ཟབ་མོ་ནང་གི་ཡང་སྙིང་གསང་བ་གསུམ་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བའི་ཟིན་བྲིས་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "{{TibFontClass12}} {{Ref - Karma Lekshey Ling}} </div> ==Notes== <references /> [[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗ...")
 
No edit summary
Line 1: Line 1:
{{TibFontClass12}}
{{TibFontClass12}}
{{Ref - Karma Lekshey Ling}}
༄༅། །ཟབ་མོ་ནང་གི་ཡང་སྙིང་གསང་བ་གསུམ་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། །{{Ref - Karma Lekshey Ling}}

༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་བདག་ཅིག་གི་དཔལ་ལྡན་བླ་མ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྤྲོས་པ་དང་བརྗོད་པའི་དྲ་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཐུགས་ཅན། མ་འགགས་པའི་རོལ་པས་ཞིང་རྒྱ་མཚོའི་རྡུལ་ཇི་སྙེད་པའི་འགྲོ་བ་རྣམས་ཀྱི་སྐལ་བ་དང་འཚམ་པར་སྐུ་བཀོད་པ་མཐའ་ཡས་པ་དང་། མོས་སྒོ་དང་འཚམ་པའི་གསུང་གི་སྒོ་ཐེག་པ་མཐའ་ཡས་པར་འབྱུང་བ་དང་། ཟབ་པ་དང་རྒྱ་ཆེ་བའི་ཐུགས་ཀྱི་མཁྱེན་པ་ནམ་མཁའི་མཐས་ཀླས་པ་ཉིད་དང་། དེ་དག་གི་འཕྲིན་ལས་སྲིད་པ་ཇི་སྲིད་པར་རྒྱུན་མི་ཆད་པའི་ཚུལ་ཇི་ལྟ་བ་ནི་དབང་ཐོབ་པའི་ཡེ་ཤེས་ཀྱི་སྤྱན་ཅན་རྣམས་ཀྱིས་ཀྱང་ཤེས་པ་དང་བརྗོད་པར་མི་ནུས་ན། བདག་ཅག་རྣམས་ཀྱིས་ཅི་ཞིག་བསམ་པ་དང་སྨྲ་བར་རྔོ་ཐོག འོན་ཀྱང་སྦྲང་བུའི་བགྲོད་པས་ནམ་མཁའི་མཐའ་འཇལ་བའི་ཚུལ་ལྟ་བུར་གསུང་གི་གསང་བ་རྒྱ་མཚོ་ལྟ་བུས་ཡིད་སིམ་པ་དག་ལས། ཁྱད་པར་རྗེ་སིདྡྷའི་ཞབས་ཀྱི་ཞལ་སྔ་ནས། ཟབ་མོ་ནང་གི་དོན་བཤད་པའི་བསྟན་བཅོས་ཆེན་པོ་ལས་བརྩམས་ཏེ། དེའི་རྟོགས་དཀའ་བའི་གནད་གསུང་བ་རྣམས་དང་། རྗེ་བཙུན་ཞལ་རྣམ་པ་གཉིས་ཀྱི་ལེགས་བཤད་རྣམས་ཀྱང་ཐོས་པས། དྲན་ནོ་ཅོག་ནི་ཡིག་གེར་བྲི་མི་ནུས་ལ། སོན་ཙམ་སྐྱུད་ངས་པར་འཕངས་པའི་བསམ་པས་ཐོ་ཙེར་བགྱིད་ན། བླ་མ་དང་ཆོས་བདག་མཁའ་འགྲོའི་ཚོགས་ཀྱི་སྐབས་དབྱེ་བར་ཅི་གནང་། དེ་ལ་ཐོག་མར་ནང་དོན་འགྲེལ་པའི་མཆོད་བརྗོད་དང་། བརྩམ་པར་དམ་བཅའི་སྐབས་སུ། རྗེ་སིདྷིའི་ཞལ་སྔ་ནས། དེ་ཡང་འདིའི་མཆོད་བརྗོད་ནི། རྩོམ་པ་པོ་མཆོག་གི་ངེས་པས། བསྟན་བཅོས་ཀྱི་བརྗོད་བྱ་དང་མཐུན་པར་ཡིན་ལ། དམ་བཅའ་ནི་མདོ་རྒྱུད་ཐུན་མོང་བའི་གླེང་གཞིའི་ཕུན་ཚོགས་སམ། རྩིས་མགོ་ལྔའམ། བྱེ་བྲག་དུ་འདིར་རྣལ་འབྱོར་བླ་མེད། དེ་ཡང་ཕ་མའི་དབྱེ་བས་ཕྱེ་བ་དག་ལས་འདིས་མཆོག་ཏུ་ཟབ་པ་མ་རྒྱུད་ཀྱི་གནད་དཔྱིས་འབྱིན་པས། དེ་དག་གི་གླེང་གཞིའི་འཆད་ཚུལ་དང་མཐུན་པར་བསྟན་པ་ཡིན་གསུང་། དེ་ཡང་སྤྱིར་བླ་མེད་ལ་སྐུ་གསུམ་གྱི་དབང་ལས། མཆོག་ཏུ་རྒྱས་པ་ཆོས་སྐུ། རྒྱས་བཤད་ལོངས་སྐུ། མདོར་བསྟན་སྤྲུལ་སྐུའི་ངེས་པ་ལས་ན། གླེང་གཞི་ཡང་། ཆོས་སྐུའི་ནི་རབ་འབྱམས་དང་། ལོངས་སྐུའི་རིགས་བརྒྱའི་དབྱེ་བས་བརྒྱ་ཙམ་དུ་འོང་རིགས་ནའང་། དེ་དག་ནི་རྩ་རྒྱུད་རྒྱས་པའི་དབང་དུ་བྱས་ནས། རྩོད་དུས་བསྡུས་རྒྱུད་ལ་སྤྱོད་པ་ནས་ནི་ཕྱི་མའི་དབང་དུ་བྱས་ཏེ། ཡི་གེ་བཞི་བཅུ་དང་། སུམ་ཅུ་རྩ་བདུན་སོགས་ཀྱི་ངེས་པས་བཤད་པ་ཡིན་ནོ། །དེ་ལ་ཡང་ཕ་མའི་རྒྱུད་ཀྱི་འཆད་གཞི་ཐ་དད་པས་འཆད་ཚུལ་ཐ་དད་པའི་ཚུལ་ངེས་དགོས་ཏེ། དེ་ཡང་རྣལ་འབྱོར་བླ་མེད་དུ་འཁོར་འདས་ཀྱི་རྩ་བ་གཉུག་མ་ལྷན་སྐྱེས་སམ། བདེ་བ་ཆེན་པོའམ། བདེ་བར་གཤེགས་པའི་སྙིང་པོ་སོགས་ཆིང་དུ་མས་བསྙད་པ་ཉིད་གཞི་ལམ་འབྲས་བུ་ཐམས་ཅད་ཀྱི་རྩ་བ་དང་། འཐད་གཞིར་བྱེད་པ་ནི་འདྲ་ལ། འོན་ཀྱང་ཕ་རྒྱུད་དུ་གསུམ་འགྲོས་དང་། མ་རྒྱུད་དུ་བཞི་འགྲོས་སུ་བསྟན་པས། མ་རྒྱུད་གསལ་ཞིང་། ཁྱད་པར་དུ་གྱུར་པ་ཡིན་ནོ། །དེ་ཡང་ཕ་རྒྱུད་དུ་ཤེས་པ་དང་སྟོང་པའི་ངོས་ནས་གཙོ་བོར་བཤད་པས། རྩ་བ་གཞིའི་འོད་གསལ་ལ་སྣང་གསུམ་དུ་འབྱེད་ལ། དེ་ཡང་ཁུ་རྡུལ་རླུང་གསུམ་གྱི་དབང་ལས་ཡིན་པས། དེའི་ཆོས་ཉེ་བར་བཟུང་ནས་གཞི་ལའང་ལུས་ངག་ཡིད་གསུམ། ལམ་དུ་བཞི་པ་དེ་ཡང་དེ་བཞིན་ཏེ། ཞེས་པས་དབང་གསུམ། བསྐྱེད་པ་ལ་ལྷ་ཞལ་གསུམ། ས་བོན་གསུམ། དེ་བཞིན་དུ་ཏིང་ངེ་འཛིན་དང་། རྡོ་རྗེ་སོགས་དང་། རྫོགས་པ་ལའང་དབེན་གསུམ་འབྲས་བུ་དང་བཅས་པས་བསྡུས་ཏེ་བསྟན་ལ། དེ་ལས་དབྱེ་སྒོ་རྒྱས་པར་འབྱེད་པ་ནའང་། རྩ་བའི་ཆུ་མེ་ཐབས་ཤེས་སམ། དྭངས་སྙིགས་ཀྱིས་ཕྱེ་བ་ནམ་མཁའ་དང་བཅས་པ་ལྔ་ལས། རིགས་ལྔ་སོགས་དང་། དེ་ལས་བརྩམས་ཏེ་རིགས་བརྒྱའི་བར་སོགས་དང་། ས་ཡང་རྩ་བའི་གསུམ་པོ་འབྱུང་བཞིས་བསྒྱུར་བས་བཅུ་གཉིས་སོགས་སུ་འཇོག་པ་སྟེ། མདོར་ན་གསུམ་ཆོས་ཉིད་ལས་བརྩམས་ཏེ་བཤད་པས། ལྷ་ཡབ་ཡུམ་ལྟ་བུ་ལ་མཚོན་ན། ཁུ་བ་འཛིན་པའི་ཆོས་ཡབ། དེ་ལ་ནང་ཚན་གྱིས་འབྱུང་ཆུང་གིས་ཕྱེ་བས་ཡབ་ཀྱི་སྐུ་གསུང་དང་། རླུང་གཉིས་གའི་ཆོས་དེའི་ཐུགས་དང་། རྡུལ་བཟུང་བའི་ཆོས་ཡུམ། དེ་ལ་གཉིས་ཀྱིས་ཕྱེ་བ་དེའི་སྐུ་གསུང་ལས་ཡུམ་གྱི་ཐུགས་ཡེ་ཤེས་དེ་ཉིད་གསུམ་པའི་ནང་དུ་སྦས་ཏེ། གཞི་ལམ་གནས་སྐབས་སུ་ཐམས་ཅད་དུ་གསལ་བར་མ་བསྟན་ལ། མ་རྒྱུད་དུ། གསུམ་ཆོས་རྣམས་འདྲེས་པའི་མི་ཕྱེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་དེ་གསལ་པོར་བསྟན་པས། གཞི་ལའང་། དབང་བྱེད་པ་དང་། ལོངས་སྤྱོད་པ་དང་། བདག་པོ་དང་། ཐིམ་པའི་མཚན་ཉིད་ཅན་གྱི་ཕྱི་ནང་གི་དུས་བཞིར་ཕྱེ་བ་རྣམས་དང་། མི་ཤིགས་པའི་ཐིག་ལེ་བཞི་དང་། དེས་བསྐྱེད་པའི་གནས་སྐབས་བཞི་དང་། སྨིན་ལམ་དུ་དབང་བཞི་པ་གསལ་བར་དང་། དེ་བཞིན་ལྷའི་ཞལ་ས་བོན་བསྙེན་བསྒྲུབ་རྫོགས་རིམས་སམ་རྡོ་རྗེ་འབྲས་བུ་སོགས་བཞིའམ། དེ་ལས་ཕྱེ་བའི་དྲུག་འགྲོས་ཉིད་ཀྱི་བསྟན་ལ། དེ་ཡང་རྩ་བ་མི་ཤིགས་པ་ཆེན་པོ་ལ་དཀར་དམར་རམ། ཐབས་ཤེས་ཀྱི་དབྱེ་བས་ཨེ་ཝཾ་གཉིས་སུ་དང་། གཉིས་པོའི་བཾ་ཁུ་བའི་ཆོས་ཆུ་ལས་རླུང་དང་། ཨེ་རྡུལ་མེ་ལས་སར་ཕྱེ་བས། གླེང་གཞི་མ་ཡཱ་གཉིས་ཏེ་བཞི་དང་། དེ་ལས་ཀྱང་ནམ་མཁའ་ཡེ་ཤེས་སུ་ཕྱེ་བས། ཆུ་རླུང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས། ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས། ཞེས་པའི་མཚན་ཉིད་ཅན་གྱིས་རིགས་དྲུག་སོགས་སུ་འགྱུར་བའི་དོན་དང་། དེ་ལས་ཉི་མའི་ཆ་བཅུ་གཉིས་ཀྱི་དབྱེ་བས། དྲུག་པོ་ཐབས་ཤེས་ཀྱིས། རྩ་བའི་བཞི་པོ་ཁུ་སོགས་གསུམ་གྱི་བསྒྱུར་བས་བདེན་དོན་བཅུ་གཉིས་ཏེ། ས་བཅུ་གཉིས་སུ་འབྱེད་པའང་འདིའི་དབང་ལས་དང་། ཟླ་བའི་ཆས་རྩ་བའི་བཞི་ནང་ཚན་བཞི་བཞིས་བསྒྱུར་བ་དེ་ཉིད་བཅུ་དྲུག་སྟེ། འདི་ལས་ས་བཅུ་དྲུག་སོགས་དང་། སྔ་ཕྱི་གཉིས་ཐབས་ཤེས་ཀྱིས་ཕྱེ་བས་ཉེར་བཞི་སོ་གཉིས་སོགས་དང་། དེ་བཞིན་དུ་རྩ་བའི་རིགས་དྲུག་ནང་ཚན་སོ་སོའི་དྲུག་གིས་བསྒྱུར་བས་རིགས་སོ་དྲུག །སྤྱི་ཁྱབ་གཅིག་ཏེ་རྩ་བདུན་གཞན་ཡང་། ཞེ་བརྒྱད། དོན་གཉིས་སོགས་ནས། བྱེ་བ་གྲངས་མེད་པའི་བར་དུ་སྟེ། གནད་འདི་ལས་རྩ་རྒྱུད་རྒྱས་པ་རྣམས་ཀྱིས་ས་གླེང་གཞི་སོགས་གྲངས་མེད་ཀྱི་བར་དུ་ཡོད་པར་ཤེས་ནུས་སོ། །ཚུལ་དེ་ལྟ་བུའི་དབང་ལས། མ་རྒྱུད་ཀྱི་གླེང་གཞི་བཞི་འགྲོསཾ། དྲུག་འགྲོས་ནས། སོ་བདུན་པའི་བར་གྱིས་བཤད་པ་དང་། ཕ་རྒྱུད་རྣམས་སུ་ལྔ་འགྲོས་དང་བཞི་བཅུ་སོགས་ཀྱིས་བཤད་དེ། འདི་ལ་རྩ་བའི་འགྲོས་གཉིས་མ་ཕྱེད་ན་ཡི་གེའི་དབྱེ་བསྡུས་མི་ཕྱེད་ཅིང་། འཆད་བཞིའི་ཚུལ་གཉིས་ལས་བརྩམས་ཏེ་གཞི་ལམ་འབྲས་བུ་ཐམས་ཅད་འགྲོས་སོ་སོར་འཆད་པས། གླེང་གཞིར་རྒྱུད་ཀྱི་བསྟན་དོན་འདུས་པ་ལའང་། དོན་འདི་ཁོང་དུ་ཆུད་དགོས་སོ། །དེས་ན་རྩ་བ་ཕ་མ་གཉིས་ལའང་། ཕར་ཡུལ་ཅན་གྱི་འམ། རླུང་ངམ། འཛིན་པའི་དབང་ཉིད་ལས། སྣང་གསུམ་གྱི་མཐར་འོད་གསལ་མངོན་པར་བྱང་ཆུབ་པའི་མིང་ཅན་གཅིག་བཤད་ཀྱང་། འཇུག་ལྡོག་གང་དུའང་མུན་པའི་མཐས་བཅིངས་པ་ལས་མ་གྲོལ་བས། འཆད་པ་ནའང་གསུམ་པའི་ནང་དུ་གབ་པ་ལྟ་བུར་བཤད་ལ་མར། རྡུལ་གྱི་ཆོས་ཡུལ་ལས་ཡེ་ཤེས་རྟོགས་པར་བྱ་བ་ཉིད་ཀྱི་ངེས་པས། ཐམས་ཅད་དུ་སྣང་བ་ལས་འཆིང་གྲོལ་དུ་འགྱུར་བ་མེད་པར་ཡེ་ཤེས་སུ་རང་བྱུང་བའི་དོན་གྱིས། བཞི་པ་ཐམས་ཅད་དུ་གསལ་པོར་ཕྱུང་བ་སྟེ། དེས་ན་རྩ་བའི་ཕ་མ་ཁུ་རྡུལ་གྱི་ཆོས་ལས་ཕ་མར་བཞག་པའི་ལམ་སྲོལ་སོ་སོ་བ་དག་ལས། སྣང་བ་ལམ་དུ་སོང་བའི་གནད་ཀྱི་མ་རྒྱུད་འདི་ཆུན་ཆེ་བ་གཅིག་འདུག་གསུང་སྟེ། ཤིན་ཏུ་ལེགས་སོ། །ད་ནི་རྒྱུད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཟབ་མོ་ནང་གི་ངེས་གནད་གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཞལ་ལས་རྙེད་པ་རྣམས་རང་གི་མི་འགྱུ་བའི་ངེས་པས་ས་བོན་ཙམ་ཅུང་ཟད་བསྙད་ན། དེ་ལ་ཐོག་མར་རྒྱུའི་རྒྱུད་སངས་རྒྱས་ཀྱི་སྙིང་པོ་མི་ཤིགས་པའི་ཐིག་ལེ་ཞེས་གྲགས་པའི་ངེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་བརྟགས་པ་དང་ཞེན་བཟུང་གང་གིས་ཀྱང་མ་བསླད་པའི་གཤིས་བབས་མ་བཅོས་པ་འདི་ཉིད་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཡིན་ཏེ་གཉིས་ཆོས་གང་གིས་ཀྱང་མི་ཤིགས་ཤིང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་གང་དུ་ཡང་ངོ་བོ་ལ་འགྱུར་བ་མེད་པས་ཐིག་ལེ། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་པས་ཆེན་པོ་ཞེས་བྱ་ལ། མིང་གཞན་ཕྱག་རྒྱ་ཆེན་པོ་དང་། ལྷན་གཅིག་སྐྱེས་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སུ་བསྙད་པ་སྟེ། འདིའི་རང་ངོ་བོའི་དབང་ལས། གཞི་ལམ་འབྲས་བུའི་རེ་དོགས་སྤོང་ལེན་དགག་བསྒྲུབ་ས་ལམ་སོགས་གང་ཀྱང་བཞག་ཏུ་མེད་དེ། བརྗོད་མེད་ཀྱི་རང་བབས་ལ་ཤེས་བརྗོད་ཀྱི་ཐ་སྙད་འཇུག་པའི་སྐབས་མེད་ཅིང་། མི་ཤིགས་པ་ཞེས་པའི་སྐབས་དོན་ཀྱང་གཏོར་བའི་ཕྱིར་རོ། །འོན་ཀྱང་དེ་སེམས་ཅན་ལ་ཁམས་སམ་འབྱུང་བས་དབང་བྱས་པར་གནས་པ་ལས། དེ་ཡང་རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པའི་འགྱུ་བ་རང་ངོ་མ་ཤེས་པའི་མ་རིག་པའི་སྣང་ཆ་རྡུལ་གྱི་དབང་ལས་འཁོར་འདས་ཀྱི་སྣང་བ་འབྱུང་བ་ལ་གཞན་རྟོག་འཇུག་ཅིང་། དེ་ལས་རང་ངམ་བདག་ཏུ་རྟོག་པ་ཁུ་བའི་དབང་གིས་འབྱུང་བ་སྟེ། རྩ་བ་དཀར་དམར་རླུང་གིས་གཡོ་བས་གཉིས་ཆོས་སུ་གྱེས་པ་ལས། བཟུང་འཛིན་ནམ། སྣང་སེམས་ཐབས་ཤེས་སོགས་སྟེ། དོན་ལ་བཟུང་བ་སྣང་བ་སོགས་གཞན་རྟོག་འཇུག་པ་ཐམས་ཅད་སེམས་དེའི་འོད་དམ་སྣང་ཆ་ཡིན་པ་འདི་ཉིད་ཀྱི་ཕྱིར། མདོར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་བྱུང་ཞེས་སོགས་དང་། སྔགས་སུ་འཁོར་འདས་སེམས་ལས་འཕྲོ་ཞེས་སོགས་དང་། འོད་གསལ་ལས་བྱུང་ཞེས་སོགས་དང་། སེམས་ཉིད་ཆོས་སྐུ། སྣང་བ་ཆོས་སྐུའི་འོད་སོགས་སུ་བཤད་པ་ཡིན་ཏེ། དེ་ཡང་གནས་ཚུལ་ལ་མར་མེ་དང་དེའི་འོད་བཞིན་སྣང་སེམས་དབྱེར་མེད་དངོས་པོའི་བབས་ཡིན་པས། སྣང་བ་སེམས་སུ་སྨྲ་ཞིང་ཉམས་མྱོང་ལ་སྒྲོ་འདོགས་ཆོད་པ་ནི་ཟབ་མོའི་མདོ་རྒྱུད་སྤྱི་དང་། ཁྱད་པར་མ་རྒྱུད་ཀྱི་ངེས་པ་ལས་ཡིན་ནོ། དེའི་ཕྱི་ཐིག་ལེའི་སྣང་བ་དུ་མ་བདལ་བའི་དོན་དུ་བི་མ་ལ་མི་དྲས་བཤད་པ་ཡང་མི་འགལ་བ་ཡིན་ལ། མི་ཤིགས་པ་འདི་ཉིད་ཀྱི་གཡོ་བ་རླུང་གཞོམ་མེད་ཀྱི་ཆ་ནས་ནཱ་ད་དང་། ཁུ་བའི་ཆ་ནས་ཧམ་གཞོམ་མེད་དང་ཐིག་ལེ་སོགས་དང་། རྡུལ་དང་སྐྱེ་མེད་ཡིན་པ་སོགས་ཀྱི་ཆ་ནས་ཨ་ཐུང་ཨ་ཤད་སོགས་སུ་དང་། རང་ངོ་ཐམས་ཅད་དུ་ཁྱབ་ཅིང་མི་ཕྱེད་པའི་ངེས་པས་མཁའ་ཁྱབ་མཁའི་རྡོ་རྗེ་དང་། ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཆ་ནས་སྙིང་པོ་དང་། གནས་སྐབས་ཀྱི་བྱེད་པའི་ཆ་ནས་ལེན་པའི་རྣམ་ཤེས། དཀྱིལ་འཁོར་གྱི་སྒྲ་དོན་སྙིང་པོ་ལེན་པ་ཞེས་པའི་དོན་གྱིས་དཀྱིལ་འཁོར་སོགས་དང་། དེ་བཞིན་དུ་དེའི་ཆོས་རེ་རེའི་ངོས་ནས་བྱང་ཆུབ་ཀྱི་སེམས་དང་། རྡོ་རྗེའི་ལུས། བདེ་བ་ཆེན་པོ་སོགས་གནས་སྐབས་སོ་སོའི་ངེས་པས་མིང་མཐའ་ཡས་པས་བསྟན་ཀྱང་། དེའི་ཀུན་རྫོབ་བམ། དོན་དམ་གྱི་ཆ་རེ་བཟུང་ནས་མིང་སོ་སོར་སྨོས་པར་ཟད་ཀྱི། དོན་དུ་ནི་གཅིག་པ་ཉིད་དོ། །དེ་འདྲ་བའི་མི་ཤིགས་པ་ཆེན་པོ་དོན་ལ་སེམས་འོད་གསལ་འབྱུང་བའི་དྭངས་མ་དང་འཁོར་བ་ཇི་སྲིད་པར་མི་ཕྱེད་པ་དེ་ཉིད་རང་གི་སྣང་ཆ་ལ་གཞན་རྟོག་འཇུག་པ་ཉིད་ལས་བརྩམས་ནས་ཤེས་བརྗོད་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་ཆོས་ཇི་སྙེད་པ་འཇོག་པ་ཡིན་ཏེ། འདི་ལྟར། གཞི་ལ་རྩ་བ་ཁུ་རྡུལ་གྱི་དབྱེ་བས་བཟུང་འཛིན་གཉིས་སུ་དང་། རླུང་དང་བཅས་པ་ལས་གསུམ་འགྲོས་སམ། རྡུལ་ལས་ས་ཡིས་ཕྱེ་བས་བཞི་འགྲོས་རྒྱུད་སོ་སོའི་ངེས་པ་ལས་ཏེ། གང་ལྟར་འབྱེད་ཀྱང་མི་ཤིགས་པ་ཆེན་པོ་རང་མ་རིག་པའི་གཡོ་བ་ཁུ་བ་འཛིན་པའི་ཆོས་ཀྱིས་དབང་བྱས་པའི་རྟག་ཏུ་རྟོག་པའི་རྩ་བ་ཅན་གྱི་སྣང་གསུམ་གྱི་འཆར་སྒོ་ལས། རླུང་རྡུལ་ཁུ་བའི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས། གཟུགས་མེད་པ་དང་། གཟུགས་དང་། འདོད་པ་སྟེ་ཁམས་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་བྱེད་ན་དམྱལ་བ་ཡེ་ཤེས་ཀྱི་རང་སྣང་དུ་བཤད་ལ། མི་ཤིགས་པ་རང་ངོ་ཤེས་པའི་བདག་མེད་ཀྱི་འཆར་སྒོ་སྣང་གསུམ་མཾ་བཞི་འགྲོས་ལས། གསུམ་དང་བཞིའི་མཚན་ཉིད་ཅན་གྱི་སྒོ་དང་། དེ་ཐོབ་བྱེད་ས་ལམ་ལའང་རྩ་བ་གསུམ་མམ་བཞི་ལས་ཕྱེ་བའི་མྱང་འདས་ཕྱོགས་ཀྱི་སྣང་བ་འབྱུང་ཞིང་། སྨིན་གྲོལ་གྱི་ལམ་ལའང་གསུམ་འགྲོས་སམ་བཞི་འགྲོས་སོགས་སུ་རྩ་བའི་ངེས་པ་ལས་ཡིན་ལ། མི་ཤིགས་པ་ཆེན་པོ་ནི་བདག་ཡོད་མེད་སོགས་སྤྲོས་པའི་དྲ་བ་ཐམས་ཅད་ཀྱིས་མཚོན་དུ་མེད་པའི་ཕྱིར་དེ་རྩ་བར་གྱུར་པའི་འཁོར་འདས་ཀྱི་འཆར་སྒོ་སོགས་ཐམས་ཅད་མི་འདོད་ཅིང་། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དུ་འཆར་བའང་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལ་གཞི་ལམ་འབྲས་བུའི་ཐ་སྙད་གང་ཀྱང་བཞག་ཏུ་མེད་གསུང་ངོ་། །དེ་ལྟར་ན་གཞིའི་འཆར་སྒོ་ཇི་སྙེད་པའང་ཁམས་ཀྱི་རྣམ་པར་འགྱུར་བ་ལས་ཡིན་པའི་ཕྱིར་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཁམས་གསུམ་པོ་དེ་དག་གི་སྐྱེ་བ་ཡང་གོ་རིམས་བཞིན་དུ། ས་ཆུ་མེ་རླུང་གང་ཤས་ཆེ་བའི་དབང་ལས། རྫུས་ཏེ་དང་། དྲོད་གཤེར་དང་། མངལ་ལས་དང་། སྒོ་ང་ལས་སྐྱེ་བ་དག་འབྱུང་བ་ཡིན་ཏེ། ངེས་པ་འདིས་སྦྱོང་བྱེད་བསྐྱེད་རིམས་ལའང་ལྷ་བསྐྱེད་ཚུལ་བཞི་ལ་སོགས་པར་འགྱུར་བ་ཡིན་ནོ། །དེ་ལས་མངལ་སྐྱེས་ཀྱི་འཛམ་བུའི་མིའི་རྟེན་གྲུབ་པ་ལ་སྦྱར་ཏེ་བཤད་ན་འཆི་བ་འོད་གསལ་ལས་བར་དུ་སྒྱུ་མའི་ལུས་སུ་གྲུབ་ཅིང་། སྲིད་པ་དེས་བསྡུས་པའི་མི་ཤིགས་པ་ཕ་མའི་རྐྱེན་དང་ཕྲད་དུ་ཉེ་བ་ན་རྣམ་པར་ཤེས་པ་ཁུ་བའི་ཆོས་འཛིན་པའི་དབང་ལས་ཕའི་ཁམས་གཤང་བའི་སྒོ་གང་ཡང་རུང་བ་ནས་འཇུག་ཅིང་། ཉེར་ལེན་རྣམ་ཤེས་རྐྱེན་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ན་བརྒྱལ་བ་ཉེར་ཐོབ་ཀྱི་མཚན་ཉིད་ཅན་གྱི་བདེ་བར་རོ་གཅིག་པ་སྟེ། འདི་ནི་ལམ་དུ་རྒྱུ་རྡོ་རྗེ་འཛིན་པ་དང་། ཟླ་བ་བཅུ་ཡང་ས་རྣམས་ཉིད། ཞེས་སོགས་པའམ་གནས་སོགས་བཞི་ལ་རིམ་གྱིས་འབྱུང་བའི་དབང་དུ་བྱས་ན་གནས་སོ། ཁུ་ཁྲག་གི་རྐྱེན་ཅན་གྱི་མི་ཤིགས་པ་དེ་ཡང་ཁམས་ལྔའི་བདག་ཉིད་ཅན་ཡིན་པས། དེའི་མཚན་ཉིད་ཅན་གྱིས་རྩ་བའི་རླུང་ལྔར་ལྡང་བའི་རིམ་གྱིས་དེའི་རྟེན་རྩ་རྣམས་རིམ་པ་གཞུང་དུ་རྒྱས་པར་འབྱུང་བ་བཞིན་ཟླ་བ་གཉིས་པ་སོགས་ནས་ཆགས་ལ་རྩ་བའི་རླུང་ལྔའི་འབྱུང་བའི་ངེས་པ་ལས་ན། ཡོན་ཏནཾ། ཡན་ལག་གི་རླུང་ལྔའི་གྲུབ་རིམས་ཀྱི་སྐྱེ་མཆེད་རྣམས་གྲུབ་པ་ན་ལོངས་སྤྱོད་པའི་དོན་གྱིས་ཞིང་དང་། དེའི་འོག་ཏུ་དོན་ལྔ་སོགས་གྲུབ་པ་འདྲེས་པའམ་སྦས་པའི་དོན་གྱིས་ཚན་ནོ། །དེ་ནས་བྱེད་པའི་མཚན་ཉིད་ཅན་གྱི་ལས་དབང་རྣམས་གྲུབ་པ་འདུ་བ། དེ་ལས་དྲི་མ་འདོར་བ་སོགས་ཟླ་བ་བརྒྱད་པ་ནས་འབྱུང་བ་དུར་ཁྲོད། མའི་མངལ་སྦུབས་དྲལ་ཏེ་འབྱུང་བ་འཐུང་གཅོད་དེ། ཉེ་གནས་སོགས་ནི་སོ་སོའི་ལོངས་སྤྱད་བྱ་ལ་ཉེ་བའི་སྒྲས་བསྟན་པས། མངལ་གྱི་ཟླ་བ་བཅུ་ས་བཅུ་དང་། དེ་ནས་ཕྱི་རོལ་དུ་རྩ་ཆགས་པའི་ཟླ་བ་ས་ལྷག་མ་གཉིས་ཏེ་བཅུ་གཉིས་སུ་གྲུབ་པོ། རྩ་འགྲུབ་པ་ཡང་། མི་ཤིགས་པའི་རླུང་གི་དབང་ལས་མུན་ཅན་དབུ་མ་དང་། ཁུ་བའི་དབང་གིས་འཛིན་པའི་ཆོས་བསྐྱེད་པ་རྐྱང་མ། རྡུལ་ལས་བཟུང་བའི་ཆོས་བསྐྱེད་པ་རོ་མ་སྟེ། གསུམ་རྩ་བ་ཡིན་ཅིང་། བཞིར་འབྱེད་པ་ན་དབུ་མའི་ཕྱེད་ཕྱི་མ་དུང་ཅན་མ་ས་ཁམས་ཏེ་དེ་ལྟར་བཞིའོ། །རྩ་བའི་ངེས་པ་འདིས་རྣམ་ཤེས་ཚོགས་བརྒྱད་དུ་འགྱུར་བ་ཡིན་ཏེ། མུན་ཅན་གྱི་དབང་ལས་སེམས་ཀུན་གཞི་རྐྱང་མས་ཉོན་ཡིད་ཀུན་གཞི་ལ་བདག་ཏུ་རྟོག་པའི་མཚན་ཉིད་ཅན། རོ་མས་རྣམ་ཤེས་ཚོགས་དྲུག་བཟུང་བའི་རང་སྣང་ཅན་ནོ། །དེ་ཡང་འཁོར་ལོ་ཆགས་པ་ན། ཁམས་བཞིའི་ངེས་པས་ལྟེ་སྙིང་མགྲིན་དཔྲལ་ཏེ་རྩ་བའི་འཁོར་ལོ་བཞི། འདི་བཞིའི་ངེས་པས་གནས་སྐབས་བཞི་བསྐྱེད་པའི་མི་ཤིགས་པའི་ཐིག་ལེ་བཞི་དང་། ས་ལས་ཡེ་ཤེས་དང་། རླུང་ལས་ནམ་མཁའ་ཕྱེ་བས་གསང་བ་དང་གཙུག་གཏོར་གྱི་འཁོར་ལོ་གཉིས་ཏེ། དེ་ལྟར་ན་མི་ཤིགས་པ་དྲུག་དང་། དྲུག་པོ་ཐབས་ཤེས་ཀྱིས་ཕྱེ་བས་བཅུ་གཉིས་ཏེ། དོན་གྱི་དབང་འདིས་འཁོར་ལོ་རེ་རེར་གནས་སོགས་གཉིས་གཉིས་ཏེ་ས་གཉིས་གཉིས་བཞག་པ་སོགས་ཀྱང་ཤེས་དགོས་ལ་འདི་ལས་ཐབས་ཤེས་ཀྱི་དབྱེ་བས་ཡུལ་ཉེར་བཞིའི་དང་། རྩ་བའི་དྲུག་དྲུག་གིས་བསྒྱུར་བ་སོ་དྲུག་གི་བར་གྱི་ཐིག་ལེ་སྟེ། གཅིག་སྤྱི་ཁྱབ་ཀྱིས་སོ་བདུན་གྱི་བར་དུ་འགྱུར་རོ། །འདི་ཉིད་ཀྱི་རིག་པ་དང་། རིགས་བརྒྱའི་ངེས་པ་དང་། རིག་བྱེད་ལས་ཀྱང་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་གྲགས་པ་ལྟར་ན། འཁོར་བའི་ཕྱོགས་བསྐྱེད་པའི་རེ་བཞི་སྟེ་བརྒྱ་རྩ་རྒྱུད་རྒྱས་པ་ལ་ཡོད་པར་སྣང་ནའང་། བསྡུས་རྒྱུད་དུ་ནི་མྱ་ངན་ལས་འདས་པའི་ཕྱོགས་སོ་དྲུག་གི་བར་ཉིད་ལས་མ་བྱུང་ཞིང་། བདུན་བཅུ་རྩ་གཉིས་སོགས་སུ་རྩའི་དབང་ལས་བཤད་པའང་། སོ་དྲུག་གི་བར་ཉིད་ལས་བརྩམས་པའི་དབྱེ་བསྡུའོ། །རྩ་རླུང་ཐིག་ལེ་འདི་དག་ཀྱང་རྒྱུད་རྣམས་སུ་འདྲེས་པ་ལྟ་བུ་དང་། ལ་ལར་ཤེས་པ་ལའང་དེར་བཤད་པ་དང་། ལ་ལར་ཐམས་ཅད་ཀྱང་ཕྱོགས་རེས་བརྗོད་པ་སོགས་དུ་མ་ཞིག་བྱུང་བའང་། ཀུན་རྫོབ་ཏུ་གནས་ལུགས་ཀྱི་རང་འོད་ཁམས་ལྔར་འཆར་བའི་ངེས་པས། ཁམས་དང་ཤེས་པ་འདྲེས་པ་ཉིད་ལ་མི་ཕྱེད་པའི་ཆ་ནས་མི་ཤིགས་པ་དང་། རྟེན་བྱེད་པའི་ཆ་ནས་རྩ་དང་། བརྟེན་པའི་ཡོན་ཏན་གྱི་ངོས་ནས་ཐིག་ལེ་དང་། གཡོ་བའི་ཆ་ནས་རླུང་དང་། ཁམས་ཀྱི་ངེས་པས་ཡི་གེ འཆར་སྒོའི་ངོས་ནས་སྣང་གསུམ་གྱི་ཤེས་པ་དང་། རེ་རེའང་ཀུན་འབྱུང་ཡིན་པའི་ཆ་ནས། ཐམས་ཅད་ཀྱང་ཕྱོགས་རེས་བརྗོད་པ་དང་། ཁམས་དང་ཤེས་པ་འདྲེས་པ་ཉིད་དོན་ལ་ཡུལ་དུ་འཆར་བས་ཡུལ་ལ་བདག་པོར་གྱུར་པའི་ཕྱིར་དབང་པོ་སོགས་སུ་བསྙད་པ་སྟེ། གནད་འདི་མ་གོ་བར་རྩ་ཆུ་རྒྱུས་ཡི་གེ་ཡིག་གཟུགས་རླུང་འབྱུང་འཇུག་གི་མཚན་ཉིད་ཅན་གྱིས་སེམས་རླུང་། ཐིག་ལེ་ཁུ་བ་དཀར་དམར་དབང་པོ་རྡུལ་ཕྲན་དང་བ་སོགས་ལ་རྣམ་པ་ཐམས་ཅད་དུ་བཟུང་ན། རྩ་རླུང་ཐིག་ལེ་དབུ་མར་བཅིངས་པས་ཤེས་པ་དབུ་མར་འཆར་བ་དང་། ཤེས་པ་དབུ་མའི་རང་བབས་མ་བཅོས་པར་བཞག་པས་བཟུང་འཛིན་བསྐྱེད་པའི་རྩ་རླུང་འཆིང་ཚུལ་སོགས་དང་། གཞན་ཡང་རླུང་མི་རྟོག་རྒྱ་ཡན་དུ་འཆིང་བ་མཆོག་ཏུ་ཟབ་པའི་ངེས་པ་དང་། རྡོ་རྗེ་ཐིག་པའི་བསེབ་ལམ་འཕོ་བའི་ངེས་པ་དང་། སྣང་བ་སེམས་ཀྱི་འོད་ཡིན་ཚུལ། དེ་ལས་ཕྱི་ནང་གཞན་གསུམ་གྱི་ངེས་པ་འཇོག་ཚུལ་སོགས། མདོར་ན་ཐེག་པ་འདིའི་མྱུར་ཟབ་ཀྱི་ངེས་པའི་སྙིང་པོ་མཐའ་དག་མི་གོ་བས་ལམ་གྱི་སྲོག་ཏོར་བ་ཡིན་ཏེ། འདིར་སྨྲས་པ། དིང་སང་ཕལ་ཆེར་སྐལ་བ་མེད་ཉིད་དང་། །ཕྱོགས་མོས་དད་ཙམ་སྲིད་དེའང་ཡིད་སྲུབས་བུ། །ངེས་གསང་བསེལ་བས་སྐྱོང་དེའང་བརྒྱ་ལམ་ན། །དེ་ཕྱིར་བདག་བློ་དཔལ་ལྡན་བླ་མར་འདྲེས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེའི་ཕྱིར་རྩ་བའི་རླུང་ལྔ་ཞེས་པ་ཡང་རྩ་བའི་ངེས་པ་དོན་ལ་ཁམས་ལྔ་པོ་ཉིད་པས། ཆོས་མངོན་པ་སོགས་སུ་ཀུན་འགྲོའི་མཚན་ཉིད་ཅན་གྱི་སེམས་བྱུང་དང་། སྔ་འགྱུར་དུ་འོད་ལྔའི་ཐིག་ལེ་དང་། འོད་ཟེར་ལྔ་པའི་རླུང་དང་། དེས་དབང་བྱས་པའི་མ་དག་པ་ལ་ཉོན་མོངས་ལྔ། དག་པ་ལ་ཡེ་ཤེས་ལྔ། བྱེད་ལས་ཀྱི་ངོས་ནས་དེའི་མཚན་ཉིད་ཅན་གྱི་སེམས་རླུང་ཕྲ་རགས་རྣམས་ལ་སྲོག་འཛིན་སོགས་སུ་བཞག་ལ་དེའི་ཡན་ལག་གི་རླུང་རྒྱུ་བ་སོགས་ལྔ་ནི། བཟུང་བ་རྡུལ་གཙོ་བོར་གྱུར་པ་ཉིད་ཀྱི་ལུས་ཀྱི་སྟོང་ཤས་ཆེ་བར་དབང་སོགས་སུ་ཏེ། དེ་ཡང་མིག་ཤེས་ལྟ་བུ་ལ་མཚོན་ན། ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་སྐྱེ་བར་སྤྱིར་བཤད་པའི་ངེས་པ་ཡང་། ཁུ་བའི་དབང་གིས་ཡིད་བྱེད། རྡུལ་གྱི་ཡུལ། རླུང་གིས་དབང་པོ་སྟེ། དེ་ཡང་དབང་པོ་ཀུན་འབྱུང་འདྲེས་པ་དེ་ཉིད་ཡུལ་དུ་འཆར་བས། བདག་པོར་བསྙད་ལ། དེ་འདྲ་བའི་ཡུལ་ལྔ་པོ་དེ་རྩ་བའི་ཁམས་ལྔའི་གཟུགས་ཆུའི་ནས་སྒྲ་ནམ་མཁའི་ཡོན་ཏན་ཡིན་པའི་བར་དུ་ཡོན་ཏན་ཡིན་པའི་གནད་ཀྱི་དབང་སོགས་ཀྱི་རླུང་ཡན་ལག་གི་རླུང་དུ་བཞག་པ་ཡིན་ནོ། །འདི་ཉིད་ཀྱིས་ཡན་ལག་གི་རྩ་ལ་སུམ་བསྐོར་མ་སོགས་སུ་བཏགས་པའང་རྒྱུ་མཚན་ཅན་གྱི་སྒྲའོ། །དེ་བས་ན་ཁུ་རྡུལ་གྱི་དངས་མའི་དབང་ལས། མི་ཤིགས་པ་ཆེན་པོའི་ཟབ་གསལ་གཉིས་མེད་དམ། གྲོལ་བའི་ཐིག་ལེའམ། ལྷན་གཅིག་སྐྱེས་པའི་ཡེ་ཤེས་སོགས་མིང་དུ་མ་ཅན་དེའི་ཀུན་རྫོབ་ཀྱི་གཟུགས་ཐིག་ལེ་ཙ་ན་ཀ་ཙམ་དུ། སེམས་ཅན་རྣམས་ཀྱི་རྩ་བའི་འཆི་འཕོའི་གནས་དང་། དང་པོར་ཆགས་པའི་དབང་གིས་སྙིང་ཀའི་པད་མ་ཁ་སྦྱར་གྱི་དབུས་ན་གནས་པར་ཞལ་ལུང་སོགས་སུ་བཤད་ལ། དེ་ནས་ཁམས་སོ་སོ་གཙོ་བོར་གྱུར་པའི་འཁོར་ལོའི་ལྟེ་བ་རྣམས་ཆགས་པའི་ངེས་པས། གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་བཞི་སོགས་སུ་བཤད་པ་ནས། རིགས་ཀྱི་དབྱེ་བ་ཇི་སྙེད་པའི་བར་དུ་སྟེ། འདི་ཡང་ཐིག་ལེ་གཅིག་ཀྱང་རྫས་ཀྱི་ངོས་ནས་ཀྱང་རིགས་ཐམས་ཅད་པ་ཡིན་པས། རྡུལ་གཅིག་སྟེང་ན་རྡུལ་རྙེད་སངས་རྒྱས་རྣམས། དང་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་རྙེད་ཀྱི། སངས་རྒྱས་རྒྱ་མཚོ་དང་། རྣལ་འབྱོར་པས་དུས་རྩའི་ཐིག་ལེ་ལ་ལོངས་སྐུ་དུ་མ་མཐོང་བར་བཤད་པ་སོགས་ཡིན་ནོ། །དེ་ལྟར་ན་ཕྲ་བའི་རྩ་རླུང་ཐིག་ལེ་ལས་རགས་པར་གྲུབ་པའི་དབང་གིས་ལས་ཐུན་མོང་བའི་སྣང་བ་ཇི་ལྟར་འབྱུང་བའི་ངེས་པ་ཅན་གྱི་རག་ལུས་སུ་འགྲུབ་པས། ལུས་དངོས་པོའི་གནས་ཚུལ་འཆད་པ་ན། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཞེས་འབྱུང་བ་ཡིན་ལ། ཇི་ལྟར་ཀླུ་དབང་རྣམས་ཀྱི་ལུས་གྲུབ་པས། དེའི་ལོངས་སྤྱོད་ཀྱི་ཆུ་ཀླུང་སོགས་འབྱུང་བ་ལྟར། ནང་དུ་ལུས་གྲུབ་པའི་དབང་གིས་ཆགས་རིམས་དང་བཀོད་པ་སོགས་ཇི་ལྟ་བའི་ཕྱིས་རོལ་སྣོད་ཀྱི་རགས་རིགས་དྲུག་གིས་བསྡུས་པའི་བཅུད་ཀྱི་སྣང་བ་ནང་དང་མཐུན་པར་ཕྲ་རགས་ལས་འབྱུང་བ་ཡིན་ཏེ། འདི་ཡང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཤེས་པ་ཙམ་དང་། སྣོད བཅུད་ཀུན་གཞིའི་ལས་སྣང་ཐུན་མོང་བ་ཡིན་ཞེས་པ་ཙམ་ནི་ཐམས་ཅད་དུ་གྲགས་ལ། འདིའི་རྩ་བའི་ངེས་པ་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་བརྟེན་པར་བཅས་པ་ཇི་སྙེད་པའང་ནང་གི་དབང་ཁོ་ན་ལས་འཇོག་པ་སོགས་ཕྱི་ནང་གཞན་གསུམ་གྱི་གནད་ཐུན་མོང་མ་ཡིན་པ་ལ་ནི། དག་མ་དག་གི་སྣང་བ་ཇི་སྙེད་པ་སེམས་ཀྱི་འོད་ཡིན་ལ་དེ་ཡང་ཁམས་ཀྱི་དབང་ལས་ཏེ། དེ་བས་ན་གོང་དུ་མཚོན་པ་ལྟར་ཕྱི་ནང་ཐམས་ཅད་ཁམས་བདག་པོར་གྱུར་པའི་སྣང་བ་ཡིན་པའི་ཕྱིར་རྟེན་འབྲེལ་གྱི་འགྲོས་གཅིག་ཏུ་མི་འབྱུང་ཀ་མེད་པ་འདི་གོ་དགོས་ལ། དེ་ཡང་རྩ་བ་སེམས་ཀྱི་འོད་ཡིན་པས་མི་ཤིགས་པ་གཅིག་ཏུའང་སྡོམ་པ་ཡིན་ནོ། །དེའི་ཕྱིར་རྩ་བའི་མི་ཤིགས་པའི་ངེས་པས་གསང་ཆེན་རིགས་གཅིག་དང་། ལམ་དུ་བཏགས་པའི་རིམ་པར་ལྷ་དཔའ་བོ་གཅིག་པ་དང་། ས་ལམ་ལ་གནས་དང་། དེ་ཉིད་ཐབས་ཤེས་གཉིས་སུ་དང་། སངས་རྒྱས་ཡབ་ཡུམ་དང་། ཡབ་ཡུམ་ཀྱང་ཕུང་ཁམས་དང་ཁུ་རྡུལ་ཡུལ་ཅན་དང་ཡུལ་གྱི་ཆོས་འཛིན་པའི་དབང་ལས། ཡུལ་ཅན་ཡེ་ཤེས་ལྔ་དང་། ཡུལ་ཁམས་ལྔའི་དབྱེ་བས་རིགས་ལྔ་ལྔར་དང་། ཁམས་ཀྱི་ངེས་པས་ཉེ་གནས་དང་། རྩ་བ་ལུས་ངག་ཡིད་གསུམ་གྱི་དབང་ལས་རིགས་གསུམ་དང་། རྩ་བའི་རླུང་ལས་ཡན་ལག་དབང་པོའི་ངེས་པས་སྲས་བཅས་དང་། ཞིང་སོགས་དང་། རྩ་བ་ཡེ་ཤེས་དང་བཞིའི་དབང་ལས་རྡོ་རྗེ་བཞི་དང་། རྩ་བ་ཡན་ལག་དང་བཅས་པའི་བྱེད་ལས་ཀྱི་ངེས་པས་ལས་དབང་རྣམས་དང་། གཡོག་དང་། ཚན་དྷོ་སྦས་པའམ་འདྲེས་པར་གྲགས་པ་དག་སྟེ། ཡབ་ཡུམ་ནས་གཡོག་གི་བར་ལྟོ་ཁ་གཅིག་པ་ལྟར། ནང་གཙོ་བོར་གྱུར་པའི་ངེས་པ་ལས་དང་། དེ་བཞིན་དུ་རྩ་བ་ལྔ་དང་། དྲུག་སོགས་ཀྱིས་འཁོར་གྲོགས། གཉེན། འདུ་བ། དུར་ཁྲོད། འཐུང་གཅོད་སོགས་སུ་སྟེ། དོར་བའི་ངེས་པས་དུར་ཁྲོད་འཇོག་པ་ལྟར་ཕྱི་གཙོ་བོར་གྱུར་པ་དང་། དེ་བཞིན་དུ་དུར་ཁྲོད་ལས་འཇིག་རྟེན་གྱི་གདགས་པ་སྣ་ཚོགས་དང་། གཡོག་འཁོར་རམ། ཚན་དྷོ་ལས་ཉན་རང་། སྲས་སམ་ཞིང་ལས་བྱང་སེམས། ཡབ་ཡུམ་མམ་གནས་ལས་སྔགས་ཀྱི་ཐེག་པ་བཞག་པར་གྲུ་གཟིངས་སུ་འབྱུང་སྟེ་ཤིན་ཏུ་གནད་ཆེའོ། །གཞི་ལ་གནས་སོགས་སམ་ས་བཅུ་གཉིས་སུ་ཡོད་པ་འདི་མ་ཤེས་ན་དེའི་གནད་བཅིངས་པས་ལམ་དུ་འགྱུར་ཚུལ་མི་ཤེས་ཏེ། དེ་བས་གཞིའི་ངེས་པས། སྨིན་ལམ་དུ་དེ་ངོ་སྤྲོད་པའི་ས་དང་། བསྐྱེད་པར་ས་དང་མཐུན་པའི་ལྷ་མི་ཟབ་པ་དང་ཟབ་པས་ཕྱེ་བ་དག་དང་། རྫོགས་པར་བསྙེན་བསྒྲུབ་བཞི་སྤྱི་ལ་ས་དང་། བྱེ་བྲག་ཏུ་འཁོར་ལོ་དྲུག་གི་ལྟེ་བར་ཐིག་ལེ་འགོག་པའི་རིམ་པས་སར་འགྱུར་བ་སོགས་ནི་གནད་འཆིང་ཚུལ་ཏེ། འདི་ལ་ཡང་ཁམས་ཀུན་འབྱུང་གི་ངེས་པས་ས་རེ་རེར་ཐམས་ཅད་ཚང་བ་དང་། དེ་ཡང་རྩ་བ་སེམས་ཀྱི་འཆར་སྒོ་གཅིག་ལ། དབང་བྱེད་པ་ལོངས་སྤྱོད་པ། བདག་པོ་ཐིམ་པ་བཞི་ཁུ་རྡུལ་རླུང་གསུམ་གྱིས་བསྒྱུར་བས་ས་བཅུ་གཉིས་སུ་ཡོད་པ་འདི་ཁོངས་སུ་ཆུད་དགོས་ཏེ། འདི་ཡང་རག་དང་ཕྲ་དང་ཤིན་ཏུ་ཕྲ་བའི་ངེས་པའོ། །སེམས་སྐད་ཅིག་མ་གཅིག་ཀྱང་སྐྱེས་པ་ཉིད་ན་མ་སྐྱེས་པའི་ངེས་པས། གནས་ཚུལ་ལ་ས་ལམ་དང་སྤང་གཉེན་གྱི་དོར་ཐོབ་གཞི་འབྲས་སོ་སོའི་ངེས་པ་སོགས་བཞག་ཏུ་མེད་པས་མ་བཅོས་པ་ལམ་གྱི་སྲོག་ཏུ་འགྱུར་བ་ནི་ལམ་འོག་མ་རྣམས་ལས་ཁྱད་ཞུགས་པའི་བླ་མེད་ཀྱི་རྒྱུད་སྡེའི་རང་རིག་པ་བདེ་བ་ཆེན་པོས་བགྲོད་པ་ཞེས་བྱ་བ་དེ་ཡིན་ཏེ། ཇི་སྲིད་དུ་སྤང་གཉེན་དུ་རྟོག་པ་ཡོད་པ་དེ་སྲིད་དུ་བཟུང་འཛིན་གྱི་རྩ་བ་གཞན་རྟོག་འཇུག་པས་ལམ་བདེ་བས་བགྲོད་པ་མ་ཡིན་པའི་ཕྱིར་རོ། ངེས་པ་འདི་ཉིད་ཀྱིས་ན་འཁོར་བའི་རྩ་བ་བཟུང་འཛིན་ཡིན་པས། མ་བཅོས་པའི་ལམ་ཕྱག་རྒྱ་ཆེན་པོ་ཞེས་གྲགས་པ་ནས་འཇུག་པ་འདི་ལ། སེམས་དབུ་མའི་རང་བབས་ལ་བཞག་པས། དེའི་རྟེན་རྩ་རླུང་རྣམས་ཀྱང་དབུ་མར་འཆིང་བའི་བསེལ་ལམ་ཆེན་པོ་སྟེ། ཚུལ་འདི་ལ་རླུང་མི་རྟོག་རྒྱ་ཡན་དུ་འཆིང་བ་སོགས་གཞིའི་གནད་འཆིང་ཚུལ་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངེས་པས། རྩ་རླུང་ཐིག་ལེའི་ལམ་སྲོལ་རྟོག་བཞག གཟུང་འཛིན་ཅན་རྣམས་མི་འདོད་དེ། མདོར་ན་དབང་བཞི་པའི་ལམ་སངས་རྒྱས་ཡེ་རྫོགས་མངོན་དུ་བྱེད་པའི་ཆོས་ཡིན་པས། དིང་སང་གི་ཆོས་པ་རྣམས་ལ་མི་འཁོ་བས་གསང་བ་རང་གཞན་གྱི་དོན་དུ་འགྱུར་བ་ཡིན་གསུང་ཅི་དབང་བཞིའི་པའི་དོན་ཕྱག་རྒྱ་ཆེན་མོ་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་ལ་གྲགས་པ་མ་ཡིན་ནམ། ཇི་ལྟར་ད་ལྟར་གྱི་སྣང་བ་ལམ་དུ་བྱེད་པ་བཞི་པར་འགྱུར་ཞེ་ན། དེ་ལྟར་ཡིན་པ་ཉིད་ཀྱིས་བཞི་པའི་ལམ་དུ་འགྱུར་བ་ཡིན་ཏེ། དེ་ཡང་སྣང་བ་གང་སྲིད་སེམས་ཀྱི་རང་འོད་ཡིན་པའི་ཟུང་འཇུག་ཆེན་པོ་གདོད་མའི་རང་བབས་འདི། རེ་ཤིག་གློ་བར་མི་ཆུག་པ་དག་ལ་ཐབས་མཁས་པའི་ཁྱད་པར་གྱིས། སྣང་བ་སེམས་སུ་ཡིད་ཆེས་སུ་གཞུག་པའི་ཕྱིར་མུན་པ་ལ་བྱེད་པ་བཅིང་བའི་སྦྱོར་བས་བར་མེད་དུ་ཉི་མ་གཅིག་བརྟགས་པས། མུན་ཁུང་དུ་མ་བརྟགས་པའི་སྣང་བ་སྣ་ཚོགས་མངོན་སུམ་གྱིས་གྲུབ་པ་ན། དེར་གཞན་འཇུག་པའི་སྐབས་མེད་པས། རྩ་རླུང་གི་དབང་བྱས་པའི་སེམས་ཀྱི་འཆར་སྒོར་བློ་ཐག་ཆོད་པ་ལས་སྣང་བ་སེམས་སུ་ངེས་སླ་བ་སྟེ། དོན་ལ་སེམས་ཀྱི་མ་བཅོས་པའི་བབས་མི་འགྱུར་བའི་ཡེ་ཤེས་ཡིན་པའི་གནད་ཀ དེའི་མ་འགགས་པའི་རང་འོད་ཉིད་ཕྱག་རྒྱ་ཆེན་མོ་ཡིན་པ་ཟུང་འཇུག་དེ་སེམས་ཅན་གྱི་སེམས་ཀྱི་གནས་ལུགས་རྒྱུ་རྒྱུད་སངས་རྒྱས་སུ་ཡེ་ནས་ལྷུན་གྱིས་གྲུབ་པ་དེའི་གནས་སྐབས་ཀྱི་འཁྲུལ་པ་ལམ་གྱིས་སྦྱངས་པས་གཞི་དེ་ཉིད་མངོན་དུ་གྱུར་པ་ལ་འབྲས་བུར་འཇོག་པ་ནི་རྒྱུད་ཅེས་འབྱུང་བའི་དོན་གྱི་ངེས་པ་ཡིན་ལ། སེམས་ཀྱི་རང་སྣང་ལས་གཞན་པའི་ཕྱག་རྒྱ་ཆེན་མོ་ཟུར་པ་གཅིག་དང་། རང་བབས་ལས་གཞན་པའི་མི་འགྱུར་བའི་ཡེ་ཤེས། དེ་གཉིས་ཟུང་དུ་འཇུག་པ་གཅིག་བཟོད་ལམ་གྱིས་བསྒྲུབ་རྒྱུ་ཡོད་ན། གཞི་མངོན་དུ་གྱུར་པ་ལ་འབྲས་བུར་འཇོག་པ་ཚིག་ཙམ་དུ་སོང་བས་རྒྱུད་ཀྱི་དོན་གཏོར་བ་ཡིན་ཏེ། གཞི་ལ་གཏན་མེད་པ་གཅིག་ལམ་གྱིས་ཐོབ་པའི་ཕྱིར་རོ། །དེ་བས་ན་སེམས་ཀྱི་རང་བབས་ཀྱི་སྣང་བ་སེམས་སུ་ངོ་སྤྲོད་མི་རུང་བའི་དབང་པོ་དམན་པ་དག་ལ། བྱེད་པ་བཅིངས་པས་ས་རླུང་རངས་པའི་སྣང་བ་དུ་བ་ལྟ་བུ་ནས་སྟོང་གཟུགས་སྣ་ཚོགས་པའི་བར་ཤར་བ་དག་གི་སྟེང་དུ་ངོ་སྤྲོད་པ་ཡིན་གྱི། དོན་ལ་དེ་ཉིད་ཁོ་ན་ཕྱག་རྒྱ་ཆེན་མོར་མ་ངེས་ཏེ། ཞེན་པས་མ་སླད་པའི་ད་ལྟར་གྱི་སྣང་བ་གང་ཤར་འདི་ཉིད་སེམས་ཀྱི་རང་བབས་ཀྱི་སྣང་བ་ཡིན་ལ། ལས་དང་པོ་པ་ལ་སྔ་མ་རྩོལ་བཅས་ཀྱི་སྣང་བ་ཡིན་པས་གཞན་རྟོག་འཇུག་ཕུལ་ཆེ་བས་བཅོས་མའི་ལམ་ཡིན་ཏེ། དེ་བས་ན་སོར་སྡུད་དུ་སྟོང་གཟུགས་མཐོང་བ་ཉིད་ལ་བཟུང་འཛིན་སྤང་བའི་ཆེད་དུ་བསམ་གཏན་འབྱུང་བ་ཡིན་ནོ། །མདོར་ན་རྩ་རླུང་ཕྲ་རགས་ཀྱི་སྣང་བ་ལ་ལམ་ཡིན་མིན་གྱི་རྩོད་པས་ཅི་ཞིག་བྱ་སྟེ། སྣང་བ་ཕྲ་རགས་ཀྱིས་འཁོར་བར་འཁྱམས་པ་མ་ཡིན་གྱིས། སྣང་སེམས་ཐ་དད་དུ་ཞེན་པའི་བཟུང་འཛིན་གྱི་འཁོར་བ་ཡིན་པས། དོན་ལ་བཟུང་འཛིན་གཅོད་པ་ལ་གནད་དུ་གང་འགྲོ་བ་གཅིག་ལམ་ཟབ་པ་ཡིན་ཏེ། དེ་ལ་བཅོས་མ་དང་རྩོལ་བ་ཇི་ཙམ་བསྐྱེད་པ་ཉིད་ཞེན་པ་ཆེས་འདོར་དཀའ་བ་དག་འབྱུང་བའི་རྒྱུ་ཡིན་པས་མ་བཅོས་པ་དབང་རྣོན་གྱི་ལམ་ཡིན་ཞེས་བྱ་བ་འདི་ཡིན་ཏེ། སེམས་ཀྱི་བཟུང་འཛིན་དག་ན་སྣང་བ་ཐམས་ཅད་སྟོང་གཟུགས་སུ་རང་གྲུབ་ཅིང་། རྩ་རླུང་དྭངས་པར་ཡང་འགྱུར་བས་དེའི་སྣང་བ་དགོས་ན་ཡང་འབད་མེད་དུ་འབྱུང་བ་ཡིན་ནོ། །ངེས་པ་འདི་ཉིད་ཀྱི་ཕྱིར། དཔལ་ནཱ་རོ་པས། སྣང་བ་ལས་ཀྱི་སྒྱུ་མ། ལམ་ཏིང་ངེ་འཛིན་གྱི་སྒྱུ་མ། མཐར་ཐུག་ཡེ་ཤེས་ཀྱི་སྒྱུ་མ་ཞེས་གསུངས་ཏེ། སྒྱུ་མ་དེ་རྣམས་ཀྱི་གནས་ཚུལ་ལ་བཟང་ངན་ཡོད་དུ་མི་འདྲའོ། །འདི་ལ་ཡང་མ་བཅོས་པ་ཉིད་བཅོས་པར་སོང་ན་སྨན་དུག་ཏུ་སོང་བ་ཡིན་པས། ལམ་སྲོལ་འདི་སློབ་མ་སྐལ་ལྡན་དང་། བླ་མ་རྟོགས་ལྡན་གྱིས་སློབ་བཤད་བྱ་བའི་ཆོས་ཡིན་ཞེས་འབྱུང་སྟེ། ཁྲིད་ཡིག་ཀླགས་པ་ཙམ་གྱིས་ཅིར་འགྱུར་ནི་མ་ཤེས་སོ། །ངེས་པ་འདི་ཉིད་ཀྱི་ཕྱིར་རྣལ་འབྱོར་ཡན་ལག་དྲུག་གི་དང་པོ་སོར་བསམ་གཉིས་ཀྱི་སྟོང་གཟུགས་བསྒྲུབས་ནས་གཞན་རྟོག་གཅོད་པས་སྐུ་རྡོ་རྗེ་སྟེ། མ་འགགས་པའི་འཆར་སྒོ་སྣ་ཚོགས་པའི་སྐུ་མི་ཕྱེད་པའི་རང་བབས་སུ་སྦྱོར་བའི་ཕྱིར་རོ། །སྲོག་འཛིན་གཉིས་བཟུང་འཛིན་གྱི་རྩ་བ་གཡས་གཡོན་རོ་རྐྱང་གི་རླུང་དྷུ་ཏིར་འཆིང་ཞིང་། དེ་ཡང་ཁམས་ཀྱིས་ཕྱེ་བའི་འཁོར་ལོ་སོ་སོའི་ལྟེ་བའི་མི་ཤིགས་པ་འཆིང་བའི་ངེས་པས་གཉིས་སྣང་གཅོད་པ་གསུང་རྡོ་རྗེ་སྟེ། གཉིས་སྣང་གི་རྩ་བ་གཟུང་འཛིན་གྱི་གཡོ་བ་གསུང་གི་རང་བཞིན་མི་ཕྱེད་པའི་རང་བབས་སུ་སྦྱོར་བའི་ཕྱིར་རོ། །རྗེས་དྲན་དང་ཏིང་ངེ་འཛིན་ནི་གཉིས་སྣང་ཕྲ་བའི་རྩ་བ་ཐིག་ལེའི་འགྱུར་བ་ལུགས་འབྱུང་གིས་ལྷན་སྐྱེས་སུ་འཆིང་བ་དང་། ཏིང་ངེ་འཛིན་དུ་ལུགས་བཟློག་གིས་འཛག་མེད་དུ་འཆིང་བའི་ངེས་པས་ཐུགས་དང་ཡེ་ཤེས་རྡོ་རྗེ་སྟེ། གཉིས་སྣང་ཕྲ་བའི་རྩ་བ་ཐིག་ལེ་དང་། དེའི་འཛག་པ་ལྷན་སྐྱེས་དང་འཛག་མེད་དུ་མི་ཕྱེད་པར་འཆིང་བའི་ཕྱིར་རོ། །དེ་བཞིན་དུ་རིམ་པ་ལྔ་ཡང་སྟེ། ལུས་དབེན་གྱིས་གཞན་རྟོག་རགས་པ་གཅོད་པ་ཕུང་ཁམས་སྐྱེ་མཆེད་སོགས་ལས་རིགས་བརྒྱར་ཕྱེ་བ་དག་ལྷའི་ངེས་པས་རྡོ་རྗེར་སྦྱོར་བ་དང་། རྡོར་བཟླས་སེམས་དབེན་དང་བཅས་པ་སྲོག་འཛིན་གྱི་མཚན་ཉིད་ཅན་གྱི་རླུང་རྡོ་རྗེ་གསུམ་དང་། དེའི་རྟེན་ཅན་གྱི་རང་བཞིན་བརྒྱད་བཅུ་སྣང་གསུམ་དུ་བཅིངས་པས་སེམས་དབེན་དུ་མི་ཤིགས་པ་མངོན་དུ་གྱུར་པས་གཞན་རྟོག་ཕྲ་བ་གཅོད་ལ། དེ་ལས་སྒྱུ་ལུས་སྣང་སྲིད་རྒྱ་ཡན་དུ་ལྡང་བས་གཞན་རྟོག་གི་ལྡང་རོ་གཉིས་སྣང་རགས་པ་གཅོད་ཅིང་། དེ་ཡང་འོད་གསལ་གྱིས་སྦྱངས་པས་གཉིས་སྣང་ཕྲ་བ་དང་བྲལ་བའི་སེམས་ཀྱི་གདོད་མའི་དབྱིངས་རང་སྣང་དང་ཡེ་ནས་ཟུང་དུ་འཇུག་པ་ཉིད་མངོན་དུ་འགྱུར་བ་ཡིན་ཏེ། ཟུང་འཇུག་ཏུ་ད་དུང་ཟུང་སྡེབ་རྒྱུ་ཅིག་བྱུང་ན་ཟུང་དུ་མི་ཆུགས་ཏེ། གཉིས་སྣང་གི་མཚན་ཉིད་ཅན་ཡིན་པས་གཞིའི་གནས་ཚུལ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར་རོ། །ངེས་པ་འདི་ཡི་ཕྱིར་ཡང་། མ་བཅོས་པའི་ལམ་འདི། རིམ་པ་བཞི་པ་དང་། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དང་པོ་ཉིད་ནས་བཀྲི་བའི་ལམ་ཡིན་ཏེ། གཉིས་ཆོས་ཟུང་འཇུག་གཉིས་མེད་རང་བབས་སོགས་གང་ཡང་མི་འདོད་པའི་ཕྱིར་ཏེ། མ་བཅོས་པ་ཉིད་ལའང་ཞེན་མྱོང་མེད་པའི་ཕྱིར་རོ། །དེ་བས་ན་གཟུང་འཛིན་གཅོད་བྱེད་ཀྱི་མི་ཤིགས་པ་ཆེན་པོ་འདི་ཁོང་དུ་མ་ཆུད་པར། རྩ་རླུང་ཐིག་ལེའི་གནས་སྐབས་ཀྱི་བྱེད་པ་བཅིངས་པས་སེམས་དབེན་སོགས་དང་ཡན་ལག་དྲུག་གི་སྔ་མའི་སྐབས་སོ་སོར་སྣང་གསུམ་གྱི་རིམ་པས་མི་ཤིགས་པའི་ཐིག་ལེ་མཐོང་བ་ཙམ་ལ་མི་ཤིགས་པ་མཐར་ཐུག་ཏུ་མི་བཟུང་སྟེ། འདི་ཙམ་མཐོང་བ་ཕྱི་རོལ་པའི་ལམ་ལ་ཡང་ཡོད་པའི་རི་དང་། སེམས་དབེན་དུ་མཐོང་བའི་མི་ཤིགས་པ་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་མཐོང་བ་ཡིན་ནའང་། དེ་ཀ་ཉིད་ལམ་གོང་མ་ལ་ལྟོས་པའི་སྒྲིབ་པ་ཡིན་པས། རིམ་པ་བཞི་པས་སྦྱོང་དགོས་པའི་ཕྱིར་རོ། །ཕྱི་རོལ་པའི་ལམ་དུ་ཡོད་ཚུལ་ཡང་། འདི་ལྟར་ཁྱབ་འཇུག་པ་དག སེམས་ནང་དུ་བརྟན་པའི་ཏིང་ངེ་འཛིན་གྱི་དབང་ལས། འོག་གི་སྒོ་ནས་ཁྱབ་འཇུག་མུན་པའི་རང་བཞིན་འོག་གི་ཡོན་ཏན་ཡིན་པས་འཇིག་རྟེན་ཐམས་ཅད་ཀྱི་འོག་དུ་ཁྱབ་པར་གནས་པའི་དབུས་སུ་སྐྱེས་བུ་ཉི་མའི་མདོག་ཅན་མཐོང་བར་འདོད་ཅིང་། སྐྱེས་བུ་ལས་བྱུང་བའི་མེ་མཐར་འཇིག་རྟེན་བསྲེག་པར་བྱེད་ལ། ད་ལྟར་འཇིག་རྟེན་ཐམས་ཅད་ཀྱི་རྟེན་དང་ཐམས་ཅད་དུ་ཁྱབ་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཁྱབ་འཇུག་གི་གཟུགས་སུ་གནས་ཤིང་། དང་པོར་བྱེད་པ་པོ་ཡིན་པར་ཡང་སྨྲ་བ་དང་། དབང་ཕྱུག་པ་དག་ནང་དུ་བསམ་གཏན་གྱི་དབང་ལས་ཕྲ་བ་དང་ཡང་བ་དང་བདག་པོར་གྱུར་པ་དང་གར་ཡང་ཕྱིན་པ་ལ་སོགས་པ་ཡོན་ཏན་བརྒྱད་དང་ལྡན་པའི་ཐིག་ལེ་ཉི་མའི་རང་བཞིན་ཅན་མཐོང་བར་འདོད་པ་དང་། དེ་ཡང་དུས་ཀྱི་ཆ་བཅུ་གཉིས་དང་ལྡན་པའི་དབང་གིས་དང་པོར་འབྱིན་པའི་དུས་སྦྱོར་གྱི་ངེས་པས་འཇིག་རྟེན་བསྐྱེད་ཅིང་། ད་ལྟར་ཡང་དུས་སྦྱོར་བཅུ་གཉིས་ཀྱི་བགྲོད་པས་གནས་པ་དང་། རླུང་གཙོ་བོར་གྱུར་པའི་ངེས་པས་དབྱངས་འཆར་བའི་སྤྲོས་པ་སོགས་མང་དུ་སྨྲ་བས་དབང་ཕྱུག་བྱེད་པོར་འདོད་པ་དང་། ཚངས་པ་དག་ཀྱང་ནང་གི་བསམ་གཏན་ལས་སྙིང་གར་ཚངས་པའི་སྒོ་ང་འོད་ཀྱི་རང་བཞིན་མཐོང་ཞིང་། དེ་ལས་ཆོས་ཐམས་ཅད་འབྱུང་འཇིག་བྱེད་པ་དང་། སྔོན་ཀྱང་ཚངས་པའི་སྒོ་ང་བསམ་གཏན་གྱི་མིག་གིས་མཐོང་བ་དག་ལས་འཇིག་རྟེན་ཐམས་ཅད་བྱུང་སྟེ། དེས་ན་ཚངས་པ་ཉིད་བྱེད་པོའོ། །ཞེས་སོགས་སྨྲ་སྟེ། འདི་ཡང་རྩ་བའི་ངེས་པ་ནི་རྟེན་ཁུ་རྡུལ་རླུང་གསུམ་དང་། བརྟེན་པ་སྣང་གསུམ་གྱི་དབང་གིས་རྡོ་རྗེ་གསུམ་ལ། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། སོགས་སུ་བཞག་པའི་ནང་པའི་བརྡ་ཆད་ཡིན་ལ། འཆར་སྒོ་གསུམ་གྱི་ངེས་པས་འཇིག་རྟེན་གྱི་ལྷ་ཆེན་པོ་དག་ཀྱང་དེ་དང་དེའི་ཆོས་གཙོ་བོར་འཛིན་པར་གྲུབ་ཅིང་། དེའི་དབང་ལས་དེ་ལ་སྐྱབས་འཆའ་བའི་དྲང་སྲོང་དག་གིས་ཀྱང་ཉི་ཚེ་བའི་བསམ་གཏན་གྱི་ཁུ་རྡུལ་རླུང་གཙོ་བོར་གྱུར་པའི་ཐིག་ལེ་མཐོང་བ་ལ་ལྷ་དེ་དང་དེ་མཐོང་བར་སྨྲ་བ་སྟེ། ཁྱབ་འཇུག་པས་མུན་པ་ལ་སྐྱེས་བུ་མཐོང་བ་དང་། ཚངས་པ་པས་སྒོ་ང་མཐོང་བའི་བར་དུའོ། །དེ་ལྟར་མཐོང་ཀྱང་བདག་མེད་པར་རྟོགས་པའི་ཤེས་རབ་དང་བྲལ་བས། བྱེད་པོར་སྨྲ་ཞིང་འཁོར་བར་ཡང་ཕྲན་ཏུ་གྱུར་པ་ཡིན་ཏེ། དེའི་ཕྱིར་རྟགས་སྣང་ཕྲན་ཚོགས་ཀྱིས་འཁྲུལ་ནས་ལམ་མཐོན་པོར་སླེབ་པའི་བསྙེངས་པས་ཕྱི་ནང་གི་ངེས་པ་དོར་བར་མི་བྱའོ། དེ་བས་ན་གདོད་མའི་མི་ཤིགས་པ་སེམས་ཀྱི་གནས་ལུགས་འོད་གསལ་བའི་མིང་ཅན་སངས་རྒྱས་ཡེ་ནས་རྫོགས་པ་འདི་ཉིད་གཞིའི་གནས་ལུགས་དངོས་ཡིན་ཞིང་། དེ་གཉིས་ལ་སྔགས་རྒྱུད་རྣམས་སུ་ཤྲཱི་ཡིག་སོགས་མིང་དང་བརྡ་དུ་མས་བསྙད་ལ། དེའི་གནས་སྐབས་ཀྱི་འཁྲུལ་པའི་དབང་ལས་འཁོར་བ་བྱུང་བས། དེ་སེལ་བའི་ཐབས་སུ་ནི་ལམ་དང་ཐེག་པར་གཏོགས་པ་ཐམས་ཅད་ཀྱང་སྦྱོར་བ་གཅིག་ཅིང་། བྱེ་བྲག་ཏུ་གཞི་འབྲས་དབྱེར་མེད་ཉིད་འཁྲུལ་པར་ཤེས་པའི་སྒོ་ནས་གཞིའི་གནད་འཆིང་བ་ནི་དབང་བཞིའི་ལམ་མཐའ་དག་དང་། ཐུན་མོང་མ་ཡིན་པའི་གནད་འཆིང་བ་ནི་བཞི་པ་འཁོར་དང་བཅས་པའོ་ཞེས་བྱ་བར་གནས་པ་ཡིན་ནོ། །གཞི་ལ་སེམས་དང་ལུས་དངོས་པོའི་གནས་ལུགས་གཉིས་སུ་ཕྱེ་བ་ཡང་། སེམས་ཉིད་ཀྱི་རང་ངོ་དང་དེའི་འོད་གསལ་སྣང་བའི་ཆ་ནས་གནད་འཆིང་བའི་ལམ་གྱི་ངེས་བས་ཐ་དད་དུ་ཕྱེ་བར་ཟད་ཀྱི་དོན་ལ་ནི་གཅིག་པ་ཉིད་དེ། སྣང་སེམས་མི་ཤིགས་པ་ལས་གཞན་པའི་བློས་བཞག་གཞིའི་གནས་ཚུལ་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་ཟབ་མོ་ནང་གི་དོན་ཞེས་པའི་མཚན་དོན་ལས་ཕྱི་ནང་གི་འཆད་སྒོ་གནས་སྐབས་སོ་སོའི་དབང་གིས་དུ་མར་འགྱུར་བ་ཡང་ཤེས་དགོས་ཏེ། སྤྱིར་ཐེག་པ་ཐམས་ཅད་དུ་གྲགས་པས་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། ཤེས་པའི་དབང་ལས་ན། ལས་སེམས་པའི་མཚན་ཉིད་ཅན་ནང་དང་། དེས་བསྐྱེད་པའི་འཇིག་རྟེན་སྣ་ཚོགས་ཕྱིར་འགྱུར་བ་དང་། དེ་ལས་གོང་དུ་ཀུན་གཞི་ཁས་ལེན་པ་དག་གིས་སྣོད་བཅུད་ཀུན་གཞིའི་ཐུན་མོང་དང་ཐུན་མོང་མ་ཡིན་པས་བསྡུས་པའི་སྣང་བའོ། །ཞེས་པ་ལྟར་ན་ཀུན་གཞི་ན་དེའི་སྣང་བ་དེའི་ཕྱི་དང་། ཡང་ཡུལ་ཅན་ནང་དང་ཡུལ་ཙམ་ལ་ཕྱིར་བྱས་པ་དང་། སྣོད་བཅུད་སྤྱི་ཙམ་ལ་ཕྱི་ནང་དུ་ཕྱེ་བ་དང་། བྱེ་བྲག་ཏུ་ཁམས་དྲུག་ལྡན་གྱི་ལུས་ནང་དང་། དེའི་དབང་གིས་བྱུང་བའི་སྣོད་ཕྱི་དང་། དེ་ལས་ཀྱང་དབང་གོང་མའི་སྐབས་སོ་སོར་རྩ་ཐིག་རླུང་ཕྲ་རགས་ལ་ཕྱི་ནང་དུ་བྱས་པ་དང་གནས་ཚུལ་གྱི་ངེས་པས་མི་ཤིགས་པ་ཆེན་པོ་ཉིད་ནང་དང་། དེ་ལས་གཞན་དུ་གཞན་རྟོག་མི་ཤིགས་པ་ཉིད་ལ་ཞུགས་ནའང་ཕྱིར་འགྱུར་བ་ཞེས་བྱ་བ་ཡིན་ཏེ། རྩ་བའི་ངེས་པས་དོན་ལ་ཕྱི་ནང་དུ་ཕྱེ་བ་ཕྲ་རགས་ཐམས་ཅད་ཀྱང་མི་ཤིགས་པར་སྡོམ་པས་གནས་ཚུལ་ལ་ཕྱི་ནང་མ་གྲུབ་པ་ཞེས་བྱ་བའང་ཡིན་ནོ། །དེ་བཞིན་དུ་གཞན་དཀྱིལ་འཁོར་ལའང་སྐབས་སོ་སོའི་ངེས་པས་དུ་མར་འགྱུར་བ་དང་། དེ་ཁོ་ན་ཉིད་ཀྱང་དེ་བཞིན་ཏེ། དོན་ལ་མི་ཤིགས་པའི་རང་ངོ་ཉིད་ལས་མི་འདའ་བས་གནས་ལུགས་དུ་མར་ཡང་མི་འགྱུར་བ་སྟེ་དེ་ཚུལ་འདི་འདྲ་བ་གཅིག་མ་གོ་ན་ཟབ་མོའི་མདོ་རྒྱུད་བསྟན་བཅོས་ཅི་འཆད་ཀྱང་དམུས་ལོང་གི་ཟློས་གར་རོ། །འདི་མཐའ་དག་གི་ངེས་པ་ཡང་རྩ་བ་ཤྲཱི་ཡིག་མི་ཤིགས་པ་ལས་ནམ་ཡང་གཡོ་བ་མེད་བཞིན་དུ། དབང་བྱེད་པའི་སྐྱེ་བར་ཡང་སྣང་ངོ་། །དེ་བཞིན་དུ་ལོངས་སྤྱོད་པའམ་གནས་པ་དང་། ཐིམ་པའམ་འཇིག་པར་ཡང་སྣང་བ་སྟེ། དེ་གསུམ་ཡང་རྟེན་ཁུ་རྡུལ་རླུང་གསུམ་མམ། ཡུལ་ཅན་སྣང་གསུམ་གྱི་འགྲོས་ལས་ཡིན་པས། སྐྱེ་བ་སྐྱེ་མེད་ཟུང་འཇུག་སྤྲུལ་སྐུ་དང་། ཧེ་ཡིག་སོགས་རྒྱུ་དང་། དེ་བཞིན་དུ་གནས་པ་གནས་མེད་ལོངས་སྐུ་རུ་ཡིག ཐིམ་པ་ཐི་མེད་ཆོས་སྐུ་ཀ་ཡིག ཐམས་ཅད་མི་ཤིགས་པ་བདེ་བ་ཆེན་པོའི་སྐུར་རང་བབ་སུ་གནས་ཤེས་བྱ་བ་ནི་གཞིའི་ངེས་པ་མཐར་ཐུག་པ་ཡིན་ཏེ། ཤྲཱི་ཧེ་རུ་ཀའོ། །ཚུལ་དེ་ལྟ་བུ་བསྟན་པར་བཞེད་ནས་ཇི་སྐད་དུ། དཔལ་རང་བྱུང་གི་ཞལ་སྔ་ནས་དེ་ལྟར་དུ་རྟོགས་པར་དཀའ་བ་དེ་ཡང་རྡོ་རྗེའི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་ལས་སྣང་བ་རྒྱུ་མཐུན་པར་རབ་ཏུ་ཟབ་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་དྲི་མ་མེད་པ་ཉིད་དྲི་མ་དང་བཅས་པའི་ལུས་ལ་གནས་པར་གསུངས་པ་དང་། སེམས་དྲི་མ་དང་བཅས་པ་ཉོན་མོངས་པའི་སྦུབས་དུ་མས་དཀྲིས་པ་འདི། སངས་རྒྱས་ཀྱི་སྙིང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་ཀྱི་ཡོན་ཏན་དང་ལྡན་པར་བཞུགས་སོ། །ཞེས་བྱ་བ་ནང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་མངོན་དུ་བསྟན་པ་རྡོ་རྗེའི་གནས་རྣམས་འདིར་སྟོན་པར་འདོད་པས་ལུས་སེམས་ནང་གི་བདག་ཉིད་བཤད་ཅེས་སྨོས་པ་ཡིན་ནོ། །ཞེས་འབྱུང་བ་ཡིན་ནོ། །དེ་ཡང་གོང་དུ་རྒྱས་པར་བཤད་པ་ལྟར། མི་ཤིགས་པ་ཉིད་ལ་རྡོ་རྗེ་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེའི་སྣང་ཆ་ལ་ལུས་དང་། དེ་ལས་སྣང་བ་སོགས་སུ་བསྙད་པ་ཡིན་ལ། བྱེ་བྲག་ཏུ་སྙིང་པོ་ལ་སྟོབས་སོགས་དང་། ལུས་སམ་སྣང་ཆ་ལ་མཚན་དཔེ་རང་ཆས་སུ་བཞུགས་པའི་ཚུལ་ནི། རྩ་བ་གོང་དུ་སྣང་ཆ་ལ་ཁམས་སོ་གཉིས་སོགས་སུ་ཕྱེ་བའི་ངེས་པ་དེ་ཉིད་ཡིན་ཏེ། འདི་ལྟར་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་རིས་སུ་བཅད་པ་དང་བྲལ་བའི་ཕྱིར་ཡོན་ཏན་ཆར་ཕྱེ་སྟེ་བགྲང་བ་ལས་ཡང་དག་པར་འདས་པ་དེའི་ཕྱིར་གྲངས་སུ་ཕྱེ་བ་ནི་མ་དག་པའི་ཁམས་ཀྱི་དབྱེ་བ་ཉིད་ལས་ཡིན་ཏེ། དཔེར་ན་ཆང་གིས་ལུས་མྱོས་པས་དེའི་ནུས་པ་སེམས་ལ་འབྱུང་བ་བཞིན་དུ་རྟེན་ཁམས་སོ་གཉིས་ཀྱི་དབྱེ་བའི་མཚན་སོ་གཉིས་ལས། བརྟེན་པ་སྟོབས་སོགས་སེམས་ཀྱི་ཡོན་ཏན་སོ་གཉིས་དང་། གཙོ་བོ་ཁུ་བའི་ཁམས་ལ་ལྟོས་པའི་གཟུང་བའམ་འཁོར་རྡུལ་གཙོ་བོར་གྱུར་པའི་རྟེན་གྱི་དབང་ལས་རང་བཞིན་བརྒྱད་བཅུའི་རྣམ་རྟོག་གི་ངེས་པས། མཚན་གྱི་འཁོར་དཔེ་བྱད་བརྒྱད་བཅུ་སྟེ། ཇི་སྐད་དུ། བཙུན་མོའི་ཁུ་བ་བདེ་ཆེན་དུ། །སྟོན་པ་སུམ་བཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ཞེས་འབྱུང་བ་དག་གོ །ཕྲ་བའི་ཁམས་སོ་གཉིས་ལས་རགས་པ་ནི། རླུང་བཅུས་སྟོབས་བཅུ་དང་། འབྱུང་བཞིའི་མཚན་ཉིད་ཅན་གྱི་འཁོར་ལོ་བཞི་མི་འཇིགས་པ་བཞི་དང་། མཁའ་འགྲོ་རྒྱ་མཚོར་སྟོན་པའི་མ་འདྲེས་ཆོས་རྣམས་ནི། ཁམས་ནི་བཅོ་བརྒྱད་གང་དང་ཡང་། ཞེས་འབྱུང་བ་ལས་ན་མིག་སོགས་ཁམས་བཅོ་བརྒྱད་ཀྱིས་སམ། གཞན་དུ་སྐྱེ་མཆེད་བཅུ་གཉིས་དང་ལས་དབང་ལྔ་ལས་མ་འདྲེས་པ་བཅོ་བརྒྱད་དེ། དེ་ལྟར་རྟེན་བརྟེན་པའི་དབང་ལས་ཡོན་ཏན་དྲུག་བཅུ་རྩ་བཞིའོ། །འདི་ཉིད་གཞན་དཀྱིལ་འཁོར་ལ་རྟེན་བརྟེན་པའི་འཁོར་ལོ་འཆར་བ་ནི་རེག་ཀྱི་དབྱེ་བ་ཇི་སྙེད་པའི་བར་དུ་འགྱུར་བའི་རྩ་བའི་ངེས་པའོ། །འདི་ལ་ཡང་ཐེག་པ་སོ་སོའི་གནས་སྐབས་ཀྱི་སངས་རྒྱས་དུ་མར་འགྱུར་བའི་དབང་ལས་ཡོན་ཏན་སྟོབས་སོགས་ཀྱང་འཆད་སྒོ་དུ་མར། འགྱུར་བ་དག་ཤེས་དགོས་ཏེ་འོག་ཏུ་འཆད་དོ། །དེ་ལྟ་བུའི་སྟོབས་དང་མཚན་སོགས་རང་གི་ངོ་བོས་དྲི་མ་མེད་པ་ཉིད་གནས་སྐབས་ཀྱི་འཁྲུལ་པའི་དབང་ལས། སེམས་ཅན་ལ་དྲི་མའི་ངོ་བོ་ཉིད་ཀྱི་སེམས་ལུས་དེ་དག་གི་དབང་གིས་བྱུང་བའི་སྣོད་བཅུད་ཀྱི་སྣང་བ་དང་བཅས་པར་གནས་ཏེ། དེའི་གནས་ཚུལ་ཤེས་པའི་ལམ་པས་གནས་སྐབས་ཀྱི་འཁྲུལ་པའི་གནད་ལམ་གྱིས་བཅིངས་པས་གཞི་གདོད་མ་ནས་སྒྲིབ་བྲལ་ཉིད་མངོན་དུ་འགྱུར་བ་གཞི་འབྲས་དབྱེར་མེད་ཀྱི་ངེས་པ་སྟེ། ཚུལ་འདི་ཁོང་དུ་མ་ཆུད་པ་ཁ་གཅིག་ནི་སྟོབས་སོགས་དྲི་བྲལ་ཉིད་སེམས་ཅན་ལ་སྙིང་པོའི་ཚུལ་དུ་རྣམ་པ་ཐམས་ཅད་དུ་འགྱུར་བ་མི་བརྟེན་པར་གནས་སོ་ཞེས་སྨྲ་བ་དང་། ཡང་ལ་ལ་དག་གཞི་ཉིད་འབྲས་བུ་ཡིན་པས། སྒྲིབ་པ་སྤང་དུ་མེད། གཉེན་པོ་བསྐྱེད་དུ་མེད་ཞེས་སོགས་མུ་ཅོར་དུ་སྒྲོག་སྟེ། སྔ་མས་ནི་བདག་རྟག་པར་སྨྲ་བས་སྒྲོ་འདོགས་པའི་མཐའ་དང་། ཕྱི་མས་ནི་ལས་འབྲས་ལ་བཀུར་འདེབས་ཀྱི་མཐའ་དེ་ཉིད་སྙིང་ལ་བཅངས་ནས། སངས་རྒྱས་པ་རྣམས་ལ་ཆུ་སྐྱར་གྱི་སྒྱུ་མ་སྟོན་པར་འཁུམས་སོ། །མི་ཤིགས་པ་ཆེན་པོའི་ངེས་པས། མ་བཅོས་པའི་ལམ་དུ་སྤང་གཉེན་སོགས་ཀྱི་ཐ་སྙད་མི་འདོད་པ་དེར་ནི་གཏན་མི་མཚུངས་ཏེ། ཚུལ་དེ་ལ་གཞི་འབྲས་ཉིད་ཀྱང་མི་འདོད་པའི་ཕྱིར་ཏེ། གནས་ཚུལ་ལ་བློས་བཞག་གང་ཀྱང་མ་གྲུབ་པའི་ངེས་པས་གནས་པ་ཉིད་ལ་མ་བཅོས་པར་མིང་དུ་བྱས་པའི་ཕྱིར་རོ། །འདི་ནི་དོན་ལ་གཞིའི་གནད་འཆིང་ཚུལ་མཐར་ཐུག་པ་ཡིན་ནོ། །དོན་འདི་ཉིད་ཀྱི་དབང་དུ་བྱས་ནས་ཇི་སྐད་དུ། གཞིའི་དོན་ཚུལ་བཞིན་དུ་ཤེས་པ་ལ་བརྟེན་ནས་དེའི་གནད་འཆིང་བ་ནི་ལམ་གྱི་རིམ་པ་ཡིན་ལ། དེས་གནས་སྐབས་ཀྱི་འཁྲུལ་པ་རྣམ་པར་སྦྱངས་ནས་དྲི་མ་མེད་པ་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བས་འབྲས་བུ་ཐོབ་པར་བྱེད་པ་ནི་རང་བཞིན་གྱིས་འབྲེལ་པ་སྟེ། འདི་ནི་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་དོན་གྱི་འགྲེལ་ལོ། །ཞེས་འབྱུང་བ་ཡིན་ནོ། །གཞིའི་གནད་འཆིང་བྱེད་ལམ་ལ་ཡང་། ཐོག་མར་གཞན་རྟོག་གི་བརྡ་སྤྲོད་པ་སྨིན་ལམ་དང་། རང་མྱོང་གི་གནད་འཆིང་བ་དངོས་གྲོལ་ལམ་གཉིས་སུ་འགྱུར་ལ། དེའི་དབང་པོ་སྨིན་ལམ་ལ་ཡང་། ཅི་ཞིག་མ་སྨིན་ཞེ་ན། གཞི་འབྲས་དབྱེར་མེད་ཀྱི་ངེས་པས། གཞིའི་གནས་སྐབས་ཀྱི་འཆར་སྒོ་བཞི་པོ་སྐུ་བཞིར་ལྷུན་གྲུབ་ཏུ་ཡེ་ནས་གནས་པ་ཉིད་མ་ཤེས་པ་མ་སྨིན་པ་ཡིན་ལ། དེ་ཤེས་པའམ་གོ་བར་བྱེད་པའི་དོན་ལ་སྨིན་ལམ་དུ་བསྙད་དོ། །དེ་ལ་ཡང་གཞི་མི་ཤིགས་པ་ཆེན་པོ་ལས་གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་བཞིར་བྱེད་བས་སྐུ་བཞིར་གནས་པ་ཉིད་མ་ཤེས་པ་ཤེས་པར་བྱེད་པའི་དོན་གྱི་དང་རྩ་བའི་ངེས་པ་དེ་སྲིད་ཀྱི་ལམ་ཡང་དགའ་བ་བཞིར་གནས་པ་མངོན་དུ་བསྟེན་པར་བྱེད་པའི་རིམ་པས་དབང་རྣམ་པ་བཞིར་འགྱུར་བ་ཡིན་ཏེ། དེ་ལ་ཡང་ཐོག་མར་དགའ་བ་བཞི་པོ་ཉིད་ཤེས་དགོས་པས། དེ་ཡང་དགའ་བའི་རྟེན་ཕྱག་རྒྱ་བཞིའི་ངེས་པས་འཆར་སྒོ་རྣམ་པ་བཞིར་འགྱུར་བ་ཡིན་ཏེ། འདི་ལྟར་སྣང་བ་ཆོས་ཀྱི་ཕྱག་རྒྱའི་དབང་དུ་ན། དང་པོར་ཡུལ་ལ་འཇུག་འདོད་ཀྱི་རྟོག་པ་གཡོ་བ་རླུང་གི་མཚན་ཉིད་ཅན་ལས་སྣང་བ་རྣམ་པ་སྣ་ཚོགས་པའི་དགའ་བ་དང་། དེ་ལས་ཡུལ་ལ་གསལ་སྣང་མཆེད་པ་མེའི་རང་བཞིན་གསལ་བར་སྤྱོད་པ་རྣམ་པར་སྨིན་པའམ་མཆོག་དགའ། དེའི་འོག་ཏུ་ཡུལ་ལ་སྤྱད་པ་རྫོགས་པས་འཇུག་པ་བསྡུད་པའི་ཐོབ་པ་ནི་རྣམ་ཉིད་དམ་བྲལ་དགའ་ཡིན་ལ། དེ་ཐམས་ཅད་དུ་རང་གི་ངོ་བོ་གཤིས་ལས་གཡོ་བ་མེད་བཞིན་དུ་སྣང་བ་ནི་མཚན་ཉིད་དང་བྲལ་བའམ་ལྷན་གཅིག་སྐྱེས་དགའ་ཡིན་ནོ། །དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ་དང་། ལས་ཀྱི་ཕྱག་རྒྱའི་དབང་གིས་ཁམས་གཡོ་བ་ལས་དགའ་བ་བཞི་འཆར་བ་ལ་ཡང་། དང་པོར་ཙཎྜྻ་ལི་བསྐུལ་བའམ། གཉིས་སྤྲོད་ཀྱི་སྦྱོར་བས་ལུས་ཀྱི་ཆ་ཐམས་ཅད་ནས་ཁམས་གཡོ་བ་རླུང་གི་མཚན་ཉིད་ཅན་ནི་དང་པོ་དང། དེ་ལས་ཁམས་འདུས་པའི་དབང་གིས་བདེ་བར་སྨིན་ཞིང་རྫོགས་པ་མེའི་རང་བཞིན་གཉིས་པ། དེ་ལས་ནོར་བུའི་བར་འོག་ཏུ་ལྷུང་བ་ཆུའི་མཚན་ཉིད་ཅན་རྣམ་སྨིན་དང་བྲལ་བས་གསུམ་པ་དང་། ནོར་བུའི་ཁྱིམ་དུ་ཤེས་རབ་དང་རོལ་པ་ལས་མི་འདུག་བར་འཛིན་པའི་མཚན་ཉིད་ཅན་ནི་བཞི་པའོ་ཞེས་བཞེད་ལ། གྲུབ་པའི་དབང་པོ་ཁ་གཅིག་གི་བཞེད་པས་ནི། གསུམ་པ་ཆུའི་རང་བཞིན་བསྡུད་པའི་མཚན་ཉིད་འཛིན་པ་ཉིད་དུ། ནོར་བུའི་ཁྱིམ་དུ་ཉི་མའི་མཛེས་མའི་ལང་ཚོས་དབང་བྱས་པ་ཉིད་ལས་ཀུན་རྡོག་གི་དྲ་བ་སྡུད་པ་ནི་ལྷན་གཅིག་སྐྱེས་པ་སྟེ། དེ་ལས་ཕྱི་རོལ་གྱི་པད་མོའི་དགའ་ཚལ་ལྟ་བུར་རང་ཉམས་དང་བྲལ་བར་ལྷུང་བ་ཉམས་པའི་མཚན་ཉིད་ཅན་ནི་བྲལ་དགའ་འོ་ཞེས་བཞེད་པ་ཡིན་ནོ། །དེ་ལྟར་བཞེད་པ་གཉིས་སུ་འགྱུར་བ་ཡང་གཙོ་བོར་གང་ཟག་གི་རིགས་སོ་སོ་ལ་དགོངས་པ་ཡིན་ཏེ། སྔ་མ་ནི་རིམ་གྱིས་ས་ལྟ་བུའི་ཉོན་མོངས་ཉིད་ཡེ་ཤེས་སུ་སྦྱོང་མི་ནུས་པ་དག་གི་དབང་དུ་ཆོས་ཀྱི་ཕྱག་རྒྱའི་སྤྱི་འགྲོས་ཉིད་དང་གོ་བསྟུན་ཏེ། ལོངས་སྤྱོད་པ་དང་དབང་བྱེད་པ་དང་། ཐིམ་པ་གསུམ་ཀ་ཡང་། བདག་པོ་རང་རིག་བདེ་བ་ཆེན་པོར་མི་ཤེས་པས་བཟོད་བདག་པོ་བདེ་བ་ཆེན་པོར་སྦྱང་དགོས་པའི་དབང་ལས་དང་། གསུམ་པ་རྣམ་ཉིད་ཉིད་ནས་ཡེ་ཤེས་སུ་མི་འཆར་བར་ནོར་བུར་འཁྲིག་དུས་ཀྱི་སྐད་གཅིག་གི་ངེས་པ་ཉིད་ཟིན་པ་ལ་ལྟོས་པའི་དབང་གིས་ལྷན་སྐྱེས་བཞི་པར་བཞག་ལ། བཞེད་པ་ཕྱི་མ་ནི། གང་ཟག་གཅིག་ཆར་བའི་རིགས་ལྟ་བུ་འདོད་ཆགས་བདེ་ཆེན་དུ་འཆར་བ་དག་ལ། རྣམ་ཉིད་ནས་ནོར་བུར་བརྟན་པའི་བར་ཐམས་ཅད་ལྷན་སྐྱེས་སུ་འཆར་བས་དེའི་ངེས་པས་ན་གསུམ་པ་ལ་ལྷན་སྐྱེས་དང་། དེའི་འོག་ཏུ་འདོད་ཆགས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ཀྱང་ཞེ་སྡང་སྐྱེ། ཞེས་འབྱུང་བ་ལྟ་བུར་ཁུ་བ་ཉམས་པའི་སྤྱིའི་ངེས་པ་ལས་བྲལ་དགའ་སྟེ། དེ་ཉིད་བཞི་པར་བཞག་པ་ཡིན་ནོ། །རིག་འདི་ལ་དབང་པོའི་རིམ་པས་དགའ་བ་དང་པོ་ཉིད་ནས་ལྷན་སྐྱེས་འཆར་བའང་སྲིད་པས་དེའི་ཕྱིར་སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞིས། །ཞེས་སོགས་འབྱུང་བ་ཡིན་ཏེ། དེ་བས་ན་གནད་ཟིན་པ་ཤིན་ཏུ་གལ་ཆེའོ། །དེའི་ཕྱིར་ཕྱི་མ་ནི་མ་བཅོས་པའི་ལམ་པ་དག་གི་དབང་དུ་ཡིན་པས་འདི་ལ་དཔེ་ཅན་བཞི་པ་མི་སྲིད་ཅིང་། རང་བཞིན་ལྷན་སྐྱེས་འང་འགྱུ་བས་དངོས་སོ་ལ་གནས་པའི་ཕྱོགས་བཞི་པ་ཉིད་ཡིན་ལ། དབང་པོའི་རིམ་པ་ལས་སྔ་མའང་ཡོད་ཅིང་དེའི་ལྷན་སྐྱེས་དཔེའི་ཡེ་ཤེས་ཡིན་པས། འདི་ལ་ལྟོས་པའི་དཔེ་ཅན་བཞི་པ་དག དབང་བཞི་པའི་ལམ་དུ་འགྱུར་བའི་ཕྱིར། འདི་དབང་གསུམ་པའི་ལམ་དངོས་ཡིན་པས། དེ་ལྟར་ན་གཉིས་ཀ་ཡང་འགལ་བར་མི་བསམ་སྟེ། སྔ་མ་ནི་གཙོ་བོར་ཆོས་ཀྱི་ཕྱག་རྒྱའི་ངེས་པ་དང་བསྟུན་ཏེ་འདོད་ཆགས་བདེ་ཆེན་དུ་མི་ཤེས་པ་དག་གི་དབང་དུ་དང་། ཆོས་ཅན་དང་ཆོས་ཉིད་ཀྱི་ཐ་སྙད་མི་འདོར་བའི་དབང་ལས་གསུམ་པའི་ལམ་ས་མན་ཆད་ཀྱི་དབང་དུ་བྱས་པ་གཙོ་ཆེ་ཞིང་། ཕྱི་མ་ནི་འདོད་ཆགས་ཉིད་བདེ་ཆེན་དུ་འཆར་བའི་བཞི་པའི་ལམ་པ་དག་གི་དབང་དུ་བྱས་པ་གཙོ་ཆེ་བ་ཉིད་ཀྱིས་འདིའི་འོད་གསལ་རིམ་པ་བཞི་པའི་འོད་གསལ་ཉིད་ཡིན་པར་དགོངས་ཏེ། ཕྱག་རྒྱ་སྒྱུ་མའི་མཆོག་ཏུ་བཤད་པ་ཡིན་ཏེ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་སོ། །འདིས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དག་ཡོད་པའི་ངེས་པའང་རྟོགས་པར་འགྱུར་ཏེ། མདོར་ན་བཞི་པའི་ལམ་པས་ཉོན་མོངས་པ་གསལ་ཞག་མི་བྱེད་ཅེས་པའི་ངེས་པ་དེ་ཡིན་ནོ། ལུགས་ཕྱི་མ་འདིས་ཀྱང་དབང་གསུམ་པའི་ཡན་ལག་ཉིད་དུ་གྱུར་པའི་དགའ་བཞི་ཡང་ཁབ་ལེན་མོད། དེར་ཡང་བྲལ་བ་ཉམས་པའི་དོན་ཉིད་ཀྱིས་བཞི་པར་འཇོག་པ་ཡིན་ནོ། །ཕྱག་རྒྱ་ཆེན་མོ་ལ་ལྟོས་པའི་དགའ་བཞི་ནི་རིམ་པ་གཉིས་སུ་གོ་དགོས་ཏེ། ད་ལྟར་གྱི་སྣང་བ་ཕྱག་རྒྱ་ཆེན་མོར་ཡིད་མི་ཆེས་པ་དག་གི་དབང་ལས་རེ་ཤིག་རླུང་རང་སར་རེངས་པའི་སྣང་བ་སྟོང་གཟུགས་དག་ལ་ཕྱག་རྒྱ་ཆེན་མོར་གསུངས་པས། དེའི་དབང་དུ་ན། སོར་བསམ་དུ་སྟོང་གཟུགས་བསྒྲུབས་ནས་དེ་ལ་གཉིས་སྣང་འགོག་པ་དང་བཅས་པ་སྐུ་རྡོ་རྗེ་སྣང་བའི་མཚན་ཉིད་ཅན་ནི་དགའ་བ། དེའི་འོག་ཏུ་སྲོག་རྩོལ་གྱི་རླུང་ཐམས་ཅད་དབུ་མའི་རླུང་དུ་བྱས་པ་ལས། འཛིན་པར་ཁམས་དྲུག་གི་ཐིག་ལེ་བརྟན་པའི་སྣང་བས་གཡོ་བཅས་ཀྱི་རླུང་སེམས་དབང་དུ་བྱས་ཏེ་འཁོར་བའི་རྩ་བ་དྲུངས་འབྱིན་པ་གསུང་རྡོ་རྗེ་མཆེད་པའི་མཚན་ཉིད་ཅན་ནི་མཆོག་དགའ། དེ་ནས་རྗེས་དྲན་དུ་ལས་རྒྱའི་ཐབས་ཀྱིས་སྟོང་གཟུགས་བདེ་ཆེན་དུ་སྦྱོར་བས་གཉིས་སྣང་འགོག་པ་ཐུགས་རྡོ་རྗེའི་ཉེ་བར་ཐོབ་པའི་མཚན་ཉིད་ཅན་ཏེ། འདི་ལ་ཡང་གོང་གི་རིགས་པས་རྗེས་དྲན་ཉིད་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བསེལ་ནུས་པའང་སྲིད་ལ། དེའི་དབང་དུ་ནི་ལྷན་སྐྱེས་དང་། དེ་ལྟ་མི་ནུས་པ་དག་ལས་བྲལ་དགར་འགྱུར་ཞིང་། ཕྱི་མ་ལ་ལྟོས་ཏེ་རྗེས་དྲན་གྱི་འཛག་པ་འགོག་པ་ཡེ་ཤེས་རྡོ་རྗེ་འོད་གསལ་བའི་མཚན་ཉིད་ཅན་ནི་ལྷན་སྐྱེས་ཏེ། གཉིས་པོའི་ཁྱད་པར་ཡང་རྗེས་དྲན་དུ་ཁམས་འཛག་མེད་ཆེན་པོར་འཆིང་ནུས་པ་དང་མི་ནུས་པའི་ཁྱད་པར་ལས་ཡིན་ནོ། །དེ་དག་ཀྱང་ཡན་ལག་དྲུག་པོ་སྤྱིའི་ངེས་པ་ལ་བཞག་པ་ཡིན་ལ། བྱེ་བྲག་དུ་ན་དགའ་བཞི་ཞེས་པ་ཡང་ཤེས་པའི་འགྲོས་གཅིག་གི་ཡུལ་ཅན་གྱི་འམ་བརྟེན་པའི་ངོས་ནས་སྣང་བཞིའམ། རྟེན་གྱི་ངོས་ནས་འབྱུང་བཞིའི་འགྲོས་ཀྱི་རྟེན་འབྲེལ་ཡིན་པའི་ཕྱིར་ཡན་ལག་སོ་སོའི་དགའ་བཞི་སྐབས་སོ་སོ་ལ་ལྟོས་པ་ཇི་སྙེད་གཅིག་འབྱུང་ངོ་། །རིམ་པ་འདིས་ལུས་དབེན་རྡོར་བཟླས་ཀྱི་ཆ་གཅིག་དང་བཅས་པ་སྐུ་རྡོ་རྗེ་དང་རྡོར་བཟླས་སེམས་དབེན་དང་བཅས་པ་གསུང་རྡོ་རྗེ། སྒྱུ་ལུས་རྗེས་དྲན་གྱི་མཚན་ཉིད་ཅན་ཐུགས་རྡོ་རྗེ། འོད་གསལ་ཡེ་ཤེས་རྡོ་རྗེ་སྟེ། ཟུང་འཇུག་སློབ་པའི་དབང་དུ་བྱས་པ་ནི་འོད་གསལ་དང་འཆར་སྒོ་ཐ་དད་པ་ཙམ་གྱི་སྒོ་ནས་དེའི་འབྲས་བུ་ལྟར་བུར་བཤད་ཀྱི་དོན་ལ་འོད་གསལ་དུ་བདེན་གཉིས་ཡ་བྲལ་ཡིན་མི་སྲིད་པས་གནད་གཅིག་ལ་མི་སློབ་པ་ནི་འབྲས་བུའི་དབང་དུ་བྱས་པ་སྟེ། དེ་ལྟར་ན་རྡོ་རྗེ་སོ་སོ་ལས་དགའ་བ་དེ་དང་དེར་འཇོག་པ་དང་། དེ་དག་ཀྱང་སྤྱི་དང་བྱེ་བྲག་ཏུ་འགྱུར་བ་ནི་སྔ་མ་ལྟར་རོ། །རྒྱུད་སོ་སོའི་ངེས་པ་ཙམ་མ་གཏོགས་དོན་ལ་གནད་གཅིག་པས་སོ། །གཞིའི་གནད་ཐུན་མོང་མ་ཡིན་པ་འཆིང་བའི་ངེས་པ་ལས་ནི། ད་ལྟར་གྱི་སྣང་བ་མ་བཅོས་པ་འདི་ཉིད་ཕྱག་རྒྱ་ཆེན་མོ་སྟེ། ཕྱག་རྒྱ་ཆེན་མོའི་རྩ་བའི་ངེས་པ་ནི་སེམས་འབྱུང་བས་དབང་བྱས་པའི་རང་འོད་དག་ཡིན་ལ། དེ་ལ་མཉམ་པར་སྦྱར་བའི་དགོས་པ་ནི་གདོད་མ་ནས་མཉམ་སྦྱོར་ཡིན་པ་ཉིད་ལ་རླུང་གི་དབྱེན་གྱིས་དེར་མ་ཤེས་པའི་གཞན་རྟོག་འཆིང་བ་སྟེ། དེ་ཡང་ས་ལས་ཡེ་ཤེས་འཆིང་བའི་ངེས་པ་དང་། ཉོན་མོངས་ཡེ་ཤེས་ཆེན་པོར་རྩལ་རྫོགས་པའི་གནད་ཀ་སོགས་དུ་མས་རགས་སྣང་ཉིད་ཕྱག་རྒྱ་ཆེན་མོར་འཆིང་ནུས་པ་ལས་ནི་ཞུ་བདེ་མི་རྟག་པའི་མཚན་ཉིད་ཅན་ལས་གཞན་པའི་བདེ་བ་ཆེན་པོ་རང་རིག་པའི་མཚན་ཉིད་ཅན་དུ་ཤེས་པ་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་གནས་པའི་ངེས་པས་གཞིའི་ཟུང་འཇུག་བཅོས་མིན་ཉིད་མངོན་དུ་བྱེད་པས། གཞི་འབྲས་དབྱེར་མེད་ཀྱི་གནད་འཆིང་ཚུལ་མཐར་ཐུག་པ་སྟེ། འདི་ལ་ལམ་རང་གི་ངོ་བོ་ཉིད་ཀྱིས་དང་། གང་ཟག་གཅིག་ཆར་བའི་དབང་ལས་ནི་རིམ་པ་དང་ཐ་སྙད་གང་ཀྱང་བཞག་ཏུ་མེད་ལ། རིམ་གྱིས་པའི་དབང་དུ་ནི་དགའ་བཞིའི་ཤེས་པའི་འགྲོས་དེ་ཉིད་དོ། །དེ་ལ་མིང་རྣལ་འབྱོར་བཞིའི་རིམ་པ་ཞེས་ཀྱང་བཤད་པ་ཡིན་ནོ། །འདི་ལ་ཡང་། དང་པོར་ངོ་སྤྲོད་དུས་ཀྱི་དང་། ཉམས་དང་། རྟོགས་པའི་རྣམ་པར་འགྱུར་བ་སོགས་དུ་མར་འགྱུར་བ་དག་རིམ་གྱིས་བསྒྲོད་པ་དང་། གོང་གི་གཅིག་ཆར་བའི་ཤུགས་ལས། ཐོད་རྒལ་བ་དག་ཀྱང་ཡོད་པར་གྲུབ་བོ། །དེ་ཡང་རླུང་གི་འདུ་བྱེད་ལས་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་ཤེས་པའི་རྩེ་གཅིག་ནི་དགའ་བ་དང་། ཡུལ་ལ་གསལ་སྣང་མཆེད་པའི་སེམས་ཉིད་གསལ་དུས་ན་རྩ་བྲལ་དུ་རྟོགས་པའི་སྤྲོས་བྲལ་ནི་མཆོག་དགའ་དང་། སྤྲོས་བྲལ་དེ་ཡང་གང་ཤར་ལས་གཞན་དུ་མི་རྙེད་ལ་སྣང་བ་ཉིད་ཆོས་སྐུར་རོ་གཅིག་པ་ནི་བྲལ་དགའ་འམ། རོ་གཅིག་ཉིད་ནས་བསྒོམས་མེད་དུ་རྩལ་རྫོགས་པ་དག་ལ་ནི་ལྷན་སྐྱེས་དང་། དེའི་རྗེས་ཤེས་སྒྱུ་མ་ལྟ་བུ་དག་ལ་བྲལ་དགར་བྱས་ན་ལེགས་སམ་སྙམ་མོ། །དེ་ཡང་ཉམས་ཀྱི་དབང་གཙོ་བོར་བྱས་ཀྱི། རྟོགས་པ་ལ་ནི་རོ་གཅིག་ཉིད་ནས་རྗེས་ཤེས་དག་པ་སྲིད་དོ། །ཉམས་རིམ་ལས་སྔ་མ་རོ་གཅིག་ཏུ་ད་དུང་མྱོང་བའི་ལྷག་རོ་ལས་ཅུང་ཟད་བསྒོམ་དུ་ཡོད་པ་ལ་ནི། དེ་དག་པའི་སྣང་སྲིད་མ་བཅོས་པའི་རང་བབས་བསྒོམ་མེད་འཆར་བས་དེ་ཉིད་ལ་ལྷན་སྐྱེས་སུ་བཞག་གོ །འདི་ཡང་ཉམས་ལ་ཡིན་གྱི། བསྒོམ་མེད་ཀྱི་རྟོགས་པ་ཤར་ནས་ནི་རྣལ་འབྱོར་བཞི་དང་དགའ་བཞི་སོགས་ཀྱི་རིམ་པ་མཐའ་དག་ཞིག་གོ །དེ་བས་ན་ཉམས་རིམ་གྱི་རྣལ་འབྱོར་བཞི་ལ་དགའ་བཞིར་བཞག་པ་དེ་ཡང་། གོང་དུ་རིམ་པ་ལྔ་དང་། ཡན་ལག་དྲུག་གི་སྐབས་སུ་བཤད་པའི་ཤེས་པའི་རྟེན་ཁམས་ཀྱི་རྣམ་པར་འགྱུར་བ་ལས་སྟོང་པ་བཞིའམ་རྡོ་རྗེ་བཞིར་འཆར་བའི་རང་བབས་དེ་ཉིད་ལ་མྱོང་རིམ་གྱི་སྒོ་ནས་རྣལ་འབྱོར་བཞིར་མིང་བཏགས་པ་ཡིན་པས་ཐམས་ཅད་ཀྱང་དོན་གཅིག་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སོར་བསམ་རྩེ་གཅིག སྲོག་འཛིན་སྤྲོས་བྲལ་རྗེས་དྲན་རོ་གཅིག ཏིང་ངེ་འཛིན་ནས་བསྒོམ་མེད་དེ་རྟོགས་པའི་རྣལ་འབྱོར་བཞིར་འཆར་ལ། དེ་བཞིན་དུ་ལུས་དབེན་རིགས་བརྒྱ་གསང་ཆེན་རིགས་གཅིག་ཏུ་སྦྱོར་བའི་ངེས་པས་རྩེ་གཅིག སེམས་དབེན་སྤྲོས་བྲལ་སྒྱུ་ལུས་རོ་གཅིག འོད་གསལ་བསྒོམ་མེད་དོ། །དེ་ཉིད་ནས་རྟོགས་པ་འཆར་བ་ཡིན་ནོ། །དེ་ཐམས་ཅད་ཀྱི་གནད་བསྡུས་པ་ནི། དཔལ་ནཱ་རོ་པའི་ཞལ་སྔ་ནས་ཀྱི་མན་ངག་ཆོས་དྲུག་ཡིན་ཏེ། འདོད་ཆགས་ཁུ་བའི་ཆོས་འཛིན་པ་སྣང་བའི་མཚན་ཉིད་ཅན་བདེ་ཆེན་དུ་སྦྱོར་བའམ་བསྲེ་བ་གཏུམ་མོ་རྩེ་ནི་གཅིག་དང་དགའ་བ། ཞེ་སྡང་རྡུལ་གསལ་བ་མཆེད་པའི་བདག་ཉིད་ཅན་སྒྱུ་མར་བསྲེ་བ་སྒྱུ་ལུས་ནི་རོ་གཅིག་དང་མཆོག་དགའ། གཏི་མུག་རླུང་གི་ཆོས་ཉེ་བར་ཐོབ་པ་འོད་གསལ་དུ་བསྲིས་པ་ནི་སྤྲོས་བྲལ་དང་བྲལ་དགའ་དང་ལྷན་སྐྱེས་སུ་སྔར་བཤད་པའི་རིམ་པ་ལྟར་འགྱུར་བ་ཡིན་ལ། བསྲེ་བ་ཞེས་པའི་དོན་ཀྱང་སྔར་མེད་གཅིག་དང་གསར་དུ་བསྲེ་བ་མ་ཡིན་གྱི། སྐུ་དང་སྟོང་པ་གཅིག་པོ་དག་གནས་སྐབས་བཞིར་དུག་གསུམ་གྱི་རང་ངོས་གནས་པ་ཉིད་ངོ་ཤེས་པར་བྱེད་པ་སྟེ། དེ་བས་ན་ལམ་གྱི་སྲོག་མ་བཅོས་པའི་ཉམས་ལེན་ལ་ཡོད་པར་བཤད་པའང་དེ་ཡིན་ལ། མི་ཤིགས་པའི་གནད་འཆིང་བར་འགྲོ་བའི་ངེས་པའང་དེ་ཉིད་དོ། །དེ་བས་ན་བཞི་པའི་གནས་སྐབས་དག་བྱེད་གཞན་ལུས་ཀྱང་འདིར་གཏུམ་མོའི་ཡན་ལག་ཉིད་ཡིན་ཞིང་། གཏུམ་མོའི་ཐབས་ཀྱིས་འདོད་ཆགས་རགས་པར་རྩལ་རྫོགས་པ་དེ་ཉིད་བདེ་ཆེན་ཡིན་པ་མངོན་དུ་བྱེད་པ་སྟེ། རགས་པ་ལས་ཡེ་ཤེས་འཆིང་བའི་གནད་དོ། །དེའི་ཕྱིར། བསྡུས་པ་གསལ་བར། གཏུམ་མོའི་རྣལ་འབྱོར་རླུང་གིས་དེ། །བདེ་ཆེན་སེམས་ལ་དམིགས་པའོ། །ཞེས་བཤད་དེ། བདེ་ཆེན་སེམས་དབེན་དུ་འགྲོ་བ་ལ་འདོད་ཆགས་ཉིད་ཆགས་པ་ཆེན་པོར་དག་དགོས་ཀྱི་ཞུ་བདེ་མྱོང་བཅས་ལ་སེམས་ཟིན་པ་ཙམ་གྱིས་སེམས་དབེན་དུ་མི་འགྲོ་ལ། འདི་ལས་ན། རྡོར་བཟླས་ཀྱང་རླུང་སྔགས་མི་ཕྱེད་པ་སེམས་རླུང་ཁོ་ན་ལ་རྟོག་བཟོས་བྱེད་པ་ལ་མི་བཟུང་གི། རླུང་སྔགས་ཀྱི་གནད་གཞན་ཞིག་གོ་ན་གཏུམ་མོ་དང་རྡོར་བཟླས་གནད་གཅིག་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྒྱུ་ལུས་ཀྱང་། སེམས་ཉིད་འོད་གསལ་དུ་ངོ་ཕྲོད་ན། དེའི་རང་འོད་དམ་འཆར་སྒོ་སྒྱུ་ལུས་སུ་ལྷུན་གྲུབ་ཏུ་གནས་པས། གང་ཤར་སྒྱུ་ལུས་སུ་ལྡང་བའི་ངེས་པ་ཁོངས་དུ་ཆུད་དེ་སྣང་བ་སྒྱུ་ལུས་ཀྱི་ངོ་བོར་ཡེ་ནས་གནས་པ་མངོན་དུ་འགྱུར་གྱི། གཞན་དུ་རྩོལ་མྱོང་མཚན་མར་བཅས་པའི་ལམ་གང་གིས་ཀྱང་སྒྱུ་ལུས་སུ་ལྡང་མི་ནུས་ཏེ། ལྡང་གཞི་འོད་གསལ་མཚན་མའི་རླུང་གིས་གཡེངས་པའི་ཕྱིར་རོ། །དེས་ན་ལུགས་འདི་ལ་དང་པོ་ནས་སྣང་བ་སྒྱུ་མར་སྦྱོང་བ་སྒྱུ་ལུས་ཀྱི་རིམ་པར་བཤད་པ་ཡང་། སྣང་བ་སེམས་སུ་ཅུང་ཟད་ངོ་འཕྲོད་པ་དག་གི་དབང་དུ་ཡིན་གྱི། གཞན་དུ་ཆོས་སོ་སོ་ལ་སྒྱུ་མའི་མིང་བཏགས་པའི་བཤད་སྦྱང་གིས་ཅི་ལ་ཕན་ནི་མ་ཕན་ཤེས་སོ། །དེ་བས་ན་བདག་བྱིན་རླབས་ལུས་ལ་སྲོག་ཟད་པ་ཉིད་དུ་འགྲེལ་ཆེན་དུ་བཤད་པའི་སྲོག་ཀྱང་བེམས་རླུང་ཁོ་ན་མ་ཡིན་ལ། ལུས་ཀྱང་རང་ལུས་ཁོ་ན་མ་ཡིན་གྱི་མྱོང་ཞེན་ཟད་པའི་སྣང་བའམ་ཚོགས་པ་ཞེས་པའོ། །དེ་བཞིན་དུ་འོད་གསལ་ཀྱང་གཏི་མུག་གི་རང་ངོར་གནས་པ་ཡིན་ཏེ། གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །ཞེས་འབྱུང་བ་ལྟར་ཡིན་པས་དེ་ཉིད་དུ་ངོ་ཤེས་པས་འོད་གསལ་དུ་རང་གནས་པ་ཉིད་མངོན་དུ་གྱུར་པ་ཡིན་གྱི། གཏི་མུག་དག་པའི་འོད་གསལ་ལོགས་ནས་རྙེད་རྒྱུ་བྱུང་ན་ནི་འཁོར་འདས་རྒྱུད་གཅིག་པ་ཡི་གེའི་ཟློས་གར་ཁོ་ནའོ། །འདི་ལས་ནི། རྟོག་པ་ཐམས་ཅད་འོད་གསལ་དུ་འཆར་བ་དང་། དེ་ཡང་རྟོག་པ་འགོག་ཅིང་མི་རྟོག་པ་ཆེད་དུ་འདོད་ན་དེ་ཉིད་རྟོག་པ་ཆེན་པོ་ཡིན་པས་འོད་གསལ་གྱི་སྲོག་འཕྲོག་པ་སྟེ། དེ་བས་ན་སེམས་ཀྱི་རྣམ་པར་འགྱུར་བ་ཇི་སྙེད་པ་རང་བབས་སུ་བཅིང་བའི་སྦྱོར་བས་འོད་གསལ་དུ་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་བྱེད་པ་ཞིག་དགོས་ཀྱི། དེ་ལྟར་མ་ཤེས་པར་ཁམས་རླུང་གི་འཆར་སྒོའི་འདུ་འཕྲོད་དགུགས་པའི་འོད་གསལ་ཉི་ཚེ་བས་ནི་མྱོང་ཞེན་དག་པ་དང་སྣང་བ་སྒྱུ་མ་མངོན་དུ་འགྱུར་བའང་དཀའ་འོ། །དེས་ན་གཉིད་འཐུག་ཏུ་ཁམས་ཀྱི་འགྱུར་བས་སྣང་གསུམ་གྱི་མཚན་ཉིད་ཅན་གྱི་འོད་གསལ་འཆར་བ་དང་། ལས་དང་པོ་པས་དེ་ཆེད་དུ་བསྒྲུབ་དགོས་པ་སོགས་ཡོད་མོད་ཀྱི། དོན་ལ་སེམས་ཇི་སྙེད་པ་འོད་གསལ་དུ་ཤེས་པ་དང་། དེའི་ཡན་ལག་ཏུ་སྔ་མའང་བསིལ་མ་ཤེས་ན། སྣང་གསུམ་དང་། དེའི་འཆར་སྒོ་བན་བུན་ལ་སྙིང་པོ་མེད་དེ། སྣང་གསུམ་ཉིད་རིམ་པ་བཞི་པའི་འོད་གསལ་གྱིས་དག་པར་བྱ་དགོས་པས་སོ། །དེས་ན་སྔ་མ་ནི། སྣང་ཆེན་དུ་གྱུར་པའི་བློན་པོ་ནས་རྒྱལ་སྲིད་ལ་དབང་བྱེད་པ་ལྟ་བུ་ཡིན་ལ། ཕྱི་མ་ནི་རྒྱལ་པོ་ཉིད་རྒྱལ་སྲིད་ལ་དབང་བྱེད་པ་ལྟ་བུ་ཡིན་ཞེས། རྗེ་མདའ་བསྣུན་གྱི་ཞལ་སྔ་ནས་གསུངས་སོ། །རྨི་ལམ་དང་བར་དོ་དག་ནི་སྒྱུ་ལུས་ཀྱི་ཆ་ལག་ཡིན་ལ། དེ་ཡང་རྨི་ལམ་སྒྱུ་མའི་ཉིན་སྣང་ཀློང་དུ་གྱུར་མ་གྱུར་ལས་སྒྱུ་མ་ལྟ་བུ་དང་བདེན་སྣང་ཉིད་དུ་འཆར་བའི་ཕྱིར་ལམ་གྱི་ཚོད་འཛིན་དུ་བཞེད་ལ། འདུན་རླུང་གིས་ཟིན་པའི་རྨི་ལམ་དག་ཀྱང་ངོ་བོ་བག་ཆགས་ཀྱི་ལུས་སྣང་ལས་མ་འདས་པའི་ཕྱིར། མེ་རླུང་གཙོ་བོར་གྱུར་པའི་རྩ་ཁམས་ཀྱི་སྣང་བ་ཡིན་པས་གསལ་ཞིང་མི་བརྟན་པ་ཡིན་ལ། དེ་ལས་སད་དུས་ཀྱི་ཡུལ་སྣང་གཏན་ལ་ཕེབས་པ་ལྟ་བུར་སྣང་བ་ཡང་། རྩ་ཁམས་ལ་ཤར་བའི་སྣང་བ་ཉིད་ཡིན་གྱི་ཡུལ་སོགས་དེ་དང་དེ་གཏན་ལ་ཕེབས་པ་དངོས་ནི་མ་ཡིན་ཏེ། བདག་པོའི་ཐིག་ལེ་ཐ་དད་པས་བསྐྱེད་པའི་གནས་སྐབས་སོ་སོ་ཡིན་པའི་ཕྱིར་རོ། །དངོས་མ་ཡིན་ཀྱང་སྣང་བ་མཐུན་པ་དག་འབྱུང་བ་ནི་མེ་ལོང་གི་གཟུགས་བརྙན་བཞིན་ནོ། །འདི་ཡང་གཉིད་ཀྱི་འོད་གསལ་ལས་ཤར་བའམ། རྨི་ལམ་དུ་རྩལ་རྫོགས་ནས་འོད་གསལ་དུ་ཤེས་ཀྱང་རུང་སྟེ། སྒྱུ་ལུས་ཀྱི་ཡན་ལག་ཏུ་འགྱུར་བ་ལ་ནི་དེ་འདྲ་བ་ཞིག་དགོས་ཀྱི། དེ་ལྟར་མ་ཡིན་པའི་བདེན་སྣང་གིས་སྦྱངས་སྤེལ་བསྒྱུར་བ་སོགས་ཇི་ཙམ་རྩལ་ཆེ་ཡང་མྱ་ངན་ལས་འདས་པའི་ལམ་གྱི་ཡན་ལག་ཏུ་མི་འགྱུར་ཏེ། བདག་ཏུ་འཛིན་པས་མངོན་པར་འདུ་བྱས་པ་ཉིད་ཀྱིས་འབྲས་བུ་ཁམས་གསུམ་པ་ལས་མ་འདས་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་པའི་དངོས་གྲུབ་ཀྱི་མྱུར་ཐབས་སུ་འགྱུར་ཞིང་། གནད་ཤེས་ན་ཟད་པར་དང་ཟིལ་གནོན་སོགས་བསྒྲུབ་པའི་ཐབས་སླ་བ་དག་ཡིན་པར་བཞེད་དོ། །དེ་བཞིན་དུ་བར་དོ་ཡང་། ཁམས་གསུམ་པའི་སྣང་བ་མཐའ་དག་སྲིད་པ་སྐྱེ་ཤི་རྨི་ལམ་བར་དོ་གསུམ་གྱིས་བསྡུས་པ་སྟེ། དེ་ཡང་ངོ་བོ་འོད་གསལ་གྱི་རང་འོད་དམ། འཆར་སྒོ་ལས་མ་འདས་པར་གནས་པ་ཉིད་ཤེས་ཤིང་མངོན་དུ་གྱུར་པ་སྟེ། དེ་འདྲ་དེ་སྒྱུ་ལུས་ཉིད་ལས་ཐ་དད་དུ་མེད་ཀྱང་བྱེད་ལས་ཀྱི་ཆ་ནས་བར་དོ་ཞེས་སྒྱུ་ལུས་ཀྱི་ཡན་ལག་ཏུ་བཞག་ལ། དེ་ལམ་གྱི་བསུན་མར་བཞེད་པ་ཡང་། འཆི་ཁར་ཐིམ་རིམ་གྱི་སྣང་གསུམ་ལས་འཆི་བ་འོད་གསལ་མངོན་དུ་བྱེད་ནུས་ན་དེ་ལས་བར་དོ་སྒྱུ་ལུས་སུ་ལྡང་བ་ཡིན་ལ། དེ་ལ་ཡང་། ཕྲ་རགས་ཀྱི་རྟོག་པ་ཐིམས་པའི་སྟོང་པ་དང་པོ་དང་གཉིས་པའི་དུས་ན། གང་དུ་ཉིང་འཚམས་སྦྱོར་བའི་ཁམས་རླུང་གི་འདུས་པས་དེ་དང་དེའི་སྣང་བ་འབྱུང་བས། འདི་ལ་རྗེ་མི་ལ་བྱ་སྤྱོད་བཏང་ཉུལ་གྱི་སོ་པ་ཞེས་བཞེད་ལ། སོ་པ་དེ་འཆིང་མ་ནུས་ན་བག་ཆགས་ཀྱི་སྐུངས་ཐོག་ཏུ་འཆོར་བས། དེ་ཉིད་འོད་གསལ་དུ་དག་པའང་སྒྱུ་མར་ཤེས་པ་ལས་རང་སར་དག་ན་འོད་གསལ་ལས་སྒྱུ་ལུས་སུ་ལྡང་སྟེ། འདི་ནི་འཆི་བའི་དུས་ཁོ་ནར་བཙན་ཐབས་སུ་གནད་མི་ཟིན་པས། སྐྱེ་ཤི་དང་། རྨི་ལམ་བར་དོའི་སྣང་བ་དག་ལ་དེ་འཆིང་ནུས་པ་ཞིག་བྱུང་ན། སྲིད་པ་བར་དོ་རང་ཉམས་སུ་ཆུད་པས་ལམ་གྱི་སུན་མ་ཞེས་སྨོས་པ་ཡིན་ནོ། །དེ་ཡང་འོད་གསལ་ཁོར་ཡུག་ཏུ་སོང་བའི་རིགས་ལ་བར་དོ་འཆར་བ་མེད་དེ། འོད་གསལ་བ་ལ་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་པ་ལྟར་ཏེ། ཁམས་རླུང་ཡེ་ཤེས་རུ་བཅིངས་པས་ན་དེའི་འཛག་པའི་འཆར་སྒོ་ཕྲ་རགས་འབྱུང་དོན་མེད་པའི་ཕྱིར་རོ། །དེ་ལྟ་བུ་མ་ཡིན་པའི་སྣང་གསུམ་གྱི་འཆར་རིམ་ལ་ལྟོས་པ་དག་ལ་ནི་སྒྱུ་ལུས་སུ་ངེས་པར་ལྡང་བས། ད་ལྟ་ནས་བྱ་གཅོད་ཀྱི་སོ་པ་འཆིང་བ་སོགས་ཀྱི་རིམ་པས་སྒྱུ་མའི་རྩལ་སྦྱང་བ་ཡིན་ཏེ། འདི་ལ་ཡང་ཚེ་ཇི་སྲིད་པ་བར་དོ་དང་བཅས་པ་ཉིན་ཞག་ཕྲུགས་གཅིག་ལ་སྦྱང་བའི་རིགས་པས་རྨི་ལམ་ཉིད་ལམ་གྱི་ཚོད་འཛིན་དུ་འགྱུར་བ་སྔ་མ་བཞིན་ནོ། །འཕོ་བ་ལམ་གྱི་བསྐྱེལ་མ་ཞེས་པའམ། རབ་ཆོས་སྐུར་འཕོ་བ་ནི་འོད་གསལ་དུ་འདུ་ལ། སྒོ་འགེགས་འབྱེད་ཀྱི་སྦྱོར་བ་ལ་ལྟོས་པའི་དབང་ལས་ནི་སྒྱུ་ལུས་སུ་ལྡང་བ་གཅིག་ཀྱང་སྲིད་ལ། ལས་དང་པོ་པ་ལ་མཐོ་རིས་ཙམ་ཁོ་ནའི་འབྲས་བུ་ཅན་ཞིག་ཀྱང་སྟེ། དེ་ཐམས་ཅད་ཀྱང་སྒྱུ་མར་བསྡུའོ། །འདི་ལ་ཡང་སྒོའི་ངེས་པ་ཁོ་ནར་རླུང་སེམས་བཅིངས་པ་ལས་འཚམས་མེད་པ་བྱེད་པ་ཡང་མཐོ་རི་སུ་ན་ཅི་ལས་དང་འབྲས་བུའི་ངེས་པ་འདོར་བ་ཞིག་སྙམ་ན། འདི་ནི་བསམ་གྱིས་མི་ཁྱབ་པའི་ལས་དག་ལས། འཁྱུད་སྤྱད་དང་ལྡན་པའི་ལས་ཞེས་གང་གསུངས་པ་དེ་ཡིན་ཏེ། དོན་ལ་གང་དུ་སྐྱེ་འགྱུར་གྱི་བག་ཆགས་ཀྱིས་བསྒོས་པའི་ཁམས་རླུང་དང་དབྱེར་མི་ཕྱེད་བའི་ཤེས་པ་ཉིད་ཡུལ་ལ་བདག་པོར་གྱུར་པ་སྟེ། དེ་དང་དེའི་སྣང་བར་འཆར་བའི་ངེས་པ་ལས་ཡིན་ནོ། །ཟད་པར་ལས་ཁམས་གོང་མར་སྐྱེ་བའི་ངེས་པའང་འདི་ཉིད་ལས་ཤེས་དགོས་སོ། །ངེས་པ་འདི་ཉིད་ཀྱི་གྲོང་འཇུག་ཀྱང་གོར་མ་ཆགས་པར་ཁོང་དུ་ཆུད་དེ། རགས་པ་དང་ཕྲ་བ་གང་འཛིན་ཀྱང་རུང་། ཁམས་གསུམ་པའི་ལུས་སྣང་རང་གི་ཁམས་ཀྱི་དབང་ལས་སྣང་བའི་ཕྱིར་རོ། །དེའི་ཕྱིར་འཕོ་བའི་ཡན་ལག་ཏུ་བཞེད་པ་ཡིན་ནོ། དེ་བས་ན་ཆོས་དྲུག་མན་ངག་གི་རིམ་པ་འདི་དུས་གསང་བདེ་དགྱེས་སོགས་བླ་མེད་སྤྱི་དང་ཁྱད་པར་མ་རྒྱུད་ཀྱི་སྙིང་པོ་སྟེ། འདི་ལའང་དབང་བཞི་པ་འབའ་ཞིག་གི་ལམ་དུ་འགྱུར་བ་དང་། གསུམ་པ་ཡན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོའི་དབང་དུ་ནི། ཡན་ལག་རེ་རེར་ཡན་ལག་ཐམས་ཅད་འདུ་ཞིང་མི་འགལ་བས། ཡན་ལག་རེ་རེའང་ཡན་ལག་ཐམས་ཅད་པ་ཡིན་ཞིང་། རིམ་ངེས་སོགས་དང་བྲལ་བའི་མ་བཅོས་པ་གཅིག་ཆོད་ཉིད་དུའང་གནད་འཆིང་བ་སྟེ། དེའི་ཕྱིར་ངོ་སྤྲོད་ཀྱི་འཁོར་ལོ་ཕྱོགས་མེད་ལས་བསྐོར། །ཀུན་སྣང་གི་ཡེ་ཤེས་གཅིག་ཆོད་དུ་བསྡུ། །ཞེས་རྗེ་གོང་མའི་གསུང་ལས་འབྱུང་སྟེ། ངེས་པ་མཐར་ཐུག་པ་ཡིན་ཞིང་། གཉིས་པའི་དབང་ལས་ནི་རིམ་པ་དང་བཅས་པ་ཉིད་དེ། མདོར་ན་དབང་པོའི་རིམ་པས་ལམ་གྱི་སྲོལ་དུ་མ་ཞིག་ཏུ་འགྱུར་བའང་། ཐམས་ཅད་གཞི་འབྲས་དབྱེར་མེད་ཀྱི་གནད་འཆིང་བར་ནི་གཅིག་ལ། བགྲོད་ཚུལ་ནི་མཆོག་དམན་འབྲིང་གསུམ་གྱི་ངེས་པས། གཅིག་ཆར་བ། རིམ་གྱིས་པ། ཐོད་རྒལ་བ་གསུམ་དུ་རིགས་བསྡུ་བར་ནུས་པ་ཡིན་ནོ། །འཕྲོས་པས་ཆོག་གོ །དེ་ལྟར་དགའ་བ་བཞི་པོ་དག་ལས། དགའ་བ་དང་པོ་ལ་བུམ་པའི་དབང་གིས་ངོ་བོར་འཇོག་སྟེ། འདི་ཡང་ཕལ་ཆེ་བ་ནི་ཆོས་རྒྱའི་དབང་དུ་བྱས་པའི་དགའ་བ་ཡིན་ལ། ལས་ཡེས་ལ་བརྟེན་པ་ནི་སློབ་དཔོན་གྱི་དབང་གི་དངོས་གཞི་ལྟ་བུ་སྟེ། དོན་ནི་ཐ་མལ་གྱི་བག་ཆགས་མཐུ་བརྟས་པའི་གཞན་རྟོག་གི་སྣང་བ་ཕྲ་རགས་ལས་གཞིའི་ཆོས་ཇི་སྙེད་པ་དང་། མདོ་སོགས་ཀྱི་ལམ་གཞན་སྣང་ཅན་རྣམས་དང་། དེ་དག་གི་འབྲས་བུ་རིགས་ལྔ་དང་དྲུག་ལས་སོགས་པས་བསྡུས་པའི་རྟེན་བརྟེན་པའི་མཚན་ཉིད་ཅན་རྣམས། རང་གི་ཕུང་ཁམས་སྐྱེ་མཆེད་ལས་དབང་དང་བཅས་པའི་ཉེར་ལེན་འབའ་ཞིག་ལས་སྣང་བའི་ལྷའི་འཁོར་ལོ་སྤྲུལ་སྐུའི་ངོ་བོར་གནས་པ་བརྡ་སྤྲོད་པ་སྟེ། དེ་ཡང་རྩ་བ་ལུས་ངག་ཡིད་གསུམ་ཐ་དད་དུ་གྱུར་པ་ཁོ་ན་ལས་གཞན་རྟོག་རྣམས་འབྱུང་བས། ཕྱག་རྒྱ་ལ་མཉམ་པར་སྦྱར་བ་ལས་བྱུང་བའི་དགའ་བས་གཞན་རྟོག་བསྡུས་པའི་སྟེང་དུ་དམ་ཚིག་སུམ་གྱིས་མཚོན་པ་ངོ་སྤྲད་པས་རྡོ་རྗེ་གསུམ་མི་ཕྱེད་པར་བརྡའ་སྤྲོད་པ་སློབ་དཔོན་གྱི་དབང་གི་དངོས་གཞི་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་འདོད། །ཅེས་འབྱུང་བ་ལྟར་རོ། །རྒྱུད་སྡེའི་ངེས་པ་མཆོག་དམན་མ་གཏོགས། དབང་འདིའི་མཐར་ཐུག་པར་ནི་རྣལ་འབྱོར་གྱི་རྒྱུད་དུ་ཡང་ཡོད་པས། བུམ་དབང་གི་འབྲས་བུ་ས་བཅུ་གཅིག་པའི་བར་དུ་བགྲོད་དེ་སྒྱུ་འཕྲུལ་དྲ་བས་རྟེན་བརྟེན་པའི་འ ཁོར་ལོ་སངས་རྒྱ་བ་དང་། དེའི་ལམ་ས་བཅུ་པོ་དག་བསྒྲོད་པའི་རིམ་པ་དང་། རིགས་སོ་སོའི་ཕྱག་རྒྱའི་རེག་པ་ལམ་དུ་བྱེད་པའི་ངེས་པ་ཡང་དཔལ་མཆོག་སོགས་རྒྱུ་འབྱུང་སྟེ། དེ་བས་ན་དམ་ཚིག་གསུམ་པོ་དེ་དག་བརྡ་མི་འཕྲོད་པའི་རིགས་ལ་རིགས་ལྔའི་སྡོམ་པའང་སྦྱིན་པར་མི་རུང་བས་རྣལ་འབྱོར་གྱི་རྒྱུད་དུ་དཀྱིལ་འཁོར་དུ་བཅུག་སྟེ་ལྷ་བསྟེན་པ་ཙམ་དང་། སློབ་མའི་དབང་ཙམ་དང་། སློབ་དཔོན་གྱི་དབང་གི་མཐར་ཐུག་པར་སྦྱིན་པ་སྟེ་རིམ་པ་གསུམ་འབྱུང་བ་ཡིན་ནོ། །བླ་མེད་དུའང་དབང་པོའི་རིམ་པ་ལས་བསྐྱེད་རིམས་ལ་མི་ཟབ་པ་དང་ཟབ་པར་འགྱུར་བའི་ངེས་པས། ཕྱིའི་ཡོ་བྱད་ཁོ་ན་ལ་བརྟེན་ཏེ་དམ་ཚིག་གསུམ་བརྡ་སྤྲོད་ཅིང་། དཀྱིལ་འཁོར་ཀྱང་ཕྱི་དཀྱིལ་ཉིད་དུ་སྦྱིན་པར་བྱས་ནས། ལུས་དཀྱིལ་སློབ་དཔོན་གྱི་ལུས་ལ་བརྡའ་སྤྲོད་པ་ཙམ་ཞིག་དང་། ཟབ་པའི་དབང་ལས། རྡུལ་ཚོན་མོ་མན་དུ་འཇིག་རྟེན་པའི་དངོས་གྲུབ་དག་བསྒྲུབ་པའི་དབང་བདུན་གྱི་བར་སྦྱིན་ནས། བུམ་དབང་ལུས་དཀྱིལ་དུ་གཏེར་བ་སྟེ། འདི་ལ་དཀར་འཛིན་བུམ་པར་བྱེད་པ་ལ་སོགས་པའི་རིམ་པས་ཡོ་བྱད་ཀྱང་ནང་གཙོ་བོར་གྱུར་པའོ། །དེ་ལྟར་རིམ་པ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་རུང་སྟེ། ས་བཅུ་གཅིག་གི་ངེས་པས་དབང་བསྐུར་བ་བཅུ་གཅིག་ཡིན་ཞིང་། དེ་ལ་ཡང་སློབ་མ་ཙམ་དང་། སློབ་དཔོན་གྱི་བར་དོན་དུ་གཉེར་བའི་རིམ་པ་གཉིས་ལས། རིགས་ལྔའི་སྡོམ་པ་མི་སྦྱིན་པ་དང་། སྦྱིན་པའི་ངེས་པར་འགྱུར་བ་སོགས་ནི་སྔ་མ་ལྟར་དུ་སློབ་དཔོན་ཆེན་པོ་ཨ་བྷྱ་ཀ་ར་སོགས་བཞེད་དེ། འོན་ཀྱང་སློབ་མའི་དབང་ཙམ་སྦྱིན་པ་དེ་ལའང་སྔགས་སྡོམ་ཁས་ལེན་དགོས་པས། སྡོམ་རིགས་དེ་གང་ཡིན་ནི་དཔྱད་དགོས་སོ། །ཕྱི་དང་ལུས་དཀྱིལ་གང་དུ་བརྡ་སྤྲོད་ཀྱང་རུང་སྟེ། གཙོ་བོར་རྩའི་ངེས་པ་ལས་ལྷ་ཡིན་པའི་ཕྱིར་ལུས་ཀྱི་ཆོས་རྩ་དག་པའམ་མངོན་དུ་བྱེད་པ་ཞེས་བྱ་བར་ཡང་སྦྱར་རོ། །གསང་བའི་དབང་ནི་མཆོག་དགའི་མཚན་ཉིད་ཅན་ཏེ། འདི་ལ་ཡང་དབང་བཞི་སྤྱིའི་ཡ་གྱལ་དུ་གྱུར་པ་ཞིག་དང་། དབང་གསུམ་པ་འབའ་ཞིག་གི་ཡན་ལག་ཏུ་གྱུར་པ་ཞིག་ཏེ་གཉིས་ཡོད་ལ། དང་པོ་ལ་ཡང་སྔར་བཤད་པ་ལྟར་བུམ་དབང་ཕྱི་དཀྱིལ་དང་ལུས་དཀྱིལ་དུ་སྦྱིན་པས་ངེས་པ་རྣམ་པ་གཉིས་སུ་འགྱུར་བ་ཡིན་ཏེ། འདི་ལྟར། བུམ་དབང་ཕྱི་དཀྱིལ་དུ་བརྡ་སྤྲད་པ་དེ་དག་གིས་ནི་ལམ་འབྲས་བཞི་ལས་གཞན་དུ་རྟོག་པ་རགས་པ་བཅོམ་ནས། གཞན་རྟོག་ཕྲ་བ་གཞིལ་བའི་སླད་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆོས་མཐའ་དག་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་ཐབས་ཤེས་ཀྱི་མཚན་ཉིད་ཅན་དུ་བསྡུས་ཏེ། དབང་གི་ཡོ་བྱད་ཀྱང་བོ་ལ་དང་ཀཀྐོ་ལ་བཏུང་བར་བཅས་པ་ཉིད་ལ་ཕྱིའི་ཡོ་བྱད་ཀྱི་ངེས་པ་མཐའ་དག་བརྩིས་ཏེ་སྦྱིན་པ་དང་། ལུས་དཀྱིལ་དུ་ཡིན་ན་ནི་རིགས་བརྒྱ་སོགས་གཞན་རྟོག་གི་དབྱེ་བ་མཐའ་དག་རྩ་གཙོ་བོར་གྱུར་པའི་ལུས་ཀྱི་ཆོས་ཁོ་ནར་ངོ་འཕྲོད་ཚར་བས། ད་ནི་ལུས་དཀྱིལ་གྱི་ཆོས་དེ་དག་ལ་གཟུང་འཛིན་གྱི་ཕྱེ་བའི་གཞན་རྟོག་ཕྲ་བ་དག་ཡོད་པ་དེ་དག་པར་བྱ་བའི་ཆེད་དུ། རྟེན་དང་བརྟེན་པའི་མཚན་ཉིད་ཅན་གྱིས་སློབ་དཔོན་གྱི་ལུས་ཀྱི་ཆོས་ཇི་སྙེད་པའང་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་བྷ་གའི་དཀྱིལ་འཁོར་དུ་དཀར་དམར་གྱི་མཚོན་བརྒྱ་པའི་ཐབས་ཤེས་ཀྱི་ཆོས་ཁོ་ནར་བསྡུས་ཏེ་བརྡ་སྤྲད་ན། སློབ་མ་རང་ཉིད་ཀྱི་ལུས་ཆོས་རྣམས་ཀྱང་དེ་ཁོ་ནའོ་ཞེས་མཚོན་པར་བྱ་བའི་ཕྱིར་རྡོ་རྗེ་དང་པད་མའི་སྦྲང་རྩི་གཞིབ་ཏུ་བརྩལ་ཏེ་མགྲིན་པའི་བུང་བ་མྱོས་པར་བྱས་པ་ལས། སྒྱུ་མ་ལྟ་བུའི་གར་གྱི་རིམ་པ་དག་ཅི་དགར་བགྱིར་གནང་བ་སྟེ། དོན་ལ་ངག་རྡུལ་གྱི་ཆོས་གཙོ་བོར་འཛིན་པའི་ཐིག་ལེ་ཅན་མགྲིན་པར་ཐབས་ཤེས་ཀྱི་རྟེན་འབྲེལ་བསྒྲིགས་པས་ངག་རྡུལ་གྱི་ཆོས་ཅན་གསུང་ཐམས་ཅད་པ་ལོངས་སྐུར་གནས་པ་མངོན་དུ་བརྡ་སྤྲོད་པ་སྟེ། འདི་ཉིད་ཀྱི་ཕྱིར་རྡུལ་མཆེད་པའི་ཆོས་ལས་སྒྱུ་མ་ལྟ་བུར་ལྡང་བའི་ངེས་པས་སྒྱུ་མའི་རིམ་པ་འདི་ཡི་ལམ་དུ་ངེས་ཤིང་། གཏུམ་མོ་རྡོར་བཟླས་སུ་འཆད་པའི་ངེས་པ་ལས་འདི་ཡི་ཡན་ལག་ཏུ་གྱུར་པའི་རྡོར་བཟླས་དང་གཏུམ་མོའང་འབྱུང་བ་ཡིན་ནོ། །དབང་གསུམ་པ་འབའ་ཞིག་གི་ཡན་ལག་ཏུ་གྱུར་པ་ནི། དེ་དག་གི་དགའ་བ་བཞི་ལས་མཆོག་དགའ་མཆེད་པའི་ཆོས་ཁོ་ན་ལ་འཇོག་པ་སྟེ། མདོར་ན་གསང་དབང་ངག་ལོངས་སྐུའི་རང་བཞིན་མངོན་དུ་བྱེད་པའི་ཐབས་ཡིན་པས། རྡུལ་ངག་གི་ཆོས་ལས་བརྡ་སྤྲོད་པ་སྟེ། དེ་བས་ན་མཆེད་པ་གཙོ་བོར་གྱུར་པའི་སྒྱུ་མ་ལྟ་བུའི་རིམ་པ་འདིའི་ལམ་དུ་བཞག་ཅིང་། དབང་གསུམ་པར་ཡང་དེ་དག་གི་ཆོས་བརྩིས་པ་ཡིན་ལ། རླུང་གི་གནད་བཅིང་བ་དག་འདིའི་ལམ་དུ་འགྱུར་བའི་ངེས་པའང་ཤེས་པར་བྱ་ཞིང་། འདིའི་འབྲས་བུ་ལོངས་སྐུ་ཞེས་པའང་གསུང་ཐམས་ཅད་པ་ཉིད་ལ་གཙོ་བོར་བཟུང་བ་ནི་རྡོ་རྗེ་ཐེག་པའི་ངེས་པ་སྟེ། ལོངས་སྐུ་མཚན་དཔེས་བརྒྱན་པའི་སྐུ་ཁོ་ན་ལ་འདོད་པ་ནི་ཐེག་པ་ཐུན་མོང་བའི་ལུགས་སོ། །འོ་ན་འདིར་དེ་ལྟ་བུའི་སྐུ་མི་འདོད་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དངོས་པོའི་ངེས་པ་ལས་སྐུ་བཞག་པ་དང་། གདུལ་བྱའི་སྣང་བ་ལས་སྐུ་བཞག་པའི་དབང་གཉིས་ལས། དང་པོའི་དབང་དུ་ནི། རྩ་དག་པ་ལས་སྐུ་རྣམ་པ་ཐམས་ཅད་པར་འཆར་བ་སྤྲུལ་སྐུ་དང་། རླུང་དག་པ་ལས་ངག་ཐམས་ཅད་པ་ལོངས་སྐུ། ཐིག་ལེ་དག་པ་ལས་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་པ་ཆོས་སྐུ། ཡེ་ཤེས་དག་པ་ལས་བདེ་སྐུ་སྟེ་བཞིར་འགྱུར་བ་ཡིན་ལ། འདི་ལ་ནི་འཆད་སྒོ་ལས་དབྱེ་བ་བྱས་པ་ཙམ་མ་གཏོགས་སྐུ་བཞི་པོ་དོན་ལ་ཐ་དད་དུ་བྱར་མེད་ཅིང་། མཚན་དཔེའང་ཁམས་སོ་གཉིས་ལ་བརྩི་བ་དང་། ཀུན་འབྱུང་གི་ངེས་པས་སྐུ་གསུམ་སོ་སོ་ལའང་མཚན་དཔེའི་ཆོས་བརྩི་རྒྱུ་ཡོད་ཅིང་ལྡོག་པ་ཐ་དད་པ་ལྟ་བུ་ཡིན་ལ། གཉིས་པ་གདུལ་བྱའི་དབང་ལས་བཞག་པ་ནི་ཐེག་པ་ཐུན་མོང་བ་ལྟར་འདོད་མོད། འོན་ཀྱང་དེའི་སྐུ་གཉིས་པོ་གདུལ་བྱའི་རྒྱུད་བསྡུས་ཡིན་པས། སྔགས་ཀྱི་ངེས་པ་མཐར་ཐུག་པ་ལས་ནི་སྒྲིབ་པར་འདོད་པ་ཡིན་ཏེ། རྒྱས་པར་ཕྱིས་འཆད་པར་འདོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་སྔར་སྨོས་པ་ལྟར་འདོད་ཆགས་བདེ་ཆེན་དུ་འཆིང་མི་ནུས་པ་དང་། ནུས་དག་གི་ངེས་པས། བྲལ་དགའ་དང་། ལྷན་སྐྱེས་སུ་འཆད་པའི་རིམ་པ་གཉིས་སུ་འགྱུར་བ་ལས། སྔ་མ་ལྟར་ན་ནི་དཔེའི་ཡེ་ཤེས་དང་། དངོས་པོ་ལྷན་སྐྱེས་སུ་འགྱུར་ལ། ཕྱི་མ་ལྟར་ན་ནི་གསུམ་པ་ཉིད་ནས་དོན་གྱི་ཡེ་ཤེས་དང་རང་བཞིན་ལྷན་སྐྱེས་སུ་འཆར་བ་སྟེ། དབང་པོའི་རིམ་པ་འདི་ལ་གསུམ་པ་ལས་གཞན་དུ་བཞི་པ་དབྱེར་མེད་ཅིང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་མ་ཡིན་པར་ཡང་མི་འགྱུར་ཏེ། ལས་རྒྱ་ཉིད་ཕྱག་རྒྱ་ཆེན་མོར་འཆིང་ཞིང་འཆར་བའི་དབང་དུ་བྱས་པའི་ཕྱིར་རོ། དཔེར་ན་རོ་གཅིག་གི་དུས་ཉིད་དུ་བསྒོམ་མེད་ཀྱང་མངོན་དུ་གྱུར་ཏེ། རིམ་པ་ལ་མི་ལྟོས་པ་ཡོད་པ་བཞིན་ནོ། །ངེས་པ་འདི་ནི་ཏིང་ངེ་འཛིན་གྱི་རིམ་པ་ལས་རྒྱ་ལ་བརྟེན་པ་དག་བཤད་པའི་ངེས་པ་དེ་ཉིད་ཡིན་ཏེ། ལས་རྒྱ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་འདི་ནི་དབང་པོ་ཤིན་ཏུ་རྣོན་པོ་དག་གི་དབང་དུ་ཡིན་ལ། སྤྱིར་ནི་ལས་རྒྱ་ལ་བརྟེན་པའི་ཡེ་ཤེས་འདི་ལ་འཆར་རིམ་དུ་མ་ཞིག་ཡོད་པའི་དོན་གྱིས། དུས་ཀྱི་འཁོར་ལོ་དབང་གསུམ་པ་དང་བཞི་པ་ལ་ཡང་འཇིག་རྟེན་ལས་འདས་མ་འདས་གཉིས་སུ་ཕྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་བཞིན་གྱི་སྒྲ་འདི་ལ་སྤྱིའི་ངེས་པས་དཔེའི་ཚིག་ཕྲད་དུ་དྲི་མེད་འོད་དུ་བཤད་པ་དང་། དེ་བཞིན་ངེས་པའི་ཚིག་ཕྲད་དུ་འཆད་པ་ཞིག་སྟེ་གཉིས་གོ་དགོས་པར་སྣང་ངོ་། །དེ་ལྟར་ན་དངོས་པོ་ལྷན་སྐྱེས་སུ་འཆར་བའི་དབང་དུ་ནི། སྤྱིའི་དགའ་བ་བཞི་ལས་བྲལ་དགའི་མཚན་ཉིད་ཅན་ཡིན་ལ། དེས་ནི་རྟོག་པའི་གཡོ་བ་དང་བྲལ་བའི་སེམས་ཞུ་བའི་བདེ་བར་རོ་གཅིག་པ་ཆོས་སྐུ་བརྡ་སྤྲད་པས་གཟུང་འཛིན་གྱི་རྩ་བ་ཅན་གྱི་གཉིས་སྣང་ཕྲ་བ་དག་གཅོད་ཅིང་། ད་དུང་གཞིའི་གཉིས་མེད་ཉིད་མངོན་དུ་བྱེད་པའི་ལམ་དང་། དེ་བརྡ་སྤྲོད་པའི་རིམ་པ་གཞན་ཡོད་དགོས་པས། དབང་བཞི་པ་ལོགས་སུ་འཇོག་པ་སྤྱིའི་ངེས་པ་ཡིན་ཞིང་། ཡེ་ཤེས་དེ་ཉིད་ལའང་ཡོན་ཏན་གསུམ་ལྡན་དང་བཞི་ལྡན་སོགས་ཀྱི་རིམ་པས་གསུམ་པ་དང་། འཇིག་རྟེན་པའི་བཞི་པ་གཉིས་སུ་ཕྱེའོ། །རང་བཞིན་ལྷན་སྐྱེས་སུ་འཆར་བ་ནི་གཅིག་ཆར་བའི་དབང་དུ་སྟེ། འདི་ནི་བཞིའི་གཉིས་མེད་དང་པོར་མཐོང་བའི་རིམ་པ་དག་ཡིན་པས་གཤིས་བདེ་སྐུ་བརྡ་སྤྲོད་པ་སྟེ། མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལས་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་པ་དག་སྟེ། འདི་ལ་ཡང་དབང་པོའི་རིམ་པས་འཆར་བ་ནི་ཡོད་ལ། རབ་ཀྱི་དབང་དུ་ནི། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་རྟོགས་པར་འགྱུར། །ཞེས་པ་དག་ཀྱང་དབང་དུས་ཉིད་དུའང་ཡིན་ནོ། དེ་ལྟར་ན་གཉིས་གའང་རྟེན་དང་བརྟེན་པའི་ལྷ་དང་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་དུ་ཡིད་ཆེས་པས་གཟུང་འཛིན་ཕྲ་རགས་གཅོད་པའི་དབང་དུ་ནི་སྦྱོར་བ་གཅིག་ལ། བྱང་ཆུབ་ཀྱི་སེམས་ལ་རིམ་པ་གཉིས་སུ་འགྱུར་བ་ནི་སྔར་བརྗོད་ཟིན་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོའི་དབང་ལས་ནི་བྲལ་དགའ་ཉམས་པ་ལ་འཇོག་པའང་སྔར་ཕྱེ་བ་དག་གོ །དེ་ལྟར་དབང་གསུམ་པ་ལ་རིམ་པ་གཉིས་ཡོད་པ་འདི་མ་གོ་ན་དབང་གསུམ་པའི་དགའ་བཞི་ཉིད་ལ་དབང་བཞིར་ཕྱེ་ཞིང་། དེ་ཡང་། དེ་ཉིད་རྣམ་པ་བཅུ་དྲུག་རིག་གི་ངེས་པ་བཞི་བཞིར་ཕྱེ་བ་སོགས་ཕྱིན་ཅི་མ་ལོག་པའི་མ་རྒྱུད་ཀྱི་ངེས་པ་རྣམས་མི་གོ་བར་སྣང་ངོ་། །དབང་བཞི་པ་ནི། སྔར་བརྗོད་པ་ལྟར་ཆགས་ལམ་ས་གཅིག་ཆར་བས་གསུམ་པ་ཉིད་དུ་བརྡ་འཕྲོད་པའི་ལྟར་ན་ནི་སྔར་བཟླས་པ་དེ་ཉིད་ཡིན་ལ། སྤྱིའི་རིམ་པས་དེ་ལྟར་མི་ནུས་པ་དག་དང་། གྲོལ་ལམ་ཆོས་ཀྱི་ཕྱག་རྒྱའི་འམ་ཕྱག་རྒྱ་ཆེན་མོ་སྣང་སྲིད་རབ་འབྱམས་ཀྱི་ངེས་པ་ལས་ནི། དབང་པོའི་རིམ་པས་ཕྱག་རྒྱ་ཆེན་མོ་སྟོང་གཟུགས་ལ་མཉམ་པར་སྦྱར་བ་ལས་བྱུང་བའི་མི་འགྱུར་བའི་ཡེ་ཤེས་ཟུང་འཇུག་གི་མཚན་ཉིད་ཅན་ཏེ། ཡན་ལག་དྲུག་གི་རིམ་པ་ལས་ཕྱིར་འབྱུང་བ་ལྟ་བུ། དབང་དུས་སུ་ཚིག་གིས་མཚོན་པ་དག་ཡིན་ལ། གང་ཟག་དབང་པོ་སྨིན་པ་དག་གི་ངེས་པས་ནི། གཞི་འབྲས་དབྱེར་མེད་བརྡ་སྤྲོད་པའི་ཚུལ་མཐར་ཐུག་དེ་ལ་དབང་བཞི་པར་བསྙད་པ་ཡིན་པས། ཕྱག་རྒྱ་ཆེན་པོ་སྣང་སྲིད་རབ་འབྱམས་དང་གདོད་མ་ནས་ཟུང་དུ་འཇུག་པའི་འབྲས་བུར་རྫོགས། རྫོགས་པ་ཉིད་མ་བཅོས་པའི་རིམ་པས་བརྡ་སྤྲོད་པ་སྟེ། ངེས་པ་འདིའི་དབང་དུ་བྱས་ནས། ཡེ་ཤེས་ཞབས་ལུགས་པ་སོགས་ཀྱི་དབང་བཞི་པ་འབྲས་བུའི་ཡན་ལག་བདུན་ལྡན་དུ་ངོ་སྤྲོད་པ་ཡིན་གྱི། མ་འོངས་པ་ན་འབྱུང་རྒྱུའི་ཡན་ལག་བདུན་ཞིག་ལུང་སྟོན་པ་ཡིན་ན་ནི། སྔར་ལུང་བསྟན་རྒྱས་པར་ཚར་བ་དང་བཟློས་པར་འགྱུར་དུ་དགོས་སོ། །དེ་བས་ན་འདི་ལ་དཀྱིལ་འཁོར་དང་བྱ་བའི་ཆོ་ག་དེ་དག་གི་འབྲས་བུ་སྤངས་ཐོབ་སོགས་གཅིག་ཀྱང་བཞག་ཏུ་མེད་དེ། གང་བཞག་ཐམས་ཅད་མ་རིག་པའི་སྒྱུ་མ་འབའ་ཞིག་ཡིན་པས་ངེས་པའི་སྙིང་པོ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཤ་སྟག་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར། གཞན་གྱིས་བརྗོད་མིན་ལྷན་གཅིག་སྐྱེས། གང་དུ་ཡང་ནི་མ་རྙེད་དེ། ཞེས་སོགས་དང་། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཤེས་དེ་ཁོ་ན་ཉིད་རིག་པ་རྣམས་གསུང་བ་ཡིན་ནོ། དེ་འདྲ་བའི་དབང་བཞི་པོ་ཡང་རྣམ་པ་བཞི་བཞིར་འགྱུར་བ་ཡིན་ཏེ། དབང་སོ་སོའི་ལམ་གྱིས་ཐོབ་པའི་འབྲས་བུ་རྣམས་ཀྱང་སོ་སོ་རང་རང་གི་རྡོ་རྗེ་བཞིའམ་སྐུ་བཞིའི་བདག་ཉིད་ཡིན་པའི་ཕྱིར་དང་། བསྒྲུབ་བྱེད་ལམ་གྱི་དགའ་བ་བཞི་པོ་ཡང་སོ་སོར་བཞི་བཞིའི་བདག་ཉིད་དེ། དེ་བས་ན་དབང་བཞི་སྤྱི་ལ་ཡང་བཞི་འགྲོས་ཀྱི་དེ་ཉིད་རྣམ་པ་བཅུ་དྲུག་རིག་དང་། གསུམ་འགྲོས་ཀྱིས་བདེན་དོན་རྣམ་པ་བཅུ་གཉིས་ནི་ངེས་པར་ཡང་གོ་དགོས་ཏེ། འདི་ལྟར་བུམ་དབང་ལ་མཚོན་ན། རིག་པའི་དབང་ལ་བུམ་པའི་བུམ་པ་ནས་དྲིལ་བུ་གསུང་གསང་བ། མཉམ་སྦྱོར་ཤེས་རབ་ཡེ་ཤེས། རྡོ་རྗེའི་དམ་ཚིག་དེའི་བཞི་པར་འགྱུར་བ་སྟེ་དེ་བཞིན་དུ་གཞན་ལ་ཡང་ངོ་། དེ་ལྟར་དགའ་བ་བཞིའི་ངེས་པས་དབང་བཞིར་བཞག་པའི་འཐད་པས། རྒོད་པ་སོགས་ཆགས་པ་རིགས་བཞིའི་བདེ་བ་ལས་དང་། དཀྱིལ་འཁོར་བཞིའི་ངེས་པ་ལས་དང་། སྟོང་པ་བཞིའི་དབང་ལས་དང་། གནས་སྐབས་བཞིའི་སྐུ་བཞིར་གནས་པ་མངོན་དུ་བརྡ་སྤྲོད་པའི་རིམ་པས་བཞག་པ་སོགས་མཐའ་དག་ཀྱང་གནད་གཅིག་པ་ཉིད་དུ་བདེ་བླག་དུ་ཁོང་དུ་ཆུད་པར་བྱ་ཞིང་། དེ་ཡང་དབང་བཞིའི་རིམ་གྱིས་བརྡ་སྤྲད་ནས་ལམ་རིམ་གྱིས་ཉམས་སུ་ལེན་པ་དང་། དབང་སྔ་མ་ལ་མ་ལྟོས་པར་ཕྱི་མ་སོ་སོ་ནས་ཞུགས་ཏེ་ལམ་དེ་དང་དེ་བསྒྲོད་པའི་ཐོད་རྒལ་པ་དག་དང་། བཞི་པ་ཉིད་ཀྱི་གཅིག་ཆར་དུ་གྲོལ་བའི་རིགས་ཏེ་དུ་མ་ཞིག་ཏུ་འགྱུར་ལ། གཞིའི་ངེས་པ་མཐར་ཐུག་པ་རྟོགས་པ་ནི་བཞི་པ་ཉིད་ལ་རག་ལས་སོ་ཞེས་བྱ་བར་ཡང་ཤེས་པར་བྱའོ། །འདིར་སྨྲས་པ། ཡི་གེའི་མགྲིན་རྔས་བརྙེངས་པའི་ནེ་ཙོ་དང་། །རྟོག་པའི་སྨིག་སྒྱུས་མྱོས་པའི་རི་དྭགས་དང། །མེ་ལོང་གཟུགས་ལ་ཆགས་པའི་སྒེག་མོ་རྣམས། ངལ་དེས་ཅི་བྱ་མ་བཅོས་གཉིད་ལོག་ཤིག །དེ་ལྟར་གཞི་ལམ་འབྲས་བུ་ཇི་ལྟར་རིགས་པར་བརྡ་འཕྲོད་ནས། དེ་ཚུལ་བཞིན་དུ་སྐྱོང་བའི་གཙོ་བོའི་ཡན་ལག་ནི་དམ་ཚིག་སྡོམ་པ་རྣམས་ཡིན་ཏེ། གཞི་འབྲས་བུར་རྫོགས་པ་ཉིད་འཁྲུལ་པའི་དྲི་མས་བསླད་པ་ལས་སེམས་མ་བསྡམས་ན་འབྲས་བུ་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། དེ་ཡང་དབང་པོའི་རིམ་པ་ལ་ལྟོས་པའི་དབང་བཞི་སོ་སོའི་ངེས་པས་གནས་སྐབས་ཐ་དད་པ་ལྟ་བུར་འགྱུར་ཏེ། འདི་ལྟར་བུམ་པའི་དབང་མི་ཟབ་པའི་བསྐྱེད་རིམས་ཀྱིས་སྨིན་བྱེད་དུ་གྱུར་པ་དག་ནི་གཞན་རྟོག་རགས་པ་གཅོད་བྱེད་བསྒྱུར་ལམ་གྱི་དབང་དུ་བྱས་པ་ཡིན་པས། འདིའི་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ནས་རིགས་ལྔ་སྤྱིའི་དམ་ཚིག་འཇུག་སྡོམ་ཁྱད་པར་བའི་སྟེང་དུ་རྡོ་རྗེའི་རིགས་གསུམ་དམ་ཚིགས་གསུམ་བཟུང་བ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་འཛིན་པ་ཡིན་ལ། དེའི་དམ་ཚིག་གསུམ་སོགས་ཀྱང་ཕྱི་གཙོ་བོར་གྱུར་པ། རྣལ་འབྱོར་རྒྱུད་ཐུན་མོང་བ་ལྟ་བུ་ཡིན་ཞིང་། དེ་བས་ན་རྣལ་འབྱོར་རྒྱུད་ཀྱི་སློབ་དཔོན་དུ་དབང་བསྐུར་བ་ཐོབ་པ་ཡན་ནས་སྔགས་སྡོམ་འཇོག་གི དེ་ཕྱིན་ནས་བྱ་སྤྱོད་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའི་འཇུག་པའི་སྡོམ་པ། དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ལས་བྱུང་བའི་དམ་ཚིག་གི་ཁྱད་པར་དུ་བྱས་པ་དག་སྟེ། སྡོམ་རིགས་ནི་ད་དུང་འཇུག་སྡོམ་དེ་ཉིད་ཡིན་ནོ། །དེ་བས་ན་འདི་ལ་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་གྱུར་པའི་བསམ་བྱ་དག་ཡོད་ཀྱི། སྡོམ་རིས་ཟུར་པ་ལེན་པའི་ཆོ་ག་ཁྱད་པར་བ་མེད་དོ། །བུམ་པའི་དབང་དུ་ནི། རང་གི་ཕུང་ཁམས་སྐྱེ་མཆེད་ལྷར་ངོ་སྤྲད་པ་ལས་བྱུང་བའི་རིགས་ལྔའི་དམ་ཚིག་དག་འཛིན་པ་ཡིན་ཞིང་། དེ་ཡང་བུམ་དབང་སྤྱི་ལ་ནི་གཞན་རྟོག་རགས་པ་གཅོད་པའི་ངེས་པ་དང་མཐུན་པའི་དམ་ཚིག་སྤྱིར་འབྱུང་བ་དག་དང་། ཟབ་མོ་བསྐྱེད་རིམས་དང་འབྲེལ་བའི་བུམ་དབང་ལུས་དཀྱིལ་དུ་ཐོབ་པ་ལ་ནི། རིགས་ལྔ་ལུས་སོགས་ཀྱི་ཆོས་སུ་ཡིད་ཆེས་པ་ལས་བྱུང་བའི་དམ་ཚིག་ཁྱད་པར་བ་དག་ཡོད་དེ། འདི་ནི་ཕྱི་བུམ་དབང་ལ་ལྟོས་པའི་གསང་དབང་དང་གནད་གཅིག་པ་ལྟ་བུ་ཡིན་པའི་ཕྱིར་རོ། ཁྱད་པར་དུ་གསང་བའི་དབང་ནི་ངག་རླུང་དག་པར་བྱེད་པ་དང་། ལོངས་སྐུ་མངོན་དུ་བྱེད་པའི་ངེས་པས། རྩ་བ་དང་ཡན་ལག་གི་རླུང་བཅུ་དབུ་མར་སྡོམ་པ་ཉིད་དམ་ཚིག་གི་རྩ་བ་ཡིན་ཏེ། འདིའི་ཕྱི་ནང་གི་རྟེན་འབྲེལ་ལས་བྱུང་བའི། ཕྱི་དང་། ནང་དང་། གསང་བའི། ཤ་ལྔ་བདུད་རྩི་ལྔ་བརྟེན་པ་ལས་མི་འདའ་བ་ཡན་ལག་དང་བཅས་པ་རྣམས་སོ། །ཤེས་རབ་ཡེ་ཤེས་དུ་ནི་ཡིད་ཐིག་ལེ་དག་བྱེད་ཆོས་སྐུའི་ངེས་པས། ཁམས་འཛག་པ་ཕྱི་ནང་གསང་བའི་བདག་ཉིད་ཅན་རྣམས་སྡོམ་པ་ཡན་ལག་དང་བཅས་པ་སྟེ། གཙོ་བོར་ཕྱག་རྒྱ་གསུམ་དང་འབྲེལ་བའི་དམ་ཚིག་རྣམས་ཡིན་ནོ། །བཞི་པར་ནི། གཞི་འབྲས་དབྱེར་མེད་ཉིད་མངོན་དུ་བྱེད་པའི་ངེས་པས། གཞི་ལས་གཞན་དུ་འཁྲུལ་པའི་སེམས་ཀྱི་འཛག་པ་མཐའ་དག་སྡོམ་དགོས་པའི་ཕྱིར། ཁམས་རླུང་སེམས་ཀྱི་མཚན་ཉིད་ཅན་གྱི་སྡོམ་པ་ཉིད་རྣམས་ཀྱང་བསྡོམ་པར་བྱ་དགོས་ན། གཞན་ལྟ་ཅི་སྨོས་ཏེ། གང་དུ་སྡོམ་པར་བཞག་པ་ཕྲ་རགས་དེ་ཐམས་ཅད་ཀྱང་གཞིའི་གནས་ཚུལ་ལས་གཞན་དུ་གྱུར་པའི་ཡིད་ཀྱི་གཡོ་བ་འབའ་ཞིག་ཡིན་པའི་ཕྱིར་ཏེ། གནས་ཚུལ་ལ་བསྲུང་བྱ་བསྲུང་བྱེད་སོགས་མ་གྲུབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྡོམ་པ་ཡིན་ཞེ་ན། ཅི་ཡང་མི་སྡོམ་ཞིང་ཐམས་ཅད་སྡོམ་པ་ཉིད་དེ། གང་དུ་སྡོམ་དགོས་པ་དེ་སྲིད་དུ་ཐམས་ཅད་སྡོམ་པ་ཞེས་བྱ་བ་འདི་མི་སྲིད་པའི་ཕྱིར་ཏེ། རྟོག་པ་ཕྲ་རགས་ཐམས་ཅད་གཞན་སེལ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ངེས་པ་འདི་ཉིད་ཀྱི་དབང་དུ་མཛད་ནས་དམ་ཚིག་མ་བསྲུངས་ཡེ་བསྲུངས་སོགས་སུ་སྔོན་གྱི་དམ་པ་རྣམས་བཞེད་པ་ཡིན་ཏེ། གཞིའི་གནས་ཚུལ་དེ་ནི་ཐམས་ཅད་བསྡམས་ལས་བསྡམས་པ་ཡིན་ལ། ངེས་པ་དེ་ལ་ལྟོས་ནས་ནི་ཇི་སྲིད་སྡོམ་འདོད་འབྱུང་བ་ཐམས་ཅད་ཀྱང་བཅོས་མ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་མ་བཅོས་པ་ཉིད་དམ་ཚིག་ཐམས་ཅད་ཀྱི་རྩ་བ་སྟེ། འདི་ལ་དྲང་བའི་ཐབས་སུ་སྡོམ་པའི་རིམ་པ་ཇི་སྙེད་པ་རྣམས་འབྱུང་ཞིང་། དེ་ཡང་འདིར་མི་འགལ་བ་ཡིན་ཏེ། རྩ་བའི་ངེས་པ་འདི་ལས་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་ཐམས་ཅད་ལྟུང་བའི་བསྡོམ་བྱར་འགྱུར་བ་ལས་ན། དམ་ཚིག་ཀྱང་དེ་ཉིད་དེ། དེའི་ཕྱིར་ས་མ་ཡ་འབུམ་སྟེ་ཞེས་སོགས་འབྱུང་ཞིང་། དེ་ལས་རགས་པར་ཡེ་ཤེས་ཀྱི་ཉེ་བར་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་སོགས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་དང་། བརྒྱ་དྲུག་ཅུ། བརྒྱ་བརྒྱད་ཅུ། སོ་དྲུག་ལ་སོགས་པའི་དབྱེ་བས་དེའི་གཉེན་པོ་རིགས་ཀྱིས་ཕྱེ་བའི་ལྷ་སོགས་ཀྱི་ངེས་པ་དམ་ཚིག་ཀྱང་དེ་ཉིད་དེ། དེ་ཉིད་ཀྱི་ཕྱིར་བཙོ་བླག་མཁན་གྱི་དཔེ་དང་། ཐམས་ཅད་ཐེག་པ་རྡོ་རྗེ་ཐིག་ལེ་ངེས་པ་ལས་ནི། གང་ཏིལ་གྱི་ཆ་ཤས་གཅིག་ལ་མ་བྱིན་པར་ལེན་པ་སྤོང་སེམས་སྐད་ཅིག་མ་གཅིག་སྐྱེས་པ་ཡན་ནས་དམ་ཚིག་ཆེན་པོའི་བར་གྱི་དམ་ཚིག་དང་སྡོམ་པ་སྲིད་དོ་ཅོག་ཐམས་ཅད་ཀྱང་རྡོ་རྗེའི་ཐེག་པའི་སྔགས་ཀྱི་སྡོམ་པར་འགྱུར་བ་ཡིན་ཏེ། སྔགས་ཀྱི་དོན་ནི་ཡིད་སྐྱོབ་པར་བྱེད་པའི་མཚན་ཉིད་ཅན་ཡིན་ལ། དེ་ཐམས་ཅད་ཀྱང་ཕྲ་རགས་ཀྱི་ངེས་པས་ཡིད་སྐྱོབ་པར་བྱེད་པའི་མཚན་ཉིད་ཅན་དུ་སྦྱོར་བ་གཅིག་པའི་ཕྱིར་རོ། །དེ་ལྟ་ན་ཡང་དབང་པོའི་རིམ་པ་ལས་ཇི་ཙམ་ཉམས་སུ་བླང་བར་ནུས་པ་དེ་ཙམ་གྱི་འཆར་སྒོ་ལས་སྡོམ་པ་དང་དམ་ཚིག་ཐེག་པ་དང་རྒྱུད་སྡེ་དབང་གིས་ཕྱེ་ཕྱེ་བ་རྣམས་སུ་འགྱུར་བ་ཡིན་ཏེ། ཐེག་པ་ཐམས་ཅད་གནས་ཚུལ་ལ་ཡིད་སྐྱོབ་པར་བྱེད་པའི་དོན་གྱིས་རྡོ་རྗེའི་ཐེག་པ་ཡིན་ཡང་། འཇུག་སྒོ་སོགས་ཀྱི་རིམ་པས་ཐ་དད་དུ་འཇོག་པའི་ངེས་པས་སོ། །དེ་ཡང་དབང་བཞིའི་ངེས་པ་ལྟ་བུ་ལ་བཤད་ན་གཞན་རྣམས་ཀྱང་རྟོགས་པར་འགྱུར་བས། དེ་ནི་དབང་བཞི་པོ་ཐམས་ཅད་ཀྱི་གནས་སྐབས་སུ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་དང་། འོན་ཀྱང་བློ་བུར་དྲི་མས་སྒྲིབས། །ཞེས་པར་ནི་ཐམས་ཅད་ཀྱང་འདོད་པ་གཅིག་ལ། འོན་ཀྱང་སངས་རྒྱས་ཀྱི་བློ་རྩེ་གཏད་ས་མི་གཅིག་པས། དེའི་བློ་བུར་ཡི་དྲི་མ་ཡང་མི་འདྲ་ལ། དེ་ལས་སེམས་བསྲུང་བའི་དམ་ཚིག་ཀྱང་ཐ་དད་པར་འགྱུར་བ་ཞེས་བྱ་བ་འདི་ཡིན་ཏེ། འདི་ལྟར་བུམ་དབང་དུ་ནི། སྣང་བ་སེམས་སུ་ངོ་སྤྲོད་པ་རྩེ་གཅིག་གི་དབང་དུ་བྱས་པ་ཉིད་ཀྱིས་ཕྱི་བརྟན་གཡོ་ནང་ལུས། གཞན་བྱང་ཕྱོགས་སོ་བདུན་སོགས་པ་ལམ་གྱི་ཆོས་མཐའ་དག རང་གི་རྩ་གཙོ་བོར་གྱུར་པ་ལས་བྱུང་བའི་ཁམས་དག་པའི་སྣང་བ་རྟེན་བརྟེན་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་ངོ་སྤྲད་དེ། དེ་འདྲ་བའི་སངས་རྒྱས་དེའི་ཡོན་ཏན་ཞིང་མཛད་པ་སོགས་ཐོབ་བྱ་ཡིན་པའི་ཕྱིར་སངས་རྒྱས་དེའི་རྡོ་རྗེ་བཞི འམ་སྐུ་བཞི་པོའི་རིགས་འདྲ་ལམ་དུ་བྱེད་དགོས་པས། དེ་དང་མི་མཐུན་པའི་ཆོས་རྣམས་ལ་ལྟུང་བའི་ཆོས་སུ་བཞག་སྟེ། དེ་དག་གི་གཉེན་པོ་སྡོམ་པ་དང་དམ་ཚིག་གི་ངེས་པ་རྣམས་བཞག་ལ། གསང་བའི་དབང་དུ་ནི། དེ་ཐམས་ཅད་ཀྱང་ཐབས་ཤེས་ཀྱི་མཚན་ཉིད་ཅན་གྱི་ལུས་སམ། བྷ་གའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པར་ངོ་སྤྲད་དེ། གཞན་རྟོག་ཕྲ་བ་འགོག་པའི་ངེས་པས། སངས་རྒྱས་ཐབས་ཤེས་ཀྱི་མཚན་ཉིད་ཅན་གཙོ་བོར་ངག་དག་པའི་རིམ་པ་ལས་བཞག་པ་དེའི་སྐུ་བཞིའི་དྲ་བ་ལམ་དུ་བྱེད་པ་ལས། དེ་དག་གི་སྤངས་གཉེན་གྱི་རིམ་པའི་དམ་ཚིག་དང་། ཤེས་རབ་ཡེ་ཤེས་སུ། ཁམས་ཁུ་བའི་བདེ་བ་ཉིད་ཀྱི་རྟེན་བརྟེན་པའི་ཆོས་ལ་དེ་ཐམས་ཅད་འཇོག་པའི་ཞུ་བདེའི་མཚན་ཉིད་ཅན་གྱི་སངས་རྒྱས་དེའི་སྐུ་བཞིའི་ལམ་གྱི་སྤངས་གཉེན་ལས་ཕྱེ་བ་གཙོ་བོར་གཉིས་སྣང་གཅོད་པའི་མཚན་ཉིད་ཅན་དང་བཞིར། གཞི་མ་བཅོས་པ་སངས་རྒྱས་ཀྱི་ངེས་པས་བཅོས་མ་མཐའ་དག་ལྟུང་བར་འགྱུར་བ་སྟེ། དེ་བས་ན། དུས་ཀྱི་འཁོར་ལོར། དབང་བདུན་དུ་བརཏལ་ཞུགས་ཉེར་ལྔ་ཙམ་སྦྱིན་པ་དང་། བུམ་པ། རིགས་ལྔའི་སྡོམ་པ། དེ་ཡང་དབང་གོང་མ་སོ་སོར། རྡོ་རྗེའི་རིགས་སུ་ངེས་པར་སྲོག་གཅོད་པ་དང་། རལ་གྲིར་མི་བདེན་པའི་ངག་བརྗོད་པར་བྱ་བ་དང་། ཞེས་སོགས་སྐབས་སོ་སོའི་དགོངས་པའི་སྐད་ཀྱིས་དམ་ཚིག་སོ་སོར་འགྱུར་བ་ལས། རིམ་པ་བཞིན། སྔགས་ཀྱི་དགེ་སྙེན་དང་། དགེ་ཚུལ་དང་། དགེ་སློང་དང་། གནས་བརྟན་རྒན་པོ་དང་། སྐྱེས་གུའི་བདག་པོ་སོགས་སུ་བཞག་ཅིང་། སྒྲུབ་ཕྱོགས་སུ་སྤྱོད་པའང་། བྱིས་པས་རྣལ་འབྱོར་པ་དང་། དེས་གྲུབ་པ་དང་། དེས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ་བ་སོགས་ཀྱི་གནད་ཀྱང་དེ་ཡིན་ཏེ། དོན་འདི་ལ་དགོངས་ནས། རྗེ་དུས་གསུམ་མཁྱེན་པས། སྤྱོད་པ་དུས་ཚོད་དང་འབྲེལ་བ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རྩ་བའི་ལྟུང་བ་བཅུ་བཞི་དང་། སྦོམ་པོ་བརྒྱད་སོགས་སུ་སྤྱིར་བཞག་པ་ནི་དབང་བཞི་སྤྱི་དང་། གཙོ་བོར་བུམ་གསང་གི་དབང་དུ་བྱས་པ་ནི་དངོས་བསྟན་ཡིན་ལ། བྱེ་བྲག་ཏུ་ནི་དབང་པོ་སོ་སོ་ལ་ལྟོས་ཏེ་རྩ་བ་དང་སྦོམ་པོར་གྱུར་པའི་ཚུལ་གོ་དགོས་ཏེ། དབང་སོ་སོ་ཡང་ནང་གསེས་ཀྱི་བཞི་བཞིའི་བདག་ཉིད་ཅན་དུ་སྨྲ་བ་ལས་སོ། །ཅི་སེམས་ཅན་གྱི་སེམས་རང་བཞིན་གྱི་ཐམས་ཅད་ལས་བསྡོམས་པར་ལྷུན་གྲུབ་ཏུ་གནས་པ་ཉིད་ཡིན་ན། སྡོམ་པའི་རྣམ་བཞག་དེ་ཉིད་ཀྱིས་ངལ་བས་ཅི་ཞིག་བྱ་ཞེ་ན། རྒྱུའི་རྒྱུད་ཁས་ལེན་ཁྱེད་ཀྱི་ལྟར་ན་སེམས་ཅན་སངས་རྒྱས་ཡིན་ན་ལམ་གྱི་ངལ་བས་ཅི་ཞིག་བྱ། གློ་བུར་གྱི་དྲི་མ་དག་སེལ་བའི་ཆེད་དུའོ་ཞེ་ན། འདིར་ཡང་གློ་བུར་གྱི་དྲི་མ་དག་བསྡོམ་པའི་ཆེད་དུ་སྟེ། དེ་བས་ན་ཚུལ་འདི་འདྲ་བའི་རྣམ་པར་རྟོག་པས་ནི་རྡོ་རྗེ་ཐེག་པའི་ངེས་པ་མཐའ་དག་རྐང་གཏོར་བར་བྱས་སྣང་བས་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐལ་བ་ཅན་བདག་ལེགས་སུ་འདོད་པ་དག་གིས་ན། སྤྱོད་པ་དུས་ཚོད་དང་འབྲེལ་བའི་རྣམ་བཞག་བདེ་བར་གཤེགས་པའི་བསྟན་པ་སྤྱི་ལ་ཚོགས་གཅིག་པ་མིན་པའི་བློ་གྲོས་ཀྱི་དཔྱོད། གནས་སྐབས་གང་ཡིན་པའི་ངེས་པ་ཁོང་དུ་ཆུད་པར་བྱས་ནས། ཐམས་ཅད་དུ་ཆོས་སྤོང་བའི་ལས་ཕྲ་རགས་གང་གིས་ཀྱང་མ་གོས་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གདོད་མའི་བདེ་དང་གཉིད་ཀྱིས་རབ་འགྲོངས་བག་མེད་ཆང་འཐུང་བ་ལས་གྱི་ནར་མཚོན་ཆའི་འཁྲུལ་འཁོར་ལ་དགའ་བ། །གང་ཡིན་དེ་ཡང་རྡོ་རྗེ་འཛིན་ཞེས་ནག་པོའི་ཀུན་རྟོག་མིག་སྨན་བརྩིགས་འདྲས་བག་ཡོད་ཟླ་བའི་ལང་ཚོ་འཕྲོག །སྐལ་དམན་གཞན་དག་ཚུལ་བཅོས་སྒྱུ་མའི་དུས་བཞིན་ཉམས་དེའི་བསྙེངས་པ་སྟུག་པོས་ཐེག་མཆོག་འོད་བརྒྱའི་ལམ་འགོག་པ། །ཀྱེ་ཧུད་བྱིས་པ་རང་ཉམས་ཉིད་སྤྱོད་ཐབས་བརྒྱའི་ངལ་བའང་འབྲལ་མེད་ཉིད་ན་དེ་ནི་དུས་བཞིན་བག་ཡོད་བྱོས། །ཤེས་ཀྱང་གདམས་སོ། །དེ་ལྟར་སྨིན་ལམ་དུ་བརྡ་སྤྲད་པ་དེ་དག་ཐོས་སོགས་སྔོན་དུ་འགྲོ་བའི་ཤེས་རབ་བསྒོམ་བྱུང་གི་ངོ་བོར་སྐྱེས་པ་དག་གིས་ལེགས་པར་འདྲིས་པར་བྱེད་པ་ནི་གཉིས་པ་གྲོལ་བྱེད་ཀྱི་ལམ་ཡིན་ལ། དེའི་ཡང་དུས་ཚོད་དང་འབྲེལ་བའི་སྤྱོད་པ་ནི་སོ་སོའི་དམ་ཚིག་གི་ངེས་པ་སྔར་བཤད་པ་དག་ཡིན་ཞིང་། དོན་གྱི་དབང་ལས་ནི་ལམ་མཐའ་དག་ཀྱང་སྤང་བྱ་སྤོང་བའི་ངེས་པས་དམ་ཚིག་ཏུ་འདུ་བའང་ཡིན་ནོ། །ད་ནི་ལམ་དེ་དག་ཇི་ལྟར་ཉམས་སུ་བླངས་པ་ལས་གནས་སྐབས་སོ་སོར་འགྱུར་བ་དང་བཅས་པ་བརྗོད་པར་བྱ་སྟེ། དེ་ཡང་ཐེག་པ་དང་གྲུབ་མཐས་ཕྱེ་བའི་ལམ་ཇི་སྙེད་པའང་། བདེ་བ་ཆེན་པོ་གཅིག་ཉིད་ལ་གནས་སྐབས་བཞིར་འགྱུར་བའི་ངེས་པས་དབང་བཞིའི་དབྱེ་བ་ནི་འཆད་སྒོ་ཙམ་མ་ཡིན་པར་དངོས་པོ་ལས་དེ་ལྟར་དུ་ངེས་པའི་ཕྱིར་རྣམ་པ་བཞིར་འགྱུར་བ་ཡིན་ལ། ལམ་དེ་བགྲོད་ཚུལ་སྔར་བཤད་པ་བཞིན་དབང་པོའི་རིམ་པས། རིམ་གྱིསཾ། ཐོད་རྒལ། གཅིག་ཆར་བ་གསུམ་དུ་འགྱུར་བ་ལས། རེ་ཤིག་རིམས་ཀྱིས་པའི་དབང་དུ། དང་པོ་བུམ་པའི་ལམ་ནི། རྣལ་འབྱོར་དགའ་བ། སྟོང་བ་བཞི་སོགས་སྤྱིའི་ངེས་པས། སྣང་བ་སེམས་ལས་ཐ་དད་དུ་ཞེན་པའི་གཞན་རྟོག་རགས་པ་གཞིལ་བའི་སླད་དུ། ཕྱི་ནང་གཞན་གསུམ་ཐམས་ཅད་རང་གི་རྩ་ཁམས་ཀྱི་ཉེར་ལེན་ལས་སྣང་བའི་ལྷའི་འཁོར་ལོར་བསྡུས་ཏེ་ཆོས་བདག་མེད་པའི་ལྟ་བ་དང་སྦྱར་ནས་སྣང་སྟོང་གི་མཚན་ཉིད་ཅན་དུ་ཉམས་སུ་ལེན་པ་སྟེ། འདི་ལ་ཏིང་ངེ་འཛིན་གྱི་རྣམ་པར་དབྱེ་བ་དུ་མ་བཤད་པ་ཐམས་ཅད་ཀྱང་། ཇི་སྐད་དུ། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བྱ་སྟེ། །མི་བསྐྱོད་ལས་སོགས་གྲངས་བཞིན་དུ། །བརྟགས་པ་ལ་ནི་ཞི་གནས་བརྗོད། ཅེས་འབྱུང་བ་ལྟར། ཞི་ལྷག་གཉིས་སུ་འདུ་ལ། གཟུགས་སོགས་མཐོང་ཚུལ་ཡང་། གནས་སྐབས་སོ་སོའི་དུ་མར་འགྱུར་བ་ལས། འདིར་ནི་བསྒྱུར་བའི་ལམ་ཡིན་པས། ཁམས་དང་འབྱུང་བའི་ངེས་པ་དང་ཐབས་ཤེས་ཀྱི་མཚན་ཉིད་ཅན་གྱི་ཞལ་ཕྱག་ཁ་དོག་རྒྱན་ཕྱག་མཚན་ལོངས་སྤྱོད་ཅན་གྱི་ལྷའི་འཁོར་ལོ། །རང་གི་སེམས་ཀྱི་སྣང་བ་ཙམ་ལས་གཞན་མ་ཡིན་པར་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པ་ནི་ལྷག་མཐོང་དང་། རྟེན་བརྟེན་པ་དེ་དང་དེ་ལ་རེག་མཐོང་གི་བར་གྱི་སེམས་བརྟན་པས་ཐ་མལ་གྱི་སྣང་ཞེན་འགོག་པ་ནི་ཞི་གནས་ཏེ། གོམས་པ་ལས་འདི་དག་ཟུང་དུ་འཇུག་པ་ནི་ལམ་གྱི་ངོ་བོ་ཡིན་ཞིང་། ལམ་འདིར་ནི། སེམས་ཀྱི་འོད་འཁོར་འདས་ཀྱིས་བསྡུས་པའི་སྣོད་བཅུད་ཀྱི་སྣང་བ་ལྷར་བསྒྱུར་བ་ཙམ་དུ་མ་ཟད་ཀྱི། ཉོན་མོངས་པ་དག་ཀྱང་ཕལ་ཆེར་བསྒྱུར་བ་སྟེ། འདི་ལྟར་འདོད་ཆགས་ཆགས་པའི་ཉམས་ཅན་དང་འདོད་ལྷ་ཡབ་ཡུམ་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་སོགས་སུ་དང་། ཞེ་སྡང་ཁྲོ་ཚུལ་སོགས་སུ་རྣམ་པར་གསལ་བར་དང་། གཏི་མུག་དུད་འགྲོའི་འགྱུར་བ་ཅན་ཁ་དོག་མཐིང་ནག་སོགས་སུ་དང་། དེ་གཞན་དུ་ང་རྒྱལ་རྒྱས་པའི་ཉམས་ཅན་ལ་སེམས་བརྟན་པ་ནས། སེམས་བྱུང་ལྔ་བཅུ་དག་པའི་ཕྲེང་བ་སོགས་རྒྱན་དང་མཚན་མ་དབྱིབས་མདོག་སོ་སོའི་བར་ཕྲ་རགས་ཇི་སྙེད་པ་དང་དེ་བཞིན་དུ་འཁོར་བར་ཁམས་རླུང་གི་འཕེལ་འགྲིབ་ཆགས་འཇིག་འདུ་ཚུལ་སོགས་ལས་སྐྱེ་གནས་བཞི་ཐ་དད་པར་སྣང་བ་སྦྱོང་བྱེད་དམ་བསྒྱུར་བའི་ལྷ་བསྐྱེད་རིགས་བཞི་སོགས་དང་། བྱེ་བྲག་ཏུ་མངལ་སྐྱེས་དགའ་བཞིའི་ངེས་པས་གནས་སྐབས་བཅུར་རིམ་གྱིས་སྣང་བ་སོགས་མདོར་ན་འཆི་བ། བར་དོ། མངལ། སྐྱེ་སྲིད་རྫོགས་པ་དང་བཅས་པས་བསྡུས་པའི་བར་རྡོ་རྗེ་བཞིའམ། བསྙེན་བསྒྲུབ་བཞིའམ། རྣལ་འབྱོར་བཞིའམ། ཏིང་ངེ་འཛིན་དང་། ལྷག་མོས་གསུམ་ལ་སོགས་པས་བསྡུས་ཏེ། གཞིའི་ངེས་པ་རྟེན་འབྲེལ་གྱི་དབང་ལས་འཆར་བ་ཉིད་ཕྱི་ནང་དུ་བཅས་པ་ལམ་དུ་ལྷའི་འཁོར་ལོ་རྟེན་བཅས་སུ་བསྒྱུར་བ་ཡིན་ལ། བསྒྱུར་འདོད་ཀྱི་བློ་དམན་མཆོག་གི་དབྱེ་བས། འཁོར་བའི་བདེ་བ་ཁྱད་པར་བ་ཉིད་ཀྱིས་ཡིད་དྲངས་ཏེ་བསྒྱུར་བ་ལ་ནི། འོག་མིན་གྱི་མཐར་ཐུག་པའི་ལྷ་དག་དང་སྐལ་བ་མཉམ་པའི་གནས་ལུས་ལོངས་སྤྱོད་ཅན་འགྲུབ་ལ། དེ་ཡང་ཕལ་ཆེ་བ་ལ་ནི་རང་གིས་གང་བསྒོམས་པའི་འཁོར་ལོ་དེའི་གནས་ལུས་ལོངས་སྤྱོད་ཅན་དུ་སྣང་ཞིང་། ངོ་བོ་ནི་ཁམས་གསུམ་པའི་མཚན་ཉིད་ཅན་ཏེ། འདོད་སྲེད་སོགས་རྟོག་པ་མཐུ་བརྡས་པའི་སྣང་བ་འབའ་ཞིག་ཡིན་པའི་ཕྱིར་རོ། །འོན་ཀྱང་སྔགས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་རྟེན་དེས་ཡུན་རིང་དུ་འཚོ་ཞིང་ངེས་པར་ལམ་གོང་མའི་སྐལ་བ་ཅན་ཡིན་པས། འཇིག་རྟེན་པའི་ལམ་ཐུན་མོང་བས་ཐོབ་པའི་འཇིག་རྟེན་པའི་ལྷ་སོགས་ལས་ཁྱད་ཞུགས་པ་ཡིན་ནོ། །དེ་ཡང་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཅན་གྱི་སེམས་ལས་འཕངས་པའི་བསྒྱུར་ལམ་གྱི་དབང་དུ་བྱས་ཀྱི། བསྒྱུར་ཀྱང་སེམས་དུག་གསུམ་དུ་རེད་པ་ལས་ནི་ངན་སོང་ཉིད་དེ། ལས་དང་འབྲས་བུའི་ངེས་པ་ནམ་ཡང་མི་འདོར་བའི་ཕྱིར་རོ། །དེ་བས་ན་ངན་སོང་གི་གནས་དེ་ཉིད་དུ་འདོད་ལྷའི་ཤ་ཚུགས་ཀྱི་རྣམ་སྨིན་མྱོང་བ་དག་ཡིན་ཏེ། དེའི་ཕྱིར་སེམས་མ་བསྒྱུར་ན་ཞལ་ཕྱག་བསྒྱུར་བའི་རྟོག་པའི་གསལ་སྣང་གིས་མ་བསླུ་ཞིག་གུ གཞན་དོན་དུ་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་ལྷག་པའི་བསམ་པ་དང་། རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་ཏེ་བསྒྱུར་བ་ལས་ནི། རྩ་ཁམས་དག་པའི་ངེས་པ་ལས་སྣང་བའི་རྟེན་དང་བརྟེན་པའི་མཚན་ཉིད་ཅན་གྱི་འཁོར་ལོ་སྒྱུ་འཕྲུལ་དྲ་བའི་མཚན་ཉིད་ཅན་གྱི་སྤྲུལ་པའི་སྐུར་སངས་རྒྱ་ལ། དེ་ཡང་ད་ལྟར་སྣོད་བཅུད་སེམས་ཀྱི་འོད་ཡིན་པ་ཉིད་བསྒྱུར་བའི་ངེས་པས་སྣོད་བཅུད་ཐམས་ཅད་པའི་ངོ་བོར་སངས་རྒྱས་ཤིང་། དེ་ཡང་རྟེན་བརྟེན་པའི་མཚན་ཉིད་ཅན་གྱི་དག་པ་འབའ་ཞིག་པར་སྣང་བ་ཡིན་ལ། དེ་ཐོབ་བྱེད་ཀྱི་ལམ་ས་དང་ཕར་ཕྱིན་བྱང་ཕྱོགས་སོགས་ཐམས་ཅད་ཀྱང་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པར་འགྱུར་བ་ལས་བཞག་པའི་ངེས་པས་ལྷ་ཉིད་དུ་བསྒྱུར་ཏེ་བསྒོམ་པ་ཡིན་ཏེ། བདེ་མཆོག་ཏུ། ལྷ་སོ་བདུན་བྱང་ཕྱོགས་སོ་བདུན་དུ་བཞག་པ་ལྟ་བུ་སྟེ། མདོར་ན་ཕུང་ཁམས་སྐྱེད་མཆེད་འཁོར་བཅས་ཀྱི་དབྱེ་བས་མ་བཞག་པའི་འཁོར་ལོ་མེད་ལ། དེ་ཐམས་ཅད་ཀྱང་ས་བཅུར་གཞི་དུས་སུ་བཞག་པའི་ངེས་པ་ཉིད་བསྒྱུར་བ་ལས་སོ། །དེ་བཞིན་དུ་ཕར་ཕྱིན་དྲུག་ཀྱང་ལམ་འདིར་གཟུགས་རྡོ་རྗེ་མ་སོགས་ལྷ་མོར་བསྒོམས་པ་ཉིད་དེ། དེ་བས་ན་བསྒྱུར་བ་ཉིད་མྱུར་ལམ་དུ་སོང་བ་ལས་ཐབས་མཁས་པའི་ཁྱད་པར་དུ་འགྱུར་བའང་ཡིན་ནོ། །འོན་ཀྱང་བསྒྱུར་བ་པོ་རྟོག་པ་ཡིན་པ་དང་། རྒྱུ་འབྲས་རིགས་མཐུན་གྱི་ངེས་པས་འདིའི་སྒྱུ་འཕྲུལ་དྲ་བ་དང་ཞིང་དག་པ་སོགས་རྟོག་པའི་རྒྱུ་མཐུན་ཅན་གྱི་གསལ་སྣང་ཡིན་པ་རྫོགས་རིམས་མངོན་སུམ་གྱི་ལམ་འབྲས་སུ་མི་འགྱུར་ལ། རྣལ་འབྱོར་རྒྱུད་ཀྱང་ལམ་འདི་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་ལྷའི་རྣལ་འབྱོར་གྱིས་ས་ལམ་མྱུར་དུ་བསྒྲོད་པའི་ཚུལ་ཡང་འདིར་གསལ་བ་ལྟ་བུ་སྟེ། འདི་ལྟར་བྱང་སེམས་དོན་གྲུབ་ཀྱི་ལམ་རིགས་འདི་སྔོན་དུ་གོམས་པར་བྱས་པ་ལས། སྲིད་པ་ཐ་མ་པར་གྱུར་པ་ན། བསམ་གཏན་བཞི་པའི་རབ་མཐའ་བསྐྱེད་པ་ཙམ་གྱིས་འོག་མིན་དུ་སྣང་བའི་མདོ་ལ་སྔགས་ཀྱི་ས་ལམ་ཐམས་ཅད་གཅིག་ཆོད་དུ་བསྐྱེད་དེ་མི་གཡོ་བའི་ཏིང་ངེ་འཛིན་ལ་ཞུགས་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ནས་མངོན་བྱང་ལྔའི་རིམ་གྱི་སངས་རྒྱས་ཏེ་སྣོད་བཅུད་སྣང་བའི་ཚུལ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་། གཞན་དོན་གྱི་ཚུལ་ལ་ལས་རྒྱལ་མཆོག་མན་དུ་སྣང་བ་ལྟ་བུའོ། །དེ་བས་ན་བྱ་སྤྱོད་སོགས་ལྷའི་རྣལ་འབྱོར་ཁས་ལེན་པ་ཐམས་ཅད་ཀྱང་བསྒྲོད་ཚུལ་ཐ་དད་པ་ཙམ་མ་གཏོགས་ལམ་རིགས་འདི་ལས་མི་འདའ་བ་ཡིན་ནོ། །དེའི་ཕྱིར་ལམ་འདིའི་ས་བཅུ་སོགས་ནི་ཕལ་ཆེར་སྦྱོར་ལམ་དུ་དང་པོ་ཉིད་ནས་ཉམས་སུ་ལེན་པ་ཡིན་ཞིང་། འོན་ཀྱང་ལམ་གྱི་གནས་སྐབས་སོ་སོ་ལ་རིམ་གྱི་བསྒྲོད་པའི་དབང་གི་ལམ་ལྔ་ས་བཅུའི་རྣམ་བཞག་ནི་བྱར་ཡོད་ལ། དེ་དག་ཀྱང་བསྡུས་ན། དགའ་བ་ཉིད་ལ་དགའ་བཞིར་འབྱེད་པ་དང་། རྣལ་འབྱོར་བཞི་ལའང་རང་སའི་རྣལ་འབྱོར་བཞིར་འབྱེད་པ་གནད་གཅིག་པའི་ངེས་པས་རྣམ་པ་བཞིར་འགྱུར་ཏེ། འདི་ལྟར་ལྷའི་འཁོར་ལོ་རང་གི་སེམས་སུ་ཤེས་པ་རྩེ་གཅིག་མོས་སྤྱོད་ཀྱི་མཚན་ཉིད་ཅན་དང་། སྣང་གཞིའི་སེམས་རྩ་བྲལ་དུ་རྟོགས་པ་སྤྲོས་བྲལ་མཐོང་ལམ་དང་། དེ་ཡང་ལྷའི་འཁོར་ལོར་རོ་མཉམ་པ་རོ་གཅིག་མ་དག་ས་བདུན་དང་། དག་ཀྱང་བསྒོམ་བྱའི་རྩོལ་བ་ལ་མི་ལྟོས་པར་སྣང་སྟོང་རོ་མཉམ་དུ་འགོག་པ་མེད་པར་འཆར་བ་ནས་བསྒོམ་མེད་དེ་དག་ས་ཡིན་ལ། དེའི་ངོ་བོར་སངས་རྒྱས་པ་ནི་བསྒོམ་མེད་ཆེན་པོ་སངས་རྒྱས་ཏེ། དགའ་བཞིའི་དབང་ལས་ནི། རིམ་པ་བཞིན་དུ་དགའ་བའི་དགའ་བ། མཆོག བྲལ། ལྷན་སྐྱེས་རྣམས་མངོན་དུ་གྱུར་པའི་གནས་སྐབས་ལ་འཇོག་པ་ཡིན་ནོ། །དེ་དག་ཀྱང་བཏགས་པའི་རིམ་པ་སྤྱིའི་ངེས་པ་ཡིན་ལ། ཟབ་མོ་བསྐྱེད་རིམ་དུ་འགྱུར་བའི་གནས་དག་ནི་ཡོད་མོད་ཀྱི། འོན་ཀྱང་བསྒོམ་པ་པོའི་བློའི་རིམ་པ་ལ་ལྟོས་པ་ཡིན་ཏེ། གཞི་འོད་གསལ་ལས་སྲིད་པར་འཆི་བ་བར་དོ་སྐྱེ་བ་གསུམ་འཆར་བ་དང་། ལམ་དུ་ཆོ་ག་ཡན་ལག་བཞི་རྫོགས་ཤིག་དང་། འབྲས་དུས་སུ་གཞན་དོན་དུ་མཛད་པ་བཅུ་གཉིས་སྤྲོ་བའི་རིམ་པ་དག་རྟེན་འབྲེལ་གྱི་འགྲོས་གཅིག་པར་ཁོང་དུ་ཆུད་པ་ལས་གནད་འཆིང་ཤེས་པ་དང་མ་ཤེས་པའི་ངེས་པས། རྒྱུད་སྡེ་འོག་མའི་ལྷའི་རྣལ་འབྱོར་དང་། གོང་མའི་བསྐྱེད་རིམས་ལ་རྫོགས་རིམས་ཀྱི་སྨིན་བྱེད་དུ་ཉེ་བ་དང་མི་ཉེ་བ་དག་འབྱུང་བའི་ངེས་པ་ལས་སོ། །དེ་བས་ན་ལུས་དཀྱིལ་ཀྱང་བབས་ཀྱིས་ཟབ་མོ་བསྐྱེད་པའི་རིམ་པ་ཡིན་མོད། དེར་འགྱུར་མི་འགྱུར་ནི་ངེས་པར་བསྒོམ་པ་པོའི་བློའི་རིམ་པ་ལ་ལྟོས་པ་ཡིན་ཏེ། ལུས་རྩ་ཁམས་དང་བཅས་པའི་སྟེང་དུ་རྟེན་དང་བརྟེན་པའི་འཁོར་ལོ་ངོ་འཕྲོད་དེ། དེ་བློ་བཞག་ཙམ་ཁོ་ན་མ་ཡིན་པར་བསྒོམ་ཤེས་པ་ཞིག་བྱུང་ན་ནི་ཟབ་མོ་བསྐྱེད་རིམ་དུ་འགྱུར་ལ། རང་བཞིན་གྱིས་གྲུབ་པའི་འཁོར་ལོ་བཅོས་མིན་དུ་ངོ་འཕྲོད་ནས་སྐྱོང་ཤེས་ན་ནི་རྫོགས་རིམས་ཉིད་ཡིན་ཞིང་། གཞན་དུ་ལུས་ལ་དེ་དང་དེའི་དག་ས་བརྩི་བ་ཙམ་ཞིག་སྙིང་ལ་བཀོད་ནས། ཕྱི་དཀྱིལ་ཉིད་བསྒོམ་པ་ཡིན་ན་ནི་ལུས་དཀྱིལ་དུ་མི་འགྱུར་ཏེ། ལུས་དཀྱིལ་གྱི་དག་པ་ལ་མ་ལྟོས་པའི་ཕྱི་དཀྱིལ་གཞི་མ་གྲུབ་པས་དེ་ཐམས་ཅད་ཀྱང་ལུས་དཀྱིལ་དུ་ཐལ་བའི་ཕྱིར་རོ། །ཅི་སྟེ་ལུས་དཀྱིལ་ལ་ལུས་རྒྱུར་བྱས་ཏེ་གཞལ་ཡས་ཁང་སོགས་བརྒས་པས་མི་མཚུངས་སོ་ཞེས་ནས། རུས་པ་རྣམས་ཀྱིས་ཀ་བ་རྡོར་འཕྲེང་འཛིན་མའི་གཞི་དང་རྩིག་པར་བཅས། ཞེས་སོགས་གཞལ་ཡས་ཁང་གི་དག་པའི་དོན་ཡང་དེ་ལ་དེ་བདག་པོར་གྱུར་པའི་དོན་གྱིས་རྒྱུར་བྱེད་པ་ལ་སྨྲ་བ་མ་ཡིན་ནམ། ཆོས་མཚུངས་ཙམ་ལས་ཡིན་ན་ནི་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྡོ་རྗེའི་ཐེག་པ་ལ་བྱིས་པའི་མུ་ཅོར་གྱིས་ལན་གླན་ཀྱང་དགོས་པ་མེད་དོ། །དོན་གྱི་ངེས་པ་ནི། སེམས་དྲི་མ་མེད་པའི་ཡོན་ཏན་རྣམས་དང་། དག་དང་རྣམ་དབྱེར་མེད་ཕྱིར་དང་། །ཞེས་བྱ་བའི་ཚུལ་དུ་ལྷུན་གྲུབ་ཀྱིས་གནས་པ་ནི་དོན་གྱི་དཀྱིལ་འཁོར་དངོས་དེ་ཡིན་ལ། དེའི་འོད་དམ་རྟེན་ནི་ལུས་ཡིན་པས། བརྟེན་པའི་ཡོན་ཏན་རྟེན་ལ་སྣང་བའི་ངེས་པ་དང་། བརྟེན་གཅིག་པའི་ཡོན་ཏན་གྱི་དབྱེ་བ་དེ་དག་ཀྱང་རང་དང་ཚོགས་པ་གཅིག་པའི་ཁམས་ཀྱི་རྣམ་པར་འགྱུར་བ་ལས་ཡིན་པའི་ཕྱིར། བྱང་ཕྱོགས་སོ་བདུན་ལ་སོགས་པའི་ཆོས་ལུས་ལ་ཚང་བ་ཉིད་རང་བཞིན་གྱི་གྲུབ་པའི་དཀྱིལ་འཁོར་ཡིན་ཞིང་། ལུས་སེམས་བདག་པོར་གྱུར་པའི་འོད་དམ་སྣང་བ་ནི་སྣོད་བཅུད་ཀྱི་འཇིག་རྟེན་ཡིན་པས་དེ་ནི་ཕྱི་དཀྱིལ་ཆེན་པོ་དང་། དེ་དང་དེའི་ཆོས་བརྩིས་ནས་དོན་གྱི་ངེས་པ་བརྡའ་སྤྲོད་པའི་ཡན་ལག་ཏུ་རིན་ཆེན་ལ་སོགས་པ་ལས་རྩོལ་བས་བྱས་པ་དང་། དེའི་རྣམ་པ་བློ་ལ་བཀོད་པ་སོགས་ནི་མཚོན་བྱེད་བྱིས་པ་འདྲིད་པའི་ཐབས་མཁས་ཀྱི་དཀྱིལ་འཁོར་ཏེ། གཞན་དུ་རིན་པོ་ཆེའི་ཁང་པ་ཚད་དབྱིབས་ངེས་པ་ཅན་ཞིག་གིས་དོན་ཆེན་པོ་སྟེར་ན་མཆོག་བསྒྲུབ་པ་བས་རྒྱས་སྲིད་བསྒྲུབ་པ་ཆེས་མྱུར་བས་དེར་འཇུག་པར་རིགས་ལ། སངས་རྒྱས་ཀྱི་ཞིང་ཡང་ཚད་ཅན་ཁོ་ནར་འདོད་པས་དེས་ནི་ངེས་པར་ཐེག་པ་ཐུན་མོང་དུ་འབྱུང་བའི་ཞིང་དག་པའི་ཚུལ་ཙམ་ཞིག་ཀྱང་ཁོང་དུ་མ་ཆུད་དོ། །དེས་ན་གང་བྱས་ཤིང་རྟོག་པས་བརྟགས་པ་འདི་མཐའ་དག་ནི་ཇི་ཙམ་བཟང་ཡང་མ་རིག་པའི་གཡོས་ཉག་གཅིག་ཡིན་པ་འབྲས་བུ་བདེ་བདེ་བོར་སྣང་ཡང་འཁོར་བ་ལས་མ་འདས་པའི་ཕྱིར། དེ་ལས་འདའ་བའི་ཐབས་བླ་ན་མེད་པ་མ་བཅོས་པའི་དཀྱིལ་འཁོར་མཆོག་བསྟན་པར་བཞེད་ནས་རེ་ཤིག་དེའི་ཐབས་ཁོ་ནར་སེམས་ཀྱི་འོད་ལས་སྣང་བའི་ལུས་རང་བཞིན་གྱི་གྲུབ་པའི་དཀྱིལ་འཁོར་དུ་བསྟན་པར་མཛད་པ་ཡིན་ལ། འདི་ལ་འཇུག་པ་ཡང་དབང་པོའི་རིམ་པ་ལས། སེམས་ཉིད་ལྷར་ཤེས་ཤིང་དེ་ཡང་སྣང་བ་ལས་གཞན་དུ་མ་རྙེད་པའི་གང་ཟག་མཆོག་དག་ལ་ནི། ལུས་སུ་མ་ཟད་བརྟན་གཡོའི་སྣང་ངོ་ཅོག་ལུས་དཀྱིལ་ལམ་རང་བཞིན་གྱི་གྲུབ་པའི་དཀྱིལ་འཁོར་ཏེ། འདི་ནི་མི་ཕྱེད་པའི་རྡོ་རྗེའི་ལུས་དཀྱིལ་ཡིན་པས་བཏགས་པ་ཐམས་ཅད་ཞིག་པའི་ཕྱིར་དབང་བཞི་པ་འབའ་ཞིག་གི་ལམ་དུ་འགྱུར་བ་ཡིན་ནོ། །ངེས་པ་དེ་ལྟ་བུ་ལ་འཇུག་པར་མི་ནུས་ཀྱང་། ལྷ་སེམས་དང་ཁམས་ཀྱི་རྟེན་འབྲེལ་ལས་སྣང་བར་ཤེས་ཏེ། དེ་འདྲ་བའི་ཚོགས་པ་ལས་གཞན་པའི་ལྷ་མི་ཚོལ་བའི་བློ་ཅན་དག་ལ་ནི། ལུས་ཉིད་དཀྱིལ་འཁོར་དང་། རྩ་ཁམས་པ་རྣམས་དཀྱིལ་འཁོར་པ་སྟེ། དེ་ལས་གཞན་པའི་བཏགས་པ་མི་འདོད་པ་དེ་ནི། གསང་དབང་ལ་གཉིས་སུ་ཕྱེ་བའི། ཟབ་པ་རྫོགས་པའི་ཆར་གཏོགས་པ་དག་གི་དབང་དུ་ཡིན་ནོ། །དེ་བས་ཀྱང་བློ་ཞན་པ་བཏགས་པའི་ཆང་གིས་སྐྱེ་བ་དུ་མར་མྱོས་པ་དག་གིས་ནི། ཇི་ལྟར་ཕྱི་རོལ་དུ་ལུས་བཏག་པོར་གྱུར་པ་ལས་སྣོད་སྣང་བ་བཞིན་དུ། ལུས་ཀྱི་དབང་ལས་སྣང་བའི་གཞལ་ཡས་ཁང་བསྒོམ་པ་དང་། རྩ་ཁམས་རྣམས་ཀྱང་འབྱུང་བ་དང་བྱེད་ལས་ཀྱི་ངེས་པ་དང་བསྟུན་པའི་ལྷ་ཞལ་ཕྱག་ཅན་དུ་བསྒོམ་པ་ལ་སོགས་པའི་རྣམ་བཞག་ཕྱི་ལ་ཞེན་པ་དག་ནང་ལ་ཡང་དག་པར་དྲང་བའི་ཐབས་ཁོ་ནར་གསུངས་ཞིང་གྲུབ་པའི་སློབ་དཔོན་ཁ་གཅིག་གིས་ཀྱང་བཀྲལ་ཏེ། འདིའི་བསྒོམ་ཚུལ་ནི་རྡུལ་ཚོན་མཚན་མ་སོགས་དམིགས་རྟེན་དུ་བྱས་པ་བརྒྱུར་ཏེ། བསྒོམ་པའི་ཚབ་ཏུ་ལུས་བཞག་པས་ཅུང་ཟད་ནང་ལ་ཉེ་ཞིང་གཞན་རྟོག་རགས་པ་གཅོད་ནུས་པའི་ཆ་ནས་སྔ་མ་ལ་ལྟོས་ཏེ་ནང་དུ་བཞག་ལ། དོན་ལ་གདགས་གཞི་རྫས་ཡོད་ལ་བཏགས་པ་ཉིད་ཡིན་པས་ཟབ་མོ་བསྐྱེད་རིམས་ཞེས་བསྙད་པ་སྟེ། འདི་འདྲ་བ་དེ་ནི་བུམ་དབང་འབའ་ཞིག་གི་དབང་དུ་བྱས་པའི་ཟབ་མོ་ཡིན་ནོ། །ཚུལ་འདི་ལ་གོམས་པ་དག་ལས་ལུས་ཀྱི་གནས་དེ་དང་དེར་ཁམས་རླུང་འདུས་པ་ལས་ལྷའི་གསལ་སྣང་འཆར་བ་དང་། ཕྱིས་སམ། གཞན་དུ་མ་བཅོས་པའི་འཁོར་ལོ་བསྒོམ་པ་ནའང་། སྔོན་གྱི་བག་ཆགས་ཀྱིས་དྲངས་པའི་སྣང་བ་ཁམས་འདུས་པའི་རྟེན་འབྲེལ་ལས་འཆར་བ་དག་ཇི་ལྟར་གཉིད་ཀྱིས་ལོག་པ་ལས་རྨི་ལམ་གྱི་སྣང་བ་འབྱུང་བ་ལྟ་བུ་ནི་ཡོད་པར་སྣང་ངོ་། །དེ་བས་ན་གང་རིགས་བརྒྱ་ལ་སོགས་པ་ཇི་སྙེད་པའི་བར་དུ་ཕྱིའམ་ལུས་ལ་ལྷའི་འཁོར་ལོ་བསྒོམ་པ་དང་། གཞན་ཡང་རྩ་དང་རླུང་དང་ཐིག་ལེ་དང་སེམས་ཀྱི་བཞག་ཐབས་སོགས་ཇི་སྙེད་གཅིག་མངོན་པར་འདུ་བྱེད་ཀྱང་རུང་། གང་རྟོག་པས་བཅོས་ཤིང་བརྟགས་ཏེ་བསྒོམ་པ་དེ་ཐམས་ཅད་ནི་ཚུལ་ཇི་ལྟ་བུས་བསྙད་ཀྱང་དོན་ལ་བཏགས་པའམ་བཅོས་མའམ་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལས་མ་འདས་ཤིང་བུམ་དབང་འཁོར་དང་བཅས་པའི་ལམ་དུ་འདུ་ལ། འོན་ཀྱང་གནས་ཚུལ་དང་མཐུན་པའི་རྟེན་འབྲེལ་དག་གདགས་གཞིར་བྱས་ཏེ་ལྷའི་འཁོར་ལོ་སོགས་སུ་འདོགས་ཤིང་བསྒྱུར་བ་ནི། གདགས་གཞི་རྫས་ཡོད་ལ་བཏགས་པའི་གནད་ཀྱིས་གཞིའི་གནད་འཆིང་བ་སྟོབས་ཆེ་བའི་ཕྱིར། ཟབ་མོ་བསྐྱེད་རིམས་ཞེས་སམ། བསྐྱེད་པའི་རྫོགས་པ་ཞེས་སོགས་སུ་བཤད་པ་ཡིན་ནོ། །དེ་ལྟར་ན་ཕྱི་དཀྱིལ་དང་ལུས་དཀྱིལ་གང་བསྒོམས་ཡང་རུང་། རྩ་བ་རྟེན་དང་བརྟེན་པའི་འཁོར་ལོ་གང་སྣང་བ་ཐམས་ཅད་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱི་ཉེར་ལེན་ལས་སྣང་བར་ཤེས་པས་སྣང་བ་སེམས་སུ་ཡིད་ཆེས་ཏེ། གཞན་རྟོག་གཟུང་འཛིན་རགས་པ་གཅོད་པས་སད་པའི་གནས་སྐབས་དག་པར་བྱེད་པ་ནི་རྩེ་གཅིག་སོགས་ཀྱི་མཚན་ཉིད་ཅན་གྱི་དབང་དང་པོའི་ལམ་གྱི་ལག་རྗེས་ཡིན་ལ། ལུས་དཀྱིལ་ལ་བྱེ་བྲག་ཏུ་ཁམས་དང་རྩ་སོགས་ཉིད་ལྷར་ངོ་འཕྲོད་པ་ནས་ནི་གཞན་རྟོག་ཕྲ་བའང་གཅོད་པས་གསང་དབང་གི་ལམ་རྫོགས་པའི་ཆར་ཤེས་པར་བྱ་ཞིང་། ལམ་དང་པོ་ཉིད་ལ་རང་སའི་ས་ལམ་འབྲས་བུའི་རྣམ་བཞག་ཡོད་པ་ནི་གོང་དུ་ཕྱེ་བ་ཉིད་དེ། འབྲས་བུ་ནི་འོག་དུའང་འཆད་པར་འགྱུར་རོ། །གང་དུ་དང་པོར་བརྡ་སྤྲད་པའི་ངེས་པས་ལམ་གྱི་ཆར་གྱུར་པ་དེ་འདྲ་བ་ཡོད་ཀྱང་། གསང་དབང་གི་ལམ་གྱི་ངོ་བོ་ནི་ངག་རྡུལ་གྱི་ཆོས་མཆེད་པའི་དབང་ལས་སྣང་བའི་རྨི་ལམ་གྱི་གནས་སྐབས་ཀྱི་གནད་བཅིངས་པ་ལས་ལོངས་སྐུའི་དགོངས་པ་འཆར་བར་བྱེད་པའི་ངེས་པས། གཙོ་བོར་རླུང་གི་གནད་འཆིང་བ་མཐའ་དག་འདིའི་ལམ་དུ་འགྱུར་ཞིང་། དེ་ཡང་རྩ་རླུང་ཐིག་ལེ་ཀུན་འབྱུང་གི་ངེས་པ་དང་ཁུ་རྡུལ་རླུང་གསུམ་གནས་སྐབས་སོ་སོར་བདག་པོར་གྱུར་པའི་ངེས་པས། གནས་སྐབས་གང་དང་གང་གིས་ཁུ་རྡུལ་རླུང་གསུམ་འདྲེས་པའི་གནས་སྐབས་ཏེ་བཞི་ལ་དེ་དང་དེའི་རྡོ་རྗེ་བཞིར་མིང་བཏགས་པ་དག་གནད་བཅིངས་པས་སོ་སོའི་ནང་བསེས་ཀྱི་དགའ་བ་བཞིའམ། རང་སའི་རྣལ་འབྱོར་བཞི་འཆར་ཞིང་། དེ་ལས་རང་སའི་སྐུ་བཞི་མངོན་དུ་བྱེད་པ་ནི་སྤྱིའི་ངེས་པ་ཡིན་པས་ན། གཙོ་བོའི་ཆོས་རྡུལ་ངག་གི་ཆོས་ཡིན་པའི་གནད་ཀྱིས་རྡོ་རྗེ་བཟླས་པ་དང་། སྲོག་འཛིན་གྱི་ཡན་ལག་སོགས་འདིའི་ལམ་དང་། དེའི་རྡུལ་ཉིད་འཆིང་བ་ལས་གཏུམ་མོའང་འདིའི་ལམ་དུ་འགྱུར་ཞིང་། རྡུལ་སྣང་ཆ་ལ་རང་སའི་ཁུ་བ་བདག་པོར་གྱུར་པ་ནི་སྒྱུ་ལུས་ཡིན་པས་སྒྱུ་ལུས་ཡན་ལག་དང་བཅས་པའང་འདིའི་ལམ་དུ་བཞག་པ་ཡིན་ནོ། །དེ་ཡང་བསེམ་རླུང་ཡི་གེར་བརྒྱུར་བ་དང་བསྲེ་བའི་རྡོར་བཟླས་གཏུམ་མོའི་བསྐྱེད་ཚུལ་ཆེ་ཆུང་སོགས་བཏགས་བཞག་རྣམས་ནི་བསྐྱེད་རིམ་དུ་བསྡུས་ཚར་བ་ལྟར། འདིའི་ལམ་གྱི་འཇུག་སྒོ་ཙམ་དུ་འགྱུར་གྱི། དོན་ལ་ནི་འདི་ནས་མ་བཅོས་པའམ། རྫོགས་པའམ་གྲུབ་པའི་རིམ་པ་ཡིན་པས་གཙོ་བོར་སེམས་དང་ཚོགས་པ་གཅིག་པའི་རྩ་རླུང་ཐིག་ལེའི་གནད་འཆིང་དུ་དགོས་ལ། དེ་ལ་ནི་རྩ་སྦྲུབས་དང། སེམས་རླུང་དང་། ཁུ་བ་དཀར་དམར་སོགས་དེའི་ཐབས་སུ་བསྲེལ་བ་ཙམ་མ་གཏོགས་དོན་དེ་ལ་དགེ་མ་ཡིན་ཏེ། དེ་མཐར་ནི་ཀ་བུམ་ལྟར་རྫས་སོ་སོ་བ་ཡིན་པས་གསུམ་པོ་ཀུན་འབྱུང་དག་གཏན་མི་སྲིད་ཅིང་སེམས་དང་ཚོགས་པ་གཅིག་ཀྱང་མ་ཡིན་ཏེ། གནས་སྐབས་སོ་སོར་འདོར་བའི་ཕྱིར་རོ། །དེ་བས་ན་དྭངས་མ་བཅིང་བ་ཞེས་བྱ་བ་ཞིག་རྫོགས་རིམས་ཀྱི་གཞིར་གོ་དགོས་ཏེ། དྭངས་མ་ནི་ཀུན་འབྱུང་དང་། སེམས་དང་ཚོགས་པ་གཅིག་པའང་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ལས་གང་རུང་གཅིག་གི་གནད་བཅིངས་པས་ཐམས་ཅད་བཅིངས་པར་ཡང་འགྱུར་ཞིང་། གནས་སྐབས་སོ་སོར་བདག་པོར་གྱུར་པའི་ངེས་པའང་ཁོང་དུ་ཆུད་པ་ཡིན་ཏེ། ཇི་ལྟར་མཁྲིས་པ་འཕེལ་བའི་མི་ལ་དེའི་རྩ་རླུང་ཁམས་ཐམས་ཅད་མཁྲིས་པས་བདག་པོ་བྱེད་པ་བཞིན་ནོ། །དེའི་ཕྱིར་དྭངས་མའི་རྩ་འམ་ཁམས་འཆིང་བ་ལུས་དབེན། སོར་བསམ་སོགས་ཡིན་པས་གཙོ་བོར་རྩ་དང་ཁུ་བའི་བྱེད་པ་འཆིང་བ་ལ་སྐུ་རྡོ་རྗེའི་རྣལ་འབྱོར་དུ་བཞག་ཅིང་ཀུན་འབྱུང་གི་ངེས་པས་གསུངས་ཐུགས་སུའང་མི་འགལ་བས། དེས་ན་འདི་མཐའ་དག་མ་བཅོས་པ་དོན་དམ་གྱི་ངེས་པས་བཞི་པའི་ལམ་དུ་འགྱུར་ཞིང་། ཀུན་རྫོབ་ཀྱི་ཆོས་སོ་སོའི་ངེས་པས་དབང་པོ་སོ་སོའི་ལམ་དུ་བཞག་པ་ལས་ནི་སྐུ་རྡོ་རྗེའི་རྣལ་འབྱོར་འདི་རྣམས་དབང་ལྷག་མ་གསུམ་ཀའི་ལམ་ཐུན་མོང་བ་ཟབ་མོའི་བུམ་དབང་གི་ལམ་ལྟ་བུར་འགྱུར་ལ། རྩ་ལས་རླུང་འཆིང་བའི་རིམ་པ་ལས་ནི་གཙོ་བོར་གསང་དབང་དུའང་འབྲེལ་ལོ། །དེས་ན་འདིར་ལམ་གྱི་གཙོ་བོ་ནི་སྲོག་འཛིན་ཡིན་ལ། དེ་ནི་རྩ་བ་ཡན་ལག་གི་རླུང་བཅུ་དབུ་མར་འབྱེད་ཅིང་དེ་ཡང་འཁོར་ལོ་སོ་སོའི་ལྟེ་བར་འཆིང་བ་སྟེ། ཚུལ་དེ་ཡང་བསེམ་རླུང་རྩ་སྦུབས་སུ་བཅུག་ནས་གནས་སོ་སོར་སྡོམ་པ་ཁོ་ན་ལ་མི་བྱ་ཡི། དོན་ལ་རྩ་བའི་ཁམས་རླུང་གི་ངེས་པས་རླུང་བཅུ་ཞེས་པ་ཡང་ཡེ་ཤེས་ལྔ་དང་འབྱུང་བ་ལྔ་པོ་ཉིད་ཡིན་ལ། དེ་ཡང་ཡབ་ཡུམ་གྱི་ངེས་པ་མ་དག་པའི་གནས་སྐབས་སུ་གཟུང་འཛིན་དུ་སྣང་བ་གཉིས་མེད་དུ་སྦྱོར་བ་ནི་དབུ་མར་བྱེད་པའི་དོན་དང་། ཁམས་དྲུག་གི་འཛག་པ་བཅིངས་པ་ལས་རང་རིག་ཏུ་བརྟན་པར་བྱེད་པ་ནི་འཁོར་ལོ་ལྔའི་ལྟེ་བར་འཛིན་པའི་དོན་ཏེ། དེ་ཡང་གཞིའི་གནས་ཚུལ་ལ་ཐབས་ཤེས་དབྱེར་མེད་ཉིད་ཡིན་ལ་མངོན་དུ་བྱེད་པས་གཞིའི་གནད་འཆིང་ཚུལ་བཅོས་མ་མ་ཡིན་པར་འགྱུར་བ་ཡིན་ནོ། །འདི་ལ་ཡང་ཁམས་ལས་སེམས་འཆིང་བ་དབང་པོ་དམན་པའི་དབང་དུ་བྱས་པ་དང་། སེམས་ལས་ཁམས་འཆིང་བ་མཆོག་གི་ངེས་པ་གཉིས་ལས། རིམ་གྱིས་པའི་སྐབས་འདི་མཐའ་དག་ནི་དང་པོའི་དབང་དུ་བྱས་པ་གཙོ་ཆེ་ཞིང་། དེའང་རླུང་གི་སྦྱོར་བའི་ཚུལ་བཞི་ལ་སོགས་པ་བཤད་པའང་། དང་པོའི་ལས་ཅན་ཁོ་ན་ལ་ཡིན་ཏེ། དོན་ལ་ཞི་བ་ཅན་ཆེན་པོ་གནད་དུ་ཆེའོ། །དེ་བཞིན་དུ། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་སྟེ། །ཞེས་རྡོ་རྗེ་བཟླས་པའི་ཚུལ་བཞི་འབྱུང་བ་ལའང་རིམ་པ་གཉིས་པའི་ལམ་དུ་འགྱུར་བ་ནི་ཕྱི་མ་གཉིས་སྟེ། དྭངས་མ་མ་ཆིངས་པས་འཁོར་བར་འཁྱམ་གྱི། བསེམ་རླུང་སོགས་ཆིངས་པ་ཙམ་ནི་རྣལ་འབྱོར་ཅན་ལས། འཕྱི་བ་སོགས་དུད་འགྲོ་སྟོབས་ཆེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་བས་ན་དབང་པོའི་རིམ་པས་དང་པོར་བུམ་པ་ཅན་སོགས་ལ་ལྟོས་ཤིང་སྐྱོང་བའང་ཡོད་མོད། དོན་ལ་སེམས་ཀྱི་གཟུང་འཛིན་འཆིང་བ་ལ་གནད་དུ་གང་འགྲོ་བ་གཅིག་ལམ་གྱི་སྲོག་ཡིན་ཏེ། སེམས་ཀྱི་གཟུང་འཛིན་འཆིང་བ་ལམ་འདིའི་གཙོ་བོའི་ངེས་པ་ཡིན་ཞིང་། དེ་ཉིད་གཡས་གཡོན་གྱི་རླུང་བཅུ་དབུ་མར་བྱེད་པའི་ངེས་པའང་ཡིན་ཏེ། གཡས་རོ་མ་བཟུང་བ་ཡུལ་གྱི་ཆ་ལ་ལྔ་དང་། གཡོན་རྐྱང་མ་འཛིན་པ་ཡུལ་ཅན་གྱི་ཆ་ལ་ཡེ་ཤེས་ལྔར་ཕྱེ་བ་ཉིད་དུ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་འདིའི་རླུང་བཅུ་བཅིང་བ་ལས་ལམ་གྱི་གནས་སྐབས་ས་བཅུར་འཇོག་ཅིང་། དེའང་མཆོག་དགའ་འམ། སྤྲོས་པའི་རྩ་བ་རླུང་གཉིས་མེད་དུ་འཆིང་བ་ལས་སྤྲོས་བྲལ་གྱི་རིམ་པ་གཙོ་བོར་གྱུར་ཞིང་། དེ་ལ་ཡང་རང་སའི་བཞི་བཞི་ཕྱེ་བས་བསྡུས་པ་དག་ཡིན་ཏེ། གཡས་གཡོན་གྱི་བཟུང་འཛིན་དག་གཉིས་མེད་ཀྱི་སེམས་སུ་ཤེས་པ་མཆོག་དགའི་དགའ་བའམ། སྤྲོས་བྲལ་གྱི་རྩེ་གཅིག དེ་བཞིན་དུ། དེ་ལས་སྣང་གསུམ་ཀྱི་རིམ་གྱི་འོད་གསལ་མངོན་དུ་བྱེད་པ་སྤྲོས་བྲལ། ལུགས་བཟློག་ཏུ་སྣང་གསུམ་ཤར་བ་རོ་གཅིག མཚན་དཔེས་བརྒྱན་པའི་སྒྱུ་ལུས་སུ་ལྡང་བ་བསྒོམ་མེད་ཆེན་པོ་སྟེ། འདིའི་མཚན་དཔེ་རླུང་གཙོ་བོར་གྱུར་པའི་ཁམས་སོ་གཉིས་འཁོར་དང་བཅས་པའི་དངས་མའི་སྣང་བ་ཡིན་པས། ལུས་ཀྱི་མཚན་དཔེ་ཁོ་ནར་མ་ངེས་ཏེ། ཁམས་གསུམ་པོ་ནི་མ་ལུས་པ། །སྐད་གཅིག་དེ་ལ་སྐུ་གཅིག་འགྱུར། །ཞེས་པའི་ངེས་པ་ལས་སོ། །དེས་ན་རྡུལ་བྱེད་པ་པོར་གྱུར་པའི་དཀར་དམར་གྱི་རྟེན་འབྲེལ་ལས་སེམས་ལ་བཟུང་འཛིན་དུ་སྣང་བ་དག་གཅོད་པའི་ལམ་འཁོར་དང་བཅས་པ་ནི་གསང་དབང་གི་ལམ་དང་། ཞེ་སྡང་བདེན་མེད་དུ་བསྲེ་བའི་ལམ་ཡིན་ནོ་ཞེས་གྲུབ་པ་ཡིན་ཏེ། ཞེ་སྡང་གང་ལས་འབྱུང་བའི་ངེས་པས། རང་སར་ངོ་ཤེས་ན་རྩལ་མ་འགགས་པ་དེ་ལས་གཞན་པའི་མཆེད་པའི་ཡེ་ཤེས་མེད་པས་སྒྱུ་མར་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་བྱེད་པ་ལས་སོ། །དེ་ལྟར་གསང་བའི་དབང་ལུས་དཀྱིལ་དང་། བྷ་གའི་དཀྱིལ་འཁོར་ཙམ་དུ་ངོ་སྤྲད་པའི་རིམ་པ་གཉིས་འབྱུང་བའང་ཕྲ་རགས་ཀྱི་རྟོག་པ་དག་བྱེད་དུ་འགྲོ་བའི་གནད་ཀྱི་རིམ་པ་ལམ་དུས་སུའང་འབྱུང་བ་ནི་ཟབ་པ་དང་མི་ཟབ་པའི་རྒྱུད་སོ་སོའི་ངེས་གནད་དུ་སྣང་སྟེ། དེང་སང་ནི་འདྲེས་པ་ལྟ་བུར་སྨྲ་བ་ཡིན་ནམ་སྙམ་མོ། །ཤེས་རབ་ཡེ་ཤེས་ཀྱི་ལམ་ནི། སྤྱིར་ལུས་ངག་ཡིད་གསུམ་ཡེ་ཤེས་དང་བཞི་དབང་བཞིའི་དག་བྱར་ཡིན་པའི་ངེས་པ་ལས་ནི་ཡིད་རླུང་གཉིད་འཐུག་གི་གནས་སྐབས་དག་བྱེད་ཉེ་བར་ཐོབ་པའི་མཚན་ཉིད་ཅན་བྲལ་དགའ་རོ་གཅིག་གི་ངེས་པས་གནད་བཅིངས་པ་ལས་ཆོས་སྐུའི་དགོངས་པ་མངོན་དུ་བྱེད་པ་སྟེ། གོང་དུ་བཤད་པ་ལྟར། དགའ་བ་གསུམ་པ་ལྷན་སྐྱེས་སུ་འཆིང་ནུས་པའི་དབང་ལས་ནི། བཞི་པའི་གནས་སྐབས་ཀྱི་གནད་བཅིང་བ་ལས་བདེ་སྐུ་མངོན་དུ་བྱེད་པར་ཡང་འགྱུར་བ་སྟེ། ཀུན་འབྱུང་གི་ངེས་པས་རྩ་ཐིག་གི་གནད་འཆིང་བར་ཡང་འགྱུར་བ་ནི་རང་སར་དག་འབྲས་སྐུ་བཞི་བརྩི་བ་ལས་སོ། །དེ་ལྟར་ཚུལ་གཉིས་ལས་སྔ་མའི་དབང་དུ་བྱས་པ་ནི་རིམ་པ་དག་གི་དབང་དུ་ཡིན་པས། འདོད་ཆགས་བདེ་ཆེན་དུ་བསྲེ་བའི་གཞན་ལུས་འཁོར་དང་བཅས་པ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་ཐིག་ལེ་ལུགས་འབྱུང་གི་རིམ་པས་དགའ་བ་བཞི་པོ་ཉིད་རེ་རེ་ལའང་བཞི་བཞིར་ཕྱེ་བས་ཁམས་ཟླ་བའི་ཆས་དབྱེ་བའི་རང་སའི་ས་བཅུ་དྲུག་གམ། ཉི་མའི་ཡོན་ཏན་མུན་རྡུལ་སྙིང་སྟོབས་ཀྱིས་ཕྱེ་བས་ས་བཅུ་གཉིས་སུ་ཡང་འགྱུར་ལ། མདོར་བསྡུས་ན་དངོས་པོ་ལ་ངོ་སྤྲོད་དུ་ཡོད་པ་ནི་ཆགས་པའི་གནས་སྐབས་བཅུ་པོ་དེ་ཉིད་ས་བཅུ་སྟེ། ས་དེ་རྣམས་གང་གི་དབང་དུ་བྱས་ཀྱང་ཐ་མ་ལྷན་གཅིག་སྐྱེས་པ་ཆེན་པོ་ནི་སྐབས་འདིའི་སངས་རྒྱས་ཏེ། དེ་ཡང་ཞུ་བདེ་ལྷན་སྐྱེས་དེ་ཉིད་ཆོས་སྐུ། ཁམས་ལོངས་སྐུ། ཐིག་ལེ་མཚོ་སྐྱེས་ཀྱི་ཞིང་དུ་རྣམ་པར་རོལ་པ་སྤྲུལ་སྐུ། དབྱེར་མེད་པ་བདེ་སྐུའམ། ཡང་ན་གནས་སྐབས་དེ་ཉིད་ཀྱི་ཁུ་རྡུལ་རླུང་གསུམ་དེ་དག་འདྲེས་པ་དང་བཅས་པ་ལས་ཀྱང་ཀུན་འབྱུང་གི་ངེས་པས་དབྱེར་རུང་བ་སྟེ། འདིའི་སྟོབས་སོགས་བྲལ་བ་དང་། མཚན་སོགས་རྣམ་སྨིན་གྱི་ཡོན་ཏན་ནི་ཁམས་སོ་གཉིས་ཀྱི་དབྱེ་བ་འཁོར་དང་བཅས་པ་ལས་ཡིན་པར་གཞིའི་གནས་སྐབས་སུ་ཕྱེ་བ་དེ་ཉིད་མངོན་དུ་གྱུར་པ་སྟེ། བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བ་ཞེས་བྱའི་རྣམ་པར་གནས། །སྟོན་པ་སུམ་བཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཞེས་འབྱུང་བ་གང་ཡིན་པའོ། །སངས་རྒྱས་འདིའི་སྤྲུལ་སྐུའི་རོལ་པ་ལས་བུ་དང་བུ་མོ་སྤྲོ་བ་དག་ཀྱང་སྟེ། ངེས་པ་འདིས་བསྐྱེད་རིམ་དུ་མངལ་འབྱིན་འབྱུང་བ་ལ་སོགས་པའོ། །དེ་ལྟར་ཞུ་བའི་བདེ་བས་བཟུང་འཛིན་ཕྲ་རགས་ཐམས་ཅད་བསྡུས་ཏེ་གཉིས་སྣང་ཕྲ་བའང་གཅོད་པ་གཉིད་འཐུག་གི་རང་བཞིན་མངོན་དུ་གྱུར་པའི་ཆོས་སྐུ་ཡིན་ཡང་། ཐིག་ལེ་ལུགས་འབྱུང་ནི་རྩ་བ་སྤྱི་བོའི་དཀར་ཆ་བད་ཀན་ང་བདག་གི་རྟེན་དུ་གྱུར་པ་ཡུལ་ཅན་འཛིན་པའི་ཆོས་སུ་གྱུར་པ་དག་གིས་བསྐྱེད་པས་མྱོང་ཆ་དང་བཅས་པ་ཉིད་ཀྱིས་རྟོག་པའི་ཁ་ཟས་ཅན་ཡིན་པའི་ཕྱིར་དཔེའི་ཡེ་ཤེས་སུ་བཞེད་པ་ཡིན་ལ། འདིའི་ཕྱག་རྒྱ་གཙོ་བོར་གྱུར་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ཀྱང་། ཡེ་ཤེས་དང་། དམ་ཚིག་གི་ཕྱག་རྒྱ་རང་ལུས་ཐབས་ལྡན་ལ་བརྟེན་པ་ནི་ཡོད་མོད། འོན་ཀྱང་དེ་དག་ནི་ཐོག་མར་བརྡ་སྤྲོད་ཅིང་གོམས་པར་བྱེད་དུས་ཀྱི་དབང་དུ་གྲོལ་ལམ་པ་ལ་གཙོ་བོར་བཤད་ཀྱི། དངོས་གཞི་ནི་ཤེས་རབ་ལས་རྒྱ་ལས་རྙེད་པའི་ཡེ་ཤེས་ཉིད་ལ་བཞག་གོ །དེའི་ཕྱིར་ལམ་འདི་སྔགས་ཀྱི་ལམ་མཐར་ཐུག་ཏུ་གོ་བ་དག་གིས། ལས་རྒྱ་ལ་མ་བརྟེན་པར་སྔགས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་མེད་ཅིང་སྨྲ་སྟེ་ཉན་རང་དགྲ་བཅོམ་པ་ལྷག་མེད་པའང་སངས་རྒྱ་བ་ན་སྔགས་ཀྱི་ལམ་ལ་བརྟེན་པར་འདོད་ན། སྡུག་བསྔལ་གྱི་ཕུང་པོ་སླར་མི་ལྡོག་པར་སྤངས་པ་དེ་དག་གིས་ལས་རྒྱ་བསྟེན་ཚུལ་ངེས་པར་འཆད་དགོས་སོ། །གཉིས་པ་གཅིག་ཆར་བ་ཞུ་བའི་བདེ་བ་ཉིད་རང་བཞིན་ལྷན་སྐྱེས་སུ་འཆིང་ནུས་པ་དག་གི་དབང་དུ་ནི། ལྷན་སྐྱེས་གསུམ་པར་འཇོག་པའི་བཞི་པོ་ཐམས་ཅད་ཀྱང་དང་པོ་ཉིད་ནས་རང་བཞིན་ལྷན་སྐྱེས་སུ་འཆར་བའང་ཡོད་པས། དེ་བས་ན་རྗེས་དྲན་གྱི་ཡན་ལག་དཔེའི་ལྷན་སྐྱེས་ཀྱི་དབང་དུ་བྱས་པ་ཞིག་དང་། རང་བཞིན་ལྷན་སྐྱེས་ཀྱི་དབང་དུ་བྱས་པ་གཉིས་གོ་དགོས་ལ། ཕྱི་མ་དག་གི་དབང་དུ་བྱས་ནས། སྒྱུ་ལུས་ཀྱི་རིམ་པ་དང་དོན་གཅིག་པར་དཔལ་གཞོན་ནུའི་ཞལ་སྔ་ནས་བཞེད་དོ། །དེ་ཡང་ཐིག་ལེ་ལུགས་བཟློག་ཏུ་འཆིང་བའི་ངེས་པ་ལས་རང་བཞིན་ལྷན་སྐྱེས་དང་། རིམ་པ་བཞི་པའི་འོད་གསལ་དང་། ཏིང་ངེ་འཛིན་གྱི་ཡན་ལག་སོགས་སུ་འགྱུར་བ་ཡིན་ཏེ། དེ་ལ་རྩ་བ་ཁམས་ཀྱི་འབྱུང་བཟློག་ཉིད་གོ་དགོས་པས། དེ་ཡང་ཕྱི་རོལ་དུ་སྦྱར་ན། དུས་བཞི་སྟོངས་པ་ནི་ནམ་མཁའ་དང་། དེ་ནས་རྫོགས་ལྡན་དུ་ཁམས་བཞི་ཆར་རྫོགས་ཤིང་གསུམ་ལྡན་དུ་རླུང་གི་སྟོབས་བྲི་སྟེ་ཁམས་གསུམ་པོ་སྟོབས་དང་། གཉིས་ལྡན་དུ་མེའི་སྟོབས་བྲི་སྟེ། ཁམས་ལྷག་མ་གཉིས་སྟོབས་དང་། རྩོད་དུས་སུ་ཆུའི་སྟོབས་ཀྱང་བྲི་སྟེ་ས་ཉིད་སྟོབས་སུ་གྱུར་པའི་ངེས་པས། དུས་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་རགས་ཤིང་སྙིགས་མར་གྱུར་པས་ཉོན་མོངས་པ་རྣམས་ཀྱང་ཆེར་རགས་པ་དང་ཆེ་འགྱུར་ཞིང་། རགས་པ་ལས་ཡེ་ཤེས་འཆིང་བ་ནི་ཆེས་མྱུར་བའི་ལམ་ཡིན་པ་ཉིད་ཀྱིས་རྩ་བའི་གནད་ཀྱིས་གསུམ་ལྡན་ཕྱིན་དུ་ཐུབ་པའི་ཉི་མ་རྣམས་འབྱུང་ཞིང་། ཁྱད་པར་ལས་ཡེ་ཤེས་འཆིང་བ་ནི། གསང་སྔགས་ཀྱི་སྙིང་པོའི་མྱུར་ཁྱད་ཡིན་པས། རྩོད་དུས་སུ་སྟོན་པ་འདིས་ཞིང་འདིར་གསང་སྔགས་གསུངས་པ་ཡིན་ཏེ། དེ་དག་ནི་ཁམས་འབྱུང་བའི་རིམ་པ་ཡིན་ལ། དེ་ནས་རྫོགས་ལྡན་དུ་འཕེལ་བ་ནི་ཁམས་ལོག་པ་ལས་ཏེ། ཕལ་པའི་ཡོན་ཏན་སྣོད་བཅུད་ཀྱི་འབྱོར་པ་དག་ཀྱང་ཁམས་བཟློག་པའི་ངེས་པ་ལས་སོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཁམས་གསུམ་པོ་དག་ཀྱང་གཟུགས་མེད་པ་རྣམས་རླུང་གི་ཁམས་གཙོ་བོར་གྱུར་པས་ཡེ་ཤེས་ཀྱི་ཞིང་མ་ཡིན་པ་དང་། གཟུགས་ན་སྤྱོད་པ་རྣམས་མེ་དང་། འདོད་ལྷ་རྣམས་ཆུ་གཙོ་བོར་གྱུར་པས་ཁམས་ཕྲ་བའི་ཕྱིར། སྔགས་ཀྱི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་སྟེར་བ་ཞེས་པའི་ངེས་པ་ནི་མི་བཞག་ཅིང་། འོན་ཀྱང་གཟུགས་མེད་ལས་རགས་པས་བྱང་སེམས་འཕགས་པ་དེ་དག་ཏུ་དོན་དུ་གཉེར་བ་དང་ལམ་གསར་ཏུ་ཐོབ་པའང་ཡོད་པ་ཡིན་ནོ། །མིའི་འགྲོ་བ་པ་ཕྱིན་ནི་ས་ཁམས་གཙོ་བོར་གྱུར་པས་རགས་ཤིང་། ས་ཉིད་ལ་ཡང་ནང་བསེས་ཀྱི་ཕྲ་རགས་ཀྱི་ངེས་པས། ལོངས་སྤྱོད་དང་། ལས་ཀྱི་ས་པ་གཞན་རྣམས་པས་ཀྱང་འཛམ་བུའི་གླིང་པ་ཉིད་ས་ཁམས་སྟོབས་ཆེ་བས་ཉོན་མོངས་པ་ཡང་ཆེར་རགས་ཤིང་གནས་ལུས་སོགས་ཀྱང་སྙིགས་པ་སྟེ། དེ་ཉིད་ཡེ་ཤེས་ཀྱི་ཞིང་མཆོག་ཡིན་པའི་གནད་ཀྱི་ཚེ་གཅིག་གིས་སྔགས་ཀྱི་བྱང་ཆུབ་སྟེར་བ་ནི་འཛམ་བུའི་གླིང་པ་ཁོ་ནའི་དབང་དུ་ཡིན་པར་གསུངས་སོ། །དེ་བཞིན་དུ་གླིང་འདིར་འོད་གས