ཐམས་ཅད་མཁྱེན་པ་རིན་པོ་ཆེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་ཚིགས་སུ་བཅད་པ་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "<div class=TibUni16> </div>")
 
m (1 revision: 3rd Karmapa Collected Works)
 
(5 intermediate revisions by the same user not shown)
Line 1: Line 1:
<div class=TibUni16>
{{TibFontClass12}}
༄༅། །ཐམས་ཅད་མཁྱེན་པ་རིན་པོ་ཆེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་ཚིགས་སུ་བཅད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །{{Ref - Karma Lekshey Ling}}

༄༅། །བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པ་བླ་མེད་ཐུབ་པ་ཆེ། །ཐུགས་རྗེའི་མངའ་བདག་སེམས་དཔའ་རྨད་བྱུང་དང་། །སྙིགས་དུས་འགྲོ་བ་ཀུན་ལ་ལམ་སྟོན་པ། །རྨད་བྱུང་དེ་དག་རྣམས་ལ་ཕྱག་འཚལ་ལོ། །དེ་དག་རྗེས་བཞུགས་མོས་པའི་བློ་ལྡན་པ། །རབ་བྱུང་རྡོ་རྗེ་ཞེས་བྱ་རང་ཉིད་ཀྱིས། །རྣམ་ཐར་གཞན་ལ་སྒྲོགས་པའི་ཕྱིར་མིན་གྱི། །གཞན་གྱི་བསྐུལ་བ་ཕྱོགས་ཙམ་བྲི་བར་བྱ། སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་བྱས་པས། ཐུབ་པའི་དབང་པོའི་བསྟན་ལ་དད་པར་འགྱུར། དགེ་བའི་ས་བོན་བྱང་ཆུབ་མྱུ་གུ་གྲུབ། །རྗེས་དཔག་རྟགས་ཀྱི་མངོན་སུམ་བཞིན་དུ་སྣང་། །རེ་ཤིག་བར་སྐབས་ཚིགས་སུ་བཅད་པ་ནི། །ཆུང་ངུའི་དུས་ན་འདས་པའི་རྨི་ལམ་ལྟར། །ཅུང་ཟད་གསལ་བ་ངག་དུ་བརྗོད་འགྱུར་པ། །གཞན་གྱི་གཏམ་དུ་བརྗོད་གྱུར་པ། །གཞན་གྱི་གཏམ་དུ་བརྗོད་པ་ལྟ་བུར་འགྱུར། །བདག་ཉིད་ཆེན་པོ་འཕགས་པ་ཀླུ་གྲུབ་ཀྱིས། །སློབ་མ་པྲཛྙྱ་ཨ་ལ་ཀ་ཞེས་པ། །རྒྱལ་བའི་བསྟན་ལ་ཞུགས་ཤིང་རབ་བྱུང་ནས། །ངོ་བོ་གཉིས་མེད་སྨྲ་ལ་དད་པར་གྱུར། །གྲུབ་ཐོབ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་སུ་འཇུག་པ་ཀ་མ་ལ་དྷེ་ནུ། །དེའི་གཞུང་ལུགས་མཐོང་བར་གྱུར་པ་ན། །དེ་ནི་ཁོ་བོས་སྔོན་ཚེ་བྱས་སྙམས་བྱེད། །འཛམ་གླིང་ལྷོ་ཕྱོགས་ཆར་བྱུང་པའི། །དྷརྨ་བྷོ་དྷ་ཞེས་བྱ་ཐུགས་རྗེའི། །མངའ་བདག་སྤྱན་རས་གཟིགས་ཀྱི་བྱིན་བརླབས་པས། །དེ་འདྲར་གྱུར་ཏེ་སྙམ་པ་ཡང་ཡང་དྲན། །ཞི་བ་མཚོ་དང་སློབ་དཔོན་པདྨ་ཡིས། །སློབ་མ་བཙུན་པ་རྒྱལ་བ་མཆོག་དབྱངས་ནི། །པདྨ་དབང་ཆེན་མངོན་དུ་གྲུབ་གྱུར་པ། །དེ་ནི་རྨི་ལམ་བཞིན་དུ་དྲན་པར་གྱུར། །དེའི་འོག་ཏུ་ནུབ་ཕྱོགས་གྲོང་ཁྱེར་སྤྱོད། །ཡང་ནི་དབུས་ཀྱི་ས་ཆར་བྱུང་གྱུར་པ། །སྣེ་ཟུར་པ་དང་ཁ་རག་སྒོམ་ཆུང་གིས། །ཆོས་འབྲེལ་ལྡན་སྙམ་ད་ལྟ་དོན་ཀུན་ཤེས། །རིན་ཆེན་གསལ་ཞེས་བྱ་བར་གྱུར་པ་སྙམ། །ཆུང་ངུའི་དུས་སུ་དེ་སྐད་སྨྲས་པ་ཡིན། །རྒྱལ་བའི་སྲས་པོ་མ་ཕམ་སྲས་གྱུར་པ། །སེང་གེའི་རྣམ་འཕྲུལ་དྷརྨ་གྷིཏྟི་སྟེ། །དུས་གསུམ་མཁྱེན་ཞེས་འཇིག་རྟེན་སྙན་པས་ཁྱབ། །དེ་ཡིས་བྱིན་བརླབས་རྣམ་འཕྲུལ་སྤྲུལ་པ་བཞིན། །དེ་ནས་བྱང་ཕྱོགས་སོ་ལ་མཐའ་རུ་སྤྱོད། །སངས་རྒྱས་བསྟན་ལ་བྱ་བ་རྒྱ་ཆེར་མཛད། །བདག་ཉིད་ཆེན་པོ་དཔལ་ལྡན་ཀརྨ་པ། །དེའི་བྱིན་བརླབས་རྒྱུད་ལ་ཞུགས་པ་ལས། །དེང་སང་ཀརྨ་པའི་མཚན་སྒྲོགས་ཤིང་། །ཞྭ་ནག་ཅོད་པན་འཛིན་པ་གསུམ་པར་གྱུར། །ཀྱེ་མ་དེང་སང་དུས་ན་མགུ་དཀའ་བས། །གཞན་ལས་ངེས་པའི་ཤེས་པས་བསྐྱེད་བྱའི་ཕྱིར། །བར་དོའི་ཤེས་པ་སྟོད་ལུང་འཕར་ཚང་དུ། །འཇུག་ཚུལ་བསྟན་ཀྱང་ལས་ཀྱི་འཕྲོ་མེད་ཅིང་། །བསྟན་ཅིང་མི་རྣམས་དགའ་བ་བསྐྱེད་པ་དང་། །བདག་ཉིད་ཆེན་པོ་ཨོ་རྒྱན་པ་ལ་སྨྲས། །མཐའ་བྲལ་འདས་པའི་ས་ཕྱོགས་སྐྱེས་སྙམ་ཚེ། །རང་སྣང་འཁྲུལ་པ་བར་དོའི་སྣང་བ་ལ། །ཞིང་སྐྱོངས་རྣམས་ཀྱིས་བསྐུལ་བར་བྱེད་མཐོང་ནས། །དྲིན་ལས་བརྗོད་ཅིང་འཛམ་གླིང་སྐྱེ་བར་བསྐུལ། །བར་དོའི་སྣང་བར་འཁོར་ལོ་སྡོམ་པ་ཡི། །དྲུག་ཅུ་རྩ་བཞི་དཀྱིལ་འཁོར་དབང་བསྐུར་ནས། །མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་ཐོས། །རྡོ་རྗེ་ཐེག་པ་སྙིགས་དུས་འདུལ་བ་བསྙམས། །སྙེ་ནམ་ཕྱོགས་སུ་ཉེ་བར་གྱུར་པ་རྣམས། །སྣ་ཚོགས་འཇའ་མཚོན་འཁྲིགས་པའི་ལམ་ལ་ཕྱིན། །ཤེལ་གྱིས་ཁང་པར་རིན་ཆེན་ཐེམ་སྐས་ཅན། །དེ་རུ་ཞུགས་སྙམ་བར་དོའིི་སྣང་བ་ཡིན། །ཀྱེ་མ་མངལ་ནས་མུན་རུམ་ནག་པོ་རུས། །ལས་ཀྱིས་གནས་པའི་འགྲོ་རྣམས་སྡུག་བསྔལ་ཞིང་། །དབང་མེད་མི་དྲན་ཉོན་མོངས་གནས་པ་ཡིན། །བདག་ནི་སྐྱབས་གནས་ཤེས་བཞིན་དུ། །འདས་པའི་རབ་དང་བར་དོའི་སྣང་བ་དག །ཕྱོགས་ཙམ་ངེས་པའི་རིམ་པ་བརྗོད་པའོ།། ༈ དཔལ་ལྡན་ཀརྨའི་རྣམ་ཐར་ལས། །མ་འོངས་སྤྲུལ་པའི་འབྱུང་ལུགས་ལུང་བསྟན་པ། །ཁོ་བོ་འདི་འོག་དགའ་ལྡན་གནས་འགྲོ་སྟེ། བདག་ཉིད་ཆེན་པོ་བྱམས་པའི་གསུངས་རབ་འཛིན། །འབྲེལ་བར་ལྡན་རྣམས་ཕལ་ཆེར་དེར་སྐྱེ་བས། །མ་ཕམ་པ་ལ་གསོལ་བ་ཐོབ་ཅེས་གསུངས། །གདུལ་བྱའི་གཙོ་བོ་འགའ་ཞིག་ཤར་ཕྱོགས་ཀྱིས། །ལུས་འཕགས་ཀྱིས་གླིང་དུ་སྐྱེ་བས་དེས་རྣམས་ཀྱིས། །དོན་དུ་སྤྲུལ་པ་གཅིག་བྱུང་སྐྱེ་བོ་རྣམས། །ཡང་དག་ལམ་ལ་འགོད་པར་མཛད་པ་ཡིན། །བྱང་ཕྱོགས་འཇིག་རྟེན་གླིང་སེམས་ཅན་ལ། །ཕན་ཕྱིར་འཁོར་ལོ་བསྒྱུར་བའི་གཟུགས་འཛིན་པ། །པདྨ་རྣམ་པར་རོལ་པ་ཞེས་བྱ་བའི། །འབྱུང་བར་གྱུར་ཏེ་དེ་སོགས་མང་དུ་འབྱུང་། །ཡང་ནི་ལུག་ལོ་ཟླ་བ་དང་པོ་ལ། །ཉམས་ཀྱི་སྣང་བར་ལ་སྟོད་དཔལ་ཐང་གིས། །དཀྱིལ་ན་རྣལ་འབྱོར་མིད་ལ་རས་པ་ནི། །ཕྱག་ན་ཐོད་པ་བདུད་རྩིས་བཀང་བསྣམས་ནས། །རྣམ་འཕྲུལ་འགྱེད་ཅིང་མ་འོང་འཕྲིན་ལས་འབྱུང་། །གསུང་པ་གཟིགས་ཏེ་བསྟན་ཆོས་མཛད་པ་ཡོད། །དེ་ནས་རང་བྱུང་ཞེས་བྱ་བ་བདག་ཀྱང་ནི། །ཀརྨ་པ་ཞེས་གྲགས་པའི་རྒྱལ་སྲས་ཀྱིས། །ཐུགས་ཀྱིས་བྱིན་གྱིས་བརླབས་ཤིང་བསྐུལ་བ་ལས། །མིད་ལའི་འཁྲུངས་པ་ཙ་ཕུ་ཞེས་བྱ་བ། །ཞུར་མོའི་གང་འགྲམ་སྐྱེ་བའི་ཚུལ་བཟུང་ངོ་། །དེ་ནས་སྤྲེལ་ལོའི་ཟླ་བ་དང་པོ་ལ། །རྗེ་བཙུན་དམ་པའི་བཞུགས་ནས་ཉེ་བ་རུ། །ཚེས་བརྒྱད་ཡར་གྱི་ངོ་ལ་བབས་པ་ནི། །སྐྱེས་ནས་སྲིད་དང་མཐུན་པར་ལུང་སྣང་ངོ་། །སྐྱེ་བའི་སྡུག་བསྔལ་མྱོང་ཡང་དྲན་མ་ཉམས། །དབང་པོ་མ་ཉམས་ཡིད་ཀྱང་གཡོ་བ་མེད། །ཟླ་བ་མཐོང་ནས་ཡིད་ཀྱང་མགུ་བར་གྱུར། །ཚིག་བརྗོད་ཤེས་ཀྱང་མ་བརྗོད་རིན་ཆེན་གནས། །དེ་ནས་བཟུངས་སྟེ་ལོ་ལྔའི་བར་དུ་ནི། །བྱིས་པའི་སྤྱོད་པས་གནས་པར་གྱུར་མོད་ཀྱང་། །སྣང་བ་ཐམས་ཅད་རྨི་ལམ་འདྲར་ཤེས་ཤིང་། །རྨི་ལམ་ན་ཡང་དག་སྣང་དུ་མ་བྱུང་། །ཁྱད་པར་དུ་ཡང་ནུབ་གཅིག་རྨི་ལམ་ན། །རིན་ཆེན་ཤེལ་གྱིས་གདན་ཁྲི་རྒྱབ་ཡོལ་བཅས། །དེ་སྟེང་རང་ལུས་སེམས་དཔའི་དཀྱིལ་དཀྲུངས་འདུག །ཁ་དོག་ལྔ་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོས། །ནམ་མཁའི་དཀྱིལ་ནས་བྱ་བཞིན་ཀུན་ཏུ་རྒྱུ། །ལྷ་མིན་དཔག་མེད་མཆོད་ཅིང་ཕྱག་འཚལ་མཐོང་། །རེ་ཤིག་གླང་འཁོར་སྤྱི་མཆོད་ཕྱིན་པའི་ཚེ། །དམ་པའི་སྐུ་དེ་འཇའ་མཚོན་ལྟ་བུ་ལ། །འོད་བྱུང་བདག་ལ་ཐིམ་པ་ལྟ་བུར་སྣང་། །དེ་ནས་ཕ་ལས་ཞི་བྱེད་སོ་ལུགས་དང་། །རྒྱུད་ཀྱི་བཀའ་བབས་ལྔ་པོ་མནོས་པ་ཡིན། །སྔགས་འཆང་ངོས་ནག་པ་དང་དབུ་རྩེ་པ། །དེ་དག་ལ་ནི་མ་ཕུར་བཀའ་ལུང་ཐོབ། །གར་སོང་ཕྱོགས་རྣམས་ཀུན་ཏུ་བྱིས་པ་དང་། །སྐྱེ་བོ་རྣམས་ལ་ཆོས་རྣམས་རྩེད་མོས་བསྟན། །ཡི་གེ་འབྲི་འདོན་ཆོས་ཀུན་མཐོང་ཙམ་གྱིས། །བསླབ་མ་དགོས་པར་ཤེས་ཤིང་རྟོགས་པར་འགྱུར། །མཁས་བཙུན་དམ་པ་གསེར་ཁང་པ་ཡི་ནི། །བདག་ལ་གུས་མཛད་དྲིས་པར་གྱུར་པ་ལས། །བར་དོའི་རྣམ་ཐར་བརྗོད་པར་གྲགས་པ་ཡིན། །སྐྱེ་དྲོངས་འཕགས་པའི་དྲུང་དུ་ཕྱིན་པའི་ཚེ། །སྤྱན་རས་གཟིགས་ཀྱིས་བདག་ལ་བྱིན་བརླབས་ནས། །གཞན་ཕན་འབྱུང་སྙམ་དགའ་བ་རྒྱ་ཆེན་སྐྱེས། །སྙིང་རྗེའི་དམ་བཅས་ཉེ་འདོན་བྱེད་པར་འགྱུར། །སྔོན་གྱིས་སྨོན་ལམ་སྟོབས་ཀྱི་རབ་བསྐུལ་ནས། །དཔལ་ལྡན་ཨོ་རྒྱན་པའི་དྲུང་དུ་ཕྱིན། །སྐྱེས་ཆེན་དེ་ཡིས་རྨི་ལམ་མཚན་གཅིག་ཏུ། །ཀརྨ་པ་བྱོན་གསུངས་གླེང་བྱུང་པ་ལས། །ཕྱི་ནང་བདག་འོང་མཁྱེན་ནས་བསུ་བ་བཏང་། །འདུས་པའི་དབུས་སུ་བདག་ནི་ལྟོས་མེད་ཕྱིན། །སྔོན་གྱི་ཚིག་བརྗོད་ཁྱོད་ཀྱིས་བླ་མ་མཛོད། །བདག་ནི་བསོད་ནམས་ཚོགས་ཀྱི་རྩལ་རྫོགས་ཀྱང་། །འབྱུང་བཞི་མ་རྫོགས་ཁྱེད་ཀྱི་བསྐྱང་དུ་གསོལ། །བདག་ཉིད་ཆེ་དེས་བརྩེ་བའི་བུ་བཞིན་བསྐྱངས། །དགེ་བསྙེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དང་། །དྲིལ་བུ་པས་མཛད་འཁོར་ལོ་སྡོམ་པ་དང་། །མ་ཕུར་དབང་རྣམས་ཡོངས་སུ་རྫོགས་པར་བསྐུར། །དགྱེས་མཛད་སྒྱུ་འཕྲུལ་དྲ་བ་དུས་འཁོར་དང་། །འབྱུང་པོ་འདུལ་བྱེད་རྒྱུད་ཀུན་རྫོགས་པར་གསུངས། །རོ་སྙོམས་སྒང་དྲིལ་སྐུ་གསུམ་ངོ་སྤྲོད་དང་། །བསྲེ་འཕོ་ཁྲིད་ཆེན་བརྒྱད་ཀྱི་ཁྲིད་ཀ་དང་། །རྒྱལ་བ་རྒྱ་མཚོ་དོ་ཧ་སྐྱེས་སྦྱོར་དང་། །གཞན་ཡང་ཆོས་ཕྲན་མང་དུ་གནང་བར་མཛད། །ཕྱིས་དུས་བསྲུངས་བཟློག་རྫས་སྒྲུབ་དུ་མ་དང་། །བསྙེན་བསྒྲུབས་གཞུང་ཕྲན་ལ་སོགས་རྣམས་ཀྱང་གནང་། །དེ་ནས་བདག་ནི་ལོ་བདུན་ལོན་པའི་ཚེ། །མཁན་པོ་ཆེན་པོ་ཀུན་མཁྱེན་ཤེས་རབ་ལ། །རབ་ཏུ་བྱུང་ཞིང་བསླབ་ཚིགས་ཀུན་ཀྱང་ཉན། །ཡང་དག་བླངས་པའི་ཡོན་ཏན་བཅས་པར་གྱུར། །དེ་དུས་བཤེས་གཉེན་གཉན་རས་དག་ལ། །སྤྱན་རས་གཟིགས་ཀྱི་བྱུང་ནས་ཀྱང་། །བསྟོད་ཚིག་བཅས་པའི་ཕོ་ཉ་ལེགས་བཏང་ནས། །བདག་དྲུང་ཡོན་ཏན་བསྔགས་པ་མཛད་པར་གྱུར། །ལ་སྟོད་གྲོད་ལུང་ཞེས་བྱས་ཕྱིན་པ་ན། །ཨུ་རྒྱན་གྷུ་རུས་དབང་བསྐུར་མཛད་པའི་ཚེ། །བླ་མ་འཁོར་ལོ་བདེ་མཆོག་ཉིད་དུ་མཐོང་། །ལྷན་ཅིག་སྐྱེས་པའི་བྱིན་བརླབས་བརྟན་པར་འགྱུར། །སྙེ་ནམས་དབེན་གནས་ཕྱིན་ཚེ་དག་སྣང་ལ། །རྒོད་ཚངས་པའི་ལྷན་ཅིག་སྐྱེས་སྦྱོར་དོན། །བླ་མས་བསྟན་ལྟར་བསམ་པའི་སྣང་བ་འབྱུང་། །དེ་ནི་བླ་མའི་བྱིན་བརླབས་བརྡ་རུ་གོ །དེ་དུས་ཕྱི་རོལ་ཡུལ་རྣམས་ཤེལ་ལྟ་བུ། །མ་བསྒྲིབས་བསལ་བའི་སྣང་བ་སྐབས་སུ་བྱུང་། །ངག་ཏུ་བརྗོད་པས་བླ་མའི་ཞལ་སྔ་ནས། །བར་ཆད་རྒྱུ་ཡིན་གཞན་ལ་མ་སྨྲ་གསུང་། །ལ་སྟོད་པུ་ཏྲར་ཐོ་རངས་དུས་གཅིག་ཚེ། །དཔལ་ལྡན་མགོན་པོ་སྔགས་ཀྱི་བདག་པོ་གཉིས། །གསལ་བར་སྣང་ཞིང་མཚུར་ཕུར་མྱུར་དུ་འདེངས། །ཟེར་བའི་སྣང་བ་ཡུན་རིང་གསལ་བར་སྣང་། །བླ་མའི་ཆགས་ཕྱིར་འོང་པའི་ལམ་དུ་ནི། །དག་སྣང་དུ་མ་འཆར་ཚུལ་མང་བྱུང་ཞིང་། །ཁྱད་པར་ལྡན་ལར་གསང་བདག་ངེས་ཤེས་ཀྱིས། །མི་མ་ཡིན་རྣམས་འདུད་པར་གྱུར་སྙམས་བྱེད། །མཚུར་ཕུའི་གདན་སར་བླ་མ་གཉན་རས་དྲུང་། །ས་ར་ཧ་ལ་བརྒྱུད་པའི་ཚོགས་ཀྱི་སྐོར། །མཁའ་ལ་ཡུན་རིང་བར་དུ་གསལ་བར་སྣང་། །བརྒྱུད་པའི་གདམས་པ་གཞན་ལ་ཕན་པར་གོ །གཞན་ཡང་དབེན་པར་བསིལ་བའི་ཆུ་མིག་དག །སྨོན་པ་བཞིན་དུ་སྔགས་ཀྱིས་བདག་པོས་ཕུལ། །དེ་ཚེ་ཡལ་ག་སྐམ་པོ་བཙུགས་པ་ལས། །ལོ་མ་ཕུན་གསུམ་ཚོགས་པ་སྐྱེ་བར་འགྱུར། །བཀྲ་ཤིས་གསར་མར་དར་མ་སྒང་པ་ཡིས། །བྱིན་བརླབས་ཞུས་ཚེས་བཀའ་བརྒྱུད་བླ་མ་རྣམས། །མཁའ་ལ་བྱོན་སྙམ་གཞན་དག་དད་པ་སྐྱེས། །མོས་གུས་ཆེ་བའི་རྒྱུ་མཚན་ཡིན་པ་སྙམ། །ཡང་ནི་གནས་དེར་དཔལ་ལྡན་མགོན་པོ་དང་། །ལྷ་མོའི་སྣང་བ་གསལ་བར་ཤར་ནས་ཀྱང་། །བསྟོད་པའི་དབྱངས་དང་ཚིགས་སུ་བཅད་པ་བྱས། །རྟའི་ལོ་ལ་ས་གཡོས་མང་བྱུང་ཚེ། །ཆོས་རྣམས་རང་གིས་སེམས་ཀྱི་ཆོ་འཕྲུལ་དུ། །ཤར་ཞིང་དེའི་ངེས་ཤེས་བསྟན་པར་གྱུར། དེ་དུས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །མེ་དཔུང་འབར་བ་ལྟ་བུ་ཡུན་རིང་སྣང་། །དེའི་འཁོར་དུ་མ་ཧཱ་ཀ་ལ་ནི། །ཉི་མའི་གཟི་ལྡན་སྣང་བ་ཡུན་དུ་བྱུང་། །ཤིང་རྟ་ཅན་གྱི་རྗེ་གནང་བྱིན་པའི་ཚེ། །ལྕང་ལོ་ཅན་གྱིས་བཀོད་པ་སྣང་བར་གྱུར། །ལས་མགོན་རྣམས་ཀྱིས་དེའི་བཀའ་འཁོར་དུ། །སྤྲིན་ནག་རླུང་གིས་བསྐྱོད་པ་ལྟར་སྣང་བྱེད། །རེ་ཤིག་དཔལ་ལྡན་ལྷ་མོ་དུང་སྐྱོངས་མ། །རེ་མ་ཏི་དང་འཁོར་མོར་བཅས་པ་རྣམས། །མཚུར་ཕུའི་གནས་འདིར་ཆོས་ཁྲིམས་གྱིས་ཅིག་ཟེར། །སྙམ་བྱེད་བསྟོད་པ་བརྗོད་ཅིང་དེ་ལྟར་བྱས། །དེ་བཞིན་རབ་རིབ་འཁྲུལ་པའི་རྨི་ལམ་དུ། །དཔལ་གྱི་རི་ལ་ས་ར་ཧ་པ་ཡིས། །རང་སེམས་བླ་མ་དམ་པར་བསྟན་པ་དང་། །དོ་ཧའི་དོན་རྣམས་བློ་ལ་གསལ་བར་གྱུར། །པཎ་ཙི་ཀ་དང་བསྡུད་པའི་བཤད་སྦྱར་གཉིས། །ཤེས་རབ་དཔལ་ལ་ལན་གཅིག་ཐོས་པས་གོ །དགྱེས་པ་རྡོ་རྗེ་ཏི་ཀར་བཅས་པ་དང་། །སྤྱོད་འཇུག་རྣམ་བཤད་ཆོས་ཕྲན་དུ་མ་ཞིག དགེ་བའི་བཤེས་གཉེན་རྒྱ་ལ་ལེགས་པར་ཐོས། །ཁྱུང་རྫོང་འདུག་ཚེ་རིན་ཆེན་རི་བོ་ལ། །སྤྱན་རས་གཟིགས་དབང་ཁ་སར་པ་ཎི་བཞུགས། །མདུན་ན་ངན་འགྲོའི་གནས་སྣང་ཐུགས་རྗེ་ཡིས། །འོད་ཟེར་འགྱེད་པར་བྱེད་པའི་རྨི་ལམ་མཐོང་། །བརྒྱུད་པའི་ཁྲིད་ཀ་ཆོས་དྲུག་བསྲེ་བ་གསུམ། །ཀ་དཔེ་ཚིག་བཅད་ཚིག་ལྷུག་ཞལ་གདམས་དང་། །ལྷན་ཅིག་སྐྱེས་མ་ཀུ་རུ་ཀུ་ལེ་དང་། །མན་ངག་ཚིགས་བསྡུས་གང་གཱ་མ་དང་ནི། །ལྟ་བ་མདོར་བསྡུས་ཐོག་བབས་རྡོ་སྐོར་དང་། །བློ་སྦྱོངས་ལམ་རིམ་ཆོས་བཞི་ནད་འདོན་གསུམ། །ཁམས་གསུམ་མ་དང་ཕག་མོའི