཞེ་ན། །མངལ་དུ་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་བཟུང་བ་སྟེ། དེ་ཡང་མངལ་སྐྱེས་ཕལ་ཆེར་ནི་མངལ་དུ་འཇུག་པ་ལ་ཕྱོགས་པ་ན་ཆར་རླུང་ལ་སོགས་པའི་རྐྱེན་གྱིས་བདས་ནས་སྐྱབས་བཙལ་བའི་སྣང་བ་འབྱུང་སྟེ་ཉིང་འཚམས་སྦྱོར་རོ། །གཞན་ཡང་བར་མ་དོའི་དྲི་ཟས་ཕ་མའི་ཁུ་བ་བྱུང་བ་ལ་འདི་ནི་ང་ཡིའོ་སྙམ་དུ་སེམས་པར་འགྱུར་རོ་གང་ཕོར་སྐྱེ་བ་ནི་ཕ་ལ་སྡང་ཞིང་མ་ལ་ཆགས་ལ་མོར་སྐྱེ་ན་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་ཤེས་པས་ཉིང་འཚམས་སྦྱོར་ཏེ་མངལ་དུ་འཇུག་གོ་ཞེས་མདོ་ལས་གསུངས་པ་བཞིན་བག་ཆགས་ཀྱིས་ཀུན་གཞི་འདྲེན་ཞིང་བཟུང་ནས་མངལ་དུ་འཇུག་པར་འགྱུར་རོ། །ཞུགས་ཟིན་ནས་ཇི་ལྟར་འགྱུར་ཞེ་ན། །དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལ། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཅི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་སྨོས་ཏེ། དཀར་དམར་གྱི་དབུས་སུ་ཀུན་གཞི་ཉིད་མ་གཏོགས་པ་ཡིད་དང་རྣམ་པར་ཤེས་པ་མི་གསལ་བར་འགྱུར་ཏེ་ཆང་གིས་ར་རོ་བ་བཞིན་ནོ། །འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་ཞེས་བྱ་བར་གསུངས་ལ། རྒྱུའི་རྡོ་རྗེ་འཆང་ཟླ་བ་དང་ཉི་མ་ས་བོན་གྱི་རང་བཞིན་དུ་རྒྱུད་ཐམས་ཅད་ལས་གསུངས་སོ། །འདིར་འཕྲོས་པ་ནི། མངལ་དུ་འཇུག་པ་ལ་རིགས་བཞི་གསུངས་ཏེ། མི་དྲན་མི་ཤེས་བཞིན་དུ་འཇུག་ཅིང་གནས་ལ་སྐྱེ་བ་ནི་སེམས་ཅན་ཐ་མལ་བ་རྣམས་སོ། །དྲན་ཅིང་ཤེས་པས་མངལ་དུ་འཇུག་ལ། མི་དྲན་མི་ཤེས་པར་གནས་ཤིང་སྐྱེ་བ་ནི་འཁོར་ལོས་བསྒྱུར་བ་དང་རྒྱུན་དུ་ཞུགས་པ་དག་གོ །དྲན་ཅིང་ཤེས་པར་འཇུག་ཅིང་སྐྱེ་ལ། མི་དྲན་མི་ཤེས་པར་གནས་པ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་རང་སངས་རྒྱས་དག་གོ །ཐམས་ཅད་དུ་དྲན་བཞིན་ཤེས་བཞིན་དུ་མངལ་དུ་འཇུག་གནས་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་དག་པའི་ས་པ་རྣམས་ཡིན་ནོ། །ཞེས་མདོ་ལས་བྱུང་ངོ་། །གཞན་ཡང་དཀར་ཆ་དང་དམར་ཆ་ཀུན་གཞིའི་རྣམ་པར་ཤེས་པ་དང་གཅིག་དུ་འདྲེས་པ་དང་། ལུས་རྫོགས་པ་ནི། རྡོ་རྗེ་རྣམ་པ་བཞི་དང་ཆོ་ག་ཡན་ལག་གསུམ་དང་མངོན་པར་བྱང་ཆུབ་པ་ལྔའི་རིམ་པར། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་ཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། ཅེས་ཧེ་བཛྭ་ལས་གསུངས་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་བསྒྲུབ་པའི་ཐབས་ཀྱི་ལེའུ་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ལ་གསུམ་སྟེ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ་དང་། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་བཤད་དང་། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ཉིད་ལ་ཡང་དག་འགྲོ། །ཞེས་བྱ་བ་ནི། གང་གི་ཚེ་མངལ་དུ་ཞུགས་པ་དེའི་ཚེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་མ་ཐག་ཏུ་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་གི་རླུང་བསྐྱེད་ཅིང་འདུ་བྱེད་པར་འགྱུར་ཏེ་ལས་ཀྱི་རླུང་སྐད་ཅིག་སྐད་ཅིག་ལ་བསྐྱེད་པར་བྱེད་པས་འོ་མ་ལ་ཞོར་འགྱུར་བ་ལྟར་ནུར་ནུར་པོ་དེ་ཉིད་འདྲེས་པ་སྡུད་པར་བྱེད་རྟས་པར་བྱེད་མི་འདྲུལ་བར་བྱེད་ཅིང་བསྐྱེད་དེ་གནས་སྐབས་གཞན་དུ་བྱེད་པས་འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏེ་ཞེས་གསུངས་པའི་དོན་དང་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡིད་འདུ་བྱེད་པ་ལངས་པའི་དོན་ཡིན་ནོ། །གཉིས་པ་འཕེལ་བའི་རིམ་པ་ལ། ཚིགས་སུ་བཅད་པ་ཕྱེད་དང་བཅུ་སྟེ། དེ་ཡང་ཟླ་བའི་རིམ་པས་བརྗོད་པར་བྱའོ། །ནུར་ནུར་མེར་མེར་ལྟར་ལྟར་པོ། །གོར་གོར་པོ་སྟེ་བདུན་ཕྲག་བཞི། །ལས་རླུང་གིས་དཀྲུགས་སྡུད་པར་བྱེད། །ཅེས་བྱ་བ་ནི། མངལ་དུ་ཞག་བདུན་ཕྲག་དང་པོ་ནི་སྲོག་གི་རླུང་ངོ་། །གཉིས་པ་ལ་ཀུན་ནས་སྡུད་པ་ཞེས་བྱ་བའི་རླུང་འབྱུང་ངོ་། །གསུམ་པར་མཛོད་ཀ་ཞེས་བྱ་བ་དང་། བཞི་པར་རབ་ཏུ་འབྱེད་པ་དང་། ལྔ་པར་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ་ཁུ་ཁྲག་གི་རྡུལ་ཕྲ་རབ་ཐམས་ཅད་གཏོར་ཞིང་སྡུད་པར་བྱེད་དོ་ཞེས་གསུངས་སོ། །མཁྲང་འགྱུར་གྱི་ཞག་དང་པོ་ལ་སེམས་ཅན་དེ་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་སྲོག་རྩ་ཆགས་པར་འགྱུར་ཏེ། རྩེ་མོ་གཅིག་ནི་མ་ཡི་རྩ་དང་འབྲེལ་ཏོ། །དེའི་ཕྱིར། མཁྲང་འགྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །ཞེས་བསྟན་ཏོ། །དེ་ནས་ཟླ་བ་གཉིས་པར་སླེབ་ནས་ཞག་རེ་ལ་རྩ་གཉིས་བརྒྱ་རེ་ཆགས་པར་འགྱུར་བས་དེ་ཐམས་ཅད་ཀྱི་ཞག་དང་པོ་ལ་དབུ་མ་སྲོག་གི་རླུང་དང་བཅས་པ་དེ་ལས། །བསྐྱེད་ནས་སྙིང་དང་ལྟེ་བ་ཡི། འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཞེས་བྱ་བ་དྲི་མ་མེད་པའི་འོད་ལས། ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་ལས་བསྐྱེད་པ་བདུད་རྩི་ལྔའི་རོར་འགྱུར་རོ། །ཟླ་བ་གཅིག་ནས་སྔོན་དུ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་མྱུ་གུར་གྱུར་པའི་སྙིང་གི་དབུས་ཀྱི་གནས་སུ་རྩ་བཅུ་སྲོག་རླུང་ལ་སོགས་པའི་གཞིར་གྱུར་པ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་མོ། །ལྟེ་བར་བརྒྱད་པ་བརྒྱད་དེ་དྲུག་བཅུ་རྩ་བཞིའི་དབུགས་རྒྱུ་བར་འགྱུར་བ་ཤིན་དུ་ཕྲ་བའོ་ཞེས་གསུངས་སོ། །འདི་ནི་སེམས་ཀྱི་རྡོ་རྗེ་འཆང་ལ་ལུས་འགྲུབ་པ་ན་ཁྱབ་འཇུག་ཏུ་གསུངས་པས་དེའི་གནས་སྐབས་བཅུའི་དང་པོ་ཉ་ལྟ་བུ་ཞེས་གསུངས་ཏེ་འཕེལ་བར་བྱེད་པ་ནི་མའི་རོ་མའི་རྩ་དང་འབྲེལ་པས་ལྟེ་བ་ནས་རླུང་དང་ཁྲག་གི་ནུས་པས་བསྐྱེད་པའི་ཕྱིར། ཉའི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མའི་རྩར་འབྲེལ་བས། །རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། །ཞེས་བརྗོད་པ་ཡིན་ནོ། །དེ་ནས་ཟླ་བ་གཉིས་པ་ནས། །ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །ཞེས་བྱ་བ་སྔར་བསྟན་པའི་དང་པོའི་རྩ་མ་གཏོགས་པ་དེ་ཕྱིན་ཆད་རྩ་འཕེལ་བའི་དུས་ཟླ་བ་བཅུ་གཉིས་སོ། །དེ་ནས་སྲོག་གི་རླུང་ལས་ཡེ་ཤེས་དང་སའི་རང་བཞིན་འོག་ཏུ་འཕྲོ་བའི་ཕྱིར། །སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །ཞེས་བསྟན་ཏེ་གསང་བའི་འཁོར་ལོའི་རྩ་རྣམས་གྲུབ་པ་ཡིན་ནོ་འདི་ཡང་དྲི་མ་མེད་པའི་འོད་ལས། རྒྱུད་ལས་མ་གསུངས་ཀྱང་ཁྱིམ་བཅུ་གཉིས་ཀྱི་དབང་གིས་རྩ་དྲུག་ཅུ་རྩ་བཞི་བཞིར་གྱུར་པའི་རྩ་བཅུ་གཉིས་སུ་འགྱུར་ཏེ་དེ་བཞིན་དུ་ཤིན་ཏུ་ཕྲ་བའོ། །དེ་ལྟར་ལྟེ་བའི་ཐམས་ཅད་ཀྱིས་ལག་པ་དང་རྐང་པ་གདོང་གི་གནས་མེད་པའི་ཕྱིར་སྟེང་དང་འོག་དུ་སྦྲུལ་གྱི་རྣམ་པ་སྟེ་རྐང་ལག་དང་ཁའི་གནས་རྣམས་སུའོ། །སྦྲུལ་གྱི་རྣམ་པ་ནུབ་ནས་ཟླ་བ་གསུམ་པ་ལ་གདོང་པ་དང་རྐང་ལག་གི་གནས་སུ་འབུར་པོ་ལྔར་འགྱུར་རོ། །ཞེས་གསུངས་ཏེ་འཁོར་ལོ་དྲུག་དང་ཡན་ལག་གི་འཁོར་ལོའི་རྩ་བ་རྣམས་སུ་ངེས་སོ། །ཐུར་སེལ་དང་གྱེན་རྒྱུ་གཉིས་པོས་ལུས་སྟོད་སྨད་འགྲུབ་པར་བྱེད་པའི་ཕྱིར། རུ་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི། །རླུང་གིས་སྟོད་རྣམས་བསྒྲུབ་པར་བྱེད། །ཅེས་རྒྱུད་རྡོ་རྗེ་ཕྲེང་བའི་གཞུང་འདིར་དྲངས་པ་ཡིན་ཀྱང་གོ་རིམ་ནི་དུས་འཁོར་དུ་གསུངས་པ་བཞིན་དུ་ཡིན་ཏེ། རླུང་གསུམ་པོས་སྦྲུལ་ལྟ་བུ་རྫོགས་པ་ཡིན་གྱི་རུས་སྦལ་གྱི་གནས་སྐབས་དེའི་འོག་ཏུ་འབྱུང་བར་ངེས་སོ་དེའི་ཕྱིར། །བཞི་པར་ཁྱབ་བྱེད་རླུང་གིས་ནི། ཡན་ལག་རྩ་རྣམས་སྣང་བར་བྱེད། །ཞེས་པ་འདི་དང་སྦྱར་བར་བྱའོ། །འདི་ཡང་རྐང་ལག་དང་མགྲིན་པ་མཉམ་པར་གྱུར་པས་རུས་སྦལ་ལོ། །གཞན་ལག་པ་དང་རྐང་པ་དང་གདོང་གི་ཕྱོགས་གྱི་རྩ་ཕྲ་མོ་རྣམས་དང་། རྐང་ལག་གི་ཚིགས་དྲུག་དང་འགོ་དང་མགྲིན་པར་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་ཟླ་བ་བཞི་པ་རྫོགས་ནས་འགྱུར་ཏེ་རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པར་ཕག་པའི་དངོས་པོར་ཤ་དང་རུས་པ་བསྟེན་ཏོ། །རུས་པའི་ཚིགས་སུམ་བརྒྱ་དྲུག་བཅུའོ་ཞེས་གསུངས་སོ། །འདིར་ཡང་། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། ནང་གི་གནས་གཞན་བསྒྲུབ་པར་བྱེད། །ཅེས་ནང་གི་ཤ་དང་རུས་པའི་གཞིར་གྱུར་པ་བསྒྲུབ་པའི་དོན་ཡིན་ནོ། །འདི་དང་ཟླ་བ་དྲུག་པའི་སྐབས་ནས་ཚོར་བའི་སྡུག་བསྔལ་ཤེས་པའི་ཕྱིར། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་འགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་ཅུ་ཆགས་པར་གྱུར། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཕུང་པོ་ལྔ་རྫོགས་ནས། །ཞེས་པ་ནི་རྣམ་པར་ཤེས་པ་དང་འདུ་བྱེད་དང་གཉིས་ནི་ཟླ་བ་གསུམ་ཕན་ཆད་དོ། །བཞི་པ་དང་ལྔ་པར་འདུ་ཤེས་དང་ཚོར་བ་དང་དེ་ནས་གཟུགས་ཀྱི་ཕུང་པོ་ཟླ་བ་དྲུག་པར་འགྲོ་བ་ན་རྫོགས་པས་ཕུང་པོ་ལྔ་དང་ཁམས་ལྔའི་ལྷ་རྫོགས་པའི་དོན་ཡིན་ལ་རྩ་བའི་རླུང་ལྔའི་སྟོབས་བསྐྱེད་པས་གྲུབ་པ་ཡིན་ནོ། །དེ་ནས་ཡན་ལག་གི་རླུང་དང་དབང་པོ་རྣམས་འབྱུང་བའི་ཁམས་ཀྱི་ཆ་རྣམ་པར་བསྐྱེད་པ་བསྟན་བའི་ཕྱིར། ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གི་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་བསྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཞེས་སྨོས་པ་ནི། ཀླུའི་རླུང་དེ་ནི་ཡེ་ཤེས་ཀྱི་ཆ་ཡིན་པས་མིག་གཉིས་གཏི་མུག་རྡོ་རྗེ་སའི་ཁམས་སུ་བསྟན་པ་ཡིན་ནོ། །རུས་སྦལ་གྱི་རླུང་གི་རླུང་ཡིན་པས་རྣ་བའི་བུག་པ་ཆུའི་ཁམས་ཞེ་སྡང་རྡོ་རྗེའི་རང་བཞིན་ནོ། །རྩངས་པ་ནི་མེའི་རླུང་ཡིན་པས་རླུང་གི་ཁམས་སྣ་བུག་སེར་སྣ་རྡོ་རྗེའི་ངོ་བོ་ཉིད་ཡིན་ནོ། །ལྷ་སྦྱིན་ནི་ཆུའི་ཁམས་ཏེ་ལྕེ་མེའི་རང་བཞིན་བསྐྱེད་པས་འདོད་ཆགས་རྡོ་རྗེའི་ངོ་བོའོ། །ནོར་ལས་རྒྱལ་ནི་སའི་རང་བཞིན་ཡིན་པས་ལུས་ཀྱི་དབང་པོའི་རེག་བྱ་རླུང་གི་ཁམས་བསྐྱེད་དེ་ཕྲག་དོག་རྡོ་རྗེའི་ངོ་བོ་ཡིན་ནོ། །འདི་རྣམས་ཀྱི་ཡུལ་འཛིན་པ་ཡང་། །མིག་གིས་ཆུ་ལས་སྐྱེས་པའི་གཟུགས་འཛིན་ཏོ། །རྣ་བས་ནམ་མཁའ་ལས་སྐྱེས་པའི་སྒྲ་འཛིན་ཏོ། །སྣས་ས་ལས་སྐྱེས་པའི་དྲི་འཛིན་ཏོ། །ལྕེས་མེ་ལས་སྐྱེས་པའི་རོ་འཛིན་ཏོ། །ལུས་ཀྱིས་རླུང་ལས་སྐྱེས་པའི་རེག་བྱ་འཛིན་ཏེ་ལུས་དང་བསམ་པའི་ཐབས་དང་ཤེས་རབ་ཡིན་ནོ། །དེའི་ཕྱིར་རླུང་ལྔ་དང་དབང་པོ་ལྔ་དང་ཡུལ་ལྔ་པོའི་ཁམས་གང་ཡིན་པ་རྟེན་ཅིང་འབྲེལ་བ་རྟོགས་པར་འགྱུར་རོ། །རླུང་བཅུ་པོ་ཟླ་བ་རེ་རེར་ནུས་པ་འཕེལ་བ་ལ་བསྐྱེད་པའི་མིང་དུ་བཤད་པ་འདིས། ནུས་པ་སྡུད་པ་ཡང་བཟློག་ནས་སྐྱེས་བུ་ཚེ་ལོ་བརྒྱའི་དབང་དུ་བྱས་ཏེ་ལོ་བཅུ་བཅུར། རྡོ་རྗེ་འཕྲེང་བའི་རྒྱུད་ལས་བྱུང་བ་འོག་ནས་སྟོན་ཏོ། །དོན་སྣོད་དང་རྩ་ཁམས་གྲུབ་ཚུལ་འོག་ན་ཡོད་པས་འདིར་རགས་པ་བསྟན་པ་ཡིན་ནོ། །དེ་ལྟར་འཕེལ་བ་བཤད་ནས། ད་ནི་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ནི། །དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ཏེ། ཞག་རེ་ལ་རྩ་གཉིས་བརྒྱ་རེ་ཆགས་པ་བསྡོམས་པས་ཟླ་རེ་ལ་རྩ་དྲུག་སྟོང་དུ་འགྱུར་ཏེ་མངལ་དུ་ཟླ་དགུ་འཕེལ་བའི་དབང་དུ་བྱས་པས། སྟོང་ཕྲག་ལྔ་བཅུ་རྩ་བཞི་ཡིན་ལ། སྐྱེས་ནས་ཀྱང་ཟླ་བ་གསུམ་གྱི་བར་ཆགས་ཏེ་དེ་ལྟར་ཟླ་བ་བཅུ་གཉིས་ལ་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་སུ་བཤད་པ་ནི་རགས་པའི་རིམ་པའོ། །ཟླ་བ་བརྒྱད་ཀྱི་བར་དུ་ལྕེ་མ་བསྐྱེད་པས་མ་ཡི་རྩས་བསྐྱེད་ཅིང་དགུ་པ་ནས་ནི་མི་གཙང་བ་ཟ་སྟེ་བཀྲེས་སྐོམ་གྱི་ཚོར་བས་སྡུག་བསྔལ་ལོ། །དེ་ནས་ནང་གི་སྙིགས་མ་དྲི་ཆུ་ལ་སོགས་པ་ཡང་འབྱུང་ངོ་། །འདི་ཕན་ཆད་དུ་ནི་སྣང་བ་གཞན་འབྱུང་གི་དེ་ནས་མི་སྡུག་པ་དང་སྡུག་བསྔལ་བའི་འདུ་ཤེས་འབྱུང་བས་སྐྱེ་བར་འདོད་པ་སྟེ། དེ་ཡི་ཚེ་འབྱིན་པའི་རླུང་གིས་བསྒྱུར་ཏེ་སྐྱེ་བར་འགྱུར་རོ། །འདི་ལས་ཞིབ་ཏུ་བདུན་ཕྲག་གསུམ་བཅུ་སོ་བརྒྱད་དུ་རླུང་འབྱུང་བ་དང་འགྲུབ་པར་བྱེད་པའི་རིམ་པ་ཡང་། །བདུན་ཕྲག་ལྔ་ནི་གོང་དུ་བསྟན་ཏོ། བདུན་ཕྲག་དྲུག་པར་ཡན་ལག་གི་རྩ་བའི་རྩ་བསྒྲུབ་པར་བྱེད་པའི་རླུང་ནི་ཟས་རླུང་ངོ་། །བདུན་པར་འཁྱིལ་པ་དང་། ཉིང་ལག་གི་རྩ་བྱེད་པ་ནི་བརྒྱད་པར་བཟློག་ཅིང་བསྒྱུར་བ་ཞེས་བྱའོ། །དགུ་པ་དབང་པོའི་སྒོ་བསྒྲུབ་པའི་རླུང་ནི་རྣམ་འབྱེད་དོ། །བདུན་ཕྲག་བཅུ་པར་ནི་ཀུན་ནས་སྒོ་དང་སྲ་བ་ཞེས་བྱ་བ་གཉིས་འབྱུང་ངོ་། །བཅུ་གཅིག་པར་བུ་ག་འབིགས་པར་བྱེད་པ་རྡོ་རྗེའི་རླུང་ངོ་། །བཅུ་གཉིས་པར་ཡོན་པོའི་སྒོའོ། །བཅུ་གསུམ་པར་བཀྲེས་སྐོམ་རླུང་ཞེས་བྱའོ། །བཅུ་བཞི་པར་སྐུད་པའི་སྒོ་ཞེས་བྱ་བས་རྩ་རྒྱུས་འཕེལ་བར་བྱེད་དོ། །བཅོ་ལྔ་པར་པད་མ་དང་། བཅུ་དྲུག་པར་བདུད་རྩི་དང་། བཅུ་བདུན་པར་འབྲི་གཏོང་དང་། བཅོ་བརྒྱད་པར་བརྟན་འགྱུར་དང་། བཅུ་དགུ་པར་ཤིན་ཏུ་སྲ་བ་དང་དེ་ནི་རུས་པ་བྱེད་པའི་རླུང་ངོ་། །ཉི་ཤུ་བར་ཤ་བསྐྱེད་པའི་རླུང་ངོ་། །ཉེར་ཅིག་པར་ཀུན་ཏུ་རྒྱལ་བའི་རླུང་གིས་ཁྲག་བསྐྱེད་དོ། །ཉེར་གཉིས་པར་ཡོངས་འཛིན་གྱི་རླུང་གིས་པགས་པ་བསྐྱེད་དོ། །ཉེར་གསུམ་པར་སྤྲིན་འཛིན་གྱིས་མདོག་བཟང་ངན་བསྒྲུབ་བོ། །ཉེར་བཞི་པར་རླུང་གྲོང་ཁྱེར་འཛིན་གྱི་དང་བར་བྱེད་དོ། །ཉེར་ལྔ་པར་སྔོན་གྲུབ་གྱི་རླུང་གིས་སྐྲ་དང་སྤུའི་རྩ་བ་བསྐྱེད་དོ། །ཉེར་དྲུག་པར་སྨན་ཡོན་ཆེན་པོའི་རླུང་གིས་དབང་པོ་སྦྱོང་ངོ་། །དེ་ནས་ཉེར་དགུའི་བར་གསུམ་ནི་ཕྱིན་ཅི་ལོག་དང་མེ་ཏོག་ཕྲེང་དང་ལྕགས་ཀྱི་སྒོ་ཞེས་བྱ་སྟེ་པགས་པ་དང་སེན་མོ་བྱེད་དོ། །དེ་ཕྱིན་ཆད་ནི་འཕེལ་བར་བྱེད་པ་དང་། སྐྱེ་བར་བྱེད་པ་ནི་ལས་རླུང་ཐོགས་པའི་རྐྱེན་ཅེས་བྱ་བ་སྟེ། སྐྱེས་ནས་ཞག་བདུན་ན་སྲིན་བུའི་རིགས་བརྒྱད་ཁྲི་ཡང་འགྲུབ་པར་གསུངས་ཏེ་འདི་ལྟར་རྒྱས་པར་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །སྨན་གྱི་བསྟན་བཅོས་རྣམས་ལས་ཀྱང་བྱུང་མོད་ཀྱི་མ་སྨོས་སོ། །གང་གི་ཚེ་མངལ་དུ་རྫོགས་པ་དེ་ནི་མི་ཡི་སེང་གེའི་གནས་སྐབས་ཡིན་ནོ། །འདིར་མངལ་ན་གནས་པའི་སྡུག་བསྔལ་ནི་བུམ་པའི་ནང་དུ་བཙོས་པ་དང་འདྲ་ལ། སྐྱེ་བའི་ཚེ་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། །ཐང་ལ་ལྷུང་པ་ན་ལྤགས་པ་བཤུས་པ་བཞིན་ནོ། །ཟས་སུ་བཤང་བ་ཟ་བ་ནི་ཕག་པ་བཞིན་ནོ། །ཞེས་མང་དུ་གསུངས་སོ། །དེ་ལྟར་རྒྱས་པར་བཤད་ནས། འཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཞེས་བྱ་བ་སྟེ་འདིར་སྔགས་ཀྱི་ཐེག་པ་ནས་སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུར་གསུང་པའི་དོན་ཕུང་པོ་ཁམས་སྐྱེ་མཆེད་རིམ་གྱིས་རྫོགས་པའི་ཚེ་མཆོག་གི་སྤྲུལ་པ་དྲི་མ་དང་བཅས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡིན་ནོ། །དྲི་མ་མེད་པར་སྦྱངས་པ་ན་བྷ་ག་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཟླ་བ་བཅུ་ནི་ས་བཅུ་རང་བཞིན་གྱིས་རྟོགས་པར་རྫོགས་པ་ནི་ཡེ་ཤེས། མ་ནི་མཁན་པོ། ཁྲུ་མ་ནི་ཆོས་གོས། ངག་གི་སྔགས་ནི་ཨ་ཧྃ། དེའི་ལུས་སྦྱོང་བ་ལ་སོགས་པ་ནི་དབང་བསྐུར་བར་བྱེད་པ་འོད་ཟེར་ཆེན་པོའི་ཚུལ། དེ་ནས་གནས་སྐབས་བཞི་རྫོགས་པ་ནི་སྐུ་བཞིའི་སངས་རྒྱས་སུ་བཞུགས་ཀྱང་མ་རྟོགས་པས་འཁོར་བའི་ལུས་སུ་གྱུར་ཏོ་ཞེས་ཧེ་བཛྭ་ལས། མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧྃ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ནི་རྣམ་པ་ཧྃ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པའི་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་པ་དང་། རྡོ་རྗེ་ཕྲེང་བར་ཡང་། བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། །ཅེས་བྱ་བ་ལ་སོགས་པ་འདི་ཡི་རྒྱས་པར་བཤད་པ་དང་། སྦྱང་གཞི་ལ་སྦྱོང་བྱེད་འབྲས་བུའི་རིམ་པ་དུས་ཀྱི་འཁོར་ལོའི་དབང་གི་ལེའུ་འགྲེལ་པ་དང་བཅས་པས་རྒྱས་པར་གསུངས་སོ། །འདི་ལྟར་སེམས་དྲི་མ་དང་བཅས་པའི་གཟུགས་སྐུ་བཤད་པས། དྲི་མ་མེད་ཙམ་ན་མཆོག་གི་སྤྲུལ་པ་འཕྲོ་བར་གོ་བར་འགྱུར་ཏེ། དེས་ན་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་དུ་བདེ་གཤེགས་སྙིང་པོ་ཅན། །ཞེས་བཤད་པའི་དོན་དང་ཡང་མཐུན་པར་འགྱུར་རོ། །དེ་ལྟར་ལུས་འགྲུབ་པའི་རིམས་པ་བསྟན་ཟིན་ཏོ། གསུམ་པ། ལུས་དེ་ཡང་རྩ་ཇི་ལྟ་བུ་དང་ལྡན་པ་མ་ཤེས་ན་རླུང་དང་ཐིག་ལེའི་གནས་མི་ཤེས་པས་ཐབས་དང་ཤེས་རབ་ཀྱི་རྒྱུད་རྣམས་སུ་གསུངས་པའི་རྩ་རྣམས་བཤད་པར་བྱའོ། །འདི་ལ་ཡང་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་རྐྱང་གཙོ་མོ་དང་། །འཁོར་ལོ་ནད་བསྐྱེད་རྩར་བཅས་དང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །དེ་ལས་ཕྲ་བའང་བཤད་པར་བྱ། །ཞེས་སྨོས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་དྲུག དབུ་མ་དང་། རོ་རྐྱང་གཉིས་དང་། རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་སུམ་བཅུ་སོ་བདུན་གྱི་ངེས་པ་དང་། འཁོར་ལོ་བཞི་དང་དྲུག་དང་བཅོ་བརྒྱད་ཀྱི་རྒྱས་བཤད་དང་། ནད་བསྐྱེད་པ་དང་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྒྱས་བཤད་དང་། ཕྲ་མོ་དང་ཁམས་གང་གིས་བསྐྱེད་པ་བསྟན་པའོ། །དང་པོ་ནི་ངོ་བོ་བཤད་ཅིང་ལུང་དང་སྦྱར་བ་གཉིས་ལས། ཚིག་བཅད་ཕྱེད་དང་དྲུག་སྟེ། ཐོག་མ་ལུས་བསྐྱེད་པའི་གཞིར་གྱུར་པ་དབུ་མ་སྟེ་འདི་ལ་ཡང་གཞན་དག་བསྒོམ་པའི་དབུ་མ་དང་། གནས་པའི་དབུ་མ་གཉིས་ལ་གནས་པ་ནི་ཤི་བའི་ཚེ་ཡལ་ནས་འགྲོ་བར་འདོད་པ་དང་གཞུངས་པར་འདོད་པ་དང་གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་དོན་ལ་མེད་པར་འདོད་པ་ཡོད་ཀྱང་འདིར་ནི་རྒྱུད་འགྲེལ་དཔང་པོར་བྱས་ནས་བཤད་དེ། སྔར་ལུས་འགྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་སྟེ། འཁོར་ལོ་དྲུག་པོའི་བར་བར་དུ་རང་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་དེ་གསང་བ་ནས་སྤྱི་ག ཙུག་གི་བར་ལ་འབྲེལ་བ་ཡར་སྣ་ནི་ཧྃ་གི་རང་བཞིན་གྱི་དཀར་ཆ་ཕ་ལས་ཐོབ་པའི་ཐིག་ལེ་ཡུངས་དཀར་ཙམ་གྱིས་བཀག་ལ། ལྟེ་བའི་འོག་ན་མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཁྲག་གི་རང་བཞིན་སྟེ། ཨ་ཐུང་དུ་བརྗོད་པ་ཡིན་ནོ། །འདི་ཡི་བར་ནི་ད་ལྟ་གནས་པའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སང་ངེ་བ་སྟེ་ནམ་མཁའ་དང་འདྲ་བར་ཡོད་པས་དུས་ཀྱི་འཁོར་ལོ་ནས་འདི་ལ་སྟེང་སྒྲ་གཅན་འོག་དུས་ཀྱི་མེ་ཞེས་འགོ་འཇུག་ཏུ་བཤད་པ་དང་ལུས་ཀྱི་བར་གྱི་སྲོག་རླུང་དུ་གསུངས་ཏེ། དོན་ལ་རླུང་ཐམས་ཅད་ཀྱི་རྩ་བ་དེར་བརྟེན་པས་ལུས་ཅན་གནས་པར་བྱེད་པའོ། །འོ་ན་ཧེ་བཛྭ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དྷར་མ་རབ་གྲགས། །ཞེས་དཀར་ཆ་འབབ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། །ལྟེ་འོག་མན་ཆད་དུང་ཅན་ཞེས། །དཀར་ཆ་འབབ་བར་བྱེད་པ་ཡིན། །ཞེས་བསྟན་ཏེ་རྩ་གཞན་ཐམས་ཅད་ཀྱི་དྭངས་མ་རྩ་གསུམ་འདུས་མདོ་ནས་གཅིག་ཏུ་དུང་ཅན་མའི་མར་སྣ་རུ་འདུས་ཏེ་འབབ་པས་བདེ་བ་བསྐྱེད་པར་བྱེད་པའོ། །འདི་ནི་སྡོམ་འབྱུང་དང་ཁ་སྦྱོར་ཐིག་ལེ་དང་ནག་པོ་པའི་རྫོགས་རིམས་རྣམས་ནས་ལུང་འདི་གསུངས་ཏེ། སྙིང་ཁའི་ཆུས་སྐྱེས་དབུས་སོན་པ་ནི་དང་པོ་བསྐྱེད་པའི་ཚེ་སྙིང་གི་དབུས་སུ་ཟུག་པའོ། །དེ་ཡང་ཡར་མར་དུ་གྱེས་པ་ཡིན་ནོ། །ཆུ་ཤིང་སྙི་མའི་མེ་ཏོག་ལྟར་སྟོང་བ་ནི་ཁུ་ཁྲག་མི་རྒྱུ་བའོ། །འཕྱང་ཞིང་ཁ་ནི་འོག་ཏུ་བལྟས་ཞེས་བྱ་བ་ནི་ཧཾ་དཀར་ཆ་དེ་འཕྱང་བ་ནི་ཡར་སྣ་ནས་ཁ་འོག་ཏུ་ལྟ་ཞིང་། ཏིལ་གྱི་མར་མེ་ལྟར་གསལ་བ་ཞེས་འགྱུར་ཁ་ཅིག་ལ་ཡོད་པ་འདིར་མར་སྣ་མར་མེ་ལྟ་བུས་བརྒྱན་པ་སྟེ་ཁྲག་གི་ཨ་ཐུང་གིས་བཀག་པའོ། །དེ་འོག་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པ་སྟེ། འདི་ལ། །ཨ་བ་དྷཱུ་ཏིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །ཞེས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བ་སྟེ་མདོར་ན་ལུས་ཅན་སྲོག་རྩ་ཡིན་པས་འདི་གོ་བར་བྱའོ། །གསང་སྔགས་རྙིང་མའི་གཞུང་ལས་སྙིང་ཁ་ན་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་གསུངས་པ་ཡང་འདི་ཁོ་ན་སྟེ། ཤའི་དྭངས་མ་ནི་རྩ་དབུ་མའོ། །ཁྲག་གི་དྭངས་མ་ཨ་ཐུང་ཡིན་ལ་རུས་པའི་དངས་མ་ནི་ཧྃ་ཡིན་ནོ། །རླུང་གི་དྭངས་མ་ནི་སྲོག་རླུང་ངོ་། །དྭངས་མའི་དངས་མ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྗོད་པ་འཐད་ཀྱི། འདོད་པ་ལ་ལ་ན་སྙིང་ཁ་ན་དྭངས་མ་ལྔ་འདུས་སྲན་མ་ཙམ་འདོད་པ་དེ་ནི་མ་ཡིན་ཏེ་གྲངས་ཅན་པ་ཡང་བདག་སྲན་མ་ཙམ་ཡོད་ཅེས་འདོད་པ་སངས་རྒྱས་ཀྱིས་བཀག་པའི་ཕྱིར་རོ། །འོ་ན་གཞུང་ཁ་ཅིག་ནས་སྐྱེ་བདུན་བསྒྲུབ་པའི་སྐབས་ན། དེའི་སྙིང་ཁའི་རོ་ཙ་ན་ཞེས་བྱུང་བ་གང་ཡིན་སྙམ་དུ་རྟོག་ན་དྭངས་མ་གཉིས་སྙིང་ཁར་ཚོགས་པ་དེ་རོ་བཅུད་ཆེན་པོ་ཡིན་པས་དེ་ལས་བརྗོད་པ་ཡིན་ནོ། །འདི་ལ་མིང་གི་རྣམ་གྲངས་ནི་ཨ་བ་དྷུ་ཏི་དང་། སུ་སུ་མ་མ་དང་། ཀུན་དྷར་མ་དང་། ཕྲ་མོའི་གཟུགས་དང་། མར་སྣ་ལ་དུང་ཅན་མ་དང་། ཡར་སྣ་ལ་སྒྲ་ཅན་གྱི་རྩ་དང་། སྲོག་རྩ་དང་། ནང་གི་ཤིང་གཅིག་དང་། སྲོག་ཤིང་སྐུད་པ་དང་། ལམ་པོ་ཆེ་དང་རྩ་དབུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཉིས་པ་རོ་རྐྱང་དང་བཅས་པ་བཤད་པ་ནི། བཤད་པ་དངོས་དང་ལུང་བཤད་པ་གཉིས་ལས། དང་པོ་ནི་ཚིག་བཅད་ཕྱེད་དང་བདུན་སྟེ། །གཡས་གཡོན་རོ་རྐྱང་གཉིས་པོ་ནི། དང་པོ་ལྟེ་བ་ནས་རྩ་གསུམ་འདུས་མདོ་ནས་གྱེས་ནས་མཁལ་མའི་རྩ་ཆེན་པོ་འབྲེལ་སྟེ་སྙིང་ཁའི་རྩ་གཡས་ནི་ཁྱབ་བྱེད་རྒྱུ་བའི་སར་འབྲེལ་གཡོན་ལྷ་སྦྱིན་གྱི་རྩ་ལ་འབྲེལ་བས་མཆན་འོག་གི་རྩ་ཆེན་པོ་སྙིང་རྩ་དངུལ་འདུ་ཞེས་བྱ་བ་ཡིན་ལ་ཡང་མགྲིན་པའི་གནས་སུ་འདུས་ནས་རྩེ་ཆུང་ངུ་རུ་གྱུར་ཏེ་རྣ་བའི་འོག་ནས་ཕུག་ནས་ལྗོན་ཤིང་གི་རྩ་ཞེས་གླད་པ་ལ་སོང་སྟེ་ཚངས་བུག་གི་རྩ་ལ་འབྲེལ་ཅིང་དབང་པོའི་སྒོ་ཐམས་ཅད་དུ་ཡང་འབྲེལ་ཏོ། །བྱེ་བྲག་དུ་སྣ་བུག་གཉིས་སུ་ཡར་སྣ་འབྱུང་ཞེས་བརྗོད་དོ། །འོག་ཏུ་ནི། རྩ་གསུམ་འདུས་ས་ནས་གྱེས་ཏེ། ཁྲག་དང་དྲི་ཆེན་གྱི་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མས་བྱེད་ལ། གཡོན་ནས་རྐྱང་མས་དྲི་ཆུའི་འབྱིན་སྡོམ་བྱེད་པར་ཧེ་བཛྭ་ལས་བཤད་དེ། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དྷར་མ་རབ་གྲགས། །ཞེས་གསུངས་པས་ཡང་ཁ་གཅིག་གིས་མ་རྟོག་དོགས་ནས་རྡོ་རྗེ་སྙིང་པོས་སྟེང་དུ་ནི་རླུང་གསུམ་འབབ་པར་རྒྱས་པར་གསུངས་སོ། །ཁྱད་པར་དུ་ལྟེ་བའི་གནས་དེར་རོ་རྐྱང་ལས་རྩ་བཞི་གྱེས་དེ་ལ་གསུམ་གསུམ་དུ་སྟེ་བཅུ་གཉིས་དེ་ལ་ལྔ་ལྔར་གྱེས་པས་དྲུག་ཅུ་སྟེ་དྲུག་ཅུ་རྩ་བཞིའམ་བདུན་ཅུ་རྩ་གཉིས་སུ་གསུངས་པ་རླུང་ཐམས་ཅད་ཕྱིར་ལུས་ཐམས་ཅད་དུ་གསོ་བསྐྱེད་བྱེད་ལ་ནང་དུ་དབུ་མ་ལ་སྲོག་རླུང་གསོ་བསྐྱེད་བྱེད་པ་ཡིན་ནོ། །འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་བྱུང་པའི་ལུང་བཤད་པ་ནི། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །གྱེན་ནས་ཅི་རྒྱུ་ཞེ་ན། སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །ཞེས་རྐྱང་མ་ཆུའི་རང་བཞིན་ཟླ་བའི་རླུང་དག་རོ་མ་མེའི་རང་བཞིན་ཉི་མའི་རླུང་དང་དབུ་མ་ནམ་མཁའི་རང་བཞིན་སྲོག་གི་རླུང་རྒྱུ་ཞིང་འོག་ནས་རྩེ་མོ་གསུམ་ནི། །གཡས་གཡོན་དབུ་མའི་མར་སྣ་ནས། བཤང་བ་གཅི་བ་ཁུ་བ་རྒྱུ་ཞེས་དེ་རྣམས་ཀྱི་ལས་བྱེད་ལ་གསུམ་པོ་འདུས་ཤིང་གྱེས་པ་ལྟ་བུར་ལུས་ལ་ཡོད་པས། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་གསུངས་པ་འདིར་བརྗོད་པ་ཡིན་ནོ། །དེ་ལྟར་རོ་རྐྱང་བཤད་ནས། གསུམ་པ་རྩའི་གཙོ་བོ་ཉི་ཤུ་རྩ་བཞི་དང་སོ་བདུན་གྱི་རྒྱས་པར་བཤད་པ་ནི་གསུམ་སྟེ། སྤྱིར་བསྟན་པ་དང་། ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་དང་། སྦས་བའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལས་གྱེས་པའི་རྩ་ཆེན་པོ། །ཉི་ཤུ་བཞི་སྟེ་སྙིང་ཁ་ཡི། །ཡན་ལག་རླུང་ནི་བརྟེན་པའི་རྩ། །ལྔ་དང་གཙོ་བོ་གསུམ་བཅས་པ། །སུམ་ཅུ་གཉིས་ཏེ་རྩ་བ་ཡི། །རླུང་རྟེན་རྩར་བཅས་སུམ་ཅུ་དྲུག །ཅེས་བྱ་བ་དབུ་མ་དང་རོ་རྐྱང་ལ་གྱེས་པའི་རྩ་ཉི་ཤུ་རྩ་བཞི་ནི་ཕྱི་ཡི་ཡུལ་ཉི་ཤུ་རྩ་བཞི་དག་པ་འོག་ནས་སྟོན་པ་རྣམས་ཐུགས་གསུང་སྐུའི་འཁོར་ལོའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡི་རང་བཞིན་ནོ། །ཡན་ལག་གི་རླུང་ལྔ་བརྟེན་པའི་རྩ་ལྔ་དང་གཙོ་བོ་གསུམ་དང་བཅས་པས་སུམ་ཅུ་སོ་གཉིས་ནི་ལྷ་མོ་བཅོ་ལྔ་ཡར་ངོ་དང་མར་ངོ་དག་པ་བཅུ་དྲུག་པའི་དཀར་ཆ་ནི་དུང་ཅན་ཏེ་དྷཱུ་ཏི་ནག་ཆ་ནི་བདུད་བྲལ་ཏེ་ལྕེའུ་ཆུང་ངུ་ཟུག་པ་ཧེ་བཛྭ་ལས་གསུངས་པ་ཡིན་ནོ། རྩ་བའི་རླུང་བརྟེན་པ་རྩ་ལྔ་ལ་དབུ་མ་ལ་ཆ་གཉིས་སུ་བྱས་ནས་གསུམ་འདུས་མན་ཆད་དུང་ཅན་མ་ནི་ཡེ་ཤེས་ཀྱི་ཁམས་ཐུར་སེལ་གྱི་གནས་ཡན་ཆད་སྲོག་གི་རླུང་གི་གནས་ཡིན་ནོ། །གཞན་གསུམ་ནི་སྙིང་ཁའི་ཤར་ཕྱོགས་ལུས་ཀྱི་མདུན་དུ་མེ་མཉམ་གྱི་རླུང་བརྟེན་པའི་རྩ་སྣར་མ་ཞེས་བྱ་བ་དང་། གྱེན་རྒྱུའི་གནས་མེ་མཚམས་སུ་གླང་པོ་ཆེའི་རྩའོ། །ཁྱབ་བྱེད་གཡས་ཀྱི་ཕྱོགས་སུ་འབབ་པའི་གནས་སེར་སྐྱ་སྟེ་རོ་མའི་བྱེ་བྲག་གོ། །རྩ་བ་དང་ཡན་ལག་གི་རྩ་བཅུ་པོ་ལ་མིང་ནི་དུས་འཁོར་ལས་སེར་སྐྱ་ཕྲ་མོ་ལུག་ལ་སོགས་པ་ལམ་གསུམ་གྱུར་པ་རྣམས་དང་སྣར་མ་དང་ནི་གླང་ཆེན་ལྕེ། རྒྱལ་ནི་དྲུག་པ་ཡིན་ལ་རྒྱལ་བ་འགྲོ་དང་བརྒྱད་པ་ལམ་བུ་ཥ་སྟེ་དགུ་པ་ཀུ་ཧེའོ། །བཅུ་པའི་གྲངས་ནི་དུང་ཅན་མ་གང་མིའི་བདག་པོ་བདེ་བའི་མཐར་ནི་བྱང་སེམས་ས་བོན་འཛག །ཞེས་གསུངས་པ་ཡིན་ནོ། །གསང་འདུས་སུ་བཤད་པ་ནི་འོག་གི་སྙིང་ཁའི་འཁོར་ལོའི་མིང་ན་ཡོད་དོ། །དེ་ལྟར་རྩ་སུམ་ཅུ་སོ་བདུན་ནི་རིགས་དང་ལྷ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དུ་རྒྱུད་ཐམས་ཅད་ལ་སྦྱར་སྟེ་སྟོན་ཏོ། །ཁ་ཅིག་ཏུ་ཕྱོགས་འགའ་ཡར་བ་སྟོན་ཏོ། །རྩ་ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་ནི། འདིའི་གཡོན་པའི་ཆར་སྐྱེས་པ་ཞེས་པ་ནས་ཚིགས་སུ་བཅད་པ་བདུན་རྐང་པ་གཅིག་དང་བཅས་པ་སྟེ། འདི་ལ་ན་རོ་པའི་འགྲེལ་ཆེན་དུ་རོ་རྐྱང་ལས་གྱེས་པ་བཅོ་ལྔ་བཅོ་ལྔ་སྦྱར་བཤད་གསུངས་ཀྱང་འདིར་བདེ་མཆོག་གི་རྒྱུད་རྣམས་དང་སཾ་བྷུ་ཊི་དཔང་པོར་བྱས་ཏེ། ལུས་ཀྱི་སྟོད་ན་གནས་པའི་རྩ་བོ་ཆེ་བཅུ་བཞི་རྐྱང་མས་བསྐྱེད་པ་དང་། སྨད་ཀྱི་རྩ་ཆེན་པོ་བཅུ་རོ་མས་བསྐྱེད་པའི་ཆར་བཤད་པ་ཡིན་ནོ། །རྩ་བཅུ་ནི་དབུ་མས་བསྐྱེད་པར་ལེགས་ཏེ་དེ་ལྟར་སུམ་ཅུ་སོ་བཞི་པོ་རྩ་གསུམ་གྱིས་སྡེ་ཚན་དུ་བཅད་པ་གསང་བ་འདུས་པའི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བར་བྱུང་ངོ་། །འགའ་ཞིག་འཁོར་ལོར་སྦྱོར་བ་ནི་མི་འཐད་པར་སེམས་སོ། །རྩ་དེ་དག་ལུས་ཀྱི་གནས་གང་ན་ཡོད་པ་ནི། མི་ཕྱེད་མ་ནི་འཚོགས་མ་ལ་གནས་པའི་རྩའོ། །འཕྲ་གཟུགས་མ་ནི་ཚངས་པའི་བུ་གར་འབྲེལ་པའི་རྩའོ། །རྩེ་བ་མ་ནི་རྣ་བ་གཡས་པའི་རྩའོ། །གཡོན་པ་མ་ནི་ལྟག་པའི་རྩའོ། །ཐུང་ངུ་མ་ནི་རྣ་བ་གཡོན་པའི་རྩའོ། །རུས་སྦལ་སྐྱེས་མ་ནི་སྨིན་མའི་དབུས་སུ་གནས་པའི་རྩའོ། །བསྒོམ་པ་མོ་ནི་མིག་གི་ཕྱིར་རོལ་གྱི་རྩའོ། །དབང་མ་ནི་འཕྲག་པའི་རྩ་གཉིས་སོ། །སྐྱོན་མ་ནི་མཆན་ཁུང་གི་རྩ་ཆེན་གཉིས་སོ། །འཇུག་མ་ཞེས་བྱ་བ་ནི་ནུ་མའི་རྩ་གཉིས་སོ། །མ་མོ་ནི་ལྟེ་བར་གནས་པའི་རྩའོ། །མཚན་མོ་ནི་སྣ་རྩེར་ཟུག་པའི་རྩའོ། །བསིལ་སྦྱིན་མ་ནི་ཁའི་མཐའ་མ་ལ་བསྐོར་ནས་ཡོད་པའི་རྩའོ། །ཚ་བ་མ་ནི་མགྲིན་པའི་དབུས་སུ་གནས་པའི་རྩའོ། །དེ་ལྟར་བཅུ་བཞི་པོ་རྐྱང་མ་ལ་བརྟེན་པ་ཤེས་རབ་ཀྱི་རང་བཞིན་ཟླ་བ་ཡར་ངོའི་ཆ་དག་པ་ཡིན་ནོ། །དེ་ནས་རོ་མ་ལ་བརྟེན་པའི་ཐབས་ཀྱི་རང་བཞིན་མར་ངོའི་ཆ་དག་པའི་རྩ་རྣམས་ནི། གཞོལ་མ་ནི་བྲང་གི་གཞུང་དུ་གནས་པའི་རྩའོ། །རངས་མ་ནི་ལྒང་པར་འབྲེལ་པའི་རྩའོ། །ཤིན་ཏུ་གཟུགས་ཅན་མ་ནི་མཚན་མར་གནས་པའི་རྩའོ། །ཕྱི་མ་ནི་འོག་སྒོར་འབྲེལ་པའི་རྩའོ། །རྒྱུ་སྦྱིན་མ་ནི་བརླའི་རྩ་ཆེན་གཉིས་སོ། །སྦྱོར་བྲལ་མ་ནི་བྱིན་པར་གནས་པའི་རྩ་གཉིས་སོ། །སྡུ་གུ་མ་ནི་རྐང་པའི་སོར་མོ་རྣམས་ལ་གནས་པའི་རྩའོ། །གྲུབ་མ་ནི་རྐང་པའི་བོལ་གཉིས་ལ་གནས་པའི་རྩའོ། །འཚེད་མ་ནི་རྐང་འཐེབ་སྤུ་འཁྱིལ་ལ་གནས་པའི་རྩའོ། །ཡིད་བཟང་མ་ནི་པུས་མོའི་གཉན་གོང་གཉིས་ལ་གནས་པའི་རྩའོ། །དེ་ལྟར་རྩ་ཉི་ཤུ་རྩ་བཞི་པོ་འདི་རྣམས་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་མིང་གི་རྣམ་གྲངས་སོ། །བདེ་མཆོག་ཏུ་ནི་ཕྱི་རོལ་གྱི་གནས་ཉིད་ཀྱི་མིང་གིས་བརྗོད་དོ། །དེ་བཞིན་དུ་རྒྱུད་གཞན་ནས་ཀྱང་མིང་གི་རྣམ་གྲངས་གསུངས་པ་ཡོད་དེ་འདིར་མ་སྨོས་སོ། །དེ་ནས་སྦས་པའི་རྩ་ལྔ་བཤད་པ་ནི། ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཅིག་སྟེ། གསུམ་སྐོར་མ་ནི་མིག་གི་དབུས་སུ་འབྲེལ་ཅིང་། གཟུགས་འཛིན་པའི་བདག་རྐྱེན་བྱེད་དོ། །འདོད་མས་རྣ་བར་སྒྲ་འཛིན་ཏོ། །ཁྱིམ་མས་སྣར་དྲི་འཛིན་ལ། གཏུམ་མོས་ལྕེའི་དབུས་སུ་རོ་འཛིན་པའི་བདག་རྐྱེན་བྱེད་དེ། འདིར་རྣམས་ནི་སྔར་སྨོས་པའི་ཡན་ལག་གི་རླུང་རྒྱུ་བའི་གནས་སོ། །བདུད་བྲལ་མ་ནི་ལྕེའུ་ཆུང་གི་དབུས་སུ་ཟུག་ཅིང་། གྱེན་དུ་ཁམས་འབབ་པའི་བྱ་བ་བྱེད་ལ་རེག་བྱའི་ཕྱོགས་གཅིག་ཀྱང་འཛིན་པས་ནོར་ལས་རྒྱལ་གྱི་རླུང་བརྟེན་པར་བྱེད་པ་ཡང་ཡིན་ནོ། །འདི་རྣམས་སྙིང་གི་དབུས་སུ་འབྲེལ་ཞིང་། དེ་ལས་གཞན་ཡང་། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ནི་ཨ་ཝ་དྷུ་ཏི་སྟེ། །གཞན་ནི་རྩ་བའི་རླུང་རྒྱུའི་གནས། །ཞེས་བྱ་བའི་དོན་ནི་གོང་དུ་བསྟན་ཟིན་ཏོ། །བཞི་པ་འཁོར་ལོའི་རྩ་རྣམས་ཀྱི་མིང་རྒྱས་པར་བཤད་པ་ལ་བདུན་སྟེ། མདོར་བསྟན་པ་དང་། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་དང་། འཁོར་ལོ་དྲུག་གི་ངེས་པ་དང་། ཡན་ལག་གི་འཁོར་ལོ་བཅུ་གཉིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། །ཞེས་སྨོས་ཏེ། འཁོར་ལོ་འདི་རྣམས་ཀྱང་གཞན་དག་རྩ་བརྒྱད་བརྒྱད་ལས་ཀྱོག་གི་བྱེ་བྲག་གིས་འདབ་མའི་གྲངས་སུ་འདོད་ཀྱང་། འདིར་ནི་གྲངས་ཇི་ལྟར་བཤད་པ་བཞིན་དུ་རྩ་རེ་རེ་ཡིན་པར་འདོད་དེ། བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་ཀ་ལ་དེ་ལྟར་རྒྱ་ཆེར་བསྟན་པའི་ཕྱིར། ལྟེ་བ་ན་རྩ་དྲུག་བཅུ་རྩ་བཞི། དུས་སྦྱོར་གྱི་རླུང་གི་གནད་བཅིངས་ན་སད་པའི་དུས་སྤྲུལ་པའི་སྐུའི་དགོངས་པར་འཆར་བར་བྱེད་པ་དང་། སྙིང་ཁ་ན་བརྒྱད་ཐུན་ཆེན་པོ་བརྒྱད་དག་པ་གནད་བཅིངས་ན་འོད་གསལ་ཆོས་ཀྱི་སྐུར་འཆར་ཞིང་གཉིད་འཐུག་པོ་དག་པར་བྱེད་པ་དང་། མགྲིན་པ་ན་བཅུ་དྲུག་འཕོ་བའི་རང་བཞིན་དག་པར་བྱེད་པ་གནད་བཅིངས་ན་རྨི་ལམ་གྱི་འཁྲུལ་པ་དག་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་བར་བྱེད་པ་དང་། སྤྱི་བོ་ན་སུམ་ཅུ་སོ་གཉིས་ཆུ་ཚོད་ཀྱི་རང་བཞིན་ཐིག་ལེའི་གནད་བཅིངས་ན། ཆགས་པའི་འཁྲུལ་པ་དག་པར་བྱེད་པ་ཡེ་ཤེས་ཀྱི་སྐུའི་ངོ་བོ་སྟེ། འདི་ནི་གསང་བ་འདུས་པ་དང་དགྱེས་རྡོར་བདེ་མཆོག་རྣམས་སུ་གསུངས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ནས་ནི། མགྲིན་པ་ནས་སུམ་ཅུ་སོ་གཉིས། རྒྱུ་སྐར་གྱི་རང་བཞིན་དང་། སྤྱི་བོ་ན་བཅུ་དྲུག་ཟླ་བའི་རྐང་པ་རྒྱུ་ཚུལ་དང་བཅས་པ་ཡོད་དེ། འོག་ནས་རླུང་གི་སྐབས་སུ་འཆད་དོ། །འཁོར་ལོའི་སྒྲར་བརྗོད་པའི་དོན་ནི། དབྱིབས་ཀྱང་འཁོར་ལོ་ལྟ་བུ་ཡིན་པ་དང་། གནད་བཅིངས་ན། གནས་སྐབས་བཞིའི་འཁྲུལ་པ་གཅོད་པའི་དོན་གྱིས་འཁོར་ལོར་བཤད་དོ། །དེ་ནས་ལྟེ་བའི་འཁོར་ལོའི་རྒྱས་བཤད་ནི། ཚིགས་སུ་བཅད་པ་དགུ་འཚམས་སྦྱོར་དང་བཅས་པ་སྟེ། རྩའི་མིང་འདི་དག་ཐམས་ཅད་ནི། རྒྱུད་རྡོ་རྗེ་འཕྲེང་བའི་གཞུང་གི་ཚིག་ཡིན་ནོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་ལུས་བསྐྱེད་ཅིང་སྤྲུལ་པའི་ཕྱིར་ཏེ། དང་པོ་དབུ་མ་དང་རོ་རྐྱང་ལས་གྱེས་པའི་རྩ་བཞི་སྟོང་པ་ཡེ་ཤེས་ཀྱི་ཁམས་ཡིན་ལ། དེ་ལས་འཕོ་བ་བཅུ་གཉིས་ཀྱི་རིམ་པ་ཡིས། རེ་རེ་ལ་རྩ་ལྔ་ཚན་བཅུ་གཉིས་སུ་གྱེས་པས་དྲུག་ཅུ་ཐམ་པ་ཡོད་དེ། གཡས་རོ་མ་དང་གཡོན་རྐྱང་མའི་འཕོ་བ་དྲུག་ཅུ་པོ་བརྟེན་ལ་སྟོང་པ་བཞི་པོ་དབུ་མའི་འཕོ་བ་ཡིན་ནོ། །ཡང་དག་ཤུགས་དང་ཤིན་དུ་ཤུགས། །ཤིན་དུ་བཟང་དང་བཟང་པོར་འགྲོ། །ཞེས་སྨོས་པའི་རྩ་བཞི་པོ་རོ་རྐྱང་ལས་དབུ་མར་འཇུག་པའི་རྩའི་མིང་ངོ་། །ཡང་དག་པའི་སྟོབས་དང་ལྡན་པ་དང་སྲོག་འཛིན་པས་བཟང་པོར་བྱེད་པའི་དོན་ཏོ། །གཞན་སྟོབས་ཆེན་ལ་སོགས་པའི་རྩ་ལྔ་ནི་ལུག་གི་འཕོ་བ། དེ་བཞིན་དུ་བརྒྱགས་པའི་ཆ་ལ་སོགས་པ་ལྔ་ནི་གླང་གི་འཕོ་བ། བརྒྱགས་པའི་བརླན་ལ་སོགས་པ་ལྔ་ནི་འཁྲིག་པའི་འཕོ་བ་དབུགས་མི་བདེ་བ་ལ་སོགས་པ་ལྔ་ནི་ཀར་ཀ་ཏའི་འཕོ་བ། མི་བཟད་པ་ལ་སོགས་པ་ལྔ་ནི་སེང་གེའི་འཕོ་བ། དབྱངས་ལ་སོགས་པ་ལྔ་ནི་བུ་མོའི་འཕོ་བ། ཡུད་ཙམ་གཙོ་བོ་ལ་སོགས་པ་ལྔ་ནི་སྲང་གི་འཕོ་བ། རྙིང་པ་ལ་སོགས་པ་ལྔ་ནི་སྡིག་པའི་འཕོ་བ། ཚིགས་ཀྱི་གནས་ལ་སོགས་པ་ལྔ་ནི་གཞུའི་འཕོ་བ། དུལ་འགྲོ་ལ་སོགས་པ་ལྔ་ནི་ཆུ་སྲིན་གྱི་འཕོ་བ། ཆགས་པ་ལ་སོགས་པ་ལྔ་ནི་བུམ་པའི་འཕོ་བ། འགྲོ་བ་ལ་སོགས་པ་ལྔ་ནི་ཉའི་འཕོ་བའམ། ཡང་ན་སྟོབས་ཆེན་ནས་རྒྱལ་ལྟར་སྔོའི་བར་དུ་སུམ་ཅུ་ལུག་ལ་སོགས་པ་མཉམ་པའི་ཁྱིམ་དྲུག་དང་། ཡུད་ཙམ་ནས་རབ་གསལ་གྱི་བར་སུམ་ཅུ། གླང་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་ཏུ་རིག་པར་བྱའོ། །རྩ་འདི་རྣམས་ཀྱི་མིང་འདོགས་པའི་རྒྱུ་མཚན་བཤད་ན་ཉན་མོད་ཀྱི་ལོ་ཙཱ་ཕས་འགྱུར་བྱེད་པའི་དུས་ན་སྒྲ་མི་འདྲ་བ་མང་དུ་ཡོད་པ་དང་། ཕལ་ཆེར་བྱེད་ལས་ལ་བཏགས་པས་ཞིབ་ཏུ་མ་བཤད་དོ། །སྙིང་ཁའི་འཁོར་ལོ་བཤད་པ་ནི། ཚིག་བཅད་ཕྱེད་དང་གཉིས་ཏེ། དུས་ཀྱི་འཁོར་ལོ་ལས་གསུངས་པའི་སྣར་མ་དང་། གླང་ཆེན་ལྕེ་དང་། སེར་སྐྱ་དང་། རྒྱལ་དང་། རྒྱལ་བ་དང་། ལམ་བུ་ཤ་དང་། ཀུ་ཧཱེ་དང་། ཕྲ་མོ་དང་བརྒྱད་པོ་རྣམས་ཀྱི་མིང་རྡོ་རྗེ་འཕྲེང་བའི་རྒྱུད་ལས་རིན་ཆེན་ཅོད་པན་ལ་སོགས་པ་བརྒྱད་པོ་འདིའི་མིང་གིས་བསྟན་ཏེ་འཁོར་ལོ་འདིའི་རྩ་ནས་ལུས་ཐམས་ཅད་ཀུན་ཏུ་ཁྱབ་པར་འབྲེལ་ཏོ། །མིང་འདོགས་པའི་དོན་ཡང་། རིན་པོ་ཆེ་དང་། པད་མ་དང་། རྡོ་རྗེ་དང་། ལས་ཀྱི་རིགས་དང་། དེ་དག་གི་དབང་བྱེད་པའི་དོན་གྱིས་ཐབས་དང་ཤེས་རབ་ཀྱི་ཆ་དང་། མགོན་པོ་ཆེ་བ་ནི་གཟུགས་འཛིན་པའི་དོན་དང་། སྒྲ་ཆེན་ནི་སྒྲ་འཛིན་པའི་དོན་དང་། ཉེར་དགའ་ཆེན་པོ་ནི་དྲི་འཛིན་པའི་དོན་དང་། མྱོས་པ་ཆེན་པོ་ནི་རོ་འཛིན་པའི་དོན་ཡིན་སྙམ་མོ། །མགྲིན་པའི་འཁོར་ལོ་བཤད་པ་ནི། ཚིག་བཅད་གཉིས་ཏེ། འདིར་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་བཅུ་དྲུག་པོ་འདི། ཟས་ཀྱི་རོ་དྲུག་ཉམས་སུ་མྱོང་བའི་ཆ་ནས་མིང་གི་རྣམ་གྲངས་འདི་རྣམས་བསྟན་ལ། དུས་ཀྱི་འཁོར་ལོ་ལས་སུམ་ཅུ་རྩ་གཉིས་སུ་གསུངས་པ་ནི། རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྱི་གྲངས་ཀྱིས་རྒྱུ་བ་དང་། བཞི་ནི་དབུ་མའི་ཆ་ལ་སྟོང་པའི་རྩ་ཞེས་གསུངས་སོ། །སྤྱི་བོའི་འཁོར་ལོ་བཤད་པ་ནི། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། ཞེས་པ་ནས་ཚིག་བཅད་བཞི་སྟེ། འདི་དག་ཀྱང་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་ལས་ཀྱིས་བརྗོད་འདུག་པའི་ཕྱིར། རིམ་རིགས་ནས་ནེ་ཙོའི་བར་བཅོ་ལྔ་ནི་ཟླ་བ་འཕེལ་བའི་ཆ་ཡིན་ལ། གང་བ་ནི་བཅུ་དྲུག་པ་དབུ་མའི་ཆའོ། །ཉི་ལྡན་ནས་སྙེམས་པའི་བར། ཕྱི་རོལ་གྱི་རྩ་ནག་པོའི་ཆ་བཅོ་ལྔ་སྟེ། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པའི་ཆ་ཡིན་པས་སུམ་ཅུ་རྩ་གཉིས་སུ་བཤད་པའི་ངེས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལས་ཟླ་བའི་རྐང་པ་འཕེལ་བ་བདུན་དང་འགྲིབ་པ་བདུན་ཏེ་བཅུ་བཞིའི་རྣམ་པར་དག་པ་དང་། འཚམས་གཉིས་དང་གཅས་བས་བཅུ་དྲུག་ཏུ་གསུངས་སོ། །དེ་ལྟར་རྩ་བརྒྱ་ཉི་ཤུ་ནི། འཁོར་ལོ་བཞི་ལ་བཤད་པ་རྩ་རྣམས་ཀྱི་གཙོ་བོ་ཞེས་བཤད་པའོ། །འཁོར་ལོ་དྲུག་གི་ངེས་པ་བསྟན་པ་ནི། རྡོ་རྗེ་འཕྲེང་བ་ལས་གསུངས་པ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་གཉིས་ལས། དང་པོ་ནི། གཙུག་གཏོར་རླུང་དང་མགྲིན་པ་མེ། །གནས་པའི་རྩ་ནི་དགུ་ཡོད་དེ། །ཞེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་གཙུག་ཏོར་བསྐྱེད་པར་བྱེད་པའི་རང་བཞིན། སྨིན་འཚམས་དང་གཙུག་ཏོར་གྱི་འཁོར་ལོའི་སྒྲས་གསུངས་པས། སྨིན་མའི་དབུས་ན་རླུང་རྣམ་པར་དག་པའི་རྩ་ལྔ་དང་། གཙུག་ཏོར་གྱི་མགྲིན་པ་མེའི་ཁམས་འཛིན་པར་བྱེད་པའི་རྩ་གསུམ་ཡོད་དོ་ཞེས་གསུངས་པ་ལས། རླུང་གི་འཁོར་ལོའི་རྩ་དེ་དག་ཀྱང་གང་ཞེ་ན། །བྱེ་བ་འཁྱིལ་པ་མི་བཟད་པ། །མིང་བཟངས་བརྟན་དང་མཚན་ཉིད་ཅན། །ཞེས་བྱ་བ་དྲུག་ཡིན་ནོ། །གཞན་གསུམ་ནི། འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་མེ་དང་ལྡན་པའོ་ཞེས་སོ། །རྒྱུད་གཞན་གྱི་དགོངས་པ་བཤད་པ་ནི། །དུས་ཀྱི་འཁོར་ལོར་གང་གསུངས་པ། །འདི་བདུན་གསང་བའི་གནས་སུ་སྟེ། །སྤྱི་བོ་དང་མཚུངས་གསང་འཁོར་ལོ། །སུམ་ཅུ་རྩ་གཉིས་འདོད་པ་ཡིན། །ཞེས་སྨོས་ཏེ། དུས་འཁོར་ལས་གསང་བའི་ནོར་བུ་ལ་རྩ་བཞི་དང་། སྨིན་འཚམས་ཀྱི་གཙུག་ཏོར་གྱི་རྩ་བཞི་མཐུན་པར་གསུངས་ཤིང་། དེའི་རྩ་བ་ན་གཏུམ་མོའི་མེ་བསྐྱེད་པར་བྱེད་པའི་དབུ་མའི་མར་སྣ། བཤང་གཅི་ཁུ་བ་འཕེན་འཛིན་བྱེད་པའི་རྩ་གསུམ་དང་བདུན་པོ་འདི། གསང་གནས་ན་ཡོད་པར་གསུངས་ལ། འདི་རྣམས་ཀྱི་རྩ་བ་ནས་ལུས་ཀྱི་ཕྱི་རིམ་དང་འབྲེལ་པའི་རྩ་སུམ་ཅུ་སོ་གཉིས་སྤྱི་བོའི་འཁོར་ལོ་དང་གྲངས་མཚུངས་པར་ཡོད་པར་བཤད་དོ། །དེས་ན་གོང་མའི་རྩ་བདུན་པོ་དང་། སྨིན་མ་ནས་གསང་བའི་བར་དུ་སྲོག་གི་རླུང་འཛིན་པ་དང་། ཁུ་བ་འབབ་པའི་རྩ། དབུ་མ་ལ་ཆ་གཉིས་སུ་བཤད་ན། རྩ་དགུ་པོ་འདི་ལོགས་སུ་འཁོར་ལོ་ལ་མི་གཏོགས་པར་བྱུང་པས། རྒྱུད་ཀྱི་དགོངས་པ་འདི་གཉིས་མཐུན་པར་འགྱུར་ལ། ཡང་ན་རྒྱུད་ཐམས་ཅད་དགོངས་པ་ཅན་ཡིན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་བཤད་པའི་ཕྱིར། སྨིན་མའི་དབུས་མན་ཆད་དུ་འཁོར་ལོ་དྲུག་ལ་རྩ་བའི་རླུང་གི་རྟེན། སྨིན་དབུས་བྱེ་བ་དང་། སྤྱི་བོར་འཁྱིལ་པ་དང་། མགྲིན་པར་མི་བཟད་པ་དང་། སྙིང་ཁར་མིང་བཟངས་དང་། ལྟེ་བར་བརྟན་པ་དང་། གསང་བར་མཚན་ཉིད་ཅན་དང་། དྲུག་པོ་ནི་འཁོར་ལོའི་དབུས་རྣམས་སུ་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་དང་། འཁོར་ལོ་རྣམས་ནི་སྲོག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་གསུང་གི་དཀྱིལ་འཁོར་གྱི་སྒོ་བཞིར་ཡང་བཤད་པས། དེ་དག་དབུས་ནས་གནས་པ་ནི། །སྟོང་པ་དྲུག་གི་རྩ་ཡིན་ནོ། །འདི་རྣམས་གསུང་གི་སྒོ་ཞེས་བྱ། །ཞེས་བསྟན་པ་ཡིན་ནོ། །རྒྱས་པར་ནི་དྲི་མ་མེད་པའི་འོད་ལས། འདིར་ལུས་ལ་རིགས་གསུམ་གྱི་རྩ་གསུམ་ནི། ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་འཛིན་པའི་རྩ་གསུམ་སྟེ། ལྟེ་བ་དང་གསང་བའི་རྡོ་རྗེའི་ནོར་བུའོ། །དེ་བཞིན་དུ་རིགས་དྲུག་གི་རྩ་ནི་ལ་ལ་ན་དང་ར་ས་ན་དང་ཨ་བ་དྷུ་ཏི་དང་གཤང་བ་དང་གཅི་བ་དང་ཁུ་བ་འབབ་ཅེས་སོ། །དེ་བཞིན་དུ་རིགས་སུམ་བ་སོ་དྲུག་གི་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་རྩ་དྲུག་རྣམས་ལ་སྒྲ་འཛིན་པ་གཉིས་དང་། རེག་བྱ་འཛིན་པ་གཉིས་དང་། གཟུགས་འཛིན་པ་གཉིས་དང་། དྲི་འཛིན་པ་གཉིས་དང་། རོ་འཛིན་པ་གཉིས་པོ་འདི་དག་སྟེ་རྩ་བཅུའོ། །ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་གཞན་རྣམས་འཕོ་བ་བཅུ་གཉིས་ཀྱི་རྩ་རྣམས་དང་ཐུན་བརྒྱད་ཀྱི་རྩ་རྣམས་སོ། །དེ་ལྟར་སུམ་ཅུ་རྩ་དྲུག་པོ་ཐམས་ཅད་ཀྱི་རིགས་ཀྱི་གཙོ་བོར་འགྱུར་ཏེ་དྲུག་རོའི་གཟུགས་ཅན་མ། དྲུག་ཁམས་ཀྱི་གཟུགས་ཅན་མ། དྲུག་དབང་པོའི་གཟུགས་ཅན་མ། དྲུག་ཡུལ་གྱི་གཟུགས་ཅན་མ། དྲུག་ལས་ཀྱི་དབང་པོའི་གཟུགས་ཅན་མ་དྲུག་ལས་ཀྱི་དབང་པོའི་ཡུལ་གྱི་གཟུགས་ཅན་མའོ། །དེ་བཞིན་དུ་དྲུག་གཟུགས་ལ་འཇུག་པའོ། །དྲུག་ཚོར་བ་ལ་འཇུག་པའོ། །དྲུག་འདུ་ཤེས་ལ་འཇུག་པའོ། །དྲུག་འདུ་བྱེད་ལ་འཇུག་པའོ། །དྲུག་རྣམ་པར་ཤེས་པ་ལ་འཇུག་པའོ། །དྲུག་ཡེ་ཤེས་ལ་འཇུག་པ་སྟེ་རིགས་སུམ་ཅུ་རྩ་དྲུག་དུ་འཇུག་པའོ། །རྩ་རྣམས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་བདུན་ཅུ་རྩ་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་གསུངས་པའི་དུས་ཀྱི་འཁོར་ལོའི་རྩ་ནི། གཙུག་ཏོར་གྱི་རྩ་བཞི་ཐུན་ཚོད་བཞིའི་རང་བཞིན་ནོ། །སྤྱི་བོར་ནི་མི་བདག་ཅེས་པ་ཚེས་བཅུ་དྲུག་ལ་འཇུག་པའོ། །མགྲིན་པའི་འཁོར་ལོ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུ་གུ་བཞིས་འཇུག་པས་སུམ་ཅུ་རྩ་གཉིས་སོ། །སྙིང་ཁར་སྣར་མ་ལ་སོགས་པའི་རྩ་བརྒྱད་དེ་གཟའ་བརྒྱད་རྒྱུའོ། །ལྟེ་བའི་ཁྱིམ་གྱི་འཁོར་ལོར་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་དྲུག་ཅུ་རྒྱུ་བ་དང་སྟོང་པ་བཞི་རྒྱུ་བས་དབྱུག་གུ་དྲུག་ཅུ་རྩ་བཞིའོ། །གསང་བའི་དབུས་རྩ་སུམ་ཅུ་རྩ་གཉིས་ནི་ཁུ་བ་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་འཇུག་པ་རྣམས་སོ་ཞེས་གསུངས་སོ། །ཡན་ལག་གི་འཁོར་ལོ་བཅུ་གཉིས་རྒྱས་པར་བཤད་པ་ནི། །ལག་པ་གཡས་པའི་ཚིག་གིས་གསུམ་ལ། ཞེས་པ་ནས། ཚིགས་བཅད་གསུམ་སྟེ། ལག་པ་གཡས་པ་ལ་རླུང་གི་ཁམས་དང་། གཡོན་པ་ལ་མེའི་ཁམས་དང་། རྐང་པ་གཡས་པ་ལ་ཆུའི་ཁམས་དང་། གཡོན་པ་ལ་སའི་ཁམས་སྟེ། དེ་དག་གི་ཚིགས་ཆེན་བཅུ་གཉིས་ལ་རྩ་སུམ་ཅུ་སུམ་ཅུ་གནས་པས་ཐམས་ཅད་ལ་སུམ་བརྒྱ་དྲུག་བཅུའོ། །ཉིང་ལག་སོར་མོའི་ཚིགས་རྣམས་ལ་ཡང་རྩ་དྲུག་དྲུག་ཡོད་པས་གྲངས་གོང་མ་དང་མཉམ་སྟེ། ཟླ་བ་བཅུ་གཉིས་ཀྱི་ཞག་གྲངས་དང་མཐུན་པའི་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཡིན་ནོ། །ད་ནི་ནད་བསྐྱེད་པ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྒྱས་བཤད་ལ། དང་པོ་ནད་བསྐྱེད་པའི་ཚུལ་གྱིས་རྩ་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། འདི་ཡང་གཙུག་ཏོར་གྱི་རྩ་བཞི་སྤྱི་བོའི་བཅུ་དྲུག་དང་ཉི་ཤུས་བད་ཀན་གྱི་ནད་བསྐྱེད་པ་དང་། མགྲིན་པ་ན་སུམ་ཅུ་སོ་གཉིས་སྙིང་ཁ་ན་བརྒྱད་དེ་བཞི་བཅུས་མཁྲིས་པ་བསྐྱེད་པ་དང་། ལྟེ་བ་ན་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རོལ་ནས་བཅུ་དྲུག་དང་རྩ་བརྒྱད་ཅུ་ནས་རླུང་གི་ནད་བསྐྱེད་པ་དང་། གསང་བའི་ནང་རིམ་ནས་བཅུ་དྲུག་གིས་འདུས་པའི་ནད་བསྐྱེད་པས་དེ་ལྟར་རྩ་བརྒྱ་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་འཁོར་ལོའི་གཙོ་བོ་རྣམས་ཀྱི་ཕྱི་རོལ་ནས་ཁམས་རྒྱུ་བ་དག་ཡིན་པར་ངེས་སོ། །གཞན་དག་ནི་འཁོར་ལོའི་དངོས་གཞི་ཡིན་ནོ་ཞེས་འདོད་དོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངེས་པ་བཤད་པ་ནི། ཚིགས་སུ་བཅད་པ་བཞི་སྟེ། རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་རིམ་པ་འདིས། སྟོང་ཕྲག་ཉི་ཤུ་རྩ་བཞི་ཟླ་བའི་རླུང་དང་ཁམས་དཀར་ཆ་འབབ་པས་རྐྱང་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མའི་རླུང་དང་ཁྲག་འབབ་པས་རོ་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་རླུང་ཁོ་ན་རྒྱུ་བས་སྒྲ་གཅན་གྱི་རང་བཞིན་དབུ་མའི་རིགས་སུ་བརྗོད་དོ། །དེ་ལྟར་རིགས་གསུམ་གྱི་བདག་ཉིད་དུ་ཕྱེ་བ་རྣམས་ཀྱང་། སྔར་བཤད་པའི་རྩ་ཉི་ཤུ་རྩ་བཞི་པོ་མི་ཕྱེད་མ་ནས་བཟུང་ནས་ཡིད་བཟངས་མའི་བར་གྱི་རྣམ་དབྱེ་ཡིན་ཏེ། ཐིམ་པ་ཞེས་བྱ་བ་ལུས་ཀྱི་གནས་སུ་ལས་བྱས་ཟིན་པ་དང་ལོངས་སྤྱོད་པ་ནི་བྱེད་བཞིན་པ་དང་། བདག་པོ་ནི་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་རྣམ་པ་གསུམ་མམ་ཐིམ་པ་རླུང་ལོངས་སྤྱོད་པ་དཀར་ཆ། བདག་པོ་ཁྲག་གི་རང་བཞིན་ཡིན་པས་ཀྱང་། རྩ་གསུམ་གསུམ་དུ་འགྱུར་ཏེ། བདུན་ཅུ་རྩ་གཉིས་སོ། །དེ་རེ་རེ་ལ་རྩ་བྲན་གྱི་འཁོར་སྟོང་སྟོང་ཡོང་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྟེ། སྡོང་པོ་ལྟ་བུའོ། །དེ་ལས་གཞན་པའི་རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་པ་བསྟན་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། འདི་ལ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྣལ་འབྱོར་མའི་རྒྱུད་བདུན་ཅུ་དོན་གཉིས་ཀྱི་རིགས། རྩ་ཉི་ཤུ་རྩ་བཞི་པོ་རྣམ་ལས་གྱེས་པ་ཡིན་གྱིས་དེ་ལས་གཞན་པའི་རྩ་ཡོད་པར་མངོན་སྟེ། རྩ་ཉི་ཤུ་རྩ་བཞི་པོ་ལས་གཞན་རྩ་བའི་རྩ་ཆེན་པོ་བཅུ་གཉིས་སྔར་བསྟན་པ་དེ་རྣམས་འདིའི་ཡན་ལག་ཡིན་ནོ་ཞེས་བྱར་མི་རུང་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བསྟན་པའི་མདོ་ནས་གསུངས་པའི་དོན་བསྡུས་པ། དེར་གནས་ལུས་ཀྱི་ཕྱོགས་བཞི་ལ། རྩ་ལྔ་ཡན་ལག་བཞི་བཅུ་སྟེ། །རེ་རེ་ཡང་ཡལ་ག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་པའི་དོན་འདི་རྒྱས་པར་གསུངས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ་ལས། པགས་པར་སོན་པའི་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞིས་བ་སྤུ་བསྐྱེད་པར་བྱེད་པར་གསུངས་སོ། །འདི་རྣམ་ཀྱི་ཁམས་གང་ཡིན་པ་བསྟན་པའི་རིམ་པ་ནི། ལྟེ་བ་ནི་སའི་ཁམས། སྙིང་ཁ་ནི་རླུང་། མགྲིན་པ་མེ། སྤྱི་བོ་ཆུ། གཙུག་ཏོར་ནི་ནམ་མཁའ། གསང་བ་ནི་ཡེ་ཤེས་བདེ་བའི་རིགས་སུ་གསུངས་ཏེ། འདི་ནི་ཁྱབ་པར་བྱ་བ་ལ་ཁྱབ་པར་བྱེད་པས་བསྡུས་པ་ཡིན་ནོ། གཞན་ཡང་། ལྟེ་བ་དང་གསང་བ་གཉིས་ཐབས་དང་ཤེས་རབ་ཏུ་བྱེད་པའི་སྐབས་སུ་ནི། གསང་བ་ཡེ་ཤེས་ཀྱི་ཁམས་སའི་རང་བཞིན་དུ་བྱེད་པ་ན། ལྟེ་བ་རླུང་དུ་འགྱུར་ལ། ལྟེ་བའི་འཁོར་ལོ་སའི་ཁམས་སུ་བྱེད་པ་ན། སུམ་མདོ་རླུང་དུ་བྱས་པ་ལ་འགལ་པ་མེད་དོ། །ཡང་སྤྱི་བོ་རླུང་གི་ཁམས་སུ་བྱས་ན། གཙུག་ཏོར་ཡེ་ཤེས་ཀྱི་ཁམས་སུ་འགྱུར་བས། མགྲིན་པ་དང་སྙིང་ཁ་ཐབས་དང་ཤེས་རབ་ཏུ་བྱ་དགོས་པས། སྙིང་ཁ་ཆུའི་ཁམས་སུ་བྱས་ལ། མགྲིན་པ་ནི་མེའི་ཁམས་ཡིན་ན། །རྒྱུ་མཚན་འདིས་ཁྱབ་བྱ་ཁྱབ་བྱེད་གཉིས་དང་། འཁོར་ལོ་བཞི་ལ་ཐབས་ཤེས་རབ་ཆ་གཉིས་དང་། འཁོར་ལོ་དྲུག་ལ་ཕ་དང་མའི་རིགས་སུ་བཤད་པས་ཐབས་དང་ཤེས་རབ་ཆ་གསུམ་དུ་གསུངས་པ་སྟེ། མདོར་བསྡུས་ན་ནམ་མཁའ་དང་ཡེ་ཤེས་ཤེས་རབ་ཏུ་བྱས་པ་ན་འབྱུང་བ་བཞི་ག་ཐབས་སུ་འགྱུར་ཞིང་། ནང་ཚན་དུ། ས་རླུང་ཐབས་དང་ཤེས་རབ། མེ་ཆུ་ཐབས་དང་ཤེས་རབ་ཡིན་པས། ཕན་ཚུན་དགྲ་དང་གྲོགས་སུ་འགྱུར་རོ། །རིམ་པ་འདིས་བ་སྤུའི་མཐར་ཐུག་བར་ཁམས་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་ཀྱི་བདག་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་དུས་གྱི་འཁོར་ལོ་ལས། ལྷ་དང་མི་རྣམས་ཀྱི་ནི་གཙུག་ཏོར་སྟོང་པའི་ཁམས་སུ་འགྱུར་ལ་གསང་བར་ཡང་ནི་ཡེ་ཤེས་ཁམས། སྙིང་ཁའི་པདྨ་རླུང་གི་ཁམས་ཏེ་གསང་བར་མེ་ནི་ངེས་པར་མགྲིན་པའི་འཁོར་ལོར་འབར་བའོ། །ཆུ་ནི་སྨིན་མའི་དབུས་ཀྱི་པད་མའི་ནོར་ལས་ནོར་གྱི་འདབ་མའི་ལྟེ་བའི་འཁོར་ལོ་སར་འགྱུར་རོ། །རྐང་པ་ལག་པའི་ཚིགས་འཚམས་དྲུག་དང་ས་དང་ཆུ་དང་བྱིན་ཟ་དང་ནི་རླུང་རྣམས་གྲངས་གསུམ་གྱིས། །རྐང་པ་ལག་པ་རྣམས་སུ་ས་ལ་སོགས་པ་ཁམས་ལྔ་རྣམས་ནི་ཡོན་ཏན་གསུམ་གྱི་དབང་གིས་འགྱུར། །སོར་མོ་རྣམས་ཀྱི་རྒན་པོ་ལ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ནི་ཚིགས་ཀྱི་གཟུགས་རྣམས་མ་ལུས་པ། །དེ་དག་སེན་མོའི་མཐར་ཐུག་པར་སྟེ་སླར་ཡང་སོ་ན་དེ་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བ་ཉིད། །གཞན་ཡང་གང་ཞིག་མཆོག་གི་ལུས་ལ་བ་སྤུའི་མཐར་ཐུག་གྱུར་པ་དེ་དང་དེ་ནི་དེ་ལྟར་ཁམས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་རྒྱུད་རྣམས་ཀྱི་ལུང་མང་དུ་ཡོད་མོད་ཀྱི་སྤྲོས་པ་ཆོག་གོ །ད་ནི་དེ་དག་གི་འཇུག་བསྡུ་བ་བསྟན་པ་ནི། །དེ་ལྟར་རྩ་ཡི་མཚན་ཉིད་ཤེས། ལུས་ཀྱི་གནས་ལུགས་ཤེས་པར་འགྱུར། །ཞེས་སྨོས་ཏེ་ལུས་ནི་རིལ་པོ་གཅིག་མ་ཡིན་པར་ཁམས་ཐམས་ཅད་ཀྱི་རང་བཞིན་དུ་སྣང་ཡང་ཅིག་པུ་དང་རྟག་པ་དང་བདག་ལ་སོགས་པའི་བདེན་པའི་དངོས་པོས་སྟོང་པ། རྩ་ཐམས་ཅད་ཀྱི་རྣམ་པར་སྣང་བ་འདི་ཡང་། ཉོན་མོངས་པའི་དྲ་བ་ལས་རྣམ་པར་གྲོལ་པའི་ཚེ་ཆུ་ཟླ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའི་གཟུགས་ཀྱི་སྐུ་རྐྱེན་གཞན་གྱིས་གཞོམ་དུ་མེད་པ་རྡོ་རྗེའི་རང་བཞིན་དུ་འགྱུར་ཏེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོའི་མདོ་ནས། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པ་ཁ་དོག་དྲུག་དང་ལྡན་པའི་འོད་ཀྱི་རང་བཞིན་གཏན་པ་མེད་པའི་མཆོད་སྦྱིན་དུ་མས་བསྒྲུབས་པའི་ནུས་པ་དང་ལྡན་པར་གྲུབ་བོ་ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱའོ།། །།བཞི་པ་རླུང་བསྟན་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོའི་ཚིག་ལྔ་ནི་སྤྱི་དོན་ཡིན་ཏེ། རྩ་བསྟན་པ་དེ་ནས་རླུང་གི་ངོ་བོའི་ཡི་གེ་གནས་ས་དང་བཅས་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་དང་། སྟོབས་དང་། སྟོབས་མ་ཡིན་པའི་རིམ་པ་དང་འཇུག་ས་དང་བཟུང་ཐབས་དང་སྐྱོན་དང་ཡོན་ཏན་རྣམས་རླུང་ཇི་སྙེད་པ་ཐམས་ཅད་འདུས་པ་ཡིན་པས་འདིར་བཤད་པར་བྱའོ། །ཞེས་སྨོས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་ངོ་བོ་དང་། གནས་བྱེད་ལས་དང་བཅས་པ་དང་། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་དང་། འཇུག་སྒོ་ཕན་ཡོན་དང་བཅས་པ་དང་། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པའོ། །དང་པོ་ལ། ཚིགས་སུ་བཅད་པ་དྲུག་སྟེ། དེ་རྣམས་ཀྱི་མདོར་བསྟན་པ་ནི། རླུང་ནི་ངག་དང་དུས་སྦྱོར་སྟེ། ཡི་གེ་ཐམས་ཅད་འདི་ལས་སྐྱེས། ཞེས་བྱ་བ་ལུས་ཅན་རྣམས་ཀྱི་ངག་དུ་བརྗོད་པ་དང་། དབུགས་དང་ཡུད་ཙམ་ལ་སོགས་པའི་དུས་སྦྱོར་དང་། སྲོག་ཆེན་པོའི་ཡི་གེ་ལ་བརྟེན་ནས་སྒྲར་བརྗོད་པ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་སྟེ། །མཚན་ཡང་དག་པར་བརྗོད་པ་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་དུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཞེས་གསུངས་པ་ཡིན་ནོ། །དེ་ནས་རྒྱས་པར་བཤད་པ་ནི། ཐོག་མར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས། དེ་ལ་གནས་པའི་ཡིད་འདུ་བྱེད་པའི་ཕྱིར། སྲོག་རླུང་ཨ་ཡི་རྣམ་པ་ཅན་འགྲུབ་བོ། །འདི་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ནོ། །དེ་ལས་གཉིས་པ། ཐུར་སེལ་གྱི་རླུང་ནི་སའི་ཁམས་དང་ལྀའི་ཡི་གེའོ། །གྱེན་དུ་རྒྱུ་བ་ནི་མེའི་ཁམས་དང་རྀའི་ཡི་གེའོ། །མེ་མཉམ་ནི་རླུང་གི་ཁམས་དང་ཨིའི་ཡི་གེ་ཞེས་བརྗོད་དོ། །ཁྱབ་བྱེད་ཀྱི་རླུང་ནི་ཆུའི་ཁམས་དང་ཨུའི་ཡི་གེར་འགྱུར་རོ། །རིམ་པ་འདི་ནི་དུས་ཀྱི་འཁོར་ལོ་ལས་ཐུར་སེལ་ཞེས་བྱ། རྣམ་པ་གསུམ་ནི་ཡེ་ཤེས་ཁམས་སུ་འགྱུར་ལ་སྲོག་རླུང་ཡང་ནི་སྟོང་པའོ། །རླུང་ནི་ནང་དུ་མཉམ་གནས་ཡིན་ལ་སླར་ཡང་མེ་ནི་གྱེན་རྒྱུ་ཁྱབ་བྱེད་ཉིད་ནི་ཆུ་ཡིན་ནོ། །ཞེས་གསུངས་པའི་དོན་ཡིན་ནོ། །ཡང་དགོངས་པ་གཞན་ལས་གྱེན་རྒྱུ་ཆུའི་ཁམས་དང་། མེ་མཉམ་ནི་མེའི་ཁམས་དང་། ཁྱབ་བྱེད་ནི་རླུང་གི་ཁམས་སུ་འཆད་དེ་དེ་ནི། ཁ་ནས་རྒྱུ་བའི་རླུང་ཆུ་ཡིན་པ་དང་། ཕོ་བར་ཁ་ཟས་སྲེག་པའི་དོན་དང་། ལུས་ཐམས་ཅད་དུ་ཁྱབ་པའི་བྱེད་ལས་ཙམ་གྱི་དགོངས་པ་ཡིན་ནོ། །དེ་ནས་ཡན་ལག་གི་རླུང་ལྔ་ནི། ཀླུའི་རླུང་ནི་སའི་ཁམས་ཀྱིས་བསྐྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་ཡི་གེ་ཨཱ་རིང་པོའོ། །རུས་སྦལ་ནི་རླུང་གི་ཁམས་ཏེ་ཨིའི་ཡི་གེར་བཤད་དོ། །རྩངས་པ་ནི་མེའི་ཁམས་ཏེ་ཡི་གེ་ཨར་ཡིན་ནོ། །ལྷ་སྦྱིན་ནི་ཆུའི་ཁམས་ཏེ་ཡི་གེ་ཨོ་རུ་འགྱུར་རོ། །ནོར་ལས་རྒྱལ་གྱི་རླུང་ནི་སའི་ཁམས་ཏེ་ཨལ་གྱི་ཡི་གེ་ཡིན་ནོ། །འདི་རྣམས་ཀྱང་། ཀླུ་ནི་ས་ཡིན་དེ་ནས་རུས་སྦལ་དང་ནི་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རྣམས་ནི་རླུང་དང་མེ་དང་ཆུ་དང་ས་རྣམས་ལས་ནི་རིམས་ཀྱིས་འབྱུང་བར་འགྱུར། ཞེས་གསུངས་སོ། །རླུང་བཅུ་པོ་འདི་ཐོག་མར་ཟླ་བ་རེ་རེ་ལ་རིམས་ཀྱིས་ནུས་པའི་སྟོབས་བསྐྱེད་ནས་སོ་སོའི་བྱེད་ལས་ནི་དུས་ཐམས་ཅད་དུ་བྱེད་ལ། ནུས་པ་སྡུད་པ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པ་ལ་ལོ་བཅུ་བཅུར་བཤད་དོ། །འདི་ལ་བརྟེན་ནས་ཕུང་པོ་རྣམ་པ་ལྔ་དང་རླུང་སྦྱར་བ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི། ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ལ་མུན་པའི་སྣང་བ་ཞེས་བྱ་བ་ཀུན་གཞི་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་ནི། ནམ་མཁའི་རླུང་དང་། འདུ་བྱེད་ནི་གཡོ་བའི་མཚན་ཉིད་ཡིན་པས་རླུང་གི་རླུང་དང་། ཚོར་བ་ནི་རྒྱུད་སྲེག་པའི་མཚན་ཉིད་ཡིན་པས་མེའི་རླུང་དང་། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་ཅིང་སྡུད་པ་ཡིན་པས་ཆུའི་རླུང་དང་། གཟུགས་ནི་སྲ་བ་ལ་སོགས་པའི་མཚན་ཉིད་ཡིན་པས་སའི་རླུང་སྟེ། རིམ་པས་སྣང་བ་ལས་མུན་པ། མུན་པའི་སྣང་བ་ལས་མཆེད་པ། དེ་ལས་ཉེ་བར་ཐོབ་པ་འབྱུང་བས་བསྐྱེད་བྱ་བསྐྱེད་བྱེད་དུ་གསུངས་སོ། །དུས་འཁོར་ལས་གཟུགས་ནི་ས་ལས་གྲུབ་ཅིང་སྲིད་པ་གསུམ་གྱི་གནས་སུ་ཆུ་ལས་ཀྱང་ནི་འདུ་ཤེས་འགྲུབ་པར་འགྱུར། །མེ་ལས་ངེས་པར་ཚོར་བ་ཡང་སྟེ་རླུང་རྣམས་ལས་ཀྱང་འདུ་བྱེད་ཕུང་པོ་ཉིད་དུ་འགྱུར་བ་ཡིན། །རྣམ་ཤེས་དང་ནི་ཡེ་ཤེས་འདྲེས་པ་ནམ་མཁའ་རྡོ་རྗེར་བཅས་པས་འདིར་ནི་ལུས་ལས་གྲུབ་པ་ཉིད། ཞེས་གསུངས་སོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ནི། ད་ལྟར་ལུས་གནས་ལས་བྱེད་པ། ཞེས་བྱ་བ་ནས་ཚིགས་སུ་བཅད་པ་དགུ་སྟེ། འདི་ལ་ཡང་ཐོག་མར་སྲོག་འཛིན་པའི་རླུང་གི་རྒྱས་བཤད་ནི། སྤྱིར་ལུས་རྣམས་ཀུན་ལ་ཁྱབ་ཀྱང་བྱེ་བྲག་ཏུ་བྱེད་ལས་གང་བྱེད་པ་ཡིན་ཞེ་ན། རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟེན་པར་བྱེད། །ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་དེ་ཀུན་གཞིའི་རྣམ་པར་ཤེས་པ་དང་ཕན་ཚུན་རྒྱུ་རྐྱེན་དུ་རྣམ་པར་བཞག་པ་སྔར་བཤད་པ་ལྟར་ཡིན་གྱི་ཀུན་གཞི་ཚུར་བརྟེན་ཞེས་པ་ནི་མ་ཡིན་ནོ། །འདི་ནི་གསང་བ་འདུས་པའི་རྒྱུད་ལས། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ཞེས་གསུངས་ཏེ། ད་ལྟར་ཡང་ཆ་ཤས་དུས་སྦྱོར་གྱི་རླུང་ལ་ཡང་འབྱུང་མོད་ཀྱི། ཁོ་རང་གཙོ་བོ་ནི། དུས་འཁོར་ལས་གསུངས་པ་ལྟར་འཆི་བའི་ཚེ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། དེ་ནས་རྣམ་པར་ཤེས་པ་གཞན་དུ་འཕོ་ཞེས་གསུངས་པ་འདི་ཡིན་ནོ། །མཚོ་བའི་གནས་སྐབས་ན་ནི། །ད་ལྟར་བདག་འཛིན་དྲན་པ་བསྐྱེད། །ཞེས་པ་སྟེ། འདི་མེད་ན་བདག་ཏུ་འཛིན་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མི་འབྱུང་མོད་ཀྱང་འདི་ཡོད་པའི་དབང་གིས་སྐྱེའོ། །གལ་ཏེ་གནས་གཞན་དུ་ལོག་ན་ནི་བརྒྱལ་བ་དང་སྨྱོ་བ་དང་འཆི་བ་བསྐྱེད་པར་བྱེད་དོ། །འདི་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་པྲ་རྣམས་ཀྱི་རང་བཞིན་ལྟ་བུ་དང་འདྲེས་ནས་ཡོད་ཅིང་། ཁ་དོག་མེད་པའི་ཁ་དོག་ཅན་ཡིན་པས། །ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཞེས་སོ། །ཐུར་སེལ་གྱི་རླུང་ནི། འོག་གི་རྩ་གསུམ་འདུས་མདོ་མན་ཆད་དུ་གནས་ཏེ། དེའི་བྱེད་ལས་ནི། དྲི་ཆེན་དང་དྲི་ཆུ་དང་ཁུ་བའི་ཁམས་འབྱིན་སྡོམ་བྱེད་པའི་ཕྱིར། ལོག་ན་ནི་སྨད་ཀྱི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ་ཞེས་ཚིག་བཅད་གཅིག་གིས་བསྟན་ཏོ། གྱེན་རྒྱུ་ནི། ལུས་ཀྱི་མདུན་ཕྱོགས་ཀྱི་རྩ་ནས་མགྲིན་པའི་གནས་སུ་ངག་གི་ལས་རྣམས་བྱེད་དེ། ལོག་ན་ནི་རོ་སྟོད་ཀྱི་ནད་བསྐྱེད་དོ་ཞེས་ཚིགས་བཅད་གཅིག་གིས་བསྟན་ཏོ། །མེ་མཉམ་ནི། ཕོ་བར་ཟུག་ནས་ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་ལོག་ན་ཕོ་བའི་ནད་བསྐྱེད་ཅེས་ཚིགས་བཅད་གཅིག་གོ །ཁྱབ་བྱེད་ནི། གཡས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་ཐམས་ཅད་དུ་ཁྱབ་པར་བྱེད་པས། ལོག་ན་ཞ་རེངས་ལ་སོགས་པའི་ནད་བསྐྱེད་དོ་ཞེས་ཚིགས་བཅད་གཅིག་གོ །ཡན་ལག་གི་རླུང་རྣམས་ནི་བདེན་བྲལ་རྒྱབ་ཕྱོགས་རླུང་འཚམས་དང་། གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཞེས་སྨོས་པ་ནི་དྲི་མ་མེད་པའི་འོད་ལས་སྲོག་སྟེང་དུ་རྒྱུ་སྟེ་ཐུར་སེལ་ལྟེ་བའི་འོག་ཏུ་རྒྱུའོ། །མཉམ་པ་ཤར་གྱི་འདབ་མ་ལ་སྣར་མའི་རྩ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་མེའི་འདབ་མ་ལ་གླང་པོ་ཆེའི་ལྕེའི་རྩའོ། །ཁྱབ་བྱེད་ལྷོའི་འདབ་མ་ལ་སེར་སྐྱའི་རྩའོ། །ཀླུ་བདེན་བྲལ་གྱི་འདབ་མ་ལ་རྒྱལ་གྱི་རྩའོ། །རུས་སྦལ་ཆུའི་འདབ་མ་ལ་རྒྱལ་བའི་རྩའོ། །རྩངས་པ་རླུང་གི་འདབ་མ་ལ་ཀུན་ཏུ་འཕྱང་པའི་རྩའོ། །ལྷ་སྦྱིན་བྱང་གི་འདབ་མ་ལ་ཨི་ཌའི་རྩའོ། །ནོར་རྒྱལ་དབང་ལྡན་གྱི་འདབ་མ་ལ་ཚུལ་འཆོས་པའི་རྩའོ། །ཞེས་གསུངས་སོ། །དེ་དག་གི་བྱེད་ལས་ནི་ཡུལ་ལྔ་འཛིན་པ་དང་སྒེག་པ་ལ་སོགས་པ་རྣམས་གཞུང་དུ་བཤད་པ་ཁོ་ན་ཡིན་ལ། ནོར་ལས་རྒྱལ་གྱི་བྱེད་ལས་ཀྱི་ཕྱོགས་ཅིག་ཤི་ནས་མ་འཐོར་བར་ལ་གནས་ཞེས་པའི་དོན་དུས་ཀྱི་འཁོར་ལོ་ལས་ཤི་བའི་ལུས་ལས་མི་གཏོང་ཞེས་པ་དང་། འགྱུར་ལ་ལ་ན་ཞག་གཅིག་གི་བར་ཞེས་བྱུང་སྟེ། དོན་ལ་ལུས་ཀྱི་སྲ་བའི་ཁམས་ཀྱི་རྡུལ་ཕྲ་རབ་མ་འཐོར་གྱི་བར་ལ་ཡོད་པར་རིགས་ཏེ། ཁམས་གཅིག་ལ་ཡང་ཁམས་ལྔ་ལྡན་དུ་བཤད་པའི་དོན་ཏོ། ད་ལྟ་རླུང་གི་ཐུན་ཆེན་པོ་བརྒྱད་ཀྱི་རང་བཞིན་ནོ། །འདི་རྣམས་ལའང་ལུང་མང་དུ་གསུངས་མོད་ཀྱི་ཡི་གེས་འཇིགས་པའི་ཕྱིར་མ་བྲིས་སོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ་བཞི་སྟེ། ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་ཚུལ་དང་། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ནི། །རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། །ཞེས་པ་ནས་ཚིགས་སུ་བཅད་པ་བཅུ་གཅིག་སྟེ། འདི་ལ་ཡང་། སྙིང་ཁ་དང་། སྤྱི་བོ་དང་། མགྲིན་པ་དང་། ལྟེ་བ་དང་། སྤྱིའི་ཁམས་དང་། ཚིགས་ཀྱི་འཁོར་ལོ་དང་། རྩ་ཐམས་ཅད་ཀྱི་རྒྱུ་ལུགས་དང་། འགག་པའི་ངེས་པ་རྣམས་རིམ་པ་བཞིན་དུ་འཆད་དོ། །དང་པོ་ནི། །སྲོག་རླུང་སྒྲ་གཅན་རང་བཞིན་ནི། །དབུ་མར་རྒྱལ་པོ་ལྟ་བུར་གནས། །ཞེས་བྱ་བ་ནི། མངལ་དུ་ཉེ་བར་སྦྱོར་བ་ནས་འཆི་བ་ལ་ཐུག་གི་བར་དུ་གནས་ཤིང་གཞན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །ཇི་ལྟར་སྙིང་ཁའི་འཁོར་ལོ་ལྟར། །འཁོར་ལོ་གཞན་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི། སྙིང་ཁར་གསུངས་པའི་རྩ་བ་དང་ཡན་ལག་གི་རླུང་འབྱུང་བ་བཞིའི་དབྱེ་བས། བརྒྱད་དུ་བཤད་པ་དེ་བཞིན་དུ་འཁོར་ལོ་གཞན་ཐམས་ཅད་ལ་ཡང་། སྡེ་ཚན་བརྒྱད་ཀྱི་རང་བཞིན་དུ་རྒྱུའོ། །དེས་ན་འཁོར་ལོ་དྲུག་ལ་རླུང་སྡེ་ཚན་དྲུག་ཅུ་ཐམ་པའོ། །དེ་ལས་བྱེ་བྲག་ཏུ་རྩའི་མང་ཉུང་དང་ཕྱི་ནང་གི་སྦྱོར་བས་མང་ཉུང་དུ་བཤད་པ་ཡིན་ནོ། །དེ་ནས་སྤྱི་བོའི་འཁོར་ལོ་བཤད་པ་ནི། །སྤྱི་བོའི་འཁོར་ལོ་སུམ་ཅུ་གཉིས། ཟླ་བའི་རྐང་པ་དང་མཚུངས་པའི། རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད། །ཅེས་སྨོས་ཏེ། ལུས་ལ་གནས་པའི་དུས་ན་ཕྱིའི་རྩ་བཅུ་དྲུག་ཡོད་པ་ནི་ཁྲག་གཙོ་བོར་རྒྱུ་ལ། ནང་གི་རྩ་བཅུ་དྲུག་ནི། ཟླ་བའི་རྐང་པ་དང་མཚུངས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བས་དེའི་ཕྱིར་བཅུ་དྲུག་ཏུ་དུས་འཁོར་ལས་བཤད་དོ། །དེ་ལ་ཡང་དབུ་མ་ལ་འཇུག་པས་གཉིས་ནི་སྟོང་པའི་རང་བཞིན་ཡིན་ལ། ཟླ་བའི་རྐང་པ་ཡང་འཕེལ་བ་དང་ཟད་པ་བཅུ་བཞི་ཡོད་པས། གཞན་དག་བཅུ་བཞི་རིམ་པ་ལྟར་རྩ་རྣམས་ལ་རྒྱུ་སྟེ། དེ་ཡང་གང་ཞེ་ན། རྩ་དང་པོ་གསུམ་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་དང་ལྡན་པའི་རླུང་རྒྱུའོ། །རྩ་བཞི་པ་ལ་ཡོན་ཏན་གཅིག་བྲི་བས་ཡོན་ཏན་བཞི་ལྡན་པ་རྒྱུའོ། །ལྔ་པ་ལ་ཡོན་ཏན་གསུམ་དང་ལྡན་པ་རྒྱུའོ། །དྲུག་པ་ལ་ཡོན་ཏན་གཉིས་དང་ལྡན་པ་རྒྱུའོ། །བདུན་པ་ལ་ཡོན་ཏན་གཅིག་དང་ལྡན་པ་རྒྱུའོ། །ཕྱི་མའི་རྩ་བདུན་རིམ་པས་བཟློག་པ་ནི། རྩ་བརྒྱད་པ་ལ་ཡོན་ཏན་གང་ཡང་མེད་པས་སྟོངས་པའི་ཕྱིར། ལྟག་ཁུང་གི་རྩ་ཡིན་ལ། དགུ་པ་ནས་ཡོན་ཏན་གཅིག་དང་། བཅུ་པ་གཉིས་དང་བཅུ་གཅིག་པ་གསུམ་དང་། བཅུ་གཉིས་པ་ལ་བཞི་དང་། བཅོ་ལྔའི་བར་གསུམ་ལ་ཡོན་ཏན་ལྔ་པ་དང་། དཔྲལ་བའི་ཐིག་ལེར་སྲོག་ཡོངས་སུ་གང་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྩའི་ནང་དུ་རླུང་རྒྱུ་རིམ་གྱིས་ཡོན་ཏན་བསྟན་པ་ཡིན་ལ། དོན་ལ་ཞག་གཅིག་ལ་དབྱུག་གུ་ཉི་ཤུ་རྩ་བརྒྱད་དང་། ནམ་མཁའ་ཡེ་ཤེས་ཀྱི་སྟོང་པ་གཉིས་སམ་བཞི་སྟེ། སྤྱིར་ན་དེ་དག་བསྡོམས་པས། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཡུད་ཙམ་སུམ་ཅུའི་བདག་ཉིད་ཀྱི་དག་པར་རྒྱུད་ཕན་ཚུན་ནས་བརྗོད་དོ། །མགྲིན་པ་རུ་རླུང་རྒྱུ་ཚུལ་ནི། མགྲིན་པར་རྩ་ནི་བཅུ་དྲུག་གོ །ཐབས་ཤེས་དབྱེ་བས་སུམ་ཅུ་གཉིས། །ཞེས་པ་ནི་རྒྱུ་ས་རྩ་ཡིན་ལ། ཇི་ལྟར་རྒྱུ་ཞེ་ན། དེ་ལ་བཞིར་ནི་སྟོང་པ་རྒྱུ་བ་སྟེ་དབུ་མའི་རིགས་སོ། །ལྷག་མ་ཉི་ཤུ་རྩ་བརྒྱད་པོ་ལ། གཞན་དག་ཕྱོགས་བཞིར་བདུན་བདུན་དུ། རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། །ཞེས་སྨོས་ཏེ། ཉི་ཤུ་རྩ་བརྒྱད་དང་། སྟོང་པ་ཡེ་ཤེས་ཀྱི་ཆར་བཅས་པའི་ཡུད་ཙམ་དང་དབྱུག་གུའི་བདག་ཉིད་ཀྱི་རླུང་རྒྱུའོ། །རྡོ་རྗེ་ཕྲེང་བ་དང་། བདེ་མཆོག་གི་རྒྱུད་རྣམས་སུ་མགྲིན་པ་ན་འཕོ་བ་བཅུ་དྲུག་གི་རྣམ་དག་ཏུ་གསུངས་པ་ནི། གོང་མའི་གཉིས་གཉིས་དྲིལ་བ་ཡིན་པས་འགལ་བ་མེད་དོ། །ལྟེ་བའི་ནང་གི་རྩ་ལ་རླུང་རྒྱུ་བའི་ཚུལ་ནི། ལྟེ་བའི་རྩ་ནི་དྲུག་ཅུ་བཞི། །ཁྱིམ་གྱི་དབྱེ་བས་ཕྱེ་བས་ན། །ཞེས་པ་ནི་སྔར་བཤད་པའི་རྩ་རྣམས་ཡིན་ལ། དེའི་ནང་དུ་ལྔ་ཚན་བཅུ་གཉིས་ལ་དྲུག་ཅུ་སྟེ། །དབྱུ་དགུ་དྲུག་ཅུའི་བདག་ཉིད་དོ། །དེ་ལ་གཡས་གཡོན་གྱི་ཆ། །ལུག་དང་གླང་གི་རྩ་ལྔ་ལྔར། །ས་ཆུ་མེ་རླུང་ནམ་མཁའ་དང་། ནམ་མཁའ་རླུང་མེ་ཆུ་སའི་སྡུད་པ་དང་བསྐྱེད་པའི་རིམ་པས་དྲུག་ཅུའི་བདག་ཉིད་དོ། །བཞི་ནི་སྟོང་པ་ཞེས་པ་ཡེ་ཤེས་ཀྱི་ཆ་དབུ་མ་ལ་རྒྱུའོ། །སྤྱིའི་ཁམས་བཤད་པ་ནི། །ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། །གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །ཞེས་བྱ་བ་ནི་འཁོར་ལོ་རྣམས་ཀྱི་རགས་པའི་སྡེ་ཚན་ཡིན་པས། སྤྱིར་ཡང་ཁམས་དེ་ཡིན་ལ། བྱེ་བྲག་གི་རྩ་བྲན་ལྔ་པོ་ལ་ཡང་། ནམ་མཁའ་ནི་དབུས་ཀྱི་ཆ་ཡིན་ལ། གཞན་རྣམས་ལ་ཕྱོགས་ཀྱི་དབྱེ་བས་དེ་སྐད་དུ་གསུངས་སོ། །ཚིགས་ཀྱི་འཁོར་ལོ་ལ་ནི། དེ་བཞིན་དུ་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་རེ་རེ་ལ་རྩ་སུམ་ཅུའི་ནང་དུ་རླུང་རྒྱུ་བས་སུམ་ཅུ་སྟེ། ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག་ནི་རླུང་དེ་དག་ཐམས་ཅད་ཀྱི་གྲངས་སོ། །ཉིང་ལག་སོར་མོའི་རྩ་རྣམས་ཀྱང་དེ་དང་མཚུངས་པ་ཡིན་ཏེ་སུམ་བརྒྱ་དྲུག་ཅུ་ཡིན་ནོ། །འདི་རྣམས་ཐམས་ཅད་ཀྱི་ངེས་པ་དུས་ཀྱི་འཁོར་ལོར། གཟའ་རྣམས་སྙིང་ཁའི་པད་མའི་འདབ་མར་དབྱུག་གུ་དྲུག་ཅུ་རྣམས་ནི་གསལ་བར་ལྟེ་བའི་པད་མར་རོ། །སྨིན་མའི་དབུས་སུ་རྒྱལ་པོ་ངེས་པར་ཉིན་ཞག་རྐང་པ་བཅུ་བཞི་སྐར་མ་ལོངས་སྤྱོད་འཁོར་ལོར་ཡང་། །ལྟེ་བའི་པད་མར་སླར་ཡང་སྐར་མ་རྣམས་ཀྱི་དབྱུག་གུ་རྣམས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། །དབྱུག་གུ་ཆུ་སྲང་རྣམས་ནི་རྐང་པ་ལག་པ་ལ་སོགས་གསལ་བར་ལུས་ཀྱི་ཚིགས་རྣམས་མ་ལུས་པ། །ལྟེ་བའི་པད་མ་ཉི་མའི་འདབ་མར་མཆོག་གི་ཆ་ནི་འཁོར་ཞིང་རིམས་ཀྱིས་ཀྱང་ནི་འཕོ་བར་བྱེད། །ཞེས་གསུངས་པ་ཡིན་ནོ། །རྩ་ཐམས་ཅད་ཀྱི་རྒྱུ་ལུགས་བཤད་པ་ནི། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བས་དབུ་མའི་བདག་ཉིད་གསུངས། །ཞེས་སྨོས་ཏེ། འདི་ནི་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་དགོངས་པ་འབྱུང་བ་ལྔའི་རླུང་ཁོ་ན་རྒྱུ་བར་བྱེད་པའི་རྩ་ཉི་ཁྲི་བཞི་སྟོང་པོ་འདི་ནི་དབུ་མར་ནམ་མཁའ་དང་སྒྲ་གཅན་གྱི་བདག་ཉིད་ཐུགས་ཀྱི་རྡོ་རྗེའི་ངོ་བོའོ། །དཀར་དམར་གྱིས་ཕྱེ་དེ་དང་མཉམ་པ་ནི། ཁྲག་འབབ་པའི་གསུང་རྡོ་རྗེའི་ངོ་བོ་ཉི་ཁྲི་བཞི་སྟོང་དང་སྐུ་རྡོ་རྗེའི་ངོ་བོ་དཀར་ཆ་འབབ་པ་ཉི་ཁྲི་བཞི་སྟོང་སྟེ་དེ་ཐམས་ཅད་དུ་ཡང་རླུང་གིས་ལས་བྱེད་པའི་ཕྱིར་བདུན་ཁྲི་ཉིས་སྟོང་དུ་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་རོལ་གཅིག་གི་དུས་སྦྱོར་དང་མཚུངས་པར་རྒྱུ་ཞིང་། དབུགས་དབྱུང་རྔུབ་གཅིག་ཀྱང་བ་སྤུའི་མཐར་ཐུག་པར་འགྲོ་ཞིང་རྒྱུ་བས་ན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ན་རྒྱུ་བར་འགྱུར། །ཞེས་སྨོས་པ་ཡིན་ནོ། །ཞར་ལ་རླུང་དེ་དག་འགག་པའི་དུས་ཀྱི་ངེས་པ་བསྟན་པའི་ཕྱིར། །གང་ཚེ་ལུག་སོགས་རྩ་གཅིག་དུ། །རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ། ཞེས་བྱ་བ་ནི་གང་གི་ཚེ་ལུས་ཅན་རྣམས་ཀྱི་དུས་སུ་འཆི་བའི་ལྟས་ནི། ལྟེ་བའི་ལུག་ལ་སོགས་པའི་རྩ་གཅིག་འགགས་པར་གྱུར་པ་དེའི་ཚེ་རྩ་ཆེན་པོ་ཉི་ཤུ་རྩ་བཞི་རྩ་བྲན་དང་རྣམས་སུ་ཡང་ཆ་ཤས་དེ་ཁོ་ན་བཞིན་དུ་འགག་པར་འགྱུར་ལ། གཞན་ནི་འོག་ནས་སྡུད་པའི་རིམ་པར་རྒྱས་པར་འཆད་དོ། །འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །ཞེས་བྱ་བ་ནི། ཕྱི་རུ་ལོ་གཅིག་ནང་དུ་ཞག་ཅིག་དང་། ཕྱིའི་ཟླ་བ་བཅུ་གཉིས་ནང་དུ་རླུང་གི་འཕོ་བ་བཅུ་གཉིས་དང་། འཕོ་བ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པས་དཀྱིལ་འཁོར་དྲུག་ཅུ་དང་། དཀྱིལ་འཁོར་དྲུག་བཅུ་ནི་དབྱུ་གུ་དྲུག་བཅུ་དང་། ཕྱིའི་ལོ་གཅིག་གི་ཆུ་ཚོད་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ནི་ནང་དུ་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་དང་། དེ་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡོད་པ་ནི། ཕྱི་རོལ་གྱི་ལོ་གཅིག་ལ། ཞག་བཅུ་གཅིག་བཞི་ཆ་ལྷག་པར་སྣང་བ་དང་། དེ་ལྟ་བུའི་སྦྱར་བཤད་མང་དུ་ཡོད་དེ། ཞིབ་ཏུ་ཁོ་བོས་རྩིས་ཐམས་ཅད་བསྡུས་པའི་རྟོག་པར་བཤད་ཟིན་པས་དེར་བལྟ་བར་བྱའོ། །ད་ནི་ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་པ་ནི། སྤྱིར་བསྟན་པ་དང་དུས་སྦྱོར་རྒྱས་བཤད་དང་། དབུ་མའི་ཆ་བཤད་པ་དང་གསུམ་ལས། དང་པོ་ནི་ཚིག་བཅད་གསུམ་དང་། རྐང་པ་གསུམ་སྟེ། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །ཞེས་པ་སྔར་བསྟན་པ་ལྟར་ཐམས་ཅད་དུ་རྒྱུ་ཡང་། བྱེ་བྲག་ཏུ་རླུང་ཐམས་ཅད་ཀྱི་འཇུག་སྒོ་ཆེན་པོ་ཡིན་པས། ལྟེ་བའི་དཀྱིལ་འཁོར་ནས་སྣར་རྒྱུ་བའི་ཚུལ་ནི། རོ་རྐྱང་གི་རྩ་ཆེན་གཉིས་བརྒྱུད་ནས་སྣ་བུག་དུ་འབྱུང་སྟེ། གཡས་པ་ཉི་མ་དུག་གི་རླུང་ནི། གཡས་པ་ཉི་མ་ཐབས་ཀྱི་ཆ་ཡིན་ཀྱང་། ངོ་བོ་གསུང་རྡོ་རྗེའོ། །གཡོན་པ་ཟླ་བ་བདུད་རྩི་ཤེས་རབ་ཀྱི་རང་བཞིན་སྟེ། ངོ་བོ་སྐུ་རྡོ་རྗེའོ། །དེ་གཉིས་རེ་རེ་ལ་རླུང་ཁྲི་དང་བཞི་བརྒྱ་དྲུག་བཅུ་རྩ་ཕྱེད་དང་གསུམ་པ་ཚན་པ་རེ་རེ་ནི་གཡས་གཡོན་གྱི་སྣང་བུག་རེ་རེ་ནས་འབྱུང་བའི་ཕྱིར་ལས་རླུང་ཐམས་ཅད་ལ་ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་གཉིས་དབུས་ན་རྒྱུ་བའི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡོད་དེ། དེ་ནི་ཕྱི་རོལ་དུ་སྒྲ་གཅན་དང་། གོ་འབྱེད་པའི་ཕྱིར་ནམ་མཁའ་དང་། དབུ་མ་ལ་འཇུག་པའི་དོན་གྱིས་ཡེ་ཤེས་ཀྱི་རླུང་སྟེ། ཐབས་ཤེས་རབ་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན། གཡས་པ་ནི་གསུང་གི་རྡོ་རྗེ། གཡོན་པ་ནི་སྐུའི་རྡོ་རྗེའི་རང་བཞིན་ཡིན་ནོ། །དེ་ལ་ངོ་བོའི་དབྱེ་བ་ཡིས་འོག་ནས་སྟོན་པ་ལྟར་ས་ལ་སོགས་པ་ལྔའི་བདག་ཉིད་དོ། །འདི་ལ་ཡང་དང་པོ་རྒྱུ་བའི་ཐོག་མ་གང་ཡིན་པ་ཤེས་དགོས་པས། སྐྱེས་དུས་མ་དང་འབྲེལ་པའི་རླུང་། །ཆད་ཅིང་དེ་ནས་སྣར་རྒྱུ་བས། །ཀར་ཀ་ཏའི་ཁྱིམ་དུ་བཤད། །ཞེས་སྨོས་ཏེ། འདི་ནི་སྤྱན་རས་གཟིགས་ཀྱིས། དེ་ཡང་འདིར་ཇི་ལྟར་ཀར་ཀ་ཏའི་དུས་སྦྱོར་གྱིས་དབང་གིས་ཕྱི་རོལ་དུ་ཉི་མ་སྐྱེ་བའི་ཁྱིམ་གང་ལ་སྐྱེས་པའི་ཉི་མ་ཀར་ཀ་ཏཱ་ཡིན་པ་དེ་བཞིན་དུ་སེམས་ཅན་སྐྱེས་པ་ཐམས་ཅད་གང་དུ་སྐྱེ་བའི་དུས་དེར་ཡང་རླུང་རྒྱུ་བར་འགྱུར་བའི་ཁྱིམ་དེ་ཡང་ཀར་ཀ་ཏ་ཁྱིམ་གྱི་མིང་ཅན་དུ་རིག་པར་བྱའོ། །སྲོག་སྐྱེ་བ་ཞེས་པ་ཡང་ཀར་ཀ་ཏའི་དུས་སྦྱོར་གྱི་རིགས་པས་སོ། །ཞེས་གསུངས་པའི་དོན་ཡིན་ནོ། །དུས་སྦྱོར་རྒྱས་པར་བཤད་པ་ནི། ད་ནི་དུས་སྦྱོར་བཤད་པར་བྱ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡང་སྣར་འབྱུང་པའི་རླུང་ནི། ལྟེ་བ་ནས་ཇི་ལྟར་དུ་འབྱུང་ཞེ་ན། སྔར་གོང་དུ་བསྟན་པའི། །རྩ་བ་ཡན་ལག་བཅས་པའི་རླུང་། །ལུས་ཀུན་འཁོར་ལོ་རིམ་བརྒྱུད་དེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད། །ཞེས་སྨོས་ཏེ། སྙིང་ཁའི་ཐུན་བརྒྱད་དང་། མགྲིན་པའི་རྒྱུ་སྐར་གྱི་རླུང་དང་། སྤྱི་བོའི་ཟླ་བའི་རླུང་དང་། ཡུལ་ཉི་ཤུ་རྩ་བཞིའི་རླུང་དང་། ཚིགས་ཆེན་གྱི་འཁོར་ལོའི་རླུང་ཐམས་ཅད་ལྟེ་བའི་ཁྱིམ་བཅུ་གཉིས་གྱི་གནས་སུ་བརྒྱུད་ཅིང་སྲོག་གི་ནུས་པ་བསྐྱེད་དེ། དེ་ནས་སྣར་རྒྱུ་བར་འགྱུར་རོ། །དེའི་ཕྱིར་གླང་ལ་སོགས་པའི་མཉམ་པ་དྲུག་དང་། ལུག་ལ་སོགས་པའི་མི་མཉམ་པ་དྲུག་གི་ཁྱིམ་བཅུ་གཉིས་སུ་རེ་མོས་ཀྱིས་གཡས་དང་གཡོན་ནས་འབྱུང་བས་འཕོ་བ་བཅུ་གཉིས་སུ་འགྱུར་རོ། །དེ་ཉིད་ཀྱི་རིམ་པ་རྒྱས་པར་བཤད་པའི་དོན་དུ། ཉི་མ་ལྷོར་བསྒྲོད་དང་པོ་ལ་ཞེས་སྨོས་པ་ནི། ཉི་མ་ཀར་ཀ་ཏའི་ཁྱིམ་དུ་སྐྱེས་ནས་ལྷོར་བསྒྲོད་པའི་ཟླ་བ་དྲུག་ལ་ཉི་མ་འབྲི་བ་དང་། ཟླ་བ་ནི་སྟོབས་དང་ལྡན་པས་འཕེལ་བར་བཤད་ལ་ཆུ་སྲིན་ལ་སོགས་པའི་ཉི་མ་བྱང་དུ་བསྒྲོད་པ་ཟླ་བ་དྲུག་ལ་ཟླ་བའི་ནུས་པ་འབྲི་བ་དང་ཉི་མའི་ནུས་པ་འཕེལ་བས། འདིར་གཡས་ནས་རྒྱུ་བའི་དུས་སྦྱོར་དྲུག་ནི། ཉི་མའི་སྟོབས་དང་ལྡན་པ་ཐབས་ཀྱི་རླུང་ཡིན་ཀྱང་། ཕྱིར་རྒྱུ་བས་ནུས་པ་ཟད་པའི་ཕྱིར་ཀར་ཀ་ཏ་གཡས་པ་ནས་རྒྱུ་བར་བཤད་དོ། །ཆུ་སྲིན་ནི་གཡོན་པ་ནས་རྒྱུ་བར་བརྗོད་དོ། །དྲི་མ་མེད་པའི་འོད་ལས་དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ལྡན་དུ་འགྱུར་ཏེ། བྱང་དུ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་ལ་གཡོན་གྱི་རྩའི་ཟླ་བ་ཁུ་བའི་ཁམས་བདག་པོའོ། །ལྷོ་རུ་གླང་དང་ཀར་ཀ་ཏ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་དུ་ཉི་མ་རྡུལ་གྱི་ཁམས་བདག་པོར་འགྱུར་རོ། །ཞེས་གསུངས་པས། འདིར་སྣ་བུག་གཡས་པ་ནས་འབྱུང་བ་ཐོག་མར་བཤད་ལ། འཆི་རྟགས་ཀྱི་སྐབས་ནས། སྐྱེ་བའི་དུས་སུ་གཡས་ནས་དང་པོ་རྒྱུ་ན་གཡས་ནས་འཆི་རྟགས་འཕེལ་བ་དང་། གཡོན་ནས་དང་པོ་རྒྱུ་ན་གཡོན་ནས་འཆི་རྟགས་འཕེལ་བ་ཡང་གསུངས་སོ། །དེ་ལྟར་གསུངས་པའི་གཡས་གཡོན་འཕོ་བ་རྣམས་ཀྱི་གྲངས་ནི། སྣ་བུག་གཡས་ནས་འབྱུང་བའི་རླུང་ལ། ཐོག་མར་སའི་རླུང་སུམ་བརྒྱ་དྲུག་བཅུ་དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་། ནམ་མཁའ་རིམ་པ་བཞིན་དུ་འབྱུང་བ་སྡུད་པའི་རིམ་པས་རྒྱུ་བའི་ཕྱིར་སུམ་བརྒྱ་དྲུག་བཅུ་དྲུག་བཅུ་སྟེ། ཀུན་ལ་སྟོང་དང་བརྒྱད་བརྒྱའོ། །དེའི་འོག་དུ་གཡོན་པ་ཟླ་བའི་རླུང་རྒྱུ་བའི་རིམ་པ་ནི། ཡང་ཐོག་མར་ནམ་མཁའི་རླུང་སུམ་བརྒྱ་དྲུག་བཅུ་འབྱུང་ལ། དེ་བཞིན་དུ་རླུང་མེ་ཆུ་དང་སའི་རིམ་པས་གྲངས་གོང་དང་མཚུངས་པར་རྒྱུ་བས། དེ་ལྟར་འཕོ་བ་བཅུ་གཉིས་ལ། ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་སྟེ། ཞེས་སྨོས་པ་ཡིན་ནོ། །དེ་ལ་དབུ་མའི་ཆ་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་དང་ཚིག་རྐང་གསུམ་སྟེ། དེ་ལ་ཡེ་ཤེས་རླུང་བཤད་པ། །དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཡིན། །ཞེས་བྱ་བ་ནི། ཞག་གཅིག་གི་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་བཅུ་རྩ་ལྔའོ། །དེ་ལ་འཕོ་བ་རེ་རེའི་ནང་ནས་དུ་ཡོད་ཅེ་ན། ལྔ་བཅུ་རྩ་དྲུག་དང་བཞི་ཆའོ། །སའི་འབྱུང་ཆུང་ལ་སོགས་པའི་དབྱུ་གུ་དྲུག་བཅུ་པོ་རེ་རེས་བཅུ་གཅིག་བཞི་ཆ་ཐོབ་སྟེ། དེའི་ངེས་པ་དབུགས་གཅིག་ལ་ཡང་ཆ་ཤས་ཡོད་པས། །མདོར་ན་དབུགས་གཅིག་སོ་གཉིས་ཆ། །བསགས་པས་དེ་ལྟར་གྱུར་པ་ཡིན། །དེ་ཡང་ཕྱེད་ནི་ཕྱིར་རྒྱུ་ལ། །ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །ཞེས་སྨོས་པ་ཡིན་ནོ། །འདི་ནི་གཟའ་ཀུན་རྐང་པ་སྟེ། །ཞེས་པ་ནི། ཕྱི་རུ་ཉི་ཟླ་དང་གཟའ་ལྔ་དང་དུ་བ་འཇུག་རིངས་ལ་སོགས་པ་རྣམས་ཀྱི་རྩིས་དག་པར་བྱེད་པའི་རྐང་པ་ཡང་འདིས་བྱེད་ཅིང་། ནང་དུ་སྣ་བུག་གཉིས་ཀྱི་རླུང་དང་། དབང་པོའི་སྒོ་ལྔ་དང་། སྤྱི་གཙུག་དང་། ཐུར་དུ་སེལ་བ་ལ་སོགས་པའི་རླུང་ཐམས་ཅད་དབུ་མའི་ཆ་ཤས་འདི་ལས་འབྱུང་པའི་དོན་ཡིན་ནོ། །འདི་ཕྱིར་འགྲོ་བ་འཕེལ་བ་ལས་འོག་ནས་སྟོན་པའི་དབུ་མའི་འཆི་ལྟས་འབྱུང་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་ཟིན་ན་རྡོ་རྗེའི་ལུས་འགྲུབ་པའི་རྒྱུ་ཡིན་པས། ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་འཕེལ་བས་འཆི་མེད་འགྲུབ། །ཞེས་སྨོས་སོ། །འདིའི་རླུང་རིམ་པས་བསགས་ན། སྐྱེས་བུ་ཚེ་ལོ་བརྒྱ་པའི་ཡེ་ཤེས་ཀྱི་རླུང་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་འབྱུང་བའི་ཕྱིར། ལོ་བརྒྱའི་ལས་རླུང་གི་ཚོགས་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པའི་ཕྱིར། དེ་ལ་དགོངས་ནས། ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་འགྱུར་བ་དང་། ཤེས་བྱ་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིར། ལོ་བརྒྱའི་རྒྱུ་བ་བསྡོམས་པས་ན། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས། །འདི་དོན་རྟོགས་པས་མ་ནོར་འཆར། །ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་ལ། སྣའི་ཕྱོགས་གང་དུ་འབྱུང་བ་དང་། ཁ་དོག་དང་། གཟའ་རྣམས་ལ་སྦྱར་བ་དང་། ལས་གང་འགྲུབ་པ་དང་། ཕྱིར་འགྲོ་བའི་རིང་ཐུང་དང་ལྔས་སྟོན་པ་ལ། །རྒྱུ་རིམས་ཁ་དོག་སྟོབས་ཡོན་ཏན། །ཞེས་བྱ་བ་ནས་ཚིག་བཅད་དྲུག་པོ་འདི་རྣམས་ཤིན་ཏུ་གོ་བདེ་མོད་ཀྱིས་ཀྱང་། ཅུང་ཟད་བཤད་ན། སྣའི་ཀ་བའི་ཕྱོགས་སུ་བདབས་ཏེ་རྒྱུ་བ་ནི་གཉིས་ཀའི་ཆུའི་རླུང་ཡིན་ལ། ཕྱི་རོལ་གཉིས་ནི་མེ་རླུང་ཡིན་ནོ། །སྟེང་གི་ཕྱོགས་གཉིས་ནི་རླུང་གི་རླུང་ཡིན་ལ། འོག་གི་མཆུ་ལ་བརྟེན་པ་གཉིས་ནི་སའི་རླུང་ཡིན་ནོ། །དེ་རྣམས་ཀྱི་དབུས་ནས་རྒྱུ་བ་ནི་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་སོ། །ཁ་དོག་གི་རིམ་པ་ཡང་། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ་རླུང་གི་རླུང་ནག་པོ་ནམ་མཁའ་ནི་སྔོན་པོར་འདོད་དོ། །ཡང་ན་སྣ་ཚོགས་པ་ཞེས་བྱ་བ་ལྗང་ཁུའི་ཁ་དོག་གོ །གཟའ་རྣམས་ལ་སྦྱར་བ་ནི། །འདི་དག་སྟོབས་ནི་གཡས་པ་རྣམས། །སྤེན་ཕུར་བཀྲ་ཤིས་ཉི་མ་མེ། །ས་སོགས་རིམ་པས། ཞེས་པ་དབྱངས་རིང་པོ་དང་དྲག་པོའི་གཟའ་རྣམས་ཏེ། ས་རླུང་ནི་སྤེན་པ་དང་ལཱྀ་ཡིག་གོ །ཆུ་རླུང་ལ་ཕུར་བུ་དང་ཨཱུའོ། །མེ་རླུང་ལ་མིག་དམར་དང་རཱྀའོ། །རླུང་གི་རླུང་ལ་ཉི་མ་དང་ཨཱིའོ། །ནམ་མཁའི་རླུང་ལ་དུས་མེ་དང་ཨཱའོ། །གཡོན་པ་རྣམས། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་འཇུག་རིང་མཁའ་རིམ་བཞིན། ཞེས་པ་ནི་ཡི་གེ་ཐུང་ངུ་རྣམས་དང་ཞི་བའི་གཟའ་རྣམས་ཏེ། ནམ་མཁའི་རླུང་ལ་སྒྲ་གཅན་དང་ཨའོ། །རླུང་གི་རླུང་ལ་ཟླ་བ་དང་ཨཱིའོ། །མེ་རླུང་ལ་གཟའ་ལག་དང་རཱྀའོ། །ཆུ་རླུང་ལ་པ་སངས་དང་ཨུའོ། །ས་རླུང་ལ་འཇུག་རིངས་དང་ལྀའོ། །དེ་ལྟར་གཟའ་དང་སྦྱར་བའི་རིམ་པ་ནི། ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ་ནང་དུ་འཆར་བ་ཡིན་ནོ། །ལས་གང་འགྲུབ་པ་ནི། ཕུང་པོ་ཁམས་སོགས་དེ་མཐུན་ཕྱིར། ཞེས་པ་ནི། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། ཕྱི་རོལ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རང་རང་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། ནམ་མཁས་ནི་བསད་གསོ་ལ་སོགས་པ་ལས་ཐམས་ཅད་འགྲུབ་ལ། རླུང་གིས་བསྐྲད་པ་དང་བསད་པ་མེས་དབང་དང་དགུག་པ། ཆུས་ཞི་བ་དང་རྒྱས་པ། སས་རེངས་པ་དང་རྨོངས་པའི་ལས་འགྲུབ་ལ། ཡེ་ཤེས་ལས་ནི་ཐམས་ཅད་པ། ཞེས་པའི་དོན་ནི། དུས་འཁོར་ལས་བསད་པ་མ་གཏོགས་པའི་ལས་ཐམས་ཅད་ཡེ་ཤེས་ཀྱིས་འགྲུབ་བོ་ཞེས་གསུངས་པས། ཡེ་ཤེས་རྒྱུ་བའི་དུས་གང་ཞེ་ན། རླུང་མཉམ་དུ་རྒྱུ་བའི་དུས་སུ་བཤད་དོ། །ཕྱིར་འགྲོ་བའི་རིང་ཐུང་ནི། སྣ་རྩེའི་ཕྱི་རོལ་ནས་ས་རླུང་ནི་སོར་བཅུ་གཉིས་སུ་རྒྱུའོ། །ཆུ་སོར་བཅུ་གསུམ། མེ་བཅུ་བཞི། རླུང་བཅོ་ལྔ། ནམ་མཁའ་བཅུ་དྲུག་གི་བར་དུ་འགྲོ་སྟེ། དེའི་རྒྱུ་མཚན་ནི་འབྱུང་བའི་ལྕི་ཡང་གི་ཡོན་ཏན་གྱི་དབང་གི་རིམ་པས་རིང་བ་དང་ཐུང་བ་ཡིན་པར་དུས་ཀྱི་འཁོར་ལོ་ལས་གསུངས་སོ། །གསང་འདུས་ཀྱི་གདམས་པ་ཁ་ཅིག་ལས་ནི། འཁོར་ལོ་བཞི་ལས་རླུང་བཞི་འབྱུང་བ། སྤྱི་བོ་ནས་རླུང་གི་རླུང་འབྱུང་བས་སོར་ཉི་ཤུ་དང་། མགྲིན་པ་ནས་མེ་རླུང་འབྱུང་བས་སོར་བཅོ་བརྒྱད་དང་། སྙིང་ཁ་ནས་ཆུ་རླུང་འབྱུང་པས་སོར་བཅུ་དྲུག་དང་། ལྟེ་བ་ནས་ས་རླུང་འབྱུང་པས་སོར་བཅུ་གཉིས་སུ་བཞེད་པ་ཡང་སྣང་ངོ་། །རྟེན་འབྲེལ་རྩིས་དང་དབྱངས་སྦྱར་པ། །ཁོ་བོས་རྩིས་ཀུན་བསྡུས་པར་བཤད། །ཅེས་པ་ནི་ནང་དུ་རང་ལ་རྟེན་འབྲེལ་འཆར་བ་དང་། ཕྱི་རུ་གཞན་ལ་ལུང་སྟོན་པར་བྱེད་པ་བསྡུས་པ་ནི། །གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །གཞན་ཡང་གཡས་ཀྱི་དུས་སྦྱོར་དུ། །རྒྱུ་དུས་གཡུལ་འགྱེད་གང་འདྲི་བ། །དུས་མེས་འཆི་བར་སྟོན་པ་སྟེ། །རླུང་དུ་ཉི་མས་ཡན་ལག་ཉམས། །མེར་ནི་མིག་དམར་གྱིས་སྣང་འགྱུར། །ཆུར་ནི་ཆུར་བུ་ཉེན་ཆེའོ། །སར་ནི་སྤེན་པ་འཆར་བ་ཡིས། །གཡུལ་དུ་ཡུན་རིངས་རྩོད་པར་འགྱུར། །ནད་པ་རྣམས་ལ་གོ་རིམ་བཞིན། །འཆི་དང་ཉོན་མོངས་རྨ་དོད་དང་། །བཅོས་འཚོ་ནད་ཡུན་རིང་བར་འགྱུར། །ཡུལ་གྱི་ལྟད་མོ་བག་མ་དང་། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་བཟང་བ་མ་ཡིན་ཏེ། །འབྲས་བུ་སྣ་ཚོགས་སྔ་མ་བཞིན། །གང་གིས་གཡོན་པའི་དཀྱིལ་འཁོར་དུ། །གཡོན་ངོས་སྒྲ་གཅན་འཆར་ཚེ་འདྲི། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། ཟླ་བ་རླུང་སྟེ་དགྲ་བོ་ཡི། ཡན་ལག་འགའ་ཞིག་ཉམས་བྱེད་འགྱུར། །མེ་ལ་གཟའ་ལག་དགྲ་བོ་སྨས། །པ་སངས་ཆུ་སྟེ་ནོར་ཐོབ་འགྱུར། །ས་ཡི་དཀྱིལ་འཁོར་འཇུག་རིངས་འཆར། །དགྲ་རྣམས་རང་གི་དབང་དུ་འགྱུར། །ནད་པ་རྣམས་ནི་འཚོ་བ་དང་། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། །སྒྲ་གཅན་མ་གཏོགས་གཞན་རྣམས་དག །དྲག་པོའི་ལས་ལ་སྟོབས་ལྡན་མིན། །གཞན་ཡང་རང་ཉིད་མཉམ་བཞག་དུས། །དུས་མིན་ཕྱིན་ཅི་ལོག་འཕོ་ན། །གཡོན་གྱི་ཕྱོགས་རྣམས་སྔར་ལྟར་བཟང་། །ནོར་དང་ཟས་དང་ལོངས་སྤྱོད་འཐོབ། །གཡས་ཕྱོགས་དུས་མིན་འཕོ་བ་ངན། །ནད་དང་ནོར་ཉམས་འཇིགས་སྐྲག་དང་། །གཏམ་ངན་ཐོས་པར་འགྱུར་བའི་རྟགས། །ཇི་ལྟར་ཡུན་རིང་ཕྱིན་ལོག་རྒྱུ། །འཆི་བའི་ལྟས་སུ་སྟོན་པར་བྱེད། །དེ་སོགས་དཔག་དུ་མེད་པ་ཡིན། །གང་གི་ཕྱིར་དུས་མ་ཡིན་པར་འཆི་བའི་ལྟས་བྱུང་ན། བཟློག་པའི་ཆོ་ག་ཡང་བཤད་པར་བྱ་སྟེ། །ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་སྒོམ། །རྐང་པ་དཀྱིལ་དཀྲུང་ལུས་བསྲངས་ནས། ལག་གཉིས་མཆན་ཁུང་འཕར་རྩ་བསྡམ། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཞེས་བྱ་བ་འདི་ནི་ཁོ་བོས་རྒྱུད་འགྲེལ་རྣམས་ལས་བསྡུས་པ་ཡིན་ནོ། །རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་ནི། རླུང་གི་རྒྱུ་ཚུལ་འདི་ནི་རྡོ་རྗེ་འཕྲེང་བ་ལས་གསུངས་པའི་ཚིགས་སུ་བཅད་པ་བརྒྱད། འཚམས་སྦྱོར་གྱི་ཚིགས་བཅད་དང་བཅས་པ་སྟེ། འདི་ལ་འཕགས་སྐོར་པ་རྣམས་ཀྱི་འབྲུ་གནོན་དུ་མ་ཡོད་མོད་ཀྱི། འདིར་མི་འགལ་བར་བཤད་པར་བྱ་སྟེ། སྣའི་བུ་ག་ལས་བྱུང་ཞིང་། རླུང་ལྔ་སྟེང་དུ་ཡང་དག་རྒྱུ། ཞེས་བྱ་བ་ནི་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལྔའོ། །དཀྱིལ་འཁོར་ལྔ་པོ་དེ། རྣལ་འབྱོར་པས་རྡོ་རྗེའི་བཟླས་པ་བྱེད་པའི་དུས་ན་རླུང་གི་ཕྲ་མོའི་བཟླས་པ་རྣམས་བཞི་བྱའོ། །དེ་ཡང་གཡོན་པ་གཡས་དང་གཉིས་ག་དང་། དལ་བར་རྒྱུ་བ་རྣམ་པ་བཞི། །ཞེས་བྱ་བ་ནི་མདོར་བསྟན་ནོ། །དེ་ལས་བཞི་པོ་རྒྱས་པར་བཤད་པ་ནི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། པད་མའི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་རང་ཉིད་ཀྱི་སྣ་གཡས་པ་ནས་བྱུང་པ་མེའི་ཁམས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་པོ་འདི་ནི། ཉི་མའི་ཁམས་ཀྱི་རང་བཞིན་ཁ་དོག་དམར་པོ་དབང་དང་དགུག་པ་དང་། ལས་ཐམས་ཅད་འགྲུབ་པར་བྱེད་པའི་བཟང་པོ་འདི། པད་མའི་མགོན་པོ་འོད་དཔག་དུ་མེད་པའི་རིགས་པད་མ་མཐར་བྱེད་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སམ་ཡང་ན་གསུང་གི་རྡོ་རྗེའི་རང་བཞིན་རྒྱུ་བ་ཡིན་པས། ཡི་གེ་ཨ་ཡི་བཟླས་པ་དང་ལྷན་ཅིག་བསྒྲུབ་བོ། །ཡང་གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་དུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་སྣ་གཡོན་པ་ནས་འབྱུང་བ་ཤེས་རབ་ཀྱི་ཁམས་ཀྱི་རང་བཞིན་ཟླ་བའི་རླུང་ཡིན་ཀྱང་། མཐུན་པའི་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་རླུང་གི་དཀྱིལ་འཁོར་དང་འདྲེས་པ་དཀྱིལ་འཁོར་ལྔའི་རིམ་པ། ཁ་དོག་ལྗང་སེར་དུ་སྣང་བ་སྟེ་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱེད་པ་སྐུ་རྡོ་རྗེ་དང་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་འདྲེས་པའི་རང་བཞིན་གྱི་རྒྱས་བཏབ་པའི་ལྷ་དང་། ཡི་གེ་ཨོཾ་དང་ལྷན་ཅིག་རྡོ་རྗེའི་བཟླས་པ་བྱའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་ནི་སྣ་གཉིས་ཀ་དང་སྟེང་དང་འོག་གི་ཆ་གཉིས་ཀ་ནས་འབྱུང་བའི་ཁམས་སའི་དཀྱིལ་འཁོར་གྱི་རང་བཞིན། ཁ་དོག་སེར་པོ་ལྟེ་བའི་དཀྱིལ་འཁོར་ནས་ཐུར་དུ་ཡེ་ཤེས་ཀྱི་ཁམས་དཀར་དམར་ལྷན་ཅིག་པའི་རིན་པོ་ཆེའི་མགོན་པོ་རྒྱུ་བ། གོང་བུའི་གཟུགས་ཀྱིས་འོག་གི་སྣ་རྩེར་བཅིངས་ཏེ། རྡོ་རྗེའི་བཟླས་པ་བྱས་ན་ཐིག་ལེའི་རྣལ་འབྱོར་འགྲུབ་པའོ། །དེ་ནས་གཞན་ཡང་དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུའི་དཀྱིལ་འཁོར་སྟེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་དལ་ཞིང་ཕྱོགས་གཅིག་དུ་རྒྱུ་བ་མེད་པ་ཡེ་ཤེས་ཀྱི་ཁམས་དག་པའི་ཤེལ་ལྟར་སྣང་བ་དྲི་མ་མེད་ཅིང་འོད་གསལ་བ་འདི་ནི་ཆུའི་དཀྱིལ་འཁོར་སྟེ། རྡོ་རྗེའི་མགོན་པོ་ཐུགས་ཀྱི་རྡོ་རྗེ་རྒྱུ་བ་ཡིན་པས་དབུ་མ་རུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ལྷན་ཅིག་ཡི་གེ་ཧཱུྃ་གི་རྣམ་པའི་རྡོ་རྗེའི་བཟླས་པ་བསྒྲུབས་ན་འོད་གསལ་བ་འཐོབ་པོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའི་བཟླས་པ་བཞི་ནི་དབྱུང་བ་དང་རྔུབ་པ་དང་། གནས་པ་དང་བདེ་བ་ཆེན་པོ་རོ་མཉམ་པར་བྱ་བའི་རིམ་པ་སྟེ། །སྐུའི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །རྡོ་རྗེ་སེམས་དཔར་བདག་ཉིད་སྦྱོར། །ཞེས་བྱ་བའི་ལས་བསྒྲུབ་པའི་བསྒྲུབ་ཐབས་འཕགས་པ་ཀླུ་གྲུབ་ཉིད་ཀྱིས་འགྲེལ་པ་མཐའ་དྲུག་ཆེན་པོ་ལས་གསུངས་པ་དང་། ཡང་འཁོར་ལོ་བཞིའི་དབུས་སུ་མགྲིན་པར་པད་མའི་མགོན་པོ། སྤྱི་བོར་ལས་ཀྱི་མགོན་པོ། སྙིང་ཁར་རྡོ་རྗེའི་མགོན་པོ། ལྟེ་བར་རིན་པོ་ཆེའི་མགོན་པོའི་རང་བཞིན་གྱི་རྡོ་རྗེའི་བཟླས་པ་བསྒོམ་པར་གསུངས་པས། འོག་ནས་འབྱུང་བའི་ཚིགས་བཅད། །དེ་ལྟར་རླུང་གི་སྣ་རྩེ་ནི། །ཁ་དོག་ལྔ་པར་རྣམ་པར་བསྒོམ། །སྔགས་བཟླས་བ་ཡི་གྲངས་ཀྱིས་ནི། །མཉམ་བཞག་ཉིན་མཚན་རྟག་ཏུ་ཟློས། །ཞེས་བཤད་པ་ལ་འགལ་བ་མེད་དོ། །སྔོན་གྱི་ཡིག་སྒྲོས་ལ་གོང་མའི་རྒྱུ་བ་བཞི་པོ་དང་ལྔ་པ་ནི། ཁམས་ཀུན་ལས་ནི་ཡང་དག་འབྱུང་། །རྟེན་དང་བརྟེན་པས་བཟུང་བས་ན། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། ཞེས་བྱ་བ་འདི་སྦྱོར་མོད་ཀྱི་དེ་ལྟར་ན་དཀྱིལ་འཁོར་ལྔ་ཞེས་འབྱུང་བར་རིགས་པ་ལ། གོང་མ་འདི་རྣམས་བཟླས་པ་ཡིན་པའི་ཕྱིར། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །ཞེས་གསུངས་པས་འདི་ནི་རྡོ་རྗེའི་བཟླས་པའི་རིམ་པར་བཤད་པ་ལེགས་སོ། །གོང་མའི་འབྲུ་གནོན་ཡང་ས་ལ་སོགས་པའི་ཁམས་ཀུན་ལས་བྱུང་བ། རྟེན་ལུས་དང་། བརྟེན་པ་སེམས་སམ། ཡང་ན་རྟེན་འོད་གསལ་བ་ལ་བརྟེན་པའི་ཀུན་གཞིའི་རྣམ་པར་ཤེས་པས་བཟུང་བ་ནི། ལུས་ཡིན་པས་དེ་ནི་མུན་པ་ཆེན་པོའི་རླུང་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྟེ། འཆི་བའི་མཐར་འབྱུང་བར་འགྱུར་བས། གསུང་གི་དཀྱིལ་འཁོར་བཞི་པོ་འདི་དག་ནི་རྣལ་འབྱོར་པས་བཟླས་པས་འཆི་བ་མེད་པའི་རྡོ་རྗེའི་ལུས་འགྲུབ་པར་འགྱུར། ཞེས་བྱ་བའི་དོན་ཡིན་ནོ། །དགོངས་པ་མཐའ་དག་གི་འཕྲོས་པ་ཡོད་མོད་ཀྱི་ཆོག་གོ །བློ་ཆུང་ངུ་རྣམས་ཀྱིས་འཕགས་པ་ཡབ་སྲས་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་དོན་མི་གཅིག་གོ་སྙམ་དུ་སེམས་པར་མི་བྱའོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་ལ། འཇུག་སྒོ་དང་། བཟུང་ཐབས། ཕན་ཡོན་དང་རྣམ་པ་གསུམ་ལས། དང་པོ་ནི། འཇུག་སྒོ་སྟེང་ནས་སྣ་བུག་གཉིས། །ཁ་དང་འོག་དུ་ལམ་གསུམ་དང་། །ལུས་ཀུན་ཡིན་ཏེ་རྣམ་པ་བཞི། །ཞེས་བྱ་བ་ནི། བླ་མ་དམ་པ་རྣམས་ཀྱི་མན་ངག་ལས་གསུངས་ཏེ། མེ་རླུང་དང་རླུང་གི་རླུང་སྣ་བུག་ནས་འཇུག་གོ །ཆུའི་རླུང་ཁ་ནས་སོ། །ས་རླུང་ནི་འོག་གི་ལམ་གསུམ་ནས་སོ། །མ་ནིང་གི་རླུང་ནི་ལུས་ཐམས་ཅད་ནས་སོ། །དེ་ལྟར་བླ་མ་མར་པའི་ཞལ་སྔ་ནས་ཀྱང་། །ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་གི་སྒོ་གཉིས་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ན་དམ། །ཞེས་གསུངས་སོ། །བཟུང་ཐབས་ཀྱང་རྣམ་པ་བཞི་ལས། །བསྒྲང་ཞིང་རྩི་བ་ལ་བསླབ་པ་ནི། བཟུང་ཐབས་དབྱུང་རྔུབ་གནས་ལྡོག་དང་། །དག་པ་བགྲང་ཞིང་བརྩི་བ་སྟེ། །ཞེས་བྱ་བའི་དོན་ནི། དེ་ལ་རྣམ་རྟོག་ཤས་ཆེ་བས་རླུང་བགྲང་ཞིང་བརྩི་བ་ནི། ལུས་གནད་བཅས་ལ། སེམས་རྣལ་དུ་བཞག་སྟེ། དབུགས་དབྱུང་བ་དང་བརྔུབ་པ་ལ་སེམས་འཛིན་པ་སྟེ། ཆུ་ཚོད་ལ་སོགས་པའི་བར་དུའོ། །རྗེས་སུ་འགྲོ་བ་ནི། དེའི་འོག་ཏུ་རླུང་འདི་ལུས་ཐམས་ཅད་ལ་འཇུག་གམ། ཕྱོགས་འགའ་ཞིག་ཏུ་འཇུག་ཅེས་ལུས་ཐམས་ཅད་ཀྱིས་མཐར་ཐུག་པར་འགྲོ་བ་དང་། བཟློག་པ་ལ་དམིགས་པའོ། །དེའི་འོག་ཏུ་འཇོག་པ་ནི། ཐམས་ཅད་དུ་ཁྱབ་པ་ལ་རྣམ་པར་མི་རྟོག་པ་ལ་སེམས་འཛིན་པའོ། །དེ་ནས་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཉེན་པོའི་ཆོས་རྣམས་ལས་འགྲོ་བ་དང་འོང་བ་དང་ཞི་གནས་ལ་སྔར་ལྟར་ཞུགས་པས། རང་བཞིན་གྱིས་སྣང་བ་དང་སྟོང་པ། དབྱེར་མེད་པའི་དོན་དམ་པ་ལ་འཇུག་པས་རྣམ་པར་དག་པ་ཞེས་བརྗོད་དོ། །འདི་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ཀ་ལས་བསྟན་ཏོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། །ཚུལ་འདི་རྒྱས་པར་གསུངས་པའི་རྗེས་སུ། །ཇི་ལྟར་ཞེ་ན་རབ་ཏུ་གདུལ་དཀའི་སེམས། །ཞེས་བརྗོད་པ་དེ་ནི། རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ། རླུང་དུ་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ནི། །མི་རྟོག་རྒྱ་ཡན་བཅིངས་པ་ཡིས། །ཞི་གནས་བསྐྱེད་པར་གསུངས་པ་ཡིན། །ཞེས་སྨོས་ཏེ། སོ་སོར་བསྡུད་པ་ལ་སོགས་པ་ཡིན་ནོ། །གསུམ་པ་ནི། །ཁ་དོག་དབྱིབས་ལ་རྣམ་པར་སྦྱང་། །མངོན་ཤེས་ཟད་པར་འབྱུང་བའི་རྒྱུ། །ཞེས་སྨོས་ཏེ། སྔར་བསྟན་པའི་རླུང་སོ་སོའི་ཁ་དོག་ལ་སེམས་བཞག་པ་བརྟན་པས་གསལ་སྣང་བྱུང་བ་དེའི་ཚེ། དེ་ཉིད་ཀྱི་རྣམ་པ་གང་འགྲུབ་པར་འདོད་པ་ཕྱི་དང་ནང་དུ་དམིགས་ནས། སེམས་བརྟན་པར་གྱུར་པས་ཟད་པར་འགྲུབ་ལ། སྙིང་ཁར་དྲི་མ་མེད་པའི་ཀུན་གཞིའི་རྣམ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་དམིགས་ཏེ། གཞན་གྱི་རྣམ་ཤེས་དང་བསྲེས་ཏེ་བསྒོམས་པས། མངོན་པར་ཤེས་པ་ལྔ་འཆར་རོ། །ཚུལ་འདི་ནི་རྒྱས་པར། །རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། མཁས་པ་བསྐལ་ལྡན་གྲགས་པའི་གསང་བ་འདུས་པའི་འགྲེལ་པ་ཆེན་པོ་རྣམས་ནས་བྱུང་ངོ་། །བཞི་པ་ནི། །བུམ་ཅན་སྟེང་འོག་བར་གསུམ་དང་། །རྣམ་གྲོལ་བཅས་པས་ལས་ཀུན་བྱེད། །ཞེས་སྨོས་པའི་བུམ་པ་ཅན་ནི། དུས་ཀྱི་འཁོར་ལོ་ལས། སྟོང་པ་དུ་བ་ལ་སོགས་ལམ་ནི་བླ་མའི་དབང་གིས་གཟུགས་རྙན་རབ་ཏུ་སྒོམ་པར་བྱ། དེ་ལ་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་དུ་སེལ་པའི་རླུང་དག་བསྡམ་པར་ཡང་ནི་བྱ། ཕྱི་ནས་ཟླ་བ་དགག་པ་དང་ནི་གཟའ་ཉིད་དང་ནི་བྱ་ཞིང་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པ། དེ་ནས་གང་ཞིག་ཅུང་ཟད་འདོད་པ་ཉི་མ་ཅུང་ཟད་ཀྱིས་ནི་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཉི་མ་ཟླ་བ་མཉམ་དང་མི་མཉམ་གྱུར་པ་དགག་ཅིང་དབུས་མར་མེ་ནི་ཞུ་བར་གྱུར་པ་དང་། སྲོག་དང་ཐུར་དུ་སེལ་བ་གཉིས་ཀྱིས་ཀྱང་ནི་ཉི་མ་དང་པོར་སོན་པའི་དུས་མིན་འཆི་བ་བསླུ། ཞེས་གསུངས་པ་དང་། སེང་གེ་རྣམ་གྲོལ་ནི། སྒྱུ་མ་ཆེན་མོ་ལས་ཡོན་ཏན་དང་བཅས་པ་གསུངས་སོ། །ཕན་ཡོན་བསྟན་པ་ནི། ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། ཞེས་བྱ་བ་འོག་ནས་སྟོན་པའི་མདོར་བསྟན་ཡིན་ལ་གཞན་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ནི། སྟེང་གི་ཉི་ཟླ་སྒྲ་གཅན་གྱི་རླུང་གསུམ་ངོ་བོ་ཉི་མ་ཡིན་ཡང་འོག་ཏུ་ཡོན་ཏན་འབྱུང་སྟེ། རྡུལ་མུན་པ་སྙིང་སྟོབས་གསུམ་སྟེ་དུག་གསུམ་གྱི་རྣམ་རྟོག་འཇོམས་ལ་རྡོ་རྗེ་གསུམ་ཐོབ་པར་བྱེད་པས་ཉི་མའི་ཡོན་ཏན་གསུམ་འོག་ཏུ་གསུངས་ལ། ཐུར་སེལ་ཟླ་བའི་རང་བཞིན་ཡིན་ཀྱང་དེའི་ཡོན་ཏན་སྟེང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པས། ཟླ་བའི་རང་བཞིན་སྟེང་དུ་བཤད་དེ། མདོར་བསྡུས་ན། དེ་དག་གི་རང་བཞིན་གཟུང་འཛིན་བརྒྱད་པོ་འཇོམས་པས་མཐར་ཐུག་གི་ཡོན་ཏན་དུ་གསུངས་ལ། གནས་སྐབས་སུ་རླུང་ཟིན་པས། སའི་ཡོན་ཏན་ལུས་བརྟན། ཆུས་སྣུམ་པ་དང་། མེས་མདངས་གསལ་བ་དང་། རླུང་གིས་མགྱོགས་པ་དང་། ནམ་མཁའི་ཡོན་ཏན་དག་ཅིང་ཤེས་རབ་ཆེ་བ་ལ་སོགས་པ་འབྱུང་ཞེས། བླ་མ་ཏེ་པུ་པས་གསུངས་སོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ། དེ་ལྟར་གསུངས་པའི་རླུང་ཇི་སྙེད་པ་ཐམས་ཅད་ཀྱང་། རྣམ་པར་རྟོག་པ་དང་། རླུང་གཉིས་དབྱེ་བ་མེད་པར་གསུངས་ཏེ། མཚན་ཉིད་རྣམ་པ་གསུམ་དང་འབྲེལ་བའི་ཕྱིར་རོ། །དེ་ཡང་གང་ཞེ་ན། །མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་དང་ཕྲ་དང་གཞན་བསྐྱོད་བྱེད། །ཅེས་སྨོས་སོ། །རླུང་འདི་ཐམས་ཅད་ཀྱི་གཞི་ཇི་ལྟ་བུ་ཞེ་ན། །སེམས་ཉིད་གསལ་ལ་མི་རྟོག་པ་སྟེ། །དེ་ལ་རླུང་གི་མིང་གིས་བརྗོད་པ་ནི། ངོ་བོ་ཡེ་ཤེས་རླུང་ཆེན་པོ་ཞེས་བྱའོ། །དེ་ལྟར་ན་གཉེན་པོ་རྒྱུ་འཐུན་པའི་ཡང་དག་པའི་རྟོག་པ་རྣམས་ལ་ཡང་རླུང་གི་མིང་ཡོད་དམ་ཞེ་ན། །གཉེན་པོ་ཡེ་ཤེས་རླུང་ཆེན་ནི། །ཡང་དག་རྟོག་པའི་འདུ་བྱེད་བཤད། །ཅེས་སོ། །འོ་ན་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ། ཇི་ལྟ་བུའི་རླུང་ཡིན་ཞེ་ན། དུག་གསུམ་དང་འབྲེལ་བའི་རླུང་དུ་བསྟན་ཏེ། །ཀུན་གཞི་ལ་གནས་ཉོན་ཡིད་ནི། །གཏི་མུག་བསྐྱེད་པའི་རླུང་དུ་བཤད། །ཞེས་པ་སྔར་བསྟན་པ་ལྟར་ང་མེད་པ་ལ་ངར་འཛིན་པ་ལ་སོགས་པའི་གཏི་མུག་བསྐྱེད་པའི་ཕྱིར་རོ། །འདུ་བྱེད་ཡེ་ཤེས་སྣང་ཆ་ལ། །གཞན་རྟོག་ཆགས་པའི་རླུང་ཞེས་བྱ། །ཞེས་པ་ནི། རྣམ་པར་རྟོག་པ་འདུ་བྱེད་པ་ལ་སེམས་ཀྱི་རང་ཡུལ་ཡེ་ཤེས་ཀྱི་སྣང་ཆ། འོད་ལྔའི་རྣམ་པ་སྣང་བ་ལ་གཞན་དུ་རྟོག་ཅིང་། སྲེད་ལེན་གྱི་ཆགས་པ་བསྐྱེད་པས་དགའ་བའི་འདོད་ཆགས་ཀུན་ཏུ་གཡོ་བའི་ཕྱིར་རོ། །རྣམ་ཤེས་བླང་དོར་དཔྱོད་པའི་རླུང་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ། མ་རྟོགས་ཤིང་བླང་བ་དང་དོར་བ་ལ་བརྟེན་ནས་ཞེ་སྡང་བསྐྱེད་པའི་རླུང་སྟེ། དེ་ལྟར་རྣམ་པར་ཤེས་པ་བརྒྱད་ཀྱི་འདུ་བྱེད་པ་ཐམས་ཅད་རླུང་ཡིན་པས། ཁམས་གསུམ་རླུང་གི་འདུ་བྱེད་ཅེས། བཅོམ་ལྡན་འདས་ཀྱིས་གསུངས་པས། སྐྱོན་དང་ཡོན་ཏན་ཐམས་ཅད་རླུང་ལ་བརྟེན་པར་རྟོགས་པར་བྱས་ནས། ཡང་དག་པའི་ལམ་གྱི་རིམ་པའི་གནད་བཅིང་པར་བྱ་སྟེ། དེས་ན་རྡོ་རྗེ་འཕྲེང་བ་ལས། རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་གསུངས་པ་འདིར་སྨོས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་ནས། འཇུག་བསྡུ་བ་ནི། ཕྱི་ནང་རླུང་མིང་བྱེད་ལས་ཀུན། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཞེས་བྱ་བ་ནི་སྔར་ལུས་འགྲུབ་པའི་སྐབས་དང་། དུམ་བུ་འདིར། མདོ་རྒྱུད་རྣམས་ནས་གསུངས་པ་ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ནོ།། །།ད་ནི་ལྔ་པ་རྩ་དེ་དག་ཏུ་ཐིག་ལེ་ཇི་ལྟར་རྒྱུ་བའི་རིམ་པ་བཤད་པར་བྱ་སྟེ། འདི་ལ་ཡང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། །དེ་ནས་རྩ་དང་རླུང་བརྟེན་ནས། །ཐིག་ལེ་གནས་དང་རྒྱུ་ཚུལ་ནི། །རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་པ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། །ཞེས་པ་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་བཤད་རྒྱུད་དུ་གསུངས་ཏེ། འདི་ནི་དཔལ་ས་ར་ཧ་པའི་ཞལ་སྔ་ནས་ཀྱང་། ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་པ་མེད། ཞེས་བྱུང་བས་འཁོར་འདས་ཐམས་ཅད་ཐིག་ལེའི་གནས་ལུགས་སུ་ཡང་གསུངས་སོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། འཁྲུལ་པ་མ་རིག་གི་ཐིག་ལེ་མདོར་བསྟན་པ་དང་། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་དང་། །གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་དང་། ཞར་ལ་སྐྱོན་བསལ་བ་བསྟན་པའོ། །དང་པོ་ལ་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། དེ་ཡང་སྤྲོས་བྲལ་གྱི་ཐིག་ལེ་ནི་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། ངོ་བོ་སྟོང་། རང་བཞིན་གསལ། འགག་པ་མེད་པ་གསུམ་པོ་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་དང་། གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་ཅིར་ཡང་གྲུབ་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་སྔར་རྒྱས་པར་བཤད་པ་ཡིན་ནོ། །དེ་ལྟ་བུའི་དོན་དེ་ཡོད་པའི་རྟགས་ད་ལྟར་སྣང་བ་ཇི་ལྟ་བུ་ཞེ་ན། ཐམས་ཅད་སྟོང་པར་སྣང་བ་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལས་མ་འདས་པའི་དོན་ཡིན་པས་ད་ལྟ་ཡང་ཐམས་ཅད་སྟོང་པར་སྣང་བ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་རྟགས་ནི། མིག་གི་ཡུལ་དུ་དབྱིངས་རིག་གི་རྟགས་བཅུ་འཆར་བ་དང་། སྤྲུལ་སྐུའི་རྟགས་སུ། ཚོགས་དྲུག་གི་ཡུལ་སྣང་གི་ནུས་པ་སོ་སོར་འབྱིན་པ་སྟེ། གསུམ་པོ་ནི་བསླུ་བ་མེད་པའི་རྟགས་ད་ལྟར་ཡུལ་ལ་སྣང་བ་སྟེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་དང་འབྲེལ་བའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས། དེ་ནི་རྟོག་བྲལ་མ་འཁྲུལ་བ་རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། ཞེས་སྨོས་ཏེ། དེ་ལ་རྣམ་པར་རྟོག་པ་དང་བྲལ་བའི་རྣལ་འབྱོར་མངོན་སུམ་གང་ཞེ་ན། །ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམས་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །མཐོང་དང་ཐོས་དང་བསྣམས་པ་དང་། །མྱངས་དང་རེག་པར་གྱུར་པ་དང་། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་བདག་ཉིད་ཆེན་པོ་ཀླུ་གྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གསུངས་སོ། །འདི་ཉིད་བསྒོམ་པར་བྱེད་པའི་ཚུལ་ཡང་སློབ་དཔོན་དཔའ་བོ་རྡོ་རྗེས་ཕྱག་རྒྱ་བཞི་རིམ་པ་ལས། །མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཞེས་པ་དང་། དཔལ་ས་ར་ཧ་པས་ཀྱང་། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །ཐིག་ལེའི་སྒྲ་དོན་ཡང་ལི་ཀ་ནའི་བདེ་བ་ཆེན་པོའི་སྙིང་པོའི་དོན་སྟེ་ཐིག་ལེའི་དོན་ནི་སྣང་བ་དུ་མ་བདལ་བ་ཡིན་ནོ་ཞེས་བྷི་མ་ལས་གསུངས་སོ། །རྒྱས་པར་ནི་མདོ་རྒྱུད་ཀུན་ལས་གསུངས་སོ། །གཉིས་པ་འཁྲུལ་པ་མ་རིག་གི་ཐིག་ལེ་མདོར་བསྟན་པ་ལ། ཚིགས་བཅད་གཉིས་རྐང་པ་དང་བཅས་པ་སྟེ། དེ་ལ་འཁྲུལ་པ་མ་རིག་ཐིག་ལེ་ནི། ཀུན་བརྟགས་དང་གཞན་དབང་ལས་དབྱེ་བ་བྱ་སྟེ། སྔགས་ཀྱི་ཐིག་ལེ་དང་། རླུང་གི་ཐིག་ལེ་དང་། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་རྒྱལ་བས་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་འཕྲེང་བར་གསུངས་སྟེ། དེ་ཡང་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལས་ཀུན་ཏུ་བརྟགས་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ལས་གྱུར་པའི་མིང་དང་དོན་དུ་འཛིན་པའི་གཉེན་པོར་ལྷ་དང་བཟླས་པའི་སྔགས་དང་། རྣམ་པར་རྟོག་པ་སྦྱོང་བའི་ཚུལ་རྣམས་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་ཡིན་ལ། དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་པའི་རྐྱེན་གསུམ་གཡོ་བ་ནི་རླུང་གིས་བྱེད་པས་དེ་འཆིང་བ་ལ་རླུང་གི་ཐིག་ལེ་ཞེས་བཤད་དོ། །ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལས་བྱུང་བ་རྣམས་འོག་ནས་སྟོན་པ་རྣམས་སོ། །གསུམ་པ་རྫས་ཀྱི་ཐིག་ལེ་བཤད་པ་ལ་ལྔ་སྟེ། བར་དོའི་རྐྱེན་ཉེ་བར་སྦྱོར་བ་དང་། དྭངས་མ་གཉིས་དང་། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་དང་། ཁམས་སུམ་བཅུ་སོ་དྲུག་གི་རྒྱས་བཤད་དང་། དཀར་ཆའི་འཕོ་བའི་རིམ་པའོ། །དང་པོ་ནི། ཚིག་བཅད་ཕྱེད་དང་གཉིས་ཏེ། དེ་ལ་རྫས་ཀྱི་ཐིག་ལེ་ཕྱི་ནང་གཉིས་ལས། ནང་གི་དང་པོ་ཕ་མའི་རྐྱེན་ཉེ་བར་སྦྱོར་པའི་ཚུལ་རྒྱས་པར་གོང་དུ་བཤད་པ་བཞིན་ནོ། །དྭངས་མ་གཉིས་བསྟན་པ་ནི། ཚིག་བཅད་ཕྱེད་དང་བཞི་སྟེ། ད་ལྟ་གནས་ཚེ་དྭངས་སྙིགས་གཉིས་ཀྱི་རླུང་སེམས་དྭངས་མ་སྔར་བསྟན་ཟིན་ལ། རྫས་ཀྱི་ཐིག་ལེ་ལ་དྭངས་མ་ནི་དཀར་དམར་གཉིས་སྟེ། དཀར་ཆ་དབུ་མའི་ཡར་སྣ་ན། ཧཾ་གི་རང་བཞིན་ཉུངས་དཀར་ཙམ། །དཀར་ལ་སྣུམ་བ་ཤེལ་དང་མཚུངས། །ཕ་ལས་འཐོབ་པ་ཀུན་གྱི་མཆོག །ཞེས་པ་ནི། གནས་པ་དང་། རྣམ་པ་གང་ཡིན་པ་དང་། ཆེ་ཆུང་དང་། ཁ་དོག་དཔེ་དང་བཅས་པ་དང་། གང་ལས་བྱུང་བ་རྣམས་རིམ་པས་བསྟན་པ་ཡིན་ནོ། །དམར་ཆ་རྩ་གསུམ་འདུས་པ་ན། །དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཞེས་བྱ་བ་མ་ལས་ཐོབ་པའི་ཐིག་ལེ་རྒོད་མའི་མེ་ཞེས་བྱ་བ་ནི། རྟག་གདོང་གི་མེ་སྟེ་རབ་ཏུ་ཚ་ཞིང་དམར་བའི་དོན་ཡིན་ནོ། །འདི་ལ་ཐིག་ལེ་ནི་དཔལ་ཧེ་རུ་ཀ་དང་། དམར་ཆ་ནི་རྡོ་རྗེ་ཕག་མོའི་རང་བཞིན་དུ་དཔྱིད་དང་ཐིག་ལེ་ཞེས་ཀྱང་གསུངས་ཏེ། འདི་གཉིས་ནི་ཀུན་གཞི་དང་སྲོག་གི་རླུང་བརྟེན་པ་ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཡིན་ནོ་ཞེས་སྡོམ་འབྱུང་ལས། །སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ། །པད་མ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཞེས་པ་དང་ཧེ་བཛྭ་ལས་ཀྱང་། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཞེས་པ་དང་། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཕག་མོའི་ཐིག་ལེའི་རང་བཞིན་ཏེ། །རྒོད་མའི་མེ་འདྲའི་ངོ་བོ་ཉིད། །ཞེས་པ་དང་། །ཚངས་པའི་གནས་སུ་ཡང་དག་གནས། །གཞོམ་མེད་ཧཾ་གི་རྣམ་པ་ཅན། །བ་མོ་ལྟ་བུར་འཛག་པ་སྟེ། །དཔྱིད་ཅེས་བྱ་བར་ཡང་དག་བཤད། ཞེས་བྱ་བ་ལ་སོགས་པ་རྒྱུད་རྣམས་ལས་མང་དུ་གསུངས་སོ། །སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་ནི། དེ་བརྟེན་སྙིགས་ཀྱང་དྭངས་སྙིགས་གཉིས། ཞེས་པ་ནས་ཚིགས་སུ་བཅད་པ་བདུན་སྟེ། དེ་ལ་དམར་ཆ་ཁྲག་གི་རང་བཞིན་ནི་ཨ་ཐུང་གི་མེས་བསྐྱེད་ནས་གྱེན་དུ་འགྲོ་ལ། ཐིག་ལེ་དཀར་པོ་ཧཾ་ལ། བརྟེན་ནས་སྤྱི་བོ་ནས་འོག་ཏུ་འགྲོ་བས་དེའི་ཚུལ་རྒྱས་པར་བསྟན་པའི་ཕྱིར། ནང་ན་སྦྱིན་སྲེག་བྱེད་པའི་རྒྱུས་བསྐྱེད་པ་སྟེ། དེ་ཡང་ཇི་ལྟར་ན་ཕྱི་རོལ་གྱི་བཟའ་བཏུང་གི་དངོས་པོ་རྣམས་ནི་སྲེག་རྫས། རོ་བརྐྱང་གིས་བསྐྱེད་པའི་ལག་པ་གཉིས་ནི་དགང་གཟར་དང་བླུག་གཟར་ཁ་ནི་ཧོམ་ཁུང་། དེས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་གསོ་བར་བྱེད་པ་སྟེ། མེ་ལྷ་ཞལ་གསུམ་པའི་རང་བཞིན་ཕོ་བ་ན་རླུང་མེ་མཉམ་དང་། བད་ཀན་མྱགས་བྱེད་དང་། མཁྲིས་པ་མདོག་འགྱུར་གསུམ་གྱིས་བསྲེགས་བཞུས་སྦྱངས་ནས་དྭངས་མ་ནི་འཆིན་པ་རུ་རྩ་ཆེན་པོ་བཞི་ལས་བརྒྱུད་དེ་ཁྲག་དུ་འགྲོའོ། །སྙིགས་མ་ནི་དྲི་ཆུའོ། །ཁྲག་གི་དྭངས་མ་ནི་ཤ། སྙིགས་མ་ནི་མཁྲིས་པར་འགྲོ་བས། འཁྲིས་པ་དེའི་ཡང་སྙིགས་ནི། དྲི་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་དང་སེར་པོར་བྱེད་དོ། །ཤའི་དྭངས་མ་ནི་ཚིལ་སྙིགས་མ་ནི་ལྤགས་པ་དང་དྲི་མའོ། །ཚིལ་གྱི་དྭངས་མ་ནི་རུས་པ། སྙིགས་མ་ནི་རྨེན་བུའོ། །རུས་པའི་དྭངས་མ་ནི་རྐང་། སྙིགས་མ་ནི་སོ་སེན་མོ། རྐང་གི་དྭངས་མ་ནི་ཁུ་བ་སྙིགས་མ་ནི་སྦུབས་ཀྱི་དྲི་མའོ། །ཁུ་བའི་དྭངས་མ་ནི་སྟོབས་དང་ཁ་དོག་སྙིགས་མ་ནི་འཛག་པའི་ཕྱིར་རྒྱུད་རྣམས་ནས་ནང་གི་སྐྱེ་བ་བདུན་པ་ཞེས་བཤད་ཅིང་། རིམ་པ་འདི་ནི་སློབ་དཔོན་དཔའ་བོས། །ལུས་ཟུངས་དྭངས་མ་ཁྲག་དང་ཤ། །ཚིལ་དང་རུས་རྐང་ཁུ་བ་སྟེ། གནོད་བྱ་བདུན་ཡིན་དྲི་མ་གཅིན། །གཤང་བ་རྡུལ་ལ་སོགས་པའང་ཡིན། ཞེས་གསུངས་སོ། །ཁམས་སུམ་བཅུ་སོ་དྲུག་གི་རྒྱས་བཤད་ནི། །དྭངས་མ་བཅུ་ཇི་ལྟར་རྒྱུ་བ་དང་། །སྙིགས་མ་ཉི་ཤུ་རྩ་བཞི་རྒྱས་བཤད་དང་། གཉིས་ལས། དང་པོ་ནི། རྒྱས་བཤད་ཁམས་ནི་སུམ་བཅུ་དྲུག །ཅེས་པ་ནས་ཚིགས་སུ་བཅད་པ་དྲུག་སྟེ། འདི་དག་ཀྱང་སྔར་རྩའི་སྐབས་སུ་རྒྱས་པར་བཤད་ཟིན་པས་འདིར་ནི་ཁམས་ངོས་བཟུང་བ་ཙམ་བཤད་དེ། སྙིང་ཁའི་རྩ་བརྒྱད་ཀྱི་ཡན་ལག་གི་རྩ་མིག་དང་རྣ་བ་སྣ་ལྕེར་འབྲེལ་བའི་ཡུལ་འཛིན་པའི་བདག་རྐྱེན་བྱེད་པ་དང་། བདུད་བྲལ་ནི་ལྕེའུ་ཆུང་གི་དབུས་སུ་ཁུ་བ་འབབ་པས་ནག་ཕྱོགས་དང་མཐུན་པར་བཤད་ཅིང་། རེག་བྱའི་ཕྱོགས་གཅིག་འཛིན་པ་དང་རྩ་བའི་རླུང་ལྔའི་བྱེད་ལས་སྔར་བསྟན་ལ། ཁྱད་པར་དུ་དབུ་མའི་ཆ་ལས་ཡར་སྟེང་དུ་རླུང་གསུམ་འབབ་ཅིང་། ཐུར་དུ་ཐིག་ལེ་དང་དྲི་ཆུའི་ཁམས་གསུམ་གྱི་བྱ་བ་བྱེད་པ་དང་བཅས་པ་དྭངས་མའི་ཁམས་བཅུ་གཉིས་སོ། །འདིའི་ངེས་པའི་ལུང་ནི་ཁ་སྦྱོར་ཐིག་ལེ་ལས། །ཕྱོགས་བཞི་འདབ་མའི་རྩར་གནས་པ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །འཚམས་རྩར་བདུད་རྩི་ལྔ་འབབ་པ། །དེ་བརྟེན་མཆོད་པ་བཞི་ཞེས་བཤད། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་བྱ་བ་འདིར་སྨོས་ཏེ། འདིར་ཕྱོགས་བཞིར་བཤད་པའི་མར་མེའི་དངོས་པོ་ནི། ཡན་ལག་གི་རྩ་མཁའ་འགྲོ་མ་བཞིའི་ངོ་བོ་ཡིན་ལ། བདུད་རྩི་ལྔ་འབབ་པའི་འཚམས་རྩར་བརྗོད་པ་ནི། རྩ་བའི་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་ལས། འཚམས་ཀྱི་རྩ་བུམ་པའི་ངོ་བོ་དེ་བཞིན་གཤེགས་པར་བཤད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྙིང་ཁའི་ལྔ་སྨོས་པ་ནི། གསུམ་བསྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་གཏུམ་མོ་དང་། བདུད་བྲལ་མ་དང་ལྔ་པོ་ཡིན་ནོ། །དེ་ལྟར་དྭངས་མ་བཅུ་གཉིས་རྒྱུ་བའི་ཚུལ་བཤད་ནས། ད་ནི་སྙིགས་མ་ཉི་ཤུ་རྩ་བཞི་པོ་ཇི་ལྟར་འབབ་པའི་ཚུལ་བཤད་པ་ལ། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཞེས་པ་ནས་ཚིགས་སུ་བཅད་པ་ཕྱེད་དང་བཅུ་དྲུག་གིས་བསྟན་ཏེ། འདི་རྣམས་ནི་སམྦུ་ཊ་ནས་བྱུང་པའི་ལུང་ཇི་ལྟ་བ་ཡིན་པས་མཁའ་སྤྱོད་དང་། ས་སྤྱོད་དང་། ས་འོག་སྤྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་གནས་ཉི་ཤུ་རྩ་བཞིར་བརྗོད་དེ། ཐིག་ལེ་རྒྱུན་དུ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས། ཕྱིའི་གནས་དང་ནང་གི་གནས་སུ་ཉེ་བར་བརྗོད་དེ། འདི་རྣམས་ཀྱང་ཕྱི་རོལ་གྱི་ཡུལ་དང་རྩ་དང་དེའི་ནང་ནས་འབབ་པའི་ཁམས་དང་གནས་ལ་སོགས་པའི་ས་བཅུའི་སྦྱར་བཤད་རྣམས་ཏེ། མི་ཕྱེད་མ་ནི་མགོ་བོ་ལ་གནས་ཤིང་སེན་མོ་དང་སོ་རྣམས་བསྐྱེད་དོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ཏུ་གནས་ཤིང་སྐྲ་དང་སྤུ་རྣམས་བསྐྱེད་དོ། །རྩེ་བ་མ་ནི་རྣ་བ་གཡས་པར་གནས་ཤིང་ལྤགས་པ་དང་དྲི་མ་རྣམས་བསྐྱེད་དོ། །གཡོན་པ་མ་ནི་ལྟག་པར་གནས་ཤིང་ཚང་རའི་ཤ་རྣམས་བསྐྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རྒྱུན་དུ་གནས་པ་དང་། ནང་དུ་དཀར་ཆ་རྒྱུན་དུ་གནས་པའི་ཕྱིར་གནས་ཞེས་བརྗོད་དོ། །ཐུང་ངུ་མ་ནི་རྣ་བ་གཡོན་པར་གནས་ཤིང་རྒྱུས་པ་བསྐྱེད་དོ། །རུས་སྦལ་མ་ནི་སྨིན་ཕྲག་ཏུ་གནས་ཤིང་རུས་པ་བསྐྱེད་དོ། །བསྒོམ་པ་མ་ནི་མཆིན་པ་ལ་གནས་ཤིང་མིག་གཉིས་བསྐྱེད་དོ། །དབང་བསྐུར་མ་ནི་དཔུང་པའི་རྩ་བ་དང་འབྲེལ་ཅིང་སྙིང་དང་ཕྲག་པ་བསྐྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རེས་འགའ་གནས་པ་དང་། ནང་དུ་དཀར་ཆ་དང་ཉེ་བའི་གནས་སོ། །སྐྱོན་མ་ནི་མཆན་འོག་གཉིས་ནས་འབྲེལ་ཞིང་། མཆིན་པ་ནས་མིག་འབྲས་ཀྱི་ཤ་བསྐྱེད་དོ། །འཇུག་མ་ནི་ནུ་མ་གཉིས་ལ་གནས་ཤིང་ལོང་ཀ་དང་མཁྲིས་པ་བསྐྱེད་དོ། །ཕྱི་རུ་མཁའ་འགྲོ་མ་རྣམས་དང་། ནང་དུ་ཁམས་ལོངས་སྤྱོད་པའི་ཞིང་ངོ་། །མ་མོ་ནི་ལྟེ་བར་གནས་ཤིང་གློ་བ་བསྐྱེད་པར་བྱེད་དོ། །མཚན་མོ་ནི་རྒྱུ་མ་དང་སྣ་རྩེར་འབྲེལ་ཞིང་ལྟོ་བ་བསྐྱེད་པར་བྱེད་དོ། །གོང་མ་དང་ཉེ་བའི་ཞིང་ངོ་། །བསིལ་སྦྱིན་མ་ནི་འགྲམ་པ་དང་རྩིབས་ལོགས་སུ་འབྲེལ་ཞིང་གྲོད་པ་བསྐྱེད་དོ། །ཚ་བ་མའམ་དྲོད་མ་ནི་མགྲིན་པ་ནས་ལྟེ་བར་གནས་ཤིང་གཉེ་མ་བསྐྱེད་དོ། །ཕྱིར་མཁའ་འགྲོ་མ་དང་ནང་དུ་དྭངས་སྙིགས་འདྲེས་པས་ཚན་དྷོ་ཧའོ། །རྐྱང་མ་སྟེ་དེ་དག་ནི་རྩ་གཡོན་པ་རྐྱང་མ་ལས་གྱེས་ཤིང་གཡོན་གྱི་ཆ་ལ་གནས་པ་ཤེས་རབ་ཀྱི་ཆའོ། །རོ་མ་ལ་བརྟེན་པ་ཐབས་ཀྱི་ཆ་རྣམས་ནི། གཞོལ་མ་ནི་སྙིང་ཁ་ནས་གཤང་ལམ་དུ་འབྲེལ་ནས་གཤང་བ་བསྐྱེད་དོ། །རངས་མ་ནི་འཚོགས་མ་དང་ལྒང་པར་འབྲེལ་ཞིང་། འཚོགས་མའི་ཤ་དང་རྒྱུངས་པ་བསྐྱེད་དོ། །ཉེ་བའི་ཚན་དྷོ་ཧའོ། །ཤིན་དུ་གཟུགས་ཅན་མ་ནི་མཚན་མ་ལ་གནས་ཤིང་རྣག་བསྐྱེད་དོ། །སྤྱི་མ་ནི་གཤང་ལམ་དུ་གནས་ཤིང་བད་ཀན་སྐྱེད་དོ། །ཕྱིར་མཁའ་འགྲོ་མ་རྣམས་ཚོགས་ཀྱི་འཁོར་ལོ་ལ་འདུ་བ་དང་ནང་དུ་དང་སྙིགས་འདུ་བས་འདུ་བའོ། །རྒྱུ་སྦྱིན་མ་ནི་བརླ་ཟུང་ལ་གནས་ཤིང་ཁྲག་བསྐྱེད་དོ། །སྦྱོར་བྲལ་མ་ནི་བྱིན་པ་ལ་གནས་ཞིང་རྔུལ་བསྐྱེད་དོ། །ཉེ་བའི་འདུ་བའོ། །སྡུ་གུ་མ་ནི་སོར་མོ་ལ་གནས་ཤིང་ཚིལ་བསྐྱེད་དོ། །གྲུབ་མ་ནི་རྐང་པའི་རྒྱབ་བམ་བོལ་ལ་གནས་ཤིང་འཆི་མ་བསྐྱེད་དོ། །ཕྱི་རུ་ཁམས་འདོར་བ་དང་ནང་དུ་བདེ་བ་མེད་པའི་ཕྱིར་དུར་ཁྲོད་དོ། །འཚོད་མ་ནི་མཐེ་བོང་ལ་གནས་ནས་ལུད་པ་དང་འཆིལ་མ་བསྐྱེད་དོ། །ཡིད་བཟངས་མ་ནི་པུས་མོ་ལ་གནས་ཤིང་སྣབས་བསྐྱེད་དོ། །ཉེ་བའི་དུར་ཁྲོད་དོ། །ཞེས་གསུངས་པ་འདི་རྣམས་སློབ་དཔོན་ཆེན་པོ་གསེར་གླིང་པའི་དགྱེས་རྡོར་གྱི་འགྲེལ་པར་གསུངས་པ་དང་། རྩ་ལ་ཡུལ་ཉི་ཤུ་རྩ་བཞི་པོའི་མིང་རྐྱང་པ་སྦྱར་བ་ནི། །སྤྱི་བོ་པུ་ལླ་རི་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བརྗོད། །ཞེས་བྱ་བ་ལ་སོགས་པ། འཁོར་ལོ་སྡོམ་པའི་རྒྱུད་ལས་བྱུང་བ་ནག་པོ་པས་ཀྱང་མངོན་རྟོགས་དང་དཔྱིད་དང་ཐིག་ལེར་རྒྱས་པར་བཤད་པ་རྣམས་འདིར་སམ་བྷུ་ཊིའི་རྒྱུད་ནས་ཕྱོགས་གཅིག་ཏུ་གསུངས་པ་ཤེས་པར་བྱའོ། །དཀར་ཆའི་འཕོ་བ་དང་བཅས་པ་རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་བཞི་སྟེ། དང་པོ་ཁམས་ཉི་ཤུ་རྩ་བཞི་ལས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྣམས་སུ་འགྲོ་བའི་ཚུལ་ཡང་། ཕྱག་ན་རྡོ་རྗེའི་འགྲེལ་པར་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་གསུངས་པའི་རིམ་པས་ཐིམ་པ་ནི་བྱ་བ་ཡོངས་སུ་རྫོགས་ནས་ཁམས་ཀྱི་སྙིགས་མར་གྱུར་བ་སྟེ། འབྲས་བུའོ། །ལོངས་སྤྱོད་པ་ཁམས་དེ་དག་གི་དྭངས་མ་དང་དཀར་ཆ་ཡིན་ཏེ་དངོས་གཞིའོ། །དེ་དག་བསྐྱེད་པར་བྱེད་པའི་བདག་པོ་ནི་རྩ་བར་རླུང་ཁྲག་འདྲེས་པ་རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། རླུང་དང་དཀར་དམར་གསུམ་གྱི་བདག་ཉིད་བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུའི་མཐར་ཐུག་པར་ཁྱབ་ཅིང་ཀུན་དུ་བསྐྱེད་དོ། །དེ་ལས་ཀྱང་ཁྱད་པར་དུ་ཐིག་ལེའི་འཕོ་བ་ནི། ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་རྩ། །ཁམས་བཞི་ལྡན་པ་མགྲིན་པར་འབབ། །ཞེས་སྨོས་ཏེ། སྤྱི་བོ་ནས་ས་ཆུ་མེ་རླུང་གི་ཁམས་འབྱུང་ཆུང་གི་རྣམ་པར་དབྱེ་བས་བཅུ་དྲུག་གི་རང་བཞིན་གྱི་ཐིག་ལེ་མགྲིན་པའི་གནས་སུ་འབབ་པོ། དེའི་ཕྱེད་བརྒྱད་ནི་སྙིང་ཁའི་འཚམས་སུའོ། །དེའི་ཕྱེད་བཞི་ནི་ལྟེ་བའི་འཚམས་ཀྱི་ཕྱོགས་སུ་འབབ་བོ། །དེ་རྣམས་རྩ་གསུམ་འདུས་མདོར་གཅིག་དུ་གྱུར་པ་ནི་ཐིག་ལེ་ཅན་སྟེ། དམར་ཆའི་རང་བཞིན་ཨ་ཐུང་ངུའི་མེ་ལ་གཅིག་ཏུ་འབབ་པས་ན། དུང་ཅན་མའི་ནང་དུ་ཟླ་བ་ཡོངས་སུ་རྫོགས་པ་བཅུ་དྲུག་པའི་ཆར་འགྱུར་ཏེ། ཧེ་བཛྭ་ལས་ཀྱང་། བཅོ་ལྔ་ཆ་ཡི་བདག་ཉིད་ཕྱིར། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་སོ། །འདི་ལ་བརྟེན་ནས། ལུས་ཀྱི་ཕྱི་རོལ་གྱི་ཚིགས་ཐམས་ཅད་དུ་ཡང་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་གསུངས་ཏེ་དུས་ཀྱི་འཁོར་ལོ་ལས་འདིར་ནི་སོར་མོ་རྣམས་ནས་ཚིགས་ཀྱི་རིམ་པས་གཙུག་གཏོར་བར་དུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉའི་མཐར་ཡང་རང་གི་སེམས། ཨ་ནི་གཙུག་གཏོར་ནས་ནི་ནག་པོའི་ཕྱོགས་སུ་འདིར་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། ཞེས་གསུངས་ཏེ། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་མོའི་ཚིགས་དང་པོ་ལ་ཨའོ། །ཚེས་དང་ཚིགས་གཉིས་པ་ལ་ཨིའོ། །གསུམ་པ་ལ་རྀའོ། །བཞི་པ་ལ་ལོང་བུ་རུ་ཨུའོ། །ལྔ་པར་པུས་མོ་ལ་ལྀའོ། །དྲུག་པར་བརླའི་འཚམས་སུ་ཨའོ། །བདུན་པ་ལ་ལག་པ་གཡོན་པའི་སོར་ཚིགས་དང་པོ་ལ་ཨེའོ། །བརྒྱད་པ་ལ་སོར་ཚིགས་གཉིས་པར་ཨར་རོ། །དགུ་པ་ལ་ཚིགས་གསུམ་པར་ཨོའོ། །བཅུ་པ་ལ་ལག་པའི་འཁྲིག་མར་ཨའོ། །བཅུ་གཅིག་པ་ལ་གྲུ་མོར་ཧའོ། །བཅུ་གཉིས་པ་ལ་དཔུང་བར་ཡའོ། །བཅུ་གསུམ་པ་ལ་མགྲིན་པར་རའོ། །བཅུ་བཞི་པ་ལ་འཚོགས་མར་ཝའོ། །བཅོ་ལྔ་པ་ལ་སྤྱི་བོར་ལའོ། །བཅུ་དྲུག་པ་ཨྃ་གི་རང་བཞིན་ཚངས་བུག་ཏུ་འགྲོ་སྟེ། དེ་བཞིན་དུ་གཞོགས་གཡས་པ་ལ་མར་ངོའི་ཚེས་ཀྱི་རིམ་པས་འཕོ་བར་འགྱུར་རོ། །རིམ་པ་གཞན་ཡང་སྡོམ་འབྱུང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཱཽ། ཨྃ་གི་ཡི་གེའི་རིམ་པས། །ཡར་ངོའི་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོར་ཡི་གེ་ཨ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྨན་གྱི་བསྟན་བཅོས་ལས་ཀྱང་ཀུན་ཏུ་འཁྱམ་པའི་བརླ་གནས་ཀྱི་རྩ་ཞེས་བྱ་སྟེ། འདི་ཡོད་པའི་གནས་སུ་གཏར་སྲེག་ལ་སོགས་པ་མི་བྱ་བར་བཤད་དོ། །འདི་ནི་སེམས་ཅན་རྣམས་ལ་ཁམས་འཛག་པར་བྱེད་པས་དུག་གསུམ་གྱི་ཉོན་མོངས་པ་བསྐྱེད་དེ། །ལུས་ཅན་ཀུན་གྱི་སྙིང་དགའ་བས། །ཆགས་བསྐྱེད་རྨོངས་བྱས་སྡང་སེམས་སྐྱེ། །འཁོར་བ་བསྐྱེད་བྱེད་གཞིར་གྱུར་ཏོ། ཞེས་པའི་དོན་གོང་དུ་རྒྱས་པར་བཤད་ཟིན་ཏོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་བཤད་པ་ནི། གང་གིས་འཆིང་བ་དང་། འཆིང་བའི་རིམ་པ་དང་། འབྲས་བུ་བསྟན་པ་གསུམ་ལས། དང་པོ་ནི། །རྒྱལ་བས་གསུངས་པའི་ཐབས་ལྡན་བས། །འཛག་བྲལ་དངུལ་ཆུ་ལྟ་བུར་ནི། །ཕྱག་རྒྱ་གསུམ་གྱི་མེས་བཅིངས་ན། ཞེས་སྨོས་ཏེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་རྒྱུད་ཐམས་ཅད་དུ་གསུངས་པ། འཛག་པ་དང་བྲལ་བ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཐོབ་པར་བསྟན་ཏེ་ཧེ་བཛྭ་ལས། གཅིག་དང་དུ་མར་བྲལ་པ་ཡི། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། ཞེས་དཔེ་དང་དོན་རྣམ་པར་སྦྱར་ནས་གསུངས་ཏེ། དེ་འཆིང་བའི་ཕྱག་རྒྱ་གསུམ་པོ་ཡང་དུས་ཀྱི་འཁོར་ལོ་ལས། ཕྱག་རྒྱ་དེ་ནི་རྣམ་པ་གསུམ་སྟེ་ལས་དང་བརྟགས་པ་བཟང་མོའོ། །ཞེས་པ་དང་། འགྲེལ་པར་ལས་ཀྱི་ཕྱག་རྒྱ་ནི་སྔགས་སྒྲུབས་པའི་སྟོབས་ཀྱིས་གྲུབ་པ་སྔགས་སྐྱེས་སམ་ཞིང་ལས་སྐྱེས་པའམ་རིགས་ལས་སྐྱེས་པ་སྟེ། ནུ་མ་དང་སྐྲ་དང་ལྡན་པའོ། །ཀུན་བརྟགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཡིད་ཀྱིས་བརྟགས་པའི་རྣམ་པ་བསྒོམས་པ་ལས་བྱུང་བའོ། །ཕྱག་རྒྱ་བཟང་མོ་ནི་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིད་ཀྱིས་བརྟགས་པ་ཐམས་ཅད་དང་བྲལ་བའོ་ཞེས་གསུངས་སོ། །དངུལ་ཆུ་འཆིང་བ་བཞིན་ཞེས་བྱ་བ་ནི་དངུལ་ཆུ་མེ་དང་ཕྲད་ན་སྐད་ཅིག་ཀྱང་ནི་མི་སྡོད་འབྲོས་པ་བཞིན། །དེ་བཞིན་སྐྱེ་གནས་རེག་པ་ལས་ནི་རྟག་ཏུ་ཁུ་བ་འཕོ་བ་ཡིན། །སྨན་དང་སྣུམ་ལ་སོགས་པའི་སྟོབས་ཀྱིས་གཡོ་བ་ཡང་ནི་འཆིང་བ་ལྟར། །དེ་བཞིན་ཕྱག་རྒྱའི་སྟོབས་ཀྱིས་ཁུ་བའི་བློ་ནི་སྦྱོང་བའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །འཆིང་བའི་རིམ་པ་ནི། རྒྱལ་མཚན་རྩ་བཞི་དག་པ་རུ། །འགགས་པས་བདེན་མཐོང་དོན་ལ་སྦྱོར། །རྗེས་དྲན་བཅུ་དྲུག་དང་ལྡན་པས། །བརྟན་བྱས་གྱེན་ལ་འགྲོ་བ་ཡིན། །ཞེས་བྱ་བ་སྨོས་ཏེ་ཐོག་མར་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་ལེགས་པར་སྦྱངས་ནས། འཛིན་པའི་སྐབས་སུ་ཁམས་བྱང་ཆུབ་ཀྱི་སེམས་སྐ་བ་དང་སླ་བ་འཛག་པ་རྒྱལ་མཚན་ཏེ་གསང་བའི་རྩ་བཞི་རུ་འགག་ཅིང་དེ་ཉིད་ཀྱིས་བདེན་པ་མཐོང་བ་ལ་སྦྱོར་ཞིང་། དེ་ནས་རྗེས་སུ་དྲན་པ་བསྒོམ་པའི་ལམ་ཐོབ་པར་འགྱུར་ཏེ། དེ་ཡང་སྤྱན་རས་གཟིགས་ཀྱིས། དེ་ནས་གཟུགས་མཐོང་བར་བྱས་ལ་ཉི་མ་སོ་སོའི་དུས་སུ་སྲོག་གི་རླུང་བཀག་པ་ཞེས་པ་བུམ་པ་ཅན་ཇི་སྲིད་རྣམ་པར་འཁོར་བ་དང་ལྡན་པ་རང་གི་ལུས་སུ་ཡོངས་སུ་སོན་པས་འོད་ཟེར་གྱི་འཁོར་ལོ་མཐོང་བ་སྔོན་དུ་གསུངས་པའི་གཟུགས་བརྙན་ནང་གི་བདག་ཉིད་ཅན། ཟླ་བ་དྲུག་གིས་རེག་པ་དམན་པ་དབང་པོ་གཉིས་ཀྱིས་གཉིས་མཁྱུད་པ་སྤངས་པ། ཉམས་པའི་བདེ་བ་དོར་བ། མི་གཡོ་བའི་བདེ་བའི་ལམ་སེམས་སྟོང་པ་ཉིད་དུ་བསམས་ལ། གལ་ཏེ་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམས། དེ་ནས་སྐད་ཅིག་མ་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་སྐད་ཅིག་གིས་ཆགས་པ་དང་ཆགས་བྲལ་གྱི་མཐའ་ཆགས་པའི་དང་པོའི་སྐད་ཅིག་ཞེས་བྱའོ། །ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་དེའི་མཐར་སོན་པ་བཅུ་དྲུག་པའི་ཆའི་སྐད་ཅིག་གོ། །ཆགས་བྲལ་ནི་ནག་པོའི་ཕྱོགས་དེའི་ཕྱོགས་ནི་ནག་པོའི་ཕྱོགས་སུ་སོན་པ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དེ། དེ་དེ་ཉིད་ཀྱི་སྐད་ཅིག་དང་། དབུགས་ཀྱི་གྲངས་ཀྱིས་འཕེལ་བ་རླུང་བརྒྱ་ཕྲག་བཅོ་བརྒྱད་ཀྱི་གྲངས་ཞེས་པས་སོ། །གསང་བའི་རྡོ་རྗེ་ནོར་བུའི་རྩེ་མོར་འཕེལ་ཏེ་བརྒྱ་ཕྲག་སུམ་བཅུ་རྩ་དྲུག་གི་སྐད་ཅིག་གི་སྲོག་གི་གྲངས་བཀག་ནས་གསང་བའི་པད་མར་ཐོབ་ཞེས་ཏེ་དེས་ནི་ས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ལྟེ་བ་དང་། སྙིང་ཁ་དང་། ལྐོག་མ་དང་། དཔྲལ་བ་རྣམས་སུ་བཞི་དང་། དྲུག་དང་། བརྒྱད་དང་། བཅུའི་ས་རྣམས་སུ་འགྱུར་རོ། །སྤྱི་གཙུག་ཏུ་གཉིས་ཀྱིས་རླུང་ཐམས་ཅད་འགག་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པས། །ས་ནི་བཅུ་གཉིས་རིམ་པ་ལྟར། །འཐོབ་བྱེད་ཅེས་སྨོས་སོ། །དགའ་བ་བཅུ་དྲུག་ནི། །མཐར་སོན་རྟེན་འབྲེལ་བཅུ་གཉིས་དག །ཅེས་པ་ནི་སྐུ་གསུང་ཐུགས་ཡེ་ཤེས་ལ་དགའ་བ་བཞིས་ཕྱེ་བས་བཅུ་དྲུག་ལ་རིམ་པས་མས་བརྟན་པས་རྣམ་པར་དག་པར་བསྟན་ཏེ། འདིར་གང་གིས་གཡོ་བའི་ཆགས་པའི་ཉམས་པ་དེ་མཆོག་ཏུ་མི་འགྱུར་བར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བ་ཆགས་པ་ཆེན་པོ་ལ་ཆགས་པ་བྲལ་བའམ། ཉམས་པའི་ཆགས་པ་བྲལ་བའི་མིང་ནི་ཞེ་སྡང་ངོ་། །ཞེ་སྡང་ཟད་པས་ཞེ་སྡང་ཆེན་པོར་འགྱུར་ཏེ། ཞེ་སྡང་ཆེན་པོ་བརྒྱལ་བའི་མིང་ངོ་། །གཏི་མུག་ཉམས་པས་གཏི་མུག་ཟད་པའི་གཏི་མུག་ལས་ཀྱང་གཏི་མུག་ཆེན་པོར་འགྱུར་སྟེ་ཆགས་པ་ཆེན་པོས་ཞེ་སྡང་ཆེན་པོ་དང་གཏི་མུག་ཆེན་པོས་ཆགས་པ་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅན་གྱི་མ་རིག་པ་ཉམས་པའོ། །མ་རིག་པ་ཉམས་པས་མ་རིག་པ་ཆེན་པོར་འགྱུར་སྟེ་དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགག་པའོ་ཞེས་གསུངས་སོ། །དེའི་མཐར་ཐུག་གི་འབྲས་བུ་ནི། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས། །སྐད་ཅིག་མངོན་པར་བྱང་ཆུབ་ཅེས། །བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། ཞེས་སྨོས་ཏེ་སྐུ་གསུམ་མཐར་ཐུག་པའི་འབྲས་བུ་འཐོབ་པའོ། །ལྔ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་ལ། སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། ཞེས་བྱ་བ་ནས་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལ་བད་ཀན་ནི་གླད་པ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་ངོ་བོ་ས་ཆུའི་རང་བཞིན་ཡིན་པས་ཐུར་ལ་འགྲོ་བ་དང་། རླུང་ནི་ལྟེ་བ་དང་གསང་གནས་ལ་བརྟེན་ནས་འོག་ཏུ་གནས་ཀྱང་སྟེང་དུ་འགྲོ་བ་དང་། མཁྲིས་པ་ནི་ཁྲག་དང་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་རླུང་དང་བསྡོངས་ན་གྱེན་དུ་འགྲོ་ཞིང་བད་ཀན་དང་བསྡོངས་ནས་འོག་ཏུ་འགྲོ་བས། ལུས་ལ་གནོད་པར་བྱེད་དེ། དེ་དག་ཀྱང་རྩ་བ་ནི་བད་ཀན་གཏི་མུག་གིས་བསྐྱེད་ཅིང་མཁྲིས་པ་ཞེ་སྡང་གིས་བསྐྱེད་པ་རླུང་འདོད་ཆགས་ཀྱིས་བསྐྱེད་དེ། དེ་སྐད་དུའང་། །དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། རླུང་མཁྲིས་བད་ཀན་རིམ་པས་བསྐྱེད་པའི་རྒྱུ། །ཞེས་བརྒྱད་པ་ལས་བཤད་དོ། །དེས་ན་ཆུ་མེ་རླུང་གསུམ་ནད་ཡིན་སྟེ། ལུས་ལ་ནད་བྱེད་པ་དེ་ཡང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་བའི་ཕྱིར་བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་དང་། དགའ་བདེ་ཆུ་ལྟ་བུ་དང་། རྣམ་རྟོག་གཡོ་བ་རླུང་ལྟ་བུ་དང་གསུམ་པོ་དེའི་རྒྱུ་མཚན་ལ་བརྟེན་ནས་གཟུགས་ཀྱི་ཁམས་མན་ཆད་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པར་ཡང་བྱེད་དོ། །དེ་ཡང་མཛོད་ལས། དེའི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། འཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་ཀྱིས་འདུ་བ་འཁྲུགས་པ་འདི་རྣམས་ཀྱི་སྐྱོན་བསལ་བའི་ཐབས་གེགས་སེལ་ལས་བྱུང་བ་བཞིན་དུ། མཁའ་དང་ས་ནི་དེ་གཉིས་ཀྱི། །རྟེན་བྱེད་སྐྱོན་ནི་མེད་པ་ཡིན། །དེ་ཕྱིར་མཁས་པས་དེ་གཉིས་ཀྱི། །གནད་ཤེས་གསུམ་པོའི་སྐྱོན་གཞོམ་བྱ། །ཞེས་སྨོས་སོ། །འདི་ལ་ཡང་ནང་དུ་སའི་ཁམས་ནི་ཕུར་སེལ་གྱི་རླུང་ཡིན་ལ། ནམ་མཁའ་ནི་ཕྱིར་དབྱུང་བ་ཡིན་པས་དུས་ཀྱི་འཁོར་ལོ་ནས། དབྱུང་བ་ཡིས་ནི་མཁྲིས་པའི་གཤེད་ཡིན་སྲོག་དང་རྩོལ་པ་ཡིས་ནི་བད་ཀན་ལ། རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པ་ཡིས་ནི་སེལ་བར་འགྱུར། །ཞེས་གསུངས་སོ། །ད་ནི་འཇུག་བསྡུ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལྟར་ཐིག་ལེ་གསུམ་པོ་མ་རིག་པ་དང་འབྲེལ་བས་འཁོར་བ་བསྐྱེད་པའི་གཞིར་གསུངས་ལ། འཆིང་བྱེད་ཀྱི་ཐབས་ཀྱིས་ཟིན་པས་འཇོམས་པའི་གཉེན་པོ་རུ་བཤད་དེ། ཧེ་བཛྭ་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་ལ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་སོ། །གསུམ་པོ་རྣམ་པར་རྟོག་པའི་སྦྱང་གཞི་སྦྱོང་བྱེད་དང་སྦྱར་ནས་ཇི་ལྟར་བསྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། །བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བ་ལས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལ་སོགས་པའི་ལུང་འདི་གསུངས་ཏེ། འདོད་ཆགས་ཆེན་པོའི་དབང་དུ་སོང་བས་སྲིད་པ་གསུམ་དུ་སྐྱེ་བ་རྣམས་དེ་ལས་རྒྱུད་རྣམ་པར་གྲོལ་བའི་དོན་དུ་ཁམས་བྱང་ཆུབ་ཀྱི་སེམས་དཀར་དམར་རྫས་ཀྱི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །ཞེ་སྡང་ཆེན་པོའི་དབང་དུ་སོང་ནས་མི་གང་ཞིག་མི་སྲུན་པའི་ལུས་ཅན་དེ་རྣམས་མྱུར་དུ་གྲོལ་བར་བྱ་བའི་དོན་དུ་ཀུན་བརྟགས་པའི་རིམ་པ་དང་འབྲེལ་པའི་སྔགས་ཀྱི་ཐིག་ལེ་རྣམས་གསུངས་པ་ཡིན་ནོ། །མི་གང་ཞིག་གཏི་མུག་ཆེན་པོས་རྒྱུད་ཀུན་ནས་འཁྲུལ་པར་གྱུར་པ་རྣམས་ལ་སྲིད་པའི་སྡུག་བསྔལ་ལས་བསྐྱོབ་པ་དང་། མི་སྣང་བ་དང་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཀྱི་འབྲས་བུ་བརྒྱད་ཐོབ་པར་བྱ་བའི་ཕྱིར་དང་། རང་གི་དབང་པོའི་མངོན་སུམ་དུ་ཡེ་ཤེས་ཀྱི་འབྲས་བུ་སྣང་བར་བྱ་བ་ནི་རླུང་གི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་ཐབས་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །དེ་ལྟར་དུམ་བུ་གསུམ་དུ་གསུངས་པའི་རྩ་དང་རླུང་དང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལས་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པས་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་གསུངས་སོ། །ཧེ་བཛྭ་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་བཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་པ་རྟོགས་པར་བྱའོ།། །།ད་ནི་དུམ་བུ་དྲུག་པ་གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྣམ་ཤེས་སོགས་འབྲེལ་བ། མདོར་བསྡུས་རགས་པ་བཤད་པར་བྱ། ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་དང་ཡེ་ཤེས་རྣམ་པ་ལྔ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་དང་བཅས་པ་རྣམས་ཀྱིས་མ་བསྡུས་པ་མེད་མོད་ཀྱི་འདིར་རགས་པའི་རིམ་པ་འཆད་དོ་ཞེས་སོ། །རྒྱས་པར་བཤད་པ་ལ་ལྔ་སྟེ་སྤྱིར་བསྟན་པ་དང་། གཉིད་འཐུག་པོའི་གནས་སྐབས་དང་། རྨི་ལམ་གྱི་གནས་སྐབས་དང་། ཆགས་པའི་གནས་སྐབས་དང་། ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པའོ། །དང་པོ་ནི་ཚིག་ལྔ་སྟེ་ཐོག་མར་ལུས་བསྐྱེད་པའི་ཚུལ་ནི་གོང་དུ་བཤད་དོ། །གནས་དུས་གནས་སྐབས་བཞི་ཡིན་ཏེ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །མ་དག་སྐུ་བཞིའི་གནས་སྐབས་ཡིན། །ཞེས་འོག་ནས་འཆད་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་མན་ཆད་རེ་རེ་ལ་ཡང་། མ་དག་པའི་གནས་སྐབས་ཀྱི་གཞི་དང་། ཡེ་ཤེས་གང་ཡིན་པ་དང་སྐུ་གང་ཡིན་པ་དང་དྲི་མ་ཇི་ལྟར་སྦྱོང་བའི་རིམ་པ་སྦྱོང་བྱེད་ཀྱི་ཐབས་ཀྱི་ཁྱད་པར་གང་ཡིན་པ་དང་བཅས་པ་རྒྱས་པར་སྟོན་ཏོ། །གཉིས་པ་གཉིད་འཐུག་པོའི་གནས་སྐབས་རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་ལྔ་སྟེ། དབྱེ་བ་རྣམས་པ་མང་བཤད་ཀྱང་། ཞེས་པ་ནི་རྒྱུད་འགྲེལ་རྣམས་ལས་གཞི་ལམ་འབྲས་བུའི་དབྱེ་བ་མང་དུ་གསུངས་ཀྱང་། དང་པོའི་སངས་རྒྱས་ལས། སད་དང་རྨི་ལམ་གཉིད་སྟུག་དང་། །བཞི་པ་དབང་པོ་གཉིས་སྐྱེས་བདེ། །ཡེ་ཤེས་ཐུགས་གསུང་སྐུ་ཡི་མིན། །གནས་བཞི་རྣམས་སུ་མི་གནས་ཏེ། །ཞེས་གསུངས་པའི་ཕྱིར། འདིར་ཐོག་མར་གཉིད་འཐུག་པོའི་གནས་སྐབས་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞི་གཙོ་བོ་ཡིན་ཅིང་། གནས་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོར་གནས་ལ། ངོ་བོ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་མི་གསལ་བར་གཅིག་ཏུ་བསྡུས་པ་སྟེ། འདི་ནི་སེམས་ཅན་གྱི་གནས་སྐབས་སོ། །དེ་ཉིད་ཀྱི་འཁྲུལ་པ་དག་ན། འོད་གསལ་བའི་འབྲས་བུ་དངོས་སུ་བྱེད་པར་འགྱུར་ཏེ། ཡེ་ཤེས་རྣམས་ཀྱི་ནང་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཡིན་ལ། ལ་ལ་ནས་ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ་ཞེས་ཀྱང་འདོད་པའི་ཕྱིར་གོང་མ་ལ་ཀྱང་གི་སྒྲ་སྨོས་པ་ཡིན་ནོ། །འདི་ལ་ཆགས་པའི་གནས་སྐབས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྦྱོར་ན་འདི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཐད་ཀྱི། ཆགས་པའི་གནས་སྐབས་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བཤད་ན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་གཉིད་ཀྱི་གནས་སྐབས་སུ་འཐད་དོ། །གཉིད་འཐུག་པོའི་གནས་སྐབས་ན་ཡེ་ཤེས་བསྒྲིབ་པའི་སྐྱོན་ཇི་ལྟ་བུ་ཡོད་ཞེ་ན། བག་ཆགས་བརྟེན་ཀྱང་མི་གསལ་ཞིང་། །འདུ་བྱེད་གཡོ་བའི་རྐྱེན་ཡོད་ཕྱིར། །མ་རིག་དྲི་མ་ཅན་ཞེས་བྱ། །ཞེས་སྨོས་པ་སྔར་ཀུན་གཞིའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། འོ་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་སྤང་བྱར་འདུག་པས་གཉེན་པོ་ཇི་ལྟ་བུ་ཅིག་གིས་སྦྱང་ཞེ་ན། འདི་ཐེག་པ་གསུམ་སོ་སོའི་འབྲས་བུ་ཐོབ་པའི་གནས་སྐབས་དང་། སྦྱར་ནས་བཤད་པ། གང་ཟག་ཆོས་ལ་བདག་མེད་པ། གཅིག་དང་ཕྱེད་དང་གཉིས་དང་གཉིས། །རིམ་པས་གཉེན་པོའི་ཤེས་པ་སྟེ། དེ་སྦྱངས། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་རྟེན་གྱི་གང་ཟག་ནི། ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་རྟོག་པ་བཞི་གཉེན་པོ་མི་རྟག་པ་སྟོང་པ་སྡུག་བསྔལ་བ་བདག་མེད་ལ་སོགས་པས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཉན་ཐོས་ཀྱི་ལམ་བསྒོམས་པས་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པས་ན། གཉེན་པོའི་རྒྱུན་ཐ་མ་དེ་ལ་ཡང་རྡོ་རྗེ་ལྟ་བུའི་མིང་གིས་འདོགས་ཤིང་། དེ་བས་ལྷག་པ་རང་སངས་རྒྱས་ཀྱི་ཆོས་ལ་བདག་མེད་པའི་ཆ་ཤས་མཐོང་བས་ཆོས་ཀྱི་བདག་གི་བཟུང་བའི་དོན་རང་བཞིན་མེད་པར་རྟོགས་ཀྱང་འཛིན་པའི་ལྷག་མ་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་མ་སྤངས་པ་ཡོད་པས་བདག་མེད་ཕྱེད་དང་གཉིས་མཐོང་བ་སྟེ། དེ་ལྟ་བུའི་ལམ་བསྒོམ་པ་སྔོན་དུ་བྱས་ནས་འབྲས་བུ་རང་སངས་རྒྱས་མངོན་སུམ་དུ་བྱེད་པ་ན་ཡང་གཉེན་པོའི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་ཐོབ་པ་ཡིན་ནོ། །དེས་གཉིས་པས་ཆེས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔས་བདག་མེད་པ་རྣམ་པ་གཉིས་མངོན་སུམ་དུ་བྱས་པས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ན་ངེས་པར་ཏིང་ངེ་འཛིན་འདི་ཐོབ་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་ལ་གནས་ནས་སེམས་ཅན་དོན། །ཕན་ཕྱིར་རབ་ཏུ་བསྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འཐོབ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པས་འདིར་ནི། ཐེག་གསུམ་སོ་སོའི། །རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། །དྲི་བཅོམ་དག་པ་གསུམ་ཐོབ་གསུངས། །ཞེས་བྱ་བ་སྨོས་སོ། །འོ་ན་ཐེག་པ་གསུམ་ཀའི་འབྲས་བུ་མངོན་སུམ་དུ་བྱེད་པ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་སྤངས་སམ་ཞེ་ན་མ་ཡིན་ཏེ། ཐེག་བསྡུས་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་མཐོང་བ་མེད་པར་ཡང་རང་གི་མྱ་ངན་ལས་འདས་པ་ཡོངས་སུ་བསྒྲུབ་པས་ཀུན་གཞིའི་རྣམ་པར་ཤེས་པ་དེ་དག་གི་གཞུང་དུ་མ་བསྟན་ཏོ། བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ལ་མཐོང་བ་འཇུག་པ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཤེས་བྱའི་གནས་ཀྱི་གཞིར་བསྟན་ཏོ་ཞེས་བྱ་བ་དང་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་ནས་རྒྱལ་གྱུར་པས། །ཉན་ཐོས་དེ་དག་གནས་པར་འགྱུར། བསྐུལ་ན་སྣ་ཚོགས་གཟུགས་ཀྱི་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་བྱ་བ་འདིའི་དོན་རྒྱུད་བླ་མ་དང་དཔལ་འཕྲེང་གི་མདོ་དང་། ལང་ཀར་གཤེགས་པ་དང་། པད་མ་དཀར་པོ་ལ་སོགས་པ་རྣམས་ནས་རྒྱ་ཆེར་གསུངས་སོ། །སྔགས་ཀྱི་ཐེག་པ་འདིར་ཀུན་གཞིའི་རྣམ་པར་ཤེས་པ་ཡེ་ཤེས་སུ་བསྒྱུར་བའི་ཐབས་ཇི་ལྟ་བུ་གསུངས་ཞེ་ན། དེ་ཕྱིར་གསལ་ལ་མི་རྟོག་པའི། །ཉིན་མཚན་གཉིས་ཀྱི་འོད་གསལ་བསྒོམ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། ཕྱག་རྒྱ་ཆེ་ལ་རོལ་བར་བྱ། །ཞེས་སྨོས་ཏེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་ཏུ་མི་འགྱུར་བ་གྲུབ་པའི་མདོར་བསྡུས་དང་། འཕགས་པ་ཀླུ་སྒྲུབ་གྱི་རིམ་པ་ལྔ་ལས་འོད་གསལ་བའི་རིམ་པ་དང་། གཞན་ཡང་མཁས་གྲུབ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒོམ་པའི་རིམ་པར་རྒྱ་ཆེར་བསྟན་ཏོ། །རྣམ་ཀུན་མཆོག་ལྡན་ཞེས་བྱ་བའི་དོན་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་ཉིད་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མར་ལྟ་བར་མི་ནུས་བཞིན། །ཞེས་རྒྱུད་བླ་མར་གསུངས་པའི་དོན་སྤྱན་རས་གཟིགས་ཀྱི་གསུངས་པ་ཡོད་མོད་ཀྱི་འདིར་མ་བྲིས་སོ། །ཕྱག་རྒྱ་ཆེན་པོའི་རིམ་པས་བསྟན་ཟིན་ཏོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ། དག་པ་དང་མ་དག་པའི་ངོ་བོ་དང་། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་དང་། གནད་འཆིང་བ་འབྲས་བུ་དང་བཅས་པ་གསུམ་གྱིས་བསྟན་ཏེ། དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་དེ་བཟུང་དང་འཛིན། །གཉིས་སྣང་འཁྲུལ་པར་བྱེད་པ་ཡིན། །ཞེས་སྨོས་ཏེ། འདི་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་ནས་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱེད་ནས། ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན་ལ། རྩ་གནས་བརྒྱུད་ནས་བཟུང་འཛིན་གྱི་སྣང་བ་བསྐྱེད་པ་ནི་འོག་ནས་རྒྱས་པར་འཆད་པ་བཞིན་ནོ། །དེ་ལྟར་ཀུན་གཞི་ལ་གནས་པའི་ཡིད་དང་དྲུག་པ་ཡིད་ཀྱི་ཆ་ཤས་ཡིན་པས་འོག་ནས་སྟོན་པ་བཞིན་དུ་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་ཡིན་ལ་སྐུ་བཞི་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེའི་ཕྱིར། །དག་ན་ལོངས་སྤྱོད་རྫོགས་པ་སྟེ། །གསལ་ལ་མ་འདྲེས་སྟོང་པར་གནས། །ཞེས་སྨོས་པ་སྟེ། འདི་ལ་རྨི་ལམ་གྱི་གནས་སྐབས་ནི་ཡུལ་དང་དབང་པོ་དང་ཤེས་པ་ཐམས་ཅད་གསལ་ལ་མ་འདྲེས་པ་དང་། ཡིད་ལས་གཞན་དུ་རྡུལ་ཕྲ་རབ་འདུས་པའི་ཡུལ་ལ་སོགས་པ་ནི་མེད་པས་སྣང་བ་དང་སྟོང་པ་དབྱེར་མེད་པའི་རང་གི་ངོ་བོ་ཡིན་ནོ། །རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ལ་ཚིགས་སུ་བཅད་པ་བདུན་སྟེ། འདི་དག་ཀྱང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ལས། རྒྱས་པར་གསུངས་པའི་ཚུལ་བསྡུས་པ་ཡིན་པས། རྨི་ལམ་དེར་མ་དག་པ་དང་འཁྲུལ་པའི་སྣང་བ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། ཐོག་མར་སྙིང་ཁར་ཀུན་གཞིའི་སྟེང་དུ་ཚོགས་དྲུག་པོ་ཐམས་ཅད་སྡུད་དོ། །དེ་ནས་ཡིད་སྲོག་གི་རླུང་དང་ལྷན་ཅིག་ལངས་ནས་ལུས་ཀྱི་སྟེང་གི་ཕྱོགས་སྤྱི་བོར་སོང་ན་ལྷའི་ཡུལ་རྣམས་ཀྱི་སྣང་བ་དང་། ནམ་མཁའ་ལ་ཕྱིན་པ་དང་། རི་མཐོན་པོ་ལ་སོགས་པ་ལ་གྱེན་དུ་འགྲོ་བ་དང་། མིག་གི་རྩ་ལ་སོང་བས་གཟུགས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་དང་། དེ་བཞིན་དུ་སྒྲ་དང་དྲི་དང་རོ་ལ་སོགས་པ་མ་འདྲེས་པར་འཆར་རོ། །གང་གི་ཚེ་ཡིད་སྲོག་གི་རླུང་དང་ལྷན་ཅིག་སྙིང་ཁའི་འོག་གི་ཕྱོགས་སུ་གསང་བ་ལ་སོགས་པར་འགྲོ་བས་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྣང་བ་དང་། ཐུར་དུ་བྲག་རོང་དང་ནགས་འཐིབས་པོ་ལ་སོགས་པ་ལ་འགྲོ་བ་དང་། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པར་འཆར་བར་འགྱུར་རོ། །ལུས་ཀྱི་བར་གྱི་རྩ་རྣམས་སུ་ཡིད་སྲོག་གི་རླུང་དང་ལྷན་ཅིག་ཏུ་འགྲོ་བས། དེའི་ཚེ་གླིང་བཞི་ལ་སོགས་པ་ས་སྟེང་གི་སྣང་བ་འཆར་རོ། །དེ་ཡང་མདུན་གྱི་རྩ་གནས་ལ་སོང་བའི་ཚེ་ཤར་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །གཡས་ཀྱི་རྩ་ལ་སོང་ན་ལྷོའོ། །རྒྱབ་ཀྱི་རྩ་ལ་ནུབ་བོ། །གཡོན་གྱི་རྩ་ལ་སོང་ན་བྱང་ཕྱོགས་ཀྱི་སྣང་བ་འབྱུང་སྟེ། རྩ་གནས་ཡངས་པ་ལ་ཡུལ་ཡངས་པ་དང་། རྩ་གནས་དོག་པ་ལ་ཡུལ་ཤིན་ཏུ་དོག་པ་ལ་སོགས་པའི་སྣང་བ་འཆར་སྟེ། དེའི་ཕྱིར་སྲོག་གཡས་པར་རྒྱུ་བའི་འཆི་ལྟས་བྱུང་བའི་ཚེ་རྨི་ལམ་དུ་ཡང་ལྷོ་ཕྱོགས་སུ་ཡང་ནས་ཡང་དུ་ཕྱིན་པ་རྨི་བས་ལྷོར་འགྲོ་བ་འཆི་ལྟས་སུ་བཤད་པའི་དོན་ནི་དེ་ཡིན་པར་གོའོ། །རྨི་ལམ་དེར་དངོས་པོ་ཇི་ལྟ་བུ་སྣང་བའི་རྐྱེན་ཡང་། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱི། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་ནས་མང་དུ་གསུངས་པའི་ཕྱིར། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། །ཞེས་འདིར་སྨོས་ནས་རླུང་གི་རྨི་ལམ་གྱི་སྡེ་ཚན་ནི་འདི་ཡིན་ཏེ། ས་ཕྱོགས་ནེའུ་སིང་ལ་སོགས་པ་རྫས་ཐམས་ཅད་སྔོན་པོ་དང་། གོས་སྔོན་པོ་དང་། ནག་པོ་དང་། བྱ་ནག་དང་། ནམ་མཁར་འཕུར་བ་དང་། རྟ་ཞོན་པ་དང་། ནོར་བུ་སྔོན་པོ་དང་རིག་པ་དྭངས་པ་དང་རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་ཞིང་འགྱུར་བ་ཡང་ཡུད་དུ་སྣང་བ་ལ་སོགས་པ་ཡིན་ནོ། །མཁྲིས་པའི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི་མེ་འབར་བ་དང་། གོས་དམར་པོ་དང་སེར་པོ་དང་ས་གཞི་དམར་པོ་དང་། གསེར་དང་། བཙུན་པ་ལ་སོགས་པ་གོས་སེར་ཅན་སྣང་བ་དང་། སེམས་ཅན་དང་རྫས་ལ་སོགས་པ་ཐམས་ཅད་ཀྱང་སེར་པོ་ཤས་ཆེ་བ་དང་དལ་ཞིང་བརྟན་པ་དང་རིག་པ་ཡང་སྐྲག་པ་ལ་སོགས་པ་དང་འབྲེལ་བ་རྣམས་སྣང་བ་ཡིན་ནོ། །བད་ཀན་གྱི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང་། ཁ་བ་དང་། ས་ཕྱོགས་དཀར་པོ་དང་། གོས་དཀར་པོ་དང་བུད་མེད་དང་གླང་པོ་ཆེ་དང་དངུལ་དང་མུ་ཏིག་ལ་སོགས་པའི་ནོར་བུ་དཀར་པོ་དང་། རེག་པའི་བདེ་བ་དང་བརྟན་པ་ལ་སོགས་པ་དུ་མ་སྣང་སྟེ། །ཇི་ལྟར་ཁམས་ཀྱི་རིམ་པ་བཞིན་དུ་རྨི་ལམ་གྱི་སྣང་བ་དཔག་ཏུ་མེད་པ་འབྱུང་བར་བཤད་པས། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །ཞེས་དོན་བསྡུས་པ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པས་བསྒོམ་པའི་གནད་བཅིང་བ་འབྲས་བུ་དང་བཅས་པ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། ད་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པ་ན། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། གཞན་ཡང་རྨི་ལམ་གྱི་སྣང་བ་འདི་དང་བར་མ་དོའི་ཤེས་པ་ཅུང་ཟད་མཚུངས་པའི་ཕྱིར་དང་བཅོམ་ལྡན་འདས་ཀྱིས་འཕོ་བའི་སྐབས་ན་རྣམ་པར་ཤེས་པ་འགྲོ་བའི་ལམ་སོ་སོར་གསུངས་པ་རྣམས་གང་དུ་འགྲོ་བ་ད་ལྟར་རྨི་ལམ་གྱིས་ཚོད་འཛིན་ཅིང་ཤེས་པའི་ཕྱིར། བར་དོ་ཕྱི་མ་འཕོ་བ་ཡིས། །སྣང་བའི་ཚོད་འཛིན་བྱེད་པ་ཡིན། །ཞེས་སྨོས་པ་ཡིན་ནོ། །རྨི་ལམ་དེ་ཐབས་མཁས་པའི་ཡན་ལག་གིས་ཡོན་ཏན་དུ་ཇི་ལྟར་བསྒྱུར་བར་བྱེད་ཅེ་ན། རང་གི་སེམས་ཀྱི་སྣང་བ་ཡིད་ཀྱི་ཡུལ་ཆོས་འདུས་བྱས་ལ་དབང་ཐོབ་བར་བྱ་དགོས་པས། དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བཅིང་བ་སྟེ། འདིར་ཡེ་ཤེས་ནི་ཀུན་བརྟགས་པའི་གཞལ་ཡས་ཀྱི་ཁང་པ་དང་ལྷ་དང་ལྷ་མོ་དང་སངས་རྒྱས་ཀྱི་ཞིང་དང་ཟད་པར་དང་། རྫུ་འཕྲུལ་གྱི་ཡུལ་ཀུན་བརྟགས་པ་དང་དབང་འབྱོར་པའི་གཟུགས་ཐམས་ཅད་རྨི་ལམ་བཟུང་བ་དང་སྦྱང་བ་དང་བསྒྱུར་བའི་ཁྱད་པར་གྱིས་བདེ་བླག་ཏུ་གྲུབ་པར་བྱ་སྟེ། སྒྱུ་ལུས་དང་ཟུང་འཇུག་གི་རིམ་པ་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་གསུངས་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་རྨི་ལམ་གྱི་རྒྱུ་དང་རྐྱེན་དང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྒྱ་ཆེར་བཤད་པ་དུ་མ་ཡོད་མོད་ཀྱི་འདིར་ནི་རྒྱས་པར་མ་བསྟན་ནོ། །འོ་ན་རྨི་ལམ་ཐམས་ཅད་ནི་བག་ཆགས་གཉིས་འཁྲུལ་ཡིན་ནོ་ཞེས་འཇིག་རྟེན་ན་གྲགས་ན། རྨི་ལམ་ལ་མ་འཁྲུལ་པ་གཉེན་པོའི་ཆར་གྱུར་པ་ཡོད་དམ་ཞེ་ན། །འཁྲུལ་པ་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །ཞེས་སྨོས་ཏེ། འདིར་འགྱོད་པ་དང་གཉིད་དང་རྟོག་དཔྱོད་ནི་དགེ་བ་དང་མི་དགེ་བ་དང་ངེས་པ་དང་མ་ངེས་པ་ཐམས་ཅད་དུ་འབྱུང་བས། མ་འཁྲུལ་བ་དང་འདྲེས་པའི་རྨི་ལམ་ཤིན་ཏུ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་ས་དང་པོ་ནས་ས་བཅུ་པའི་བར་ལ་རྨི་ལམ་གྱི་ལྟས་ཀྱི་ཁྱད་པར་བརྒྱ་རྩ་བརྒྱད་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལས་གསུངས་པས། དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། རྨི་ལམ་བསྟན་པ་མདོ་ལས་གསུངས། །ཞེས་སྨོས་སོ། །འོ་ན་སྔར་རྨི་ལམ་ནི་རླུང་མཁྲིས་བད་ཀན་གྱི་ཆས་བསྐྱེད་ཅིང་དེ་དག་ནི་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་ཅེས་གྲགས་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཟག་བཅས་ཀྱི་ཕུང་པོ་མེད་པ་དག་ལ་རྨི་ལམ་འབྱུང་བར་མི་རིགས་སོ་སྙམ་ན། འདི་ལ་ནི་རྟེན་གཞན་ཡོད་དེ་དེ་ཡང་གང་ཞེ་ན། །དེ་རྒྱུ་ཟག་མེད་ཁམས་བཟུང་ཕྱིར། །ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔའ། ས་དང་པོ་ལ་གནས་ནས་ཁམས་གསུམ་གྱི་ཉོན་མོངས་པའི་ཟག་པ་དང་བཅས་པའི་ལུས་སྤངས་ཀྱང་ཟག་པ་མེད་པའི་ལས་ཀྱིས་བསྐྱེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འཛིན་པས། ཕུང་པོ་དང་འབྲེལ་བའི་གནས་སྐབས་རྣམ་པ་བཞི་འཛིན་པས་ཟག་པ་མེད་པའི་རྨི་ལམ་ཀྱང་ཡོད་དོ། །ཚུལ་འདི་ནི། དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །ཇི་ལྟར་པད་མ་ཆུ་ནང་ན། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མ་གོས། ཞེས་རྒྱུད་བླ་མ་ལས་གསུངས་པ་དང་། རྒྱས་པར་ནི་མཆོག་ཏུ་མི་འགྱུར་བ་གྲུབ་པ་ལས་གསུངས་སོ། །ཆོས་ཀྱི་ཕྱག་རྒྱའི་བྱེ་བྲག་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །བཞི་པ་ཆགས་པའི་གནས་སྐབས་བཤད་པ་ལ། དག་མ་དག་གི་ངོ་བོ། འཁོར་བར་བསྐྱེད་པའི་ཚུལ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ། གནད་བཅིང་བ་དངོས་བཤད་པ་དང་བཞི་ལས། དང་པོ་ནི། ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། སེམས་ཅན་རྣམས་ཀྱི་སྙོམས་འཇུག་གི་ཆགས་པའི་དུས་ན་རྣམ་པར་ཤེས་པ་དེའི་ཚེ། ཇི་ལྟར་གནས་ཞེ་ན། དགའ་བ་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཡང་ལྡན་སྟེ། འདོད་སྲེད་ཀྱི་དང་པོ་ནི་སྤྱི་བོའི་འཁོར་ལོར་གནས་སོ། །གཉིས་པ་དགའ་བའི་ཚེ་ནི་མགྲིན་པར་རོ། །གསུམ་པ་མཆོག་ཏུ་དགའ་བའི་དུས་ན། ལྟེ་བར་རྣམ་པར་ཤེས་པ་འདུས་པ་ཡིས། མེ་དང་ཟླ་བ་གཉིས་འདྲེས་ཚེ། དུང་ཅན་ནང་དུ་ལྷན་སྐྱེས་མྱོང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རང་གི་དབུ་མའི་མར་སྣར་གཏུམ་མོའི་མེ་དང་ཁམས་བྱང་ཆུབ་ཀྱི་སེམས་དཀར་ཆ་གཉིས་འདྲེས་པ་ལ་བརྗོད་ཀྱི། ཕྱི་རོལ་དུ་འདྲེས་པ་ནི་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཡུན་དང་ངོ་བོ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་སྐད་ཅིག་ཤེས་པ་སྟེ། །ཚོགས་བརྒྱད་མ་འགགས་སོ་སོར་གསལ། བདེ་ལ་མི་རྟོག་ཉོན་མོངས་མིན། །ཞེས་སྨོས་ཏེ། འདི་ནི་སྐད་ཅིག་མའི་ཤེས་པ་བདེ་གསལ་མི་རྟོག་པ་འདྲེས་པའི་རང་ངོ་ཉོན་མོངས་པའི་དྲི་མ་མེད་པ་ཡིན་ཀྱང་ལུས་ཅན་རྣམས་ཀྱིས་དེ་མི་ཤེས་ལ་དེ་འགགས་པའི་རྗེས་སུ་དགའ་བྲལ་གྱི་དགའ་བ་འཆར་སྟེ། ལྷན་ཅིག་སྐྱེས་པ་མ་བཏོགས་པའི་དགའ་བ་གསུམ་པོ་ནི་རྣམ་པར་རྟོག་པའི་ཆའོ། །ཧེ་བཛྭ་ལས། དགའ་བས་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཞེས་གསུངས་པས་དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད་དེ་ཚོགས་བརྒྱད་ཀྱི་རང་ངོར་རྫོགས་པའི་ཕྱིར་རོ། །གང་གི་ཚེ་གཉེན་པོས་རྣམ་པར་སྦྱངས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་དག་ན་ཐམས་ཅད་ལྷན་ཅིག་སྐྱེས་པའི་བདེ་བར་དེ་ཉིད་ཡིན་པའི་ཕྱིར་འགག་པ་མེད་པ་ནི་ཚོགས་དྲུག་གི་རང་ངོ་གསལ་བ་སྤྲུལ་པའི་སྐུའི་རང་བཞིན་དང་། འཛག་བྲལ་ནི་ཉོན་མོངས་པའི་ཟག་པ་ཐམས་ཅད་དང་བྲལ་བས་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྟོང་པ་དང་ལྡན་པ་ནི་རང་བཞིན་ཀྱི་སྐུ་སྟེ། དེས་ན་གནས་སྐབས་ཐམས་ཅད་དུ་འགྲོ་བའི་བདག་ཉིད་ཀྱི་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་བ་ཡིན་པས། །ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་བསྟན་པ་ཡིན་ནོ། །འཁོར་བར་བསྐྱེད་པར་བྱེད་པའི་ཚུལ་ལ་ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ། གང་གིས་མ་རྟོགས་ཞེ་ན། མ་དག་འཁྲུལ་པའི་སེམས་ཅན་རྣམས་སོ། །གང་མ་རྟོགས་པ་ནི། སྐད་ཅིག་བདེ་ཆེན་མི་ཤེས་པས། །ཞེས་པ་སྟེ། སྔར་བསྟན་པ་དེ་ཉིད་མི་ཤེས་པའོ། །ཚུལ་ཇི་ལྟར་དུ་མི་ཤེས་པ་ནི། རང་ལ་གནས་པ་གཞན་དུ་བཟུང་། །བདེ་ཉམས་དུག་གསུམ་བསྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བའི་རྒྱུ། །ཞེས་སྨོས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་ལ་གཞན་དུ་ཡུལ་ལ་ཀུན་ཏུ་རྟོག་པ་དང་། ཁམས་བྱང་ཆུབ་ཀྱི་སེམས་ཉམས་པར་གྱུར་པས་ཉོན་མོངས་པ་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་སྟེ། དུས་ཀྱི་འཁོར་ལོ་ལས། དེ་ལྟར་རྣམ་པ་བཞིའི་སེམས་དང་རྣམ་གསུམ་བཅོམ་ལྡན་འདས་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་ནང་དུའོ། །མཉམ་པའི་འབྲས་བུ་བདེ་བ་སྟེར་བ་ཁྱབ་བྱེད་རྣལ་འབྱོར་དབང་ཕྱུག་གིས་ནི་ཐར་པའི་རྒྱུར་བསྲུང་བྱ། ཐིག་ལེ་ཤོར་ན་སུ་ཞིག་གྲོལ་ལས་རྣལ་འབྱོར་མཆོག་གི་བདེ་བ་བྲལ་ཞིང་སྐྱེ་བའི་ས་བོན་ནོ། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་ནི་དཀའ་ཐུབ་པ་ཡིས་རྣམ་པ་ཀུན་ཏུ་སྤང་པར་བྱ། ཞེས་གསུངས་པ་ཡིན་ནོ། །ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་ཇི་ལྟར་སྐྱེ་ཞེ་ན། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། །བདེ་འདོད་རང་ཆགས་སེར་སྣ་དང་། །ཕྲག་དོག་ཀུན་བསྐྱེད་མི་དགེ་སྤྱོད། །དེ་ཡིས་ངན་འགྲོ་ཀུན་བསྐྱེད་བྱེད། ཞེས་བྱ་བ་སྨོས་ཏེ། འདི་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་ཇི་ལྟར་གསུངས་པའི་རིམ་པ་འདིར་བཤད་པ་ཡིན་ཏེ། གཞུང་ཇི་ལྟ་བ་བཞིན་ནོ། །མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་ནི་ཚིགས་བཅད་བཞི་སྟེ། སྔར་བསྟན་པའི་མ་རིག་པའི་ཚུལ་དེ་ལས་ཅུང་ཟད་བཟློག་པར་བྱས་ནས་རང་དང་གཞན་ལ་ཕན་པར་འདོད་པའི་སེམས་བསྐྱེད་དེ་སེར་སྣ་དང་ཕྲག་དོག་དང་ཆགས་པ་དང་ཁོང་ཁྲོ་བའི་སྐྱོན་རྣམས་དོར་བར་བྱས་ལ། ཟང་ཟིང་གི་སྦྱིན་པ་དང་རང་གི་རྒྱུད་བསྲུང་བའི་ཚུལ་ཁྲིམས་ལ་བརྟེན་ནས་བདེ་བ་འདོད་པས་འདོད་པའི་ཁམས་ཀྱི་ལྷ་དང་མིའི་གོ་འཕང་ཐོབ་ཅིང་། འདོད་སྲེད་བཅད་ནས་བསམ་གཏན་གྱི། །བདེ་ཚོལ་གཟུགས་དང་གཟུགས་མེད་ལེན། །ཞེས་པའི་ཚུལ་ནི་སྔར་སྐྱེ་བའི་ཉིང་འཚམས་སྦྱར་བའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ཡང་སྔར་ལྟར་རོ་མྱོང་ན་ཞེས་བྱ་བའི་དོན་ནི། ཇི་ལྟར་བདོད་པའི་བདེ་བ་ལ་ཞེན་པ་བཞིན་དུ། བསམ་གཏན་གྱི་བདེ་བ་ལའང་འདོད་པས་ཆགས་ཤིང་རོ་མྱོང་བར་བྱེད་ན་ཆགས་པ་དང་ལྡན་པས་དེ་ལས་ཉོན་མོངས་པ་གཞན་སྐྱེ་བའི་ཕྱིར་དུག་གསུམ་གྱི་དབང་གིས་ཁམས་གསུམ་དུ་འཁོར་བར་འགྱུར་རོ། །དེ་ལྟར་ཁམས་གསུམ་གྱི་འཛག་པ་བཅད་ནས་ཁམས་གསུམ་པོ་སེམས་ལས་བྱུང་བར་ཤེས་ཤིང་ཉོན་མོངས་པ་སྤངས་ཀྱང་མྱ་ངན་ལས་འདས་པ་ཉིད་ལ་ཕྱོགས་གཅིག་ཏུ་སྲེད་ན་ཐེག་པ་དམན་པར་འགྱུར་བས། སེམས་སུ་ཤེས་ནས་ཁམས་གསུམ་གྱི། །ཆགས་སོགས་མཐོང་བསྒོམ་གྱིས་བཅོམ་ནས། །མྱ་ངན་འདས་སྲེད་དེ་ཐོབ་པ། །དེར་གནས་ཉན་རང་ཞེས་བརྗོད་དོ། །ཞེས་སྨོས་ཏེ། སྤངས་རྟོགས་ཀྱི་ཚུལ་ནི་སྔར་བཤད་པ་ཡིན་ནོ། །ཉན་རང་གི་ཞི་བ་ལ་མངོན་པར་དགའ་བ་ཡང་སྤངས་ནས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བས་མཐའ་གཉིས་ལས་ངེས་པར་འབྱུང་བ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། །སྲིད་དང་ཞི་བ་གཉིས་ཀ་ལ། །སྲེད་སྤངས་འཛག་མེད་དབང་ཐོབ་པ། །རྡོ་རྗེ་ཐེག་པར་གསུངས་པ་ཡིན། །ཞེས་བསྟན་སྟེ། དེ་ལ་འཛག་པ་ཞེས་བྱའི་དོན་ཡང་། རྟེན་ལུས་ཀྱི་འཛག་སྒོ་བཞི་ནི་སྟེང་དང་འོག་དང་བ་སྤུའི་བུ་ག་དང་དབང་པོ་གཞན་ཡུལ་ལ་ཟག་པའོ། །སེམས་ཀྱི་ཟག་པ་བཞི་ནི། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་ལྟ་བའི་ཟག་པ་རྣམ་པ་བཞི་སྤངས་པས་འབྲས་བུ་མཐར་ཕྱིན་པར་འགྱུར་རོ། །གནད་བཅིང་བ་དངོས་ནི་ཚིག་རྐང་བདུན་ཏེ་དེ་ལ་དགའ་བ་བཞིའི་ངོ་བོ་ནི། ཧེ་བཛྭ་ལས། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ཕྱི་ནས་དེ་ཉིད་རྣམ་པ་གཉིས། །དེའི་ཁུ་བའམ་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལས། དེའི་ཁུ་བའམ་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡིས་རབ་ཏུ་ཕྱེ་བ་ཉིད། །སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །དེ་ལྟར་ལྷན་ཅིག་སྐྱེ་རྣམ་བཞི། །ཞེས་གསུངས་པ་ཡིན་ནོ། །དགའ་བ་བཞིའི་གོ་རིམ་ནི། ཧེ་བཛྭ་ལས། དང་པོར་དགའ་བ་ཙམ་ཉིད་དེ། གཉིས་པའི་གྲངས་ལས་མཆོག་དགའ་ཉིད། གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཞེས་གསུངས་སོ། །དེའི་རྣམ་པར་དབྱེ་བ་ནི་དགའ་བ་བཞི་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དབྱེ་བས་བཅུ་དྲུག་དུ་འགྱུར་ཏེ། །དུས་ཀྱི་འཁོར་ལོ་ལས་རྒྱས་པར་གསུངས་སོ། །འཛག་པའི་སྐྱོན་ནི་སྔར་བཤད་དོ། །བཅིང་བའི་ཐབས་ནི་དུས་ཀྱི་འཁོར་ལོ་ནས། དངུལ་ཆུའི་དགྲ་ནི་མེ་ཉིད་ཡིན་ལ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མིན། མ་བཅིངས་པ་ལས་གསེར་མི་བྱེད་ལ་གསེང་དང་བྲལ་བས་གསེར་འགྱུར་མཁན་ལ་ལོངས་སྤྱོད་མེད་པ་ཉིད། དེ་བཞིན་བུད་མེད་ལ་སྦྱོར་དམན་པས་རྣལ་འབྱོར་པའི་སེམས་ནི་རྟག་ཏུ་འཆིང་བར་མི་འགྱུར་རོ། །མ་བཅིངས་པ་ལས་ལུས་ནི་འབིགས་པ་མིན་ལ་འདིར་ནི་ལུས་ཕུག་པ་ཡིས་མཆོག་གི་བདེ་བ་སྟེར། ཞེས་གསུངས་པ་ཡིན་ནོ། །འདི་ལ་ཡང་དབབ་པ་དང་། བཟུང་བ་དང་བཟློག་པ་དང་ཐམས་ཅད་དུ་ཁྱབ་པ་ལ་སོགས་པའི་མན་ངག་གིས་བརྒྱན་པའོ། །ཕན་ཡོན་དང་རྣམ་པར་དག་པ་དང་རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་རྣམས་ནི་སྔར་ཐིག་ལེའི་སྐབས་སུ་བཤད་ཟིན་ཏོ། །དེས་ན་ངོ་བོ་དམ་ཚིག་གི་ནང་གི་ཕྱག་རྒྱ་ལས་སུ་རུང་བར་བྱ་བའི་ཕྱིར། དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་། །ཞེས་བསྟན་སྟེ། ཕན་ཡོན་དང་བཅས་པ་ནི། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་དོན་གྱི་རྒྱུར་ནི་ཐོག་མར་ལས་ཀྱི་ཕྱག་རྒྱ་བརྟེན་པར་བྱ། དེ་ལས་ཉི་མའི་གཟུགས་ཅན་བདེ་བ་ལུས་ལ་རྐང་པ་གཙུག་ཏོར་དང་ནི་ཡན་ལག་ཐམས་ཅད་འགེངས། གློག་གི་དབྱུག་པ་དང་མཚུངས་འགྱུར་བ་མེད་པའི་བདེ་བ་བསྐྱེད་ཅིང་ཡན་ལག་མཚན་གྱིས་རབ་ཏུ་རྫོགས། རྣམ་གསུམ་བཅོམ་ལྡན་འདས་ཀྱི་སྐུར་ནི་རྡོ་རྗེ་སྣང་བར་བྱེད་ཅིང་དེ་ནས་ཆོས་ཀྱི་དབྱིངས་སུ་འགྱུར། ཕྱག་རྒྱ་བཞི་པོ་འདི་རྣམས་འགྱུར་མེད་བདེ་བའི་འབྲས་བུ་སྟེར་བ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ཞེས་དུས་ཀྱི་འཁོར་ལོ་ལས་གསུངས་པ་ལ་སོགས་པའི་རིམ་པ་རྣམས་འདིར་རྒྱས་པར་མ་བསྟན་ཏོ། །ལས་ཀྱི་ཕྱག་རྒྱའི་རིམ་པ་བཤད་ཟིན་ཏོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་བཤད་ལ། ངོ་བོ་དང་། དག་པ། སྤང་གཉེན་འབྲས་བུ་དང་བཅས་པ་གསུམ་ལས། དང་པོ་ནི་ཚིགས་བཅད་ཕྱེད་དང་གསུམ་སྟེ། སད་པའི་གནས་སྐབས་ཀྱི་ཐ་མལ་གྱི་དུས་ཀྱི་ཤེས་པ་ནི། གང་ལས་བྱུང་ཞེ་ན། །ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། །ཞེས་སྨོས་པ་ནི། གོང་དུ་བཤད་པའི་རྒྱུའི་རྐྱེན་དང་བདག་པོ་དང་དེ་མ་ཐག་པ་དང་དམིགས་པའི་རྐྱེན་བཞིས་མིག་ལ་སོགས་པའི་རྣམ་ཤེས་དྲུག་པོ་རྣམས་དབང་པོ་དྲུག་དང་འབྲེལ་བར་བྱས་ཏེ་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ཕྱི་རོལ་དུ་སྣང་བ་རང་གི་སེམས་ཡིན་པར་མ་ཤེས་པས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་རྣམ་པ་གསུམ་པོ་ལ་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་ཞེ་སྡང་བ་དང་། བཏང་སྙོམས་མ་རྟོགས་པས་གཏི་མུག་བསྐྱེད་དེ། དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བཞག་ཅིང་། ཡང་འདུ་བྱེད་པས་ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་གྱི་འཁོར་ལོར་གྱུར་སྟེ། དེ་ཡང་ཐོག་མ་ཀ་དག་འཁྲུལ་མེད་ལ། །ངེས་པ་མེད་པའི་ལྷུན་གྲུབ་ལ། །འཁྲུལ་པའི་ཡེ་ཤེས་སྦག་སྦོག་དེ། །མ་རིག་པ་ནི་གསུམ་དག་པ། །ཤེས་པ་གསལ་གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་བཟུང་བའི་བློས། རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཅིངས། །དེར་རྟས་ཡུལ་ལ་བདག་བཟུང་པའོ། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུན་བཞིན་དུ་རྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་མཁས་པ་ཆེན་པོ་བྷི་མ་ལས་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དོན་བསྡུས་པའི་སྐབས་སུ་གསུངས་སོ། །དེ་ལྟར་ཐ་མལ་གྱི་གནས་སྐབས་ཀྱི་ངོ་བོ་བཤད་ནས། ད་ནི་དག་པ་ནི། འདི་ཉིད་དག་པ་ཡེ་ཤེས་གསུམ། །ཡིད་ནི་མི་གཡོ་མཉམ་ཉིད་དེ། །ཀུན་རྟོགས་དག་པ་སོ་སོར་རྟོག །སྒོ་ལྔ་ཡུལ་རྣམས་བྱ་བ་གྲུབ། །ཞེས་སྨོས་ཏེ། འདི་ལྟར་གསུམ་པོ་འདི་དང་སྔར་བསྟན་པའི་མེ་ལོང་ལྟ་བུ་དང་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་ལྔ་པོ་འདི་གནས་སྐབས་བཞིའི་འཁྲུལ་པ་དག་པ་ལས་འབྱུང་བ་ཇི་ལྟར་ཡིན་ཞེ་ན། གསང་བ་འདུས་པ་ལ་སོགས་པ་སྔགས་ཀྱི་གཞུང་རྣམས་སུ་གསུངས་ཤིང་། ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། ཕུང་པོ་ལྔའི་གནས་འགྱུར་གསུངས་ཏེ། ཡང་དབང་འབྱོར་བ་དུས་ཆོས་ཀྱི་སྐུ་ལ་དབང་འབྱོར་བ་ཐོབ་ཅེ་ན། མདོར་བསྡུས་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་གྱུར་བའི་ཕྱིར། ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་ལྟར་མི་མཐོང་པ་ལ་དབང་འབྱོར་བ་དང་། ཚོར་བའི་ཕུང་པོ་གྱུར་བའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བའི་དང་། འདུ་ཤེས་ཀྱི་ཕུང་པོ་གྱུར་པའི་ཕྱིར་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་པ་དང་། འདུ་བྱེད་ཀྱི་ཕུང་པོ་གྱུར་པའི་ཕྱིར་སྤྲུལ་པ་དང་བསྒྱུར་བ་དང་འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་ཐོབ་པའོ། །ཞེས་གསུངས་སོ། །དེ་ཡང་ཀུན་གཞི་གནས་གྱུར་པ་ནི་མི་ལོང་ལྟ་བུ་དང་། ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པས་མཉམ་པ་ཉིད་དང་། དྲུག་པ་ཡིད་གནས་གྱུར་པས་སོ་སོར་རྟོག་པ་དང་། དངོས་པོ་ལ་འཇུག་པ་གནས་གྱུར་པས་བྱ་བ་གྲུབ་པ་དང་། ཡེ་ཤེས་དེ་དག་གི་རང་ངོ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། འདི་རྣམས་ཀྱི་ངོ་བོ་ནི་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེ། །ཞེས་བྱ་བ། གཡོ་བ་མེད་པ་དང་ང་ཡི་བ་མེད་པ་དང་། རྒྱ་ཡོངས་སུ་མ་ཆད་པ་དང་དུས་རྟག་ཏུ་ལྡན་པ་དང་། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཀྱང་དེ་ལ་ཕྱོགས་པ་མ་ཡིན་པ་དང་། ཡེ་ཤེས་ཐམས་ཅད་ཀྱི་རྒྱུའི་མཚན་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཡང་དེ་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། དེའི་ངེས་ཚིག་ཏུ། ཡེ་ཤེས་ཐམས་ཅད་ཀྱི་གཟུགས་བརྙན་དེ་ལས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་སྐུ་གསུམ་ལས་འདི་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཡང་ཐེག་བསྡུས་ལས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ་ཞེས་པ་དང་། གསེར་འོད་ལས་ཀྱང་། ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པས་ཆོས་ཀྱི་སྐུ་སྟོན་ཏོ། །དེ་ལ་གནས་པའི་ཡིད་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དངོས་པོ་ལ་འཇུག་པའི་རྣམ་ཤེས་དག་པས་སྤྲུལ་པའི་སྐུ་སྟོན་ཏོ། །ཞེས་གསུངས་པ་དང་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང་བཤད་དོ། །དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། ཀུན་གཞི་མེ་ལོང་ཡེ་ཤེས་ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །འདི་ལ་ཁ་ཅིག་ལོངས་སྤྱོད་རྫོགས་པའི་སངས་རྒྱས་སུ་འདོད་པ་ཡོད་དེ། དེ་ནི་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་ཡིན་ལ། ཞེས་གསུངས་པའི་དགོངས་པ་མ་ལོན་པ་སྟེ། ཀྱང་གི་སྒྲ་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུའི་རྐྱེན་དུ་ཆོས་སྐུ་མེ་ལོང་ལྟ་བུ་སྦྱོར་བའི་ཚིག་སྟེ་རྣམ་པར་ཤེས་པའི་ཚོགས་བདུན་གྱི་རྒྱུའི་རྐྱེན་དུ་ཀུན་གཞི་སྦྱོར་བ་བཞིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་ན། ལུང་རིག་ཀྱི་སྐྱོན་དུ་མ་ཡོད་མོད་ཀྱི་འཕྲོས་པ་ཆོག་གོ །བསྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ཡང་། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་དག་པ་དང་། གང་གི་ཡང་ཕྱོགས་སུ་མ་ལྷུང་བ་དང་། སྲིད་ཞི་གཉིས་ལ་མི་གནས་པའི་ཞི་བ་དང་། ཐུགས་རྗེ་ཆེན་པོ་འཇུག་པ་དང་། སེམས་ཅན་ལ་མོས་པ་བཞིན་དུ་མཚན་དང་དཔེ་བྱད་སྟོན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ནི་ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་སྟེ། འདི་དང་དྲུག་པ་ཡིད་ཀྱི་ཆ་གཅིག་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །འབྱོར་བ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་ལྟ་བུ་དང་གསུང་ཆོས་ཀྱི། དུང་འབྱུང་བའི་ཕྱིར་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཡང་དོན་དང་བཅས་པའི་འཛིན་པ་གནས་གྱུར་པས་ཞིང་ལ་སོགས་པ་སྟོན་པ་དང་། རྣམ་རྟོག་གཞན་དུ་གྱུར་པས་དུས་ཐམས་ཅད་དུ་ཡེ་ཤེས་དང་ལས་ལ་ཐོགས་པ་མེད་པ་འདི་གཉིས་ཀྱི་ཆ་རེ་སྤྲུལ་པའི་སྐུ་ཡིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་དུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་གྲུབ་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་པས་འཇུག་པས་སྒོ་ལྔ་དང་ཡིད་ཀྱི་ཆ་གཅིག་གམ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་བྱ་བ་གྲུབ་པ་སྟེ་སྤྲུལ་པའི་སྐུ་ཡིན་ནོ། །དེ་ལྟར་ཡེ་ཤེས་བཞི་པོའི་དོན་ནི་ཡེ་ཤེས་ཐམས་ཅད་འཛིན་པ་དང་སེམས་མཉམ་པ་ཉིད་ཀྱི་ཕྱིར་དང་ཆོས་སྟོན་པ་དང་བྱ་བ་གྲུབ་པའི་ཕྱིར་ཏེ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། ཞེས་བྱུང་ངོ་། །ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། རིགས་དང་དོན་ཐ་དད་པ་མེད་པ་དང་། འཁོར་འདས་ཐམས་ཅད་རྫོགས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། གཅིག་པ་དང་ཐ་དད་པ་མ་ཡིན་པ་དང་། རྣམ་པ་དེ་དག་གིས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་ཕྱིར་དང་། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་བྱ་བས་བསྟན་པར་མངོན་ནོ། །ཕུང་པོ་ལྔ་ལ་ཡེ་ཤེས་སྦྱར་བ་ཡོད་མོད་ཀྱི་འོག་ནས་འཆད་དོ། །སྤང་གཉེན་འབྲས་བུ་དང་བཅས་པ་ནི། ཚིག་བཅད་གཉིས་དང་རྐང་པ་གཅིག་སྟེ། ཡིད་སྒོ་ལྔ་དང་བཅས་པས་ཡེ་ཤེས་ལ་སྒྲིབ་པ་ནི་ཉོན་མོངས་པ་མཐོང་སྤངས་བསྒོམ་སྤངས་རྣམས་སོ། །ཚོགས་བརྒྱད་ཀའི་སྒྲིབ་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། གཉེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་རབ་ཏུ་བསྒོམ་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་། ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་། ཐམས་ཅད་ལ་འཇུག་པའི་སྙིང་རྗེ་ཆེན་པོ་སྟེ་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བ་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པ་ཡིན་ནོ། །གོང་གི་ཡེ་ཤེས་ཀྱི་སྐབས་སུ་བཤད་པ་བཞིན། །དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཡིད་དང་རྨི་ལམ་གཅིག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། །ཞེས་སྨོས་པ་ཡིན་ནོ། །དེ་ཕྱིར་ཆོས་ཀྱི་ཕྱག་རྒྱ་བཅིང་བ་ནི་དཔའ་བོ་རྡོ་རྗེའི་ཞལ་ནས་གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བའོ། །དེ་ལ་རྟོག་པ་ནི་མཆོག་དགའ་བའོ། །ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པས་ལྷན་ཅིག་སྐྱེས་པ་བསྒོམ་སྟེ། གང་གང་ལ་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་དག་གམ། །གནས་པ་རྣ་བའི་སྒྲ་དག་གམ། །གནས་བ་སྣའི་དྲི་དག་གམ། གནས་པ་ལྕེའི་རོ་དག་གམ། །གནས་པ་ལུས་ཀྱི་རེག་དག་གམ། །གནས་པ་ཡིད་ཀྱི་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་བསྒོམ་པའི་མཆོག །ཞེས་གསུངས་སོ། །འཇུག་བསྡུ་བ་ནི། ཚིགས་བཅད་གཅིག་སྟེ། དེ་ལྟར་གནས་སྐབས་རྣམ་པ་བཞིའི་འཁྲུལ་པ་དང་། མ་འཁྲུལ་པའི་ཡེ་ཤེས་ལམ་གྱི་རིམ་པ་དང་བཅས་པ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། གཞི་དང་ལམ་དང་འབྲས་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྡུས་ཏེ་བསྟན་པ་ཡིན་ནོ།། །།ད་ནི་དུམ་བུ་བདུན་པ་སྣོད་ལ་སྦྱར་བ་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཕྱི་རོལ་ཇི་བཞིན་གནས་པ་ནི། །ཁམས་གསུམ་ནང་གི་བདག་ཉིད་དེ། །ཞེས་བྱ་བ་ནི། ནང་ལུས་དང་ཕྱིའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ལས་ཤར་བ་ཡིན་ཀྱང་། སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་དབང་གིས་ཐ་དད་པ་དུ་མར་སྣང་སྟེ། ཕྱི་རོལ་པ་དག་ནི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་བསྒྲུབས་པར་རྟོག །རང་གི་སྡེ་པ་ཉན་ཐོས་པ་རྣམས་ཀྱང་རྡུལ་ཕྲ་རབ་དོན་ད མ་པར་བདེན་པར་གྲུབ་པ་ལས་བྱུང་བར་རྟོག་སྟེ་དེ་དག་མ་ཡིན་པ་ནི་སྔོན་གྱི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་བསྟན་བཅོས་རྣམས་སུ་བཀག་ཟིན་ཏོ། འདིར་དོན་དམ་པར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་གྲུབ་པ་མེད་དེ། །ཕུག་ཁྲུ་ལྔ་པའི་ནང་དུ་འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་འོངས་ཀྱང་ཕུག་ཆེ་བར་ཡང་མི་སྣང་དེ་དག་གི་སྤྱོད་ཡུལ་དོག་པར་ཡང་མི་སྣང་། ཞེས་གསུངས་པ་དང་། མདོ་རྣམས་ལས་ཀྱང་། འཇིག་རྟེན་གྱི་ཁམས་འདིའི་མཐོང་ཚུལ་ཐ་དད་པ་དག་གསུངས་སྟེ། མོའུ་འགལ་གྱི་བུས་གདགས་པར་གསུངས་པ་དང་། རྟ་མགྲིན་གནམ་ས་བཀོད་པའི་མདོ་ལས་གསུངས་པ་དང་དུས་ཀྱི་འཁོར་ལོར་གསུངས་པ་ལ་སོགས་པ་རྣམས་འགལ་བ་སྙམ་དུ་སེམས་པར་མི་བྱ་སྟེ། དེ་ལ་འདིར། ཕྱི་རོལ་དུ་གནས་པའི་རི་དང་གླིང་དང་རྒྱ་མཚོ་ལ་སོགས་པ་དོན་གཞན་དུ་གྲུབ་པ་མེད་དེ་རྣལ་འབྱོར་པའི་ལུས་ལ་ཡང་སྲིད་པ་གསུམ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བདགས་པར་ནུས་སོ། །ཞེས་བསྟན་པའི་ཕྱིར་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བར་བྱ་བའི་དོན་དུ་ཡང་། ཕྱིའི་འཇིག་རྟེན་དང་ནང་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་གཅིག་པ་ཉིད་དུ་སྟོན་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་དགུ་སྟེ། གནས་གཞན་བསྟན་པ་དང་། འབྱུང་བ་རིམས་བརྩེགས་དང་། རི་རྣམས་དང་། གླིང་བདུན་དང་། ནང་གི་འབྱུང་བ་ལྔ་དང་། རྒྱ་མཚོ་བདུན་དང་། གཟའ་ལ་སོགས་པ་རྣམས་དང་། མེ་གསུམ་དང་། སྐྱེ་གནས་དང་དུས་སྦྱོར་ལ་སོགས་པའོ། །དང་པོ་ནི་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། ལུས་ལ་ཁྲུ་བཞི་པར་བྱས་ལ། སོར་ཉི་ཤུ་རྩ་བཞི་ཁྲུ་རེ་སྟེ། ལྟེ་བ་ཡན་ཆད་ཀྱི་ཁྲུ་དོ་ལ་ནི་མི་དང་ལྷ་རྣམས་སོ། །དེ་མན་ཆད་ནི་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་དམྱལ་བ་རྣམས་ཡིན་པས། སྤྱི་བོ་ནས་སོར་བཞི་ནི་གཟུགས་མེད་པའི་ཁམས་སོ། །དེའི་འོག་ཏུ་སོར་བཅུ་དྲུག་ནི་གཟུགས་ཁམས་བཅུ་དྲུག་གོ །དེའི་འོག་དུ་འདོད་པའི་ལྷ་དྲུག་དང་། མི་རྣམས་ནི་ལྟེ་བའི་བར་རོ། །ལྟེ་བ་ནས་སུམ་མདོའི་བར་སའི་དཀྱིལ་འཁོར་སྟེ་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་དམྱལ་བ་གཅིག་གོ །བརླ་ཆུའི་དཀྱིལ་འཁོར་སྟེ་དམྱལ་བ་གཉིས་སོ། །རྗེ་ངར་ནི་མེ་སྟེ་དམྱལ་བ་གཉིས་སོ། །དེ་མན་ཆད་ནི་རླུང་གི་དཀྱིལ་འཁོར་སྟེ་དམྱལ་བ་གཉིས་དང་། །རྐང་མཐིལ་དུ་བརྒྱད་པ་རྡོ་རྗེའི་དམྱལ་བའི་གནས་རྣམས་རིམ་པ་བཞིན་དུ་གསུངས་པ་ཡིན་ནོ། །འབྱུང་བ་རིམས་རྩེགས་ནི། རྐང་ལག་ཚིགས་གསུམ་རིམ་པ་ལྟར། །རླུང་མེ་ཆུའི་དཀྱིལ་འཁོར་ཡིན། །བྲང་ནི་ས་སྟེ་ཞེས་བྱ་བ་གོང་དུ་སྨོས་པའི་རིམ་པས་ལྟེ་བ་མན་ཆད་སའི་དཀྱིལ་འཁོར་རམ། ཡང་ན་བྲང་གྲུ་བཞི་ས་ཞེས་ཀྱང་རྒྱུད་འགྲེལ་རྣམས་ལས་གསུངས་སོ། །རི་རྣམས་བསྟན་པ་ནི། སྒལ་ཚིགས་ནི་ཞེས་པ་དང་། བཅས་པའི་ཚིགས་བཅད་གཉིས་སྟེ། སྒལ་ཚིག་གི་རུས་པ་རྣམས་ནི་རིའི་རྒྱལ་པོ་རི་རབ་བོ། །ཕྱི་རོལ་གྱི་འཁོར་ཡུག་གི་རི་ཆེན་པོ་བདུན་ནི་བརླའི་རུས་པ་ནི་མདོག་སྔོན་གྱི་རིའོ། །རྗེ་ངར་གྱི་རུས་པ་ནི་མན་དྷ་རའོ། །བོལ་གོང་གི་རུས་པ་ནི་མཚན་མོའི་རིའོ། །དཔུང་པའི་རུས་པ་ནི་ནོར་བུ་བྱེད་པའོ། །ལག་ངར་གྱི་རུས་པ་ནི་བྲེའོ་ཡི་རིའོ། །ལག་མགོའི་རུས་པ་ནི་ཁ་བ་ཅན་ནོ། །སེན་མོ་རྣམས་ནི་རྡོ་རྗེའི་རི་སྟེ་འཁོར་ཡུག་གི་རི་ཡིན་ནོ། གླིང་རྣམས་ནི་ཚིག་རྐང་བདུན་སྟེ། གླིང་འདི་རྣམས་ནང་གི་འཁོར་ཡུག་རྣམས་ཀྱི་རྩར་རིམ་པ་བཞིན་དུ་གནས་ཏེ། དེ་དག་ལུས་ལ་ནི་བད་ཀན་གྱི་ཁམས་ནི་ཟླ་བའི་གླིང་ངོ་། །རྒྱུ་མ་ནི་དཀར་པོའི་གླིང་ངོ་། །ཚིལ་ནི་ཀུ་ཤའི་གླིང་ངོ་། །སྙིང་ནི་མིའམ་ཅིའི་གླིང་ངོ་། །མཆིན་པ་ནི་ཁྲུང་ཁྲུང་གི་གླིང་ངོ་། །ཤ་ནི་དྲག་པོའི་གླིང་སྟེ་དེ་དག་ནི་ནང་གི་གླིང་དྲུག་གོ །རྐང་ལག་དུམ་བུ་བཅུ་གཉིས་ནི། འཛམ་བུའི་གླིང་སོགས་གླིང་ཕྲན་བཅས། ཞེས་པ་ནི། ལག་པ་གཡས་པའི་དུམ་བུ་གསུམ་ནི་ལུས་འཕགས་ཀྱི་གླིང་ངོ་། །དེ་བཞིན་དུ་གཡོན་པའི་དུམ་བུ་གསུམ་ནི་འཛམ་བུའི་གླིང་ངོ་། །རྐང་པ་གཡོན་པ་ནི་བ་གླང་སྤྱོད། རྐང་པ་གཡས་པ་ནི་སྒྲ་མི་སྙན་སྟེ་གླིང་དུམ་བུ་བཅུ་གཉིས་སོ། །ནང་གི་འབྱུང་བའི་ཁམས་ལྔ་ནི། ཇི་ལྟར་ཕྱིའི་འབྱུང་བའི་རིམ་པ་བཞིན་དུ། སྲ་བ་བརླན་དང་དྲོད་དང་དབུགས། །ཁམས་བཞི་བུ་ག་ནམ་མཁའ་ཡིན། །ཞེས་པ་སྔར་བསྟན་པ་བཞིན་དུ་ཡིན་ནོ། །རྒྱ་མཚོ་བདུན་བཤད་པ་ནི་ཚིག་རྐང་ལྔ་སྟེ། སྦྲང་རྩིའི་རྒྱ་མཚོ་ནི་ཁུ་བའོ། །མར་གྱི་རྒྱ་མཚོ་ནི་ཞག་གོ །ཞོའི་རྒྱ་མཚོ་ནི་མགོའི་ཀླད་པའོ། །འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་འོ་མ། སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་སོ། །ཆུའི་རྒྱ་མཚོ་ནི་མཆིལ་མའོ། །ཆང་གི་རྒྱ་མཚོ་ནི་རྔུལ་ལོ། །བ་ཚའི་རྒྱ་མཚོ་ནི་གཅིན་ནོ། །གཟའ་ལ་སོགས་པ་བཤད་པ་ནི། ཚིག་རྐང་ལྔ་སྟེ། དབང་པོ་གཟའ་དགུའི་རང་བཞིན་སྟེ་ཞེས་པ་ནི། སྣ་བུག་གཉིས་ནི་རླུང་གི་གཟའ་ཉི་ཟླའོ། །མིག་གཉིས་ནི་མེའི་གཟའ་མིག་དམར་དང་ཕུར་བུའོ། །ཁ་དང་དྲི་ཆུའི་སྒོ་གཉིས་ནི་ཆུའི་གཟའ་པ་བ་སངས་དང་གཟའ་ལག་གོ །དྲི་ཆེན་དང་སྤྱི་གཙུག་གི་བུ་ག་གཉིས་ནི་སའི་གཟའ་སྤེན་པ་དང་འཇུག་རིངས་སོ། །རྣ་བ་གཉིས་ནི་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེའོ། །གཞན་ཡང་སྙིང་ཁའི་རྩ་བཅུ་ཡང་གཟའི་རང་བཞིན་དུ་བཤད་དོ། །སོ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཕྱིའི་ཆུ་བོ་རྣམས་ནི་ནང་དུ་རྩ་རྣམས་ཐམས་ཅད་དུ་ཁམས་འབབ་པའོ། །རྒྱུ་མ་ནི་སྤྲིན་གྱི་རང་བཞིན་སྟེ་རོ་འཛག་པའི་ཕྱིར་རོ། །ཕྱིའི་རླུང་གི་དཀྱིལ་འཁོར་ནི་ནང་དུ་ལུས་ལ་གནས་པ་རྣམས་སོ། །སྙིང་ཁ་ལས་བྱུང་པའི་སྒྲ་ནི་ཐོག་གི་རང་བཞིན་ནོ། །ལྟོ་བའི་སྒྲ་ནི་འབྲུག་གི་སྒྲའོ། །མེ་གསུམ་བཤད་པ་ནི། །སྙིང་ཁ་མགྲིན་པ་ལྟེ་བ་ན། །གློག་དང་ཉི་དྲོད་བསྲེག་བྱེད་མེ། །ཞེས་པ་ནི་སྙིང་ཁར་ནི་གློག་གི་མེ་སྟེ་ཞེ་སྡང་བསྐྱེད་པའོ། །མགྲིན་པར་ནི་ཉི་མའི་མེ་སྟེ་བྱ་བ་བྱེད་པའི་མེའོ། །ལྟེ་བར་ཤ་ཟའི་མེ་སྟེ་ཟས་སྲེག་པར་བྱེད་པའི་དོན་ཡིན་ནོ། །སྐྱེ་གནས་དང་དུས་སྦྱོར་ལ་སོགས་པ་བསྟན་པ་ལ་ཚིགས་བཅད་གསུམ་སྟེ། གཞན་ལུས་ཀྱི་པགས་པ་དང་དྲོད་དང་བ་སྤུ་ཐམས་ཅད་མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི་ནི་ཕྱི་རོལ་གྱི་སའི་སྐྱེ་གནས་རྣམས་ནི་ནང་དུ་བ་སྤུའི་སྲིན་བུ་རྣམས་སོ། །ཕྱི་རུ་རླུང་གི་སྐྱེ་གནས་ཀྱི་ཁམས་སྒོང་སྐྱེས་ནི་ནང་དུ་ཤིག་གོ །ཕྱི་རུ་ཆུའི་ཁམས་དྲོད་གཤེར་ལས་སྐྱེས་པ་སྟེ་ནང་དུ་ལུས་ཀྱི་སྲིན་བུ་རྣམས་སོ། །ཕྱི་རུ་མའི་ཁམས་མངལ་སྐྱེས་ཏེ་ནང་དུ་ནི་ཁུ་བའོ། །ནམ་མཁའི་ཁམས་བརྫུས་ཏེ་སྐྱེ་བ་རྣམས་ནང་གི་གཟུགས་གཞན་སྲོག་ཆགས་ཕྲ་མོ་རྣམས་སོ། །དེ་ལྟར་སྐྱེ་གནས་བཞིར་གསུངས་སོ། །ཕྱི་རོལ་གྱི་བདུད་རྩིའི་ཆར་ནི་ནང་དུ་ལྕེའུ་ཆུང་གི་བདུད་རྩིའི་ཁམས་སོ། །ཐུན་ནས་སྐད་ཅིག་བར་གྱི་ནི། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། །རྩ་རླུང་ཐིག་ལེ་སེམས་བཅས་སོ། །ཞེས་བྱ་བ་ནི་སྔར་རྩ་རླུང་གི་སྐབས་སུ་བསྟན་ཟིན་ཏོ། །སྲོག་རླུང་དཀར་དམར་སྦྱོར་བ་ན། །ཟླ་ཉི་འཛིན་པར་སྣང་བ་དང་། །ཞེས་བྱ་བ་ནི། ནང་དུ་སྲོག་གི་རླུང་དཀར་དམར་ལ་རེག་པ་དང་། དུས་སྦྱོར་གྱི་འཚམས་ཀྱི་མཐའ་དུས་གསུམ་ཟླ་བ་དྲུག་ན་གཟའ་འཛིན་པ་བྱུང་བ་ནང་གི་དུས་སྦྱོར་དབུ་མར་རྒྱུ་བ་ཡིན་པར་གསུངས་སོ། །དེ་སོགས་རྣམས་བཤད་དུ་མ་རྣམས་ཞེས་བྱ་བ་ནི། ཕྱིའི་དངོས་པོ་ཇི་སྙེད་པ་རྣམས་ནང་གི་རྩ་རླུང་ཐིག་ལེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་བ་དང་། དེ་ཐམས་ཅད་ཡེ་ཤེས་སུ་སྦྱོར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་པ་རྣམས་འདིར་མདོར་བསྡུས་པ་སྟེ་དུས་འཁོར་ལས། ས་ཡིས་སྲ་ལ་ཆུ་ཡིས་གཤེར་ཞིང་མེ་ཡིས་དྲོ་བར་འགྱུར་ཏེ་རླུང་གིས་ཀྱང་ནི་ཡང་པ་ཉིད། བུ་ག་སྟོང་པར་བསྟན་པ་རུས་པ་ཉིད་དང་ལྷའི་རི་མཆོག་འདིར་ནི་ཆར་པ་བདུད་རྩིར་འགྱུར། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འཇུག་བསྡུ་བ་ནི་ཚིགས་བཅད་གཅིག་སྟེ། དེ་སོགས་རྟེན་འབྲེལ་རྟོགས་པ་ན། ཞེས་པ་ནི་ཕྱི་ནང་གི་རྟེན་འབྲེལ་ལོ། །ཐབས་དང་ཤེས་རབ་སྦྱོར་ཤེས་པ་ནི་དོན་དམ་ཀུན་རྫོབ་དང་ལུས་དང་བསམ་པ་ལ་སོགས་པའི་གནས་ལུགས་ཤེས་པས་གནས་སྐབས་དང་མཐར་ཐུག་གི་སྣ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར། ཕྱི་འཇིག་རྟེན་གྱི་ཁམས་དང་ནང་ལུས་ལ་སྦྱར་བ་རྣམས་འདིར་ནི་མདོར་བསྡུས་ཏེ་ཅུང་ཟད་བརྗོད་པ་ཡིན་ནོ། དེ་ལྟར་ཕྱི་དང་ནང་གཉིས་སུ་མེད་པ་སྦྱོར་བ་བསྟན་པས། དེ་ཉིད་ལྷ་དང་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་དོན་དུ་ཡང་རྟོགས་པར་འགྱུར་རོ།། །།བརྒྱད་པ་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་འཁོར་ལོ་འབྱུང་བའི་རྒྱུ་མཚན་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། ཕྱི་འཇིག་རྟེན་གྱི་ཁམས་ནང་དུ་སྦྱར་བ་བསྟན་པ་དེ་ནས་སེམས་ཅན་གྱི་ཀུན་རྟོག་ལ་བདེན་པ་མེད་བཞིན་དུ་ཀུན་བརྟགས་ཀྱི་ལྷ་རྣམས་བསྒོམ་པ་ཇི་ལྟ་བུ་ཞེ་ན། དགོས་པ་རྣམ་པ་གསུམ་པོ་འདིའི་ཕྱིར་ཏེ། ལས་དང་པོ་པ་རྣམས་ཀྱི་སེམས་འཛིན་པའི་དོན་དང་། ཤེས་བྱ་ཤིན་ཏུ་ཕྲ་བ་རྣམས་ལ་ཕྱི་དང་ནང་ལྷ་དང་དཀྱིལ་འཁོར་དུ་སྦྱོར་ཤེས་པའི་དོན་དང་། འབྲས་བུ་གྲུབ་པའི་གནས་སྐབས་ན་དབང་འབྱོར་བའི་གཟུགས་ཀྱིས་གཞན་དོན་དུ་གཟུགས་ཀྱི་སྐུ་དུ་མ་སྤྲོ་བའི་ཕྱིར་དཔའ་བོ་གཅིག་ནས་མཐའ་ཡས་པའི་བར་གྱི་དཀྱིལ་འཁོར་གྱི་འཁོར་ལོར་གསུངས་པའི་ངེས་པ་འདི་ལྟ་སྟེ། ཞེས་འོག་མ་རྣམས་ཀྱི་རྒྱུ་མཚན་རྟོགས་པར་བྱེད་པའོ། །རིམ་པ་འདི་ནི་དཔལ་དྲིལ་བུ་པའི་ཞལ་སྔ་ནས་ཀྱང་། བཅོས་མ་གཉིས་ཀྱི་དངོས་པོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་བའི་ཕྱིར། །འཁོར་ལོ་གསུམ་གྱིས་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །ཅི་ནས་མ་གྲུབ་ཡང་གྲུབ་མིན། །ཞེས་གསུངས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་བཞི་སྟེ། ལྷའི་གྲངས་ཀྱི་ངེས་པ་དང་། དཀྱིལ་འཁོར་གྱི་ངེས་པ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་དང་། བསྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ལ་ཚིགས་སུ་བཅད་པ་དྲུག་དང་རྐང་པ་གསུམ་སྟེ། འདི་ཡང་དུས་ཀྱི་འཁོར་ལོའི་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བའི་རིམ་པ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་ཏེ། དབུ་མ་དང་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཡང་དག་པའི་དོན་དང་། ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་གཅིག་ལ་ཡང་ཐམས་ཅད་འདུས་པ་ཡིན་པའི་ཕྱིར་ན་དཔའ་བོ་གཅིག་པ་ཧེ་རུ་ཀའི་ངེས་པ་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དུ་གསུངས་པ་དང་། །རྡོ་རྗེ་སེང་གེའི་གདན་བཞུགས་དང་། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །དང་པོའི་སངས་རྒྱས་སོགས་མིང་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །ཞེས་བྱ་བ་ལ་སོགས་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་གཅིག་པོའི་མིང་ངོ་། །དེ་བཞིན་དུ་ལྷ་གཉིས་སུ་བསྟན་པའི་དོན་ནི། སྐུ་གཉིས་ཐབས་དང་ཤེས་རབ་དང་། །སྟེང་འོག་དཀར་དམར་བདེན་གཉིས་དང་། །དེ་སོགས་ཡབ་ཡུམ་གཉིས་པའོ། །ཞེས་པ་ནི་དེ་ལྟར་ཡུལ་དང་ཡུལ་ཅན་གྱི་རྣམ་པར་དབྱེ་བ་དང་། རྟེན་དང་བརྟེན་པ་ཡང་ཡིན་ཏེ། མདོར་བསྡུས་ན་བདེན་པ་གཉིས་ཀྱི་རང་བཞིན་མཚོན་པའི་ཕྱིར་རོ། །དེ་བཞིན་དུ་ལྷ་གཙོ་འཁོར་གསུམ་པ་བསྒོམ་པར་བྱེད་པའི་ངེས་པ་ཡང་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང་། སྔར་བསྟན་པའི་ཐིག་ལེ་གསུམ་དང་རྩ་དང་སྟེང་འོག་བར་གསུམ་དང་། ཨཱོཾ་ཨ་ཧཱུྃ་གི་ཡི་གེ་གསུམ་དང་རླུང་གསུམ་ལ་སོགས་པས་ཀྱང་ཐམས་ཅད་བསྡུས་པའི་ཕྱིར། །རྩ་གསུམ་རླུང་གསུམ་སེམས་གསུམ་དང་། །སྣང་བ་གསུམ་གྱི་བདག་ཉིད་ཕྱིར། །ལྷ་གསུམ་ཡིག་གསུམ་ཞལ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ནས་རྒྱས་པར་གསུངས་སོ། །དེ་བཞིན་དུ་གཙོ་འཁོར་བཞི་བསྒོམ་པའི་ངེས་པ་ཡང་། །ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། ཞེས་པ་ཡེ་ཤེས་སྤྱིར་བཏང་ནས་ས་ཆུ་མེ་རླུང་ཡེ་ཤེས་ཀྱིས་ཁྱབ་པར་བྱ་བ་བཞི་དང་རྡོ་རྗེ་བཞིའི་རིམ་པ་སྟེ། ཧེ་བཛྭ་ལས་ཐམས་ཅད་བཞི་བཞིར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལྷ་ལྔ་བསྒོམ་པའི་ངེས་པ་ཡང་། སྔར་བསྟན་པའི་ཡེ་ཤེས་ལྔ་དང་ཕུང་པོ་ལྔ། །འཁོར་ལོ་ལྔ་དང་རླུང་ལྔ་དང་། ཁམས་བཞི་ཁྱབ་པར་བྱེད་པ་ནམ་མཁའ་དང་བཅས་པ་ལྔའི་དོན་ཡིན་ནོ། དུ་མར་གསུངས་པ་ནི་རྒྱུད་ཐམས་ཅད་ནས་བསྟན་པའོ། །དེ་བཞིན་དུ་ལྷ་དྲུག་གི་ངེས་པ་ཡང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་སུ་དབྱེ་བའམ། རྣམ་པར་ཤེས་པའི་ཚོགས་དྲུག་དང་འཁོར་ལོ་དྲུག་གི་དབྱེ་བས་ལྷ་དྲུག་གི་དཀྱིལ་འཁོར་འཁོར་ལོ་བསྒྱུར་བ་ལྟ་བུ་གསུངས་སོ། །དེ་བཞིན་དུ་ལྷ་བདུན་གྱི་ངེས་པ་ཡང་ཉོན་ཡིད་དང་བཅས་པའི་ཚོགས་བདུན་སྦྱང་བའི་ཕྱིར་ཡི་གེ་བདུན་པ་ལྟ་བུ་གསུངས་སོ། །དེ་ཉིད་ལ་ལྷ་བརྒྱད་པའི་ངེས་པ་ཡང་ཡོད་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་སྦྱོང་པའི་ཕྱིར་དང་། དྲུག་པ་ཡིད་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷ་དགུ་པ་དང་བཅུ་པ་ཡང་ཧེ་བཛྭ་དང་། །ཡང་དག་གི་དཀྱིལ་འཁོར་ལྟ་བུ་རྣམས་ཏེ། །སྙིང་ཁའི་རྩ་རླུང་ས་བཅུ་སྟོབས། །དེ་སོགས་དགུ་དང་བཅུ་པ་དང་། །ཞེས་ངེས་པ་སྨོས་ཏེ། རྣམ་པར་ཤེས་པ་བརྒྱད་དང་དེའི་ཡུལ་དང་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ཡིན་ནོ། །དེ་ལ་སོགས་པའི་དཀྱིལ་འཁོར་དུ་མའི་སྦྱང་གཞི་ཡོད་དེ། །ཕུང་པོ་ཁམས་བཅུ་དབང་པོ་ཡུལ། །ཞེས་པ་ཕུང་པོ་ལྔ་དང་ཁམས་ལྔ་དང་དབང་པོ་ལྔ་དང་བཅས་པས་ལྷ་བཅོ་ལྔ་བདག་མེད་མའི་དཀྱིལ་འཁོར་ལྟ་བུ་དང་གཞན་ཡང་། དེ་ལས་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་ཉི་ཤུ་རྩ་བཞི་དང་། ཡེ་ཤེས་ཀྱི་ཁམས་དང་ཕུང་པོ་གཅིག་ཏུ་བྱས་པའི་དབྱེ་བས་དུ་མར་འགྱུར་རོ། །དྲུག་དྲུག་དེ་བཞིན་ལས་བྱེད་པ། །དབང་དྲུག་དང་བཅས་དཀྱིལ་འཁོར་ནི། །ཞེས་བྱ་བ། ཁམས་དྲུག་ལ་དྲུག་དྲུག་སུམ་བཅུ་སོ་དྲུག་གི་དཀྱིལ་འཁོར་དང་། ལྔ་ལྔ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་ཡང་འབྱུང་ངོ་། །ལས་ཀྱི་དབང་པོ་དྲུག་ནི་ལག་པ་དང་རྐང་པ་དང་ངག་དང་དྲི་ཆུའི་སྒོ་གཉིས་དང་དབང་པོ་མཆོག་སྟེ་དྲུག་དང་དེ་དག་གི་ལས་ཀྱང་འགྲོ་བ་དང་ལེན་པ་དང་སྨྲ་བ་དང་གཤང་བ་དང་ཆུ་འཛག་པ་དང་ཁུ་བ་འཛག་པ་སྟེ། དེ་དག་གི་དབྱེ་བས་དུ་མར་འགྱུར་ཏེ། ལྷ་ལྔ་དགུ་དང་བཅུ་གསུམ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་པ། །སོ་བདུན་རིགས་བརྒྱ་དུ་མའི་བར། ཞེས་སྨོས་ཏེ་རྒྱུད་སྡེ་ཆེན་པོ་བཞིའི་ལྷ་ཚོགས་ཇི་སྙེད་པ་ཐམས་ཅད་ཀྱང་རྩ་བ་འདི་རྣམས་སུ་འདུས་སོ། །དེ་ལ་རིགས་ཉི་ཤུ་རྩ་ལྔ་ལས་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ལྔ་བཅུ་དང་། ལུས་དང་བསམ་པའི་དབྱེ་བས་བརྒྱ་སྟེ། རིགས་གསུམ་པ་དང་རིགས་ལྔ་དང་། རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་སོ། །དེའི་ཡན་ལག་རྣམ་པར་དབྱེ་བ་སྔར་བསྟན་པའི་རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས་ཀྱི་ལྷ་ཡང་། དུས་ཀྱི་འཁོར་ལོ་ལས་སྟོང་དྲུག་བརྒྱ་ཉི་ཤུའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། དཔལ་མཁའ་འགྲོ་རྒྱ་མཚོ་ནས་དུར་ཁྲོད་ཀྱི་ལྷ་དང་བཅས་པའི་ཉིས་སྟོང་བརྒྱད་བཅུ་རྩ་བརྒྱད་ལན་བཅུ་གཉིས་སུ་རྣམ་པར་འཁོར་བ་ལ་སོགས་པ་རྣམས་ཀྱང་གསུངས་ཏེ་མདོར་བསྡུས་ན། རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། །ཞལ་དང་ཕྱག་མཚན་དེ་དང་མཚུངས། ཞེས་སྨོས་པ་ཡིན་ཏེ་སྦྱང་གཞིའི་གྲངས་ཇི་སྙེད་པ་དེ་སྙེད་དུ་འགྱུར་རོ། །དེ་ལྟར་ཡང་ཧེ་བཛྭ་ལས། རིགས་གཅིག་ལས་ནི་དེ་བཞིན་གཤེགས་པའི་ཚོགས། རིགས་ཀྱི་ཚོགས་ལས་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཆེན་དང་། བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིག་ཅན་རྣམས། །མཆོག་དུ་དགའ་བའི་རིགས་ལས་བྱུང་བའོ། །ཞེས་གསུངས་སོ། །དཀྱིལ་འཁོར་གྱི་ངེས་པ་ནི། ལུས་ལ་དཀྱིལ་འཁོར་བཤད་པ་ནི། །ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་དང་བཅས་པ་བསྡུས་པ་ནི། །ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། །ཞེས་སྨོས་ཏེ། དེ་ཡང་དཀྱིལ་འཁོར་སྣང་བར་ནི། །རྐང་པའི་ཞབས་སུ་མཚོན་ཆེན་རླུང་། །གཞུའི་དབྱིབས་སུ་རྣམ་པར་གནས། ཞེས་བྱ་བ་ལ་སོགས་པ་འབྱུང་བ་རིམ་བརྩེགས་ངེས་བརྗོད་ལས་གསུངས་པ་དང་། ཐིག་ཀྱང་དེ་ཉིད་ལས། སིན་དྷུ་རྡོ་རྗེའི་ཐིག་ཟླུམ་པོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ་ལས། ཀ་བ་རྡོ་རྗེ་ཕྲེང་བ་སའི་འཁོར་ཡུག་རྩིག་པ་ཉིད་ནི་ངེས་པར་རུས་པ་རྣམས་ཀྱིས་བྱ། །ཤ་དང་ཁྲག་དང་ཆུ་དང་གཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་ནུབ་ཀྱི་ཚོན་དབྱེ་བ། །མཁྲིས་པ་བད་ཀན་དག་གིས་ཉི་མ་རི་བོང་ཅན་ལ་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུས་སྐྱེས་སོ། །རི་མོ་ལྔའི་རྩིག་པ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །མངའ་བདག་ཆུ་སྐྱེས་དུས་ཀྱི་རྩ་ལ་རླུང་དང་མེའི་འཁོར་ཡུག་ལ་སོགས་ལྤགས་པ་ལ་སོགས་པས། །ཉི་མའི་སྒོ་ནི་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་གྱིས་སྤྲས་དེ་བཞིན་སོའི་ཕྲེང་བས་སོ། །དུར་ཁྲོད་འཁོར་ལོ་བརྒྱད་པོ་རླུང་གི་འཁོར་ཡུག་སོན་པ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །དཀྱིལ་འཁོར་མཐར་ནི་ཕྱོགས་དང་འཚམས་སུ་སོན་པའི་མེ་འོད་ངེས་པར་བ་སྤུ་རྣམས་ཀྱིས་སོ། །དེ་ལྟར་ངེས་པར་སྐུའི་རྡོ་རྗེ་མཆོག་གི་ཡོན་ཏན་སྣ་ཚོགས་ཅན་གྱི་དཀྱིལ་འཁོར་རྣམ་པར་གསུངས། ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་བཤད་པ་ནི། ཚིགས་སུ་བཅད་པ་བཞི་དང་རྐང་པ་གསུམ་སྟེ། གོང་དུ་གསུངས་པའི་ལྷ་དང་དཀྱིལ་འཁོར་གྱི་བྱེ་བྲག་དེ་དག་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པས། ཐབས་དང་ཤེས་རབ་ཀྱི་ངོ་བོ་ནི་རྣམ་པ་ལྔ་སྟེ། ཕན་ཚུན་ཐབས་དང་ཤེས་རབ་ནི་ཕ་རི་ལ་བརྟེན་པའི་ཚུ་རི་ཞེས་རྣམ་པར་བཞག་པ་ལྟ་བུ་ཡིན་ནོ། །གཡས་གཡོན་ཐབས་དང་ཤེས་རབ་ནི་གང་གི་ཚེ་གཡས་ཕྱོགས་ཐབས་སུ་བརྗོད་པ་ན། དེའི་ཚེ་གཡོན་པ་ཤེས་རབ་ཏུ་བརྗོད་པར་འགྱུར་ཏེ། རྟེན་འབྲེལ་དུ་གནས་པའི་ཕྱིར་རོ། །ལུས་སེམས་ཐབས་དང་ཤེས་རབ་ནི་ལུས་ཐབས་སུ་གྱུར་པ་ན་སེམས་ཤེས་རབ་ཏུ་འགྱུར་ཏེ་གཅིག་ལ་གཅིག་བརྟེན་ནས་སེམས་པ་སྐྱེ་བའི་ཕྱིར་རོ། །དཀར་དམར་ཐབས་དང་ཤེས་རབ་ནི། ཐབས་ཀྱིས་ལུས་ལས་བྱུང་པའི་དཀར་ཆ་ནི་ཤེས་རབ་བོ། །ཤེས་རབ་ཀྱི་ལུས་ལས་བྱུང་པའི་དམར་ཆ་ནི་ཐབས་སོ། །རྟེན་དང་བརྟེན་པའི་ཐབས་དང་ཤེས་རབ་ནི་འཇིག་རྟེན་གྱི་ཁམས་ཐབས་སུ་བཤད་ན། དེའི་ཚེ་བརྟེན་པ་སེམས་ཅན་ནི་ཤེས་རབ་ཏུ་འགྱུར་རོ། །དེ་ལྟར་ལྔ་པོ་འདི་རྣམས་ཕན་ཚུན་གོ་རིམ་བཟློག་ན་བཅུར་འགྱུར་རོ། །རིམ་པ་འདི་ལ་བརྟེན་ནས་རྒྱས་གདབ་ཐམས་ཅད་ཀྱང་ཤེས་པར་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས་ཤར་ནུབ་དང་ལྷོ་བྱང་གི་ལྷ་རྣམས་ཕན་ཚུན་འཁྱུད་པ་ཐབས་དང་ཤེས་རབ་ཏུ་གསུངས་པ་ནི་རིགས་གཞན་གྱི་རྒྱས་གདབ་པ་ཞེས་བྱའོ། །གཡས་གཡོན་ནས་རྩ་རླུང་གི་རིམ་པ་ཡིན་པ་དང་། ལུས་སེམས་ཀྱི་རྒྱས་གདབ་པ་ནི་མ་ལོག་པའི་རྒྱས་གདབ་ཅེས་བྱ་སྟེ། རིམ་པ་འདི་གཉིས་ནི་དགྱེས་རྡོར་ལས། སེམས་ལུས་དང་ལྡན་ན་གནས་པ་དང་ལུས་སེམས་དང་ལྡན་ན་མཛེས་པའི་ཕྱིར་སྐུ་ལ་ཐུགས་ཀྱི་རྒྱས་གདབ་དང་། སེམས་ལ་སྐུའི་རྒྱས་གདབ་དང་། འདོད་ཆགས་འོད་དཔག་ཏུ་མེད་པ་ལ་སེར་སྣ་རིན་ཆེན་འབྱུང་ལྡན་གྱི་རྒྱས་གདབ་དང་ཕྲག་དོག་དོན་ཡོད་གྲུབ་པ་ལ་འདོད་ཆགས་འོད་དཔག་ཏུ་མེད་པའི་རྒྱས་གདབ་ཏུ་གསུངས་ཤིང་། དཀར་དམར་དང་ཟླ་ཉི་ལ་སོགས་པ་བདེ་བ་ལ་སྟོང་པ་ལ་བདེ་བའི་རྒྱས་གདབ་ནམ་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཏེ། རྟེན་དང་བརྟེན་པ་ཡང་དེ་ཉིད་དོ། །རྒྱུད་ཕན་ཚུན་གྱི་ལུང་མང་པོ་ཡོད་མོད་ཀྱི་མ་བྲིས་སོ། །ད་ནི་དེ་ལས་འཕྲོས་པ་ཤེས་རབ་གཙོ་བོར་བསྟན་པ་ཤེས་རབ་ཀྱི་རྒྱུད་དང་། ཐབས་གཙོ་བོར་བསྟན་པ་ཕ་རྒྱུད་ཡིན་ནོ་ཞེས་འཆད་དེ། འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གང་བསྟན་པའི་སྒྲས་སྨོས་ཏེ། དོན་ལ་ནི་ཀུན་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཡིན་ཏེ། ཧེ་བཛྭ་ལས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཞེས་པ་དང་། གསང་བ་འདུས་པ་ལས། །རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་བུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་དང་། གཞན་ཡང་། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་དང་། གཞན་རྒྱ་ཆེར་དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་པའི་དོན་མིག་ཐབས་སུ་གྱུར་པ་ན་གཟུགས་ཤེས་རབ་བོ། །གཟུགས་ཐབས་སུ་གྱུར་པ་ན་མིག་ཤེས་རབ་བོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་དང་། དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཕན་ཚུན་ཐབས་དང་ཤེས་རབ་ཏུ་གསུངས་སོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། མིག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པར་གསུངས་ནས། །གཟུགས་ལ་སོགས་པ་སྦྱོར་བ་བསྒོམ། །ཞེས་གཟུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་ཏུ་གསུངས་པ་ཡིན་ནོ། །གཞན་ཡང་རྩ་རོ་མ་ཐབས་ནང་ནས་བྱུང་བའི་རླུང་ཤེས་རབ་བོ། །རྐྱང་མ་ཤེས་རབ་ལ་ནང་ནས་འབྱུང་བའི་རླུང་ཐབས་སོ། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །ཞེས་པ་སྔར་བཤད་པ་བཞིན་དུ་ཡིན་ནོ། དོན་དམ་ཐབས་སྟེ་ཀུན་རྫོབ་ནི། ཤེས་རབ། ཞེས་པ། སྟོང་པ་ཉིད་ནི་དོན་དམ་པ་ཤེས་རབ་ཏུ་གསུངས་པ་ལ་ཐབས་སུ་བརྗོད་པ་ནི། གང་གིས་རྟེན་ཅིང་འབྲེལ་འབྱུང་བ། ཐུབ་པས་ཡང་དག་དོན་དུ་གཟིགས། །དེ་ཡིས་འགྲོ་བར་སྟོང་པར་མཁྱེན། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའི་ཐབས་ལགས་སོ་ཞེས་དཔལ་འཕྲེང་གི་མདོ་ལས་གསུངས་པ་དང་སྦྱར་བ་ཡིན་ནོ། །བཟློག་པའང་ཡིན་ཞེས་པ་ནི། སྔར་བསྟན་པའི་ཐབས་དང་ཤེས་རབ་ཐམས་ཅད་ཀྱང་ཕན་ཚུན་བཟློག་པ་ཡིན་ལ། ཁྱད་པར་དུ་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ཐབས་ཀྱི་རང་བཞིན་ཡིན་ཅིང་དེའི་རང་ངོ་སྟོང་པ་ཉིད་ནི་ཤེས་རབ་ཏུ་བཤད་པ་ཡིན་ནོ། །དེ་སོགས་དཔག་མེད་ཤེས་པར་བྱ་བ་ནི། ཕྱི་དང་ནང་དང་གཞན་ཐམས་ཅད་ལ་སྦྱར་བ་ཤེས་པར་བྱའོ། །གཞན་ཡང་ཁ་དོག་དང་ཡོན་ཏན་ལ་སོགས་པའི་ཐབས་དང་ཤེས་རབ་རྣམས་ནི་གོང་དུ་རླུང་གི་སྐབས་སུ་ཇི་སྐད་བསྟན་པ་བཞིན་ནོ། །བསྐྱེད་རྫོགས་ཀྱི་ངེས་པ་བཤད་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། །དབྱིབས་སྐུ་རླུང་དང་བརྗོད་པ་སྔགས། །ཡིད་ནི་ཐིག་ལེ་རྫོགས་རིམས་བརྗོད། །ཞེས་པ་ནི། བསྐྱེད་པའི་རིམ་པའི་མིང་གིས་བརྗོད་ན་ཟབ་མོའི་བསྐྱེད་པའི་རིམ་པ་ཞེས་ཀྱང་བྱ། རྫོགས་པའི་རིམ་པར་བརྗོད་པའི་དོན་ནི་སྤྱན་རས་གཟིགས་དབང་ཕྱུག་གིས། འདིར་ཇི་ལྟར་མངལ་གྱི་ལུས་རྫོགས་པ་དེ་ལྟར་ལྷ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་སྟེ་བསྙེན་པའི་ཡན་ལག་གོ །ཇི་ལྟར་ངག་རྫོགས་པ་དེ་ལྟར་ལས་རྒྱལ་མཆོག་སྟེ་ཉེ་བའི་བསྒྲུབ་པའོ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་དེ་ལྟར་ཐིག་ལེའི་རྣལ་འབྱོར་སྟེ་བསྒྲུབ་པའོ། །ཇི་ལྟར་ཁུ་བ་འཛག་པའི་བདེ་བ་བསྐྱེད་པ་དེ་ལྟར་ཕྲ་མོའི་རྣལ་འབྱོར་སྟེ་བསྒྲུབ་པ་ཆེན་པོའོ། །དེ་བཞིན་དུ་ཡན་ལག་བཞིའི་བསྒྲུབ་པའི་ཐབས་ནང་གི་ལེའུར་གསུངས་ཏེ་ཡང་དག་པར་རྒྱས་པར་བསྟན་པའོ་ཞེས་གསུངས་པའི་དོན་ནོ། །དེ་བཞིན་དུ་རྒྱུད་ཐམས་ཅད་ལས། སྐྱེ་བ་བསྐྱེད་རིམས་བསྟན་པ་སྟེ། །འཆི་བ་རྫོགས་རིམས་ཉིད་ཡིན་ནོ། །ཞེས་སྦྱང་གཞི་དང་སྦྱར་བ་གསུངས་སོ། །ཀུན་བརྟགས་བསྐྱེད་རིམས་ཤེས་བྱ་སྟེ། ཞེས་པ་རྟོག་པས་སྒྲོས་བཏགས་པའི་དབྱིབས་བསྒོམ་པ་རྣམས་སོ། །གཞན་དབང་འབྲེལ་བ་རྫོགས་རིམས་བཤད། །ཅེས་པ་རྣམ་པ་དང་བཅས་པ་རྣམས་བསྡུས་ནས་གོང་བུ་དང་ནཱ་ད་ལ་སོགས་པའི་རྣམ་པར་ཤེས་པ་ཙམ་ལ་སེམས་འཛིན་པ་ནི་གཞན་དབང་གིས་ངོ་བོ་ཉིད་ཡིན་ནོ། །མཐར་ཐུག་པའི་གནས་ལུགས་ཀྱི་བསྐྱེད་རྫོགས་ཆེན་པོ་ནི་སྣང་བ་ལ་འཛིན་པ་ཐམས་ཅད་དང་བྲལ་བའི་ཀུན་རྫོབ་བདེན་པ་བསྐྱེད་རིམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་འགྲུབ་པའི་ཕྱིར་རོ། །སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རྫོགས་པའི་རིམ་པ་ནི་དོན་དམ་བདེན་པ་སྟེ་ཐམས་ཅད་དེ་ལ་རྫོགས་པའི་ཕྱིར་རོ། །དོན་འདི་ཡང་། ང་ཡིས་སྔར་ནི་བཤད་པ་ཡི། །བདེན་པ་གཉིས་ལ་བརྟེན་པ་ཀུན། །རྣལ་འབྱོར་པ་ཡིས་དངོས་ཀུན་གྱི། །བསྒོམ་པ་མངོན་པར་དགའ་བར་བརྗོད། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་སྤྱོད། །རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །མྱ་ངན་འདས་པ་དེ་ལ་བསྟན། །རྒྱུད་འདི་ཡི་ནི་རྣལ་འབྱོར་པས། །བདེན་པ་གཉིས་ནི་ཡང་དག་བརྟེན། །ཞེས་ཀུན་ཏུ་སྤྱོད་པའི་རྒྱུད་ལས་གསུངས་པའི་དོན་ཡིན་ནོ། །གཞན་ཡང་བདེན་པ་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་པའི་རིམ་པ་སྟེ། ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རིམ་པས་བསྐྱེད་པའི་ཕྱིར་རོ། །དབྱེ་བ་མེད་པའི་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་ཉིད་རྫོགས་པའི་རིམ་པར་གསུངས་ཏེ། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་དོན་ཡིན་ནོ། །འཇུག་བསྡུ་བ་ནི། ཚིག་རྐང་དྲུག་སྟེ། དེ་ལ་སོགས་པ་ཐམས་ཅད་ཀྱང་ཕྱི་དང་ནང་དང་གཞན་གྱི་རིམ་པས་མཐར་ཐུག་པའི་འབྲས་བུ་ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི། རྡོ་རྗེ་ཐེག་པའི་རྩ་བ་མདོར་བསྡུས་བརྗོད་པ་ཡིན་ནོ། །ཇི་ལྟར་ཨེ་ཝྃ་བཤད་པ་བཞིན་ཞེས་པ་ནི་ཆོས་ཐམས་ཅད་ཨེ་ཝྃ་ཐབས་དང་ཤེས་རབ་ཀྱི་གནས་ལུགས་སུ་བསྡུས་ནས་གསུངས་ཏེ། ཧེ་བཛྭ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པའོ། །མདོར་ན་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་འཛིན་པ་མེད་པའི་ངང་ནས་སྦྱང་བར་བྱའོ། །ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་བསྟན་ཟིན་ཏོ།། །།དེ་ནས་དགུ་པ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་སྦྱོང་བྱེད་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པ་འདིར་ནི་བསྟན་པར་བྱ། །ཞེས་བྱ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དག་པ་དང་མ་དག་པའི་ཆོ་འཕྲུལ་ལས་སྣང་བའི་ཚུལ་སྔར་བསྟན་པ་བཞིན་དང་། ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་སྐབས་སུ་བཤད་པ་བཞིན་སྦྱང་གཞི་ཐམས་ཅད་ལ་སྦྱོང་བྱེད་ཀྱི་གཉེན་པོ་ལྷའི་དཀྱིལ་འཁོར་ལ་སོགས་པ་བསྟན་པའི་ངེས་པ་བཤད་པར་བྱའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། ཡང་དག་པའི་བདེན་པ་གཉིས་བཤད་པ་དང་། དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་པར་རྟོག་པ་སྤང་བ་དང་། སྤང་གཉེན་གྱི་རྩ་བ་དང་། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་དང་། རྒྱས་བཤད་དང་། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་ལ་སྦྱར་བའོ། །དང་པོ་ནི་ཚིགས་བཅད་ཕྱེད་དང་གསུམ་སྟེ། རྡོ་རྗེའི་ཐེག་པ་ཆེན་པོ་ལས་ཡང་དག་པའི་འབྲས་བུ་ཡེ་ཤེས་དང་། དེ་ཉིད་དང་རྗེས་སུ་མཐུན་པའི་གཉེན་པོའི་ཤེས་པ་བསྐྱེད་པ་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་དག་ནི་དབྱེ་བ་མེད་པའི་ཕྱིར། འབྲས་བུ་ལམ་དུ་བྱེད་པ་ཞེས་སྨོས་སོ། །དོན་དམ་པར་ན་རྒྱུ་དང་འབྲས་བུ་དང་ལམ་དུ་ཉེ་བར་འདོགས་པ་དང་སེམས་པ་དང་རྟོག་པ་དག་གི་རྣམ་པར་རྟོག་པས། སྒྲོས་བཏགས་པ་ཙམ་སྟེ། དོན་ལ་ཡོད་པ་མ་ཡིན་ནོ། །དོན་དམ་པར་གང་ཞིག་ཡོད་ན་རྟོག་པའི་དྲ་བ་ཐམས་ཅད་ལས་འདས་པའི་སེམས་རང་བཞིན་གྱིས་དག་པའི་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་སྙིང་པོ་དག་ནི་ཡོད་པས་དེའི་ཚུལ་བརྗོད་པ། །སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །ཞེས་སྨོས་སོ། །དེ་ལ་སངས་རྒྱས་ཀྱི་སྙིང་པོ་ནི་སྔར་སྨོས་པའི་ཚོགས་བརྒྱད་ཀྱི་འཁྲུལ་པའི་དྲི་མ་མེད་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་བདེན་པ་གཉིས་ཀྱི་དོན་མངོན་སུམ་དུ་མ་བྱས་པ་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ལ་རྨོངས་ནས་ལྟ་བ་ཐ་དད་འཛིན་པས་འཁོར་བར་གྱུར་ཏོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྒྱུ་མ་ཇི་ལྟ་ཇི་ལྟ་བར། །དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། དེ་བཞིན་དུ་ནི་བརྟེན་ནས་བྱུང་། །ཇི་ལྟར་རི་མོ་མཁན་གྱིས་གཟུགས། །གནོད་སྦྱིན་འཇིགས་པ་བྲིས་པ་ཡིས། །དེ་ཡིས་བདག་ཉིད་སྐྲག་པ་ལྟར། །མི་མཁས་འཁོར་བར་དེ་བཞིན་ནོ། །ཇི་ལྟར་རང་གིས་འདམ་གཡོས་པས། །བྱིས་པ་འགའ་ཞིག་བྱིང་པ་ལྟར། །དེ་བཞིན་རྟོག་པའི་འདམ་བྱིང་བས། །སེམས་ཅན་རྣམས་ནི་འབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡིས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཡུལ་དང་ཤེས་པ་དེ་དག་ཏུ། །རྣམ་པར་རྟོག་པའི་དུག་གིས་བཅིངས། ཞེས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ་བཞིན་དུ་འཁྲུལ་པར་གྱུར་པ་ཡིན་ནོ། །དེ་ལ་ལྟོས་ནས་སངས་རྒྱས་ཐོབ་བོ་ཞེས་ཀུན་རྫོབ་ཀྱི་བདེན་པ་ལ་སྨྲ་བར་འགྱུར་ཏེ། དེ་ཡང་ཇི་ལྟར་ཞེ་ན། །དེ་དག་སྙིང་པོ་མེད་མཐོང་བས། །ཤེས་རབ་སྙིང་རྗེའི་ཡིད་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྫོགས་སངས་རྒྱས་ལ་སྦྱར་བར་བྱ། །དེས་ཀྱང་ཚོགས་བསགས་ཀུན་རྫོབ་ཏུ། །བླ་ན་མེད་པའི་བྱང་ཆུབ་འཐོབ། །རྟོག་པའི་འཆིང་བ་རྣམས་ལས་གྲོལ། །ཞེས་གསུངས་པ་ཡིན་ནོ། །འོ་ན་སེམས་ཅན་དང་སངས་རྒྱས་སུ་བཏགས་པ་དང་སྣང་བ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་དོན་དམ་པའི་བདེན་པ་ཉིད་ནི་ཇི་ལྟ་བུ་ཞེ་ན། གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པས་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། སྟོང་པ་ཉིད་གྱི་རང་བཞིན་ནོ། །ཞེས་བྱ་བ་འདི་བསྟན་པར་བཞེད་ནས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཞེས་བྱང་ཆུབ་སེམས་འགྲེལ་ལས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྟེ། དེ་ལྟར་བདེན་པ་གཉིས་པོ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་གསུངས་པའི་ལུང་འདིར་བསྡུས་པ། ཀུན་རྫོབ་བཟུང་འཛིན་སྣང་བ་སྟེ། བདེན་པ་ཆུ་ཟླ་ལྟ་བུའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །ཞེས་སྨོས་ཏེ། ཀུན་རྫོབ་ནི་ཐམས་ཅད་མི་བདེན་པ་ཞེས་བྱ་བའི་སྒྲ་ཡིན་པས་བཟུང་བ་དང་འཛིན་པ་གཉིས་སུ་ཀུན་བརྟགས་པ་ནི་རྣམ་པ་ཐམས་ཅད་དུ་མེད་པ་དག་ཡིན་ཏེ། འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང་། །དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། ཞེས་ཀུན་བརྟགས་པའི་བཟུང་བ་དང་འཛིན་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་དུ་གསུངས་སོ། །འོ་ན་བདེན་པ་ཇི་ལྟར་བཞག་ཅེ་ན། མེད་བཞིན་དུ་སྣང་བ་ཙམ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། བསླུ་བ་མེད་པའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ཉིད་དོན་དམ་པའི་བདེན་པ་མ་ཡིན་ནམ། གང་བསླུ་བ་མེད་པ་དེ་ནི་དོན་བྱེད་ནུས་པ་ཚད་མ་ཉིད་དང་འབྲེལ་བ་ཡིན་པས། །དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་དོན་དམ་ཉིད་དུ་བརྗོད། །ཅེས་རིགས་པའི་གཞུང་ལས་བྱུང་བ་མ་ཡིན་ནམ། ཞེ་ན། འདི་ཡང་རྣམ་གྲངས་ཀྱིས་དོན་དམ་པར་བཞག་པ་ཡོད་མོད་ཀྱི་ཆོས་ཉིད་ཀྱི་རིགས་པའི་རྗེས་སུ་འབྲེལ་བ་དག་ནི། སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་སྔར་སྨོས་པ་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། ཞེས་བྱ་བ་དང་། ཀུན་རྫོབ་དེ་ལ་ཡང་ཀུན་རྫོབ་ཉིད་དང་བདེན་པ་གཉིས་སུ་དབྱེ་བར་འདོད་ནས། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པའི་ཕྱིར་དེ་ལྟར་བཤད་པའི་བདེན་པ་གཉིས་པོ་འདི་ཡང་ཆོས་རྣམས་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་པས། གཅིག་པ་དང་ཐ་དད་པ་གང་དུ་ཡང་བརྗོད་དུ་མེད་དོ། །ཚུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྟོགས་ཤིང་བསྟན་པའི་ཆོས་ཐམས་ཅད་ཀྱི་དོན་ཀྱང་ཡིན་ཏེ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་མི་ཤེས་པ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་སྨྲ་བར་འདོད་པའི་དོན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ན། །ཐ་སྙད་ཀྱི་བདེན་པ་གཉིས་པ་འདི་ཅི་དགོས་སྙམ་ན། དེ་ལ་བཤད་པར་བྱ་སྟེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། མྱ་ངན་འདས་པ་ཐོབ་མི་འགྱུར། གང་གི་ཕྱིར་ཐ་སྙད་ལ་མ་རྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་འཐོབ་པར་མི་འགྱུར་བ་དེའི་ཕྱིར་བདེན་པ་གཉིས་ཀ་གདགས་དགོས་སོ་ཞེས་གསུངས་པས་ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཡང་དག་པའི་རྟོག་པ་དང་ལྟ་བ་འབྱུང་བས། དེར་རྟོག་བྱེད་པའི་རྟོག་པས་བསྐྱེད། གཉེན་པོའི་སྦྱོང་བྱེད་ཡིན་པར་བཤད། ཅེས་སྨོས་པ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་དོན་སངས་རྒྱས་ཀྱི་སྙིང་པོ་རུ་འཆད་པ་འདི་སྔགས་ཀྱི་གཞུང་རྣམས་དང་རྣལ་འབྱོར་སྤྱོད་པའི་གཞུང་རྣམས་ལ་འཐད་ཀྱིས། དབུ་མའི་གཞུང་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་དང་ཁམས་ཡོད་པར་བསྟན་པ་མེད་དོ་སྙམ་དུ་རྟོག་པའི་དབུ་མ་པ་དག་གི་ཚིག་གི་རྗེས་སུ་འཁྲུལ་པར་མི་བྱ་སྟེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམས་ཀྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་རྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེའི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་བ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཤིང་འདིའི་མིང་གི་རྣམ་གྲངས་ནི། རྒྱུད་བླ་མ་ལས། སེམས་ཀྱི་རྣམ་པར་དག་པའི་ཁམས། །འདིའི་རང་བཞིན་ཆོས་སྐུ་དང་། དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པར་གསུངས་ཤིང་། དཔེ་དགུས་ཉོན་མོངས་པ་ཇི་སྙེད་པ་མདོར་བསྡུས་པས་དྲུག་བཅུ་རྩ་བཞི་རྣམ་པར་སྦྱངས་པ་ལས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རྩ་བཞི་སྣང་བར་བྱེད་པ་སྦྱང་གཞི་དང་སྦྱོང་བྱེད་ཀྱིས་ཡོངས་སུ་སྦྱོང་བ་འཐད་པ་དང་བཅས་པ་གསུངས་པའི་དོན་གྱིས་ན་འདིར་ཡང་། སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། ཞེས་སྨོས་པ་ཡིན་ནོ། །དེ་ལྟར་སྔགས་ཀྱི་ཚུལ་གྱིས་ཡང་དག་པའི་ལྟ་བ་ཞེས་བྱ་བ་ཟུང་འཇུག་མཐའ་བྲལ་ཆེན་པོའི་བདེན་པ་གཉིས་ཀྱི་ཚུལ་བཤད་ནས། །ད་ནི་དེའི་ཚུལ་མ་རྟོགས་པ་རྣམས་ཀྱི་ཞེ་འདོད་སྤང་བར་བསྟན་པ་ལ་ཡང་། ཕྱི་རོལ་པ་དང་། ཐེག་པ་དམན་པའི་གྲུབ་མཐའ་གཉིས་ལས། དང་པོ་ནི། ཚིག་རྐང་ལྔ་ལས། །ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །རྣམ་རྟོག་གིས་བྱས་ཤེས་བྱ་ཡིན། །ཞེས་པ་ནི། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། ལྷའི་བླ་མ་ཕུར་བུ་དང་། ར་མ་ན་དང་། གྲངས་ཅན་གཅེར་བུ་པ་རྣམས་ཀྱིས་རྣམ་པར་རྟོག་པས་བརྟགས་པའི་གྲུབ་པའི་མཐའ་རྣམས་ཏེ། །འདི་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། །གང་གི་རིག་བྱེད་རང་བྱུང་དང་ནི་སྐྱེ་བོ་རྣམས་ཀྱི་སྐྱེ་གནས་ཁ་ལག་རྐང་པ་ལ་སོགས་དང་། །རྟའི་མཆོད་སྦྱིན་ལས་གཞན་ཆོས་ནི་གཞན་ན་ཡོད་མིན་ཞེས་བྱ་དེ་ནི་ཚངས་པས་བསྟན་པ་ཡིན། །བྱེད་པོའི་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་སྟོང་ཉིད་ཉམས་པའི་ཆོས་ཅན་དང་། །བྱེད་པ་པོ་དང་རྒྱུ་དང་འབྲས་བུ་རྣམས་ནི་འདིར་ནི་གསལ་བར་ཁྱབ་འཇུག་གིས་ནི་བསྟན་པའོ། །ལམ་ནི་དྲུག་དང་དེ་ཉིད་ལྔ་དང་མ་ལུས་མཆོག་གི་གོ་འཕང་དང་ནི་གཞན་ཡང་སྔགས་ཀྱི་ལུས། །རིག་པ་བདག་དང་ཡང་དག་ཞི་བ་ཉིད་དང་རྣམ་གསུམ་ལམ་དུ་འགྲོ་དང་སྦྱོར་དང་སྟོང་པའི་དངོས། །ཐིག་ལེས་ཕྱེ་བ་ཞི་བ་ཉིད་དང་ཚིགས་འཚམས་བཅུ་གཉིས་དབྱེ་བས་མ་ལུས་ལུས་སུ་སོན་པ་ནི། །གང་དུ་འདི་དག་ཐམས་ཅད་ངེས་པར་གང་ལ་བསྟན་པར་འགྱུར་བ་དེ་ནི་ཞི་བས་བསྟན་པ་ཡིན། །དབང་ཕྱུག་དང་ནི་ལས་ཀྱི་རྣམ་སྨིན་མེད་ལ་ཡོན་ཏན་ཡུལ་ནི་འབྱུང་བའི་ཚོགས་ལ་ལོངས་སྤྱོད་དོ། །དེ་མེད་པས་ན་འབྲས་བུ་མེད་པ་རྣམས་ནི་གསལ་བར་ལྷའི་བླ་མས་བསྟན་པར་རིག་པར་བྱ། །སྟག་གཟིག་རྣམས་ནི་ལོངས་སྤྱོད་དོན་དུ་རྒྱུ་བཅས་རྒྱུ་བ་མེད་པ་མ་ལུས་བྱེད་པ་པོ་ཡིས་བསྐྱེད། མི་རྣམས་མཐོ་རིས་པ་ཡང་ངེས་པར་དགའ་བ་ཡིས་ནི་འགྱུར་ཏེ་ར་མ་ན་ཡིས་བསྟན་པ་ཡིན། །དུས་གསུམ་པོ་དང་རྫས་དྲུག་དང་ནི་གནས་ཀྱི་རྣམ་བཞག་དགུ་དང་སྲོག་ནི་ཅུང་ཟད་ལུས་དྲུག་ལ། །སྐུ་ལྔ་གཞན་ཡོད་པ་དང་བརཏལ་ཞུགས་དུལ་བར་འགྲོ་བ་ཡེ་ཤེས་སྤྱོད་ལམ་རྣམས་ཀྱིས་དབྱེ་བ་དང་། །སྲོག་ནི་ལུས་ཀྱི་ཚད་ཙམ་སྲིད་པ་དཔག་ཏུ་མེད་པ་རྣམས་སུ་རྟག་པ་ཡིས་ནི་ཐར་པ་ལ། །གང་དུ་ཐར་པའི་ཚད་ནི་སྟེང་དུ་སྨོས་པ་རྣམས་ནི་རྒྱལ་བ་ཡིས་ནི་ཡང་དག་བསྟན་པ་ཡིན། །ཞེས་མུ་སྟེགས་པ་རྣམས་ཀྱི་སོ་སོའི་རང་གཞུང་གྲུབ་པའི་མཐའ་རྣམས་གསུངས་ནས། འདི་རྣམས་ཐམས་ཅད་ལོག་པར་ལྟ་བ་ཡིན་པས་དགག་པའི་ཚུལ་ནི། གཞུང་འདི་ཉིད་ཀྱི་རྗེས་སུ་ཡང་རྒྱས་པར་གསུངས་ལ། དབུ་མ་དང་ཚད་མའི་བསྟན་བཅོས་རྣམས་སུ་ཡང་དང་ཡང་དུ་གསུངས་ཤིང་། འདིར་ཡི་གེ་མངས་བར་འགྱུར་བའི་ཕྱིར་མ་བཀོད་དོ། །དེས་ན་རྒྱུ་དང་རྐྱེན་ལྡན་པ་དང་འདུ་བའི་འབྲེལ་བ་འདོད་པའི་གྲངས་ཅན་པ་རྣམས་དང་། མེད་འཛིན་སོགས་ཞེས་པ་ནི་ཆད་པར་ལྟ་བ་རྒྱང་འཕེན་པ་སྟེ། མུ་སྟེགས་པ་ཐམས་ཅད་འདི་གཉིས་སུ་འདུས་ཤིང་ལྟ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ལུས་སེམས་ཀྱི་བཟུང་འཛིན་ལ་བརྟེན་ནས་བྱུང་བར་བཅོམ་ལྡན་འདས་ཀྱིས་ཚངས་པ་དྲ་བའི་མདོ་ལས་གསུངས་ཏེ། དེ་ལྟ་བུའི་ལྟ་བ་ངན་པ་དག་ལ་འཆོལ་བའི་སེམས་ཅན་རྣམས་མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པ་དག་གིས་བཟློག་ནས་ཡང་དག་པའི་ལམ་དུ་དྲང་བར་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཡིན་ནོ། །ཐེག་པ་དམན་པའི་གྲུབ་མཐའ་ནི། ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ། དང་པོ་ཕྱི་རོལ་གྱི་ཡུལ་ལ་འཁྲུལ་པའི་ཆ་ནི། ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཀུན་གཞི་ཡིད་བཅས་ཡུལ་སྣང་གི །ནུས་པ་མ་རྟོགས་དབང་གིས་ཏེ། །ཞེས་བྱ་བ་ནི། རང་གི་སྡེ་པ་ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཕྱི་རོལ་གྱི་དོན་སེམས་ལས་གཞན་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་དང་ཆ་མེད་པ་བསྐོར་བ་བར་བཅས་དང་བར་མེད་ལ་སོགས་ཕྱི་རོལ་གྱི་དོན་མངོན་སུམ་པ་དང་། ཕག་ན་མོ་ལ་སོགས་པ་འདོད་པ་དེ་དག་ཀྱང་། ཀུན་གཞི་ཡིད་དང་བཅས་པའི་ནུས་པ་ཕུལ་དུ་སྣང་བའི་ཆ་མ་རྟོགས་པས་དོན་གཞན་དུ་རྟོག་པའི་འཁྲུལ་པ་བྱུང་བ་ཡིན་གྱི་རྣམ་པར་ཤེས་པ་ལས་ཐ་དད་པ་ནི་གཞན་དུ་བདེན་པ་མེད་དོ། །འོན་ཀྱང་བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་རྟོག་པའི་གཉེན་པོ་རྡུལ་ཕྲ་རབ་ལ་སོགས་པ་ཁམས་ཀྱི་རང་བཞིན་གསུངས་པས། འོན་ཀྱང་བདག་སོགས་བྱེད་པ་པོ། །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད། །ཞེས་སྨོས་སོ། །དེ་ཡང་བྱང་ཆུབ་སེམས་འགྲེལ་ལས། གཟུང་དང་འཛིན་པའི་ངོ་བོ་ཡིས། རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །ཕྱི་དོན་རྣམ་པ་ཀུན་ཏུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །བདག་དང་གང་ཟག་བཏགས་པར་བརྗོད། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཅེས་པ་རང་གི་སྡེ་པ་ཉན་ཐོས་འགའ་ཞིག་གང་ཟག་གི་བདག་ལ་སོགས་པ་ཡོད་པར་སྨྲ་བ་དེ་དག་ཀྱང་མིང་གིས་བཏགས་པ་ཙམ་དུ་ཡིན་གྱི་བདེན་པའི་གང་ཟག་གི་རྫས་གྲུབ་པ་ཡོད་ན། རྫས་དེ་འཁོར་བ་ཉིད་ཡིན་ན་ནི་མྱ་ངན་ལས་འདས་པ་མི་འཐད་པ་དང་། རྫས་དེ་མྱ་ངན་ལས་འདས་པ་ཡིན་ན་ནི་འབད་པ་མེད་པར་ཐར་པར་རིགས་པའི་སྐྱོན་ཡོད་པས། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཡོད་ན་འབད་མེད་ཐར་པའམ། །ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། །ཞེས་སྨོས་སོ། །འདི་ནི་རྒྱས་པར་མདོ་སྡེ་རྒྱན་ལས། །གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པའི་དོན་ཡིན་ནོ། །དེ་སོགས་སེམས་ལ་སྣང་བ་ཡི། །སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། །ཞེས་བྱ་བ། སེམས་ལ་སྣང་བའི་རྒྱུ་འབྲས་རྣམས་སྔར་གོང་དུ་བརྗོད་པ་དང་། ཡང་ཐམས་ཅད་སེམས་སུ་ཤེས་པས་ལྟ་བ་ངན་པ་རྣམས་སྤོང་ལ་སེམས་སུ་འཛིན་པ་ཡང་སྤངས་པས་ཡང་དག་པའི་དོན་མཐོང་བར་འགྱུར་སྟེ། བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། སྟོང་ཉིད་བདག་ཉིད་གཅིག་པུ་ཡི། ངོ་བོ་སེམས་ལ་བཏགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པ་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་སོ། །དེ་བཞིན་དུ་རྣམ་པར་རིག་པ་བདེན་པ་སྤང་པ་ལ་སོགས་པ་རྣམས་ཀྱང་རྒྱ་ཆེར་གསུངས་པས་ཐེག་པ་ཆེན་པོ་དང་ཐམས་ཅད་ལ་འཇུག་པའི་ཚུལ་བདེན་པ་གཉིས་ཀྱི་གནས་ལུགས་རྟོགས་པར་བྱའོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདིར་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ལུས་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། རྩ་རླུང་ཐིག་ལེའི་ངེས་པས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་སྤང་གཉེན་དེ་བཞིན་གཤེགས་པས་གསུངས་པ་འཕགས་པ་ཀླུ་སྒྲུབ་གྱི་ཞལ་སྔ་ནས་ཀྱང་། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བ་ཡིན། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡོངས་རྟོགས་ན། །དེ་ནི་སོ་སོ་རང་རིག་ཉིད། །ཅི་འདྲ་ཞེས་བྱ་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་བརྗོད་པས། །དེ་ནི་དངོས་པོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་ཡིན། །རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། མཁས་རྣམས་རབ་ཏུ་འཇུག་པ་ཡིན། ཞེས་གསུངས་པ་ལྟར་དུ། །ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། ཞེས་སྨོས་པ་འཛམ་བུའི་གླིང་དུ་སྐྱེས་པའི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ལ་གནས་སྐབས་བཞིའི་ཚེ་མཐར་ཐུག་པ་ནི་ལོ་བརྒྱ་གསུངས་ལ་དེ་ཡང་ཕྱི་རོལ་གྱི་ཉིན་ཞག་བསྒྲང་པའི་ལོས་འཇོག་པ་མ་ཡིན་གྱི་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པས་དེའི་ལོ་རྣམ་པར་བཞག་སྟེ། དེའི་ཕྱིར་ཤིན་ཏུ་ཕྲ་བ་ལུས་ལས་སྐྱེས་པའི་སྲིན་བུ་རྣམས་ནི་མིའི་ཞག་གཅིག་ལ་ལོ་བརྒྱ་རྫོགས་ཤིང་ཆེ་བ་འོག་མིན་གྱི་ལྷ་ཡི་དབུགས་འབྱུང་རྔུབ་གང་ཡིན་པ་མི་རྣམས་ཀྱི་ལོ་གཅིག་སྟེ་མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་བྱས་པའི་དེས་བསྒྲེས་པའི་རང་ལོ་བརྒྱ་ནི་ཚེ་ཚད་དེ་ཤག་ཏིའི་ཚེ་ཞེས་བཤད་དོ། །ཤག་ཏིའི་ལོ་ལ་འབར་དུ་ཞེས་བྱ་བ་གཟུགས་མེད་པ་གོང་མའི་དབུགས་གཅིག་སྟེ་འདི་ཡང་རང་ལོ་བརྒྱའི་མཐར་ཐུག་པ་སྟོན་པས་ཁམས་གསུམ་པ་ཐམས་ཅད་ཚེ་ལོ་བརྒྱ་པར་འཆད་དོ། །དུས་མ་ཡིན་པར་འཆི་བ་ནི་ལས་ཀྱི་དབང་གིས་ཏེ་ཚེ་མ་རྫོགས་པར་འཆི་བར་འདོད་པས་རྒྱུ་མཚན་དེས་ན་སེམས་ཅན་རྣམས་ཀྱི་རང་རང་གི་ལོ་བརྒྱའི་ཚེ་གཅིག་ལ་ཁམས་ཀྱི་རླུང་ཇི་སྙེད་ཡོད་པ་སྦྱང་གཞི་ཡིན་པས་དེ་ལ་གྲངས་སུ་ཡོད་ཅེ་ན་བསྡོམས་ན་བྱེ་བ་བདུན་བཅུ་བདུན། ས་ཡ་བདུན་དང་འབུམ་ཕྲག་དྲུག་ཡོད་པས་སྦྱང་གཞི་དེ་སྦྱོང་བའི། ཞེས་སྨོས་ཏེ་དེ་ལ་གཉེན་པོ་ཡེ་ཤེས་ཀྱི་རླུང་སྔར་བསྟན་པ་ལྟར་དབུགས་རེ་རེ་ལ་ཡང་ཆ་ཤས་ཡོད་པའི་ཕྱིར་དེ་དང་རྗེས་སུ་མཐུན་པར་སྦྱང་གཞིའི་དབུགས་གྲངས་ཇི་སྙེད་པ་རྣམས་ནི་རྣམ་པར་རྟོག་པའི་གྲངས་ཡིན་ཏེ་རྣམ་པར་རྟོག་པ་དེ་སྤྱོད་པའི་གཉེན་པོ་རྣམ་པར་དཀར་བའི་ཆོས་ཀྱི་སྒོའི་གྲངས་ཀྱང་དེ་སྙེད་དུ་འགྱུར་བས་ཆོས་ཀྱི་སྒོ་ཡང་བྱེ་བ་བདུན་བཅུ་རྩ་བདུན་དང་། ས་ཡ་ཕྲག་བདུན་དང་། འབུམ་ཕྲག་དྲུག་གོ །དེ་དག་ལས་རགས་རིམས་བསྡུས་པས་བརྒྱད་ཁྲི་བཞི་སྟོང་ཞེས་གྲགས་སྟེ་དེའི་ཕྱིར་ན་ཆོས་སྒོ་དེ་དང་མཉམ་པ་ཡིན། བརྒྱད་ཁྲི་བཞི་སྟོང་རགས་རིམས་གྲངས། ཞེས་སྨོས་པ་ནི་སྤང་གཉེན་གྱི་རྩ་བ་རྣམས་བསྟན་པའོ། །ད་ནི་བྱེ་བྲག་ཏུ་གཉེན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ལ་ཚིགས་སུ་བཅད་པ་བཞི་སྟེ་སྔར་བསྟན་པའི་ལོ་བརྒྱའི་ལས་རླུང་ཐམས་ཅད་ལས་བྱེ་བྲག་ཏུ་དེ་ལ་ཡེ་ཤེས་རླུང་ཇི་སྙེད། རྒྱུ་བ་མྱ་འདས་ལམ་ལྡན་པ། །གཉེན་པོ་མཆོག་སྟེ་བླ་མེད་རྒྱུད། ཞེས་སྨོས་ཏེ་ལོ་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་ཞག་རེ་ལ་དྲུག་བརྒྱ་བདུན་བཅུ་རྩ་ལྔ་རེ་རྒྱུ་བ་དེ་རྣམས་ཐམས་ཅད་བསྡོམས་པས་ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་དེ་དེ་ཐམས་ཅད་ནི་རྡོ་རྗེའི་ཐེག་པའི་རྒྱུད་ཀྱི་ཡན་ལག་གི་གྲངས་སུ་བརྗོད་ཅིང་དེ་རྣམས་སྡེ་ཚན་དུ་བསྡུས་ན་དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། ཞེས་པ་ནི་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་སྟེ། དེ་ལས་ཀྱང་བྱེ་བྲག་དུ་ལོ་གསུམ་གྱི་ཞག་ནི་སྟོང་བརྒྱ་བཅུའོ། །དེ་ལ་རྒྱུད་ཐམས་ཅད་ཀྱི་རྩ་བ་རྣམ་པ་གསུམ་དུ་འགྱུར་ཏེ་དེའི་ཕྱིར་ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ། ཞེས་སྨོས་སོ། །དེ་འདྲ་རེ་རེ་ལའང་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཀྱི་ཆ་གཉིས་གཉིས་ཡོད་པས་གཡས་གཡོན་གྱི་རྒྱུ་བ་གཉིས་གཉིས་སུ་ཕྱེ་ན་བསྒྲོད་པས་རིགས་དྲུག་གི་རྒྱུད་དུ་བཤད་དེ་རྡོ་རྗེ་སེམས་དཔའ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་རིགས་ཀྱི་རྣམ་པར་དབྱེ་བས་སོ། །དེ་ལ་ཟླ་བའི་རིམས་པས་དབྱེ་ན་སྐུའི་རྒྱུད་བཅུ་གཉིས་དང་གསུང་གི་རྒྱུད་བཅུ་གཉིས་དང་ཐུགས་ཀྱི་རྒྱུད་བཅུ་གཉིས་སྟེ་དེས་ན་ཟླ་བའི་དབྱེ་བས་རིགས་རྣམས་ནི། སུམ་བཅུ་སོ་དྲུག་རྒྱུད་དུ་བཤད། །ཅེས་སྨོས་པ་ཡིན་ནོ། རྒྱུད་སུམ་བཅུ་སོ་དྲུག་པོ་དེ་ལ་ཡང་གཡས་པ་དང་གཡོན་པ་ནས་འབྱུང་བའི་ཐབས་དང་ཤེས་རབ་ཀྱི་རིམ་པས་ཕྱེ་ན་རྩ་བའི་རྒྱུད་ཀྱི་གྲངས་སུ་འགྱུར་སྟེ། །གཡས་གཡོན་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་ཐབས་དང་ཤེས་རབ་རྒྱུད། །རྩ་རྒྱུད་བདུན་བཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། ཕྱག་གྲངས་དག་པར་གསུངས་པ་ཡིན། །ཞེས་བྱ་བའི་དོན་སྟེ་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔས་རྩ་བའི་རྒྱུད་བདུན་བཅུ་རྩ་གཉིས་པོ་འདིར་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་བསྡུས་ཤིང་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཆེན་པོ་ལས་བཅོམ་ལྡན་འདས་ཕྱག་བདུན་བཅུ་དོན་གཉིས་པའི་རྣམ་པར་དག་པ་གསུངས་ཏེ། ནང་གི་རྩ་བདུན་བཅུ་དོན་གཉིས་དང་། ལྟེ་བའི་རྩ་དབུ་མའི་འཕོ་བ་དང་བཅས་པའི་རླུང་བདུན་བཅུ་དོན་གཉིས་འདོད་པ་དང་མི་འདོད་པའི་རྣམ་པར་རྟོག་པ་བདུན་བཅུ་དོན་གཉིས་དང་དེ་ཐམས་ཅད་ཀྱི་གཉེན་པོའི་ཡེ་ཤེས་ཀྱི་གྲངས་སུ་གསུངས་སོ། །རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ་ཐོག་མར་དབྱངས་དང་གསལ་བྱེད་གྱི་ངེས་པ་ཨ་སོགས་དབྱངས་ནི་སུམ་བཅུ་དྲུག །ཀ་སོགས་དབྱེ་བ་དེ་དང་མཉམ། །ཞེས་པ་ཨ་ཨི་རྀ་ཨུ་ལྀ་རྩ་བ་ལྔའོ། །ཨ་ཨེ་ཨར་ཨོ་ཨལ་ཡོན་ཏན་ལྔའོ། །ཧ་ཡ་ར་ཝ་ལ། ཡ་ན་དྷེ་ཤ་སྟེ་རྐྱེན་ལས་གྱུར་པ་ལྔའོ། །དེ་ལྟར་ཐུང་ངུ་བཅོ་ལྔ་རིང་པོ་བཅོ་ལྔ་སྟེ་སུམ་བཅུ་དྲུག་པོ་ནི་རྩ་བའི་དབྱངས་ཏེ་གྲི་གུག་དང་དབྱུག་པ་ཐིག་ལེ་ཚེག་དྲག་ཐོང་གཤོལ་གྱི་རྣམ་པ་ལྟ་བུ་ལྔ་དང་ཨཱོཾ་དང་དྲུག་གོ། །གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙྱ་ཉ། ཊ་ཐ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། སྭ་སྭ་ཤ་ཥ་ཀྭ་སྟེ་སུམ་བཅུ་དང་ཧ་ཡ་ར་ཝ་ལ་ཀྵ་དྲུག་པོ་བསྣན་ན་སུམ་བཅུ་སོ་དྲུག་སྟེ་འདི་རྣམས་བརྗོད་བྱེད་ཡི་གེའི་གཙོ་བོར་གསུངས་ལ་རེ་རེ་ཡང་རྒྱུད་ཕྲན་སུམ་བཅུ་སྟེ། ཞེས་པ་དེ་ལྟར་ཀ་རྡོ་རྗེའི་རྒྱུད་ལྟ་བུ་ལ་དབྱངས་སུམ་བཅུས་བསྒྱུར་བས་ཀ་ཀི་ཀྲི་ཀུ་ཀླྀ་ཞེས་པ་ལྟ་བུ་རིང་ཐུང་སུམ་བཅུར་འགྱུར་བས་དབྱངས་དང་གསལ་བྱེད་ལྷན་ཅིག་པ་དགུ་བརྒྱ་སོ་སོར་ཕྱེ་ན་སྟོང་བརྒྱད་བརྒྱ་ཡིན་པས་ན། སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད་ཅེས་སྨོས་པ་ཡིན་ནོ། །དེ་ནི་དུས་སྦྱོར་གཅིག་གི་རླུང་གི་གྲངས་དང་མཉམ་པས་དུས་སྦྱོར་བཅུ་གཉིས་ལ་ཡོད་པའི་ཡི་གེའི་གྲངས་དང་རྒྱུད་ཀྱི་ཡན་ལག་མཉམ་པས་ན། ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་པ་སྟེ། །ཞེས་བསྟན་པ་ཡིན་ནོ། །འདི་ནི་ཞག་གཅིག་གི་རླུང་གི་གྲངས་ལ་འབྱུང་བ་དང་ལོ་གཅིག་གི་ཆུ་ཚོད་ལ་འབྱུང་བའི་དབྱངས་དང་གསལ་བྱེད་ཀྱང་ཡིན་ནོ། །དེ་ལ་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཐིག་ལེ་ཚེག་དྲག་གྲི་གུག་གསུམ་གྱི་རང་བཞིན་གྱི་རིང་ཐུང་གསུམ་དུ་འགྲོ་བར་ལོ་གསུམ་གྱི་ཡི་གེ་སྔར་བསྟན་པའི་རྒྱུད་ཀྱི་གྲངས་སུ་འགྱུར་རོ། །གཞན་ཡང་ཞག་གྲངས་ལ་སྦྱར་བ་ནི་གསལ་བྱེད་སུམ་བཅུ་དབྱངས་དྲུག་བསྒྱུར། །སུམ་བརྒྱ་དྲུག་བཅུ་རྩ་བའི་དབྱངས། །ཞེས་པ་ཀ་སྡེ་ལྔ་པོ་ལ་དབྱངས་དྲུག་གིས་བསྒྱུར་བས་སུམ་བཅུ་སྟེ་དེ་བཞིན་དུ་ཙ་ཊ་ཏ་པ་སྭའི་སྡེ་ཚན་རྣམས་ལ་བསྒྱུར་བས་ལོ་གཅིག་གི་ཞག་ལ་འཆར་བའི་དབྱངས་རྣམས་ཏེ་སྔར་སྨོས་པའི་ཉིན་མཚན་དབྱངས་ཀྱང་དྲུག་བཅུ་སྟེ། རྒྱུ་མཚན་དེས་ན་དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། ལོ་གཅིག་ཆུ་ཚོད་དབྱངས་མཐུན་ཕྱིར། །གསལ་བྱེད་དེ་དང་མཚུངས་པ་ཡིན། །ཞེས་སྨོས་ཏེ་སྔར་བསྟན་པ་ལ་དབྱེ་བ་བྱས་པ་ཡིན་ནོ། །ཞིབ་ཏུ་དབྱངས་འཆར་ནང་དུ་ལྟོས་ཞེས་པ་ནི་དུས་ཀྱི་འཁོར་ལོའི་ནང་ནས་འབྱུང་བ་དང་ཁོ་བོས་ཀྱང་རྩིས་བསྡུས་པར་བྱས་པས་དེར་ལྟོས་གཅིག་པའོ། །དེ་ལྟར་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་རྣམ་དབྱེ་བསྡུས་པར་བསྟན་པ་ཡིན་ཏེ་རྒྱ་ཆེར་ནི་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཉིད་རྒྱུད་ཐམས་ཅད་ཀྱི་ལྷ་དང་སྦྱར་བ་ནི་ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་རྩ་ཁམས་ལ་སྦྱར་བ་གཉིས་ལས་དང་པོ་ལ་ཡང་དུས་འཁོར་དང་སྡོམས་པ་ཆེ་ཆུང་དང་སྒྱུ་འཕྲུལ་དྲ་བ་དང་གསང་བ་འདུས་པ་དང་རྒྱུད་གཞན་ལ་སྦྱར་བ་དང་རྣམ་པ་ལྔ་ལས། དང་པོ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སྟེ། སྔར་གསུངས་པའི་རྒྱུད་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྣམས་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་ལ་སྦྱར་ནས་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་གཉིས་མེད་རྒྱུད། །དེ་དག་གཙོ་བོ་ཅུང་ཟད་བརྗོད། །ཞེས་འཚམས་སྦྱར་ནས་ལོ་གསུམ་ཟླ་ཕྱེད་གསུམ་གྱི་ལོ་གསུམ་གྱི་ཆ་ལ་དུས་ཀྱི་འཁོར་ལོ་དང་རྣལ་འབྱོར་མའི་རྒྱུད་དང་ཟླ་བ་ཕྱེད་དང་གཉིས་པོའི་ཞག་ལ་ཕ་རྒྱུད་ཀྱི་ལྷ་རྣམས་སྟོན་པས་དེའི་ཕྱིར་ལོ་གསུམ་ཞག་ལ་བདུན་གྱིས་བགོས་པས་བརྒྱ་དང་ལྔ་བཅུང་བཞིར་འགྲོ་སྟེ་དུས་འཁོར་ཉུང་ངུའི་ལྷ་གྲངས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་བརྒྱ་ལྔ་བཅུ་ང་བཞི་ཡིན་ནོ། བགོས་པས་ཐོབ་པའི་ཤུལ་དུ་ལྷག་མ་གཉིས་ལུས་པ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་གསུངས་སོ། །འཁོར་ལོ་སྡོམ་པ་ཆེ་ཆུང་ནི། ལོ་གསུམ་གྱི་ཞག་ལ་ཟླ་བའི་ཆ་བཅོ་ལྔའི་རྣམ་དག་གིས་འབྱུང་སྟེ། དེས་ན་ཟླ་བ་ཆ་ནི་བཅོ་ལྔ་སྟེ། དེས་ཕྱེ་བདུན་བཅུ་རྩ་གཉིས་སྟེ། །བདག་པོ་འཁྲིགས་བཅས་རྣལ་འབྱོར་མའི། །ངེས་བརྗོད་རྒྱུད་ཀྱི་ལྷ་རུ་བཤད། །བསྡུས་ན་དཔའ་མོ་སུམ་བཅུ་བདུན། །ཐབས་གཅིག་དང་བཅས་ལུས་ལ་གནས། ཞེས་སྨོས་པ་ཡེ་ཤེས་ཀྱི་རླུང་ལོ་གསུམ་པོ་ལ་བཅོ་ལྔས་བགོས་པས་བདུན་བཅུ་དོན་གཉིས་སུ་འགྱུར་བ་བདག་པོ་འཁྲིག་པ་དང་ལྷན་ཅིག་པའི་དཀྱིལ་འཁོར་གྱི་ལྷ་མོ་བདུན་བཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ནི་བདེ་མཆོག་ངེས་པར་བརྗོད་པ་འབུམ་པའི་ལྷ་ཡིན་ལ། རྩ་རྒྱུད་བསྡུས་པའི་དཔའ་མོ་སུམ་བཅུ་སོ་བདུན་ཐབས་དང་བཅས་པ་ཡིན་ནོ། །ཐབས་རྣམས་གཅིག་ཏུ་འཆད་པའི་རྒྱུ་མཚན་ཡང་ཀུན་སྤྱོད་ལས། ཐོད་པའི་དུམ་སོགས་འཁོར་ལོ་གནས། །ཉི་ཤུ་རྩ་བཞི་གཉིས་མེད་པས། །སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །དཔའ་བོ་ཉིད་དུ་བརྗོད་པ་ཡིན། །ཞེས་གསུངས་སོ། །ཐབས་ཀྱི་རྒྱུད་ཀྱི་ལྷ་ཡེ་ཤེས་ཀྱི་རླུང་ལས་ཇི་ལྟར་འགྲུབ་པ་ལས་སྒྱུ་འཕྲུལ་དྲ་བ་བཤད་པ་ནི་ཚིགས་བཅད་གཉིས་སྟེ་ཟླ་བ་ཕྱེད་པ་གསུམ་གྱི་ཞག་དེ་དག་ནི་ཁྱད་པར་དུ་ཐབས་ཀྱི་ལྷ་ཡིན་པས། དུས་སྦྱོར་རྒྱུ་བ་གཅིག་གཉིས་ཀྱིས་ཞག་བཞི་བཅུ་ཞེ་ལྔ་པོ་དེ་བསྒྱུར་ན་སྤྱིར་གྲངས་ལྔ་བརྒྱ་བཞི་བཅུ་འབྱུང་སྟེ་དེ་ལ་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ནི་ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དང་། ཞེ་ལྔ་དང་། ཞེ་གསུམ་གྱི་དཀྱིལ་འཁོར་རྣམས་གྲངས་སུ་བྱས་པས་ཉིས་བརྒྱ་བདུན་བཅུ་རྩ་བཞི་ཡིན་ནོ། གསང་བ་འདུས་པའི་ལྷ་རྣམས་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། དཔལ་ལྡན་འདུས་པའི་དཀྱིལ་འཁོར་གྱི་རྣམ་གྲངས་དྲུག་སྟེ་དབུས་ཀྱི་ལྷ་དགུའི་དཀྱིལ་འཁོར་དང་ལྷ་བཅུ་གསུམ་པ་དང་ལྷ་བཅུ་དགུའི་དཀྱིལ་འཁོར་དང་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དང་། ལྷ་སུམ་བཅུ་སོ་གཉིས་མ་དང་སུམ་བཅུ་སོ་བཞིའི་དཀྱིལ་འཁོར་རྣམས་འབྱུང་སྟེ། །ཐབས་དང་ཤེས་རབ་དབྱེ་བ་ཡིས། །ཉིས་བརྒྱ་དྲུག་བཅུ་རྩ་བཞིའོ། །དེ་ལྟར་སྒྱུ་འཕྲུལ་དྲ་བ་དང་གསང་བ་འདུས་པའི་ཡང་དཀྱིལ་འཁོར་གྱི་རྣམ་གྲངས་ཐམས་ཅད་བསྡུས་པ་ཡིན་ཏེ། ཐབས་ཀྱི་ཡེ་ཤེས་ཀྱི་རླུང་དང་རྣལ་འབྱོར་མ་རྒྱུད་རྣམས་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རླུང་ཡིན་པས། ཐབས་ཤེས་རབ་དང་བཅས་རྣམ་གྲངས་སོ། །ཞེས་བསྟན་པ་ཡིན་ནོ། །རྒྱུད་གཞན་ལ་སྦྱར་བ་ནི་ཚིག་བཅད་གཉིས་དང་རྐང་པ་གཅིག་སྟེ། དེ་ལ་རྒྱུད་གཞན་རྡོ་རྗེ་ཐོད་པ་དང་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་དགྱེས་པའི་རྡོ་རྗེ་ལ་སོགས་པ་མ་རྒྱུད་ཀྱི་དཀྱིལ་འཁོར་དེ་རྣམས་འཁོར་ལོ་སྡོམ་པའི་རང་བཞིན་ལོ་གསུམ་གྱི་ཡེ་ཤེས་ཀྱི་རླུང་གི་ནང་དུ་འདུས་པར་གསུངས་ཤིང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རྣམས་དང་རྟ་མགྲིན་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱང་གསང་བ་འདུས་པར་བསྡུ་ལ་ཆོས་དབྱིངས་ངག་དབང་གི་དཀྱིལ་འཁོར་དང་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་ཡིན་པས་དེ་ལྟར་ཕ་རྒྱུད་དང་མ་རྒྱུད་ཀྱི་དཀྱིལ་འཁོར་དེ་དག་གི་ཡན་ལག་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱང་འདུ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་རྣམས་ཀྱི་ལྷ་རྣམས་དེའི་ཡང་ཡན་ལག་ཏུ་འགྱུར་བ་ཡིན་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གི་རྣམ་གྲངས་ལས་འཕྲོས་པའི་ཆར་བྱང་ཆུབ་སེམས་དཔའི་འགྲེལ་པར་གསུངས་སོ། །དེས་ནི་ཡེ་ཤེས་ཀྱི་རླུང་ལ་ལྷ་ཐམས་ཅད་སྦྱར་བ་བཤད་ཟིན་ཏོ། །རྩ་ཁམས་ལ་སྦྱར་བ་ཡང་སྔ་མའི་རིམ་པས་འཆད་པ་ལས་དུས་ཀྱི་འཁོར་ལོའི་སྦྱར་བཤད་ནི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ་ཇི་ལྟར་ཡེ་ཤེས་ཀྱི་རླུང་གི་རྣམ་པར་དབྱེ་བ་ལྟར་རྩ་ཡང་དེ་བཞིན་དུ་གསུངས་པ་ནི། སྙིང་གར་སྲོག་གི་རྩ་ཨ་བ་དྷུ་ཏི་དང་རླུང་ནི་དུས་ཀྱི་འཁོར་ལོའོ། །རོ་རྐྱང་གཉིས་ནི་ཞབས་ཀྱི་རང་བཞིན་སྟེ། འཁོར་ལོའི་དབུས་ཀྱི་རིགས་དྲུག་ནི་སངས་རྒྱས་དྲུག་དང་དེའི་སྙིང་གའི་རྩར་དུ་བ་མ་ལ་སོགས་པའི་ལྷ་མོ་རྣམས་དང་། ཡེ་ཤེས་ཀྱི་སྣང་བ་ནི་ཕྱག་རྒྱ་ཆེན་མོ་ཡིན་པས། །སྙིང་ཁར་སངས་རྒྱས་ལྷ་མོ་བརྒྱད། །ཡེ་ཤེས་སྣ་ཚོགས་ཡུམ་དུ་བཤད། །ཅེས་སྡེབ་སྦྱོར་གྱི་དབང་གིས་སྨོས་སོ། །བུམ་པ་བརྒྱད་ནི་ནང་དུ་གཤང་གཅི་ཤ་དང་རྐང་ཁུ་ཁྲག་རྣམས་ཡིན་ཏེ་གཙུག་ཏོར་གྱི་རྩ་བཞི་ནི་ནོར་བུ་གྷཎྜྻི་དཔག་བསམ་ཤིང་དང་དུང་གི་རང་བཞིན་ནོ། །ངོ་བོའི་དབྱེ་བས་ཕུང་པོ་དྲུག་དང་ཁམས་དྲུག་ནི་སངས་རྒྱས་ཡུམ་དང་བཅས་པ་རྣམས་སོ། །མིག་ལ་སོགས་པ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་ནི། བྱང་ཆུབ་སེམས་དཔའ་ལྷ་མོར་བཅས་པའོ། །རྐང་པ་ལ་སོགས་པ་ལས་ཀྱི་དབང་པོ་རྣམས་དང་དེའི་ལས་དང་བཅས་པ་རྣམས་ནི་ཁྲོ་བོ་བཅུའོ། །ལྟེ་བའི་རྩ་བདུན་བཅུ་དོན་གཉིས་པོ་ནི་འཇིགས་མ་ལ་སོགས་པའི་རྣལ་འབྱོར་མ་བདུན་བཅུ་དོན་གཉིས་གསུང་གི་དཀྱིལ་འཁོར་གྱི་རང་བཞིན་ནོ། །ཚིགས་ཆེན་བཅུ་གཉིས་ཀྱི་རྩའི་འཁོར་ལོ་རྩ་སུམ་བརྒྱ་དྲུག་བཅུ་ནི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་བཞིན་དུ་གནས་སོ། །སོར་ཚིགས་ཀྱི་རྩ་རྣམས་ནི་ཀླུ་རྣམས་དང་གཏུམ་མོ་རྣམས་སོ། །བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུ་རྣམས་ནི་འབྱུང་པོའི་རང་བཞིན་ནོ། །འདོད་པའི་རྟོག་པ་སུམ་བཅུ་སོ་དྲུག་མི་འདོད་པའི་རྟོག་པ་སུམ་བཅུ་སོ་དྲུག་ཀུན་གསུང་དང་སྐུའི་དཀྱིལ་འཁོར་གྱི་མཆོད་པའི་ལྷ་མོ་རྣམས་ཡིན་པས་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་རྩ་ཁམས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཕན་ཚུན་རྒྱས་གདབ་དང་བཅས་པས་དབྱེ་བས་སྟོང་བརྒྱད་བཅུའི་དཀྱིལ་འཁོར་དུ་འགྱུར་རོ། །དཔལ་འཁོར་ལོ་སྡོམ་པ་བཤད་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ནི་ཞེས་པ་ནས་ཚིགས་བཅད་ཕྱེད་དང་གསུམ་སྟེ། རྩ་གསུམ་བདུད་བྲལ་དང་བཅས་པ་ནི་གཙོ་བོ་ཡབ་ཡུམ་དང་སྔར་བསྟན་པ་བཞིན་སྙིང་གར་ཡུམ་བཞི་མཆོད་པ་བཞི་ཡིན་ལ་རྩ་ཆེན་ཉེར་བཞི་ནི་རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་ཡིན་ཅིང་དེའི་ནང་ནས་འབབ་པའི་ཁམས་ཉི་ཤུ་རྩ་བཞི་ནི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོར་གསུངས་སོ། །དབང་པོའི་སྒོ་རྣམས་ནི་ཁ་གདོང་མ་ལ་སོགས་པ་ཁྲོ་བོ་བཅུའི་རང་བཞིན་རྣམས་ཏེ་སྡོམ་པ་ཆུང་བའི་ལྷ་གྲངས་ཡིན་ནོ། །རྩ་ཉི་ཤུ་རྩ་བཞི་པོ་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་ཕྱིར་རྩ་བདུན་བཅུ་རྩ་གཉིས་ནི་ལྷ་བདུན་བཅུ་རྩ་གཉིས་ཀྱི་རང་བཞིན་ཡིན་ནོ། །དེ་བས་ཆེས་ཤིན་ཏུ་རྒྱས་པར་ནི་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ་རུ་རིགས་བསྡུས་པའི་དཀྱིལ་འཁོར་ངེས་པར་བརྗོད་པ་རྒྱུད་བླ་མ་དང་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དུ་གསུངས་སོ་དེ་དག་གི་ལྷའི་གྲངས་ལ་སོགས་པ་རྣམས་ནི་ཤིན་ཏུ་མང་བའི་ཕྱིར་འདིར་མ་བྲིས་སོ། །དཔལ་གསང་བ་འདུས་པ་བཤད་པ་ནི། །དཔལ་ལྡན་འདུས་པ་བཤད་པར་བྱ། །ཞེས་པ་ནས་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། དེ་ཡང་འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་ལྔ་ཡིན་ཏེ། ས་ལ་སོགས་པའི་ཁམས་བཞི་པོ་དང་རེག་བྱ་དང་བཅས་པས་ཡུམ་ལྷ་མོ་ལྔའོ། །མིག་གཉིས་སའི་སྙིང་པོའོ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ་ལྕེ་ལ་བཞུགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །དེ་དག་གི་རོ་མཉམ་ཡང་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་དྲི་རྡོ་རྗེ་མ་རོ་རྡོ་རྗེ་མའོ། །ཡིད་ཀྱི་ཁམས་ནི་འཇམ་དཔལ་ལོ། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ལུས་ཀྱི་ཁམས་ལ་ཀུན་ཏུ་བཟང་པོ་རྩ་རྒྱུད་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་དག་གི་རོ་མཉམ་ཡང་ཉེ་བའི་གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཞི་ཡིན་ནོ། །ཞེས་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་བྱུང་ངོ་། །ཡན་ལག་གི་ཚིགས་བརྒྱད་དང་། ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཏེ། ལྷ་སུམ་བཅུ་སོ་བཞིའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ལས་འཁོར་ལོའི་རྩ་ཐམས་ཅད་ལ། རིགས་བསྡུས་པ་ཡང་ལྟེ་བ་སའི་དཀྱིལ་འཁོར་དུ་དེའི་འཁོར་ལས་ཀྱི་རིགས་ལས་སྐྱེས་པ་མཁྱེན་པ་དང་གཏུམ་མོ་ལ་སོགས་པའི་ལྷ་མོའི་དཀྱིལ་འཁོར་དྲུག་བཅུ་རྩ་བཞི་གསུངས་པ་ཡིན་ནོ། །སྙིང་ག་ཆུའི་ཁམས་སུ་རྡོ་རྗེའི་དབྱིངས་ལ་སོགས་པའི་ལྷ་མོ་དགུ་རྡོ་རྗེའི་རིགས་སུ་གསུངས་སོ། །མགྲིན་པ་མེའི་ཁམས་སུ་པད་མའི་སྒྲོན་མ་ལ་སོགས་པ་ལྷ་མོ་བཅུ་དྲུག་པད་མའི་རིགས་ཀྱི་རང་བཞིན་དུ་གསུངས་ཤིང་སྤྱི་བོ་རླུང་གི་ཁམས་སུ་རབ་ཏུ་སད་མ་ལ་སོགས་པ་འཁོར་ལོའི་རིགས་ལྡན་སུམ་བཅུ་རྩ་གཉིས་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་རྡོ་རྗེ་འཕྲེང་བ་ལས་གསུངས་ཏེ་ཐམས་ཅད་རྩ་དང་ཁམས་ཀྱི་རང་བཞིན་ཡིན་ནོ། །དཀྱིལ་འཁོར་གཞན་ལ་སྦྱར་བ་ནི། དེ་སོགས་དཀྱིལ་འཁོར་དུ་མ་རྣམས། །རྐྱང་པ་ཕྱོགས་རེ་ཆ་ལྡན་པ། །གསུངས་པ་ཐམས་ཅད་འདིར་འདུས་ཏེ། །དཔེར་ན་དགྱེས་རྡོར་ལྷ་དགུ་ནི། །སྙིང་གའི་འཁོར་ལོ་རྐྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། ཞེས་བྱ་བའི་དོན་སྔར་དཔའ་བོ་གཅིག་པ་ནས་མཐའ་ཡས་པའི་བར་དུ་སྦྱར་བ་བཞིན་དང་ཡང་འཇམ་དཔལ་དང་གཤིན་རྗེ་གཤེད་ལ་སོགས་པ་སྐུའི་དཀྱིལ་འཁོར་ཐམས་ཅད་སྤྱི་བོ་ནས་འབྱུང་བ་དང་འགྲིན་པ་ནས་འོད་དཔག་དུ་མེད་པ་དང་རྟ་མཆོག་ལ་སོགས་པ་གསུང་གི་དཀྱིལ་འཁོར་འབྱུང་བ་དང་། སྙིང་ག་ནས་མི་བསྐྱོད་པ་དང་ཡང་དག་ལ་སོགས་པ་ཐུགས་ཀྱི་དཀྱིལ་འཁོར་རྣམས་འབྱུང་བ་དང་ལྟེ་བ་ནས་རིན་ཆེན་འབྱུང་ལྡན་དང་བདུད་རྩིའི་རིགས་ཀྱི་དཀྱིལ་འཁོར་རྣམས་འབྱུང་བ་དང་གསང་གནས་ནས་དོན་ཡོད་གྲུབ་པ་དང་འཕྲིན་ལས་ཕུར་བུའི་དཀྱིལ་འཁོར་རྣམས་འབྱུང་བ་དང་ཡན་ལག་ཉིང་ལག་དང་སྒལ་ཚིགས་རྣམས་ནས་མ་མོའི་དཀྱིལ་འཁོར་རྣམས་འབྱུང་བ་དང་དེའི་ཡན་ལག་ཏུ་འཇིག་རྟེན་པ་དང་དྲག་སྔགས་ལ་སོགས་པ་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཏུ་རྒྱུད་དང་གདམ་ངག་རྣམས་ནས་མང་དུ་གསུངས་སོ། །འདི་རྣམས་ཀྱི་ལུང་དུ་མ་ཡོད་མོད་ཀྱི་སྤྲོས་པ་མངས་བར་འགྱུར་བའི་ཕྱིར་མ་བཤད་དོ། །འཇུག་བསྡུ་བ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ་མདོར་བསྡུས་ན་སྔར་གོང་དུ་གསུངས་པའི་རྩ་ཐམས་ཅད་ནི་སྐུའི་རང་བཞིན་སྟེ་བསྐྱེད་རིམས་ཡིན་ནོ། །རླུང་རྣམས་ནི་སྔགས་དང་ཡི་གེའི་རང་བཞིན་ཡིན་ཏེ་བཟླས་པའོ། །ཐིག་ལེ་ཐམས་ཅད་ནི་ཕྲ་མོའི་རྫོགས་པའི་རིམ་པའོ། །དེ་བཞིན་སྦྱིན་སྲེག་ལས་རྣམས་ཀུན། ནང་གི་སྦྱང་ཞི་སྦྱོང་བྱེད་ཡིན། །ཞེས་པ་ནི་སྔར་གོང་དུ་སྨོས་པ་བཞིན་དུ་ཡིན་པས་འདིར་ལས་རྒྱལ་པོ་མཆོག་བསྟན་པའི་ཕྱིར་ཕྱོགས་ཙམ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པའི་ཡེ་ཤེས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་དུ་ས་བཅུ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་གཟུངས་བཅུ་གཉིས་དང་ཏིང་ངེ་འཛིན་ལ་སོགས་པ་ལམ་དང་འབྲས་བུ་རབ་འབྱམས་ཐམས་ཅད་ལྷ་དང་སྔགས་ཀྱི་རིམ་པར་ལུས་སེམས་ནང་གི་དབྱེ་བ་ལ་བརྟེན་ནས་ཐམས་ཅད་ཀྱི་དོན་གཟིགས་པས་སངས་རྒྱས་ཀྱིས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བྱིས་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟོགས་པར་དཀའ་བ་གསུངས་པའོ།། །།དེ་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་གནས་སྐབས་བཞི་དང་ཕྱིའི་འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་ནང་དུ་སྦྱར་བ་དང་བཅས་པ་ནི་ཤེས་པར་བྱ་བའི་གཞི་ཡིན་ཅིང་དེ་ལ་ཀུན་བརྟགས་པའི་ལྷ་རྣམས་བསྒོམ་པའི་དོན་དང་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེན་པ་གཉིས་ཀྱི་གནས་ལུགས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་དང་རྩ་རླུང་ཐིག་ལེ་རྣམ་པར་རྟོགས་པ་དང་བཞི་ཡེ་ཤེས་སུ་དག་པའི་ཆོས་ཐམས་ཅད་ཀྱི་ཚུལ་སྦྱར་བཤད་ཀྱིས་ནི་འཆིང་བར་བྱེད་པའི་ཐབས་བརྗོད་ནས། དེ་ལ་བརྟེན་པའི་ལམ་ཇི་ལྟར་བསྒྲོད་པའི་རིམ་པ་བཤད་པ་ལས་བཅུ་པ་ལམ་གྱི་རིམ་པ་སྦྱར་བཤད་བསྟན་དགོས་པས་འདི་ལ་གསུམ་སྟེ་མདོར་བསྟན་པ་དང་རྒྱས་པར་བཤད་པ་དང་འཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། དེ་ཕྱིར་འདི་དོན་གནད་འཆིང་བ། །ལམ་རིམ་ཀུན་ལས་ཁྱད་པར་འཕགས། །ཞེས་བྱ་བ་སྨོས་ཏེ་སྤྱིར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་ཉིད་ལ་ཐབས་ཆེན་པོ་ཡིས་ཟིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྟེ། དེ་ལ་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ནི་རྟེན་འདོད་པའི་ཁམས་རྩ་རླུང་བྱང་ཆུབ་སེམས་ཀྱིས་བསྡུས་པའི་ལུས་འདི་ཐབས་མཁས་པས་ལྕགས་ལས་གསེར་དུ་བསྒྱུར་བ་ལྟར་གནད་འཆིང་བར་བྱེད་པ་འདི་ནི་ལམ་གྱི་རིམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། སྙིགས་མ་ཡི་ནི་དུས་འདི་རུ། །མི་འགྲུབ་སྙམ་དུ་ཁྱོད་སེམས་ན། །ཕྱག་རྒྱའི་དཀྱིལ་འཁོར་བཟླས་པ་ཡིས། །སངས་རྒྱས་གྲངས་མེད་ཉིད་གཞན་དུ། །བཀྲེས་དང་སྐོམ་པས་ཉམས་པས་ན། །བདེ་བར་འགྲུབ་པར་མི་འགྱུར་རོ། །འབད་དེ་འདོད་བྱ་དམིགས་ན་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། །ཅི་འདོད་པར་ནི་ཡོངས་སུ་འཐོབ། །རིང་ནས་ཐོས་དང་མིག་གཉིས་ཀྱིས། །རྣལ་འབྱོར་པ་ཡིས་མོད་ལ་མཐོང་། ཞེས་བྱ་བ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་། སྔོན་དུ་འཚམས་མེད་པ་བྱེད་པ་དག་ཀྱང་སྐྱེ་བ་འདི་ཉིད་ལ་བདེ་བ་ཆེན་པོའི་འབྲས་བུ་སྟེར་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་ཐབས་མཁས་པའི་ལམ་འདི་ནི་རྨད་དུ་བྱུང་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་སྟེ་ཐུན་མོང་གི་ལམ་དང་ཐུན་མོང་མ་ཡིན་པའི་ལམ་མོ། །དང་པོ་ལ་ཉན་ཐོས་ཀྱི་ལམ་དང་རང་སངས་རྒྱས་ཀྱི་ལམ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་དང་གསུམ་ལས། དང་པོ་ནི་ཚིགས་སུ་བཅད་པ་གཅིག་སྟེ་དེ་ཡང་འཕགས་པའི་བདེན་པ་བཞི་ལ་བརྟེན་ནས་སྡུག་བསྔལ་དང་ཀུན་འབྱུང་སྤངས་ཤིང་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་སོ་བདུན་ལ་བརྟེན་ནས། འགོག་པ་མངོན་སུམ་དུ་བྱེད་པ་འཕགས་པ་ཉན་ཐོས་ཡིན་པས་དེའི་ངོ་བོ་ནི་གང་ཟག་བདག་མེད་ཞི་བ་ཙམ་སྟེ་དེ་དུས་ཇི་ལྟ་བུས་ཐོབ་ཞེ་ན་མྱུར་བ་སྲིད་པ་ལན་གསུམ་སྟེ་ཞེས་བྱ་བ་ནི་མི་ཚེ་གཅིག་གིས་ཚོགས་སྦྱོར་བསྒྲོད་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་དེའི་ཕྱི་མ་ལ་ལན་གཅིག་ཕྱིར་འོང་བ་དང་ཕྱིར་འོང་པ་དག་གི་འབྲས་བུ་ཐོབ་ནས་གསུམ་པ་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པ་དང་ཤིན་ཏུ་མྱུར་བ་ནི་ཚེ་གཅིག་ནས་ཀྱང་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་དུ་མངོན་སུམ་དུ་བྱེད་ལ་ཤིན་ཏུ་འགོར་ན་ཡང་ལྷ་དང་མིའི་སྐྱེ་བ་ལན་བདུན་གྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དེ་དེ་ནི་ཤིན་ཏུ་འགོར་ཡང་སྲིད་པ་ལན་བདུན་པའོ་ཞེས་མདོ་ལས་གསུངས་པས་རྒྱུན་ཞུགས་འགོར་ཀྱང་ལན་བདུན་ཡིན་ཞེས་སྨོས་སོ། །དེས་ནི་རང་ཉིད་ཁམས་གསུམ་པའི་སྡུག་བསྔལ་ཐམས་ཅད་ཞི་བ་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ལུས་ཐོབ་པའི་ཕྱིར་རང་དོན་ཞི་བ་ཙམ་མངོན་སུམ་དུ་བྱས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་བཤད་པ་ནི། རང་རྒྱལ་སྐལ་པ་ཉི་ཤུ་ནས། །བསེ་རུ་སྐལ་པ་བརྒྱ་ཡིས་འགྲུབ། །ཞེས་སྨོས་ཏེ་གང་ཟག་དབང་པོ་འབྲིང་པོ་དག་ནི་རང་ཉིད་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ལ་ཞར་ལ་སྐལ་པ་འགའ་ཡར་དུ་སེམས་ཅན་གྱི་དོན་བྱ་སྟེ་དེའི་འོག་ཏུ་ཞི་བ་མངོན་སུམ་དུ་བྱའོ་སྙམ་དུ་སེམས་བསྐྱེད་ནས་སྔ་མ་ཉན་ཐོས་ཀྱི་ལམ་དེའི་སྟེང་དུ་ཆོས་ཀྱི་གཟུང་དོན་དུ་སྣང་བ་སེམས་ཀྱི་ཆོས་འཕྲུལ་དུ་ཤེས་ཤིང་རྣམ་པར་སྦྱངས་ནས་ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་དེ། དེའི་ཆ་གཅིག་བྱང་ཆུབ་སེམས་དཔའ་དང་མཐུན་པར་སྦྱངས་པས་ཐ་མ་སློབ་དཔོན་མི་དགོས་པར་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་དེ་དེ་ཡང་ཚོགས་ན་སྤྱོད་པ་ཆུང་ངུ་ནི་སྐལ་པ་ཉི་ཤུ་ཙམ་དང་ཚོགས་སྤྱོད་ཆེན་པོ་སྐལ་པ་ལྔ་བཅུ་ཙམ་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་བརྒྱས་འགྲུབ་སྟེ་དེ་ནི་རང་སངས་རྒྱས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བྱང་ཆུབ་སེམས་དཔའ་བྱམས་པས་གསུངས་པ་དང་། བསེ་རུ་སྐལ་པ་བརྒྱ་ཡི་རྒྱུས། །ཞེས་མཛོད་ལས་ཀྱང་བྱུང་ངོ་། །དེ་ནི་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཐོབ་པའི་ཚུལ་ལོ། །ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལམ་བཤད་པ་ནི། སེམས་ཅན་ཐམས་ཅད་ཕན་བྱེད་པ། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཞེས་སྨོས་ཏེ་ཐོག་མར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྲིད་ཞི་གཉིས་ཀྱི་མཐའ་དང་བྲལ་བར་ལམ་ཐམས་ཅད་ལ་མཁས་པར་བྱེད་པ་དང་། སྐྱོ་བ་མེད་པའི་ཚུལ་གྱིས་བསྐལ་པ་གྲངས་མེད་པར་སྤྱོད་ཅིང་ས་དང་པོ་མངོན་སུམ་དུ་བྱས་ནས། དོན་དམ་པའི་སེམས་བསྐྱེད་པ་ལ་ཞུགས་ཏེ་འཁོར་བ་ཇི་སྲིད་དུ་འཇུག་པའི་སྙིང་རྗེ་ཆེན་པོ་དང་ལྷན་ཅིག་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་མངོན་སུམ་དུ་ཐོབ་པར་བྱ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བས་བསྐལ་པ་གྲངས་མེད་པར་མི་སྐྱོ་བར་སྤྱོད་པས་ས་བདུན་པ་ཐོབ་ཅིང་། དེའི་འོག་ཏུ་གཟུངས་དང་ཏིང་ངེ་འཛིན་དང་སོ་སོ་ཡང་དག་པར་རིག་པ་ཡེ་ཤེས་ཀྱི་རྣམ་པར་རོལ་པ་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཡང་བསྐལ་པ་གྲངས་མེད་པར་སྦྱོང་བར་བྱེད་དོ་ཞེས་གསུངས་པས་འདི་ལྟ་བུའི་རྣམ་པར་གྲོལ་བ་ནི། གྲངས་མེད་གསུམ་གྱིས་འཐོབ་པར་ཐེག་པ་ཐུན་མོང་དུ་བསྟན་ཏོ། །དེ་ཡང་འདུལ་བ་ལུང་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པའོ། །ཞེས་མང་དུ་གསུངས་ཏེ་དོན་དམ་པར་སེམས་ཅན་རྣམས་ཀྱི་དོན་དུ་བརྩེ་བས་གྲངས་མེད་པར་བཞུགས་པར་ཟད་ཀྱི་རང་གི་དོན་འགྲུབ་པ་ལ་དེ་ལྟ་མ་ཡིན་ནོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐུན་མོང་གི་ལམ་བཤད་ནས། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ནི་གཉིས་སྟེ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། ལམ་དངོས་སོ། །དང་པོ་ནི་ཚིག་རྐང་བདུན་སྟེ། དེ་ཡང་ལམ་གྱི་དངོས་གཞི་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་མཚུངས་ལ། ཐབས་མཁས་པའི་མཐུ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པ་མྱུར་བར་གསུངས་ཏེ། སི་ཏི་ཀ་ར་ལས། དོན་ག ཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བྱུང་བས། འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱིས་ཐབས་མཁས་ཙམ། །ལྡན་ཀྱང་མི་ཚེ་དྲུག་བཅུ་སྟེ། །ཞེས་སྨོས་པ། བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ལྷ་དང་གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་ཀྱིས་རང་གི་དོན་དང་གཞན་གྱི་དོན་ཡོངས་སུ་སྒྲུབ་པར་བྱེད་པའི་ཐབས་མཁས་པས་ཟིན་ན་མི་ཚེ་དྲུག་བཅུ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པའི་ལོ་དྲུག་སྟོང་སྟེ་དེ་ཙམ་གྱིས་རྡོ་རྗེ་འཛིན་པའི་ས་འཐོབ་བོ་ཞེས་གསུངས་པའི་དོན་ཡིན་ནོ། །དེ་བས་ཀྱང་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཐབས་མཁས་པས་ཟིན་ན་མྱུར་བ་ཉིད་དུ་ལོངས་སྤྱོད་རྫོགས་པའི་འབྲས་བུ་འཐོབ་པ་སྟེ། ལོ་སྟོང་དྲུག་བརྒྱས་མ་ཆགས་པད་མ་ཅན་དུ་གནས་པར་འགྱུར་ཞེས་ལུང་ལས་གསུངས་པའི་ཕྱིར། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །ཞེས་བསྟན་ཏོ། རྡོ་རྗེའི་ཐེག་པ་བླ་ན་མེད་པ་ཉིད་ཀྱི་ཐབས་མཁས་པས་ཟིན་ན་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཡེ་ཤེས་ཀྱི་གནས་ལུགས་སུ་དག་པས། །བླ་ན་མེད་པ་ཚེ་གཅིག་གིས། །བརྩོན་ལྡན་ངེས་པར་འགྲུབ་པར་འགྱུར། །ཞེས་བྱས་སྟེ། འདི་ནི་ངེས་པ་ཁོ་ནའོ། །སྔགས་ལ་ཞུགས་པ་འགའ་ཞིག་ཕ་རོལ་ཏུ་ཕྱིན་པ་དང་ལམ་མི་མཐུན་ནོ་སྙམ་ན་དེ་ནི་ལོག་པར་རྟོག་པ་སྟེ། གཞི་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་མེད་པར་འདིར་སངས་རྒྱས་སུ་མི་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་མེད་པས་སོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་དང་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་འགྲེལ་པ་ཆེན་པོ་རྣམས་སུ་གསུངས་སོ། །གང་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་ཡོན་ཏན་དེ་དག་ཐོབ་པ་མེད་པར་སེམས་རྣམ་པར་གྲོལ་པའི་ཞི་བ་ཐོབ་ནས་རང་ལ་ཡོན་ཏན་མེད་ཀྱང་གཞན་ལ་སྣང་བར་འགྱུར་རོ་ཞེས་སྟོན་པ་ནི་ཕྱིན་ཅི་ལོག་སྟེ། བདག་ཉིད་ལ་བཟའ་བ་མེད་པར་གཞན་དག་ལ་བཟའ་བ་དཔག་ཏུ་མེད་པའི་ཆར་འབབ་པར་འགྱུར་རོ་ཞེས་བྱ་བ་དང་མཚུངས་སོ། །དོན་མེད་པའི་སྤྲོས་པ་མང་པོ་ཡོད་མོད་ཀྱི་ཆོག་གོ །ལམ་དངོས་ལ་ལྔ་སྟེ། ཚོགས་ལམ་དང་སྦྱོར་ལམ་དང་། མཐོང་ལམ་དང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དང་པོ་ནི། །དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་བསྒྲུབ་ཚོགས་ལམ་སྟེ། །ཞེས་བྱ་བ་ཡང་དག་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དང་མཇལ་ནས། དོན་གོ་བར་བྱེད་པའི་ཆོ་ག་ཕྱིན་ཅི་མ་ལོག་པ་ཐོབ་ཅིང་། བསྐྱེད་རྫོགས་ལེགས་པར་ཤེས་ནས་ཀུན་རྫོབ་དང་དོན་དམ་པ་དང་རྟེན་དང་བརྟེན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ཤིང་། རིག་པ་འཛིན་པའི་སྡོམ་པ་ལ་གནས་པར་བྱས་ནས་མོས་པ་ཚུལ་བཞིན་དུ་བསྒྲུབ་པ་ལ་ཞུགས་པ་དམ་ཚིག་གི་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་པ་བཞིན་དུ་སློབ་པ་ནི་ངེས་པར་ཚོགས་ལམ་ཆེན་པོ་ཡིན་ཏེ། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། རྡོ་རྗེ་ཆོས་འབྱུང་གི་ཁང་པར་ཞུགས་ཤིང་བདུད་རྣམས་འཇུག་པའི་སྒོར་བྱམས་པ་ལ་སོགས་པའི་སྒོ་གླེགས་བཅུག་ནས་དེར་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བསྒྲུབ་པར་བྱེད་ན་ངེས་པར་སྔོན་དུ་འཚམས་མེད་པ་བྱས་པ་ཡང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་གྱི། གཞན་དུ་ན་སྔགས་ཀྱི་ཐེག་པར་ཞུགས་ཤིང་ལས་ངན་པ་བྱེད་པས་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། ཀུན་ཏུ་སྤྱོད་པའི་རྒྱུད་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སྔོན་དཔག་ཏུ་མེད་པར་སྦྱངས་པར་གསུངས་ཏེ། འདི་ནི་མདོར་གསུངས་པའི་ཚོགས་ལམ་ཆེན་པོའི་མཚན་ཉིད་ཀྱང་འདི་ལ་ཡོད་དེ། །སྐལ་པ་དཔག་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་བཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམ་ངག་རྒྱ་ཆེན་སྙེད་པར་འགྱུར། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་མཚན་ཉིད་འདི་ལ་ཡོད་དེ། ཞི་ལྷག་གི་གདམ་ངག་ཕྱིན་ཅི་མ་ལོག་པ་ཐོབ་པའི་ཕྱིར་དང་། སྟོན་པར་བྱེད་མཁན་དེ་སྤྲུལ་སྐུའི་སངས་རྒྱས་ཡིན་པའི་ཕྱིར་དང་། བསྒྲུབ་པ་ལ་རྩེ་གཅིག་ཏུ་ཞུགས་པས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་འབྱུང་བའི་ཕྱིར་རོ། །འདི་ལ་གཞན་དག་མཚན་དཔེ་ཡོད་མེད་ལ་སོགས་པའི་ཁྱད་པར་ལ་སོགས་པ་འཆད་པ་ཡོད་ཀྱང་དེ་མི་རིགས་པའི་དགག་བསྒྲུབ་དུ་མ་ཡོད་དེ་མ་སྨོས་སོ། །གཉིས་པ་སྦྱོར་བའི་ལམ་ནི་ཚིགས་བཅད་གཉིས་དང་རྐང་པ་གསུམ་སྟེ་དེ་ཡང་ཁྱད་པར་དུ་རྫོགས་པའི་རིམ་པ་ལ་འཇུག་པར་བྱེད་པ་ནས་ས་འཚམས་ཡིན་ཏེ། །རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་གནས་དྲོད་ཐོབ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །ཞེས་སྨོས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་རྫོགས་པའི་རིམ་པའི་ཉམས་མྱོང་རྒྱུན་མ་ཆད་པར་སྐྱོང་བ་ལ་བརྗོད་ལ། དྲོད་ཀྱི་རྟགས་ཀྱང་དུ་བ་ལ་སོགས་པ་མཚོན་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཐོབ་པ་དང་། དེས་སྤང་བྱ་ཇི་ལྟར་སྤངས་པའི་ཚུལ་ཧེ་བཛྭ་ལས། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །ཞེས་དེ་རྣམས་ཀྱིས་མི་གནོད་པའི་དྲོད་ཆུང་ངུ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །བསྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་རྐྱེན་ཆེན་པོས་བསྐྱེད་པའི་ཉོན་མོངས་ཀྱིས་མི་གནོད་པའི་དྲོད་འབྲིང་པོ་དང་། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་དང་རྫུ་འཕྲུལ་གྱི་ཆ་གྲུབ་ན་དྲོད་ཆེན་པོའི་རྟགས་སུ་བཤད་དེ། ཕ་རོལ་ཏུ་ཕྱིན་པའི་དྲོད་རྩེ་མོ་བཟོད་པའི་དོན་ཡིན་པས་འདིའི་སྐྱོང་ལུགས་སྤྲོས་བཅས་སྤྲོས་མེད་གཉིས་སུ་གསུངས་ཏེ། །སྤྲོས་བཅས་ནི་དེ་ཚེ་བརཏལ་ཤུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །ཞེས་བྱ་བ་རྒྱུད་རྣམས་ལས། ཅུང་ཟད་དྲོད་ནི་ཐོབ་པ་ནས། གལ་ཏེ་སྤྱོད་པ་བྱེད་འདོད་ན། །འདིས་ནི་འགྲུབ་འགྱུར་འདོད་ཡོད་ན། །དེས་ནི་སྤྱོད་པ་སྤྱད་པ་ཉིད། །ཞེས་བརཏལ་ཤུགས་སྤྱོད་པར་འདོད་ན་བྱ་མི་འདོད་ན་ནང་གི་སྤྱོད་པས་འགྲུབ་བོ་ཞེས་རྒྱུད་རྣམས་ལས་གསུངས་སོ། །ནང་གི་སྤྱོད་པ་དེ་ཡང་གང་ཞེ་ན། །ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས། །ཡེ་ཤེས་ཕྱག་རྒྱ་རྣམ་བརྟགས་དོར། །ཕྱག་རྒྱ་ཆེན་མོ་ལས་བྱུང་བ། །ཞེས་གསུངས་པའི་ཕྱིར། །འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱངས་པ་ཞེས་ཀྱང་བཤད། །ཞེས་སྨོས་པ་འཇིག་རྟེན་གྱི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ནས་སོ་སོར་སྡུད་པ་དང་བསམ་གཏན་བསྒོམས་པས་རྒྱུའི་སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་ཐོབ་སྟེ། སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལུས་ཀྱི་རྩ་ཐམས་ཅད་དག་པར་འགྱུར་བས་འབྲས་བུ་མངོན་དུ་བྱེད་པ་ཉིད་དེ། དེས་ན་བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུའི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སྨོས་པ་ཡིན་ནོ། །འདི་ནི་ཕ་རོལ་དུ་ཕྱིན་པའི་ལམ་མདོ་སྡེ་རྒྱན་ནས་ཀྱང་། །བསམ་གཏན་ལ་ཐོབ་མངོན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་དང་། །ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་ཡོངས་སུ་མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པ་རྣམ་ཀུན་ཏུ། །ཀུན་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་བརྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོངས་འགྱུར། །ཞེས་བྱ་བ་རྣམས་ནི་དྲོད་དང་རྩེ་མོ་དང་བཟོད་པའི་གནས་སྐབས་རྣམས་སོ། །དེ་ནས་དེ་ལ་འཛིན་པ་ཡི། རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆོད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་ཏུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བའང་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། །སོ་སོར་སྡུད་པ་སྙོམས་ཞུགས་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརློབ། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། །ཞེས་པ་ལ་སོགས་པ་གསུངས་པ་རྣམས་དོན་གཅིག་གོ །མདོར་བསྡུས་ན། བསམ་གཏན་དང་སྲོག་རྩོལ་གྱི་ཡན་ལག་གིས་ངེས་པར་མཐོང་བའི་ལམ་ལ་སྦྱོར་བའི་ལམ་མོ། །གསུམ་པ་མཐོང་ལམ་ནི་ཚིག་རྐང་ལྔ་སྟེ། །དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །ཅེས་པ་སྦྱོར་བའི་ལམ་ཉིད་དུ་རླུང་དག་པར་བྱ་བའི་ཕྱིར་སྲོག་རྩོལ་ལ་སྦྱངས་པས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་འཁོར་ལོ་རྣམས་ལ་རླུང་རྣམས་ཀྱི་འགྲོ་འོང་ཤིན་ཏུ་སྦྱངས་པས། ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་འགོག་པར་ནུས་པ་དེའི་ཚེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་སྙེད་དུ། དུང་ཅན་གྱི་མར་སྣར་འཆིང་བར་ནུས་པས་རྣམ་པར་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་། འཇིག་རྟེན་གྱི་ཁམས་བཅུའི་མཐར་ཐུག་པ་མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་དབང་ཐོབ་པས་ངེས་པར་མཐོང་བའི་ལམ་ཐོབ་པ་ཡིན་ཏེ། །དེ་ནས་རྩ་བའི་རྒྱུད་ཀྱི་ལུང་། རྟག་ཏུ་འཛིན་པའི་སྟོབས་ཀྱི་ནི། །རྡོ་རྗེ་སེམས་དཔར་ཡང་དག་འགྲུབ། །ཞེས་བྱ་བ་འདི་སྨོས་ཏེ་འདི་ནི་རླུང་གི་རྣལ་འབྱོར་རོ། །སྲོག་རྩོལ་གྱི་འབྲས་བུ་མཐར་ཐུག་པ་ཡིན་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཤེས་རབ་ཡེ་ཤེས་སྐད་ཅིག་དེ་ལས་བདེ་བ་སྟེར་བ་གལ་ཏེ་ཐིག་ལེའི་ཕྲེང་བ་མི་འཕོ་བས། །དེ་ལས་འཛག་པ་མེད་པའི་ལྷན་སྐྱེས་སྐད་ཅིག་མ་ཡིས་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་འགྱུར། །རོ་ཡི་འགྲོ་བས་སོན་པ་ཐམས་ཅད་སྲོག་གིས་ཀུན་ནས་བགྲངས་ནས་ཉོན་མོངས་བདུད་ནི་ངེས་པར་འཇོམས། །རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་རྣལ་འབྱོར་པ་ཡིས་ཚེ་འདི་ལ། །ཞེས་གསུངས་སོ། །འདི་ནི་མདོ་སྡེའི་རྒྱན་ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་ན་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཞེས་གསུངས་པ་དང་ཁྱད་པར་མེད་དོ། །བཞི་པ་བསྒོམ་པའི་ལམ་ནི། ངོ་བོ་དང་མཐོང་བསྒོམ་གྱི་རླུང་འགགས་ལུགས་གཉིས་ལས། དང་པོ་ནི་ཚིག་རྐང་ལྔ་སྟེ། །སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །ཞེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་པ་ནི་སྤྲོས་པ་མེད་པ་ཡིན་པས། རྗེས་ཐོབ་ཀྱི་སྤྱོད་པ་སྒྱུ་མ་ལྟ་བུ་དང་། མཉམ་པར་བཞག་པས་ཤིན་ཏུ་སྤྲོས་མེད་ཀྱི་ཚུལ་གྱིས། རྗེས་དྲན་ཡན་ལག་སྦྱང་བྱས་ནས། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པའི་རྗེས་ལ་དྲན་པ་ནི་ཤེས་རབ་ཀྱི་ཆགས་པ་རྗེས་སུ་དྲན་པ་ཞེས་གསུངས་ཏེ། བདེ་བ་དང་སྙིང་རྗེ་གནད་གཅིག་པས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་དང་རྣམ་པ་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མཐུན་པའི་རྗེས་དྲན། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསང་བ་འདུས་པ་ལས་གསུངས་པ་ལྟར་སྦྱངས་པས་རྣམ་པར་དག་པའི་ཏིང་ངེ་འཛིན་རིམ་གྱིས་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྦྱོར་བ་ལ་བརྟེན་པའི་ལམ་འདི་ནི་རྒྱུད་གཞན་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་གསུངས་ཏེ། བདུད་དང་ཐེག་པ་དམན་པ་ལ་སོགས་པ་རྣམས་ཀྱིས་མི་འཕྲོག་པས་རྣམ་པར་རྒྱལ་བ་འགྲུབ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲེལ་བས་ན་ཚོགས་ཀྱི་སྤྱོད་པ་ཆེན་པོ་ཞེས་ཀྱང་བཤད་པ་འདི་ནི་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་འགགས་པ་ཡིས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ས་ནི་བཅུ་གཉིས་འཐོབ་པར་འགྱུར། །ཞེས་གསུངས་པ་དང་དུས་ཀྱི་འཁོར་ལོ་ལས། །རྣམ་པ་ཐམས་ཅད་ཟད་པ་མེད་པའི་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུར་འགྲོའོ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དང་ནི་གྲུབ་པར་མིའི་བདག་པོ་སྐྱེས་བུ་ཚེ་འདི་ཉིད་ལ་འགྲོ། །ཞེས་གསུངས་པ་དང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། དེ་ནས་སེང་གེ་རྣམས་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པ་རྟོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་འཚམས་བཟུང་ནས། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་ཐོད་རྒལ་གྱི་སྙོམས་འཇུག་སྦྱོང་བ་གསུངས་པ་དང་ཡང་གནད་གཅིག་གོ །མཐོང་བསྒོམ་གྱི་རླུང་འགག་པའི་ཚུལ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །རླུང་དང་རྣམ་རྟོག་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། །ཞེས་སྨོས་ཏེ་དེ་ནི་སྔར་བཤད་པའི་ཚོགས་སྦྱོར་གཉིས་ཀྱི་གནས་སྐབས་སོ། །གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། གསང་བར་འགགས་པ་མཐོང་བའི་ལམ། །ཞེས་པ་སྲོག་རྩོལ་དང་འཛིན་པས་མི་གཡོ་བའི་སྐད་ཅིག་མ་ཐོབ་པ་སྟེ། རྒྱུད་འགྲེལ་ལས་འདི་གཉིས་གསང་བའི་འཁོར་ལོར་འགགས་པའི་དག་པར་གསུངས་ཀྱང་། དེ་ཡི་མ་རིག་པ་དང་ཟག་པ་དང་བཅས་པའི་སྐྱེ་འཆི་འགགས་པས་བསྒོམ་པའི་ལམ་གྱི་རླུང་དང་ལྷན་ཅིག་པའི་རྣམ་རྟོག་དག་པས་ན། །གསུམ་པར་དེ་ཉིད་དག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ག་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །ཅེས་སྨོས་པ་ནི། ས་དང་པོའི་ཡོངས་སུ་སྦྱོང་བ་སྦྱངས་ནས་གཉིས་པར་འཕར་བའི་རིམ་པ་ལྟར། འདིར་ཡང་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་རེ་ཡེ་ཤེས་ཀྱི་རླུང་དུ་འགགས་པས་རིམ་པ་འདི་བསྟན་ཏེ། རྒྱུད་འགྲེལ་ལས་ནི་འཁོར་ལོ་དྲུག་ལ་གཉིས་གཉིས་རྣམ་དག་ཏུ་གསུངས་སོ། །ལྔ་པ་མཐར་ཕྱིན་པའི་ལམ་ནི་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། །དེ་ནས་གཙུག་གཏོར་རླུང་འགགས་པས། །དེ་ཚེ་སངས་རྒྱས་ཐོབ་པར་གསུངས། །ཞེས་པ་ས་བཅུའི་རྒྱུན་མཐའ་མ་ན་སངས་རྒྱས་ཀྱི་ས་ཞེས་བྱ་བ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཞེས་ཀྱང་བྱ། རྡོ་རྗེ་སློབ་དཔོན་བདག་པོའི་དབང་མཐར་ཕྱིན་པ་གྲུབ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་མཐར་ཕྱིན་པའི་འབྲས་བུ་སྟེ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བ་ལ་སོགས་པ་དུས་ཀྱི་འཁོར་ལོ་ལས་རྒྱ་ཆེར་གསུངས་ཏེ། །རྟེན་འབྲེལ་བཅུ་གཉིས་འགགས་ཤིང་དག་པ་དང་། མས་བརྟན་པའི་དགའ་བ་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་མཐར་ཕྱིན་པ་སྟེ། འདི་རྣམས་ཀྱང་ཕུང་པོ་ལྔ་དང་ཕྱི་སྟོང་པ་ལ་སོགས་པ་ལྔ་དང་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ་དང་། ཆེན་པོ་སྟོང་པ་ཉིད་ལ་སོགས་པ་ལྔ་དང་ཁམས་ལྔ་དང་ཆོས་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོར་བ་མེད་པ་ལ་སོགས་པའི་སྟོང་པ་ཉིད་ལྔ་དང་སྐྱེ་མཆེད་ལྔ་དང་དམིགས་པ་མེད་པའི་སྙིང་རྗེ་ལྔ་དང་། བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཁམས་དང་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ལོ་གསུམ་དང་ཟླ་བ་ཕྱེད་གསུམ་དག་པའི་ཡེ་ཤེས་ཀྱི་རང་བཞིན་མཐར་ཕྱིན་པའོ། །ཡེ་ཤེས་སྐུ་ཉིད་འགྲུབ་པ་ཉིད། །ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་དང་མཚུངས་འཐོབ། །ཅེས་པ་མཆོག་ཏུ་མི་འགྱུར་བ་གྲུབ་པ་ལས་འདི་ལྟར་གསུངས་ཏེ། །སྟོང་པའི་དངོས་པོ་དངོས་འདི་ལ། །བརྟགས་པའི་གཟུགས་ནི་སྤངས་པ་སྟེ། །གཞོན་ནུ་མ་ཡི་མེ་ལོང་དུ། །གཟུགས་བརྙན་བཞིན་དུ་མཐོང་བ་ཉིད། །ཞེས་པ་བེམ་པོ་མིན་པའི་འཇིག་རྟེན་ལས་འདས་པ་བདེན་པའོ། །གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་པོ་ཐམས་ཅད་མཉམ་པར་འགྱུར། །གཅིག་གི་རང་བཞིན་གཡོ་མེད་གནས། །གཡོ་མེད་ཡེ་ཤེས་ཡང་དག་འབྱུང་། །ཆ་མིན་པ་དང་རྟག་མིན་པ། །ཞེས་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་འདུ་ཤེས་བདག་ཉིད་མཆོག །ཨའི་ཡི་གེའི་རིགས་ལས་བྱུང་། །གཡོ་མེད་ཆེན་པོའི་གོ་འཕང་རྙེད། །ཤེས་པ་མེད་ཅིང་ཤེས་བྱའང་མེད། །ཞེས་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །སྐྱེ་བ་མེད་པའི་ཆོས་རྣམས་ལ། །འདུ་བྱེད་སྤངས་པ་རྣམས་ལ་ཡང་། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །ཞེས་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ལས་འདས། །ཡེ་ཤེས་དག་པ་དྲི་མ་མེད། །རང་བཞིན་འོད་གསལ་བ་ཡི་ཆོས། །ཆོས་ཀྱི་དབྱིངས་སུ་སོན་པར་སོན། །ཞེས་རྣམ་པར་ཤེས་པའི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་གསུངས་པ་དང་། སྔར་གནས་སྐབས་བཞིའི་སྐབས་སུ་ཇི་ལྟར་བརྗོད་པ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པ་མཐར་ཕྱིན་པའོ། །འཇུག་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ཡིན། །དབྱེ་བ་དཔག་མེད་འདིར་མ་བརྗོད། །ཞེས་བྱ་བ་སྟེ་སྔར་བསྟན་པའི་རྩ་རླུང་ཐིག་ལེ་ཐམས་ཅད་སྦྱོར་བ་ཡན་ལག་དྲུག་ཏུ་འདུས་ཤིང་དེའི་འབྲས་བུ་རྣམ་པར་དག་པ་སངས་རྒྱས་ཉིད་ཡིན་པས་འདི་ཡང་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་གསུངས་པ་ལྟར་བསྡུས་པ་ཡིན་ནོ། །དེ་ཡང་དྲི་མ་མེད་པའི་འོད་ལས། མཚན་མ་ཡང་དག་པ་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང་བར་པའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་དུ་བ་ལ་སོགས་པའི་ལམ་སྟེ་ཡན་ལག་དྲུག་གི་སྦྱོར་བས་གཟུགས་ཡོངས་སུ་རྫོགས་པས་མི་འགྱུར་བའི་སྐད་ཅིག་མ་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་གཅིག་ལ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ས་དང་པོ་ཐོབ་པའོ། །མངོན་པར་ཤེས་པ་ལྔས་མ་ཐོབ་པའི་དོན་ཡང་དག་པར་མཐོང་བ་འཇིག་རྟེན་གྱི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཐ་མའི་མཚན་མ་ནི་སངས་རྒྱས་རྡོ་རྗེ་འཆང་ཉིད་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པའི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་ས་བཅུ་གཉིས་ཐོབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཞེས་བྱའོ། །ཞེས་གསུངས་སོ། །འདི་དག་གི་དབྱེ་བ་དཔག་དུ་མེད་པ་ཡོད་ཀྱང་འདིར་མ་བརྗོད་དེ་ལམ་གྱི་རིམ་པ་མདོར་བསྡུས་པའོ།། །།ད་ནི་བཅུ་གཅིག་པ་རྩ་རླུང་ཐིག་ལེ་བསྡུད་པའི་ཚུལ་བཤད་པར་བྱའོ། །དེ་ལ་ཡང་གསུམ་སྟེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། །བསྡུད་པའི་རིམ་པ་བཤད་པར་བྱ། །ཞེས་པ་ནི་སྔར་གསུངས་པ་རྣམས་ཀྱིས་རང་བཞིན་གྱིས་རྫོགས་པའི་རིམ་པ་དང་ཆོས་མཐུན་པའི་སྡུད་པ་གོ་བར་འགྱུར་མོད་ཀྱང་། ལུས་ཅན་རྣམས་འཆི་བའི་ལྟས་ཀྱི་རིམ་པ་ལུས་རྫོགས་པ་ཉིད་ནས་འཇིག་པའི་རིམ་པ་སྐྱེ་བ་དང་འཇིག་པའི་མི་རྟག་པ་སྒྱུ་མ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུད་ཐམས་ཅད་ལས་གསུངས་པ་འདིར་གསལ་བར་བཤད་པར་བྱའོ། །དེ་ཡང་འཆི་བ་ནི་ཁམས་གསུམ་པའི་གནས་སུ་ལུས་རིགས་མཐུན་པ་དེ་འདོར་བར་བྱེད་དེ། །ངོ་བོ་ནི་ཚེ་དང་སྲོག་གི་རླུང་དང་དྲོད་འགག་པར་བྱེད་པ་སྟེ་ཕུང་པོ་རྙིང་པ་འདོར་བ་ལ་འཆི་བ་ཞེས་ཐ་སྙད་དུ་འདོགས་སོ། །དེ་ཡང་ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། ངེས་མེད་ཞེས་པ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་གྱི་སྟོབས་དང་རྫས་བསྒྲུབས་པའི་སྟོབས་ཀྱིས་ཀྱང་ཚེ་རིང་བར་འགྱུར་ཞིང་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་ནི་སེམས་ལ་དབང་ཐོབ་པའི་ཕྱིར་འབྱུང་སྟེ་དེ་ལྟ་བུ་ནི་བསམ་གྱིས་མི་ཁྱབ་བོ། །འདིར་ནི་ཁམས་དྲུག་དང་ལྡན་པ་ཕལ་པ་རྣམས་ཀྱི་ངེས་པའོ། །རྒྱས་པར་བཤད་པ་ལ་བཞི་སྟེ་རྩ་སྡུད་པའི་རིམ་པ་དང་རླུང་གི་འཆི་ལྟས་དང་། ཐིག་ལེ་འགག་པའི་རིམ་པ་དང་ཞར་ལ་གང་དུ་འཕོ་བའི་ངེས་པ་བཤད་པའོ། །དང་པོ་ལ་རྩ་ཕལ་པ་སྡུད་པའི་ཚུལ་དང་། འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ་དང་། རྩ་ཉི་ཤུ་རྩ་བཞི་པོ་སྡུད་པའི་ཚུལ་གསུམ་ལས། དང་པོ་ལ་ཚིགས་སུ་བཅད་པ་གསུམ་སྟེ། དེ་ཡང་ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་སྐྱེས་ནས་ལོ་གཅིག་གི་བར་དུ་ནི་རྩ་ཁམས་ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་རྫོགས་ཟིན་ནས་སྐྱེས་བུ་རང་ལོ་བརྒྱའི་དུས་སུ་འཆི་བ་དག་ནི་ལོ་གཅིག་རྫོགས་པའི་ཕྱིར་དེ་ཉིན་ནས་ཞག་རེ་ལ་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམ་པར་བཤད་པས། ལོ་བརྒྱ་ལ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སྡུད་པར་འགྱུར་བ་རགས་པའི་རིམ་པ་བརྗོད་པའོ། །དེ་ཉིད་ལ་དུས་ཀྱི་འཁོར་ལོར་གསུངས་པའི་རིམ་པས་ཞིབ་པར་བརྩིས་ན། ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ལ་ཕྲ་བའི་རྩ་ཀུན་སྡུད་པ་སྟེ། དེ་ལ་གྲངས་ནི་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་པས་དེ་ཡང་སྔར་བཞིན་དུ་སྡུད་པར་འགྱུར་བའི་རྩ་གཉིས་གཉིས་ཡིན་ནོ། །འཁོར་ལོ་བཅོ་བརྒྱད་སྡུད་པར་འགྱུར་བའི་རིམ་པ་ནི་ཚིགས་བཅད་གསུམ་སྟེ། སྔ་མའི་རྩ་ཕྲ་བ་རྣམས་བསྡུས་ཟིན་ནས་དེའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་ལ་རྩ་ཆེན་པོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པ་ལས་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་སུམ་བརྒྱ་དྲུག་བཅུ་ནི་ཞག་གསུམ་གསུམ་བཞིན་དུ་རེ་རེ་སྐམ་པར་འགྱུར་ལ་སོར་མོའི་ཚིགས་ཀྱི་རྩ་སུམ་བརྒྱ་དྲུག་བཅུ་ཡང་དེ་བཞིན་དུ་ཉི་མ་གསུམ་གསུམ་ལ་རེ་རེ་སྐམ་པར་འགྱུར་རོ། །ལྟེ་བའི་ཁྱིམ་བཅུ་གཉིས་པའི་རྩ་དྲུག་བཅུ་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་སྡུད་དོ། །སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་པོ་ཞག་བཅོ་ལྔའི་ནང་དུ་སྡུད་དོ། །མགྲིན་པའི་རྩ་སུམ་བཅུ་ལས་རྒྱུ་སྐར་གྱི་རང་བཞིན་ཉི་ཤུ་རྩ་བརྒྱད་པོ་ཟླ་བ་གཅིག་གི་ནང་དུ་སྡུད་དེ། གསང་བའི་རྩ་དང་ཡང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །སྙིང་ཁའི་རྩ་བརྒྱད་པོ་ཞག་བརྒྱད་ཀྱི་ནང་དུ་འདོར་རོ། །དེ་ལྟར་འཁོར་ལོ་བཞིའི་རྩ་བརྒྱ་དྲུག་བཅུ་བཙུག་ཏོར་གྱི་རྩ་བཞི་དང་བཅས་པ་རྣམས་ཀྱི་དབུ་མའི་ཆ་མ་གཏོགས་པ་རྣམས་འདོར་བའི་ཚུལ་ཡིན་ནོ། །རྩ་ཉི་ཤུ་རྩ་བཞི་པོ་སྡུད་པའི་ཚུལ་ལ་ཚིགས་སུ་བཅད་པ་གཉིས་དང་རྐང་བ་གཅིག་སྟེ། དུས་ཀྱི་འཁོར་ལོ་ལས་ཞིབ་ཏུ་མ་གསུངས་ཀྱང་རྒྱུད་ཕན་ཚུན་གྱི་ངེས་པས་རྩ་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་རྩ་ཆེན་དྲུག་བཅུ་དྲུག་བཅུ་ཡོད་དེ། །ལྟེ་བ་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་ནང་དུ་སྡུད་དགོས་པས་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་རྩ་བདུན་བཅུ་རྩ་གཉིས་པོ་མ་གཏོགས་པ་རྣམས་ལོ་གསུམ་ལ་སྡུད་ལ། བདུན་བཅུ་རྩ་གཉིས་པའི་དཀར་དམར་གྱི་ཆ་བཞི་བཅུ་ཞེ་བརྒྱད་པོ་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ཏེ། རིམ་པ་འདི་མེད་ན་ལོ་གསུམ་ཕྱོགས་གསུམ་ལ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་སྐམ་པའི་ངེས་པ་མི་ཤེས་སོ། །དེ་ལྟར་འཁོར་ལོའི་རྩ་ཆེན་རྣམས་སྐམས་ཏེ་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་མི་རྒྱུ་བ་དེ་ནས་ཞག་གཅིག་ན་འཕོ་བ་ཡིན་ཏེ། དེའི་ཚེ་དབུ་མ་ཉིད་ཀྱི་རྩ་ཆེན་པོ་སུམ་བཅུ་སོ་དྲུག་ཞག་གཅིག་ལ་འདོར་བར་ངེས་སོ། །འདི་ཡང་ཞིབ་ཏུ་བརྗོད་ན་འཁོར་ལོ་བཞིའི་རྩ་སྤྱི་བོ་ནས་བཅུ་བཞི་མགྲིན་པ་ནས་ཉི་ཤུ་རྩ་བརྒྱད་སྙིང་ག་ན་བརྒྱད་ལྟེ་བ་ན་དྲུག་བཅུ་གསང་བ་ནས་རོ་རྐྱང་གི་སྣ་མོ་གཉིས་དང་གཙུག་གཏོར་གྱི་གཉིས་ཏེ་སྤྱིར་བརྒྱ་དང་བཅུ་བཞི་ཡན་ལག་དང་ཉིང་ལག་གི་རྩ་བདུན་བརྒྱ་ཉི་ཤུ་ཡུལ་ཉི་ཤུ་རྩ་བཞིའི་རྩའི་འཁོར་ལོ་རྣམས་ལ་དབུ་མ་རེ་རེ་མ་བཏོགས་པ་རྣམས་ལ་སྟོང་བཞི་བརྒྱ་བཅུ་དྲུག་སྟེ་དེ་རྣམས་ཐམས་ཅད་དྲིལ་བས་ཐབས་ཤེས་རབ་དཀར་དམར་གྱིས་ཕྱེ་བའི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་འོང་སྟེ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལ་ཉིན་རེ་གཉིས་གཉིས་སྐམ་ལ། མུན་པ་ཆེན་པོའི་རླུང་རྒྱུ་བའི་ཞག་གཅིག་གི་དུས་སུ་སྤྱི་བོའི་དབུ་མའི་འཕོ་བའི་རྩ་གཉིས་དང་མགྲིན་པའི་གཉིས་དང་སྙིང་གའི་སྟེང་འོག་གི་ཆ་གཉིས་དང་ལྟེ་བའི་དབུ་མའི་རྩ་བཞི་དང་གསང་བའི་དུང་ཅན་གྱི་རྩ་གཅིག་དང་སྟེང་གི་གཙུག་གཏོར་གྱི་རང་བཞིན་ཚངས་བུག་གི་རྩ་དང་། དེ་ལྟར་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཅིག་གཉིས་མི་ཕྱེད་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞིའི་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་སྟེ། སུམ་བཅུ་སོ་དྲུག་པོ་འདི་ནི་དབུ་མའི་རང་བཞིན་ཞག་གཅིག་ལ་སྐམ་པ་རྣམས་ཀྱི་རྒྱས་བཤད་ཡིན་ནོ། །འདིའི་ངེས་པ་ཞག་ཕྱེད་ན་འཆི་བར་འགྱུར་བ་རྣམས་ཀྱི་ཡང་བོལ་གོང་དང་ཡན་ལག་གི་རླུང་གི་རྩ་རྣམས་མ་བསྡུས་པར་མཐོང་བའི་ཕྱིར་དང་། ཡང་ཡན་ལག་གི་དབུ་མའི་རླུང་རྩ་ལ་མཚོན་ལ་སོགས་པ་གནོད་པར་གྱུར་ན་ཡུད་ཙམ་ལ་འཆི་བའི་ཕྱིར་རོ། །འདི་དག་གི་ངེས་པ་ཡང་དུས་ཀྱི་འཁོར་ལོ་ལས། །ཟླ་བ་ཕྱེད་ཕྱེད་ན་ཡང་རྩ་ནི་དགུ་ལ་ཀླུ་ཡིས་བསྒྱུར་བ་ལྟེ་བའི་འཁོར་ལོ་འཆད་པར་བྱེད། །བྱེད་པ་དང་ནི་བྱ་བ་ཞེས་བྱའི་འཁོར་ལོའི་ཚིགས་ཀྱི་རྩ་རྣམས་རེ་རེ་མེའི་ཉི་མས་འདོར། །མགྲིན་པར་ཡང་ནི་རྒྱུ་སྐར་རྩ་རྣམས་ཟླ་བའི་ནང་དུ་ཉིན་དང་ཉིན་ལ་རིམས་ཀྱིས་འདོར་བར་འགྱུར། །ཐིག་ལེ་གནས་པར་ཟླ་བའི་རྐང་པར་ཟླ་བ་ཕྱེད་ནང་དུ་འདོར་ལ་གཟའ་རྩ་སྙིང་གར་གནས་པ་ཡང་། །ཞེས་བྱ་བ་ལ་སོགས་པ་རྒྱུད་འགྲེལ་རྣམས་ནས་རྒྱས་པར་གསུངས་སོ། །གཉིས་པ་རླུང་གི་འཆི་ལྟས་ལ་ལྔ་སྟེ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ་དང་། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་བའི་ལྟས་དང་། གཡས་པ་ཉི་མའི་འཆི་ལྟས་དང་། གཡོན་པ་ཟླ་བའི་འཆི་ལྟས་དང་། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ལ་རླུང་གི་སྡུད་རིམས་བསྟན་པ་ནི་ཞེས་པ་ནས་ཚིགས་བཅད་གཉིས་སྟེ། རྩ་བ་དང་ཡན་ལག་གི་རླུང་རྣམས་ཟླ་བཅུར་རིམས་ཀྱིས་རྫོགས་ཏེ། སྐྱེས་ནས་དུས་སུ་འཆི་བ་གང་ཡིན་པ་དེ་ནི་ལོ་བཅུ་བཅུ་རིམ་པ་ལྟར་དུ་དང་པོར་ནོར་རྒྱལ་གྱི་སྟོབས་ལོ་བཅུ་ན་ལྷ་སྦྱིན་གྱི་སྟོབས་དང་གཅིག་ཏུ་འགྱུར་རོ། །ཉི་ཤུ་པ་ལ་རྩངས་པའི་རླུང་གི་སྟོབས་དང་གཅིག་ཏུ་འགྲོའོ། །སུམ་བཅུ་པ་ལ་རུས་སྦལ་གྱི་སྟོབས་དང་གཅིག་དུའོ། །བཞི་བཅུ་པ་ལ་ཀླུའི་རླུང་དང་གཅིག་དུའོ། །ལྔ་བཅུ་པ་ལ་ཁྱབ་བྱེད་ཀྱི་རླུང་དང་གཅིག་དུའོ། །དེ་ནས་ཀླུ་དང་ཁྱབ་བྱེད་ཀྱི་རླུང་གཉིས་མཚུངས་པར་སྤྱོད་པས་དྲུག་བཅུའི་བར་དུ་སྟོབས་བྱེད་ཅིང་། བདུན་བཅུའི་བར་དུ་མཉམ་གནས་དང་ལྷན་ཅིག་གོ །བརྒྱད་བཅུའི་བར་དུ་གྱེན་རྒྱུའི་ནུས་པ་དང་ལྷན་ཅིག་གོ །དགུ་བཅུའི་བར་དུ་ཐུར་སེལ་གྱི་སྟོབས་དང་ལྷན་ཅིག་གོ །དེ་ཕན་ཆད་ནས་སྲོག་གི་རླུང་ལ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ། །ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་སོ། །གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པར་འཆི་བའི་ལྟས་ལ། འཕེལ་བའི་རིམ་པ་དང་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་དང་གཉིས་ལས། །དང་པོ་ནི་རྒྱས་པར་དུས་ཀྱི་འཁོར་ལོ་ནས། །ཞེས་པ་ནས་ཚིགས་བཅད་དྲུག་སྟེ། སྐྱེས་བུ་ཚེ་ལོ་བརྒྱ་པ་གང་ཡིན་པ་དེ་ལ་སྐྱེས་ནས་ལོ་གཅིག་གི་བར་དུ་རླུང་རྣམས་གྱི་དུས་སྦྱོར་གྱི་གྲངས་ཀུན་མཉམ་པར་རྒྱུ་སྟེ་ཆད་ལྷག་མེད་དོ། །དེ་ནས་བསྒྲོད་པ་གསུམ་པ་ལ་ནམ་མཁའི་རླུང་གི་འཚམས་སུ་རླུང་ཅིག་རྒྱུ་བ་འཕེལ་ལ། བསྒྲོད་པ་བཞི་པའི་ཟླ་བ་དྲུག་ལ་འཕེལ་འགྲིབ་མེད་དོ། །ལོ་གཉིས་པ་ལ་ས་རླུང་དུ་སྣ་གཡས་པར་རླུང་གཉིས་ཀྱི་རྒྱུ་བ་འཕེལ་ལོ། །ལོ་གསུམ་པ་ལ་སྣ་གཡོན་དུ་ནམ་མཁའི་རླུང་དུ་དབུགས་གསུམ་མོ། །ལོ་བཞི་པ་ལ་སྣ་གཡས་སུ་སའི་རླུང་དུ་དབུགས་བཞིའོ། །ལོ་ལྔ་པ་ལ་སྣ་གཡོན་དུ་ནམ་མཁའི་རླུང་དུ་དབུགས་ལྔའོ། །ལོ་དྲུག་པ་ལ་ཟླ་བ་ཕྱེད་དང་གཉིས་ཀྱིས་མཆོག་པའི་འཚམས་སུ་སྣ་གཡས་སུ་ས་རླུང་ལ་དབུགས་དྲུག་འཕེལ་པས། །དེ་ལྟར་རེ་མོས་རེ་རེ་འཕེལ། །ཕྱོགས་གསུམ་མ་ཚང་ལོ་བདུན་ན། །ཆུ་སྲང་གཅིག་འགྱུར། །ཞེས་སྨོས་པ་ཡིན་ནོ། །གཡོན་དང་གཡས་སུ་རིམ་པ་བཞིན། །ལོ་རེ་ཆུ་སྲང་རེ་རེ་འཕེལ། །ཞེས་པ་ལོ་བརྒྱད་པ་ལ་སྣ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་གཉིས་འཕེལ་ལོ། །ལོ་དགུ་པ་ལ་སྣ་གཡས་སུ་ས་རླུང་དུ་ཆུ་སྲང་གསུམ་འཕེལ་སྟེ། དེ་ལྟར་རེ་མོས་ཀྱིས་དྲུག་བཅུའི་བར་དུ་འཕེལ་བས། །དྲུག་བཅུ་རྩ་བདུན་ལོན་ནས་ནི། །ཆུ་ཚོད་གཅིག་དུ་འགྱུར་ཏེ་སྣ་གཡོན་པའི་མཁའ་རླུང་དུ་རྒྱུ་བར་འགྱུར་ཏོ། །དེ་ཕྱིན་ཅད་ཟླ་བ་དྲུག་ནས་སྣ་གཡས་པར་ས་རླུང་དུ་ཆུ་ཚོད་གཉིས་འཕེལ་ལོ། །ཟླ་བ་གཞན་དྲུག་ལ་སྣ་གཡོན་ནས་ནམ་མཁའི་རླུང་དུ་ཆུ་ཚོད་གསུམ་དུ་འགྱུར་ཏེ། དེ་ལྟར་ལོ་སུམ་བཅུའི་བར་དུ་འཕེལ་བས། དེ་ནས་བསྒྲོད་པ་རེ་རེ་བཞིན། །ལོ་ནི་སུམ་བཅུ་དབྱུག་གུ་འཕེལ། །གཡོན་དང་གཡས་དང་རིམ་པ་བཞིན། །མཁའ་དང་ས་རླུང་གནས་དེར་འབྱུང་། །ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་བཅུ་གཅིག་ལོན་ནས་སྣ་གཡོན་དུ་ནམ་མཁའི་རླུང་གི་རང་བཞིན་ཞག་གཅིག་ཏུ་རྒྱུའོ། །དེ་ལྟར་རྒྱུ་བ་འཕེལ་ནས། དེ་ནས་ལོ་གསུམ་ཕྱོགས་གསུམ་ན་སྲིད་པ་གཞན་དུ་འཕོ་བར་འགྱུར་བས་ན་ལོ་བརྒྱ་ཐམ་པ་ཡིན་ནོ། །ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་ནི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི། །དབུ་མའི་འཆི་ལྟས་ངེས་པ་ནི། །ཞེས་འཚམ་སྦྱར་ནས་དངོས་ནི། ཟླ་བ་སོ་བདུན་ཕྱེད་བཅས་ལ། །ཞག་གི་འཕེལ་བ་སོ་གསུམ་སྟེ། །ཞེས་བྱ་བ་ནི་ལོ་གསུམ་ཕྱོགས་གསུམ་གྱི་ཟླ་བ་སུམ་བཅུ་སོ་ཕྱེད་དང་བརྒྱད་ཡོད་པ་ལ། འཆི་ལྟས་དངོས་ཞག་སུམ་བཅུ་སོ་གསུམ་འཕེལ་བ་ཡིན་པས། དེ་ལ་ཇི་ལྟར་འཕེལ་བའི་ཚུལ་ནི། །སོ་བཞི་ཕྱེད་བཅས་ཞག་གྲངས་ལ། །རེ་རེ་འཕེལ་འགྱུར་སུམ་བཅུའི་བར། ཞེས་སྨོས་སྟེ་ཟླ་བ་སུམ་བཅུ་སོ་ཕྱེད་དང་ལྔའི་བར་དུ་འཆི་ལྟས་ཞག་སུམ་ཅུ་འཕེལ་བ་ཡིན་པས་ཞག་སུམ་བཅུ་སོ་ཕྱེད་དང་ལྔ་ལྔ་ལ་སྣ་གཡས་གཡོན་ནས་འཆི་ལྟས་ཞག་རེ་རེ་འཕེལ་ཞིང་རྒྱུ་བར་འགྱུར་རོ། །ཞག་གསུམ་གསུམ་འཕེལ་ཙམ་ན། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་བཅུར་བསྐྱེད་སྡུད་ཀྱི་རིམ་པས་ནམ་མཁའ་དང་ས་ནས་འབྱུང་བའི་རླུང་གི་རྩ་དྲུག་དྲུག་གི་ནུས་པ་སྡུད་དོ། །དེ་རྒྱས་པར་བཤད་པ་ནི། །ལྟེ་བའི་ཁྱིམ་གྱི་རྩ་དྲུག་བཅུ། །གཡོན་དུ་མཁའ་ནས་རིམ་པ་ལྟར། །གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག །སྐམས་ཤིང་མི་མཉམ་རྒྱུ་བ་འཕེལ། །དེ་བཞིན་གཡས་ནས་མཉམ་པ་རུ། །གཉིས་བཞི་ལ་སོགས་ས་རླུང་ནས། །སྡུད་རིམས་འགག་ཅིང་ཁྱིམ་དྲུག་སྟོངས། །ཞེས་བྱ་བ་ལྟེ་བར་དབུ་མ་ལས་རྩ་བཞིར་གྱེས་སྟེ་དེ་ལ་བཅུ་གཉིས་སུ་གྱེས་ཤིང་དེ་ལས་ལྔ་ལྔར་གྱུར་པའི་གཡོན་གྱི་ཕྱོགས་ན་ལུག་འཁྲིག་པ་སེང་གེ་སྲང་གཞུ་བུམ་པ་དྲུག་ལ་རྩ་སུམ་བཅུ་ནས། ནམ་མཁའ་རླུང་མེ་ཆུ་དང་སའི་རིམ་པས་སྡུད་ཅིང་། གཡས་ནས་གླང་ཀར་ཀ་ཏ་བུ་མོ་སྡིག་པ་ཆུ་སྲིན་ཉའི་ཁྱིམ་གྱི་ས་ཆུ་མེ་རླུང་ནམ་མཁའ་མཉམ་པའི་ཞག་གིས་སྡུད་པས། འཆི་ལྟས་ཞག་གཅིག་སྣ་གཡོན་དུ་ནམ་མཁའི་རླུང་རྒྱུའོ་དེའི་འོག་ཏུ། ཞག་སོ་གསུམ་ཕྱེད་བཅས་རླུང་ཚུལ་བཞིན་དུ་རྒྱུ་ཞིང་། ཡང་སྣ་གཡས་ནས་ས་རླུང་དུ་ཞག་གཉིས་རྒྱུའོ། །ཡང་ཞག་སོ་ཕྱེད་དང་གསུམ་ན་སྣ་གཡོན་དུ་ནམ་མཁར་ཞག་གསུམ་རྒྱུའོ། །དེ་བཞིན་དུ་རེ་མོས་ཀྱིས་ཞག་རེ་འཕེལ་སྟེ། ཞག་སོ་གཅིག་ཕྱེད་བཅས་ན་སྣ་གཡས་སུ་ས་རླུང་ཞག་བཞིའོ། །ཡང་ཞག་སུམ་བཅུ་དང་ཕྱེད་ན་གཡོན་དུ་མཁའ་རླུང་ཞག་ལྔ་རྒྱུ་སྟེ། ཁྱིམ་དྲུག་གི་མཁའ་རླུང་གི་ནུས་པ་ཟད་དེ་རྩ་དྲུག་སྟོངས་སོ། །དེ་ནས་ཞག་ཉི་ཤུ་རྩ་དགུ་ཕྱེད་བཅས་ན་གཡས་སུ་ཞག་དྲུག་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ས་རླུང་སྟོངས་སྟེ་རྩ་དྲུག་སྐམས་སོ། །ཡང་ཞག་ཉི་ཤུ་རྩ་བརྒྱད་ཕྱེད་བཅས་ན། གཡོན་ནས་རླུང་གི་རླུང་ཞག་བདུན་རྒྱུའོ། །ཡང་ཞག་ཉི་ཤུ་རྩ་བདུན་ཕྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བརྒྱད་རྒྱུའོ། །དེ་ནས་ཞག་ཉི་ཤུ་རྩ་ཕྱེད་དང་བདུན་ན་གཡོན་དུ་རླུང་གི་རླུང་ཞག་དགུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་དྲུག་ན་གཡས་སུ་ཆུ་རླུང་ཞག་བཅུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་ལྔ་ན་གཡོན་དུ་རླུང་གི་རླུང་ཞག་བཅུ་གཅིག་རྒྱུ་སྟེ། ཁྱིམ་དྲུག་གི་རླུང་གི་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་བཞི་ན། གཡས་སུ་ཆུ་རླུང་ཞག་བཅུ་གཉིས་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ཆུ་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །དེ་ནས་ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་ནས་གཡོན་དུ་ཞག་བཅུ་གསུམ་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་དང་གཉིས་ན་གཡས་ནས་ཞག་བཅུ་བཞི་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་ཕྱེད་དང་བཅས་པ་ན་གཡོན་ནས་མེ་རླུང་ཞག་བཅོ་ལྔའོ། །གཡས་ནས་ཞག་བཅུ་དགུ་ཕྱེད་དང་བཅས་པའི་འོག་ཏུ་མེ་རླུང་ཞག་བཅུ་དྲུག་གོ། །གཡོན་ནས་ཞག་ཕྱེད་དང་བཅུ་དགུའི་འོག་ཏུ་མེ་རླུང་ཞག་བཅུ་བདུན་སྟེ་གཡོན་པའི་ཁྱིམ་དྲུག་གི་མེ་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་གཡས་ནས་ཞག་ཕྱེད་དང་བཅོ་བརྒྱད་ན་མེ་རླུང་ཞག་བཅོ་བརྒྱད་རྒྱུ་བས་གཡས་ཀྱི་ཁྱིམ་དྲུག་གི་མེ་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་བདུན་ན་གཡོན་ནས་ཞག་བཅུ་དགུ་ཆུ་རླུང་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་དྲུག་ན་སྣ་གཡས་ནས་རླུང་གི་རླུང་ཞག་ཉི་ཤུའོ། །ཡང་ཞག་ཕྱེད་དང་བཅོ་ལྔ་ན་གཡོན་ནས་ཆུ་རླུང་ཞག་ཉེར་གཅིག་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་བཞི་ན་གཡས་ནས་རླུང་གི་རླུང་ཞག་ཉེར་གཉིས་སོ། །ཡང་ཞག་ཕྱེད་དང་བཅུ་གསུམ་ནི་གཡོན་ནས་ཆུ་རླུང་ཞག་ཉེར་གསུམ་རྒྱུས་ནས་ཆུ་རླུང་གི་ཁམས་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཉིས་ན་གཡས་ནས་རླུང་གི་རླུང་ཞག་ཉེར་བཞི་བརྒྱུས་ནས་རླུང་གི་ཁམས་ཟད་ཅིང་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཅིག་ན་གཡོན་ནས་ས་རླུང་ཞག་ཉེར་ལྔ་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་ན་གཡས་སུ་མཁའ་རླུང་ཞག་ཉེར་དྲུག་རྒྱུའོ། །ཡང་ཞག་ཕྱེད་དང་དགུ་ན་གཡོན་དུ་ས་རླུང་ཞག་ཉེར་བདུན་རྒྱུའོ། །ཡང་ཞག་ཕྱེད་བརྒྱད་ན་གཡས་སུ་མཁའ་རླུང་ཞག་ཉེར་བརྒྱད་རྒྱུའོ། །ཡང་ཞག་ཕྱེད་དང་བདུན་ན་གཡོན་དུ་ས་རླུང་ཞག་ཉེར་དགུ་རྒྱུ་སྟེ། གཡོན་གྱི་རླུང་ལྔ་ཟད་པས་རྩ་དྲུག་ན་གཡོན་གྱི་ཁྱིམ་དྲུག་གི་རྩ་སུམ་བཅུར་རླུང་མི་རྒྱུའོ། །ཡང་ཞག་ཕྱེད་དང་དྲུག་ན་གཡས་སུ་མཁའ་རླུང་ཞག་སུམ་བཅུ་རྒྱུ་སྟེ་དེ་ནས་འཚོ་བའི་ཞག་ཕྱེད་དང་ལྔ་རྒྱུ་ཞིང་རྩ་དྲུག་སྟོངས་ནས་གཡས་ཀྱི་ཁྱིམ་དྲུག་གི་རྩ་སུམ་བཅུར་རླུང་མི་རྒྱུ་བས་ལྟེ་བའི་ཕྱི་རྩ་དྲུག་བཅུ་སྐམ་མོ། །དེ་ལྟར་འཆི་ལྟས་ཟླ་བ་གཅིག་འཕེལ་བས་ཟླ་བ་སུམ་བཅུ་སོ་ཕྱེད་དང་ལྔ་འདས་ནས། །དེ་རྗེས་ཟླ་བ་གསུམ་པོ་ལ། །གཡོན་ནས་སོ་གཅིག་སྙིང་སྟོབས་ཟད། །གཡས་ནས་སོ་གཉིས་རྡུལ་ཟད་བྱེད། །རྩ་བའི་རྩ་ཆེན་དྲུག་དྲུག་འགག །དེ་རྗེས་སོ་གསུམ་རླུང་ཀུན་ཟད། །མུན་པ་ཆེན་པོ་ཟད་བྱེད་རླུང་། །ཞག་གཅིག་རྒྱུ་ཞིང་འཕོ་བར་བྱེད། །ཞེས་བྱ་བ་ནི་ཟླ་བ་གསུམ་དང་ཞག་བདུན་གྱི་བར་གྱི་ལྷག་མ་རྣམས་བསྡུས་པ་སྟེ། གཡོན་ནས་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་ཟླ་བའི་རླུང་ཐམས་ཅད་ཟད་དེ་ཟླ་བའི་འཕོ་བ་མཐར་ཐུག་ཅིང་ཁྱིམ་དྲུག་གི་རྩ་བ་དྲུག་ཀྱང་སྟོངས་སོ། །ཡང་གཡས་སུ་འཕོས་ནས་ཞག་སོ་གཉིས་རྒྱུ་བས་མཁྲིས་པའི་ཁམས་ཟད་པར་བྱེད་ཅིང་གཡས་ཀྱི་ཁྱིམས་དྲུག་གི་རྩ་བ་ཡང་སྐམས་པས་ལྟེ་བའི་རྩ་དོན་གཉིས་པོ་ཐམས་ཅད་འགག་པས་ཉི་མའི་མཐར་ཐུག་གོ །དེ་ནས་ཞག་སོ་གསུམ་དུ་མུན་པ་དང་རླུང་གི་ཁམས་ཟད་པར་བྱེད་པ་རྒྱུ་སྟེ་སྤྱི་བོའི་རྩ་བཅུ་བཞི་དང་། མགྲིན་པའི་ཉེར་བརྒྱད་དང་། སྙིང་ཁའི་བརྒྱད་དང་། གསང་བའི་རྩ་རྣམས་སྐམ་ཞིང་། དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱོར་བ་མེད་པས། ཞག་གཅིག་མུན་པ་ཆེན་པོའི་རླུང་རྒྱུ་བས་ཡེ་ཤེས་ཀྱི་རླུང་ཟད་ནས་དབུ་མའི་ཡན་ལག་གི་རྩ་ཀུན་བསྡུས་ཏེ་ཐིག་ལེ་འདོར་ཞིང་རྣམ་པར་ཤེས་པ་འཕོ་བར་འགྱུར་རོ། །དོན་འདི་ལ་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། སུམ་བཅུ་རྩ་སུམ་དུ་རྒྱུ་བའི་ཉི་མ་དང་། ཡང་སུམ་བཅུ་རྩ་གསུམ་དུ་འཕོ་བའི་ཉི་མས་ཞེས་གཉིས་ཀའི་ཁྱིམ་བསྡུས་པས་ཉི་མ་སྟོང་བརྒྱ་ཉི་ཤུ་རྩ་གཉིས་གྱི་ཉི་མར་འགྱུར་ཏེ་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ལ་ཉི་མ་གསུམ་མ་ཚང་པའི་དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩའི་དབྱེ་བས་སྲོག་གི་རླུང་གནས་ཡོངས་སུ་གཏོང་ཞེས་གསུང་པ། འཆི་ལྟས་རྒྱུ་བའི་བར་ནས་གཡས་སུ་ཞག་ཉིས་བརྒྱ་བདུན་བཅུ་དོན་ཕྱེད་དང་བརྒྱད། གཡོན་ན་ཞག་ཉིས་བརྒྱ་དགུ་བཅུ་གོ་ཕྱེད་དང་གསུམ། འཆི་ལྟས་འཕེལ་བ་ལ་གཡས་ཀྱི་ཞག་ཉིས་བརྒྱ་བདུན་བཅུ། གཡོན་གྱི་ཞག་ཉིས་བརྒྱ་ལྔ་བཅུ་རྩ་ལྔ། དབུས་ཀྱི་ཞག་སུམ་བཅུ་རྣམས་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ཏུ་དགོངས་པའོ། །ད་རུང་གཡས་གཡོན་གྱི་འཕེལ་བའི་ལྷག་ཞག་གསུམ་དབུ་མའི་ཞག་གསུམ་སྔ་མའི་གསུམ་དང་དགུ་ཡོད་པ་ནི། མངལ་གྱི་ཟླ་བ་དགུའི་དབྱུག་གུ་བསྡུས་པས་ཞག་དགུར་འགྱུར་བར་གསུངས་པའི་ཕྱིར་ལྷག་པ་ཡིན་ལ། ཞག་གཅིག་པོ་ནི་མངལ་གྱི་དང་པོའི་ཟླ་བ་གཅིག་གི་སྲོག་ཟད་པའི་ཕྱིར་ཡིན་ཏེ། འགྲེལ་པ་ནས་དེ་ནས་གཞན་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་ཉིན་ཞག་གི་ཚོགས་གསུམ་བཅུའི་འཚོ་བའི་མཚན་མའོ་ཞེས་བྱུང་བ་ཡིན་ནོ། །སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས། །དབུ་མའི་འཆི་ལྟས་ངེས་པ་ཡིན། །ཞེས་བྱ་བ་ནི་འདིར་ཞག་འཕེལ་བའི་རགས་པར་བརྩིས་པས་ཞག་སུམ་བཅུ་སོ་བཞི་ལོ་གསུམ་ཕྱོགས་གསུམ་ལ་འཕེལ་བ་བསྟན་ཏེ། ཞིབ་པ་ནི་ཞག་གཅིག་ཆུ་ཚོད་གཅིག་ཆུ་སྲང་ལྔ་དབུགས་གཅིག་ཡིན་སྟེ། ཐ་མའི་མུན་པ་ཟད་བྱེད་ལ་དབུགས་ཕྱེད་ལས་མེད་པས་ལུང་ལས་གསུངས་པ་འོག་ན་ཡོད་པ་བཞིན་ནོ། །མུན་པ་ཆེན་པོ་ཞག་གཅིག་པོ་ཡང་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བ་སྟེ། དེའི་ཚེ་དབུ་མའི་རྩ་ཆེན་པོ་སུམ་བཅུ་སོ་དྲུག་དོར་ཞིང་ཀུན་གཞིའི་རྣམ་པར་ཤེས་པ་སྲོག་གི་རླུང་དང་ལྷན་ཅིག་ཕ་རོལ་ཏུ་འགྲོ་སྟེ། དབུ་མའི་སྒྲ་གཅན་གྱི་འཆི་ལྟས་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །འདིའི་ངེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། །དུས་ཀྱི་ལོ་ནི་ཇི་སྲིད་གཅིག་ནས་ཉིན་ཞག་ཚུལ་གྱིས་རྒྱུ་བ་ཡིས་ནི་འཕེལ་ཞིང་འཕོ་བར་བྱེད། །ཟླ་བ་ཉི་མའི་ལམ་ཞེས་བྱ་བ་མི་མཉམ་མཉམ་པ་ནས་ནི་ཉིན་ཞག་རེ་རེ་རིམ་གྱིས་འཕེལ། །སླར་ཡང་འཕོ་བའི་རིམ་པས་མཉམ་དང་མི་མཉམ་ཉི་མས་རྩི་བས་ནི་བཅུ་གཉིས་རྣམས་སུ་བྱེད་པར་འགྱུར། །ཇི་སྲིད་ཟླ་བ་ཕྱེད་དང་གཉིས་སུ་བཅུ་ལ་གསུམ་གྱིས་བསྒྱུར་པ་དང་ནི་འཚོ་བའི་ཉིན་ཞག་གསུམ། །དབུགས་དང་ཆུ་སྲང་རྣམས་དང་དབྱུག་གུར་རིམ་གྱིས་ཉིན་དང་མཚན་དུ་འཕེལ་བ་དེ་དག་རྣམས་ཀྱིས་སོ། །ལོ་བདུན་དུ་ཡང་བསྒྲོད་པའི་ཡན་ལག་གིས་ཏེ་བསྒྲོད་པའི་དབང་གིས་དྲུག་བཅུའི་ལོ་རྣམས་ཀྱང་། །ལོ་ནི་སུམ་བཅུ་ཟླ་བ་གསུམ་གྱིས་ཉིན་མཚན་འགྱུར་བ་དུས་ཀྱི་ལོ་དང་ཟླ་བ་ཕྱེད་པ་གསུམ། །ཞེས་གསུངས་པ་འདི་རྣམས་ཤིན་ཏུ་རྒྱས་པར་བཤད་པ་ཡིན་ནོ། །གཡས་གཡོན་དང་དབུ་མའི་འཆི་ལྟས་ལོ་གསུམ་ཕྱོགས་གསུམ་ལས་སོ་སོར་བགོས་ན་ཇི་ལྟ་བུ་ཞེ་ན། ཞག་སུམ་བཅུ་སོ་བཞི། ཆུ་ཚོད་སུམ་བཅུ་སོ་དྲུག་ཆུ་སྲང་ལྔ་བཅུ་ང་ལྔ་དབུགས་གཅིག་གི་སུམ་བཅུ་པོ་ཕྱེད་དང་གསུམ་གྱི་ཆ་བཅུ་རྣམས་ནི་དབུ་མ་སྒྲ་གཅན་གྱི་འཆི་ལྟས་ཀྱི་སྐལ་པ་ཡིན་ལ། གཡས་གཡོན་གྱི་ཉི་ཟླའི་རླུང་གཉིས་པོ་ལ་ཞག་ལྔ་བརྒྱ་བཞི་བཅུ་རྩ་ལྔ་ཆུ་ཚོད་བཅུ་གཅིག་ཆུ་སྲང་སོ་གཉིས་དབུགས་གཅིག་དབུགས་ཀྱི་བཞི་གསུམ་ཆ་དང་བཅས་པ་རེ་རེ་ཡོད་པ་ནི་ཉི་ཟླའི་འཆི་ལྟས་དངོས་གཞི་ཡིན་པས་རྒྱུད་ལས། ཉི་མའི་ཚོགས་ལ་ཕྱེད་བཅས་སུམ་བཅུ་རྩ་གཉིས་རྣམས་ཀྱིས་བགོས་པ་དུས་ཀྱི་འཁོར་ལོ་རྒྱུ་བ་ཡིན། ཞེས་གསུངས་པའི་འགྲེལ་པར། འདི་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལ་སུམ་བཅུ་རྩ་ཕྱེད་དང་གསུམ་གྱི་ཆས་རྙེད་པ་ནི། ཉི་མ་སུམ་བཅུ་རྩ་བཞི་དང་དབྱུ་གུ་སུམ་བཅུ་རྩ་ལྔ་དང་དབུགས་ཕྱེད་དང་གསུམ་སྟེ་འདི་རྣམས་ལས་ཉི་མ་གཅིག་ལྟེ་བར་རོ། །ལྷག་མ་གཡོན་དང་གཡས་སུ་འཆི་ལྟས་རིག་པར་བྱ་སྟེ་ཉི་མ་སོ་སོར་ལ་དབྱུ་གུ་ལྷག་པར་འགྱུར་ཏེ་ཐ་མར་རྩ་གཡས་སུ་རྒྱུའོ། །དུས་སུ་འཆི་བའི་ངེས་པའོ། །ཞེས་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། །དེ་ལས་བགོ་བཤའ་ཞིབ་ཏུ་བྱས་པ་དག་ནི་སློབ་དཔོན་ཀུན་དགའ་ཡིས་མཛད་པའི་དུས་འཁོར་འགྲེལ་པ་ན་ཡོད་དོ། །གསུམ་པ་གཡས་པ་ཉི་མའི་འཆི་ལྟས་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་དུས་མིན་ཉི་མ་ཡི། །འཆི་ལྟས་ངེས་པ་འདི་ལྟ་སྟེ། །ཞེས་པ་སྐྱེས་བུ་ཚེ་ལོ་བརྒྱ་པའི་དུས་སུ་འཆི་བ་ནི། སྔར་བསྟན་ལ་སྔོན་གྱི་ལས་ཀྱིས་དུས་མ་ཡིན་པར་འཆི་བ་འབྱུང་བས་དེ་ལ་ཡང་ཉི་མའི་ཁམས་གཡས་པ་མྱུར་ཏུ་ཟད་པའི་འཆི་ལྟས་འབྱུང་བའི་ཚུལ་འདིར་རྒྱས་པར་འཆད་པའོ། །རྒྱས་པར་བཤད་པ་ལ་ཚིགས་སུ་བཅད་པ་ལྔ་དང་རྐང་པ་གསུམ་སྟེ། དེ་ཡང་སྣ་གཡས་སུ་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་ན་ངེས་པར་འཆི་བའི་ལྟས་ཡིན་པས་འཚམས་གྱི་ངེས་བཟུང་ངོ་། །དེ་ནས་ཁྱིམ་བཅུ་གཉིས་པའི་རྩ་གཡས་ཕྱོགས་ནས་བཟུང་ནས་གླང་ལ་སོགས་པ་མཐུན་པའི་དུས་སྦྱོར་ནས་བཟུང་ནས་ཁྱིམ་བཅུ་གཉིས་རིམ་པ་ལྟར་དུ་འདོར་ཞིང་ལྟེ་བའི་ཁྱིམ་བཅུ་གཉིས་པོའི་རྩ་དྲུག་བཅུ་པོ་འགག་པར་འགྱུར་ཏེ། དེ་ལ་གང་གི་ཚེ་སྣ་གཡས་སུ་ཞག་ལྔ་རྒྱུ་བ་དེའི་ཚེ་གླང་གི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་ཏེ་ལོ་གསུམ་གྱི་ཚེ་ལུས་པ་ཡིན་ནོ། དེ་ནས་ལོ་གཅིག་གི་བར་དུ་རིམས་ཀྱིས་འཕེལ་ནས། སྣ་གཡས་སུ་རླུང་ཞག་བཅུ་རྒྱུ་བའི་ཚེ་ཁྱིམ་གཉིས་པའི་རྩ་ལྔ་དོར་ནས་ལྷག་མ་ལོ་གཉིས་ཀྱི་ཚེ་ཡིན་ནོ། །ཡང་ལོ་གཅིག་གི་བར་དུ་ལྔ་འཕེལ་ནས་སྣ་གཡས་ནས་ཞག་བཅོ་ལྔ་རྒྱུ་བ་ན་ཁྱིམ་གསུམ་པའི་རྩ་ལྔ་འགགས་ནས་ལོ་གཅིག་གི་ཚེ་ལུས་སོ། །དེ་ནས་ཟླ་བ་རེར་ཞག་རེ་འཕེལ་ནས་ཟླ་བ་དྲུག་ན་སྣ་གཡས་ནས་ཞག་ཉི་ཤུ་རྒྱུ་ན་ཁྱིམ་བཞི་པའི་རྩ་ལྔ་འགགས་ནས་ཟླ་བ་དྲུག་གི་ཚེའོ། །དེ་ནས་ཟླ་བ་གསུམ་ལ་ཞག་ལྔ་འཕེལ་ནས་སྣ་གཡས་ནས་ཞག་ཉེར་ལྔ་རྒྱུ་ན་ཁྱིམ་ལྔ་པའི་རྩ་ལྔ་འགགས་ནས་ཚེའི་ལྷག་མ་ཟླ་བ་གསུམ་ལུས་ཏེ། དེ་རྣམས་ལྔ་ཚན་འཕེལ་བ་སྟེ། །ཁྱིམ་ལྔ་སྟོངས་པར་གྱུར་པ་ཡིན། །ཞེས་སྨོས་སོ། །དེ་ནས་ཞག་རེ་རེ་འཕེལ་བས་ལྟེ་བའི་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ། སྣ་གཡོན་ནས་ཞག་བཞི་གཡས་པ་ནས་ཉེར་དྲུག་རྒྱུ་བས་ཁྱིམ་དྲུག་པའི་རྩ་ལྔ་སྟོངས་ནས་ཚེའི་ལྷག་མ་ཟླ་བ་གཉིས་སོ། །དེ་ནས་ཡང་སྣ་གཡོན་ནས་ཞག་གསུམ་གཡས་པ་ནས་ཉེར་བདུན་རྒྱུ་བས་ཁྱིམ་བདུན་པའི་རྩ་ལྔ་སྐམས་ནས་ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་སྟེ། འདི་ཚུན་ཆད་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བསླུ་བར་ནུས་པས། ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། །དེ་ནས་སུས་ཀྱང་བཟློག་མི་ནུས། །ཞེས་སྨོས་སོ། །འདི་ནས་ཞག་སུམ་བཅུ་སོ་གསུམ་ན་འཆི་བ་ཡིན་པས་ཚེའི་ལྷག་མ་ཟླ་བ་གཅིག་པོ་དེའི་ཞག་བཅོ་ལྔ་ལ་ཁྱིམ་བརྒྱད་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་བཅུ་རུ་ཁྱིམ་དགུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་ལྔ་ལ་ཁྱིམ་བཅུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་གསུམ་ལ་ཁྱིམ་བཅུ་གཅིག་པའི་རྩ་ལྔ་སྐམ་སྟེ། དེ་ལྟར་ཞག་སུམ་བཅུ་སོ་གསུམ་དུ་སྣ་གཡས་ནས་རྒྱུ་བས་ཁྱིམ་བཞི་འདོར་བར་བྱེད་ཅིང་སྤྱིར་ཁྱིམ་བཅུ་གཅིག་སྟོངས་ནས་ཉི་མའི་སྟོབས་ཟད་པར་གྱུར་ཏེ་དེའི་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་སྣ་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་དེ། །ཁྱིམ་བཅུ་གཉིས་པ་ལུག་གི་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ནས་ལྟེ་བའི་རྩ་ཐམས་ཅད་དུ་རླུང་མི་རྒྱུ་བས་གོང་དུ་བཤད་པ་སྟར། དེ་ནས་དབུ་མར་ཞག་གཅིག་བརྒྱུས་ནས་རྣམ་པར་ཤེས་པ་ཕ་རོལ་ཏུ་འགྲོ་བར་བྱེད་དེ། འདི་ཡང་དུས་ཀྱི་འཁོར་ལོར་ལྔ་ལས་ལྔ་ཡིས་འཕེལ་བས་ཉི་ཤུ་རྩ་ལྔའི་ཉིན་ཞག་རྣམས་ཀྱི་ཚུལ་གྱིས་རྒྱུ་ཞིང་འཕོ་བར་འགྱུར། དེ་ནས་རེ་རེས་ལྷག་པ་བཅུ་ལ་གསུམ་གྱིས་བསྒྱུར་བ་དང་ནི་ཇི་སྲིད་གསུམ་གྱིས་ལྷག་པ་རྣམས། །གང་དུ་རྒྱས་པའི་དུས་ལ་ལོ་ནི་གསུམ་མིག་ཟླ་བ་དྲུག་གསུམ་ཟུང་དང་ཟླ་བས་མ་ལུས་པར་དེ་རྣམས་ཟླ་བ་ལྷག་མ་ཉིན་ཞག་རྣམས་ནི་ཚེས་ཕྱོགས་མདའ་དང་ཡོན་ཏན་གཉིས་གཅིག་འཚོ་བར་འགྱུར། །མཆོག་གི་ཆ་ནི་རང་གནས་ཁྱིམ་གྱི་འཁོར་ལོ་འདོར་ཞིང་འབྲི་བའི་ལྷག་མ་དག་ནི་མཉམ། །ལོ་དང་ཟླ་བ་ཉི་མ་ཡང་ནི་གསུམ་མིག་ཟླ་བ་དང་ནི་དྲུག་དང་གསུམ་ཟུང་ཟླ་བ་ཡིས། །རྒྱས་པ་ལས་ནི་འབྲི་བ་དང་མཉམ་ཚེས་ཕྱོགས་མདའ་དང་ཡོན་ཏན་དང་ནི་ཟེ་འབྲུ་ལ་ཞུགས་པ། །ཉི་མ་སུམ་བཅུ་རྩ་དྲུག་རྣམས་ཀྱི་མཐར་ནི་ཉི་མའི་འཆི་ལྟས་སྦྱོར་བ་ཡིས་ནི་འཆི་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །བཞི་པ་གཡོན་པ་ཟླ་བའི་འཆི་ལྟས་བཤད་པ་ནི། མདོར་བསྟན་དང་། རྒྱས་བཤད་གཉིས་ལས་དང་པོ་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། །ཞེས་པ་སྟེ་སྐྱེས་བུ་འགའ་ཞིག་ལ་དུས་མ་ཡིན་པར་འཆི་བའི་རྟགས་སྣ་གཡོན་པ་ཟླ་བའི་རླུང་འབྱུང་བ་ཡང་ཡོད་པས་དེ་སྟོན་ཏོ། རྒྱས་པར་བཤད་པ་ནི་ཚིགས་བཅད་ཕྱེད་དང་ལྔ་སྟེ། དང་པོ་ལུག་ལ་སོགས་པའི་མི་མཐུན་པའི་དུས་སྦྱོར་ལ་སྣའི་བུ་ག་གཡོན་པ་ནས་སྲོག་རྒྱུ་བ་ཡོད་པས་སྣ་གཡོན་ནས་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་ན་འཕོ་བར་འགྱུར་བའི་རྟགས་སོ། །དེ་ནས་ཟླ་བ་གསུམ་གསུམ་ན་འཆི་རྟགས་ཞག་རེ་རེ་འཕེལ་ཏེ་ཟླ་བ་དྲུག་འདས་ནས་སྣ་གཡོན་དུ་ཞག་གསུམ་རྒྱུ་བས། དེ་ནས་ཟླ་བ་སུམ་བཅུའི་ཚེ་ལུས་ཏེ་ལྟེ་བའི་ལུག་གི་ཁྱིམ་གྱི་རྩ་ལྔ་སྟོངས་པ་ཡིན་ནོ། །དེ་ནས་ཟླ་བ་རེ་རེ་བཞིན། །འཆི་ལྟས་ཞག་ནི་རེ་རེ་འཕེལ། །ཟླ་བ་གསུམ་གྱིས་ཁྱིམ་རེ་འདོར། །གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། །འཚོ་བའི་ཟླ་བ་འབྲི་བ་ཡིན། །ཞེས་བྱ་བ་ཟླ་བ་རེ་རེ་བཞིན་དུ་གཡོན་དུ་འཆི་ལྟས་ཀྱི་ཞག་རེ་རེ་འཕེལ་བས། ཞག་དྲུག་རྒྱུ་ཙམ་ན་ཁྱིམ་གཉིས་པའི་རྩ་ལྔ་སྐམ་མོ། །ཚེའི་ལྷག་མ་ཟླ་བ་ཉེར་བདུན་ནོ། །གཡོན་ནས་ཉི་མ་དགུ་རྒྱུ་བ་ན་ཁྱིམ་གསུམ་པའི་རྩ་ལྔ་སྟོངས་ཏེ་ཚེ་ཟླ་བ་ཉེར་བཞིའོ། །ཉི་མ་བཅུ་གཉིས་རྒྱུ་བ་ན་ཁྱིམ་བཞི་པའི་རྩ་ལྔ་སྟོངས་ཏེ། ཚེ་ཟླ་བ་ཉེར་གཅིག་གོ །ཉི་མ་བཅོ་ལྔ་རྒྱུ་བ་ན་ཁྱིམ་ལྔ་པ་འདོར་ཞིང་། ཚེ་ཟླ་བ་བཅོ་བརྒྱད་དོ། །སྣ་གཡོན་ནས་ཉི་མ་བཅོ་བརྒྱད་རྒྱུ་བ་ན་ཁྱིམ་དྲུག་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་བཅོ་ལྔའོ། །ཉི་མ་ཉེར་གཅིག་གཡོན་ནས་རྒྱུ་བ་ན་ཁྱིམ་བདུན་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་བཅུ་གཉིས་སོ། །གཡོན་ནས་ཞག་ཉེར་བཞི་རྒྱུ་བ་ན་ཁྱིམ་བརྒྱད་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་དགུའོ། །གཡོན་ནས་ཞག་ཉེར་བདུན་རྒྱུ་བ་ན་ཁྱིམ་དགུ་པའི་རྩ་ལྔ་འདོར་ཞིང་ཚེ་ཟླ་བ་དྲུག་གོ །གཡོན་ནས་ཟླ་གཅིག་རྒྱུ་བ་ན་ཁྱིམ་བཅུ་པའི་རྩ་ལྔ་འདོར་ཞིག་ཚེའི་ལྷག་མ་ཟླ་བ་གསུམ་མོ། །དེ་ནས་ཟླ་བ་གསུམ་ལ་ཁྱིམ་བཅུ་གཅིག་པའི་རྩ་ལྔ་དོར་ནས་འཆི་ལྟས་སྣ་གཡོན་ནས་ཞག་སུམ་བཅུ་སོ་གསུམ་རྒྱུ་སྟེ་དེས་ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཞག་གསུམ་ན་འཆི་བར་འགྱུར་ཏེ། དེ་ནས་ཞག་གཉིས་ཉི་མའི་ཁམས་ཟད་པར་བྱེད་པ་སྣ་གཡས་པ་ནས་རྒྱུ་བས་ཁྱིམ་བཅུ་གཉིས་པའི་རྩ་ལྔ་ཡང་སྟོངས་པར་བྱས་ནས་དེའི་འོག་ཏུ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་བརྒྱུས་ནས་རྣམ་པར་ཤེས་པ་གཞན་དུ་འཕོའོ། །འདི་ཡང་དུས་ཀྱི་འཁོར་ལོར། གལ་ཏེ་སྲོག་ནི་ཉིན་དང་མཚན་ལ་རྩ་ནི་གཅིག་ནས་རྒྱུ་ན་དུས་ཀྱི་ལོར་ནི་འཆི་བར་འགྱུར། གལ་ཏེ་མི་རྣམས་ལ་ནི་རྒྱུན་མ་ཆད་པར་ཟླ་བ་ཕྱེད་དུ་རྒྱུ་ན་ཕྱེད་དང་གཉིས་འཚོའོ། །རྒྱུན་མ་ཆད་པར་ཟླ་བ་གཅིག་ཏུ་རྒྱུ་ན་མིའི་བདག་པོ་འཚོ་བ་ཡང་ནི་ཟླ་བ་གསུམ། དེ་ལྟར་རྣལ་འབྱོར་རང་གི་ལུས་ལ་དུས་ཀྱི་འཁོར་ལོ་ཟླ་བར་རྒྱུ་བས་འཆི་བར་ཤེས་པར་བྱའོ་ཞེས་གསུངས་སོ། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་འི་ཚིགས་བཅད་ལྔ་སྟེ། དེ་ལྟར་གཡས་གཡོན་གྱི་ཉི་མ་དང་ཟླ་བའི་འཆི་ལྟས་སོ་སོར་འབྱུང་བའི་རྒྱུན་མཚན་ལྟེ་བའི་མཉམ་པའི་ཁྱིམ་ལུག་ལ་སོགས་པར་མི་མཐུན་པའི་དུས་སྦྱོར་ལ་ཁྱིམ་དེ་ནས་ཐོག་མར་རླུང་རྒྱུན་ཟླ་བའི་འཆི་རྟགས་གཙོ་བོར་འགྱུར་ཏེ། གཞན་མཐུན་པ་མ་ཡིན་པའི་དུས་སྦྱོར་དུ་གླང་ལ་སོགས་པ་མི་མཉམ་པའི་ཁྱིམ་རྣམས་ལས་ཐོག་མར་རླུང་རྒྱུ་བ་བྱུང་ན་ཉི་མའི་འཆི་རྟགས་གཙོ་བོར་གྱུར་པ་ཡིན་ནོ། །ཞེས་རྒྱུད་འགྲེལ་ལས་གསུངས་པ་ཡིན་ནོ། །གཞན་ཡང་སྔ་མ་ལོ་བརྒྱ་ཐུབ་པ་ནས། སྐྱེས་ནས་ཞག་གཅིག་ཐུབ་པའི་བར། །རྩ་ཀུན་རྒྱུ་དང་དབུ་མ་རྐྱང་། །རྒྱུ་བའི་རིམ་པར་གསུངས་པ་ཡིན། །ཞེས་པའི་དོན་དབང་ཕྱུག་གི་གཞུང་ལ་སོགས་པའི་འཆི་རྟགས་ཀྱི་རླུང་རྣམས་ལ་གཡས་ནས་དབྱུ་གུ་ལྔ་རྒྱུ་བ་ལོ་བརྒྱ་ནས་འཆི་ལ། ཞག་གཅིག་རྒྱུ་ན་ལོ་བཅུའི་ཚེ་ལ་སོགས་པ་ཡོད་དོ་ཞེས་བྱ་བ་དེ་དག་མི་འཐད་དོ་ཞེས་དགག་པའི་ཕྱིར་གསུངས་པ་ཡིན་ཏེ། འདིར་སྐྱེས་ནས་ཞག་གཅིག་ན་འཆི་བ་ནི་རྩ་གཞན་ཐམས་ཅད་དུ་མི་རྒྱུ་ཞིང་དབུ་མ་ཉིད་ནས་འབྱུང་བ་དང་། ལོ་གསུམ་ན་འཆི་བ་ནི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་མ་གཏོགས་པར་རླུང་མི་རྒྱུ་བ་དང་ལོ་བརྒྱ་ཐུབ་པ་ནི་རྩ་ཐམས་ཅད་དུ་རླུང་རྒྱུ་བས་གོང་གི་དུས་དང་དུས་མ་ཡིན་པའི་འཆི་རྟགས་འདི་དག་འཐད་ཅིང་ངེས་པ་ཡིན་པར་གསུངས་སོ། །གཞན་ཡང་རླུང་གི་འཆི་རྟགས་མེད་ཀྱང་གཞན་དུ་བསགས་པའི་ལས་ཀྱི་མཐུས་འཆི་བ་ན་རྩ་རླུང་ཇི་ལྟར་འགག་ཞེ་ན། གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྩ་རྣམས་གཅིག་ཆར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས། །ཞེས་སྨོས་སོ། །སྔར་བཤད་པའི་ཇི་ལྟར་ལྟེ་བ་འགགས་པ་བཞིན་དུ་འབྱུང་བ་ལྔ་དང་ཉི་ཟླ་སྒྲ་གཅན་གྱི་ཁམས་ཀྱི་ཡོན་ཏན་བརྒྱད་པོ་སྙིང་གར་ཐུན་བརྒྱད་ཀྱི་རིམ་པ་དང་། མགྲིན་པར་རྒྱུ་སྐར་དང་སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཀྱང་འདོར་སྟེ་ཞག་གྲངས་ནི་རྩའི་སྐབས་སུ་བཤད་པ་བཞིན་ནོ། །དེའི་རིམ་པས་འཁོར་ལོ་གཞན་དག་ཀྱང་མཚུངས་ཤིང་འཁོར་ལོ་ལྔ་དང་ཚིགས་ཀྱི་འཁོར་ལོ་སུམ་བཅུ་པོ་ཀུན་ལ་ཡང་ས་ཆུ་མེ་རླུང་ནམ་མཁའི་རླུང་རེ་རེ་ལ་དབྱུ་གུ་བཅུ་གཉིས་བཅུ་གཉིས་བསྐྱེད་སྡུད་ཀྱི་རིམ་པ་ཡོད་པས་དེ་ལྟར་དཀྱིལ་འཁོར་དྲུག་བཅུ་པོ་ཞག་དྲུག་བརྒྱུས་ནས་ཟད་པར་འགྱུར་བ་ཡིན་ནོ། །རླུང་གི་འཆི་ལྟས་ངེས་པ་དང་བཅས་པ་བསྟན་པའོ། །ད་ནི་གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ་གཉིས་སྟེ། ལོ་དགུ་བཅུ་གོ་བདུན་གྱིས་སྟོབས་འདོར་བ་དང་། ལོ་གསུམ་གྱི་འཆི་རྟགས་དངོས་སོ། །དང་པོ་ནི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། གོང་དུ་རྩ་དང་རླུང་འགག་པའི་རིམ་པ་བཤད་ནས་ཐིག་ལེ་འགག་པའི་ཚུལ་ནི། ལོ་གཅིག་ནང་དུ་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ཐམས་ཅད་འཕེལ་ནས་དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཉི་མ་རེ་རེ་ལ་དཀར་ནག་གི་རྩ་གཉིས་གཉིས་འགྲིབ་པ་སྔར་བསྟན་པ་བཞིན་དུ་ཡིན་ལ། དེ་ནས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་བར་དང་བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་བར་དུ་ཐིག་ལེ་འཕེལ་ཏེ་ཡེ་ཤེས་ཀྱི་ཁམས་རྒྱས་པ་ཡིན་ནོ། །དེ་ནས་ཡང་དཀར་བའི་ཆ་འགྲིབ་ཅིང་འདོར་བར་བྱེད་ལ། དེ་ནས་ཁྲག་གི་ཁམས་ལོ་བཅུ་དྲུག་ཏུ་འཕེལ་བ་ཡིན་ཏེ། སོ་གཉིས་ནས་ཁྲག་གི་ཁམས་དེ་ཡང་འདོར་བར་འགྱུར་རོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། མེའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་ཆུའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། སའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་སྟེ། དེ་ལྟར་འགྲིབས་པས་རགས་པར་རྩིས་པའི་ལོ་དགུ་བཅུ་གོ་བདུན་ནས་སྟོབས་ཀུན་དོར་ནས། དེ་ནས་ལོ་གསུམ་ན་འཆི་བ་ནི་དུས་སུ་འཆི་བའི་ངེས་པར་ཤེས་པར་བྱའོ། །འདི་དག་ཀྱང་དབུགས་སྲངས་ཀྱི་ལོ་ལ་འཇོག་གིས་ཕྱི་རོལ་གྱི་ནི་མ་ཡིན་ནོ། །ལོ་གསུམ་གྱི་འཆི་ལྟས་དངོས་ལ་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། དེ་ཡང་ངེས་པར་འཆི་བ་ལ་ཐུག་པའི་རྟགས་ནི། ལྟེ་བའི་དཀྱིལ་འཁོར་དྲུག་བཅུ་པོའི་རྩ་གཅིག་གི་འགྱུ་བ་ཆད་པ་དང་གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་མོ། །དྲི་ཆུ་ངེས་པར་འགྱུར་ན་ཟླ་བ་དྲུག་ན་འཆི་སྟེ། རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་གོ །ལྕེ་ཡིས་ཁ་ཟས་ཀྱི་རོ་འཛིན་པ་དོར་ན་ཞག་ལྔའོ། །མིག་གི་དབུས་སུ་ཚངས་པའི་རི་མོ་སྔར་མེད་པ་བྱུང་ན་ཞག་བཞིའོ། །སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཞག་གསུམ་མོ། །ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས་སོ། །ཆོས་ཀྱི་ཁམས་ཁུ་བ་སྟེང་འོག་ཏུ་ཉམས་ན་ཞག་གཅིག་ནས་ཕ་རོལ་ཏུ་འགྲོ་བ་སྟེ། དེ་ཡང་དཀར་ཆ་འོག་ཏུ་ལྟུང་བས་དམར་ཆ་གྱེན་ལ་འགྲོ་བ་ཡིན། ཞེས་པ་ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྒྲ་གཅན་ཉི་མ་སྟེང་དུ་འགྲོ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། ཞེས་གསུངས་པའི་རིམ་པས་རླུང་རྣམས་ནི་སྣའི་སྒོ་ནས་འགྲོ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ་བསྡུས་ནས་གཞིའི་འོད་གསལ་བ་ཆོས་ཀྱི་སྐུའི་རང་བཞིན་ཉམས་སུ་མྱོང་སྟེ་སྲིད་པ་གཞན་དུ་ཉེ་བར་འཕོ་བར་འགྱུར་རོ། །དེ་རྣམས་ཀྱིས་རྩ་རླུང་བྱང་ཆུབ་ཀྱི་སེམས་འགག་པའི་རིམ་པ་བསྟན་ཟིན་ཏོ།། །།ད་ནི་བཞི་པ་ཞར་ལ་གང་དུ་འཕོ་བ་བཤད་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། འདི་ཡང་ས་པུཾ་ཊ་དང་སྡོམ་འབྱུང་ལ་སོགས་པ་རྣམས་ནས་གསུངས་པའི་ལུང་བསྡུས་པ་ཡིན་པས། །དེ་ནས་ཀུན་གཞིའི་རྣམ་ཤེས་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཞེས་པ་གཞན་དུ་འགྲོ་ས་ཡོད་པ་མ་ཡིན་ཀྱང་གནས་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དུ་ཉེ་བར་བསྡུས་ཏེ་གནས་སོ། །ཐེག་ལེ་ལས་ནི་ལྷ་མོ་ཆེ། །ཞེས་པ་ནི་སྨིན་འཚམས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཐིག་ལེའི་དབུས་སུ་རྣམ་པར་ཤེས་པ་འཕོས་པས་གཟུགས་ཀྱི་ཁམས་བཅུ་དྲུག་ཏུ་སྐྱེའོ། །ལྟེ་བ་ལས་ནི་འདོང་ཁམས་ལྷ། །ཞེས་པ་འདོད་ལྷ་རིགས་དྲུག་གང་རུང་དུ་སྐྱེའོ། །མིག་ལས་འདོད་པའི་མིའི་དབང་པོ། །ཞེས་བྱ་བ་འདོད་ཁམས་ཀྱི་དབང་ཕྱུག་རྒྱལ་པོ་རྣམས་སུ་འགྱུར་རོ། །སྣ་ལས་གནོད་སྦྱིན་རྣམས་སུ་སྟེ། །ཞེས་པ་ལུས་ངན་གྱི་གནས་ལྕང་ལོ་ཅན་དུ་འགྲོའོ། །རྣ་བ་ལས་ནི་གྲུབ་པའི་ལྷ་སྟེ་སུམ་བཅུ་རྩ་གསུམ་གྱི་རིག་པ་འཛིན་པ་རྣམས་ཀྱི་ལྷའི་ནང་དུའོ། །གཞན་ཡང་དགོངས་པ་ཁ་ཅིག་ལ་ལྟེ་བ་ནས་ལྷ་མ་ཡིན་དུ་འགྲོ་ཞེས་ཀྱང་གྲགས་སོ། །དེ་རྣམས་ནི་བདེ་འགྲོར་འཕོ་བའི་ལམ་ཡིན་ཏེ་ངན་འགྲོའི་ལམ་ནི་སྲིད་པའི་སྒོ་ཞེས་པ་ཁུ་བ་འབབ་པའི་སྒོ་ལས་ཡི་དྭགས་སུ་འགྲོ་བར་བཤད་དོ། །ཆུའི་ལམ་ནས་འཕོས་ན་དུད་འགྲོར་འགྱུར་རོ། །འོག་སྒོ་ལས་ནི་དམྱལ་བ་བརྒྱད་དེ། །ཡང་སོས་ནས་མནར་མེད་པའི་བར་གྱི་དམྱལ་བ་རྣམས་སོ། །དེ་ནས་བར་དོ་འབྱུང་བ་ཡིན་ཏེ། དེའི་ཚུལ་ཡང་སྡོམ་འབྱུང་ལས། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པས། །དེ་ཕྱིར་སྔོན་བྱས་ལས་ཀྱི་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོ་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཞེས་བྱ་བ་གསུངས་ཏེ་བར་དོའི་ཚུལ་འདི་ནི་ཁོ་བོས་དྲན་པ་ཉེ་བར་བཞག་པ་དང་ཆོས་དྲུག་གི་བར་དོའི་སྐབས་སུ་ཞིབ་ཏུ་བཤད་ཡོད་པས་འདིར་མ་སྤྲོས་སོ། །འཇུག་བསྡུ་བ་ནི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལྟར་འཆི་བ་དང་སྐྱེ་བའི་རིམ་པ་ཇི་སྙེད་པའི་འཚམས་སྦྱོར་བར་བྱེད་པའི་བར་དོ་དང་བཅས་པ་ཤེས་པ་དང་མ་ཤེས་པའི་ཚུལ་གྱིས་བཅིངས་པ་དང་གྲོལ་བ་བསྟན་པར་འདོད་ནས། །དེ་ནས་བར་དོ་འབྱུང་བ་ཡིན། །སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །ཞེས་བྱ་བ་སྔར་བསྟན་པའི་ལུས་ཀྱི་རྩ་རླུང་བྱང་ཆུབ་ཀྱི་སེམས་སྡུད་རིམས་དེ་ཇི་ལྟ་བ་བཞིན་དུ་བརྟེན་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཀྱང་སྡུད་པས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཐིམ་པ་ནི་སྣང་བ་ཐིམ་པ་ཞེས་བྱ་སྟེ་སྤྲུལ་པའི་སྐུ་བསྡུས་པའོ། །ཡིད་དང་རྣམ་པར་རྟོག་པ་ཐིམ་པ་ནི་མཆེད་པ་ཐིམ་པ་ཞེས་བྱ་སྟེ་སྐྱེ་བའི་རྣམ་པར་ཤེས་པ་ཐིམ་པས་ལོངས་སྤྱོད་རྫོགས་པ་སྡུད་པའོ། །ཀུན་གཞིའི་རྣམ་པར་ཤེས་པ་འོད་གསལ་བའི་རང་བཞིན་དུ་སྦྱོར་བ་ན་ཐོབ་པ་ཐིམ་པ་ཞེས་བྱ་སྟེ་ཀུན་གཞི་ཐིམ་ནས་འོད་གསལ་བ་ཐོབ་པའི་ཕྱིར་རོ། །དེ་ལྟར་ཡིན་ཀྱང་མ་ཤེས་པའི་ཕྱིར། །སྐུ་གསུམ་རང་བཞིན་ཉིད་མ་ཤེས། །འོད་གསལ་སྣང་དང་མུན་པ་ཡི། །ཞེས་བྱ་བ་འོད་གསལ་བའི་རང་བཞིན་སངས་རྒྱས་ཀྱི་སྙིང་པོ་དེ་ནི ་སྣང་བ་ཞེས་བྱའོ། །དེ་ལ་སྒྲིབ་པའི་མ་རིག་པ་བག་ཆགས་དེ་ནི་མུན་པ་ཞེས་བྱའོ། །སྟོང་པ་ནི་ཚོགས་དྲུག་ཡུལ་དང་བཅས་པ་བདེན་པ་མེད་པའི་ཕྱིར་དང་སྟོང་པ་ཆེན་པོ་ནི་དེའི་རྩ་བ་ཀུན་གཞི་ལ་གནས་པའི་ཡིད་ཀྱི་འདུ་བྱེད་བདེན་པ་མེད་པའི་ཕྱིར་དང་། རྣམས་ཞེས་བྱ་བ་ཤིན་ཏུ་སྟོང་པ་ཆེན་པོ་ཀུན་གཞི་ཉིད་མི་བདེན་པ་མིག་ཡོར་དང་མཚུངས་པའི་ཕྱིར་དང་། དེ་ལྟར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རྟོགས་པར་འཁོར་བའི་འཁོར་ལོར་འཁྱམས་ལ། །དེ་ཉིད་སྦྱངས་པས་ཡེ་ཤེས་ཏེ། །རྣམ་པར་དག་ན་མྱ་ངན་འདས། །ཞེས་བྱ་བ་ནི་སྔར་རྒྱས་པར་བསྟན་པ་ཡིན་ནོ། །འདི་ཡན་ཆོད་ཀྱིས་གཞི་དང་ལམ་དང་འབྲས་བུའི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་མ་ལུས་པ་ཐམས་ཅད་རྒྱུད་སྡེ་རྣམས་ལས་ཇི་ལྟར་གསུངས་པའི་དོན་བསྡུས་ཏེ་རྣམ་པར་ཕྱེ་བ་ཡིན་ནོ། །ད་ནི་དེ་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་ཅིང་རིག་པ་འཛིན་པའི་སྡེ་སྣོད་ཀྱི་རྒྱུ་མཚན་རྟོགས་པར་བྱ་བ་དང་། བསྔོ་བ་སྨོན་ལམ་དང་བཅས་པ་ལ་དྲུག་སྟེ། སྤྱིའི་དོན་བསྡུ་བ་དང་། སྡེ་སྣོད་གསུམ་སོ་སོ་དང་སྦྱར་བ་དང་། བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ་དང་། འབྲས་བུའི་རང་བཞིན་བསྡུ་བ་དང་། འདི་གང་ལས་རྙེད་པ་དང་། བཅོམ་ལྡན་འདས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པའོ། །དང་པོ་ནི་ཚིགས་སུ་བཅད་པ་གཉིས་སྟེ། གོང་དུ་གསུངས་པའི་རིམ་པ་འདི་རྣམས་རྒྱལ་བ་ཐམས་ཅད་མཁྱེན་པས་བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་དུ་ཕྱི་རོལ་དུ་ཐུན་མོང་བ་ལྟ་བུའི་རྣམ་པར་རིག་བྱེད་ལ་སྣང་བའི་འཇིག་རྟེན་གྱི་ཁམས་དང་། ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་གཞན་དུ་ཀུན་བརྟགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དང་སྔགས་ལ་སོགས་པ་གསུངས་པ་ཐམས་ཅད་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་དང་བཅས་པའི་རྟོག་པས་ཇི་སྲིད་དུ་སྦགས་ཀྱི་བར་ལ་སྦྱང་གཞི་དང་དྲི་མ་མེད་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྣམ་པ་གཉིས་སུ་གྱུར་བས་འབྲས་བུ་མཐར་ཐུག་པར་གསུངས་ཏེ། ཐམས་ཅད་ཀྱང་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་མིང་ཚིག་ཡི་གེ་ལ་སོགས་པའི་སྤྲོས་པ་དུ་མས་བརྒྱན་པ་དང་བཟུང་འཛིན་གྱི་མཚན་མ་ཐམས་ཅད་མེད་པའི་སྤྲོས་བྲལ་གྱི་གནས་ལུགས་གསུངས་པ་རྣམས་ལ་སེམས་ཅན་གྱི་རྟོག་པ་ཐ་དད་པས་མིང་གི་རྣམ་གྲངས་དུ་མས་གསུངས་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་སོ། །དེའི་ཕྱིར་སྡེ་སྣོད་གསུམ་སོ་སོ་དང་སྦྱར་ནས་བཤད་པ་ལ་གསུམ་སྟེ། དང་པོ་མངོན་པ་ལ་ཡང་ཕྱི་ནང་གཉིས་སྟེ། ཕྱིའི་མངོན་པ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སྟེ། དེ་ཡང་སེམས་ཅན་ལྟ་བ་ཐ་དད་པར་ལྷུང་བ་དག་དྲང་པའི་ཕྱིར་ཕྱི་རོལ་གྱི་བྱེད་པ་པོ་གཞན་ན་མེད་པར་བསྟན་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ལུས་དང་སེམས་དང་ཕྱི་རོལ་གྱི་ཁམས་ལ་སོགས་པའི་སྣང་བ་སེམས་དང་སེམས་ལས་བྱུང་བའི་ཆོས་སྤང་བྱ་དང་གཉེན་པོའི་རྣམ་པར་བཞག་པ་དང་དེའི་ཡན་ལག་དུ། རྟོག་པས་ལྡན་མིན་འདུ་བྱེད་ཀྱི། །སྣོད་བཅུད་ཕྲ་རགས་མིང་ཚིག་དང་། །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། ཇི་ལྟར་ཀུན་ལས་བཏུས་དང་མཛོད་ལ་སོགས་པ་གསུངས་པ་བཞིན་དུ་ཡིན་ནོ། །ནང་གི་མངོན་པའི་ཚུལ་བཤད་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ཡང་ཇི་ལྟར་ཕྱི་རོལ་ན་ཡོད་པ་བཞིན་དུ་ནང་དང་སྦྱར་ནས་བཤད་པ་ནི། ཇི་ལྟར་ཕྱི་བཞིན་ནང་ན་གནས། །རྩ་དང་ལུས་དབྱིབས་འཇིག་རྟེན་ལ། །རླུང་གིས་དག་དུས་ཡི་གེ་བསྐྱེད། །ཐིག་ལེས་གཟའ་དང་རྒྱུ་སྐར་དང་། །ཆུ་བོ་མེ་སོགས་ངེས་པ་བསྟན། །ཞེས་སྨོས་པ་རྣམས་ནི་སྔར་ནང་ལ་སྦྱར་བའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་བ་དང་། གཞན་ཡང་ཐབས་མཁས་པའི་ཁྱད་པར་བསྟན་པ་ནི་ཇི་ལྟར་འཇིག་རྟེན་ན་མིག་གཙུམ་ན་གཟུགས་མི་མཐོང་པ་མངོན་སུམ་དུ་གྲུབ་ལ། མིག་ཕྱེ་བས་ནི་ཟླ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་སྣང་བར་འགྱུར་བ་དང་མིག་བཙིར་ན་ཟླ་བ་གཉིས་སུ་སྣང་བའི་དཔེ་དེ་བཞིན་དུ་ཡང་དག་པའི་ལམ་དུ་འཇུག་པར་འདོད་པའི་སེམས་ཅན་རྣམས་ཀྱང་ཕྱི་རོལ་གྱི་མངོན་པར་གསུངས་པའི་སྤང་གཉེན་གྱི་ཚུལ་རྐྱང་པ་ཤེས་ཀྱང་། རྟེན་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་འཆིང་བ་མ་ཤེས་པས་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མ་ཡིན་ལ། རྟེན་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་ཤེས་ཤིང་བཅིངས་ན་རྟགས་བཅུ་དང་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་ཏེ་དེ་ནི་མིག་བཙུམ་པ་དང་ཕྱེ་བའི་ཁྱད་པར་ལྟ་བུ་ཡིན་ནོ། །གཞན་ཡང་སྔགས་ལས་གསུངས་པའི་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་དོན་གཞན་པ་ཕྱི་རོལ་ན་གྲུབ་པ་མེད་ཀྱང་གཞན་སྣང་ལ་དབང་འབྱོར་བའི་སྤྲུལ་པ་དུ་མ་སྤྲོ་བར་ནུས་པའི་ཕྱིར་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་བསྟན་པའི་རྒྱུ་མཚན་ཡང་དེ་ཡིན་ལ། འདི་ནི་མིག་བཙིར་བས་ཟླ་བ་གཉིས་སུ་སྣང་བ་ལྟ་བུ་སྟེ་བདེན་པ་མེད་བཞིན་དུ་མཚུངས་པར་སྣང་བ་ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་གཞུང་ཐམས་ཅད་ནི་ནང་གི་དོན་གྱི་མངོན་པ་ཡིན་པར་བསྟན་ཏོ། །ཇི་ལྟར་མདོ་སྡེ་ཡིན་པའི་ཚུལ་བཤད་པ་ནི་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པ་ལྟར། འདིར་ཡང་གཞན་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་ནང་གི་གནས་ལ་སོགས་པའི་ས་བཅུ་དང་ལམ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གཟུངས་སྔགས་དང་གསང་སྔགས་དང་རིགས་སྔགས་དང་ལྷ་དང་ལམ་གྱི་རིམ་པར་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་སོ་བདུན་དང་། བསྐྱེད་རྫོགས་ཀྱི་ཡན་ལག་ལ་ཟད་པར་དང་ཟིལ་གྱིས་གནོན་པ་ལ་སོགས་པ་རང་དང་གཞན་གྱི་དོན་གྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པར་བྱེད་པའི་རྒྱུ་མཚན་དེའི་ཕྱིར་ན་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །སྔགས་ཀྱི་ཐེག་པ་ཇི་ལྟར་འདུལ་བའི་དོན་ཡིན་པ་བཤད་པ་ནི་ཚིགས་བཅད་ཕྱེད་དང་གཉིས་སྟེ། དེ་ཡང་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འདུལ་བའི་མདོ་ལས་གསུངས་པ་བཞིན་ཕྱི་རོལ་གྱི་ལུས་ངག་གི་སྲུང་སྡོམ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་ཅིང་རང་གི་ཞི་བ་མངོན་སུམ་བྱེད་པའི་འདུལ་བ་ནི་ཕྱིའི་འདུལ་བ་ཡིན་ལ། ནང་དུ་རང་དང་གཞན་གྱི་དོན་ལ་མ་རྨོངས་པར་ཀུན་རྫོབ་དོན་དམ་དང་རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྡོམ་པའི་ཚུལ་ཁྲིམས་ཐབས་མཁས་པའི་ཁྱད་པར་དང་བཅས་པས་ཉོན་མོངས་པའི་ཚོགས་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་སུ་སྒྱུར་བར་བྱེད་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བ་སེལ་བར་བྱེད་ཅིང་། འཁོར་བའི་ཉེས་པ་ནས་སེམས་ཅན་ཐམས་ཅད་སློང་བར་བྱེད་པའི་ཕྱིར་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་འདུལ་བར་གསུངས་སོ། །དེ་ལྟར་སྡེ་སྣོད་གསུམ་ཐམས་ཅད་དང་མཐུན་པའི་ཕྱིར་ན་རིག་པ་འཛིན་པའི་སྡེ་སྣོད་ཞེས་བྱའོ། །བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཉན་རང་འབྲས་བུ་ཐོབ་བྱེད་དེ། །ཞེས་བྱ་བ་ནི་ཐེག་པ་འོག་མའི་ཚུལ་ཤེས་པའི་དགོས་པའོ། །དེ་བས་ཀྱང་ཆེས་རྨད་དུ་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་དང་ལྡན་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི་ལོགས་སུ་བཤད་པས་དེ་རྣམས་ཤེས་ཤིང་བསྒྲུབས་པའི་དགོས་པ་བསྟན་པར་འདོད་ནས། །ཟབ་མོའི་མདོ་འདུལ་མངོན་པ་རྣམས། །སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། །ཞེས་སྨོས་སོ། །དེའི་སྟེང་དུ་ཡང་ཐབས་མཁས་པའི་ཁྱད་པར་གཞུང་འདི་ནས་ཇི་སྐད་དུ་གསུངས་པ་ལྟ་བུའི་ནང་དོན་རྒྱས་པར་ཤེས་ཤིང་སངས་རྒྱས་ཀྱི་སྙིང་པོའི་ཚུལ་རྟོགས་ནས་འབྲས་བུ་རྟོགས་པ་ལམ་དུ་བྱེད་པ་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས་དེའི་ཕྱིར་རྡོ་རྗེའི་ཐེག་པའི་སྔགས་ཀྱི་ཚུལ་རྒྱུད་ཐམས་ཅད་ལས་གསུངས་པ་གོ་བར་བྱ་བའི་དོན་དུ་ཟབ་མོའི་དོན་ཉེ་བར་མཚོན་པའི་མིང་དང་ཚིག་གི་རྣམ་གྲངས་རྣམས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །འབྲས་བུའི་ཚུལ་ཡོངས་སུ་བསྡུ་བ་བསྟན་པ་ནི་ཚིགས་སུ་བཅད་པ་བཞི་སྟེ། ཐོག་མར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གི་ངོ་བོ་བསྟན་པའི་ཕྱིར། །ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། །ཞེས་པ་སྔར་གོང་དུ་རྒྱས་པར་བཤད་པ་བཞིན་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་མངོན་སུམ་རྣམས་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན་ཐམས་ཅད་ཀྱང་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་ཡིན་ལ་དེའི་ཚེ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་རྣམ་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པའི་ལྟ་བས་ཟིན་པས་རྒྱུ་འབྲས་སོ་སོར་རྟོག་པའི་ཡེ་ཤེས་དང་། རང་གི་ངོ་བོས་སྟོང་པའི་ཡེ་ཤེས་དང་དེ་ལ་དབང་ཐོབ་པས་དེའི་མཐུ་སྟོན་པར་བྱེད་པའི་བྱ་བ་གྲུབ་པ་དང་། ཐམས་ཅད་ཀྱང་མཉམ་པ་ཉིད་དུ་གནས་པས་མཉམ་པ་ཉིད་དང་དེ་བཞིན་ཉིད་ལས་གཡོས་པ་མེད་པའི་ཚུལ་འདི་ཐམས་ཅད་ལ་བཞུགས་པའི་ཕྱིར། རྫུན་མེད་བསླུ་མེད་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཞེས་པའི་དོན་དང་མཐུན་པར་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །འོ་ན་ཡེ་ཤེས་དེའི་སྒྲིབ་པ་གང་ནས་བྱུང་ཞེ་ན། དེ་སྒྲིབ་འཁྲུལ་རྟོག་བཟུང་འཛིན་གྱི། །ཤེས་པ་བློ་བུར་བར་སྐྱེས་ནས། །ཞེས་པ་སྔར་ཉོན་མོངས་པ་ཅན་གྱི་ཡིད་གང་ནས་བྱུང་བ་བསྟན་པ་ལྟར་ཐམས་ཅད་ཀྱི་རྩ་བ་ང་དང་བདག་ཏུ་ལྟ་བ་ལས་བྱུང་སྟེ་དཔལ་ཆོས་ཀྱི་གྲགས་པས། །བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་གྱུར། །ཞེས་གསུངས་པ་བཞིན་དུ་འདུ་བྱེད་ཀྱིས་མངོན་པར་འདུ་བྱས་ནས་ཡང་དག་པའི་གནས་ལུགས་ཇི་ལྟར་བཞིན་དུ་མ་མཐོང་ཞིང་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པར་གྱུར་ཏེ། སྨིག་སྒྱུ་ལ་ཆུར་འཁྲུལ་པ་བཞིན་དུ་གྱུར་པས་དེའི་ཕྱིར་ན། །ཡོད་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་བས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །ཞེས་སྨོས་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་བཟུང་འཛིན་གྱི་འཁྲུལ་པ་རྣམས་བྲལ་ན། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། སྔར་བསྟན་པ་ལྟར་རྟོགས་པས་སངས་རྒྱས་རང་བཞིན་ཏེ། དེ་ཡང་སྔར་བདེན་པ་གཉིས་ཀྱི་སྐབས་སུ་ཇི་སྐད་བཤད་པ་བཞིན་དུ། །ཀུན་རྫོབ་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་གཟིགས། །དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། །དབྱེར་མེད་གཅིག་དུ་བདེན་གཟིགས་པས། །ཞེས་བསྟན་ཏོ་དེ་ལྟར་རྟོགས་པའི་རྒྱུ་མཚན་གྱིས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་དང་བྲལ། ཞེས་བྱ་བ་སྨོས་ཏེ་འདིའི་ངོ་བོ་ཡང་རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཞེས་གསུངས་པས་དེ་ལྟ་བུའི་སྙོམས་འཇུག་གི་སྒྲིབ་པ་དག་ནས་བདེན་པ་གཉིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་སོ་སོ་རང་གིས་རིག་པ་དེ་ཉིད་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སུ་གསུངས་ཏེ། དེ་ཡང་རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་ལྡན་པ་ཉིད། །འགྲོ་བ་ཞི་བའི་ཆོས་ཉིད་དུ། །གཟིགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བའི་ཕྱིར། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་ཏེ་དག་པ་ཉིད། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་སྔགས་ཀྱི་འབྲས་བུ་མཐར་ཐུག་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །བསྟན་ཆོས་འདི་གང་ལས་རྙེད་པ་ནི་ཚིགས་སུ་བཅད་པ་བཞི་སྟེ། གོང་དུ་བསྟན་པའི་རྒྱུ་མཚན་དེས་ན། རྡོ་རྗེའི་ཐེག་པ་འདིར། གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། །འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། །ཞེས་བྱ་བ་ནི་དཔག་དུ་མེད་པའི་རྡོ་རྗེ་ཐེག་པའི་ཚིག་དོན་རྣམས་ལ་འདིར་གལ་ཆེ་བ་དག་བསྡུས་པ་ཡིན་ནོ། །བློ་རྒྱ་ཆེ་བ་དག་གིས་ཕྱི་ནང་གཞན་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་རྣམས་ལ་འཇུག་པར་བྱ་བ་ནི་རྒྱས་པར་བསྟན་པ་དཔག་མེད་ཀྱང་། རྒྱལ་སྲས་རྣམས་ཀྱི་བསྟན་པ་ཡི། རྒྱུད་འགྲེལ་རྣམས་ལ་ལྟ་བར་གྱིས། །ཞེས་སྨོས་ནས་དེ་དག་ལ་ལྟ་བར་བྱེད་པ་ལ་ཡང་གཞུང་འདི་ལྟ་བུ་དགོས་པས་དེ་རྣམས་ཀུན་ལ་འཇུག་པའི་སྒོ་ནི་འདི་ཡིན་ནོ། །འོ་ན་འདི་ཁྱོད་རང་གིས་དྲན་པ་བྲིས་སམ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཐམས་ཅད་མཁྱེན་པས་གསུངས་པའི་བླ་ན་མེད་པའི་རྒྱུད་ཀྱི་དོན་ཁོ་ན་བསྡུས་པ་ཡིན་ཏེ། དེས་ན། ཟབ་མོ་ནང་གི་དོན་བཤད་པ། འདི་ནི་རང་བཟོ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །ཞེས་སྨོས་སོ་འོ་ན་རྒྱལ་བས་གསུངས་པའི་རྒྱུད་རྣམས་མཐའ་དྲུག་ལ་སོགས་པའི་དབུས་སུ་ཆུད་པ་ཤིན་ཏུ་གོ་དཀའ་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱིས་ཀྱང་། །གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། གསང་བ་པའི་བདག་པོ་ཆེན་པོ་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། འཇམ་པའི་དབྱངས་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་རྒྱུད་ཀྱི་འགྲེལ་པ་དང་། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་གྲུབ་ཡབ་སྲས་རྣམས་དང་། དཔལ་ས་ར་ཧ་པ་དང་། མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱད་དང་། མཁས་པ་ཆེན་པོ་ཤན་ཏི་པ་དང་དུས་འཁོར་ཞབས་དང་དཔལ་ཏཻ་ལོ་པ་ཆེན་པོ་དང་ནཱ་རོ་དང་མཻ་ཏྲི་ལ་སོགས་པ་ཕྱིས་བྱོན་པའི་མཁས་ལ་གྲུབ་པ་ཐོབ་པ་ཆེན་པོ་རྣམས་དང་ཡང་དག་པར་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པའི་བླ་མ་དམ་པ་ཉིད་རྣམས་ཀྱི་རྣམ་འགྲེལ་གྱི་མཐུ་ལ་རྟེན་ནས་བློ་གྲོས་ཀྱི་མིག་གིས་མཐོང་ཞིང་རྙེད་པ་ཡིན་ཏེ། རང་བཟོར་བཤད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ་གསུམ་སྟེ། བསྟོད་པ་དང་། བསྔོ་བ་དང་། བཟོད་པར་གསོལ་བའོ། །དང་པོ་ནི། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། །ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོབ་པར་མཛད། །ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ་གང་གིས་རྡོ་རྗེའི་ཐེག་པ་བླ་ན་མེད་པ་བསྒྲུབས་ཤིང་མཐར་སོན་པར་བྱས་པའི་དེ་བཞིན་གཤེགས་པ་དེ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །དེའི་སྐུ་དེ་ནི་ནམ་མཁའི་སྐུ་ཅན་སྟེ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་རང་གི་ངོ་བོ་སེམས་ཀུན་གཞིའི་རྣམ་པར་ཤེས་པ་འགགས་ཤིང་དག་པས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞི་བ་ཆེན་པོ་མཐར་སོན་པ་སྟེ། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་པའི་མེ། །ཞི་དེའི་ཚུལ་གྱིས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བའང་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཞེས་ཟླ་བ་གྲགས་པས་གསུངས་པ་ལྟ་བུ་ཡིན་ཏེ། སྦྱང་གཞི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་འགགས་པས་གཉེན་པོའི་མིང་ཅན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་མཛད་པ་སྟེ། དེའི་ཕྱིར་ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པ་ནི་ནམ་མཁའི་སྐུ་ཅན་ནོ། །དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པས་བསྒྲུབས་པའི་ཆོས་ཀྱི་སྐུ་ནི་ཡེ་ཤེས་བཞི་པོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་དེ་ནི་དུས་ཀྱི་འཁོར་ལོ་ལས་ཉི་མའི་སྐུ་ཡང་ཡིན་པས། ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས་ཞེས་སྨོས་ཏེ་དཔེ་སྦྱར་བ་ཡང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་འཕྲིན་ལས་བསྟན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁས་མཐས་ཀླས་པ་ཀུན་ཏུ་གཟུགས་ཀྱི་སྐུ་ཇི་སྙེད་པ་སྟོན་པར་མཛད་དེ། འཁོར་བའི་སེམས་ཅན་རྣམས་ཇི་སྲིད་མ་སྟོང་གྱི་བར་དུ་རྒྱུན་མི་འཆད་པར་སྟོན་ཏེ་སྐུའི་གསང་བའོ། །དེ་བཞིན་དུ་གསུང་ཡང་ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུར་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་འཕེལ་བར་བྱེད་པའི་གསུང་ཆོས་ཀྱི་དུང་ནི་ངག་གི་རྩོལ་བའི་འདུ་མཛད་པ་མེད་པར་ཡང་ནམ་མཁའི་ཁམས་དང་མཉམ་པར་འབད་པ་མེད་པར་འགྲོ་བ་ཇི་སྙེད་པ་ཀུན་གྱིས་ཐོས་པར་མཛད་པ་ནི་གསུང་གི་གསང་བའོ། །སངས་རྒྱས་བཅོམ་ལྡན་འདས་དེའི་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲི་མ་ཐམས་ཅད་དང་བྲལ་བ་ལྟར་འབད་རྩོལ་གང་ཡང་མེད་པར་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་ལྷན་ཅིག་ཏུ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྤྲོས་པ་དང་ལྡན་པའི་རྒྱལ་བའི་སྲས་དང་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ལ་སོ་སོའི་ཡིད་བཞིན་དུ་རེ་བ་ཐམས་ཅད་སྐོང་བར་མཛད་པ་འདི་ནི་ཐུགས་ཀྱི་གསང་བའོ། །དེ་ལྟ་བུའི་སྐུ་གསུངས་ཐུགས་གྱི་འཕྲིན་ལས་ཀྱི་ཁྱད་པར་སེམས་ཅན་གྱི་ཁམས་ཇི་སྙེད་པའི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་ཏུ་འཇུག་ཅིང་མཁྱེན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཁྱོད་གྱི་སྐུ་གསུང་ཐུགས་ཡེ་ཤེས་ལ་ཉེས་པའི་ཚོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་པར་བཞུགས་ཏེ། ཉི་མའི་འོད་ཟེར་ནི་རིན་པོ་ཆེའི་རི་དང་ས་གཞི་དང་ནགས་ཚལ་དང་མི་གཙང་པའི་ལྗན་ལྗིན་གྱི་ཁྲོད་རྣམས་སུ་ཞུགས་ཤིང་སྣང་བར་བྱེད་སྐེམས་པར་བྱེད་བསྲེག་པར་བྱེད་ཀྱང་དེ་དག་གིས་གོས་པ་མེད་པ་བཞིན་ནོ། །ཚུལ་འདི་ནི་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཞེས་གསུངས་པ་དང་། རྒྱུད་བླ་མ་ལས་ཀྱང་། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་ཤེས་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེ་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་དང་། །དྲི་མེད་རྣམ་པར་རྟོག་མེད་དེ། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་ཀྱི་ཕྱིར། །རྟག་པའི་ཕྱིར་ན་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་རྒྱས་པར་བསྟན་པ་དང་། འཕྲིན་ལས་ཀྱང་། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་དང་། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུར་ཡོངས་སུ་འཛིན། །གནས་ནི་ཡོངས་སུ་གྱུར་བ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །བག་ཆགས་ལས་གྲོལ་བསམ་མི་ཁྱབ། །འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །གང་གིས་ཁྱོད་ནི་ཤེས་པར་ནུས། །ངག་གིས་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱིས་སྤྱོད་ཡུལ་མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །འདི་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའི། །སེམས་ཅན་ཀུན་གྱི་དངོས་མེད་པ། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་ཡོན་ཏན་སྐབས། །སྔར་འགགས་གསལ་དང་དམ་ཆོས་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། ཞེས་བྱ་བ་ནས། །ཇི་སྲིད་འཇིག་རྟེན་མ་ལུས་མཆོག་དུ་ཞི་བ་མ་ཐོབ་དང་། །ཇི་སྲིད་ནམ་མཁའི་ཁམས་རྣམས་ཐོབ་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུམ་དང་སྙིང་རྗེའི་མ་མས་བསྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱེད་ལ་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་ཏེ། །ལུང་འདི་རྣམས་སྨོས་པའི་དོན་ནི་སྔགས་ཀྱི་ཚུལ་དང་སློབ་དཔོན་འཕགས་པ་ཐོགས་མེད་དང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་འབྲས་བུ་རྣམ་པར་བཞག་པ་མི་མཐུན་ནོ་སྙམ་པའི་སྐྱེ་བོ་རྣམས་ཀྱི་ལོག་རྟོག་བསལ་བའི་དོན་དུ་སྨོས་པར་ཟད་ཀྱི་བདག་ལ་ཐེ་ཚོམ་འགའ་ཡང་མེད་དོ། །དེའི་ཕྱིར་རང་གི་སེམས་ཆོས་སྐུ་ལ་དག་པ་དང་མ་དག་པའི་ཚུལ་གྱི་གསང་འདི་མཐོང་བའི་ཕྱིར། །དེ་བཞིན་དང་སོགས་དྲི་མེད་ཅན། །རང་སེམས་དང་སོགས་གོམས་པ་ལ། །སྣང་བའི་རྫོགས་པའི་སངས་རྒྱས་ནི། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛེས་པ་ཅན། །ཞི་བའི་ཆོས་ནི་གསུང་པ་དང་། །མི་གསུང་མཉམ་པར་བཞུགས་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པས། །བྱང་ཆུབ་ཕྱིར་ནི་རབ་སྦྱོར་སྟེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་མོད་ཀྱི་འཇིག་རྟེན་ན། །དོན་ཆེན་བློ་ནི་ཉེར་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམས་ཀྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་དག །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་པར་འགྱུར། །ཞེས་རྒྱུད་བླ་མ་ནས་གསུངས་པ་ལྟ་བུ་འདི་ལ་ངེས་ཤེས་སྐྱེས་པས་དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་བསྟན་བཅོས་བརྩམས་པ་འདི་དག་བསྔོ་བ་ནི། ཟབ་མོའི་ནང་དོན་བཤད་པ་ལ། །དགེ་བ་མཐུ་ཡང་ཅི་ཡོད་པས། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཞེས་བྱ་བ་སྟེ། རྒྱུད་ཐམས་ཅད་ཀྱི་ཟབ་མོའི་དོན་བསམ་གྱིས་མི་ཁྱབ་པའི་གནད་འདི་ལྟར་སྨོས་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་རྨད་དུ་བྱུང་བ་ཡིན་པའི་ཕྱིར་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་གྱུར་ཅིག་ཅེས་བསྔོས་པ་ཡིན་ནོ། །དེ་ལྟར་བསྟན་པར་གྱུར་པ་ལ་རྒྱུད་འགྲེལ་རྣམས་ཀྱི་དོན་ཇི་ལྟ་བར་ཕྱོགས་འཛིན་གྱི་བློ་སྤངས་ནས་རྣམ་པར་བཤད་མོད་ཀྱང་། ཚིག་གཅིག་ཙམ་དོན་དང་རྗེས་སུ་མི་མཐུན་པར་བརྗོད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་མ་གུས་པར་འགྱུར་བའི་ཕྱིར། །ཅུང་ཟད་འགལ་བར་འགྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ་ཞིང་དེ་ལ་ཡང་མཁའ་འགྲོའི་སྒྲ་སྨོས་པ་ནི་གསང་སྔགས་ཀྱི་བརྗོད་པའི་སྒྲ་གོ་བདེ་བའི་ཚིག་དུ་བཅོས་པ་དག་ཉེས་པར་གྱུར་ན་མི་རུང་སྟེ་ཧེ་བཛྭ་ལས། ཀྱེ་ཡི་རྡོ་རྗེའི་དབང་བསྐུར་གང་། །གསང་བའི་སྐད་གྱིས་མི་སྨྲ་ན། །དེ་ནི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཞེས་གསུངས་པས་དམ་ཚིག་གི་ཉེས་པ་ཕྲ་ཞིང་ཕྲ་བ་དག་གིས་ཀྱང་མ་གོས་པར་བྱ་བའི་ཕྱིར་དེ་སྐད་བརྗོད་ཀྱི། མ་གོ་མ་རྟོགས་བཞིན་དུ་མཁས་པར་འདོད་པའི་ང་རྒྱལ་དང་རློམ་པས་བརྗོད་པའི་ཚིག་ཡོད་ནས་བཟོད་པར་གསོལ་བ་མ་ཡིན་ནོ། །ཚུལ་འདི་ལྟར་གཞུང་འདི་ལྟ་བ་དང་སེམས་པ་དང་འཆད་པར་བྱེད་པ་དག་གིས་ཀྱང་། ཉེས་པའི་ཚོགས་རྣམས་ཀྱིས་མ་གོས་པར་བྱའོ། །དེ་ལྟར་རྡོ་རྗེའི་ཐེག་པ་གསང་སྔགས་ཀྱི་ནང་དོན་ཟབ་མོ་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ། དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའི་རྣམ་པར་བཤད་པ་བརྗོད་ཟིན་ནས། །ད་ནི་འགྲེལ་པ་ཉིད་གྱི་དོན་བསྡུ་བ་བརྗོད་པར་བྱ་སྟེ། དེ་ལྟར་ཟབ་མོ་གསང་སྔགས་ཀྱི་དོན་བཤད་པ་འདི། ཡང་དག་པའི་ལྟ་བ་བདེན་པ་གཉིས་དབྱེར་མེད་པ་ལ་རྩ་རླུང་བྱང་ཆུབ་ཀྱི་སེམས་འཆིང་བར་བྱེད་པ་ཐབས་ཀྱི་བསྒོམ་པས་བརྒྱན་པ་རང་གཞན་གྱི་དོན་འགྲུབ་པར་བྱེད་པའི་སྤྱོད་པ་ཅན། སངས་རྒྱས་ཀྱི་སྙིང་པོའི་འབྲས་བུ་མངོན་སུམ་དུ་སྣང་བར་བྱེད་པའི་ཚུལ་ལ་བརྟེན་ནས་བཤད་པ་ཡིན་པས་སྔ་རབས་ཀྱིས་ཕྱོགས་རེ་བསྒོམ་པས་རྟོགས་པ་དང་། ཚིག་ལ་དཀའ་བས་སྦྱངས་ཤིང་གཞུང་ཐ་དད་པ་མཁྱེན་པ་རྣམས་ཀྱིས། ངའི་དེ་དང་མ་མཐུན་ནོ་ཞེས་སྤོང་བར་མི་མཛད་པར་བྱང་ཆུབ་སེམས་དཔའ་དང་མཁས་གྲུབ་རྣམས་ཀྱི་གཞུང་འགྲེལ་རྣམས་དང་། ཐེག་པ་ཆེན་པོ་སྟོན་པའི་མདོ་རྒྱུད་མཐའ་དག་ལ་གཟིགས་ལ། དེ་ནས་མ་བཤད་པ་དང་རྣམ་པ་ཐམས་ཅད་ནས་འགལ་བར་འདུག་ན་དོར་བར་མཛོད་ཅིག །རྒྱལ་བ་རྣམས་ཀྱིས་རྒྱལ་བའི་སྙིང་པོ་མངོན་སུམ་སྟོན་པར་བྱེད་པ་གང་། །ཕྱི་ནང་གཞན་གསུམ་རང་གི་ངོ་བོ་ཡེ་ཤེས་རང་བཞིན་རྟོགས་བྱའི་ཕྱིར། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀུན་སྣ་ཚོགས་ཐབས་ལྡན་པ། །རྡོ་རྗེའི་ཐེག་པས་འདུལ་བའི་འགྲོ་ལ་དུ་མ་བསྟན་པར་མཛད་པ་གང་། །རྒྱུད་ཀུན་ཕྱི་མ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་གྲགས་འཇིག་རྟེན་དུ། །ལྷ་དང་མི་དང་ལྷ་མིན་ཚོགས་རྣམས་དབང་བསྐུར་བསྟན་པར་མཛད་པ་གང་། །འཇམ་པའི་དབྱངས་དང་པད་མ་དཀར་འཛིན་ཐུགས་རྗེའི་ཆུ་ཀླུང་ལས་འཐོན་པ། །ཉོན་མོངས་གདུང་སེལ་དག་པའི་བློ་གྲོས་པད་ཚལ་རྒྱས་པར་བྱེད་པ་གང་། །རིང་ཞིག་ལོན་ནས་གངས་ཅན་ཡུལ་དུ་མཁས་གྲུབ་རྣམས་ཀྱིས་རྩོལ་བའི་མཐུས། །བབ་པ་གང་དེ་ཀླུ་སྒྲུབ་མཚོ་སྐྱེས་ལ་སོགས་མཁས་གྲུབ་རྣམས་ཀྱིས་བཤད་པའི་ཆུ་རྒྱུན་དུ། །དབྱེར་མེད་འདྲེས་པས་འགྲོ་ལ་ཕན་བྱེད་རང་གཞན་དོན་གཉིས་བསྒྲུབ་བྱའི་ཕྱིར། །དོན་གཉེར་རྣམས་ལ་གསལ་བར་སྤྲོས་ཏེ་དིང་སང་དུས་འདིར་བྱུང་བ་ཡིན། །དེ་ལྟར་ཟབ་མོའི་ནང་དོན་ལེགས་བཤད་པས། །རྒྱལ་བའི་སྙིང་པོ་མངོན་སུམ་ངེས་པར་འགྱུར། །དལ་འབྱོར་ཐོས་པའི་ཀླུ་དབང་ལུས་རྫོགས་པས། །གཞུང་མང་ཤེས་ལྡོག་སྦྲུལ་མགོའི་གདེངས་ཀ་ཅན། །ཐ་དད་སྨྲ་བའི་ཕུ་སྒྲ་སྒྲོགས་པ་དག །རྒྱལ་བའི་གཞུང་བཤད་ལུས་སྟོད་མཛེས་གྱུར་ཀྱང་། །ལྟ་བ་སྣ་ཚོགས་ལུས་སྨད་མཛེས་པ་མིན། །འདིར་ནི་རྒྱལ་སྲས་རྣམས་ཀྱིས་གང་མཛད་པའི། །རྡོ་རྗེ་ཐེག་པའི་ཁང་བཟང་ཉམས་དགའ་བར། །སྣ་ཚོགས་རྒྱུད་ཀྱི་རིན་ཆེན་གྱིས་གང་ཞིང་། །དབང་བྱེད་རྒྱལ་བའི་སྙིང་པོའི་ལྷ་དབང་ནི། །ཤེས་བྱའི་གནས་ལུགས་རྟོགས་པའི་བརྒྱན་གྱིས་མཛེས། །ངག་ཚིག་དྲི་མ་མེད་པའི་འོད་ཟེར་འཕྲོ། །ལྷ་བཅས་འགྲོ་ལ་དགོས་འདོད་ཀུན་རྩོལ་བ། །གསང་བའི་བདག་པོས་གསུངས་པ་བཞིན་དུ་བཤད། །དེ་ཕྱིར་བློ་གྲོས་མིག་དང་ལྡན་རྣམས་ཀྱིས། །ཕྱོགས་འཛིན་ཞེན་པའི་ལྟ་བ་ཀུན་སྤོངས་ལ། བདེན་གཉིས་དབྱེར་མེད་འཕགས་པས་གང་གསུངས་པ། །ཐབས་ཤེས་དབྱེར་མེད་ནོར་བུ་སྤྱི་བོས་ལོང་། །རང་གཞན་དགོས་འདོད་འབྱུང་བའི་རྒྱུ་རུ་འགྱུར། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས། །ཟབ་མོའི་གནས་ལུགས་མངོན་དུ་རྟོགས་པ་དང་། །རང་ལ་གནས་པའི་སྙིང་པོའི་ཡེ་ཤེས་དེ། །མྱུར་ཏུ་སྒྲིབ་བྲལ་མངོན་སུམ་སྣང་བར་ཤོག། །།གསང་སྔགས་རྡོ་རྗེ་ཐེག་པའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་གསང་སྔགས་ནང་དོན་གྱི་འགྲེལ་པ་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མས་ཉེ་བར་བརྒྱན་པ། བཤེས་གཉེན་ཆེན་པོ་ཤཱཀྱ་མགོན་པོས་ཁྱད་པར་དུ་བསྐུལ་ཞིང་། གཞན་ཡང་དགེ་བའི་བཤེས་གཉེན་རི་ཁྲོད་དབང་ཕྱུག་རྣམས་ཀྱིས་བསྐུལ་བའི་ཕྱིར། རྩོད་པ་དང་ལྡན་པའི་དུས་སུ་བྱུང་བའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ལམ་དུ་བྱེད་པ། སྔགས་འཆང་རང་བྱུང་རྡོ་རྗེ་ཞེས་བྱ་བས། གླང་ལོ་ཟླ་བ་གཉིས་པ་ལ། ཨུ་རྒྱན་གྱི་མཁན་པོ་པད་མ་འབྱུང་གནས་གྱི་བསྒྲུབ་གནས་ཆེན་པོར་སྦྱར་བ་ཡོངས་སུ་རྫོགས་སོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net