ལ་བའི་ལྷའི་ལུས་ལས་ད་ལྟའི་ལུས་ཀྱི་བར་དུ་གྱུར་པ་དང་། དེ་ནས་ཡར་འཕེལ་འབྱུང་བ་དག་ཀྱང་ཁམས་དྭངས་སྙིགས་ཀྱི་འབྱུང་བཟློག་ཁོ་ན་ཡིན་ཏེ། དེ་བས་ན་ཇི་སྲིད་ཁམས་རགས་པས་ཉོན་མོངས་རྩལ་ཆེ་ཞིང་བདོ་པ་ལྟར་ཡེ་ཤེས་ཀྱང་རྩལ་ཆེ་ལ། གཙོ་བོ་ཆིངས་ན་འཁོར་བག་ལ་ཞ་བའི་དཔེས་རགས་པ་ཉིད་ལས་ཡེ་ཤེས་འཆིང་བ་ཡིན་ཞིང་། དེ་ལྟ་བུའི་ཕྲ་རགས་ལས་ཡེ་ཤེས་འཆིང་བ་ཐམས་ཅད་ཀྱང་སེམས་དང་ཚོགས་པ་གཅིག་པའི་འབྱུང་བ་ཁོ་ནའི་གནད་འཆིང་བ་ལས་ཡིན་ཏེ། རྩ་བ་སེམས་གཟུང་འཛིན་དུ་སྣང་བ་ལས་འཁོར་ལ། དེའི་བཟུང་བ་ནི་ས་མེ་ཡེ་ཤེས་ཡུམ་དང་། འཛིན་པ་ཆུ་རླུང་ནམ་མཁའ་ཡབ་ཀྱི་རྡོ་རྗེ་གསུམ་པོ་ཉིད་དེ། དེ་བས་ན་བཟུང་བ་ཡེ་ཤེས་ཀྱི་ཐུགས་ཅན་ཡིན་པས་དེའི་གནད་འཆིང་བའི་དོན་གྱིས་མ་རྒྱུད་དང་སྣང་བ་ལམ་བྱེད་ཟབ་པར་འགྱུར་བ་ཡིན་ནོ། །ངེས་པ་འདི་ཉིད་ཀྱི་ཕྱིར་འདིར་རྩ་རླུང་ཐིག་ལེ་གནད་བཅིངས་པ་ལམ་དུ་འགྱུར་བ་ལ་ཡང་། སེམས་དང་ཚོགས་པ་གཅིག་པའི་རྩ་རླུང་ཐིག་ལེ་ཞིག་མ་གོ་ན་ལམ་གྱི་སྲོག་གཏོར་ཞིང་། བེམས་པོའི་རྩ་སོགས་གསུམ་འཆིང་བ་དང་། དེ་ལས་ཕྲ་བ་ལས་སོགས་པའི་ཡོན་ཏན་དང་ལྡན་པའི་ལུས་འགྲུབ་པ་སོགས་ནི་ཕྱི་རོལ་པ་ལའང་ཆེས་ཟབ་མོ་དག་ཡོད་དོ། །སྔ་མ་གོ་ན་ནི་དེ་མཐའ་དག་ཀྱང་ཐབས་ཀྱི་ཡན་ལག་མཆོག་ཏུ་འགྱུར་བས་ལམ་གྱི་ལུས་ལྟ་བུར་གསུངས་པ་ཡིན་ནོ། །དེ་ལ་ཡང་ལུགས་འབྱུང་དུ་ཐིག་ལེ་འཕོ་བའི་རིམ་པ་ནི་རྩ་བ་སྤྱོ་བོའི་ཁམས་དཀར་ཆ་བདག་གི་རྟེན་དུ་གྱུར་པ་དག་གིས་བསྐྱེད་པས་གཙོ་བོར་འཁོར་བའི་ཆོས་དང་རྟོག་པའི་ཕྲ་རགས་ལས་མ་འདས་པས་དེའི་མཐའི་ཡེ་ཤེས་འཇིག་རྟེན་པའི་ལྷན་སྐྱེས་སུ་སྤྱིར་བཞག་ཅིང་། ལུགས་བཟློག་ནི་ས་ལས་བཅིངས་པའི་བདེ་བ་ཨ་ཐུང་བདག་མེད་པའི་མཚན་ཉིད་ཅན་ཡིན་པས་དེ་བསྐྱེད་པ་ནས་འཇིག་རྟེན་ལས་འདས་པའི་ཆོས་སུ་འགྱུར་བ་ནི་སྤྱིའི་ངེས་པ་ཡིན་ལ། དེའི་ཕྱིར་ལས་རྒྱ་ལས་རྙེད་པའི་དགའ་བཞིའི་མཐའི་ཡེ་ཤེས་འཇིག་རྟེན་པའི་ལྷན་སྐྱེས་སུ་སྤྱིར་བཞག་ཅིང་། ལྷན་སྐྱེས་དཔེ་དང་དབང་གསུམ་པའི་ལམ་དུ་བཞག་ཅིང་། རགས་པ་ལས་ཡེ་ཤེས་འཆིང་ནུས་པ་དག་གི་དབང་དུ་ནི། ལས་རྒྱ་དང་ཕྲད་པའི་བདེ་བ་གཡོ་བ་ཉིད་ནས་རག་པར་རྩལ་རྫོགས་ཤིང་འཆིང་ནུས་པ་དང་། དེའི་རྣམ་ཉིད་དང་། རྣམ་སྨིན་ཙམ་ནས་འཆིང་ནུས་པ་སོགས་དུ་མ་སྲིད་པའི་ངེས་པས། དགའ་བ་དང་པོ་དང་། གཉིས་པ་དང་། གསུམ་ནས་རང་བཞིན་ལྷན་སྐྱེས་སུ་འཆིང་བ་དག་ཡོད་ཅེས་བཞག་སྟེ། དེ་ཡང་ལུགས་འབྱུང་གི་དགའ་བ་བཞི་དང་། རྩ་བའི་ངེས་པ་མི་གཅིག་སྟེ། འདི་ནི་ལུགས་བཟློག་གི་དབང་དུ་ཡིན་པའི་ཕྱིར་རོ། །དེ་བས་ན་ལུགས་བཟློག་ཅེས་པ་ཡང་ལུས་ལ་ཁམས་སྙིགས་མ་གྱེན་དུ་འགྲོ་བ་ལྟ་བུ་ཁོ་ན་ལ་ནི་མི་བཟུང་གི དེ་ནི་འཁོར་བའི་འབྱུང་རིམ་ལས་བཟློག་སྟེ། རགས་པ་ལས་སེམས་ཡེ་ཤེས་སུ་འཆར་བ་སྟེ། ཕྲ་བ་ཙམ་ལས་རྩལ་རྫོགས་པའི་ཡེ་ཤེས་དྲི་མ་རྩ་བ་ནས་གཞིལ་ནུས་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་རགས་པ་ཡེ་ཤེས་སུ་འཆིང་ནུས་པ་དེ་ནས་ནི་རྟེན་འབྱུང་བ་ཐམས་ཅད་པ་དག་པ་གཙོ་བོར་གྱུར་པའི་འབྱུང་བ་ཡིན་པས་གང་དུ་བྱུང་ཡང་ལུགས་བཟློག་སྟེ། དོན་ལ་བདག་མེད་པའི་མཚན་ཉིད་ཅན་གྱིས་བཟུང་འཛིན་དང་བྲལ་བའི་སེམས་ནི་དུག་གསུམ་གང་ལས་རྙེད་ཀྱང་ལུགས་བཟློག་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་བས་ན་དྭངས་མ་སེམས་ལ་ཆིངས་མ་ཆིངས་གནད་དུ་ཆེ་ཡི། སྙིགས་མ་ནི་ནད་བསྐྱེད་པས་ལུགས་བཟློག་ཏུ་འཆིང་ནུས་པས་ཀྱང་འདོར་ཞིང་། འཆིང་ནུས་པ་ལའང་ལས་རྒྱ་ལ་བརྟེན་ན་རྩལ་ཆེ་བས། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་བྲལ་ན་དངུལ་ཆུ་ནམ་ཡང་འཆིང་བ་མེད། ཅེས་སོགས་དཔེ་དང་བཅས་པས་ཏིང་ངེ་འཛིན་གྱི་ཡན་ལག་དུའང་ལས་རྒྱ་བསྟེན་ཚུལ་འབྱུང་བ་ཡིན་ཏེ། འདི་ནས་ནི་ལས་རྒྱ་ཉིད་ཕྱག་རྒྱ་ཆེན་མོའི་ཡན་ལག་ཏུ་བསྲེལ་བའི་ངེས་པ་འབྱུང་བ་ཡིན་ནོ། །དེ་བས་ན་དགའ་བ་གསུམ་པ་ནས་རང་བཞིན་ལྷན་སྐྱེས་སུ་འཆིང་ནུས་པ་སོགས་ནི། དང་པོར་དགའ་བ་སོགས་སྔོན་དུ་སོང་བའི་རིམ་པ་ལས་བྱུང་བ་ཉིད་ཀྱིས་དབང་གསུམ་པའི་ནང་ཚན་ལྟ་བུར་སྦས་ཏེ་བསྟན་གྱིས། དོན་ལ་དབང་བཞི་པའི་ལམ་ཉིད་ཡིན་ལ། དགའ་བ་དང་པོ་ནས་འཆིང་ནུས་པ་སོགས་ནི་གཅིག་ཆར་བ་འབའ་ཞིག་གི་དབང་དུ་ཡིན་པས་བཞི་པ་ཁོ་ན་ཡིན་ནོ། །དབང་གསུམ་པ་རོ་གཅིག་སོགས་ཀྱི་མཚན་ཉིད་ཅན་གྱི་ལམ་ལ་ནང་གསེས་ཀྱི་རྣལ་འབྱོར་བཞི་སོགས་སུ་འགྱུར་ཚུལ་ནི་དགའ་བཞིའི་རིམ་པ་དེ་ཉིད་ཡིན་པས་རྟོགས་སླའོ། །དེ་ལྟར་རིམ་གྱིས་པ་དག་གི་དབང་དུ་ལམ་གོང་མ་གསུམ་གྱི་སམ། ཐོད་རྒལ་དུའང་། རྒྱུད་སྨིན་པ་དག་དང་པོ་ནས་རིམ་པ་འདི་ཉིད་དུ་ཞུགས་ཀྱང་རུང་སྟེ། སེམས་ཀྱི་རང་བཞིན་གདོད་མའི་བབས་འོད་གསལ་བའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་མོ་དང་ཟུང་དུ་འཇུག་པ་བཞི་པའི་གནས་སྐབས་དག་བྱེད་བདེ་བ་ཆེན་པོའི་སྐུར་ལྷུན་གྱིས་གྲུབ་པ་ནི་དབང་བཞི་པ་སྟེ། གཞིའི་གནས་ཚུལ་འདི་མངོན་དུ་གྱུར་པ་དང་མ་གྱུར་པ་ལས་སངས་རྒྱས་དང་འཁོར་བ་ཡིན་པའི་ཕྱིར། ལམ་གྱི་རིམ་པ་དེ་ཐམས་ཅད་ཀྱང་ངེས་པ་འདི་ལ་དཀྲི་བའི་ཐབས་མཁས་ཀྱི་རིམ་པ་ཡིན་པས། རང་སའི་འབྲས་བུའི་རྣམ་བཞག་སོགས་དེ་ཐམས་ཅད་ཀྱང་དེད་དཔོན་ཐབས་ལ་མཁས་པས་གླིང་བར་དུ་རིན་པོ་ཆེའི་གླིང་རེ་བ་བསྐོང་བ་དག་སྤྲུལ་པའི་སྒྱུ་མ་ཇི་ལྟ་བ་བཞིན་ཡིན་ཏེ། སེམས་ཀྱི་ཡིད་བཞིན་མ་རྙེད་པར་དེ་ཐམས་ཅད་ཀྱིས་ཀྱང་འདོད་དགུ་ཡིད་བཞིན་མི་སྦྱིན་པས་ཆེད་དུ་བྱ་བའི་དོན་མ་རྙེད་པ་ཉིད་ཀྱིས་བླ་དང་བཅས་པ་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ལ་ཡང་ངེས་པ་རྙེད་དཀའ་སླའི་དབང་པོའི་རིམ་པ་ལས། ཕྱག་རྒྱ་ཆེན་མོ་འབྱུང་བ་རེངས་པའི་སྣང་བ་ལ་ངོ་སྤྲད་པ་དང་། གཡོ་བཅས་ཐལ་བྱུང་གི་སྣང་བ་ལ་ངོ་སྤྲད་པའི་འཆད་སྒོ་གཉིས་འབྱུང་མོད། སྔ་མ་ནི་ད་དུང་གཞི་འབྲས་དོན་གཞན་གྱི་ཞེན་པ་ལ་འཐས་ཀྱི་ཤུགས་ཀྱིས། ད་ལྟའི་སྣང་འགྱུའི་ཐོག་ཏུ་ངོ་མི་འཕྲོད་པ་དག་གི་དབང་དུ། འགྱུ་བ་རགས་པ་བཀག་པའི་དྭངས་སྣང་གི་སྟེང་དུ་ངོ་སྤྲོད་པས་ཡིད་ཆེས་རྙེད་སླ་བའི་དབང་དུ་ཡིན་ལ། ཕྱི་མ་ནི་རྒྱུད་ཡོངས་སུ་སྨིན་པ་ཤུགས་ཆེན་པོས་འབྱུང་བ་དག་མ་དག་གི་སྣང་བ་ལ་རྩིས་གདབ་མེད་པར་ད་ལྟའི་སྣང་འགྱུ་འདི་ཉིད་ཀྱི་སྟེང་དུ་ངོ་སྤྲད་པས་ཚེགས་ཆུང་ངུས་དོན་ཆེན་པོ་བདེ་བླག་ཏུ་གྲུབ་པ་སྟེ། དབང་པོ་ཤིན་ཏུ་སྨིན་པ་དག་གི་དབང་དུ་ནི་ཡིན་ལ། གཉིས་གའི་འང་རྩ་བའི་ངེས་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་རིམ་པ་བཞི་པའི་འོད་གསལ་ལམ་ཏིང་ངེ་འཛིན་གྱི་ཡན་ལག་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་འཛག་མེད་ཀྱི་ཡེ་ཤེས་ལུགས་བཟློག་གི་ངེས་པ་ཅན་འཁོར་ལོ་དྲུག་གི་ལྟེ་བར་ལས་རླུང་སྟོང་བརྒྱད་བརྒྱ་བ་ཟུང་རེ་འཛག་མེད་དུ་འཆིངས་པའི་མི་འགྱུར་བའི་བདེ་བ་དེ་རྙེད་ཟུང་ལ་ས་གཉིས་གཉིས་སུ་བཞག་པས་ས་བཅུ་གཉིས་ཀྱི་མཐར་ཐུག་པར་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་ནི་ཕྱག་རྒྱ་སྔ་མའི་དབང་དུ་བྱས་པའི་འཆད་རིམ་གྱི་ལམ་གྱི་གནས་སྐབས་རྣམ་པར་བཞག་པ་སྟེ། ས་དེ་སྙེད་བསྒྲོད་པའི་དུས་ཀྱང་། ལོ་བརྒྱའི་དབུ་མའི་རླུང་ཕྱོགས་གཅིག་ཏུ་བསྡོམས་པ་ནི་ལོ་གསུམ་ཕྱོགས་གསུམ་སྟེ། དེ་དག་ཟགས་པ་ལས་འཆི་བ་དང་། འཛག་མེད་དུ་ཆིངས་པ་ལས་འཆི་མེད་སྟེར་བའི་ངེས་པ་ལོ་གསུམ་ཕྱོགས་གསུམ་མོ། །འདི་ཡང་ཚེ་ལོ་བརྒྱ་པའི་དུས་ཀྱི་ངེས་པར་སྣང་བས། ཚེའི་ངེས་པ་དེ་བས་བྲི་བར་ཡང་ལོ་གསུམ་ཕྱོགས་གསུམ་གྱི་སྟོབས་བརྩི་བའི་ངེས་པ་ཁོང་དུ་ཆུད་དགོས་པར་སྣང་སྟེ། ཡི་གེ་ཟུར་དུ་བྲི་བར་འདོད་པས་འཕྲོས་པ་བཞག་གོ །ཕྱག་རྒྱ་འདིའི་དབང་དུ་བྱས་པའི་ས་དང་། ཉམས་ཙམ་ལ་མ་ལྟོས་པའི་འཛག་མེད་ཀྱི་རྟོགས་པ་སླར་མི་ལྡོག་པའི་ངེས་པས་ཏིང་ངེ་འཛིན་ནམ། འོད་གསལ་གྱི་ཡན་ལག་དུ་བཞག་གི ཉམས་ཙམ་ནི་དང་པོ་སོར་བསམ་དུ་རྟགས་བཅུ་འབྱུང་བ་ཉིད་ཀྱང་གནས་སྐབས་དེའི་ས་བཅུ་ཡིན་ལ། དེ་བཞིན་དུ་ཡན་ལག་གཞན་སོ་སོར་བཤད་པ་རྣམས་ཀྱང་སྟེ། འདི་མཐའ་དག་ལའང་རྩ་བའི་ངེས་པ་བདེ་བ་ཆེན་པོ་གཅིག་ཉིད་ལ་སར་རྣམས་པར་ཕྱེ་བའི་དོན་གྱིས། དེ་མཐོང་བའི་གནས་སྐབས་ཀྱི་རིམ་པ་སོ་སོར་ས་དེ་དང་དེ་འཆར་བས་སྐབས་ཀྱི་དབང་དུ་བྱས་པའི་ཐམས་ཅད་ཀྱང་དེ་དང་དེའི་ས་མཚན་ཉིད་པ་ཡིན་གྱི། གཞན་དུ་གྲངས་མཚུངས་ཙམ་གྱིས་སྙིང་ཚིམ་པ་དག་ལ་ནི་སྙིང་པོ་མེད་དོ། །དེ་བས་ན་ངེས་པ་འདི་ཉིད་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་གྱི་ཡན་ལག་གི་རིམ་པར་ཡན་ལག་དྲུག རིམ་པ་ལྔ། ཆོས་དྲུག་སོགས་མཐའ་དག་འདུ་བ་ནི་ཐམས་ཅད་ཀྱང་དབང་བཞི་པའི་ལམ་དུ་འགྱུར་ལ། གཞན་དུ་ཞུ་བདེ་ཙམ་ཞིག་མཐར་ཐུག་ཏུ་བཟུང་ནས་དེ་དག་རྣམས་སྨྲ་བ་དེར་ནི་དབང་གསུམ་པའི་ལམ་དང་། རྩ་ཐིག་རླུང་སོགས་དངོས་པོའི་ངེས་པའི་ཤས་ཙམ་རྟོག་པའི་བསྒོམ་པ་གཙོ་བོར་གྱུར་པ་དང་སྦྱར་ཏེ་དེ་ཐམས་ཅད་རྣམ་པར་འབྱེད་ཅིང་ཉམས་སུ་ལེན་པ་དེ་དག་གིས་ནི། རྫོགས་རིམ་མཐར་ཐུག་པའི་མིང་བཏགས་ཀྱང་ཟབ་མོ་བསྐྱེད་རིམས་ཙམ་ལས་མི་འདའ་བར་མངོན་ཏེ། འདི་མཐའ་དག་ནི་མིང་ཙམ་གྱིས་ཕྱེ་བ་མ་ཡིན་གྱི། ངེས་པར་བློའི་རིམ་པ་ལས་བཞག་དགོས་པའི་ཕྱིར་རོ། །ཐོས་བྲལ་ལྡོངས་མའི་གར་གྱི་ཡིད་ཕྲོགས་ཤིང་། །མིག་བུ་བྲལ་བཞིན་ཉམས་ངར་རྒྱུག་བརྩོན་དང་། །རང་གི་བསྒྲོད་པས་ནམ་མཁའི་མཐའ་དཔོག་པ། །དེ་དག་གིས་ཀྱང་ཐེག་འདིར་ཅོ་འདྲིའོ། །དེ་བས་ན་དིང་སང་ནི་ཕལ་ཆེ་བ་དག་རྡོ་རྗེའི་ཐེག་པ་ལ་བརྙས་པ་ཆེན་པོས་ཅོ་འདྲི་བའི་མཚན་ཉིད་ཅན་ཤ་སྟག་ཏུ་སྣང་བའི་ཕྱིར། རྫོགས་པའི་རིམ་པའི་བསྟན་བཅོས་གླང་པོ་ཆེས་ཁུར་བས་མི་ཞེན་པ་བྲི་བ་དེ་དག་རྣམས་ཀྱང་གནས་ཕྱི་མ་གཉིས་ལས་མ་འཕགས་པར་མཐོང་བས། དཔྱོད་ལྡན་རྣམས་ཀྱིས་ལེགས་པར་རྟོགས་ཤིག་གཉིས་པ་ཕྱག་རྒྱ་ཆེན་མོ་སྣང་སྲིད་རབ་འབྱམས་མ་བཅོས་པའི་ཤེས་པའི་བབས་དང་མཉམ་པར་སྦྱོར་བ་ནི་ཨེ་ཝཾ་གྱི་ངེས་པ་མཐར་ཐུག་པ་སྟེ། རྒྱུ་འབྲས་ཀྱི་རྒྱུད་རྒྱུན་ཆགས་ཉིད་གནད་བཅིངས་པ་ལས་འབྲས་བུ་མངོན་དུ་བྱེད་པ་ནི་ལམ་འདིའི་ངེས་པ་མཐར་ཐུག་པ་ཡིན་པར་ནི་ཐམས་ཅད་སྨྲ་ལ། དེ་དག་ཀྱང་གཞི་མ་བཅོས་པ་ཉིད་འབྲས་བུ་ཡིན་པ་ལས་གཞན་དུ་རྟོག་ན་རྒྱུན་ཆགས་པ་ཚིག་ཙམ་དུ་སོང་བའི་ཕྱིར་ཏེ། གཞི་ལ་གཏན་མེད་པའི་འབྲས་བུ་གསར་པ་བཟང་བཟང་པོ་གཅིག་ཁོ་ན་གློ་བ་ལ་བཅངས་ནས་གཞི་འབྲས་རྒྱུད་གཅིག་ཏུ་སྨྲ་བར་སྣང་བའི་ཕྱིར་རོ། །འདི་འདྲ་བ་དེ་ནི་འཁོར་འདས་ཐ་དད་དུ་འབྱེད་བྱེད་རེ་དོགས་ཀྱི་དུག་མི་ཟད་པ་དེ་ཉིད་ཀྱིས་མྱོས་བཞིན་པ་ཡིན་པས་ད་དུང་རྫོགས་པའི་རིམ་པའི་མིང་དོན་ཙམ་ཡང་ཁོངས་སུ་མ་ཆུད་པ་ཡིན་ཏེ་རྫོགས་པའི་དོན་ནི་ནིཥྤ་ཉན་གྲུབ་པའམ་མ་བཅོས་པ་ཡིན་ལ། གཞི་མ་བཅོས་པ་ཉིད་ལས་ལམ་འབྲས་གཞན་དུ་བཙལ་དགོས་པ་དེས་ནི། རྩ་རླུང་རགས་པ་ཙམ་དངས་པའི་རྟགས་སྣང་ཉམས་བན་བུན་རྫུ་འཕྲུལ་གྱ་མ་ཟུང་སོགས་ཅི་ཆེ་ཡང་ཞིའི་གནད་འཆིང་ཚུལ་མཐར་ཐུག་པར་མི་འགྱུར་ཏེ། དེ་ཐམས་ཅད་ཀྱང་རྟོག་པ་ཕྲ་རགས་སམ། དེའི་དབང་གིས་བྱུང་བའི་བཅོས་མའི་སྦྱོར་བ་ཉིད་ལས་མ་འདས་པའི་ཕྱིར་རོ། །དེ་བས་ན་ལམ་འབྲས་བཟང་པོ་གཅིག་རེ་བ་དེ་ནི་འདོད་སྲེད་རགས་པ་ཙམ་ཁོ་ནས་ཡིད་བཅིངས་ཏེ་རང་གི་སྲེད་པ་ཕྲ་མོས་ལམ་འབྲས་བཟོ་བ་འགའ་ཞིག་ཏུ་སྣང་སྟེ། སེམས་ཀྱི་གདོད་མའི་བབས་སམ། དེ་མངོན་དུ་གྱུར་པའི་སངས་རྒྱས་མཐར་ཐུག་པ་དེ་ལ་བཟང་ངན་སྤང་གཉེན་སྤོང་ལེན་དགག་བསྒྲུབ་རེ་དོགས་སོགས་གཉིས་ཆོས་མཐའ་དག་ཡོད་མ་མྱོང་བའི་ཕྱིར་ཏེ། སེམས་ཀྱི་གདོད་མའི་བབས་ལ་གཉིས་ཆོས་ཡོད་ན། དེ་གང་གིས་ཀྱང་གཞིལ་བར་མི་ནུས་ཏེ། དངོས་པོའི་ཆོས་ཉིད་ནི་སུས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་སེམས་མ་བཅོས་པ་ཉིད་ལ་གཉིས་ཆོས་སོགས་སུ་འཁྲུལ་པ་མཐའ་དག་གདོད་མ་ནས་མ་གྲུབ་པ་ཉིད་ཀྱིས། དེར་སྣང་བ་མཐའ་དག་ནི་ཐག་པ་རྟོག་པ་ལ་སྦྲུལ་དུ་མཐོང་བ་ལྟར་འཁྲུལ་སྣང་ཉག་གཅིག་ཡིན་པས། དེ་སེལ་བ་ལ་ནི་མ་བཅོས་པ་ཉིད་གནད་དུ་འགྱུར་བ་ཡིན་གྱིས། གཉེན་པོ་བཅོས་མ་མཐའ་དག་ནི་གཞི་ལ་དཀའ་བའི་འཁྲུལ་པ་ཡིན་ཏེ། ཐག་པ་ལ་སྦྲུལ་འཛིན་གྱི་བློ་དང་། སྦྲུལ་དེ་གཞིལ་བའི་གཉེན་པོ་མངོན་པར་འདུ་བྱེད་པའི་བློ་གཉིས་ལ་འཁྲུལ་མ་འཁྲུལ་ཅུང་ཟད་ཀྱང་མེད་པ་ལས། ཕྱི་མ་ཉིང་འཁྲུལ་ལྟ་བུ་ཡིན་པས་སྤང་དཀའ་བའི་ཕྱིར་རོ། །དེས་ན་ཐག་པའི་གནས་ཚུལ་མ་བཅོས་པ་དེ་ཉིད་ཤེས་ན་སྦྲུལ་འཛིན་གྱི་འཁྲུལ་པ་རང་དག་པས། འབྲས་བུ་དག་པས་གཟུགས་སོགས་དག་པའི་ངེས་པ་གསུངས་པ་ཡིན་ནོ། །དེ་བས་ན་སྔར་སྦྲུལ་དུ་འཛིན་པའི་དུས་དང་ཕྱེས་ཐག་པ་ཉིད་དུ་མཐོང་བའི་དུས་གཉིས་ཀར་བལྟ་བ་པོའི་བློས་བཅོས་མ་བཅོས་མ་གཏོགས་ཐག་པའི་གནས་ཚུལ་ལ་བཟང་ངན་མེད་པ་དེ་བཞིན་དུ། འཁོར་འདས་གཉིས་ཀྱང་འདུ་བྱེད་ཡིད་ཀྱི་གཡོ་བས་ཐ་དད་དུ་བཅོས་པ་མ་གཏོགས། སེམས་རྟོགས་མ་རྟོགས་ལ་སེམས་ཀྱི་ངོ་བོ་བཟང་ངན་དུ་གྱུར་པ་ཅུང་ཟད་ཀྱང་མེད་པས། འཁོར་འདས་རྒྱུད་གཅིག་པར་གསུངས་ཤིང་། མཐར་ཐུག་པའི་རྫོགས་རིམ་དུ་འགྲོ་མི་འགྲོ་མ་བཅོས་པའི་རིམ་པར་སོང་མ་སོང་ཡིན་ཞེས་གྲུབ་པའི་དབང་ཕྱུག་ཐམས་ཅད་མགྲིན་གཅིག་ཏུ་གསུངས་པ་ཡིན་ནོ། །དེས་ན་རྩ་བའི་ངེས་པ་འདི་ཁོང་དུ་མ་ཆུད་ན། གཉེན་པོ་ས་ལམ་འབྲས་བུ་སོགས་ཉིད་སྤང་དཀའི་སྒྲིབ་པ་ཡིན་པས། གྲུབ་མཐའ་དང་ལམ་ཞུགས་ཀྱི་ཞེན་ལྟའི་ལམ་བཅོས་མ་མཐོན་པོ་བས། བ་ལང་རྫིའི་ཤེས་པ་མ་བཅོས་པ་དེ་ཉིད་གནས་ཚུལ་ལ་ཉེ་ཞེས་ལམ་གྱི་གནད་རིག་པ་རྣམས་གསུང་པ་ཡིན་ཏེ། གཏམ་འདི་འདྲ་བའི་རིགས་བླུན་པོའི་བབ་ཅོལ་ཁོ་ནར་སེམས་པ་དེ་དག་གིས་ཀྱང་། ཉན་རང་དགྲ་བཅོམ་པ་ཁམས་གསུམ་ལ་ཆགས་པ་དང་བྲལ་བ་དེའི་ཡེ་ཤེས་ལས་འཁྲིག་དུས་ཀྱི་སེམས་སྐད་གཅིག་མ་གནས་ཚུལ་ལ་ཉེ་བར་ཁས་མ་བླངས་སམ། དེ་བས་ན་ཞེན་ལྟ་བོར་ལ་ལེགས་པར་སོམས་ཤིག དེ་ཉིད་ཀྱི་ཕྱིར། དེ་བས་ན་དབང་བཞི་པ་གསུམ་པར་སྦས་སམ་མ་སྦས་ཀྱང་རུང་། དོན་ལ་བསྒྲོད་པ་གཅིག་པའི་ལམ་དུ་འགྱུར་བའི་གནད་ནི་མ་བཅོས་པའི་རིམ་པ་ཡིན་པ་ཉིད་ཀྱིས་མཐར་ཐུག་པའི་རྫོགས་རིམ་དུ་བཞེད་པ་ཡིན་ཏེ། འདི་ལ་ལྟོས་ཏེ་ལམ་གོང་མ་མཐའ་དག འདི་དངོས་སུ་བསྟན་པར་མི་རུང་བ་རྣམས་རེ་ཤིག་འདི་ལ་དྲང་བའི་ཐབས་ཁོ་ནར་གསུངས་པས། དེ་འདྲ་བའི་ལམ་འབྲས་ཐམས་ཅད་ཀྱང་འདིར་སྤང་བྱ་ཉིད་ཡིན་པའི་ཕྱིར་ཏེ། མ་བཅོས་པའི་རིམ་པ་འདིར་གཞི་ལམ་འབྲས་བུའི་དོར་ཐོབ་སོགས་ཀྱི་ཐ་སྙད་ཅི་ཡང་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་ཏིང་ངེ་འཛིན་གྱི་ཡན་ལག་སོགས་ཀྱང་ཕྱག་རྒྱ་ཆེན་མོའི་ལམ་གྱི་ངེས་པས་འདི་ལ་དྲང་བའི་ཐབས་ཁོ་ནར་དགོངས་པའི་སྐད་ཀྱི་གསུངས་ཀྱི། དོན་ལ་དབང་བཞི་པའི་ལམ་དུ་འགྲོ་མི་འགྲོ་ནི་ངེས་པ་འདི་ཉིད་ཀྱི་དབང་དུ་སོང་མ་སོང་ཡིན་ཏེ། འཁོར་བར་སྣང་བའི་འབྱུང་རིམ་ལས་བཟློག་སྟེ་འཆིང་བ་ལ་ནི་སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་འཆིང་དགོས་ལ། དེ་ནི་མ་བཅོས་པ་ལས་གཞན་པས་འཆིང་མི་ནུས་པའི་ཕྱིར་ཏེ། བཅོས་པ་ཐམས་ཅད་འཁོར་བའི་འབྱུང་རིམ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དྭངས་མའི་འབྱུང་བ་བཅིང་བའི་ངེས་པ་ཇི་ལྟ་བུ་ཞེ་ན། དེ་ཡང་རྩ་བ་སེམས་ལྷན་གཅིག་སྐྱེས་པའི་རང་འོད་འདུ་བྱེད་རླུང་གིས་གཡོ་བ་ལས། དམར་ཆ་མེའི་དབང་གིས་ཡུལ་དུ་སྣང་བ་འབྱུང་ཞིང་། དེ་ལ་ལྟོས་ནས་དཀར་ཆ་ཆུའི་བྱེད་པས་དེ་ལས་ཐ་དད་པའི་ཡུལ་ཅན་དུ་ཞེན་པ་ཕྲ་བའི་བདག་ཏུ་འཛིན་པ་དང་། དེ་ལས་ས་གཙོ་བོར་གྱུར་པའི་རགས་སྣང་དག་འབྱུང་བ་ནི་འབྱུང་བའི་རིམ་པ་ཡིན་པ་ལས། གནད་འཆིང་བ་ན་རགས་སྣང་ཉིད་ཡེ་ཤེས་སུ་འཆིང་བ་རྩེ་གཅིག་གི་རྣལ་འབྱོར་གྱིས་ས་བཅིངས་ཏེ་རྣམ་པ་གཞན་མཆོག་གི་སར་གྱུར་པའི་ཡེ་ཤེས་ཀྱིས། ཡུལ་ཅན་གྱི་ཆོས་ཆུ་བཅིངས་པའི་སྤྲོས་བྲལ་གྱི་རྣལ་འབྱོར་མངོན་དུ་བྱས་ནས་རྣམ་པ་ཐམས་ཅད་པའི་ཆུར་བྱས་པ་ལས། དེ་ཡང་བཟུང་བ་མེའི་ཆོས་ལ་རོ་མཉམ་པའི་རོ་གཅིག་གི་རྣལ་འབྱོར་འཆར་ཞིང་། དེ་མེ་གཞན་མཆོག་གི་མེར་བྱས་པ་ལས། བཟུང་འཛིན་དུ་གཡོ་བའི་རླུང་ཉིད་སྒྲིབ་བྲལ་དུ་བྱས་པ་བསྒོམ་མེད་ཀྱི་རྣལ་འབྱོར་འཆར་རོ། །ཚུལ་འདི་ལ་ནི་ས་སྒྲིབ་བྲལ་དུ་གྱུར་པ་ནས། དེ་ཉིད་ཀྱི་ཡེ་ཤེས་ཕྱི་མ་གསུམ་ཡང་དབང་བྱས་པ་ཉིད་དུ་འཆར་བས། གསང་བ་འདུས་པར་རིམ་པ་བཞི་པའི་འོད་གསལ་སྣང་གསུམ་དག་པའི་ཡེ་ཤེས་སུ་འཆད་པ་དང་། ཀྱེ་རྡོ་རྗེར་ལུགས་བཟློག་གི་འབྲས་བུ་བཞི་འཆད་པ་ན། ལྟེ་བར་ས་བཅིངས་པ་ནས་རྣམ་སྨིན་གྱི་འབྲས་བུར་བཞག་སྟེ། དེ་ཡང་བིསཱཀའི་བི་དགག་ཚིག་ཏུ་བྱས་ན་མི་འདྲ་བར་སྨིན་པའི་ཡེ་ཤེས་ཏེ་གཉིས་གའང་གནད་གཅིག་པ་ཉིད་དུ་རྟོགས་ནུས་པ་ཡིན་ནོ། །དེ་བས་ན་འདི་ལ་དང་པོར་འཆར་སྒོ་ཇི་ལྟ་བར་ཉམས་རིམ་ཐ་དད་དུ་འཆར་བ་ནི་ཡོད་ཅིང་། དེའི་དབང་དུ་ནི་ཡན་ལག་དྲུག་ལ་སོགས་པའི་རིམ་པ་མཐའ་དག་འདིའི་ཡན་ལག་ཏུ་བསེལ་བ་ལས་དབང་བཞི་པའི་ལམ་དུ་འཇོག་པ་ཡིན་ལ། རྟོགས་པའི་དབང་ལས་ནི། རགས་པའི་ས་བཅིངས་པ་ན། ཀུན་འབྱུང་གི་ངེས་པས་འབྱུང་བ་རགས་པ་ཐམས་ཅད་ཀྱང་སྒྲིབ་བྲལ་དུ་བྱས་པའི་ཕྱིར། དེ་ཕྱིན་ཆད་སྒྲིབ་བྲལ་གྱི་ཡེ་ཤེས་དེ་ཁོ་ནའི་དབང་དུ་ཐམས་ཅད་ཀྱང་སྐྱེ་བས་རྫས་ཀྱི་ངོས་ནས་རིམ་པ་མང་པོ་བཞག་ཏུ་མེད་དེ། འདི་ལ་ཡང་ཉམས་རིམ་གྱི་སྔོན་དུ་རྒྱུད་སྦྱངས་པའི་མདོ་ལ་རྟོགས་པ་ཤར་བའི་རིགས་གཅིག་དང་། དཔལ་ནཱ་རོ་པ་ལྟ་བུའི་བླ་མའི་གསུང་གཅིག་གིས་རྟོགས་པ་ཤར་བ་ལྟ་བུ་གང་གི་དབང་དུ་བྱས་ཀྱང་རུང་། སེམས་སྐད་གཅིག་མ་གཅིག་གིས་འབྱུང་བའི་འགྲོས་སྒྲིབ་བྲལ་དུ་བྱས་པ་ལས་དེ་ཕྱིན་ཆད་ཐམས་ཅད་ཀྱང་དེའི་ཡོ་ལང་དུ་འབྱུང་བ་སྟེ། དེ་ཡང་རྩ་བའི་ངེས་པ་གོང་དུ་བཤད་པ་བཞིན་ས་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱང་སེམས་སྐད་གཅིག་མ་གཅིག་གི་འགྲོས་ལ་ཚང་ཞིང་། དེ་རྩལ་རྫོགས་པ་གཅིག་གི་སྟེང་དུ་མི་འཕྲོགས་པའི་རང་ངོ་ཤེས་པའི་གནད་ལས་དེ་ལྟར་མི་འོང་ཀ་མེད་པའི་ཕྱིར་ཏེ། འཁོར་འདས་གཉིས་རྒྱུད་གཅིག་ཅིང་། དེ་ཡང་མ་དག་པ་དག་པའི་དབྱེ་བ་ཡིན་ལ། དག་བྱ་ཡང་སེམས་ལས་གཞན་མ་ཡིན་པར་ནི་ཐག་པ་འདིས་འགྲོ་བ་མཐའ་དག་གཏམ་མཐུན་ལ། དེ་ཡང་གནད་གཏུགས་ན་འདི་ལྟ་བུ་གཅིག་ལས་མི་གདའ་བའི་ཕྱིར་རོ། །དེ་བས་ན་ངེས་པ་འདིའི་དབང་དུ་བྱས་ནས་གཞི་འབྲས་དབྱེར་མེད་པའི་ངེས་གསང་མཐར་ཐུག་པ་རྙེད་ནས་ནི་བཅོས་པ་ཉིད་ལས་གཞན་པའི་ཞི་ལྷག་ལ་སོགས་པའི་ཏིང་ངེ་འཛིན་དང་། སྤངས་ཐོབ་དགག་བསྒྲུབ། ཉམས་རྟོགས་སོགས་གང་ཡང་བཞག་ཏུ་མེད་ཅེས་སྨྲ་བ་ནི་བརྗོད་པར་བྱ་བ་བཟློག་པས་ཏེ། སེམས་ཀྱི་སྤྱོད་ཡུལ་ལོག་པས་སོ། །ཞེས་པའི་ངེས་པ་ལྟར་ཡིན་ལ། དེ་ཐམས་ཅད་མ་བཅོས་པ་ཉིད་ལའང་ཚང་བ་ཡིན་ཏེ། སྒྲོ་འདོགས་ཆོད་པའི་ཆ་ནས་ལྷག་མཐོང་དང་། གང་ཤར་དེའི་ངང་ལས་མི་གཡོ་བས་ཞི་གནས་སུ་འགྱུར་བ་སོགས་སོ། །དེའི་ཕྱིར་འཁོར་ལོ་དྲུག་གི་ལྟེ་བར་ས་ཟུང་རེ་བཞག་པ་སོགས་ཀྱང་རྩ་བའི་ངེས་པ་འདི་ལས་ཁོང་དུ་ཆུད་དགོས་ཏེ། འཁོར་ལོ་དྲུག་ཅེས་པ་ཡང་དོན་ལ་ཁམས་དྲུག་པོ་ཉིད་ཡིན་ཞིང་། རླུང་སྟོང་བརྒྱད་བརྒྱ་བ་སྟེ་སྒྲིབ་བྲལ་དུ་བྱས་པ་ལ་ས་རེར་བཞག་པ་དང་། དུས་སྦྱོར་རེའི་རླུང་དག་པའང་གནད་གཅིག་ལ། དེ་ཡང་གོང་དུ་བཤད་པའི་རྣལ་འབྱོར་བཞིའི་རིམ་པས་དུས་སྦྱོར་གཅིག་གི་རླུང་ཆིངས་ན་དུས་སྦྱོར་ལྷག་མ་རྣམས་ཀྱང་དག་པ་དེའི་རང་བཞིན་དུ་འཆར་ཞེས་གསུང་བའང་ཤིན་ཏུ་གནད་ཆེ་བར་སྣང་སྟེ། ས་ལམ་གཅིག་ཆོད་ཀྱི་ངེས་པས་ས་རླུང་ཁོར་གཅིག་དག་པ་ལས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་དག་པ་དང་། དག་པ་ལ་བཞག་པའི་ས་ཐམས་ཅད་ཀྱང་ཚང་བའི་ཕྱིར་རོ། །འོ་ན་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་བཤད་པ་ཇི་ལྟ་བུ་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་སངས་རྒྱ་བར་སྨྲ་བ་པོ་དེ་དག་གིས་ཀྱང་། སྔགས་ཀྱི་ངེས་པས་ཚེ་གཅིག་གིས་སངས་རྒྱ་ལོ་ཞེས་ཟེར་བ་དེ་དག་གི་འགལ་བ་སྤོང་བར་བྱོས་ཤིག །དེ་ནི་རྨི་ལམ་ནང་ན་ལོ་གཅིག་ཀུན། ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་རྣམས་ཀྱང་། །སྐད་གཅིག་ཉིད་དུ་འདུ་བར་འགྱུར། ཞེས་བྱ་བའི་ངེས་པས་བློའི་སྟོབས་ཁྱད་པར་དུ་འགྱུར་བ་ཉིད་ལས་གྲངས་མེད་སོགས་དེ་སྙེད་ཀྱིས་ཚོགས་མྱུར་དུ་རྫོགས་པ་ཡིན་ནོ་ཞེ་ན། འདིར་ཡང་ངེས་པ་དེ་ཉིད་དེ། བློའི་སྟོབས་ཁྱད་པར་དུ་གྱུར་པ་ཉིད་ཀྱིས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ངེས་པ་ལས་ཡིན་ནོ། དེ་བས་ན་འདི་འདྲ་བའི་སྒྲོ་འདོགས་ཇི་སྙེད་འབྱུང་བའི་རྩ་བ་ཡང་། སེམས་དག་པར་བྱེད་པ་ལ། དེ་གང་གིས་མ་དག་པར་བྱས་པའི། དེ་དང་ཚོགས་པ་གཅིག་པའི་རྩ་རླུང་ཐིག་ལེའི་ངེས་པ་ཁོང་དུ་མ་ཆུད་པ་ཉིད་ཀྱིས། རྩ་ཡིག་ཐིག་ལེ་སོགས་འཇིག་རྟེན་གྱི་བཞག་པ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པའི་དགོངས་པའི་སྐད་ཁོང་དུ་མ་ཆུད་པ་ལས། རྩ་ཆུ་རྒྱུས། ཡི་གེ་ཡིག་གཟུགས། རླུང་འབྱུང་འཇུག་གི་མཚན་ཉིད་ཅན། ཐིག་ལེ་དཀར་དམར་གྱི་སྙིགས་མ་སོགས་ཁོ་ནར་བཟུང་བའི་དབང་ལས་ཡིན་ཏེ། སྨྲ་བ་པོ་དེ་དག་གིས་ནི་རྩ་སྤྲུལ་སྐུ་སོགས་དང་། ཁམས་གསུམ་རྩ་རླུང་ཐིག་ལེ་དེ་དག་གིས་བྱས་པ་སོགས་མཐའ་དག་ཕྱོགས་ཙམ་ཡང་མ་མཚོན་ཞིང་། ཡི་གེ་འདུ་བྱེད་ཕུང་པོར་གཏོགས་པར་ཆེས་མངོན་པར་གྲགས་པ་ཙམ་ཡང་མ་ཚོར་བར་ཟད་དོ་དེས་ན་རྡོ་རྗེ་ཐེག་པའི་རྩ་བའི་གནད་ཀུན་འབྱུང་གི་དབང་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །ཞེས་ཐེག་པ་ཐུན་མོང་བ་ལས་འདོན་པ་ཇི་སྲིད་པར། རྩ་ཉིད་ཀྱིས་ནི་ཞེས་དང་། རླུང་ཉིད་ཀྱི་ནི་ཞེས་དང་། ཐིག་ལེ་ཉིད་ཀྱི་ཞེས་སོགས་འདོན་ཏེ། དེ་ཐམས་ཅད་ཀྱང་མ་དག་པའི་རིམ་པར་གནད་གཅིག་ཅིང་། དག་པའི་དབང་ལས། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། དྭངས་མ་བདེ་ཆེན་གྱི་ཐིག་ལེ་དང་། བཟུང་འཛིན་དང་བྲལ་བའི་སེམས་རྣམས་ཀྱང་མིང་གི་རྣམ་གྲངས་ཏེ། དེ་བས་ན་སེམས་ཀྱི་བཟུང་འཛིན་དག་ན། རྩ་ཐམས་ཅད་རྩ་དབུ་མ། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དང་། ཐིག་ལེ་ཐམས་ཅད་བདེ་ཆེན་དུ་འཆར་བ་ཡིན་ཏེ། དེང་སང་ནི། རོ་རྐྱང་དྷུ་ཏིར་ཆུད་པ་བཟུང་འཛིན་དབུ་མར་རོ་མཉམ་པ་ལ་མ་གོ་བར་རོ་རྐྱང་གི་རླུང་གཉིས་ཤེད་ལུས་དབུས་ཀྱི་རྩ་དྲང་པོ་ཞིག་ཏུ་རྒྱུ་མ་ཕུས་བཏབ་པ་ལྟར་དགང་རྒྱུ་ཡོད་པ་ཞིག་ཏུ་བཟུང་ནས་མི་ཤེས་བཞིན་དུ་གནད་བཅིང་བར་རློམ་པས་ཕལ་ཆེར་ཕྱིན་ལོག་གི་སྦུབས་སུ་ཆུད་པ་ཡིན་ནམ་སྙམ་མོ། །རྩ་བའི་ངེས་པ་དེ་ཉིད་ཀྱི་ཕྱིར། ཇི་སྐད་དུ་རླུང་ནི་བཅིངས་པར་གྱུར་པ་ཡིས། །སེམས་ནི་འཆིང་བར་འགྱུར་བ་སྟེ། །སེམས་ཉིད་བཅིངས་པར་གྱུར་པས་ཀྱང་། །རླུང་འཆིང་བར་ནི་འགྱུར་བའོ། །ཞེས་འབྱུང་བ་སྟེ། དེ་ཡང་དབང་པོ་དང་རྒྱུད་ཡོངས་སུ་སྨིན་པ་མཆོག་གི་ངེས་པས། སེམས་བཅིངས་པ་ལས་ནི་རླུང་རང་བཅིངས་པར་འགྱུར་བ་སྟེ། དཔེར་ན་སྐྱེས་བུ་རྩལ་བག་དང་ལྡན་པས་རྟ་དམུ་རྒོད་དག་འཛེག་པ་ན་དེའི་གདུལ་དཀའ་བའི་སྤྱོད་པ་མཐའ་དག་སྐྱེས་བུ་དེའི་རྒྱན་དུ་གྱུར་ཏེ་ཉམས་འོག་ཏུ་ཆུད་པ་ལས་རང་དབང་དུ་བྱེད་པ་བཞིན་ནོ། །དེ་བས་ན་འདི་ལ་རླུང་མི་རྟོག་རྒྱ་ཡན་དུ་བཅིངས་པ་དང་། དབང་པོ་ཡུལ་ལ་ཐུགས་ཕྲད་ཀྱི་སྟེང་དུ་གང་ཤར་འགག་མེད་ཀྱི་རྩལ་སྦྱོང་བ་སོགས་ནི་མཆོག་གི་ངེས་པ་ཡིན་ཏེ། ཤེས་པ་དང་མར་རྩལ་རྫོགས་པ་རང་སྣང་དང་བཅས་པ་ལས་གཞན་པའི་དྭངས་མའི་རྩ་རླུང་ཐིག་ལེ་མེད་ལ། དེ་བཅིང་བ་ཡང་མ་བཅོས་པ་རང་བབས་ལས་གཞན་པ་ཐམས་ཅད་བཟུང་འཛིན་རོ་རྐྱང་གི་དབང་དུ་གྱུར་པ་ཤ་སྟག་ཡིན་པས་དབུ་མར་མི་ཆིངས་པའི་ཕྱིར་རོ། །དེས་ན་འདི་ལ་ལུགས་བཟློག་གི་གནད་འཆིང་བ་ཡང་། སེམས་རླུང་གི་དབང་དུ། གཡོན་ནས་གཡས་སུ་འཕོ་འཚམས་ཀྱི་མཉམ་རྒྱུ་ས་ལ་དུས་གནད་ཀྱི་ངེས་པས་གནད་བཅིང་བ་ཙམ་ནི་བཞེད་ཅིང་གནད་དུ་ཡང་ཆེ་ལ། གནད་དུ་འགྲོ་མི་འགྲོ་ནི་དུས་དེར་དྭངས་མ་ཆིངས་མ་ཆིངས་ཡིན་ཞིང་། དེ་བཞིན་དུ་ཚུལ་འདི་ལ་སྤྱོད་པ་ཡང་བྷུ་སུ་ཀུ་དང་། གསང་སྤྱོད་སྦས་པ་སོགས་སྤྱོད་པ་ཤས་ཆེ་མོད། འོན་ཀྱང་དུག་གསུམ་བདེ་གསལ་མི་རྟོག་པར་ལྷུན་གྲུབ་ཉིད་རགས་པ་བཙལ་བདེ་བ་ལས་མངོན་དུ་བྱེད་པ་དང་། གཞན་དོན་ཚོགས་སྤྱོད་ཀུན་བཟང་སོགས་ཀྱི་དབང་གིས། ལས་རྒྱ་ལ་བརྟེན་པ་དང་། གཉིད་འཐུག་དང་། ལྷག་པར་ཞེ་སྡང་གི་རྩལ་ཕྱུང་སྟེ་གནས་ལུགས་ཀྱི་འཁོར་ལོ་རོ་སྙོམས་པའམ་མངོན་དུ་བྱེད་པ་དིང་སང་རོ་སྙོམས་ཀྱི་ཕྱག་བཞེས་ལས་འབྱུང་བ་རྣམས་ཡིན་ཏེ། རགས་པ་ལས་ལུགས་བཟློག་ཏུ་འཆིང་བའི་ངེས་པ་མཐར་ཐུག་པ་རྣམས་ཡིན་པས། ལས་རླུང་དག་པ་སོགས་ལ་གནད་དུ་འགྲོ་ཕུལ་