ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
m (1 revision: 3rd Karmapa Collected Works)
 
(No difference)

Latest revision as of 09:39, 18 February 2013

{{{1}}}

༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ། ། [1]

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས། དཔལ་ཏཻ་ལོ་པ་ཆེན་པོ་ལ་གསུངས། དེས་དཔལ་ནཱ་རོ་པ་ལ་དཀའ་བ་བཅུ་གཉིས་སྤྱོད་པའི་རྗེས་ལ་རང་རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་མངོན་སུམ་དུ་ངོ་སྤྲོད་ཅིང་རྟོགས་པའི་དོན་རྗེས་སུ་འཇུག་པ་རྣམས་ལ་ངོ་སྤྲད་པ་འདི་ལ་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་ཞི་གནས་ཀྱི་སེམས་བཙལ་ཞིང་། དེ་ལ་ལྷག་མཐོང་གི་དོན་ལྷན་ཅིག་སྐྱེས་པ་ངོ་སྤྲད་པ་དང་། རྗེས་ཀྱི་དོན་བསྟན་པའོ། །དང་པོ་ནི། ཡང་དག་པའི་བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་ཚུལ་བཞིན་དུ་ཉམས་སུ་ལེན་ཅིང་ཚེ་འདིའི་བྱ་བ་སྤངས་ནས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་ལ་བསྟན་པར་བྱ་སྟེ། ཐོག་མར་ཚུལ་ཁྲིམས་གྱི་སྡོམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོབ་ཅིང་། དབང་གིས་རྒྱུད་ཡོངས་སུ་སྨིན་པར་བྱས་ལ། དབེན་ཞིང་ཉམས་དགའ་བའི་གནས་སུ་ཉམས་སུ་བླང་བར་བྱའོ། །ཐོག་མར་ལུས་ངག་ཡིད་ཀྱི་འཇིག་རྟེན་གྱི་ཁྲི་བ་བཅད་ལ། སྟན་བདེ་བ་ལ་ལུས་ཀྱི་གནད། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག རྐེད་པ་བསྲང་། མགྲིན་པ་དགུག མིག་སྣ་རྩེར་གཏད་ནས་རང་ལུགས་སུ་བཞག་པ་ནི་ལུས་ཀྱི་གནད་དོ། །དེ་ནས་སྐྱེ་བ་ཐོག་མ་མེད་པ་ནས་འཁོར་བའི་རྒྱ་མཚོར་འཁྱམས་ཤིང་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ལ། རང་གི་སེམས་སངས་རྒྱས་ཀྱི་སྙིང་པོ་མ་རྟོགས་པས། ང་དང་བདག་ཏུ་འཛིན་པ་བསྐྱེད་ནས་འཁོར་བ་མཐའ་མེད་དུ་འཁྱམས་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་ཨང་སྙམ་པ་ཞེ་ཐག་པ་ནས་བསྒོམ། དེ་ལྟར་སྙིང་རྗེ་བ་ལ་སྐྱབས་དམ་པ་སངས་རྒྱས་རྣམས་དྲིན་ཆེ། དེའི་གདམས་ངག་མངོན་སུམ་དུ་སྟོན་པའི་བླ་མ་འདིས་བདག་ལ་སངས་རྒྱས་ཀྱི་བྱ་བ་མཛད་པས་ན་དེ་བས་ཀྱང་དྲིན་རེ་ཆེ་སྙམ་དུ་མོས་པ་བསྐྱེད་ནས། སྤྱི་བོར་བླ་མ་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའི་རྣམ་པའམ། རྩ་བའི་བླ་མ་ཉིད་དུ་སྣང་ལ་རང་བཞིན་མེད་པའི་རྣམ་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བཀའ་བརྒྱུད་ཐམས་ཅད་དང་དབྱེར་མེད་པར་བསྒོམས་ལ་ལུས་ལོངས་སྤྱོད་དང་བཅས་པ་འབུལ་ཞིང་། ངག་ཏུ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་དུ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བགྱི། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་ཡིད་རང་ཞིང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་འཁོར་ལོ་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་སྩོལ་ལོངས་སྐུ་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །ཞེས་བརྗོད་ནས། སེམས་རྩེ་གཅིག་ཏུ་བླ་མའི་རྣལ་འབྱོར་གྱི་ངང་ལ་མཉམ་པར་བཞག་གོ །དེ་ལ་མི་གསལ་བའམ་རྟོག་པ་འཕྲོ་ན་བླ་མའི་རྣལ་འབྱོར་འོད་དུ་ཞུ་ནས་སེམས་མ་བཅོས་པར་ཀློད་ལ་བསྒོམ་མོ། །ཐུན་འཇོག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་ཅིག་ཅེས་བརྗོད་ལ་བསྔོ་བས་ཟིན་པར་བྱའོ། །དེ་ལྟར་ལུས་གནད་དང་བླ་མའི་རྣལ་འབྱོར་ཁོ་ནས་ཀྱང་ཏིང་ངེ་འཛིན་སྐྱེ་ཏེ། འདུལ་བ་ལུང་ལས། ཕྱི་རོལ་པའི་དྲང་སྲོང་ལྔ་བརྒྱ་ལ། རང་སངས་རྒྱས་མཐོང་བའི་སྤྲེའུ་ཞིག་གིས་ལུས་ཀྱི་གནད་བསྟན་པར་མངོན་པར་ཤེས་པ་ལྔ་ཐོབ་ཅིང་། རང་བྱང་ཆུབ་ཀྱང་ཐོབ་པའི་གཏམ་རྒྱུད་དང་། བླ་མ་དང་སངས་རྒྱས་ལ་མོས་པའི་རྒྱུས་བྱང་ཆུབ་ཐོབ་པའི་ལུང་། མདོ་རྒྱུད་ཐམས་ཅད་ནས་འབྱུང་བས་འདིར་མ་སྨོས་ཀྱང་ཡིད་ཆེས་པར་བྱའོ། །ཐུན་ཅིག་གོ །གཉིས་པ་དངོས་གཞི་ལ་གཉིས་ལས། ཐོག་མར་ཞི་གནས་ཀྱི་རྒྱུ་བསམ་གཏན་གྱི་ཡན་ལག་སེམས་འཛིན་བསྒོམ་པ་ནི། ལུས་ཀྱི་གནད་སྔར་ལྟར་བྱས་ལ། མིག་གི་བལྟ་སྟངས་སྣ་རྩེར་སོར་བཞིའི་ཐད་དུ་བལྟས་ལ། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་རྟོགས་པ་གསལ་ལ་མི་རྟོག་པའི་ངང་དུ་མཉམ་པར་བཞག་གོ །དེ་ལ་གསལ་སྟོང་དབྱེར་མེད་དུ་རྩེ་གཅིག་ཏུ་མི་གནས་ན། ཡུལ་དྲུག་ལ་བརྟེན་ནས་བསྒོམ་པ་ནི། དང་པོ་མིག་གི་ཡུལ་དུ་རྣམ་པ་གང་གསལ་བ་ཅིག་ལ་ལྟ་སྟངས་གཏད་ལ་སེམས་བཟུང་། སྐབས་སུ་སྐུ་གཟུགས་ལྟ་བུའམ། ཤིང་བུའམ་རྡེའུ་ལྟ་བུ་ལ་གཏད་ཅིང་རིག་པ་བཟུང་ལ་རྟོགས་པ་གཞན་གྱིས་བར་མཆོད་པར་བཞག །དེ་ལ་བརྟན་ན། གཉིས་པ་སྒྲ་ལ་བརྟེན་ནས་བསྒོམ་པ་ནི། ཆུ་སྒྲའམ། རླུང་གི་སྒྲའམ། སེམས་ཅན་སྒྲ་སྐད་ལ་སོགས་པ་གང་གསལ་བ་ལ་སེམས་གཏད་ལ་བཟུང་། དེ་བརྟན་པ་དང་། ཡང་གསུམ་པ་སྣའི་ཡུལ་དུ་སྣང་བའི་དྲི་བཟང་བ་དང་ངན་པ་གང་བྱུང་བ་ལ་ཡང་སེམས་བཟུང་ལ་བསྒོམ་མོ། །དེ་བཞིན་དུ་བཞི་པ་ལྕེ་ལ་སྣང་བའི་རོ་ཞིམ་པ་དང་མི་ཞིམ་པ་ལ་ཡང་སེམས་གཏད་ལ་བསྒོམ། དེ་ལྟར་དུ་ལྟ་བ་ལུས་ཀྱི་རེག་བྱ་བདེ་བ་དང་མི་བདེ་བ་གང་གསལ་བ་ལ་སེམས་བཟུང་། དེ་རྣམས་ལ་ཅུང་ཟད་ཟིན་པ་དང་། དྲུག་པ་ཡིད་ཀྱི་ཡུལ་དུ་སྣང་བའི་ཆོས་ལ་བརྟེན་ནས་བསྒོམ་པ་ཡང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་གཉིས་ལས། དང་པོ་ནི་འཁོར་བའི་ཆོས་སྤང་བྱའི་རྟོག་པ། འདོད་ཆགས་དང་ཁོང་ཁྲོ་དང་། ང་རྒྱལ་དང་། ལྟ་བ་རྣམ་པ་ལྔ་དང་། ཐེ་ཚོམ་ལ་སོགས་པ། ཉོན་མོངས་པ་རྣམས་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྟོག་པས་སེམས་གཡེངས་ན་ཡང་། རྟོག་པའི་ཡུལ་དུ་རྣམ་པ་གང་གསལ་བ་ཅིག་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ལ་བསྒོམ། ཡང་གཉེན་པོའི་རྟོགས་པ་དགེ་བའི་སེམས་ལ་ཡང་གང་སྐྱེས་པ་དེ་ལ་གཏད་ལ་རྟོག་པ་གཞན་གྱིས་བར་མ་ཆོད་བར་རྩེ་གཅིག་ཏུ་སེམས་བཟུང་བས་གནས་པའི་ཉམས་སྐྱེའོ། །དེ་ལྟར་རྟོག་པ་གང་སྐྱེས་པ་ལ། དྲན་པ་དང་ལྡན་པས་སེམས་འཛིན་པ་འདི་ཡི་གནད་ཤེས་ན་བྱིང་རྒོད་ཀྱིས་མི་གནོད་པར་གནས་ཆ་སྐྱེ་ལ། ཡང་ཁ་ཅིག་གིས་སྤང་བྱའི་རྟོག་པ་དེ་ནན་གྱིས་བཀག་དགོས་བྱས་པས། སེམས་མི་གནས་པའི་སྟེང་དུ་སླར་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བ་ཡིན། འདི་ལ་དགོངས་ནས། མདོ་སྡེ་རྒྱན་ལས། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་འབྱུང་བ་དང་། ཧེ་བཛྭ་ལས་ཀྱང་། ཆགས་པས་འཇིག་རྟེན་འཆིང་འགྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་གསུངས་པས་ཐབས་མཁས་པ་ཡང་དེ་ཉིད་ཡིན་ལ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ལ་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པས། དང་པོ་སེམས་འཛིན་པ་ལ། ཡུལ་གཟུགས་ལྟ་བུ་གཅིག་ལ་བསྡུས་པས། ཚོགས་དྲུག་གཅིག་ཏུ་བསྡུ་བར་བྱེད་པས་ཡུལ་གཞན་ལ་དམིགས་པའི་སེམས་ཉེ་བར་ཞི་བར་སྐྱེའོ། །དེ་བརྟེན་ན་ཆོས་འདུས་མ་བྱས་པ་དང་འབྲེལ་བ། ཡུལ་དྲུག་དམིགས་པའི་རྟེན་དེ་ཡང་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་། སྤང་བྱ་དང་། གཉེན་པོའི་མཚན་མ་མེད་པར་རྣམ་པར་རྟོག་པར་ཅི་ཡང་ཡིད་ལ་མི་བྱ་བར་མདུན་གྱི་ནམ་མཁའ་ལ་མིག་གཉིས་གཏད་དེ། ལུས་མ་འགུལ་བ། རླུང་འགྲོ་བ་དང་འོང་བ། རང་སོར་དལ་བར་བཞག་ནས། ངག་མི་སྨྲ་བར་བཞག་སྟེ་དཔལ་ཏཻ་ལོ་པས། སེམས་ནི་ནམ་མཁའ་འདྲ་བར་བཟུང་བར་བྱ་ཞེས་པ་དང་། ས་ར་ཧ་པས་ཀྱང། ནམ་མཁའ་འདྲ་བྱས་རླུང་ནི་མཉམ་པར་འཆིང་། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །མདའ་བསྣུན་གྱི་སྨྲས་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར། །ཞེས་གསུངས་ཞིང་། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ་ཞེས་གསུངས་པའི་དོན་གོ་བར་བྱའོ། །དེ་ལྟར་བསྒོམས་པས་གནས་ཆ་བཟང་པོ་སྐྱེས་པ་དང་། བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ནོ། །དེ་དག་གི་ཡན་ལག་རྒྱས་པ་ནི། སེམས་གནས་ཐབས་དགུ་དང་ཡིད་ལ་བྱེད་པ་བཅུ་ཅིག་ཁོ་བོས་བསྟན་པ་དེར་བལྟ་བར་བྱའོ། །ཞི་གནས་ཀྱི་རྒྱུ་ནི་ཚུལ་ཁྲིམས་ལ་བརྟེན་ཏེ། །ངོ་བོ་ཉོན་མོངས་རྟོག་པས་དབེན་པ་ཡིན། །རྐྱེན་ནི་སེམས་གནས་ཁྱད་པར་ལ་སྐྱེ་སྟེ། །ཕན་ཡོན་ཉོན་མོངས་སྡུག་བསྔལ་རགས་པ་གནོན། །ཞེས་བྱ་བ་ནི་སེམས་མི་གནས་པ་གནས་པའི་རིམ་པའོ། །དེ་ནས་ལྷག་མཐོང་བསྐྱེད་པའི་ཕྱིར་ངོ་སྤྲད་པ་ནི། དཔལ་ཏཻ་ལོ་པའི་ཞལ་སྔ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པའི་དོན་སྔར་སེམས་བཟུང་ནས་གསལ་ལ་མི་རྟོག་པར་གནས་པ་དེའི་ངང་ནས། ཚོགས་དྲུག་གི་ཤེས་པ་འཕྲོ་བ་ལ་བརྟག་པར་བྱ་སྟེ། རྟོག་དེ་ཕྱིར་རོལ་གྱི་ཡུལ་དུ་སྣང་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམ་ལས་སྐྱེས་པ་ཡིན་ནམ། མིག་དང་། རྣ་བ། སྣ། ལྕེ། ལུས་རྣམས་ལས་བྱུང་བ་ཡིན་ནམ། ཞེས་བརྟགས་ན་དེ་ཐམས་ཅད་ལས་ནི་རྟོག་པ་བྱུང་བ་མ་ཡིན་ཏེ། ཡུལ་དྲུག་དང་དབང་པོ་ལྔར་རང་གི་ངོ་བོས་གསལ་ཀྱང་མ་རྟོག་པར་ཐག་ཆོད། འོ་ན་སྒོ་ལྔ་པོའི་ཤེས་པ་གཟུགས་འཛིན་པའི་མིག་གི་རྣམ་པར་ཤེས་པ་དང་། སྒྲ་འཛིན་པའི་རྣ་བའི་རྣམ་པར་ཤེས་པ་དང་། དྲི་འཛིན་པའི་སྣའི་རྣམ་པར་ཤེས་པ་དང་། རོ་འཛིན་པ་ལྕེའི་རྣམ་པར་ཤེས་པ་དང་། རེག་བྱ་འཛིན་པའི་ལུས་ཀྱི་རྣམ་པར་ཤེས་པ་སྟེ་ལྔ་བོ་འདི་ཡང་། ཡུལ་དང་དབང་པོ་ལ་བརྟེན་ནས་སྐད་ཅིག་ཏུ་སྣང་སྟེ་ངོ་བོས་གསལ་ལ་མི་རྟོག་པར་འདུག་པས། ཚོགས་དྲུག་གི་ཤེས་པ་ཡིད་གཅིག་པུ་འདིའི་རྩ་བར་བཅད་པར་བྱ་སྟེ། འདི་ལ་ནི་ཡིད་ཆོས་ལ་གཏད་པ་དེ་ནི་སྒོ་ལྔའི་ཤེས་པ་དང་འདྲ་བར་རང་གི་ངོ་བོས་སྐད་ཅིག་མ་གཅིག་ཏུ་གསལ་ལ་མི་རྟོག་པར་འདུག་པས། ཚོགས་དྲུག་གི་ཤེས་པའི་རང་གི་ངོ་ལ་ནི་འཁྲུལ་པ་མི་འདུག་སྟེ། སྔ་མའི་ཤེས་པ་ནི་འགགས་ཕྱི་མ་ནི་མ་སྐྱེས། ད་ལྟར་གྱི་སྐད་ཅིག་གང་སྐྱེས་པ་དེ་ཡང་སྣང་ཞིང་གསལ་བས་ཀུན་རྫོབ་ཀྱི་བདེན་པ་མི་འདོར་བར། གསལ་ཀྱང་དབྱིབས་སུ་མ་གྲུབ། ཁ་དོག་ཏུ་མ་གྲུབ། བྱེད་པ་པོ་བདག་གམ་ཕྱའམ་དབང་ཕྱུག་གམ་ཚངས་པའམ། རྡུལ་ཕྲན་ནམ་ཕག་ན་མོའམ་གང་ཟག་ལ་སོགས་པས་བྱས་པས་མི་འདུག་པས། རང་བཞིན་གྱིས་སྟོང་པས་ན་དོན་དམ་པའི་བདེན་པ་མི་འདོར་བ་སྣང་སྟོང་གཉིས་ཀྱང་དབྱེ་བ་མེད་གང་དུ་ཡང་སྣང་ཞིང་གང་དུ་ཡང་བརྗོད་དུ་བཏུབ་པས་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའོ། །ཞེས་རྟོགས་པར་བྱའོ། །འདི་ནི་རང་རིག་སྟེ་གང་རང་རིག་འཁྲུལ་བར་རྟོགས་པ་ཉིད་ཡེ་ཤེས་ཞེས་བྱ་སྟེ། ཡེ་ནས་གནས་པའི་གནས་ལུགས་ཤེས་པའི་ཕྱིར་རོ། །དེ་ལྟ་བུའི་མངོན་སུམ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངག་གིས་བརྗོད་པར་མི་ཤེས་ལ། ཡིད་ཉོན་མོངས་ཅན་གྱི་རྟོག་པའི་སྤྱོད་ཡུལ་མ་ཡིན་ནོ། །དེས་ན་རང་གིས་ཉམས་སུ་མ་མྱོང་གི་བར་ལ་བསྟན་དུ་མེད་དོ། །འདི་ནི་དོ་ཧ་ལས་ཀྱང། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ་ཞེས་པ་དང་། ཀྱེ་ཧོ་འདི་ནི་རང་རིག་སྟེ། གཞན་ཡང་དངོས་སུ་བསྟན་དུ་མེད། །འདི་ལས་འཁྲུལ་པར་མ་བྱེད་ཅིག །ཅེས་གསུངས་སོ། །ལྟ་བ་མདོར་བསྡུས་ནས་ཀྱང་། རང་རིག་སྤྲོས་བྲལ་དེ་ཉིད་ནི། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་གཉིས་མེད་གཏན་ལ་དབབ། །ཞེས་པ་ལ་སོགས་པ་ལུང་དང་རིག་པས་གཏན་ལ་ཕབ་པ་གཞུང་ཐམས་ཅད་ནས་གསུངས་ཀྱང་སྤྲོས་པས་ཆོག་གོ །དེ་ནི་ཚོགས་དྲུག་གི་ཤེས་པ་ལ་ངོ་སྤྲད་པའོ། །དེ་ལྟར་སེམས་གསལ་ལ་མི་རྟོག་པར་འཇོག་པ་དང་། རང་རིག་པའི་ངོ་བོ་སྣང་སྟོང་དབྱེར་མེད་ལ་གོམས་པར་བྱས་པས་ཞི་གནས་དང་ལྷག་མཐོང་སྐྱེས་ཏེ། ཉོན་མོངས་པ་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་ཞུགས་པས། བླ་མ་གོང་མ་རྣམས་སེམས་ངོ་མཐོང་ཞེས་ངོ་སྤྲོད་པར་མཛད་དོ། །རིམ་པ་འདི་ནི། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པའི་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འབྲུབ། །ཞེས་གསུངས་པ་དང་མཐུན་པར་བསྟན་པ་ཡིན་ནོ། །ད་ནི་རང་གི་ངོ་བོ་བླ་མས་ངོ་སྤྲད་དེ་ཉམས་སུ་མྱོང་ནས་རྩལ་སྦྱོང་དང་བོགས་འདོན་པ་བཤད་པར་བྱའོ། །དེ་ལ་ཐོག་མར་ཉམས་ལ་རྟོགས་པས་ཟིན་མ་ཟིན་གྱི་རྟགས་ཤེས་པར་བྱ་སྟེ། སེམས་བཟུང་བས་བསམ་གཏན་སྐྱེ། དེའི་ཕན་ཡོན་བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། བདེ་བ་ལ་ཡང་གཉིས་ཏེ། ལུས་ཀྱི་བདེ་བ། དང་པོ་ཉོན་མོངས་པ་དང་འདྲེས་པ་དང་། དེ་ནས་ཉོན་མོངས་པ་མེད་པའི་བདེ་བ་ལུས་ཐམས་ཅད་དུ་ཁྱབ་པ་དང་། མཐར་ཚ་གྲངས་ལ་སོགས་པས་རེག་ཀྱང་བདེ་ཕྲིལ་བ་འབྱུང་ངོ་། །སེམས་ཀྱི་བདེ་བ་ནི། ཡིད་དགའ་བ་དང་། མགུ་བ་དང་། ཡིད་ལ་ཟུག་རྔུ་དང་བྲལ་བ་དང་། དེ་ལྟ་བུ་ཡང་རིམ་པ་གསུམ་པོ་སྔར་དང་འདྲ་བར་འབྱུང་ངོ་། །གསལ་བ་ལ་ཡང་གཉིས་ཏེ། སྒོ་ལྔའི་གསལ་ཆ་དང་། ཡིད་ཀྱི་གསལ་ཆའོ། །དང་པོ་ནི་སེམས་ཟིན་པའི་རྟགས་སུ། མིག་གི་ཡུལ་དུ་བ་ལྟ་བུ་དང་། སྨིག་རྒྱུ་དང་། མེ་ཁྱེར་ལྟ་བུ་གསལ་ཚིག་ཚིག་པ་དང་། མར་མེ་དང་ཟླ་བ་དང་། ཉི་མ་དང་མེའི་འོད་ལྟ་བུ་དང་། ཐིག་ལེ་དང་། འཇའ་ཚོན་དང་། གཞན་ཡང་འགྲོ་བ་སྣ་ཚོགས་དང་། གཟུགས་སྣ་ཚོགས་རྣམས་འབྱུང་བའོ། །ཡིད་ཀྱི་གསལ་ཆ་ནི། སྤང་བྱ་དང་གཉེན་པོའི་རྟོག་པ་ཐམས་ཅད་སྐྱེ་ཞིང་། རིག་པ་དང་འཕྲོ་བ་དང་། རྟེན་འབྲེལ་མཐུན་པར་ཤེས་པ་དང་། དྭངས་པ་དང་། གསལ་བ་དང་། གཉིད་རྨུགས་པ་མེད་པ་དང་། ཆོས་ཐམས་ཅད་ཤེས་པར་འདུག་སྙམ་པ་རྣམས་སོ། །མི་རྟོག་པ་ནི་དང་པོ་སེམས་གང་གཏད་པ་ལ་ཟིན་པ་དང་། དེ་ནས་རྣམ་རྟོག་ནུབ་ཅིང་གང་བཞག་སར་སྡོད་པ་དང་། མཐར་རྟོག་པའི་འདུ་བྱེད་ཐམ་ཅད་ཞི་བ་སྙམ་བྱེད་པ་འབྱུང་ངོ་། །དེ་ལ་ཤེས་རབ་ཀྱི་ཟིན་པ་ནི་བདེ་བ་ལ་རང་བཞིན་མེད་པར་ཤེས་ཤིང་རོ་མྱོང་བར་མི་བྱེད་པ་དང་། གསལ་བ་ལ་རྒྱུ་འབྲས་རྟོག་ལ་འཐོར་རྒོད་ཀྱི་སྐྱོན་མེད་པ་དང་། མི་རྟོག་པ་གཡོ་བ་མེད་པའི་སེམས་ཐོབ་ཀྱང་། ཡིད་ཀྱི་འདུ་བྱེད་དེ་མ་ཐག་པ་སྐྱེ་བ་དང་འགག་པའི་ཚུལ་རང་རིག་གིས་མངོན་སུམ་རྟོགས་ན་ཡང་དག་པའི་ལམ་དུ་འགྲོ་བའི་ལྟས་ཡིན་གྱི། ཉམས་བདེ་བའི་རོ་ལ་ཆགས་ཞེན་སྐྱེ་བ་དང་། གསལ་བ་ལ་ང་རྒྱལ་སྐྱེས་ནས་མཆོག་འཛིན་སྐྱེས་པ་དང་། མི་རྟོག་པ་སྟོང་ཉམས་དང་འདྲེས་པ་ལ་རོ་མྱོང་ནས་རྒྱུ་འབྲས་ལ་ཁྱད་གསོད་ཀྱི་སེམས་སྐྱེས་ན་གོལ་ས་ཡིན་པས། གཟུགས་ཁམས་སུ་འགྲོ་ནུས་པ་སྲིད་ཀྱི་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བས། ཡང་དག་པའི་ཤེས་རབ་ཀྱིས་ཟིན་པ་གལ་ཆེའོ། །སྐབས་འདིར་གོལ་ས་མང་ཡང་། སྟོང་པར་དགྲར་ལངས་དང་། སྙིང་རྗེ་དགྲར་ལངས་དང་། རྒྱུ་འབྲས་ཀྱི་རྟོག་པ་དགྲར་ལངས་ཀྱི་གོལ་ས་གསུམ་དུ་འདུས་ཏེ། དང་པོ་སྟོང་པ་དགྲར་ལངས་ནི། ཆོས་ཐམས་ཅད་སེམས། སེམས་ཀྱང་སྤྲོས་བྲལ་ཏུ་འདུག་པས་ཐམས་ཅད་བདེན་མེད་ལ་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཅི་བྱེད། འདུས་བྱས་ཀྱི་དགེ་བས་ཅི་ཞིག་བྱ་སྙམ་པ་ནི། སྟོང་པ་དགྲར་ལངས་ཀྱི་གོལ་སའོ། །གཉིས་པ་སྙིང་རྗེ་དགྲར་ལངས་ནི། འདི་ལྟ་བུ་མ་རྟོགས་པའི་སེམས་ཅན་རྣམས་སྙིང་རྗེ་བས་འགྲོ་དོན་བྱ་དགོས་སྙམ་ནས་མི་ཉན་མི་འགྲུབ་བཞིན་དུ་ཏིང་ངེ་འཛིན་དོར་ནས་འདུས་བྱས་ལ་ནན་གྱིས་འཇུག་ཅིང་བདག་དང་སེམས་ཅན་བདེན་ཞེན་གྱིས་དུབ་པར་བྱེད་པ་ནི་སྙིང་རྗེ་དགྲར་ལངས་ཀྱི་གོལ་སའོ། །གསུམ་པ་རྟོག་པ་དགྲར་ལངས་ནི། ཐམས་ཅད་རྟོག་པས་བྱེད་པ་མཐོང་ནས་ཐམས་ཅད་མཁྱེན་པ་བྱེད་དོ་སྙམ་ནས་སྒྲ་ཚད་བཟོ་གསོ། ཐུན་མོང་གི་ལས་ཕྲན་ཚེགས་རྣམས་སྒྲུབ་ཅིང་ཞི་གནས་དང་ལྷག་མཐོང་གི་རྩལ་བསྒྱུར་བར་བྱེད་ན་རྒྱུ་འབྲས་ཀྱི་རྟོག་པ་དགྲར་ལངས་ཀྱི་གོལ་ས་ཞེས་བྱའོ། །དེས་ན་རྩལ་སྦྱོང་བ་ནི། བདེ་ཉམས་སྐྱེས་པའི་དུས་ན་བདེན་མེད་སྟོང་པའི་རྒྱས་གདབ། རྣམ་རྟོག་ཡིད་ཀྱི་གསལ་སྣང་ལ་འཕྲོ་བའི་དུས་ན་རིག་པ་གསལ་ལ་མི་རྟོག་པར་བཅུན། རྟག་བཅུ་ལ་སོགས་པ་སྒོ་ལྔའི་གསལ་སྣང་དང་མངོན་ཤེས་ཤར་ན། ཐམས་ཅད་རང་སེམས་སུ་ཐག་ཆོད་ལ་མཚན་འཛིན་གྱི་བདེན་ཞེན་མ་བྱེད་པར་རང་ངོ་སྤྲོས་བྲལ་དུ་བཟླ་བར་བྱ། མི་རྟོག་པ་སྟོང་ཉམས་སྐྱེས་དུས་གསལ་བའི་ཉམས་མྱོང་གཉིས་པོས་རྒྱས་ཐོབ་ལ་སྦྱང་གཉེན་གྱི་རྒྱུ་འབྲས་རྟེན་འབྲེལ་གྱི་གཞིག་འགྲེལ་བཏང་། དབེན་པ་ན་སྡོད་དུས་ཐམས་ཅད་རོ་མཉམ་དུ་འདྲེས་ནས་ཉིན་མཚན་འབྲེལ་པ་སྙམ་བྱེད་ན་བདེ་སྡུག་ངང་བསྲེས་ལ་རོ་མཉམ་མི་མཉམ་ལྟོས། རང་གི་ཉམ་མྱོང་ལ་ང་རྒྱལ་སྐྱེ་ན་འདུད་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ་གཞན་ཐམས་ཅད་ལ་དག་སྣང་བསྒོམ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད། ཆགས་ཤིང་ཞེན་པ་དང་སྡང་ཞིང་འདོར་བའི་སེམས་འཁོར་འདས་ཐམས་ཅད་ལ་མི་བྱ་བར་མཉམ་པ་ཉིད་དུ་སྦྱོང་བར་བྱའོ། །བོགས་འདོན་པ་ནི་ཚོགས་དྲུག་གི་ཤེས་པ་དང་། དབང་པོ་ཡུལ་དྲུག་རང་གི་སེམས་ལས་དོན་གཞན་བྱེད་པ་པོ་མེད་པར་རྟོགས་ནས། གཟུང་འཛིན་བདེན་མེད་དུ་དང་པོར་ཤེས། དེ་ནས་ཉམས་སུ་མྱོང་། མཐར་མངོན་སུམ་དུ་བྱེད་པ་ན། རྣམ་པར་ཤེས་པ་ཐམས་ཅད་སྐྱེ་བ་དང་འགག་པའི་དེ་མ་ཐག་པའི་ཡིད་ལ་བརྟག་པ་གལ་ཆེ་སྟེ། རྣམ་ཤེས་དྲུག་པོ་གང་སྐྱེ་ཡང་ཡིད་ཀྱི་འདུ་བྱེད་དེ་མ་ཐག་པ་ལ་བརྟེན་ནས་སྐྱེ་ལ། འགག་པ་ན་ཡང་ལས་དཀར་བ་དང་ནག་པ་དང་མི་གཡོ་བའི་ལས་ཐམས་ཅད་དེས་ཁྱེར་ནས་སེམས་ཀུན་གཞིའི་སྟེང་དུ་འདྲེས་པར་བྱེད་པས་འདིའི་མཚང་རིག་པར་བྱའོ། །དེ་དང་མཚུངས་ལྡན་དུ་ཉོན་མོངས་པ་ཅན་གྱི་ཡིད་སྐྱེ་སྟེ་སེམས་ལ་ངའོ་ཞེས་ང་བདག་ཏུ་འཛིན་པ་བདག་ལ་ཆགས་པ་ང་རྒྱལ་བ་རང་ལ་སྒྲིབ་པར་བྱེད་པས་མ་རིག་པར་བྱེད་པའོ། །དེའི་རྐྱེན་གྱིས་ཚོགས་དྲུག་གི་ཤེས་པ་སྐྱེ་བ་ན་ཡང་ཡུལ་དང་ཡུལ་ཅན་གཉིས་རང་གསལ་དུ་མི་ཤེས་པར་བདག་དང་བདག་གི་བའི་བཟུང་འཛིན་གཉིས་སུ་བདེན་པར་རྟོག་པ་སྐྱེད་པར་བྱེད་པས་ཉོན་མོངས་པ་ཐམས་ཅད་འབྱུང་བར་བྱེད་དོ། །རྒྱུ་མཚན་དེས་ན་ཚོགས་དྲུག་གི་ཉོན་མོངས་པ་ཁ་ཕྱིར་ལྟ་བ་ལ་བརྟེན་ནས་སྐྱེས་པ་འདི་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ་ནང་དུ་ལྟ་བའི་ཉོན་མོངས་པ་ནི་བསྒོམས་པས་སྤང་བར་བྱ་བར་གསུངས་སོ། །ཉན་ཐོས་ལ་ཞུགས་པ་དག་ཀྱང་། གང་ཟག་ལ་བདག་ཏུ་ལྟ་བའི་ཆ་ཤས་ཀྱི་ཉོན་མོངས་པ་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་སྤངས་པས་ཞི་བ་ཐོབ་པ་ཡིན་ཀྱང་། དེ་མ་ཐག་པའི་ཡིད་དང་གཉེན་པོ་ཆོས་ལ་བདག་མེད་པའི་ཚུལ་ལ་རྨོངས་པས་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ལ་རིང་བ་ཉིད་དོ། །དེས་ན་སོ་སོའི་སྐྱེ་བོ་བློ་དང་ལྡན་པ་བསམ་གཏན་གྱི་སེམས་ཐོབ་པ་རྣམས་ཀྱིས་འདི་ལྟར་བསྒོམ་པར་བྱ་སྟེ། ཡིད་མི་རྟོག་པའི་བསམ་གཏན་ལ་འཇོག་པ་ན། ཚོགས་དྲུག་གི་སེམས་དབྱིངས་སུ་འགག་པ་དང་། ཡང་ཏིང་ངེ་འཛིན་དེ་ལས་ལྡང་བ་ན་རྟོག་པ་ཡིད་ཀྱི་འདུ་བྱེད་ཕྲའུ་གཡོ་བ་མཐོང་སྟེ། དེའི་ཚེ་ཡང་དག་པའི་བླ་མས་བསྟན་པའི་ལྟ་བས་མ་ཟིན་ན། འཁྲུལ་པའི་རྟོག་པ་འདི་རྣམས་འབྱུང་སྟེ། ཡིད་འདི་བདེན་པར་གྲུབ་པ་དང་སྐྱེ་བའི་གནས་དང་འགག་པའི་བདེན་པའི་མི་འདུག་པས་རྟོག་པ་ཐམས་ཅད་རྒྱུ་མེད་པའོ་སྙམ་པའི་ཆད་ལྟ་དང་། ཡང་རྟོག་པའི་རང་ངོ་བཀག་ཀྱང་ཡང་སྐྱེ་ཞིང་འབྱུང་བ་འདི་ལ་རྒྱུན་ཆད་པ་མི་འདུག་པས་རྟག་གོ་སྙམ་པའི་རྟག་ལྟ་དང་། ཤེས་པ་འགྱུ་བ་འདི་འོངས་པའི་ས་སེམས་གཅིག་ནང་ན་ཡོད་དོ་སྙམ་པའི་བདག་ལ་རྟོག་པ་དང་། ཡང་ཕྱིའི་ཡུལ་སྣང་བཀག་ན་མི་རྟོག་པར་འདུག་པས་ཡུལ་སྣང་དགག་དགོས་སྙམ་པའི་ཕྱི་རོལ་ཡུལ་དགག་བྱར་རྟོག་པའི་འཁྲུལ་པ་དང་། ཡང་རྟོག་དཔྱོད་ནུབ་པ་དང་། དགའ་བདེ་ནུབ་པ་དང་། དྲན་རིག་གཡོ་བ་ནུབ་པ་དང་། རླུང་དབྱུང་རྔུབ་ནུབ་པའི་བསམ་གཏན་ལ་མཐར་ཐུག་ཡིན་སྙམ་པའི་བསམ་གཏན་ལ་མཐར་ཐུག་ཏུ་འཛིན་པའི་གོལ་ས་དང་། གསལ་ལ་མི་རྟོག་པ་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་བཀག་པ་མཐར་ཐུག་ཏུ་འདུག་སྙམ་པ་འདུ་ཤེས་མེད་པའི་སྙོམས་འཇུག་ཏུ་གོལ་བ་དང་། སྣང་བ་དང་ཐོགས་པ་ཐམས་ཅད་བཀག་པ་ནམ་མཁའ་ལྟ་བུ་དང་རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་མཐར་ཐུག་ཏུ་འདོད་ན་གཟུགས་མེད་པའི་གོལ་ས་ཏེ། འདི་རྣམས་ལ་སོགས་པའི་ཁམས་གསུམ་གྱི་འཇིགས་ཚོགས་ལ་སོགས་པའི་ལྟ་བ་ངན་པ་རྣམས་རྩ་བ་ཡིད་འདི་མ་ཤེས་པས་ཉོན་མོངས་པ་ཐམས་ཅད་འབྱུང་བས་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བར་གྱུར་ཏེ། རྩ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བའོ། །འདི་མཐོང་ནས་ཕྱི་ཚོགས་དྲུག་གསལ་ལ་མི་རྟོག་པའི་རང་ངོ་ལ་ཡེ་ཤེས་སུ་བཞུགས་ཀྱང་། ཡིད་ཀྱི་མཚན་འཛིན་གྱིས་དཀྲུགས་ནས་བླང་དོར་བྱས་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་ལ། གཉེན་པོའི་ཤེས་པ་དགེ་བ་རྣམས་བསྐྱེད་པས་འཁོར་བའི་བདེ་བ་ཐམས་ཅད་བསྐྱེད་ཅིང་འབྱུང་བ་རྟོགས་པར་བྱས་ནས། སྤང་གཉེན་གཉིས་ཀ་ལ་རྟོག་ཅིང་རྒྱུག་པའི་ཡིད་འདི་མཉམ་བཞག་ཏུ་རང་ངོ་གསལ་ལ་སྟོང་པར་བཞག་ལ་བསམ་ཏན་བཞི་གཟུགས་མེད་བཞི་འགོག་པ་དང་བཅས་པ་སོ་སོར་སྦྱོང་། རྗེས་ཐོབ་ཏུ་སྤང བྱ་དང་གཉེན་པོའི་རྟོག་པ་ཐམས་ཅད་ལ་རྒྱུ་དང་རྐྱེན་འབྲས་བུ་འགྲུབ་པའི་ཚུལ་ཐམས་ཅད་ལ་མཁས་པར་བྱ་ཞིང་རྟོགས་པར་བྱ། འཁོར་གསུམ་དུ་རྟོག་པའི་འདུ་ཤེས་ཐམས་ཅད་སྒྲིབ་པར་ཤེས་པས་ཆོས་ཐམས་ཅད་ལ་སྟོང་ཞིག་བདག་མེད་པའི་ངོ་བོ་ཉིད་མཉམ་པ་ཉིད་ཀྱི་རྒྱས་གདབ། སེམས་ཀུན་གཞི་ལ་བདག་དང་བདག་གི་བའི་སྙོམས་བྱེད་མི་བྱ་བར། ཉོན་མོངས་ཐམས་ཅད་དག་པ་དང་། རྟོག་པ་ཐམས་ཅད་ལ་དབང་མ་ཐོབ་ཀྱི་བར་དུ་བརྩོན་འགྲུས་བསྐྱེད་ལ་ཉམས་སུ་བླང་ངོ་། །རྒྱས་པར་ནི་རྣམ་རྟོག་རྩལ་སྦྱོང་དང་། འབྲེལ་པ་བཞི་ལྡན་དུ་བཤད་ཡོད་པས་དེར་བལྟ་བར་བྱའོ། །ཚོགས་དྲུག་ཤེས་པ་གསལ་ལ་མི་རྟོག་པ། །མངོན་སུམ་རྟོག་བྲལ་ཤེས་ཤིང་གོམས་པ་ལ། །བརྟེན་ནས་རང་རིག་ཡིད་ཀྱི་མངོན་སུམ་ནི། །དེ་མ་ཐག་བཅས་ཆུ་ཟླ་ལྟ་བུར་མཐོང་། །དེ་ལ་བརྟེན་ནས་སྒྲིབ་བཅས་ཀུན་གཞི་དང་། །སྒྲིབ་མེད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །གནས་ལུགས་རྗེས་སུ་དཔག་པའི་ཚུལ་དུ་མཐོང་། །ཉོན་མོངས་མངོན་གྱུར་རགས་དང་བག་ལ་ཉལ། །གཉེན་པོས་སྤང་སྒྱུར་རང་ངོ་རྟོགས་བྱས་ནས། །སྤང་གཉིས་གཉིས་ཀྱི་རྟོགས་པ་ཇི་སྙེད་པ། །སོ་སོར་ཤེས་པའི་ཤེས་རབ་དག་པ་དང་། །དེ་ཡི་ཏིང་ངེ་འཛིན་ལ་དབང་ཐོབ་པས། །དེ་ཚེ་ཀུན་གཞི་མངོན་སུམ་སྣང་བར་གྱུར། །དེ་བཞིན་ཉིད་དང་འབྲས་བུའི་རྟོག་པ་ཀུན། །གྲོལ་བའི་སྐད་ཅིག་དེ་ལ་ཀུན་གཞི་དག །དེ་ཚེ་སངས་རྒྱས་བྱང་ཆུབ་ཐོབ་པ་ཡིན། །ཀྱེ་མ་ཚུལ་འདི་མ་རྟོགས་པས། །བྱིས་པ་བདག་དང་བདག་གིས་བཅིངས། །ཉན་ཐོས་གང་ཟག་བདག་མེད་ཀྱི། །གཉེན་པོའི་འཆིང་བས་བཅིངས་པར་གྱུར། །ཆོས་ཀྱི་བཟུང་རྟོག་རྩལ་སྦྱངས་ནས། །རང་རྒྱལ་ཐོབ་ཀྱང་འཛིན་པའི་ཆ། །ཀུན་གཞི་མ་རྟོགས་ལམ་དུ་ལུས། །ཐམས་ཅད་རྟོགས་པ་རྫོགས་སངས་རྒྱས། །ཡིད་ཕྱིར་བླ་ན་མེད་པ་ཡིན། །གསུམ་པ་རྗེས་ཀྱི་དོན་བསྟན་པ་ནི། དེ་ལྟར་ཞི་གནས་དང་ལྷག་མཐོང་སྐྱེད་པར་བྱེད་པའི་དུས་སུ་བྱིང་རྒོད་ཀྱི་རྟོག་པ་བྱུང་ན། བྱིང་བའི་རྒྱུ་ངོས་བཟུང་ལ་སྤང། ཐབས་བསིལ་བག་དང་ལྡན་པར་བྱ། ཁྲག་དོག་འདོན། ཤེས་པ་ཡུལ་ཐམས་ཅད་ཏུ་ཁྱབ་ཏུ་བཞུག །རྒྱུ་འབྲས་ལ་རྟག་ཅིང་ཟབ་མོའི་མདོ་རྒྱུད་དང་། བསྟན་བཅོས་ལ་བལྟས་ལ་བསྒོམ་པར་བྱའོ། །རྒོད་པ་དང་འཐོར་བ་བྱུང་ན་བསྡུས་ཏེ་སེམས་ཀྱི་ཞོན་པ་རླུང་ཡིན་པས་བཅིངས། དམིགས་པ་གནད་དུ་བརྡེག །རང་གིས་རང་ལ་བརྟག་ཅིང་ཆོས་ཉིད་ཀྱི་དོན་བསྒོམ། བདེ་བའི་ཏིང་ངེ་འཛིན་གྱིས་རྒྱས་གདབ་པར་བྱས་ལ་བསྒོམ་མོ། །དེ་ལྟར་ཉམས་སུ་ལེན་པའི་དུས་ཀྱི་སྤྱོད་པ་མཐའ་གཉིས་དང་བྲལ་བས་ཚུལ་ཁྲིམས་དང་དམ་ཚིག་ལས་མི་འགལ་བས་ཉམས་སུ་མྱོང་ངོ་། །དེ་ཉིད་སྒོམ་པའི་རྣལ་འབྱོར་གྱིས། མ་རྟོགས་ཐོ་ཅོ་མི་བྱ་ཞིང་། རྟོགས་པའི་སྤྱོད་ལམ་དགག་མི་བྱ། །རང་གཞན་ཕན་པ་བརྟེན་པར་བྱ། །ཞེས་སོ། །ཐུན་གཅིག་ལ་ཡང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པ་དང་། མཐར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། སྨོན་ལམ་གྱིས་རྒྱས་ཐེབ་པར་བྱའོ། །དེ་ལྟར་ལྟ་སྒོམ་སྤྱོད་པའི་གནས་ལུགས་ནི་དཔལ་ཏཻ་ལོ་པས། །མུ་མཐའ་ཡོང་གྲོལ་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། །བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །ཞེས་གསུངས་པར་ལྟར་བསྟན་པ་ཡིན་ནོ། །དཔལ་ནཱ་རོ་པས་ཀྱང་། དེ་ལྟར་ལྟ་བ་མ་ནོར་བར། །སྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་ན་བྱང་ཆུབ་ཐོབ། །དཀྱུས་པ་བསྟན་པའི་རྟ་བཞིན་ནོ། །ཞེས་པ་དང་། ཡང་ལྟ་བ་ཡང་དག་པ་མེད་ན་ངལ་བ་དོན་མེད་པར་འགྱུར་རོ། །ཞེས་དང་། ལྟ་བ་དངོས་དང་མ་མཐུན་ན། །སྒོམ་དང་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་འཐོབ་སྟེ། །དམུས་ལོང་དམིགས་བུ་མེད་པ་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རང་ལ་གནས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་སྣང་བ་དང་སྟོང་པ་དབྱེར་མེད་པའི་དོན་མངོན་སུམ་དུ་ངོ་སྤྲོད་པ། སྟོང་པ་སྙིང་རྗེ་དབྱེར་མེད་དུ་སྒོམ་པར་བྱེད་པ། ཞི་གནས་དང་ལྷག་མཐོང་ཚུལ་བཞིན་དུ་ཉམས་སུ་མྱོང་བར་བྱེད་པ། མི་མཐུན་ཕྱོགས་རྣམ་པ་ལྔ་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རང་ངོ་ཡིད་ལ་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་མགོན་པོ་ཟླ་འོད་གཞོན་ནུའི་ཞལ་གདམས་ཅུང་ཟད་རྒྱས་པར་རང་བྱུང་རྡོ་རྗེ་ཡིས་རང་གི་རྟོག་པ་དང་། རྟོག་གེའི་གཞུང་གི་ཚིག་མ་བསྲེས་པར་བྲིས་པའོ། །རྒྱལ་བས་མདོ་རྒྱུད་ཐམས་ཅད་དུ། །ཟབ་ལམ་ལྷན་ཅིག་སྐྱེས་སྦྱོར་གསུངས། །དེ་ཉིད་ཏཻ་ལོ་ནཱ་རོ་ཡིས། །མན་ངག་ཚིག་བསྡུས་དོན་དུ་མཛད། །རྗེས་འཇུག་རྣམས་ཀྱི་སོ་སོར་བཤད། །ཁ་ཅིག་ཉམས་མྱོང་ལྟར་དུ་བསྟན། །ཁ་ཅིག་རྟོག་དཔྱོད་བཞིན་དུ་བཤད། །དེ་ཀུན་མི་ལེགས་མ་ཡིན་ཀྱང། །ཕྱོགས་རེ་ཙམ་སྟེ་དེ་བས་ན། །འདིར་ནི་ལྷན་ཅིག་སྐྱེས་སྦྱོར་དོན། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་ཡིས། །སྒྲ་དོན་རྟོགས་པས་ཕྱེ་བ་ཡིན། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །ལྷན་ཅིག་སྐྱེས་པ་རྟོགས་པ་ཤོག །འདི་དང་ཆོས་དྲུག་ལྷན་ཅིག་ཏུ་ཉམས་ལེན་བྱའོ། །ཤིང་ཕོ་བྱི་བའི་ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་བདེ་ཆེན་དུ་སྦྱར་བའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net