ཆེས་མྱུར་ཞིང་ཆེ་བ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་དབང་པོ་མཆོག་གི་དབང་དུ་བྱས་པར་འགྱུར་གྱི། གཞན་སྟོང་གཟུགས་ཉིད་ཕྱག་རྒྱ་ཆེན་མོར་བཟུང་ནས། དེའི་རེ་བས་ཡིད་བཅིངས་བཞིན་དུ་རྟོག་རླུང་གི་འགྱུ་བ་ཆེད་དུ་འགགས་པའི་སྡུག་རྩིར་ལ་ངེས་པ་འདི་མ་གོ་ན་ངལ་བ་འབའ་ཞིག་ཏུ་ཟད་དེ། གནད་འདི་ཁོང་དུ་ཆུད་ན་ནི་སྣང་བ་ཐམས་ཅད་ཀྱང་རང་བྱུང་གི་སྟོང་གཟུགས་ཡིན་ཞིང་། སེམས་ཆིངས་པ་ལས་རྩ་རླུང་ཆིངས་པའི་སྣང་བ་ངེས་མེད་དགོས་ནའང་གང་དགོས་འཆར་ལ། གནད་འདི་འདྲ་བ་གཅིག་མ་ཟིན་ན་ནི་སྟོང་གཟུགས་ཙམ་ལ་སྙིང་པོ་མེད་དེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཕྱི་རོལ་པ་དང་ཐུན་མོང་པར་ཡང་སྟོང་གཟུགས་ཇི་སྙེད་འཆར་བར་བཤད་པའི་ཕྱིར་རོ། །དེས་ན་སྟོང་གཟུགས་ཉིད་ཀྱི་རྩ་བའང་། སེམས་མི་འགྱུར་བའི་བདེ་བར་ལྷུན་གྱིས་གྲུབ་པའི་ངེས་པས། དེའི་འོད་རྩ་རླུང་གི་རྟེན་འབྲེལ་ལས་སྣང་བ་འདི་མཐའ་དག་པྲ་རྣམས་ཀྱི་རང་བཞིན་ལྟ་བུར་ལྷུན་གྲུབ་ཏུ་གནས་ཤིང་། དེའི་གནད་ཀྱིས་བཙན་ཐབས་ཀྱི་སྦྱོར་བས་རླུང་ཅུང་ཟད་རེངས་ནའང་། དེའི་རང་གཟུགས་རྟག་སྣང་དུ་འཆར་བ་འདིས་མཚོན་ལ། དེ་ཡང་རྩ་བ་ཟུང་འཇུག་གི་ངེས་པར་མ་ཤེས་ན་རྟག་སྣང་ལ་སྙིང་པོ་མེད་ཅིང་། ཤེས་ན་རྟགས་སྣང་དང་སྟོང་གཟུགས་ད་ལྟར་གྱི་སྣང་བ་མ་འགགས་པ་འདི་མཐའ་དག་ཡིན་པའི་ཕྱིར་རོ། །ཅི་ཏིང་ངེ་འཛིན་གྱི་ཡན་ལག་ནི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་ཆེད་དུ་ཡིན་ལ། དེ་ནི་ཡན་ལག་དེ་དང་པོར་རྙེད་ནས་ལོ་གསུམ་ཕྱོགས་གསུམ་དུ་ཉམས་སུ་བླངས་པའི་བསྒྲུབ་ཆེན་གྱིས། ལས་རླུང་རྟེན་དང་བཅས་པ་འགགས་ནས་ས་བཅུ་གཉིས་ཀྱི་རིམ་པས་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་སེམས་འཆིང་བ་མ་བཅོས་པའི་རིམ་པ་ལ་རུང་། མ་བཅོས་པ་ཉིད་ཀྱང་སེམས་ཧད་དེར་འདུ་ཤེས་པའི་མཚན་ཉིད་ཅན་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་ཆར་གྱུར་པ་དག་མ་ཡིན་ཞེ་ན། བཤད་པར་བྱ་སྟེ། རིམ་པ་དེ་འདྲ་བས་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པ་ལ་ཡང་ཐོག་མར་ཡེ་ཤེས་མངོན་དུ་བྱེད་དགོས་ལ། ཡེ་ཤེས་ནི་སེམས་ལས་གཞན་དུ་བཙལ་བར་བྱ་བ་མ་ཡིན་ཞིང་། དེ་ཚོལ་བའི་ཐབས་ཇི་སྙེད་གཅིག་ལས་འོངས་ཀྱང་རུང་། རྩ་བའི་ངེས་པ་མཐར་ཐུག་པ་ནི་མ་བཅོས་པ་ཉིད་ལས་གཞན་མེད་དེ། བཅོས་པ་ཐམས་ཅད་ནི་བཟུང་འཛིན་གྱི་གཡོ་བས་དབང་བྱས་པ་འབའ་ཞིག་ཏུ་རེད་པས་གནས་ཚུལ་རིང་བའི་ཕྱིར་རོ། །དེས་ན་མ་བཅོས་པའི་རིམ་པ་དེས་ཡེ་ཤེས་མངོན་དུ་བྱེད་པ་ལ་ནི། གཞི་དང་ལམ་དང་སངས་རྒྱས་ཐམས་ཅད་གོ་གཅིག་པ། །རང་བཞིན་གཉུག་མའི་སེམས་ནི་ཡིད་ཀྱིས་ཡིད་ལ་དྲིས། ཤེས་བྱུང་བ་ལྟར་སེམས་སྐད་གཅིག་མ་གཅིག་གི་སྟེང་དུ་གཅིག་ཆར་མངོན་དུ་བྱེད་པ་ཞིག་དང་། རིམ་གྱི་མངོན་དུ་བྱེད་པའི་ཚུལ་གཉིས་ཡོད་པ་ནི་གོང་དུ་ཕྱེ་ལ། གཉིས་པོ་གང་ཡིན་ཀྱང་རུང་། ཡེ་ཤེས་མངོན་དུ་བྱེད་པ་ལ་ནི་མ་བཅོས་པའི་རིམ་པར་སོང་བ་གཅིག་དགོས་ཏེ། ཏིང་ངེ་འཛིན་ཞེས་པའི་ངེས་པའང་དེ་ཉིད་དོ། །ཡེ་ཤེས་དེ་མངོན་དུ་བྱས་པའི་སྐུ་ནི་སྔར་བཤད་པའི་མི་ཤིགས་པའི་རྡོ་རྗེའི་སྐུ་བརྟན་གཡོ་ཐམས་ཅད་པ་དེ་གཞི་ལ་ཇི་ལྟར་ཡོད་པ་མངོན་དུ་གྱུར་པའི་གནས་སྐབས་ཡིན་པས། འཇའ་ཚོན་ལྟ་བུའི་དྭངས་ལུས་ཁོ་ནར་མ་ངེས་ཤིང་། གཞན་སྣང་དུ་འཆར་བ་ནི་གང་ཟག་སོ་སོའི་རྩ་ཁམས་ཀྱི་དབང་བཞིན་འཆར་བས་གཅིག་ཏུ་ངེས་པ་བཞག་ཏུ་མེད་དོ། །དེ་འདྲ་བའི་མ་བཅོས་པ་ཞེས་པ་དེ་ཡང་བློས་བཞག་གང་ཀྱང་མ་ཡིན་པའི་སེམས་ཀྱི་བབས་སྨྲ་བསམ་བརྗོད་མེད་ཉིད་མངོན་དུ་བྱེད་པ་ལ་སྨྲ་ཡི། རིམ་པ་འདི་ལ་མ་བཅོས་པ་ཉིད་ཀྱང་བཞག་ཏུ་མེད་ན། ཇི་ལྟར་འདུ་ཤེས་ཕྲ་བའི་མཚན་ཉིད་ཅན་གྱི་གཟུགས་མེད་ཀྱི་ཏིང་ངེ་འཛིན་དུ་དགོས། མདོར་བསྡུས་ན་སེམས་ཀྱི་བབས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་བསལ་བཞག་དང་བྲལ་བར་མངོན་དུ་བྱེད་པ་ལ་མིང་མ་བཅོས་པར་བསྙད་པ་སྟེ། བཅོས་ན་མཐའ་གང་རུང་གཅིག་གམ་བསལ་བཞག་ལས་མི་འདའ་བའི་ཕྱིར་རོ། །དེས་ན་འདི་ཇི་ལྟ་བ་ནི་ཡིག་གེའི་ལམ་དུ་མཚོན་དུ་མེད་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ངེས་གསང་བསྟན་པ་མཐའ་དག་གི་སྙིང་པོ་འདི་ལ་རྟོག་གེའི་བློས་རྒོལ་བ་ནི་བཟློག་ཏུ་མེད་པའི་ངན་སོང་གི་གཡང་ས་ཆེན་པོར་འཁུམས་པས་ཅི་ནས་ཀྱང་སྐལ་བ་དང་ལྡན་པར་བྱོས་ཤིག དེ་བས་ན། ལམ་གྱི་ངེས་པ་དེ་ཐམས་ཅད་ཀྱང་གཅིག་ཆོད་དུ་སོང་བའི་གཅིག་ཆར་བའི་རིགས་གཅིག་དང་། དབང་བཞིའི་ལམ་ལ་རིམ་གྱིས་བློ་སྦྱངས་ཏེ་བཞི་པའི་ལམ་ཉིད་ཀྱིས་མཐར་ཐུག་པར་ངེས་པར་འབྱུང་བའི་རིམས་གྱི་པ་དང་། དེ་ལ་ཡང་ཐེག་པ་གསུམ་པོ་མཐའ་དག་ལ་བསླབ་པ་སྔོན་དུ་སོང་བའམ། ཇི་ལྟར་རིགས་པ་དག་ཀྱང་རུང་སྟེ་ཐེག་པའི་འཇུག་སྒོ་དཔག་ཏུ་མེད་པ་ཉིད་ལ་བསླབས་ཏེ། དབང་བཞིའི་སྒོར་རིམ་གྱིས་སྨིན་པའམ། དེ་འདྲ་བའི་དང་པོ་ཉིད་ནས་ཀྱང་སྟེ་དབང་སོ་སོའི་ལམ་དུ་རིམ་པ་ལ་མ་ལྟོས་པར་ཐོད་རྒལ་དུ་ཞུགས་པ་དག་ཀྱང་ཡོད་ཅིང་། དེ་ཐམས་ཅད་ཀྱང་ཇི་ལྟར་ཐེག་པའི་ཚུལ་ལ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཤེས་བྱ་བའི་ཚུལ་དེ་ཉིད་རྒྱུད་སྡེ་བཞི་དང་། དེའི་བླ་མེད་ཉིད་ཀྱི་དབང་བཞི་ལ་ཡང་སྟེ། དབང་དང་པོ་གསུམ་ལ་ཡང་རང་རང་གི་ངེས་པར་འབྱུང་བའི་འབྲས་བུ་ནི་སྔར་གནས་སྐབས་སོ་སོའི་སངས་རྒྱས་བཤད་ཅིང་འཆད་འགྱུར་དག་ཡིན་ལ། མཐར་ཐུགས་པ་ནི་བཞི་པའི་དབང་དུ་བྱས་པ་ཉིད་དེ། གཞིའི་གནས་ཚུལ་དཔྱིས་ཕྱིན་པར་མངོན་དུ་གྱུར་པ་ལས་གཞན་པའི་མཐར་ཐུག་གི་འབྲས་བུ་བཞག་ཏུ་མེད་པའི་ཕྱིར་རོ། །ངེས་པ་འདི་ཉིད་ཀྱིས་ན། ཐམས་ཅད་ཐེག་པ་རྡོ་རྗེ་ཐིག་ལེ་ངེས་པས། ཐེག་པ་ཐམས་ཅད་དོན་གྱི་ངེས་པས་རྡོ་རྗེའི་ཐེག་པར་འདུ་བ་དང་། ཡང་གནས་སྐབས་ཀྱི་ངེས་པར་འབྱུང་བའི་དབང་དུ་མདོ་རྒྱུད་དབང་པོའི་ལམ་འབྲས་ཀྱི་ཚུལ་རྣམས་རང་སར་ཇི་ལྟར་བཤད་པ་བཞིན་ཡིན་པ་དང་། མཐར་ཐུག་གི་ངེས་པས་བླ་མེད་ཀྱི་རྒྱུད་སྡེའི་སྙིང་པོ་དབང་བཞི་པའི་ལམ་དུ་ཐམས་ཅད་ཀྱང་བསྒྲོད་པ་གཅིག་པ་ཞེས་བྱ་བ་འདི་ཡིན་ཏེ། རྒྱལ་བའི་བསྟན་པ་སྤྱིའི་ཕྱག་རྒྱའོ། །སྣ་ཚོགས་རི་གླིང་རྒྱ་མཚོར་བཅས་པའི་སྲེད་ལྡན་ཀྱང་། །ཕྱོགས་ཀྱི་ལང་ཚོ་རབ་གསལ་མ་དེར་བག་ཕེབས་གྱུར། ཨ་མྲའི་ཚལ་དུ་བལ་པ་ཙ་ཡང་འཛིངས་ཉིད་ན། །ཀྱེ་ཧུད་ཡངས་དང་དོག་པའི་བློ་ཡི་ཁྱད་པར་ལྟོས། །ཤེས་ཀྱང་སྨྲ་བར་ངེས་སོ། །དེ་ལྟར་ལམ་རིགས་དེ་ཐམས་ཅད་ཀྱང་ས་ལམ་གྱི་ངེས་པ་སྤྱི་དང་སྦྱར་ན། མཉམ་སྦྱོར་ལས་རྒྱུའི་ས་ལ་བཅུ་དང་། འབྲས་བུ་སངས་རྒྱས་ཀྱི་ས་ཉིད་ལ་དྲུག་ཏུ་ཕྱེ་བས་བཅུ་དྲུག་དང་། དེ་བཞིན་དུ་རྒྱུད་སྡེ་གཞན་དག་ལས་འབྲས་བུའི་སའི་དབྱེ་བསྡུས་ས་བཅུ་བཞི་དང་། བཅུ་གསུམ་དང་། བཅུ་གཅིག་ལ་སོགས་པའི་རྣམ་བཞག་མཛད་པ་ལས། རེ་ཤིག་རྒྱུའི་ས་བཅུ་པོ་ཉིད་ཀྱང་རྩ་བའི་ངེས་པ་བདེ་བ་ཆེན་པོ་གཅིག་ཉིད་ལ་སར་རྣམ་པར་ཕྱེ་བའི་དོན་གྱིས། དེའི་གནས་སྐབས་ཀྱི་མཐོང་ཚུལ་དབང་བཞི་སོ་སོའི་ལམ་དུ་ས་བཅུའི་རྣམ་བཞག་དང་། དེ་བཞིན་དུ་རྒྱུད་སྡེ་དང་ཐེག་པ་འོག་མ་དག་ལ་ཡང་སྟེ། རྒྱས་པར་སྔར་བསྟན་པ་ཉིད་ཡིན་ལ། དེ་ཐམས་ཅད་ཀྱང་གཞིའི་གནས་ཚུལ་མཐོང་ཚུལ་གྱི་རིམ་པས། དང་པོ་སྤྲིན་དང་འདྲ་བ་སྟེ། ཞེས་སོགས་ཀྱེའི་རྡོ་རྗེ་ལས་འབྱུང་བའི་རྗེས་སུ་འབྲངས་ནས། སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། རྨི་ལམ་སད་ལ་བྱེ་བྲག་མེད་པ་སྟེ་གནས་སྐབས་རྣམ་པ་བཞིས་བསྡུས་པར། ཚད་མར་གྱུར་པའི་སློབ་དཔོན་ཤཱནྟི་པ་དང་། གྲུབ་པའི་སློབ་དཔོན་ཐ་ག་ནི་རྗེས་འབྲང་དང་བཅས་པས་བཞེད་པ་ལྟར་ལེགས་གསུངས་ཏེ། དེ་ཡང་མོས་པའི་སྤྱོད་པ་མཐའ་དག་ནི་དེ་ཁོ་ན་ཉིད་ལ་སྤྲིན་ཕག་གི་ཉི་མ་རྟོག་པ་ལྟ་བུ་ཡིན་པའི་ཕྱིར་གནས་སྐབས་དང་པོ་དང་། མ་དག་ས་བདུན་ཉོན་མོངས་པའི་ཡིད་ཀྱིས་མ་དག་པས་གཉིས་སྣང་གི་ཞེན་པ་ཕྲ་མོས་བསླད་པའི་ཕྱིར་གནས་སྐབས་གཉིས་པ་དང་། དག་པ་ས་ནས་ནི་ལྷན་གཅིག་སྐྱེས་པའི་གཉིད་ཀྱིས་ལོག་པ་ལས་ཆོས་ཐམས་ཅད་དེའི་ངང་དུ་འཆར་བའི་ཕྱིར་རྨི་ལམ་ལྟ་བུ་དང་། འབྲས་བུའི་ས་ནས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གཞིའི་གནས་ཚུལ་མངོན་དུ་གྱུར་པའི་ཕྱིར་གནས་སྐབས་བཞི་པར་བཞེད་ལ། དེ་ཡང་ཐེག་པ་སྤྱིའི་དབང་དུ་བྱས་པ་དང་། གནས་སྐབས་སོ་སོའི་ས་ལམ་གྱི་དབང་དུ་བྱས་པའི་གནས་སྐབས་ཀྱི་རྣམ་པར་དབྱེ་བ་གཉིས་སུ་འགྱུར་བ་ནི། གོང་དུ་རྣལ་འབྱོར་གཅིག་དང་། དགའ་བ་བཞི་སོགས་ལ་ཇི་ལྟར་ཕྱེ་བ་ལྟར་ཡིན་པ་ལས། དང་པོའི་དབང་དུ་བྱས་ན་ཉན་རང་གི་ཐེག་པ་ཐམས་ཅད་ནི། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་འབྱུང་བ་ལྟར། སྤྲིན་ལྟ་བུའི་གནས་སྐབས་ཡིན་ལ། ཐུན་མོང་བའི་ཐེག་ཆེན་སྤྱི་དང་། རྒྱུད་སྡེ་འོག་མ་གསུམ། གོང་མའི་ཡང་བུམ་དབང་འཁོར་དང་བཅས་པའི་ལམ་ནི། གཞན་རྟོག་ཕྲ་རགས་ཀྱིས་མ་དག་པ་ཉིད་ཀྱིས་གཞིའི་གནས་ཚུལ་རང་བཞིན་མེད་པར་མངོན་དུ་གྱུར་ཀྱང་དེའི་སྣང་བ་ལ་གཞན་དུ་མཐོང་བ་སྒྱུ་མ་ལྟ་བུའི་གནས་སྐབས་ཏེ། ངེས་པ་འདི་ཉིད་ཀྱི་དབང་དུ་བྱས་ནས། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་བསྐྱེད་རིམས་ཀྱི་ས་བརྒྱད་པ་ལ་ཐུག་གི་བར་དུ་བསྒྲོད་པར་ཡང་བཞེད་པ་ཡིན་ནོ། །དབང་གོང་མ་གསུམ་གྱི་ལམ་ནི་ཇི་ལྟར་རིགས་པར་གཞིའི་གནས་ཚུལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པ་ལས་བདེ་བ་ཆེན་པོའི་གཉིད་ཀྱིས་མྱོས་པར་གཅིག་ཅིང་དེ་ཡང་དག་པའི་རྡོ་རྗེ་གསུམ་མངོན་དུ་བྱེད་པའི་རིམ་པ་ལས། སྤྱིར་རྨི་ལམ་ལྟ་བུའི་གནས་སྐབས་དང་། རིམ་པ་བཞིན་དུ་དག་པ་ས་གསུམ་གྱི་ངེས་པར་ཡང་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་སྒྱུ་མ་དང་རྨི་ལམ་གྱི་གནས་སྐབས་སོ་སོ་ལ་ཡང་ཐེག་པ་དང་དབང་གི་ངེས་པས་རང་སའི་ལམ་ལྔར་འགྱུར་བ་ལས་གནས་སྐབས་བཞི་པོ་མི་འགལ་བའི་ཕྱིར། རྗེ་གཞོན་ནུའི་ཞལ་སྔ་ནས། མངོན་པར་བྱང་ཆུབ་པའི་རིམ་པའམ། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་ས་བཅུ་གཉིས་ཀྱི་རྣམ་བཞག་འབྱུང་བ་དེ་ནི། དབང་བཞི་པའི་ལམ་ལ་ལམ་ལྔར་ཕྱེ་བའི་མོས་སྤྱོད་ཆོས་མཆོག་ཆེན་པོའི་གནས་སྐབས་དེ་ཡིན་ལ། འདིས་གཙོ་བོར་སྣང་གསུམ་དག་པར་བྱེད་པ་ཉིད་ཀྱིས། དེ་ཕྱིན་ཆད་ཀྱི་ལམ་དང་ཐེག་པ་ཐམས་ཅད་དུ་འདིའི་མཐོང་ལམ་ཐོབ་ནུས་ཀྱི་ལམ་མེད་དེ། སྣང་སྒྲིབ་ཀྱི་དངོས་གཉེན་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡང་འདིར་མི་འགལ་བ་ཡིན་ཏེ། རྨི་ལམ་གྱི་གནས་སྐབས་དེ་ཉིད་ལ་དག་པའི་ས་གསུམ་དུ་ཕྱེ་བའི་ཐ་མ་དབང་བཞི་པའི་ལམ་ཉིད་ལ་གནས་སྐབས་བཞིར་ཕྱེ་བ་དེའི་དབང་དུ་ཡིན་ལ། དེའི་སྒྱུ་མ་དང་། རྨི་ལམ་གྱི་གནས་སྐབས་གཉིས་ནི། སློབ་པ་དང་མི་སློབ་པའི་ཟུང་འཇུག་ལ་བཞེད་པར་མངོན་སྟེ། གནས་སྐབས་གཞན་དུ་མི་སློབ་པའི་ཟུང་འཇུག་གང་ནས་འཇོག་ཞུས་པ་ན། ས་བརྒྱད་པ་ནས་འཇོག་པར་དམ་པ་རིན་ཆེན་བཞེད་པ་ལྟར་ཡིན་གསུང་བའི་ངེས་པ་ལས་སོ། །མི་སློབ་པ་འབྲས་བུའི་ས་ཁོ་ནར་ནི་མི་བཟུང་སྟེ། སློབ་མི་སློབ་ནི་ལྟོས་བཞག་ཡིན་ལ། དེར་ནི་དེ་འདྲ་བའི་བཞག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན་དེ་ལྟར་ན་དབང་བཞིའི་ཉམས་ལེན་ཐམས་ཅད་དག་པ་དང་མ་དག་པའི་སའི་ཉམས་ལེན་དུ་སྣང་ན། དེ་ཇི་ལྟར་ལས་དང་པོ་པ་ལ་རུང་ཞེ་ན། སྔགས་ཀྱི་ཐེག་པར་འབྲས་བུ་ཉིད་ལམ་དུ་བྱེད་ཅེས་ཐམས་ཅད་ཀྱང་ཁ་དོན་དུ་བྱེད་པ་མ་ཡིན་ནམ། བྱེ་བྲག་ཏུ་ཁོ་བོ་ནི་འཁོར་བ་ལས་གཞན་དུ་མྱང་འདས་མི་ཚོལ་བས་འགལ་བ་ཅི་ཞིག་ཡོད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལ། རྣམ་ཀུན་དང་། རྩེ་མོའི་མངོན་རྟོགས་སོགས་དག་པར་བཞག་ནས། དེ་དག་གི་སྦྱོར་བ་ལས་དང་པོ་པའི་སར་ཁས་ལེན་པའི་མཁས་གྲུབ་དེ་དག་གི་བཞེད་པ་གང་ཡིན་ཀྱང་བསམ་པར་བྱོས་ཤིག་གུ འོན་ཀྱང་ད་དུང་བརྟག་པར་བྱ་བ་དག་ཡོད་དེ་ས་བཅུའི་ངེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུས་ཕྱེ་བ་མ་ཡིན་ནམ། ཇི་ལྟར་ན་དབང་བཞི་དང་། རྒྱུད་སྡེ་སོ་སོའི་ལམ་དུ་ས་བཅུའི་རྣམ་བཞག་འཐད་ཅེ་ན། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུས་མཚོན་ནས། བྱང་ཕྱོགས་སོ་བདུན་སོགས་ལམ་གྱི་ཆོས་འདི་མཐའ་དག་ཀྱང་མདོ་རྒྱུད་དབང་གི་ངེས་པ་མཐའ་དག་ཏུ་རྣམ་པ་གསུམ་གྱིས་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟར་སྤོང་ལམ་གྱི་དབང་དུ་བྱས་པ་དང་། བསྒྱུར་ལམ་གྱི་དབང་དུ་བྱས་པ་དང་། ངོ་བོ་ཉིད་ལམ་དུ་བྱེད་པའི་དབང་དུ་བྱས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤོང་ལམ་གྱི་དབང་དུ་ནི། ཐམས་ཅད་ཀྱང་སོ་སོའི་མི་མཐུན་པའི་ཕྱོགས་སྤོང་བའི་གཉེན་པོའི་སེམས་ཀྱི་རབ་ཏུ་དབྱེ་བ་ལས་ཕྱེ་བ་སྟེ། འདི་ལྟར་ཕྱི་ནང་གི་ཆགས་པ་ཕྲ་རགས་ཀྱི་གཉེན་པོ་མ་ཆགས་པའམ་གཏོང་བའི་སེམས་འཁོར་དང་བཅས་པ་ལ་སྦྱིན་པའི་རབ་ཏུ་དབྱེ་བ་རྣམས་བཞག་པ་སོགས་ནས། ལུས་ཚོར་སེམས་ཆོས་བཞིའི་གཉེན་པོར་དྲན་པ་ཉེ་བར་བཞག་པ་བཞི་ཚོགས་ལམ་ཆུང་ངུར་བཞག་པ་སོགས་སོ། །བསྒྱུར་ལམ་སྔགས་ཀྱི་ངེས་པས་བུམ་དབང་ཕྱིན་དུ་ནི་དེ་ལས་སེམས་པ་དེ་འབྱུང་བའི་ཁམས་ཀྱི་རྟེན་འབྲེལ་གྱི་གནད་རིག་པ་ལས་རྩ་དང་རླུང་དང་ཁམས་ཀྱི་གནད་བཅིངས་པའི་ལྷ་དེ་དང་དེའི་ངོ་བོར་བསྒྱུར་ཏེ་བསྒོམ་པ་དང་། དེའི་སྔགས་བཟློས་པ་དང་། ཕྱག་མཚན་ལ་སེམས་འཛིན་པ་སོགས་ཀྱི། ཐབས་མཁས་ཀྱིས་སྤོང་ལམ་གྱི་བྱ་བ་དེ་དང་དེའི་མི་མཐུན་ཕྱོགས་སྤོང་བའི་སྟེང་དུ་དངོས་གྲུབ་ཀྱི་མཚན་མ་དག་ཀྱང་མྱུར་དུ་མངོན་དུ་བྱེད་པ་ནི་ཐབས་མཁས་པའི་ཁྱད་པར་ཏེ་རྣལ་འབྱོར་གྱི་རྒྱུད་ཕྱིན་དུའང་། བྱང་ཕྱོགས་རྣམས་རྩ་བའི་ལྷ་སོ་བདུན་དང་། ཕར་ཕྱིན་རྣམས་ཕྱི་ནང་གི་སྒེག་མོ་དང་། དེ་བཞིན་དུ་ས་དང་གཟུངས་རྣམས་ཀྱང་སྟེ་མདོར་ན་ལམ་གྱི་ཆོས་མཐའ་དག་ལྷར་བསྒྱུར་བ་དང་། དེ་བཞིན་དུ་བླ་མེད་དུའང་ལམ་གྱི་ཆོས་རྣམས་རྟེན་དང་བརྟེན་པའི་ངོ་བོར་བསྒྱུར་བ་དག་གཞིའི་ངེས་པ་དང་ཆོས་མཐུན་པར་ལྷའི་རྣལ་འབྱོར་དུ་བསྒྱུར་བས་སྔ་མ་ལས་ཁྱད་པར་དུ་འགྱུར་བའི་གཞིའི་གནད་འཆིང་བ་དང་། སྤང་བསྒྲུབ་ཀྱི་ཁྱད་པར་དག་ཀྱང་ཆེས་མྱུར་བ་སྟེ། ལམ་འདི་དག་རྣམས་སུ་ཉོན་མོངས་པ་དང་ཤེས་བྱ་དང་ལས་དང་སྙོམས་འཇུག་གི་མཚན་ཉིད་ཅན་གྱི་རང་ལམ་གྱི་སྒྲིབ་པ་བཞི་དང་། བདུད་བཞི་སོགས་ཀྱང་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་སུ་བསྒྱུར་བ་ལས་དེ་དག་བཅོམ་སྟེ་མི་འཇིགས་པ་བཞི་ལ་སོགས་པའི་ངོ་བོར་འགྱུར་བས། དེས་ན་ཉོན་མོངས་ལམ་བྱེད་ཀྱི་གནད་ཀྱང་བསྒྱུར་བ་ཉིད་གཙོ་ཆེ་བ་ཡིན་ནོ། །གསུམ་པ་དངོས་པོའི་ངོ་བོ་ཉིད་ལམ་དུ་བྱེད་པའི་དབང་ལས་ནི་གཞི་འབྲས་དབྱེར་མེད་ཀྱི་ངེས་པ་གཙོ་བོར་གྱུར་པ་ཡིན་ལ། དེ་འདྲ་བའི་དངོས་པོའི་ངོ་བོ་ཉིད་ལ་ཡང་། ཀུན་རྫོབ་རྩ་རླུང་ཐིག་ལེའི་ངེས་པ་དང་། དོན་དམ་སེམས་ཀྱི་གདོད་མའི་བབས་ཀྱི་དབྱེ་བས་དབང་གོང་མ་གསུམ་གྱི་ལམ་དུ་འགྱུར་བ་ཡིན་ཏེ། རྩ་རླུང་གཙོ་བོར་གྱུར་པ་ལ་གསང་དབང་། ཐིག་ལེ་གཙོ་བོར་གྱུར་པ་ལ་གསུམ་པ། ཕྱི་མ་ལ་བཞི་པར་བཞག་པའོ། །དེའི་ཕྱིར་ལམ་དེ་དག་རྣམས་སུ་སོ་སོའི་ངེས་པས་ལམ་གྱི་ཆོས་རྣམས་འཇོག་པ་སྟེ། རྩའི་དབང་དུ། སྙིང་རྗེའི་རྩ་བཅུ་ལ་ཕར་ཕྱིན་དང་ས་བཅུའམ། འཁོར་ལོ་དྲུག་གི་ལྟེ་བ་ལ་ཐབས་ཤེས་ཀྱིས་ཕྱེ་བས་ས་བཅུ་གཉིས་དང་། རྩ་སོ་བདུན་ལ་བྱང་ཕྱོགས་སུ་འཇོག་པ་ནས། བདུད་དམ་ཉོན་མོངས་བཞི་བཅོམ་པ་ཡང་འབྱུང་བཞིའི་འཁོར་ལོ་བཞི་དག་པར་བྱས་པ་སོགས་ཡིན་ལ། དེ་བཞིན་དུ་རླུང་གི་དབང་དུ་བྱ་བ་ཡན་ལག་གི་རླུང་བཅུ་ས་བཅུ་དང་། དེ་ཡང་མགོན་པོ་བཞིའི་རྣམ་པར་དབྱེ་བ་ལས་ཕྱེ་བའི་ཕར་ཕྱིན་དང་། དེ་ལ་སྒྲིབ་བཞི་བཅོམ་པ་སོགས་འཇོག་ལ། ཐིག་ལེའི་དབང་ལས་ནི་ཁམས་ལྔའམ་དྲུག་གི་ཐིག་ལེ་ཐབས་ཤེས་ཀྱིས་ཕྱེ་བས་ཕར་ཕྱིན་དང་ས་སོགས་དང་། ཁམས་སོ་བདུན་ལས་བྱང་ཕྱོགས་འབྱུང་བཞིའི་ཐིག་ལེ་དག་པ་ལ་སྒྲིབ་པ་བཅོམ་པ་སོགས་དང་། བཞི་པའི་དབང་དུ་ནི། ཐམས་ཅད་ཀྱང་དྭངས་མའི་འབྱུང་བ་ཁོ་ན་ལས་དང་། དེ་ཡང་རྩ་བ་སེམས་སྐད་གཅིག་མ་ཅིག་གི་ཆོས་ལ་ཐམས་ཅད་ཚང་བ་སྟེ། མདོར་ན། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་པའི་མྱ་ངན་ལས་འདས་པ་འཕྲོ་བ་ལ་ཡང་། འདིར་མྱ་ངན་ལས་འདའ་བར་བྱ་བའི་དབང་དུ་བྱས་པ་དང་། འདིས་བྱེད་པ་བྱེད་པའི་དབང་དུ་བྱས་པ་གཉིས་ལས། ཕྱི་མའི་མྱང་འདས་དེ་འཕྲོ་བའི་རིམ་པ་ཡིན་ལ། ལམ་ཆོས་སོ་སོར་རྩ་སོགས་ལས་དབྱེ་བ་ཡང་གྲངས་མཐུན་པ་ཙམ་ཞིག་སྙིང་པོར་བྱེད་པ་མ་ཡིན་གྱི། རྩ་བ་སེམས་ཀྱི་གཤིས་བདེ་བ་ཆེན་པོ་གཅིག་ཉིད། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དུ་གནས་པ་ལས་ས་ལམ་སོགས་སུ་དབྱེ་བའི་རྒྱུ་མཚན་རྩ་སོགས་ཀྱི་ངེས་པ་ལས་ཡིན་པས་དེའི་གནད་བཅིང་བ་ལ་དེ་དང་དེར་བཞག་པ་ནི་ནང་གི་གནད་རིགས་པས་བླ་ན་མེད་པའི་ཐབས་ཏེ། དེ་ཡང་ཀུན་འབྱུང་གི་ངེས་པས་ན་སེམས་ཀྱི་ཆོས་ཉག་གཅིག་ལ་བཞག་པ་དང་དེ་ཐམས་ཅད་ཀྱང་གནད་གཅིག་སྟེ། དེ་དག་རྣམས་ཀྱི་དོན་སྦྱིན་པའི་ཕར་ཕྱིན་ལྟ་བུ་གཅིག་ལ་མཚོན་ན། མཚན་འཛིན་གྱིས་བཅིངས་པའི་ཆགས་པའི་སེར་སྣ་འཁོར་བཅས་ནི་ཐར་པ་དོན་གཉེར་གྱི་སྤང་བྱ་ཡིན་ལ། དེའི་གཉེན་པོའི་རིམ་པ་ལ་དབང་པོའི་ངེས་པས། འཁོར་གསུམ་ཡོངས་དག་གི་མ་ཆགས་པའི་སེམས་པ་རྒྱུན་ཆགས་སུ་བསྒོམས་པས་སྤོང་བ་དང་། གང་ལས་སེར་སྣ་འབྱུང་བའི་རྩ་རླུང་གི་གནད་ལྷར་བསྒྱུར་ཏེ་དེ་བཞིན་གཤེགས་པས་བྱིན་གྱིས་རླབས་པའི་སྔགས་བཟློས་པས་སྤོང་བ་དང་། རྩ་རླུང་ཐིག་ལེ་ཉིད་ཀྱི་གནད་བཅིངས་པས་སྤོང་བ་དང་། ཆགས་སེམས་རྩལ་རྫོགས་པ་ཉིད་ཀྱི་རང་ངོ་ཤེས་པས་སྤོང་བ་རྣམས་ལས། ཐམས་ཅད་ཀྱང་ཆགས་པ་སྤོང་བར་ནི་སྦྱོར་བ་གཅིག་ཅིང་། འོན་ཀྱང་སྔ་མ་སྔ་མ་རྣམས་རིང་ཞིང་ཐབས་དཀའ་བ་དང་། སྤང་བྱ་དེ་དག་གི་བག་ཆགས་དང་བཅས་པའི་དོན་འབྱིན་བྱེད་ཀྱང་མ་ཡིན་ལ། ཕྱི་མ་ཕྱི་མ་རྣམས་གནད་བཅིང་བས་ཉེ་ཞིང་ཐབས་སླ་ལ་བག་ཆགས་ཀྱི་ལྡང་རོ་ཡང་རྩད་འབྱིན་ཞིང་། ཐམས་ཅད་ཀྱི་རྩ་བའི་མཐར་གཏུགས་པ་ཆགས་པ་རང་སར་ངོ་ཤེས་པའི་མ་བཅོས་པའི་རིམ་པ་ཉིད་ཞེས་བྱ་བ་འདི་ཡིན་ཏེ། ཚུལ་དེས་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་བྱ་ལ། གནས་སྐབས་སོ་སོའི་ངེས་དབང་འདི་ཉིད་ཀྱིས་བྱང་ཕྱོགས་སོགས་སྟོན་པའི་གཞུང་གཅིག་ཉིད་བློ་རྩེ་གཏད་པ་དུ་མར་འགྱུར་ཞིང་། རྩ་བའི་ངེས་གནད་གཅིག་ཏུ་ཡང་འདུ་བས་དམ་པ་རྣམས་ཀྱིས་མདོ་རྒྱུད་དུ་བྱུང་བའི་དེ་དག་གི་གཞུང་རྣམས་གཅིག་ཏུ་ཤན་སྦྱོར་བར་ཡང་མཛད་ལ། གནས་སྐབས་སོ་སོར་ཡང་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ལྟར་ལམ་གྱི་གནད་བཅིངས་པ་ལས། གཞིའི་གནས་སྐབས་སོ་སོའི་འཁྲུལ་པ་རྣམས་པར་དག་པ་ལ་བཞག་པ་གནས་སྐབས་ཀྱི་བྱང་ཆུབ་དང་། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་རང་སྣང་བ་ཅན་མཐར་ཐུག་གི་བྱང་ཆུབ་གཉིས་ལས། གནས་སྐབས་སོ་སོའི་ངེས་འབྱུང་ལས་མཐར་ཐུག་ཏུ་བསྒྲོད་པ་རིམ་གྱིས་དང་། མཐར་ཐུག་ཉིད་མངོན་དུ་བྱས་པ་ལས་ཐམས་ཅད་གཅིག་ཆར་དུ་བསྒྲོད་པ་གཅིག་ཆར་བའི་དབང་དུ་བྱས་པ་གཉིས་འབྱུང་ལ། གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་དེ་ཐམས་ཅད་ཀྱང་རྣམ་པར་མ་ཕྱེ་བར་འབྲས་བུའི་ས་འམ་སངས་རྒྱས་ཀྱི་ས་ཞེས་གཅིག་ཏུའང་བསྡོམས་ཤིང་། རྣམ་པར་ཕྱེ་བའི་དབང་ལས་དྲུག་ཏུ་རྣམ་པར་བཞག་སྟེ། འདི་ལྟར་མཉམ་སྦྱོར་གྱི་འགྲེལ་པ་ལས། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨོ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་བ་དང་ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་ཤིང་གཅིག་ཆར་ཐོབ་པའོ། །ཞེས་འབྱུང་བ་དག་གོ །གནས་སྐབས་ཀྱི་བྱང་ཆུབ་དེ་དག་ཀྱང་གོང་དུ་ལམ་ལ་དུ་མར་ཕྱེ་བའི་གནས་སྐབས་སོ་སོས་ངེས་པར་འབྱུང་བའི་དབང་དུ་བྱས་པ་སྟེ། དེ་ཡང་སྒྱུ་མ་ལྟ་བུའི་གནས་སྐབས་མདོ་སྤྱི་དང་། རྒྱུད་སྡེ་འོག་མ་གསུམ། གོང་མའི་ཡང་བུམ་དབང་ཕྱིན་གྱི་འབྲས་བུ་སངས་རྒྱས་ཀྱི་ས་ནི་ཀུན་ཏུ་འོད་དང་། པདྨོ་ཅན་ཏེ། དེའི་ཚུལ་ཡང་རིམ་པ་བཞིན་དུ་ཐེག་པ་ཐུན་མོང་བའི་ལུགས་ཀྱིས། འདི་སངས་རྒྱས་པ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་དང་། འདིས་སངས་རྒྱས་པ་ཆོས་ཀྱི་སྐུ་བྱང་ཆུབ་ཕྱོགས་མཐུན་ཚད་མེད་ལ་སོགས་པའི་ཡོན་ཏན་གྱིས་ཕྱེ་བ་ཅན་དག་རྫས་དང་ལྡོག་པའི་དབྱེ་བས་གཅིག་དང་ཐ་དད་དུ་སྨྲ་བའི་དབང་གི་སྐུ་གསུམ་མམ་བཞིར་འདོད་པ་དག་གང་ཡིན་ཡང་རུང་། ངོ་བོ་དངོས་པོ་སྤྱིའམ་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་ཡོན་ཏན་དེ་སྙེད་ཀྱིས་ཕྱེ་བ་མངོན་དུ་གྱུར་པ་ནི་དྲི་མ་མཐའ་དག་དག་ཆིང་ཡོན་ཏན་རྣམ་པ་ཐམས་ཅད་པའི་དོན་གྱིས་སངས་རྒྱས་དངོས་ཡིན་ཞིང་། དེ་ནི་སངས་རྒྱས་ནང་ཁོ་ནའི་སྤྱོད་ཡུལ་ཅན་ཡིན་པས་སྒྲིབ་པ་དང་བཅས་པ་རྣམས་ཀྱིས་སྤྱོད་ཡུལ་དུ་མི་འགྱུར་ལ། འོན་ཀྱང་སངས་རྒྱས་རྣམས་ནི་གཞན་དོན་འབའ་ཞིག་གིས་རབ་ཏུ་ཕྱེ་བའི་ཕྱིར། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ནུས་པའི་འཕེན་ཤུགས་བསམ་གྱིས་མི་ཁྱབ་པ་དག་ལས་ཇི་ལྟར་ཡིད་བཞིན་གྱི་ནོར་བུས་སེམས་ཅན་གྱི་རེ་བ་བསྐོང་བ་ལྟར། ཡེ་ཤེས་ཀྱི་སྐུ་དེ་ཉིད་བདག་པོར་གྱུར་པའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་སྣང་བརྙན་སེམས་ཅན་རང་གི་རྒྱུད་ཀྱི་ཁྱད་པར་ཡོངས་སུ་སྨིན་པའི་ཉེར་ལེན་ལས་སྣང་བ་དག་འབྱུང་བ་ཡིན་ཏེ། རེ་ཤིག་ཉོན་མོངས་པའི་སྒྲིབ་པས་རྣམ་པར་དག་ཀྱང་ཤེས་སྒྲིབ་ཀྱིས་ཡོངས་སུ་བཟུང་བའི་རྒྱུད་ཀྱི་ཁྱད་པར་ཅན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་དང་ཞིང་དང་ཆོས་དང་འཁོར་དུས་སོགས་ངེས་པ་ཅན་དུ་སྣང་བ་ཡིན་ལ། ཉོན་མོངས་པའི་སྒྲིབ་པ་ཙམ་གྱིས་དག་པ་དང་། དེས་མ་དག་ཀྱང་སྤྱིར་རྒྱུད་ཡོངས་སུ་དག་པ་དག་ལ་དེའི་ཆ་མཐུན་སྤྲུལ་པའི་སྐུ་གསུང་ཐུགས་དང་མཛད་པའི་ཁྱད་པར་དག་སྣང་ལ། དེ་ལ་ཡང་རིགས་ཅན་སོ་སོའི་རྒྱུད་ཀྱི་ཁྱད་པར་ལས། ཐེག་པ་ཆེན་པོ་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པ་དག་པར་ཆུད་པ་རྣམས་ལ་དམ་པའི་ཆོས་ཕལ་པོ་ཆེ་ལ་སོགས་པ་ནས་འབྱུང་བ་ལྟར་སྣང་བ་ལས་ནི་དམན་ལ། ཉན་རང་སོགས་ལ་ལྟོས་ཏེ་ནི་དེ་དག་གིས་བསམ་གྱིས་མི་ལང་བ་དག་སྣང་བ་སྟེ། དེ་ཡང་ཉན་ཐོས་རྣམས་ལ་ནི་རང་གི་རྒྱུད་ཁོ་ནའི་རྐྱེན་ཅན་གྱི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་ཅན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་ཀྱང་མཉམ་པར་བཞག་པ་ལས་མངོན་དུ་མཛད་ཤེས་བྱ་རིམ་གྱི་མཁྱེན་པ་ཅན་དང་། མཁྱེན་པ་ཇི་ཙམ་པས་མངོན་རྟགས་དུ་གྱུར་པའི་ཆོས་བདེན་པ་བཞིས་བསྡུས་པ་དག་གསུང་ཞིང་། ཡོངས་སུ་མྱ་ངན་ལས་འདས་པ་ན་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཤེས་བརྗོད་ཀྱི་རྒྱུན་ཆད་དེ་སྙོམས་པར་ཞུགས་པ་ཙམ་དུ་སྣང་ལ། དེ་བས་ཀྱང་སྐལ་བ་དམན་པ་རང་ཅག་ལྟ་བུ་རྣམས་ལ་ནི་ད་ལྟར་སློབ་དཔོན་གྱི་གཟུགས་སུ་སྣང་བ་ལས། ཆོས་དེ་དང་དེ་སྟོན་པ་ལ་ཡང་། སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་གྱུར་པ་ནི་ཚད་ཉིད་དུ་འབྱུང་བ་ལས་བརྩམས་ནས། བརྟགས་ཏེ་གང་འོས་པར་སྨྲ་བ་ལས་འདས་ན་ཐ་ན་གདོལ་པའི་བྲན་གྱིས་སྨྲས་པ་ལས་འདས་ཀྱང་ལྟུང་བ་དང་བཅས་པའོ། །ཞེས་འཕགས་པ་ཞི་བ་ལྷའི་ཞལ་སྔ་ནས་བཞེད་དེ། རྒྱུ་བཞིས་སྤོབས་པའི་སྨྲ་བ་པོ་གདོལ་པའི་བྲན་གྱི་མཚོན་པ་དེ་དག་ཀྱང་རང་ལ་ལྟོས་ཏེ་བསླབ་པ་འཆའ་བ་པོར་འགྱུར་ན་སངས་རྒྱས་སུ་ཅིས་ཏེ་མི་བཞེད། ངེས་པ་འདི་འདྲ་བའི་གནད་མཁྱེན་པ་ལས། ཇི་ལྟར་ཐེག་པ་སོ་སོའི་རྒྱུད་ཀྱི་ཁྱད་པར་དུ་མ་ལས་སངས་རྒྱས་བཟང་ངན་དུ་མས་ཐེག་པ་མཐོ་དམན་གྱི་ཆོས་དུ་མ་གསུངས་པ་ཇི་ལྟ་བར་ད་ལྟར་རྒྱུད་ཀྱི་ཁྱད་པར་དུ་མ་ལས་བླ་མ་བཟང་ངན་དུ་མ་དང་ཕྲད་ཅིང་། དེ་ལ་ཡང་མཐོང་ཚུལ་གྱི་དབྱེ་བས་ཆོས་ལ་གོ་ལུགས་དང་ཕྲད་ལུགས་དུ་མར་འགྱུར་ཞིང་། དེ་ལས་རྒྱུད་ཁྱད་པར་དུ་འགྱུར་བ་གནད་གཅིག་པ་ཡིན་ཞེས་རྣམ་པ་ཐམས་ཅད་པའི་ཆོས་ཀྱི་སྤྱན་ཅན་རྗེ་ལོ་ཙཱ་བ་ཆེན་པོའི་ཞལ་སྔ་ནས་གསུངས་ཏེ། གསུང་རབས་ཀྱི་གནད་ཉམས་འོག་དུ་ཆུད་པའི་གསུང་དུ་སྣང་ངོ་། །འཕྲོས་པས་ཆོག་གོ །དེ་ལྟར་སྤོང་ལམ་གྱི་དབང་དུ་བྱས་པ་དག་ལ་ཀུན་ཏུ་འོད་ཀྱི་སར་བཞག་ནས། བསྒྱུར་ལམ་གྱི་དབང་དུ་ནི་རྒྱུ་སྡེ་འོག་མ་གསུམ་གོང་མའི་བུམ་དབང་གི་མཐར་ཐུག་པའི་བར་ཐག་དང་བཅས་པ་རྒྱུད་སྡེའི་འཆད་སྒོ་སོ་སོས་ས་ལམ་གྱི་ཁྱད་པར་མི་འདྲ་བ་ཅུང་ཟད་དང་། ཁྱད་པར་གོང་མ་གོང་མར་གནད་འཆིང་བ་སྟོབས་སུ་གྱུར་པ་ཉིད་ཀྱིས་ཐབས་མྱུར་གྱི་ཁྱད་པར་ནི་ཡོད་མོད། འོན་ཀྱང་བསྒྱུར་ལམ་དུ་གཅིག་པ་དང་། རྒྱུ་འབྲས་རིགས་འཐུན་གྱི་ངེས་པས་འབྲས་བུའི་ཆར་བའང་རིགས་མཐུན་པའི་ཕྱིར་པདྨ་ཅན་གྱི་སར་བསྡུས་ལ། ཐམས་ཅད་ཀྱང་ཇི་ལྟར་རིགས་པར་ལམ་བསྒྱུར་བའི་ངེས་པས་དེ་དང་མཐུན་པའི་རང་སའི་འབྲས་བུ་འཆར་བ་སྟེ། བྱ་བའི་རྒྱུད་དུ་ནི་ལྷའི་རྣལ་འབྱོར་དང་། ལྷ་དེ་དང་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལས་གཙོ་བོར་བཟླས་པའི་བསམ་གཏན་གང་ཡང་རུང་བ་ལ་འབད་པས་རིག་པ་འཛིན་པའི་སའི་གནས་ལུས་ལོངས་སྤྱོད་དུ་སྣང་བ་དང་། གཙོ་བོར་གཞན་དོན་གྱི་སྒོ་རྣམས་གཟུངས་ཉིད་དུ་སྣང་བས་བྱེད་ཅིང་། གཞན་དག་ཕྱག་རྒྱས་ཀྱང་འགྲུབ་པ་སྟེ། དེ་ཡང་བདག་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་སྣང་བའི་གནས་ལུས་ལོངས་སྤྱོད་དུ་སྣང་བ་ནི་སྐུ་དང་། གཟུགས་སྔགས་གསུང་། ཕྱག་རྒྱ་ཐུགས་སམ། རང་སའི་སྐུ་གསུམ་མམ་བཞིར་འགྱུར་ལ། དེ་དག་ལྷར་སྣང་བའི་དབང་གཙོ་བོར་བཟུང་བ་ལས་ནི་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་། སྤྲུལ་སྐུའི་མཛད་པའི་དབྱེ་བས་དེ་དག་གི་འཁོར་འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་གིས་བསྡུས་ཤིང་། དེའི་གཙོ་བོའི་དབང་བསྟན་པ་ཉེ་བར་བཟུང་ནས་བརྗོད་བྱེད་ཀྱི་རྒྱུད་ཀྱང་དྲུག་ལ་སོགས་པར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱེ་བ་ཡིན་ནོ། །སྤྱོད་པའི་རྒྱུད་དུ་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་ལ་སོགས་པ་ལས་ཡང་དག་པར་འདས་ཏེ། མོས་པས་སྤྱོད་པའི་ས་ལ་འཇུག་ནས་སྡང་བའི་སེམས་གསུམ་མངོན་དུ་བྱས་ཏེ། དེ་ཉིད་ལྷ་དང་སྔགས་ཀྱི་བསམ་གཏན་གཙོ་བོར་གྱུར་པ་དང་སྦྱར་བ་དག་པ་ལ་འཇུག་པ་སོགས་སུ་གོམས་པ་ལས་ཇི་ལྟར་རིགས་པར་བདེན་པ་མཐོང་ཞིང་མངོན་པར་ཤེས་པ་ལ་སོགས་པའི་གྲུབ་པའི་ས་བཅུར་ཕྱེ་བ་དག་བསྒྲོད་པའི་མཐར་ཀུན་ཏུ་སངས་རྒྱས་པའི་སར་ཡི་གེ་བཞིའི་རིམ་ཆོས་མ་ལུས་པ་རྟེན་དང་བརྟེན་པའི་ལྷར་སྣང་བས་རབ་ཏུ་ཕྱེ་བའི་འཁོར་ལོ་སྣང་བ་དང་། གསུང་མི་ཟད་པ་ཡི་གེ་འཁོར་ལོའི་དཀྱིལ་འཁོར་དུ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡི་གེའི་དཀྱིལ་འཁོར་དུ་སྣང་བ་དང་། ཐུགས་མི་ཟད་པ་ཕྱག་རྒྱའི་དཀྱིལ་འཁོར་དུ་དེ་དག་ཕྱག་རྒྱར་སྣང་བ་སྟེ་རང་སའི་སྐུ་གསུམ་མམ་བཞི་ལ་སོགས་པར་ཡང་འགྱུར་ལ། རྒྱུད་འདི་དག་ཏུ་ཉན་རང་གིས་བྱང་ཆུབ་པའི་ཚུལ་ཡང་བཤད་པས། མངོན་བྱང་རྒྱུད་ཕྱིར་སངས་རྒྱས་འབྱུང་བ་མེད་པར་དཀྱིལ་འཁོར་ཀུན་ཏུ་སྟོན་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྣམ་གཞག་བྱུང་བ་རང་རྒྱལ་གྱི་དབང་དུ་ཡིན་ནམ་བརྟག་གོ །དེ་ལྟ་ན་ནི་མངོན་པར་བྱང་ཆུབ་པའི་སྐུ་ཞེས་པ་ངེས་པ་ལྔ་ལྡན་ཞིག་བཤད་པའང་བྱང་སེམས་ཀྱི་དབང་དུ་ཡིན་ནམ་སྙམ་མོ། །འབྲས་བུའི་དཀྱིལ་འཁོར་གསུམ་པོ་དེ་དག་གི་དབང་ལས་རིགས་ཀྱང་གསུམ་དུ་ཕྱེ་ཞིང་བརྗོད་བྱེད་ལ་ཡང་ངོ་། །རྣལ་འབྱོར་གྱི་རྒྱུད་དུ་ནི་ལམ་བསྒྲོད་པའི་ཚུལ་གོང་དུ་ཡང་ཅུང་ཟད་ཕྱེ་བ་ལྟར། སྲིད་པ་ཐ་མ་པར་གྱུར་པ་ན་འོག་མིན་དུ་མངོན་བྱང་ལྔ་མངོན་དུ་བྱས་པ་ལས་ལོངས་སྐུར་གྱུར་ཏེ། སྐད་གཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་བར་གྱི་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མངོན་དུ་གྱུར་ཏེ། རིགས་ཐམས་ཅད་ཀྱི་ཆོས་སྟོན་པ་པོར་དབང་ཐོབ་ནས་ལོངས་སྐུ་ལས་སྤྲུལ་པའི་རིགས་ལྔ་ལས་སྐུ་རྩ་དཀྱིལ་གསུང་ཆོས་ཐུགས་གཟུངས། ཕྲིན་ལས་ལས་དཀྱིལ་གྱི་བར་དག་དུམ་བུ་བཞིས་འདུལ་བའི་གདུལ་བྱའི་རྒྱུད་དང་འཚམ་པར་རིགས་སོ་སོར་སྣང་ཞིང་། དེ་ཡང་རྒྱས་བསྡུས་བར་གསུམ་ལ་མོས་པའི་ཁྱད་པར་ལས་དཀྱིལ་འཁོར་རྒྱས་པ་དང་ཕྱག་རྒྱ་བཞི་གཅིག་སོགས་སུ་འབྱུང་སྟེ། ཐམས་ཅད་དུ་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ཆོས་མཐའ་དག་ལྷ་དང་ཡི་གེ་ལ་སོགས་པར་སྣང་བ་ཉིད་ལམ་དུས་སུ་ལམ་གྱི་ཆོས་མཐའ་དག་དེ་དང་དེར་བསྒྱུར་ཞིང་། གཞི་ལ་ལྟོས་ཏེ་ཉོན་མོངས་བསྒྱུར་བར་ཡང་སོང་བས། ལམ་འབྲས་མངོན་རྟོགས་མཐུན་པར་བྱུང་ཞིང་། དེའི་དབང་གིས་རྗེས་འཇུག་གི་ལས་རིམ་བདག་ཏུ་འཛིན་པའི་རང་གཟུགས་ལྷ་ཆེན་པོ་འཁོར་བཅས་འདས་པའི་ལྷར་བསྒྱུར་བའི་བར་ཡང་འཁོར་ལོ་བསྒྱུར་བས་མཛད་པར་སྣང་བ་ལྟར་ཉམས་སུ་བླངས་པས། ཡང་འབྲས་དུས་སུ་དེ་ལྟ་བུའི་སྣང་བ་མཐའ་དག་འབྱུང་བ་ཡིན་ཏེ། དེ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབྱེ་བས་རིགས་ལྔར་འདུ་ཞིང་། གདུལ་བྱའི་དག་གི་དབྱེ་བསྡུས་བརྗོད་བྱེད་དུམ་བུ་བཞིར་གནས་པ་ཡིན་ནོ། །བླ་ན་མེད་པའི་བུམ་དབང་འཁོར་བཅས་ཀྱི་ལམ་ལ་མི་ཟབ་པ་དང་ཟབ་པ་དག་རྒྱས་པར་ཕྱེ་བའི་རིམ་པས། དེ་དང་མཐུན་པའི་གནས་སྐབས་ཀྱི་འབྲས་བུའི་སྣང་བ་རང་གི་ཕུང་ཁམས་སྐྱེ་མཆེད་ཁོ་ནའི་གནས་སྐབས་ཀྱི་འཁྲུལ་པ་བསྒྱུར་བ་ལས་བྱུང་བའི་རིགས་གཅིག་ནས་རིགས་བརྒྱའི་བར་གྱི་དཀྱིལ་འཁོར་རྟེན་བརྟེན་པའི་ངོ་བོར་སྣང་བ་དང་། རིགས་དེ་དག་ཀྱང་རྩ་ཁམས་ཀྱི་དབྱེ་བ་ཁོ་ན་ལས་སྣང་བས་དེའི་རླུང་བཅིངས་པ་ལས་བྱུང་བའི་ངག་སྔགས་དང་། ཡིད་རང་སའི་བདེ་སྟོང་དགའ་བའི་མཚན་ཉིད་ཅན་རྣམས་ནི་སྐུ་གསུང་ཐུགས་སམ་སྐུ་གསུམ་དང་བཞིར་ཕྱེ་བ་རང་སའི་དབང་དུ་བྱས་པ་དག་ཡིན་ལ། ཟབ་མོ་བསྐྱེད་པའི་དབང་ཕྱི་དང་འབྲེལ་པ་ལས་ནི་ལུས་ལ་ལྷ་དེ་དང་དེ་དག་སྣང་བའི་བར་ཏེ། བྱ་རྒྱུད་ནས་འདི་དག་གི་བར་མཐའ་དག་ལ་རྟོག་པ་མཐུ་བརྡས་པའི་སྣང་བརྙན་འབྱུང་བ་ཙམ་ཞིག་དང་། ཏིང་ངེ་འཛིན་གྱི་དབང་བྱས་པའི་སེམས་རྩ་རླུང་གི་དྭངས་མའི་ཚོགས་པ་ལས་ལྷར་སྣང་བ་གཉིས་ཡོད་ལ། སྔ་མ་ནི་འཇིག་རྟེན་པ་དང་ཉོན་མོངས་ཀྱི་བསམ་པས་ཟིན་པ་ལས་ནི་ཐུན་མོང་གི་དངོས་གྲུབ་རྫུ་འཕྲུལ་སོགས་དག་དང་། ངན་སོང་གི་བར་དུ་དེ་དག་གི་སྣང་བ་མི་འདོར་བ་ཙམ་འབྱུང་ལ། འཇིག་རྟེན་ལས་འདས་པའི་བསམ་པས་ཟིན་པ་ལས་ནི་ལམ་གོང་མའི་སྟེངས་སུ་འགྱུར་བ་ནི་ཡོད་ཅིང་། ཕྱི་མ་འཇིག་རྟེན་པའི་བསམ་པས་ཟིན་པ་ལས་ནི་རིགས་པ་འཛིན་པའི་གནས་ཞེས་བྱ་བ་འདོད་གཟུགས་ཀྱི་ལྷ་དང་སྐལ་མཉམ་ཙམ་ཐོབ་ནས། རྟེན་དེ་ལ་ལམ་གོང་མའི་སྣོད་རུང་དུ་འགྱུར་ལ། ས་འདི་དག་ཏུ་རྫས་ཀྱི་མཁའ་སྤྱོད་གྲུབ་པ་ལས་བསྒྲོད་པའང་ཡོད་དེ། དེ་ནི་རྫས་དེ་དང་བྲལ་ན་ཕྱིར་ལྟུང་ངོ་། །འདི་ཉིད་ཀྱི་དབང་དུ་བྱས་ནས་དུས་ཀྱི་འཁོར་ལོ་དབང་བདུན་གྱི་འབྲས་བུ་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་མཐར་ཐུག་པ་ཅན་དུ་བཤད་པ་ཡང་རང་སའི་འབྲས་བུའི་དབང་དུ་བྱས་ལ། འཇིག་རྟེན་ལས་འདས་པའི་བསམ་པས་ཟིན་པ་ལས་ནི་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བས། དབང་གི་ཚེ་དཀྱིལ་འཁོར་མངོན་སུམ་དུ་མཐོང་ན་ཚེ་དེ་ལ་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་བར་ཡང་གསུངས་ཏེ། དེའི་ཕྱིར་བསྐྱེད་རིམས་སངས་རྒྱས་ཀྱི་རྒྱུ་ཡིན་མིན་སོགས་ནི་བསྒོམས་པ་པོའི་བསམ་པ་ལ་དྲི་ཡི། དོན་མེད་ཀྱི་རྒལ་ལན་མང་པོ་ཅི་ཞིག་བྱ། རང་སའི་དོན་དམ་པའི་རིམ་པ་རྣམས་དང་ཟུང་འཇུག་ཏུ་ཉམས་སུ་བླངས་པས། གནས་སྐབས་སོ་སོའི་བྱང་ཆུབ་མངོན་དུ་བྱེད་པ་ནི་སྔར་བཤད་པ་དེ་དག་རྣམས་ཡིན་ལ། དེ་རྣམས་གནས་སྐབས་ཀྱི་བྱང་ཆུབ་ཏུ་འགྱུར་བ་ཡང་། སངས་རྒྱས་ནི་རང་གཞན་གྱི་རྣམ་པར་དབྱེ་བ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་བབས་ཆོས་རྣམས་ཀྱི་རང་བཞིན་མ་བཅོས་པ་ཉིད་དེ། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་འབྱུང་བ་ལྟར་རོ། །ངེས་པ་དེ་ལྟ་བུ་ཡིན་པ་ལ། སྔར་བཤད་པའི་འབྲས་བུའི་ཆོས་དེ་ཐམས་ཅད་ནི་རང་སའི་ཆོས་སྐུ་མངོན་དུ་བྱས་ཀྱང་། ད་དུང་དེ་བརྟན་གཡོ་ཐམས་ཅད་སར་མ་ཤར་བ་ཉིད་ཀྱིས། ཞིང་སྐུ་མཛད་པ་ཡོན་ཏན་སོགས་ཉི་ཚེ་བ་གཞན་རྟོག་གི་དྲ་བ་ལས་མ་གྲོལ་བར་སྣང་བས་སངས་རྒྱས་བླ་བཅས་སུ་བླ་མེད་ཀྱི་རྒྱུད་དུ་བཤད་ལ། འཆད་འགྱུར་གྱི་གཉིས་པ་དང་གསུམ་པའི་སངས་རྒྱས་ཀྱང་བླ་བཅས་སུ་འགྱུར་བ་ཡིན་ནོ། །གསང་དབང་གི་བྱང་ཆུབ་ནི་སྔར་བཤད་པ་ལྟར་ངག་རྡུལ་གྱི་ཆོས་དག་པ་ལས་བཞག་པའི་ཕྱིར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་བཞེད་ལ། དེའང་འདིའི་ལམ་རྩ་རླུང་དག་བྱེད་སྒྱུ་ལུས་སུ་བཤད་པ་ལས་ན། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་ས་ཡི་ལུས་སུ་འབྱུང་། །ཞེས་བཤད་པ་ལྟར། སེམས་དབེན་ལ་སྣང་གསུམ་དུ་ཤར་བའི་རིམ་པ་དེ་ཉིད་སྐབས་འདིའི་སངས་རྒྱས་ཏེ། དེའང་གཙོ་བོར་རླུང་དང་། དེའི་རྟེན་རྩ་དག་པ་ལས་བྱུང་བའི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་པར་འཆར་བ་ཡིན་ཞིང་། དེའང་སྔོན་དུ་ཟབ་པ་དང་མི་ཟབ་པའི་བསྐྱེད་པས་རྒྱུད་ཡོངས་སུ་སྨིན་པ་ལས། རྩ་དག་པའི་བདག་རྐྱེན་ཅན་གྱི་དཀྱིལ་འཁོར་གྱིས་འཁོར་ལོ་དུ་མར་སྣོད་བཅུད་ཐམས་ཅད་སྣང་བ་དང་། ཡང་དེ་མཐའ་དག་རང་གི་རང་ལུས་ཀྱི་གནས་ཁོ་ནར་སྣང་ཞིང་། སངས་རྒྱས་ཇི་སྙེད་པ་རྣམས་ཀྱིས་ཆོས་སྒོ་དཔག་ཏུ་མེད་པ་གསུང་བ་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་མངོན་དུ་བྱེད་པ་སོགས་ཏེ། འདི་དང་བུམ་པ་ཤེས་རབ་སོགས་ཀྱི་གནས་སྐབས་གང་ཡིན་ཀྱང་རུང་། དཀྱིལ་འཁོར་དང་། ཆོས་སྒོ། ཏིང་ངེ་འཛིན་གྱི་རྣམ་གྲངས་སོགས་ནི་ཀུན་འབྱུང་གི་རྩ་ཁམས་ཁོ་ན་ལས་སྣང་བས། ངེས་པ་འདི་ཉིད་ཀྱི་དབང་དུ་མཛད་དེ། ལུས་ཀྱི་དབྱིབས་དང་དེའི་དབང་གིས་སྣང་བའི་སྣོད་དག་པ་ལས་དཀྱིལ་འཁོར་སོ་སོ་དང་། རྩ་དང་བཅུད་དག་པ་ལས་བརྟེན་པ་རྣམས་ཏེ། སྙིང་ཁའི་རྩ་དགུ་དང་། སྒོ་དགུ་ལས་སྐྱེ་བར་འགྱུར་བའི་བཅུད་དག་པ་ལས་ཀྱེ་རྡོ་རྗེ་དང་ཡང་དག་ལྷ་དགུ་བཞག་པར་སོགས་རྒྱུ་སྡེ་རྣམས་ལས་རྒྱས་པར་གསུངས་པ་རྣམས་དང་། དེ་དག་གི་དོན་དྲིལ་ཏེ་ནང་དོན་དུ་འབྱུང་བ་དག་ཡིན་ལ། དབུ་མ་ཡེ་ཤེས་ཀྱི་རླུང་ལས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་སུ་འགྱུར་བ་སྟེ། དེ་ཡང་དཔལ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། ལུས་དང་སྲོག་ཆེན་དབུ་མ་དང་། །གཞན་དུ་དཔལ་ལྡན་ཧེ་རུ་ཀ །ཕྱི་རུ་དགྲ་ཅན་མུན་པའི་བར། །ཡེ་ཤེས་སྣང་སྟོང་དབྱེར་མེད་ཀྱིས། །དབུ་མ་དག་པར་བྱས་ནས་ནི། །རྡོ་རྗེ་འཆང་ཉིད་གྲུབ་འགྱུར་ཏེ། །ལུས་ལ་གནས་པའི་རྩ་དྲུག་ལ། །ཡན་ལག་རྩ་ཆེན་ཉི་ཤུ་དྲུག །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །བརྒྱད་བཅུ་རྩ་བཞིར་གྱུར་པ་སྟེ། །རེ་རེའང་འཁོར་ནི་སྟོང་སྟོང་ཡོད། །བརྒྱད་ཁྲི་བཞི་སྟོང་ཞེས་བྱ་སྟེ། །ཡེ་ཤེས་ཁམས་ལྡན་སྟོང་ཉིས་བརྒྱ། ཁུ་ཁྲག་རླུང་བརྟེན་རྩ་རྣམས་ནི། །སྟོང་ཕྲག་ཉི་ཤུ་རྩ་བཞི་བཞི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། །བྱེ་བ་བདུན་ཅུ་བདུན་ཅུ་དང་། །ས་ཡ་བདུན་དང་འབུམ་ཕྲག་དྲུག །དེ་ལ་ཡེ་ཤེས་རླུང་རྒྱུ་བ། །བྱེ་བ་གཉིས་དང་ས་ཡ་བཞི། །འབུམ་ཕྲག་གསུམ་ནི་རྒྱུ་བའོ། །གཡས་གཡོན་རེ་རེར་ལས་ཀྱི་རླུང་། བྱེ་བ་སོ་བདུན་ས་ཡ་དྲུག །དྲུག་འབུམ་ལྔ་ཁྲི་འབྱུང་བ་སྟེ། །ཐིག་ལེ་སུམ་ཅུ་རྩ་དྲུག་སྟེ། །འདི་རྣམས་འདོད་དང་མི་འདོད་པའི། །རྣམ་རྟོག་བདུན་ཅུ་རྩ་གཉིས་ཀྱིས། །སྦྱང་གཞི་ལུས་དང་སེམས་ཞེས་བྱ། །སྦྱོང་བྱེད་ཀྱིས་སྦྱངས་དག་པའི་ཚེ། །རླུང་གི་གྲངས་བཞིན་ཆོས་སྒོའི་མིང་། །རྩ་བཞིན་ཆོས་ཀྱི་ཕུང་པོར་བརྗོད། །ཏིང་འཛིན་གཟུངས་གསུང་དེ་སྙེད་ཀྱི། །ལྷ་དང་སྔགས་ཀྱང་དེ་བཞིན་ནོ། །ཞེས་གང་གསུངས་པ་ལྟར་ཡིན་ནོ། །དེའི་ཕྱིར་གནས་སྐབས་འདི་དག་གིས་སངས་རྒྱས་ཀྱི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཀུན་འབྱུང་གི་དབང་དུ་རྩ་རླུང་ཉིད་ལས་ཕྱེ་བ་སྟེ། རླུང་བཅུ་དང་། དེའང་མགོན་པོ་བཞིའི་རྒྱུ་བའི་ངེས་པ་ལས་དང་། འཁོར་ལོ་དྲུག་ཡོན་ཏན་གསུམ་གྱིས་ཕྱེ་བ་རྣམས་ལ་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་རྣམས་སུ་འཇོག་གསུང་ངོ་། །ཚུལ་དེའི་རང་སའི་སྐུ་བཞིར་འབྱེད་པ་སོགས་སྔར་བསྟན་པ་དག་གོ །དེ་བཞིན་དུ་ཤེས་རབ་ཡེ་ཤེས་ནི་དེ་མཐའ་དག་ཞུ་བའི་བདེ་བ་ཉིད་ཀྱི་རྒྱུ་འབྲས་ཀྱི་ཆོས་ལ་བརྩི་བ་སྟེ། དེ་ཡང་ཐུགས་མི་ཕྱེད་པ་ལྷན་སྐྱེས་ཀྱི་ཆོས་ལ་བཞག་པའི་ཕྱིར། རྡོ་རྗེ་འཆང་བའི་སར་བསྙད་ལ། འདི་དག་ཏུ་ནི་འདོད་པའི་གནས་སྐབས་བཅུ་དང་། ཁམས་ལས་འབྱུང་བའི་དགའ་བ་སོགས་ཐིག་ལེའི་རྣམ་པར་འགྱུར་བ་བཞི་དང་། འཁོར་ལོ་དྲུག་ཏུ་ཐིམ་དང་ལོངས་སྤྱོད་བདག་པོའི་ཐིག་ལེའམ། ཡང་ན་དཀར་དམར་འདྲེས་པའི་དུས་ཉིད་ཀྱི་འབྱུང་བ་བཞི་དང་། ཁམས་དྲུག་ཡོན་ཏན་གསུམ་གྱིས་ཕྱེ་བ་རྣམས་ལས་སྟོབས་སོགས་དང་། དེའི་རྟེན་གྱི་ངོས་ནས་མཚན་སོགས་སྔར་ཕྱེ་བ་དག་སྟེ། རིམ་པ་དེ་འདྲ་བས་སྐུ་བཞི་འམ་གསུམ་ལ་སོགས་པར་འཇོག་ལ། གནས་སྐབས་འདིར་ཡང་། སྔར་རྩ་སོགས་ལ་བཤད་པ་ལྟར། སྔོན་གོམས་པའི་རྐྱེན་གྱིས་སྣ་རྩེའི་ཐིག་ལེ་ལ་དཀྱིལ་འཁོར་མཐོང་བ་སོགས་དང་། གཞན་ཡང་བརྟན་གཡོའི་སྣང་བ་འབྱུང་བ་སོགས་སྟེ། སྐབས་དེའི་གཟུགས་སྐུའི་རོལ་པར་བསྡུའོ། །ལུགས་བཟློག་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་ནི་དེ་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པ་ལ་འཇོག་ལ། ཤེས་རབ་ཡེ་ཤེས་ཡན་དུ་ནི་ད་དུང་འཁོར་བའི་འབྱུང་རིམ་སྤྱི་བོའི་དཀར་ཆ་བདག་པོར་གྱུར་པ་ལས་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར་སྣང་མྱོང་ཕྲ་བ་དང་བཅས་པས་སངས་རྒྱས་དེ་དང་དེ་དག་ཀྱང་བླ་བཅས་སུ་རྣམ་པར་བཞག་ཅིང་། ལུགས་བཟློག་མྱ་ངན་ལས་འདས་པའི་ཕྱོགས་དབང་བཞི་པའི་ལམ་གྱི་ངེས་པ་ལས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་གྱི་འབྲས་བུ་མཐར་ཐུག་པ་ཡེ་ཤེས་བླ་མའི་ས་འམ་ངེས་པ་ཉིད་ཀྱིས། གཞིའི་གནས་ཚུལ་བསལ་བཞག་ཐམས་ཅད་དང་བྲལ་བ་དེ་ཉིད་ཁམས་རླུང་གི་གཡོ་བ་ལས་བྱུང་བའི་འཁྲུལ་པའི་དྲི་མ་ཕྲ་བས་ཀྱང་མ་བསླད་པའི་ངོ་བོར་མངོན་དུ་གྱུར་པ་སྟེ། འདི་ནི། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་བྱར་བརྗོད་པ་ཡིན། །ཞེས་འབྱུང་བ་ལྟར། རིས་ཡོངས་སུ་བཅད་པ་དང་བྲལ་བས་ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པ་ཡང་ཡིན་ལ། རང་གི་ངོ་བོ་སྐྱེ་འགག་དང་བྲལ་བ་ཉིད་ཀྱི་ཟད་པ་མེད་པའང་ཞིང་ཁམས་ཀྱི་རྣམ་པར་དབྱེ་བ་དང་བྲལ་བ་དང་། ཤེས་བརྗོད་ཀྱི་ཡུལ་མཐའ་དག་ལས་འདས་པས་ཡོན་ཏན་ཞིང་མཛད་པ་སོགས་གྲངས་སུ་བགྲང་བ་ལས་ཡང་དག་པར་འདས་ཤིང་། ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་ཀྱི་རང་བབས་མངོན་དུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར། སྔར་བསྟན་པའི་ལམ་འབྲས་སྲིད་དོ་ཅོག་དང་། དེར་མ་ཟད་བརྟན་གཡོ་ཐམས་ཅད་ཀྱི་ངོ་བོར་བདག་པོར་གྱུར་པ་ཉིད་ཀྱི་ལྷུན་གྲུབ་ཏུ་འཆར་བ་སྟེ། ཇི་སྐད་དུ། སྔོན་ཆད་བསམ་པ་ཡོངས་སྦྱངས་པས། །ཐམས་ཅད་གཟིགས་པའི་ཚུལ་གྱིས་རྣམས། །ཐམས་ཅད་ཇི་ལྟ་བ་བཞིན་མཐོང་། །སེམས་ཅན་བསམ་པ་ཇི་བཞིན་དང་། །ལས་དང་སྟོབས་ཀྱང་ཇི་བཞིན་པ། །དེ་ལྟ་དེ་ལྟར་མཐོང་འགྱུར་ཏེ། །སངས་རྒྱས་རྣམས་ཀྱི་རྣམ་འཕྲུལ་ལོ། །སངས་རྒྱས་ཞིང་ལ་རྟོག་མི་མངའ། །དེ་དག་བྱམས་སྡང་ཡོད་པ་མིན། །བསམ་པའི་ཚུལ་ནི་ཇི་བཞིན་དུ། །སེམས་ཅན་རྣམས་ཀྱིས་དེ་བཞིན་མཐོང་། །ཞེས་དང་། འཇིག་རྟེན་འཇུག་པ་ཐམས་ཅད་དང་། །འཇིག་རྟེན་རྒྱུ་བ་གང་ཡོད་པ། །དེ་དག་ཀུན་ལ་ཡེ་ཤེས་གནས། །གཟུགས་མེད་སྣང་བ་མ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཆགས་མེད་དེ། །དུས་གསུམ་ཀུན་ལ་ཆགས་པ་མེད། །ནམ་མཁའ་འབྱུང་དང་མཚུངས་པ་ཡིན། །དེ་ནི་ཡེ་ཤེས་ཡུལ་ཡིན་ནོ། །ཞེས་དང་། རྣམ་པར་རྟོག་པ་གང་ཡང་མེད། །རྣམ་ཤེས་རྣམ་པར་ཤེས་བྱ་མེད། །སེམས་ཀྱི་བརྗོད་པའང་མ་ཡིན་ཏེ། །ཡེ་ཤེས་རང་བཞིན་ཤིན་ཏུ་དག །ཅེས་སོགས་དང་། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་སོ། །སྐུ་ཇི་སྙེད་པ་དེ་སྙེད་ཀྱི་གསུང་དང་། སྐུ་དང་གསུང་ཇི་སྙེད་པ་དེ་སྙེད་ཀྱི་ཐུགས་དག་ཀུན་ཏུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་པས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རབ་འབྱམས་ཚད་མེད་པ་ཁོ་ནར་རྟོགས་པར་བྱའོ། །ཞེས་འབྱུང་བ་སོགས་དང་། དཔལ་ལྡན་རྒྱུད་དུ། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་དག་ཀྱང་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱིས་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་ཡོངས་གང་མི་གཡོ་ཐམས་ཅད་དུས་སུ་ལྷན་གཅིག་སྐྱེས་པས་འཁྱུད་པའོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་དག་སྟེ། མདོར་ན་སེམས་ཀྱི་བབས་ཡན་ལག་བདུན་ལྡན་སྒྲིབ་བྲལ་དེ་ཉིད་དུ་མངོན་དུ་གྱུར་པ་ལས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པར་འཆར་ཞིང་། ཕྲིན་ལས་ཀྱང་རྣམ་པ་ཐམས་ཅད་པ་འཁོར་བ་ཇི་སྲིད་པར་འབྱུང་ལ། རང་གི་ངོ་བོ་ཉིད་ལས་བཞག་པ་ཐམས་ཅད་དང་བྲལ་ཞིང་ཅི་ཡང་འབྱུང་བ་མེད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་གནས་སྐབས་ཀྱི་ངེས་པར་འབྱུང་བ་སོ་སོ་དང་། མཐར་ཐུག་གི་བསྒྲོད་པ་གཅིག་པའི་ངེས་པར་འབྱུང་བ་གཅིག་ཏུ་སྨྲ་ཞིང་། གནས་སྐབས་པ་དེ་ཐམས་ཅད་ལ་ཡང་མཐར་ཐུག་བདག་པོར་གྱུར་པ་ཞེས་བྱ་བ་ནི་མདོར་བསྡུས་པའི་ངག་སྟེ། དེ་ཡང་འོལ་ཚོད་དུ་བགྱིས་པའི་གཏམ་མ་ཡིན་གྱི། བླ་ན་མེད་པ་མཐར་ཐུག་པའི་ངེས་པ་ལས་ནི་དབང་བཞི་པ་བསྒྲོད་པ་གཅིག་པའི་ལམ་དུ་ལན་གཅིག་མ་ཡིན་པར་གསུངས་ཤིང་། དབང་དང་ཐེག་རྒྱུད་འོག་མ་རྣམས་ཀྱི་ལམ་འབྲས་ཀྱི་ངེས་པའང་མི་འདོར་བའི་དོན་གྱིས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས། །ཤེས་བྱ་བ་འདི་གསུངས་ཤིང་། དེ་བཞིན་དུ་དབང་ལ་ཡང་སྟེ། མདོར་ན་དབང་དང་ཐེག་པ་ཐམས་ཅད་དུ་གཟུགས་སྐུ་ལྟ་ཞོག་གི ཆོས་སྐུ་སོ་སོ་ཡང་ཡོན་ཏན་གྱི་དབྱེ་བས་ཕྱེ་བ་སོགས་གཟུང་འཛིན་བྲལ་བའི་རྣམ་པར་དབྱེ་བ་ཅན་དང་། དེ་དག་ལྷ་དང་སྔགས་རྩ་རླུང་ཐིག་ལེའི་རྣམ་འགྱུར་ཅན་དུ་སྣང་ཞིང་མྱོང་བ་སོགས་ཐམས་ཅད་ཀྱང་སྣང་ཞེན་ལས་མ་འདས་པས་གཞིའི་གནས་ཚུལ་མཐར་ཐུག་པ་མ་ཡིན་ལ། འདིར་ནི་ཅི་ཡང་མ་ཡིན་ཞིང་རྣམ་དབྱེར་མེད་པ་ཉིད་ལས་ཐམས་ཅད་དུ་འགོག་པ་མེད་པར་འཆར་བ་ཞེས་བྱ་བ་འདི་ཡིན་ཏེ། དེ་བས་ན་བསྒྲོད་པ་གཅིག་པ་ཉིད་ཀྱིས་ངེས་པར་འབྱུང་བའི་འབྲས་བུ་མཐར་ཐུག་པ་ནི་ཐེག་པ་ཐམས་ཅད་ཀྱང་གཅིག་པ་ཉིད་དོ། །ཞེས་བྱ་བར་གནས་སོ། །དེ་བས་ན་ཚེ་གཅིག་དགའ་བའི་མཚན་ཉིད་ཅན་དང་། སྤྲོས་བྲལ་མཆོག་དགའི་མཚན་ཉིད་ཅན་སྒྲིབ་པ་མེད་པ་ཉིད་ལས་བཞག་པའི་བུམ་གསང་གི་ལམ་དང་། རོ་གཅིག་བྲལ་དགའི་མཚན་ཉིད་ཅན་ནམ་ཞུ་བ་ལྷན་སྐྱེས་ཀྱི་རང་བཞིན་རོ་མཉམ་པ་ཉིད་ལས་བཞག་པའི་གསུམ་པའི་ལམ་དང་། རང་བཞིན་ལྷན་སྐྱེས་བསྒོམ་མེད་ཀྱི་མཚན་ཉིད་ཅན་ལས་བཞག་པའི་དབང་བཞི་ལམ་གཅིག་ཏུ་འདྲེས་པ་རྣམས་ཀྱིས། གཞིའི་གནས་སྐབས་ཀྱི་འཁྲུལ་པ་བཞི་རྣམ་པར་དག་པར་བྱས་པ་ལས་གདོད་མའི་སྒྲིབ་པ་མེད་པ་སོགས་མངོན་དུ་གྱུར་པ་ཉིད་ལ་ཇི་ལྟར་རིགས་པར་རིམ་པ་བཞིན་དུ་སྒྱུ་འཕྲུལ་དྲ་བ་དང། རྣམ་པ་ཉི་ཤུ་དང་། རྣམ་པ་ལྔ་དང་། སྐད་གཅིག་མ་གཅིག་གིས་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སྐུ་བཞི་དང་། དམ་ཚིག་སེམས་དཔའ་ལ་སོགས་པའི་སེམས་དཔའ་བཞིར་ཡང་བཞག་ལ། དེ་དག་གིས་གཉིས་པ་དང་གསུམ་པའི་རྣམ་པ་ཉི་ཤུ་དང་རྣམ་ལྔའི་བྱང་ཆུབ་སོགས་ཀྱང་། འཁོར་ལོ་བཞིར་འབྱུང་ལྔའི་རླུང་དག་པ་ལས་ཉི་ཤུ་དང་། རེག་པ་སྲ་བའི་ཆོས་ཉིད་ཀྱིས། ཞེས་སོགས་ལས་རྣམ་པ་ལྔར་ཡང་འགྱུར་ཞིང་དེ་ཡང་གནས་སྐབས་ཀྱི་འབྲས་བུའི་ངེས་པས་སྐུ་བཞི་དབང་བཞི་སོ་སོའི་འབྲས་བུར་འགྱུར་བ་དང་། དེ་དག་ཀྱང་རང་སར་གཞི་དང་ལམ་དང་རྣམ་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། རྡོ་རྗེ་བཞིའི་དབྱེ་བས་སོ་སོར་སྐུ་བཞི་ཡང་རྣམ་པར་བཞག་ལ། མཐར་ཐུག་གི་ངེས་པས་ནི་གཅིག་ཏུ་འདྲེས་པ་དབང་བཞི་པའི་འབྲས་བུ་ལ་སྒྱུ་འཕྲུལ་སོགས་ཐམས་ཅད་རྣམ་པར་བཞག་ཅིང་། དེ་འང་ཐ་སྙད་ཀྱི་དབང་དུ་སྟེ། གང་བཞག་པ་ཐམས་ཅད་ནི་བརྗོད་པའི་དྲ་བ་ལས་མ་གྲོལ་བ་ཉིད་ཀྱིས་ནི། དོན་གྱི་ངེས་པ་ལས་ཅི་ཡང་བཞག་ཏུ་མེད་ཅིང་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་འདི་ཡིན་ནོ། །འདིར་སྨྲས་པ་རྙོག་བྲལ་སེམས་ཀྱི་རིན་ཆེན་འབྱུང་ལྡན་སྣ་ཚོགས་ཁམས་ཀྱི་དྲི་ལན་མར་ཆགས་སྒྱུ་རྩལ་དང་ནི་དགའ་སྟོན་མགྲོན་དུ་གཉེར་ལས་ཕུང་སོགས་ལྷུན་པོའི་བ་གམ་མཐོ་ལྡན་རབ་མང་སྐྱེ་མཆེད་ལས་བྱས་བ་དན་མངོན་པར་གཡོ་བར་གཞན་བསྒྱུར་འཆི་མེད་བྱེ་བས་ཡོངས་བཟུང་ཏིང་འཛིན་སྔགས་ཀྱི་གླུ་གར་རོ་ཡིས་ཞེན་བཟུང་ལྷ་མིན་བརྟན་པ་ཉམས་པའི་རྒོལ་གྱིས་རབ་བསྙེངས་པདྨོ་ཅན་གྱི་བརྩེ་དགའི་བདག་པོར་རེག་པའི་བདེ་སོགས་བུ་མོས་དབུ་མར་མི་ཕྱེད་གསང་གསུམ་འབྱོར་པའི་མཐུ་ཡིས་བཅོས་མའི་མཛེས་ཚལ་སོན་པར་བརྩེ་བའི་བཀའ་ཡིག་གསར་པས་དང་པོའི་ལས་ཅན་སད་པའི་གདུང་བ་རྣམས་པར་དྲལ་བའི་གར་བྱེད་དང་། །ལ་ལར་རབ་འབར་གསེར་གྱི་དྲ་བས་མངོན་པར་འབྲེལ་བའི་ལན་མཁན་མཐོ་ལྡན་གྱ་གྱུའི་ལམ་བཟང་གཉིས་ལྷག་སྟོང་ཕྲག་བདུན་ཅུར་བཅས་གང་དག་པའི་ཨིནྟྲ་ནཱི་ལས་རབ་གཡོགས་ཨུཏྤལ་དགོད་འདྲའི་ནགས་ཀླུང་ཉམས་དགར་སྣང་དང་མཆེད་པའི་ལང་ཚོ་རབ་གསལ་ཉེ་བར་ཐོབ་པའི་མྱོས་བུམ་མཐོ་ལྡན་འོད་གསལ་དགའ་མའི་གཏམ་གྱི་སྦྱོར་བས་གཞན་རྟོག་ངོ་ཚའི་སྐེ་རགས་ལྷོད་བཅས་དཀར་དམར་ཆང་གིས་རྣམ་པར་མྱོས་ལས་མི་ཟད་སྒྱུ་མའི་གར་གྱི་རི་མོ་རྣམ་མང་ཞིང་དང་ཞིང་གི་དབང་ཕྱུག་ཡི་གེ་འཁོར་ལོའི་ངོ་མཚར་གསལ་འབྲི་བརྒྱད་ཁྲི་གླུ་དབྱངས་བཞི་སྟོང་བཅས་པས་རྨི་ལམ་འདོད་མའི་དྲན་པ་ཕྲོགས། །གཞན་དུ་ཉི་གཞོན་རྡུལ་གྱིས་དམར་བའི་འདབ་བརྒྱའི་སྦུ་ཕྲེང་རྒོད་པ་ལས་མཐོན་སོ་གཉིས་བདུད་རྩིའི་ཟེའུ་འབྲུ་མངར་བར་དཔལ་ལྡན་ཟླ་བའི་བཞིན་རས་རབ་གསལ་མཐོན་མཐིང་སྐྲ་ཚོགས་ལན་བུའི་ཕྲེང་ལྡན་དུང་ཅན་འཛུམ་ཟེར་ཨ་ཤད་མཚམས་སྤྲིན་དོག་པས་མཁྱུད་དེར་གཙུག་ཏོར་ཤར་རིའི་ཕྲག་པ་ལས་མཐོན་བཅུ་དྲུག་དགའ་བའི་ཤིང་ལྟར་བཙན་གང་ལྷན་སྐྱེས་དཔལ་མོའི་བརྩེ་དགའ་ལ་ཆགས་མུན་པའི་ཁྱིམ་དུ་གཉིས་སྣང་རང་ཚུགས་བྲལ་འདྲར་འགྱེལ་ལས་སྒྲིབ་བྲལ་བཅུ་གཉིས་མཛའ་བོས་སད་བྱས་མཁའ་མཁའ་རོ་དང་ཟླ་མིག་ཅེས་བྱའི་དཔུང་པས་རབ་བགྲངས་གཞོམ་མེད་རྡོ་རྗེའི་རྒྱུ་ཐབས་འཛིན་དེས་གཉིད་འཐུག་བཞི་པའི་སྒྲ་ཚོགས་བསྙིལ། །ཀུན་ཏུ་མི་ཤིགས་གདོད་མའི་མགོན་པོ་མཉམ་ཉིད་དབུ་མའི་གསེར་གྱི་ཁྲི་ལ་བཅོས་མ་བྲལ་བའི་གོམས་པ་བཀོད་དེར་སྲོག་རླུང་མཛེས་མའི་བསླུ་བྲིད་ལ་ཆགས་མཚན་མའི་བསྙེངས་པ་སྟུག་པོར་གྱུར་ལས་བག་ཆགས་ཉམས་བརྒྱའི་རང་སྲིད་ཀྱིས་འབྲོངས་སྣ་ཚོགས་ནོར་དབང་སྟོང་ཕྲག་བརྒྱད་བཅུ་སྤྲོས་པའི་འཁོར་མང་བགྲང་དཀར་བཅས་པའི་ཅོད་པན་གྱིས་བཏུད་ནོར་བུའི་སྣ་ལུང་ལྷུག་པས་བརྒྱུས་འདྲའི་བཞིན་གྱི་གཟུགས་བརྙན་གཅིག་ཏུ་འདྲེས་སོ་གང་གི་བདེ་ཆེན་གཉུག་མའི་ལམ་དུ་བརྟན་གཡོའི་མགྲོན་པོ་བགས་ཕེབས་གྱུར་བཞིན་བདེ་བར་རྒྱུ་རྣམས་རང་རིག་ཕྱག་རྒྱས་ཅི་དགར་བཏབ་ལས་ནོར་མང་ལྡན་བྱས་ཨེ་ཝཾ་མངོན་གྱུར་འགྲོ་འདི་ཤིས། །ཚུལ་འདིས་མཁའ་ལས་ཆེར་མཐོར་ཞབས་སྐུ་བཀོད་གྱུར་ཀྱང་། །སྲིད་པའི་གྲོང་དུ་སྒྱུ་མའི་གར་གྱི་རྣམ་རོལ་བ། །དཔལ་ལྡན་བླ་མ་འགྲོ་བའི་ཉེར་མཚོར་གྱུར་རྣམས་ལ། །བཅོས་བྲལ་གཉིས་མེད་བདེ་བ་ཆེན་པོར་ཕྱག་བགྱིའོ། །ཀྱེ་མ་འདོད་ལྡན་རྣམས་ལ་ཡིད་བཞིན་དང་། །ལྡོངས་པས་ཉམས་ངར་གྱུར་ལ་མིག་བུ་དང་། །སྐོམ་ལས་ཆུའི་གདུང་བ་མི་སེལ་བའི། །ཡིད་ཅན་དེ་ཀོ་སུ་ཡིས་མཐོང་ངམ་ཅི། །དེར་ངལ་བ་ལས་རྒྱ་ཆེན་དགེ་བའི་གྲུ། །དབང་བཞིའི་བ་དན་རབ་དཀར་དམ་པ་ཡིས། །མྱུར་འགྲོས་གཉུག་མའི་ལམ་དུ་གྲངས་པ་ལས། །ལྷུན་གྲུབ་སེམས་ཀྱིས་ཡིད་བཞིན་མངོན་གྱུར་ཤོག །དེ་ལྟར་རྒྱུད་གསུམ་གྱི་གསང་བའི་ངེས་གནད་ཐུན་མོང་མ་ཡིན་པའི་གསང་བའི་རིམ་པ་མཆོག་ཏུ་ཟབ་པ་དཔག་ཏུ་མེད་པའི་སྙིང་པོ་རྣམས་ཀྱི་ས་བོན་ཙམ་ཟིན་བྲིས་སུ་བགྱིས་པ་འདི་ནི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཞལ་རྣམ་པ་གསུམ་གྱིས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་ལས། དཔལ་མི་ཕམ་རྒྱལ་བའི་ལྷ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་གྲུབ་པའི་བསྟི་གནས་མཚུར་ཕུའི་དབེན་གནས་སུ་བྲིས་པ་མངྒ་ལམ་བྷ་ཝནྟུ།།
</div>
</div>

Revision as of 10:13, 13 February 2013

{{{1}}}

༄༅། །ཟབ་མོ་ནང་གི་ཡང་སྙིང་གསང་བ་གསུམ་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། །[1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net