་ཕྲན་འགའ་དང་། །འདི་རྣམས་མིད་ལ་དྭགས་པོའི་གདམས་པ་ཡིན། །དོ་ཧ་སྐོར་གསུམ་ཐུན་འཇོག་ཤམ་བུ་ཅན། །རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཐུགས་བསྒྲུབས་དང་། །གཏུམ་མོ་རྣམས་གསུམ་ཁྱུང་གི་ཤམ་བུ་ཅན། །ཕག་མོ་བདེ་མཆོག་རིག་འཛིན་ཤམ་བུ་ཅན། །ཐབས་བཞི་ཆོས་འཁོར་ཆོས་དྲུག་ཤམ་བུ་ཅན། །བསྲེ་བ་དགུ་བསྐོར་རོ་སྙོམས་ཤམ་བུ་ཅན། །སྡེ་བརྒྱད་གནད་འཁོར་ལོག་ཏྲིའི་ཤམ་བུ་ཅན། །ཚེ་བསྒྲུབས་རྣམ་གསུམ་ཚར་གསུམ་ཁུག་པ་དང་། །བསྙེན་བསྒྲུབས་ཕྱག་རྒྱ་རྣམ་གསུམ་དོན་ཁྲིད་དང་། གཟེར་ལྔ་གེགས་སེལ་ལུས་མེད་ཆོས་སྐོར་དགུ། །རས་ཆུང་ནས་རྒྱུད་གདམས་པའི་གཙོ་བོ་ཡིན། །རྣམ་བཞི་རྒྱུད་འགྲེལ་འབྲེལ་པ་གསུམ་ལྡན་དང་། །ཞལ་བཞི་མ་དང་སྙིང་འཕྲོག་ཁྲོས་མ་དང་། །ཕག་མོ་རྒྱ་མཚོ་ཞེས་བྱའི་བསྒྲུབས་ཐབས་བརྒྱད། །གཞུང་དྲུག་འོད་ཀྱིས་འཕྲེང་བའི་ཆ་ལག་དང་། །ཐུགས་རྗེ་ཆེན་པོ་རྒྱུད་བཞི་བསྒྲུབས་ཐབས་བཅས། །གསུངས་བསྒྲུབས་དོང་སྤྲུག་སྣང་བ་ལམ་ཁྱེར་དང་། །ལྷ་ས་མ་དང་དཔལ་མོ་ཡིད་བཞིན་འཁོར། །མི་ཏྲ་ལས་བརྒྱུད་དམར་པོ་རྩ་བ་དང་། །དོན་ཞགས་ཅོད་པན་ལ་སོགས་དུ་མ་དང་། །བདེ་ཁྲོས་རྒྱུད་གཉིས་བསྒྲུབ་ཐབས་རྣམ་པ་གསུམ། །དྲག་པོ་གསུམ་སྐོར་གསང་བསྒྲུབ་གནུབས་ཀྱི་ལུགས། །དྲག་པོ་གསུམ་འདུལ་མེ་ལྕེའི་བསྒྲུབས་པ་དང་། །རྣམ་འཇོམས་རིགས་གསུམ་ལ་སོགས་ཕྱག་རྡོར་སྐོར། །འཇམ་དཔལ་དཀར་དམར་སེར་པོའི་བསྒྲུབ་ཐབས་དང་། །སྒྲོལ་མ་བརྒྱ་རྩ་སེང་ལྡིང་ནགས་སྒྲོལ་དང་། །ཀུ་རུ་ཀུ་ལེའི་རྟོགས་པ་བསྒྲུབས་སྐོར་ནི། །བྷེ་རོ་ལས་བརྒྱུད་གཏེར་མ་གཉིས་ཀ་དང་། །དཀར་མོའི་ཚེ་བསྒྲུབས་ལ་སོགས་སྒྲོལ་མ་སྟེ། །བདེ་མཆོག་ལོ་ཧི་པ་དང་དྲིལ་བུའི་སྐོར། །བཅུ་གསུམ་པ་དང་ལ་བ་བཅུ་གསུམ་གཉིས། །མར་དོ་པུ་རངས་བརྒྱུད་པ་ཐམས་ཅད་དང་། །ཕག་མོ་ཤྭ་བ་རི་ལས་བྱུང་བ་དྲུག །བྱང་ཆུབ་ཤིང་ལོ་མཁའ་སྤྱོད་དཀར་དམར་གཉིས། །མཁའ་འགྲོ་རྒྱ་མཚོ་རིན་ཆེན་རྣམ་པ་བདུན། །ངེས་བརྗོད་བོང་ཞལ་ཅན་དང་ལྷན་སྐྱེས་བརྗོད། །བོང་ཞལ་ཅན་དང་ལྷ་ལྔ་གསུམ། །ཡིག་བདུན་རིགས་གསུམ་ལྷན་སྐྱེས་བསྒྲུབས་ཐབས་གཉིས། །ནག་པོའི་གཞུང་དྲུག་ནག་ཆུང་ཕྲན་དྲུག་དང་། །དགྱེས་རྡོར་དཔའ་གཅིག་ལྷ་ལྔ་དྲུག་ཅུ་བཞི། །རིག་བསྡུས་བསྒྲུབ་ཐབས་རྫོགས་རིམ་བཅས་པ་རྣམས། །རྩ་རྒྱུད་ཀུན་སྤྱོད་ར་ལའི་རྒྱུད་རྣམས་དང་། །རྟ་མགྲིན་ཐུགས་དྲིལ་རྒྱུད་དང་བསྒྲུབས་པ་དང་། །ལྷ་ལྔ་དཔའ་གཅིག་མེའི་ཕྲེང་བ་དང་། །པདྨ་དབང་ཆེན་རྩ་བ་ལ་སོགས་དང་། །ཡང་དག་རྩ་ བ་ཕུར་པ་རྩ་ཐུང་དང་། །ཁུ་བྱུག་རོལ་པ་ཕུར་པ་རྩ་བའི་རྒྱུད། །ཕྱག་རྒྱ་ཆེན་པོ་ཐེག་ལེ་རྒྱུད་དྲུག་དང་། །དགོངས་འདུས་ཀུན་བྱེད་བྲག་སྐོར་རྒྱུད་བདུན་དང་། །སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་དང་། །རིན་སྤུངས་ཀློངས་ཕྲིན་གུ་རུ་ཞི་བ་དང་། །སྙིང་ཐིག་ཟབ་མོ་པོད་བཞི་ཁྲིད་ཀར་བཅས། །མྱང་དང་ཆོས་དབང་རྒྱུད་པའི་གཏེར་ཆོས་ཕལ། །བློ་ལྡན་མཆོག་སྲེད་རྒྱུད་པའི་གདམས་ངག་དང་། །ཕྱག་བཞིའི་རྒྱུད་དང་བསྒྲུབས་ཐབས་བཅུ་ཙམ་དང་། །སྟག་ཞོན་རྒྱུད་དང་སྒྲུབས་ཐབས་མ་ལུས་དང་། །མཚོ་སྐྱེས་མ་དང་བསེ་གདོང་ཏྲག་ཤད་དང་། །བེང་དང་བེར་ནག་ཅན་གྱི་བསྒྲུབས་སྐོར་དང་། །ལྷ་མོ་རྒྱུད་བཅུ་བསྒྲུབས་ཐབས་བཅས་པ་དང་། །དཔོན་གཡོགས་གསུམ་མ་བསྒྲུབས་དང་པདྨ་ཡིས། །རེ་མ་ཏི་ཡི་བསྒྲུབས་ཐབས་ཆ་ལག་བཅས། །དེ་སོགས་དྲག་སྔགས་བསྒྲུབས་ཐབས་སྐོར་མང་པོ་དང་། །དབང་དང་བྱིན་བརླབས་བཀའ་དང་བཅས་པ་རྣམས། །བླ་མ་གཉན་རས་དགེ་འདུན་འབུམ་ལ་རྒྱུད། །རི་ཁྲོད་དབང་ཕྱུག་གནམ་མཚོ་བ་ལ་ནི། །བསྟན་པ་རྒྱ་མཚོའི་རྩ་བ་བཤད་བཅས་དང་། །ཞུ་ལན་མུན་སེལ་དགོངས་པ་ལུང་སྟོན་དང་། །མ་གཅིག་ལས་རྒྱུད་ཆོས་རྣམས་མ་ལུས་དང་། །ཟབ་གདམས་སྐོར་ལྔ་ཆོས་རྗེའི་ཆོས་ཆུང་རྣམས། །ཞི་བྱེད་དོན་རྒྱུད་ཕག་མོ་གཞུང་དྲུག་དང་། །རྒྱལ་བ་རྒྱ་མཚོ་སྐོར་གསུམ་ཐོག་བབས་དང་། །གཞན་ཡང་གདམས་ཕྲན་བཀའ་ལུང་བཅས་པ་ཐོབ། རྫོགས་པ་ཆེན་པོ་སྙིང་ཐིག་ཞུས་པའི་ཚེ། །མངོན་གསུམ་རིག་པའི་ཚད་ལ་འབེབས་པ་ཡི། །རྨི་ལམ་ཤར་ཤིང་མན་ངག་ཟབ་པར་རྟོགས། །གཞན་ལས་ཕན་པར་གྱུར་པའི་ལྟས་ཀྱང་སྣང་། །དཔལ་ལྡན་ཀརྨ་པའི་གདན་སར་འགྲོ་བའི་ལྟས། །ཆོས་སྐྱོངས་མཁའ་འགྲོའི་ཚོགས་རྣམས་ཀུན། །བརྒྱན་དང་ན་བཟའ་མཛེས་པ་གསོལ་ནས་ཀྱང་། །གླུ་དབྱངས་སྙན་པའི་ས་བོན་གཞན་ཕན་འབྱུང་བར་གོ །ཇོ་མོའི་གང་དུ་ཟླ་གཅིག་བསྡད་པའི་ཚེ། །གདམས་པ་འགའ་ཞིག་གདན་ས་པ་ལ་བཤད། །དཔལ་ལྡན་ལྷ་མོས་འཕྲིན་ལས་བསྒྲུབ་པ་དང་། །མོས་པར་ལྡན་པའི་རྟེན་འབྲེལ་འགའ་ཞིག་མཐོང་། །མཁན་པོ་ཆེན་པོ་གཞོན་ནུ་བྱང་ཆུབ་དང་། །སློབ་དཔོན་ཆེན་པོ་དགེ་འདུན་རིན་ཆེན་ལ། །བསྙེན་པར་རྫོགས་པའི་བཅོ་བརྒྱད་ལོ་ལ་བྱས། །འདི་ལས་དམ་ཆོས་འདུལ་བ་ལུང་སྡེ་བཞི། །མདོ་རྩ་ལྔ་བཅུ་པ་དང་གསུམ་བརྒྱ་པ། །ཀརྨ་ཤ་ཏམ་ལོ་ཡི་དྲི་བ་གཉིས། །སོ་སོར་ཐར་པའི་འགྲེལ་པ་རྣམ་པ་གསུམ། །མདོ་ཆུང་བཞི་དང་གདམས་ངག་དང་། །སྨན་ལྷ་མདོ་བསྒྲུབ་སྒྲོལ་མའི་སྒྲུབ་ཐབས་གཉིས། །གཞན་ཡང་གདམས་ཕྲན་བཅས་པ་ལེགས་པར་ཐོས། །བཤེས་གཉེན་དམ་པ་ཤཱཀྱ་གཞོན་ནུ་ལ། བྱམས་པའི་ཆོས་ལྔ་འགྲེལ་པར་བཅས་པ་དང་། །དབུ་མ་རྩ་བའི་ག་ལ་འཇིགས་མེད་དང་། །རང་རྒྱུད་ཤར་གསུམ་དགོངས་པའི་རྣམ་པ་ལྔ། །དགོངས་འགྲེལ་ས་ལུ་ལྗང་པའི་མདོ་འགྲེལ་དང་། །རྣམ་པར་མི་རྟོག་ འཇུག་པའི་འགྲེལ་པ་དང་། །སྒོམ་རིམ་རྣམ་གསུམ་ཇོ་བོའི་ཆོས་ཆུང་དྲ་བ་ལ། །མངོན་པ་གོང་འོག་འགྲེལ་བཤད་བཅས་པ་དང་། །བསླབ་བཏུས་མདོ་སྡེ་ཀུན་ལས་བཏུས་པ་དང་། །ཚད་མ་ཀུན་ལས་བཏུས་དང་རྩ་འགྲེལ་དང་། །རིག་སྒོ་སྡེ་བདུན་དམིགས་པ་བརྟགས་པ་དང་། །འདུལ་བ་འོད་ལྡན་ཆོས་མཆོག་ཆུང་ངུ་དང་། །ཉི་ཁྲི་སྣང་བ་ཤེས་སྙིང་འགྲེལ་པ་དང་། །དེ་སོགས་ལུང་རྣམས་ལེགས་པར་ཐོབ་པ་ཡིན། །གཞན་ཡང་རྫོགས་ཆེན་གསང་སྐོར་ངོ་སྤྲོད་དུས། །སྟོང་འཇུག་རྡོ་རྗེ་འཆང་སོགས་སྣང་བ་ཤར། །དེ་ནས་དཔལ་ལྡན་ཀརྨའི་ཡང་དགོན་དུ། །ནམ་ལངས་དུས་མཐར་འོད་ཀྱིས་མཛེས་པའི་ནང་། །བྷི་མ་མུ་ཏྲར་རབ་གསལ་མཛོད་སྤུར་ཐིམ། །རྫོགས་ཆེན་དོན་རྣམས་ཤིན་ཏུ་གསལ་བར་གྱུར། །བླ་མ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། །མཇལ་ཞིང་ཆོས་ཀྱི་གསུང་གླེང་མཛད་པའི་ཚེ། །བྱང་ཆུབ་སེམས་དཔའ་དུ་མའི་དག་སྣང་དང་། །འཕྲིན་ལས་ལྟས་ཀུན་སེམས་ལ་གསལ་བར་སྣང་། །དེ་ནས་ལྷ་སྟེང་དབེན་གནས་འདེབས་པའི་ཚེ། །རྒྱལ་བའི་རིང་བསྲེལ་དུ་མ་རྨི་ལམ་སྣང་། །འགའ་ཞིག་འོད་འབར་འགའ་ཞིག་འོད་མི་གསལ། །བསམ་གཏན་བརྟེན་པ་འབྱུང་བའི་ཚུལ་དུ་གོ །གཞན་ཡང་དབེན་པར་འདུག་པའི་རྨི་ལམ་ན། །ནུབ་ཕྱོགས་ཞིང་ཁམས་གཅིག་ཏུ་ཕྱིན་པ་ལས། །ས་ཡི་མཐིལ་མཉམ་རིན་ཆེན་མཆོད་བརྟེན་བསྐོར། །བདེ་བ་ཅན་ཞེས་གྲགས་པའི་སྒྲ་ཡང་ཐོས། །རེ་ཞིག་རི་བོ་འཛིན་པའི་སྟེང་དུ་ཕྱིན། །ཤཱཀྱའི་རྒྱལ་པོ་འཇམ་དཔལ་དབྱངས་སོགས་པའི། །འཁོར་གྱི་བསྐོར་ཚུལ་ཆོས་ཚུལ་དྲིས་པ་ལས། །མདོ་སྡེ་རྨི་ལམ་ནང་མཐོང་དྲིས་པ་ཡིན། །རེ་ཞིག་ལྷུན་པོའི་སྟེང་ན་ཁང་སྟེགས་དྲུང་། །བཤེས་གཉེན་གསུམ་གྱི་བྱམས་ཆོས་གསལ་བར་གསུངས། །སད་ཀྱང་བློ་ལ་གསལ་སྣང་དེ་ཕྱིན་ཆད། །བྱམས་ཆོས་དོན་རྣམས་ལེགས་པར་གོ་བར་བྱུང་། །དེ་འོག་རིན་ཆེན་གསེར་གྱིས་བྲག་རིའི་སྟེང་། སྤྱན་རས་གཟིགས་ཀྱིས་ཕྱག་ནས་བདུད་རྩིའི་ཆུ། །བབ་སྣང་ཤེལ་གྱི་ཕོར་པས་བཅུས་འཐུང་ནས། །ལྷག་མ་སེམས་ཅན་གཞན་ལ་བཀྱེ་བ་རྨིས། །ཀུན་ཏུ་སྤྱོད་པའི་འགྲེལ་པ་བྱེད་པའི་ཚེ། །མཁའ་འགྲོའི་ཚོགས་ཀྱིས་རིན་ཆེན་དུ་མ་རྣམས། །བདག་ལ་བྱིན་རྨིས་རྒྱུད་དོན་ཟབ་མོ་རྣམས། །རིན་ཆེན་བཞིན་དུ་དགོས་འདོད་འབྱུང་བར་གོ །ལྷ་སྟེང་ནགས་ལ་མེ་ཆེན་འབར་འགྱུར་ཚེ། །དུ་བའི་ནང་དུ་འབྲུག་དང་ཆུ་བྱུང་ཞིང་། །སྐད་ཅིག་མེ་ཞི་ཆར་རྒྱུན་ཕྱོགས་མེད་འབབ། །སྐྱེ་བོ་སྐྲག་པ་ཞི་ཞིང་བསྟོད་པ་བརྗོད། །གཞན་ཡང་ནུབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད། །ཞལ་གསུམ་ཕྱག་དྲུག་སྤྲིན་ནག་ལྟ་བུ་ལ། །འབར་འཕྲེང་འཁྲིགས་ཤིང་སྔགས་ནི་འབྲུག་ལྟར་སྒྲོགས། །གཞན་གྱིས་སྦོད་སྟོང་བར་ཆད་བཟློག་པར་མཐོང་། །ཚད་ཡུལ་གཅོང་བྲག་རི་ཁར་ཕྱིན་པའི་ཚེ། །ཁ་བ་དཀར་པོ་དགེ་བསྙེན་དགྲ་འདུལ་ནི། །མི་རྟ་དཀར་པོ་དར་དཀར་ཐོག་ནས་ཀྱང་། །ཤར་ཕྱོགས་ལྷའི་ཁང་ པ་གསལ་བར་བསྟན། །ཡིད་འོང་མཛེས་པའི་རིན་ཆེན་མཆོད་པར་འབུལ། །དེ་ནས་ཀམ་པོ་གནས་ནང་དུ་འགྲོ་བའི་དུས། །རྡོ་རྗེ་དཔལ་བརྩེགས་དགེ་བསྙེན་ཆེན་པོ་དེ། །རྟ་དཀར་རྔོག་དམར་ཞོན་ཅིང་དར་དཀར་ཐོགས། །དགའ་བ་བཞིན་གྱིས་བསུ་བ་བྱེད་པ་མཐོང་། །ཤར་ཕྱོགས་ཀོལ་ཏིའི་འཁྲུག་པ་ཆེན་པོ་དེ། །མི་མ་ཡིན་གྱི་འཁྲུག་པ་བྱུང་རིག་ནས། །ཏིང་ངེ་འཛིན་གྱི་ཞི་བར་གཏུལ་བྱས་པས། བཀའ་བཞིན་བསྒྲུབས་ཞེས་སྙན་པར་སྨྲ་བ་ཐོས། །གནས་སྒོར་སྐྱེ་ཆེན་དཔལ་ལྡན་ཨོ་རྒྱན་པ། །རྨ་བྱའི་སྒྲོ་ཐོགས་ཞལ་ནས་གདམས་ངག་གསུང་། །སྙིགས་མའི་བརྡ་སྟན་མེ་ལོང་གཟུགས་བརྙན་ལྟར། །ཐོ་རངས་རྒྱུད་ཀྱི་རྨི་ལམ་སྣང་བ་ཤར། །མདོ་ཁམས་ཕྱོགས་ནས་དབུས་སུ་བྱོན་པའི་ཚེ། །གཉན་ཆེན་ཐང་ལྷ་ལ་སོགས་གཞི་བདག་རྣམས། །གུས་པའི་ཚུལ་གྱི་བསུ་བ་བྱེད་པར་གྱུར། །གཞན་སྣང་ན་བུན་ལམ་ལ་འཁྲིགས་པ་སྣང་། །མཚུར་ཕུར་ཕྱིན་ཚེ་མཁའ་འགྲོ་ཆོས་སྐྱོངས་རྣམས། །ཐམས་ཅད་དགྱེས་ཞིང་གར་གྱིས་རྣམ་འགྱུར་གྱིས། །སྣང་བ་སྙམ་དུ་ཡིད་ལ་བསམ་པ་དང་། །ཅུང་ཟད་འགྲོ་ལ་ཕན་པའི་བརྡ་རུ་ཤར། །རིན་ཆེན་གདུགས་མཛེས་མེ་ཏོག་ལས་གྲུབ་པ། །ཤཱཀྱའི་རྒྱལ་ལ་ལྷ་སར་ཕུལ་བའི་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀུན་ཏུ་ཡང་། །མཆོད་པའི་སྣང་བ་ཤར་ཞིང་སྤྲོ་བ་སྐྱེས། །དགྱེས་པ་རྡོ་རྗེའི་རྣམ་བཤད་བྱས་པའི་ཚེ། །ཡིད་ཀྱི་ཡུལ་དུ་ཡི་དམ་སྣང་བ་ཤར། །རྒྱུད་དོན་བྱང་ཆུབ་སེམས་དཔའི་འགྲེལ་པ་ལྟར། །ལྷད་མེད་རང་གིས་རྒྱུད་ལ་གསལ་བར་ཤར། །བདག་ཉིད་ཆེན་པོ་དཔལ་ལྡན་ཨོ་རྒྱན་པའི། །ཆོས་ཀྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། །དགེ་བའི་བཤེས་གཉེན་ཀུན་དགའ་དོན་གྲུབ་ལ། །དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་ཡན་ལག་བཅས། །སྒྱུ་འཕྲུལ་དྲ་བ་འབྱུང་པོ་འདུལ་བྱེད་དང་། །འཁོར་ལོ་ཆེན་པོ་སྡོམ་འབྱུང་རྒྱུད་འགྲེལ་དང་། །གཤེད་མར་དགྲ་ནག་གདོང་དྲུག་རྒྱུད་སྒྲུབ་ཐབས། །རྡོ་རྗེ་འཕྲེང་བ་མངོན་འབྱུང་དབང་སྒྲུབ་དང་། །གདན་བཞི་གུར་དང་སམ་བྷུ་ཊའི་རྒྱུད་འགྲེལ། །གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་དང་། །གསང་སྙིང་ཡང་དག་ལུང་བཞི་མཁའ་འགྲོའི་སྐོར། འཇམ་དཔལ་སྐུ་བསྒྲུབས་པདྨ་གསུང་བསྒྲུབས་དང་། །ཕུར་པའི་དབང་རྫོགས་བཀའ་བརྒྱད་ཕལ་ཆེར་དང་། །དེ་ཉིད་འདུས་པ་དཔལ་མཆོག་རིག་བསྡུས་དང་། །རྡོ་རྗེ་རྩེ་མོ་སྦྱོངས་རྒྱུད་དཀྱིལ་འཁོར་རྣམས། །གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། །རྡོ་རྗེ་བདུད་རྩི་སངས་རྒྱས་ཐོད་པ་དང་། །གསང་ལྡན་ལྷ་མོ་གཅིག་བསྒྲུབས་སྤྱི་བསྒྲུབས་རྒྱུ་དང་། །འཇམ་དཔལ་རྩ་རྒྱུད་ཕྱག་རྡོར་དབང་བསྐུར་རྒྱུད། །དབང་བཀའ་རྒྱུད་འགྲེལ་བསྒྲུབས་ཐབས་ཕལ་ཆེར་དང་། །ས་སྡེ་མངོན་པ་གོང་འོག་ཕུང་པོ་ལྔ། །ཐེག་བསྡུས་སྐོར་གསུམ་སུམ་ཅུ་པ་དང་ནི། །རྒྱས་འབྲིང་རྣམ་གསུམ་འགྲེལ་པ་འགའ་ཞིག་དང་། །དཀོན་མཆོག་བརྩེགས་པའི་མདོ་སྡེ་ལྔ་བཅུ་དང་། པདྨ་སྐོར་ གསུམ་ལ་སོགས་མདོ་མང་ཞིག །གཟུངས་འདུས་རྒྱས་པར་ཡོད་པ་མ་ལུས་དང་། །སྙན་ངག་མེ་ལོང་བསྡུས་པ་གྲུབ་མཐའ་སྐོར། །ཞི་བྱེད་རྒྱུད་པ་ཕྱི་མ་ཀམ་ལུག་དང་། །ལམ་འབྲས་དམར་ཞབས་སྦྱོར་དྲུག་རིགས་བརྒྱད་དང་། །གཞན་ཡང་གདམས་ཕྲན་མང་པོ་ཐོས་པར་གྱུར། །གསོ་བའི་གཞུང་དང་གདམས་པ་དུ་མ་རྣམས། །རྦ་རས་ལ་སོགས་མཁས་པ་རྣམས་ལ་ཐོས། །ཁྱད་པར་འབྱུང་པོ་འདུལ་བྱེད་ཐོས་པའི་ཚེ། །ཁྲོ་བོ་འཁོར་བཅས་རྨི་ལམ་སྣང་བ་ལ། །ཤིན་ཏུ་གསལ་མཐོང་བདག་ལ་བྱིན་བརླབས་ཤིང་། །གསང་སྔགས་སྒྲ་སྐད་འབྲུག་བཞིན་སྒྲོགས་པ་ཐོས། །དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་ཐོས་པའི་ཚེ། །བཀའ་སྲུང་མཁའ་འགྲོར་བཅས་པའི་སྣང་བ་དང་། །འཇམ་དབྱངས་ཕྱག་ན་པདྨོའི་བྱིན་བརླབས་པ། །ཕྱི་ནང་གསང་གསུམ་དོན་རྣམས་གསལ་བར་གོ །རེ་ཞིག་ཁྱུང་རྫོང་དབེན་པ་བྱེད་པའི་ཚེ། །བླ་མ་གྲུབ་ཆེན་རྨི་ལམ་བྱོན་ནས་ཀྱང་། བསྙེན་བསྒྲུབས་རྩ་རླུང་བྱང་ཆུབ་སེམས་ཀྱིས་གནད། །མངོན་སུམ་ལྟ་བུར་བསྟན་པའི་སྣང་བ་ཤར། །དགེ་བའི་བཤེས་གཉེན་ཚུལ་ཁྲིམས་རིན་ཆེན་ལ། །གསང་བ་འདུས་པའི་རྒྱུད་འགྲེལ་བཤད་རྒྱུད་བཞི། འཕགས་སྐོར་ཆ་ལག་མང་དུ་རྫོགས་པ་དང་། །འཇམ་དཔལ་མཚན་བརྗོད་མ་ཧཱ་མ་ཡ་དང་། །གུར་དང་གདན་བཞི་ཕྲན་རྣམས་མ་ལུས་དང་། །མེས་རྔོག་ལས་རྒྱུད་དགྱེས་རྡོར་རྒྱ་གཞུང་ཕལ། །ཁ་མཐུན་བསྒྲུབས་སྐོར་གནམ་ལྕགས་ཨུར་མོ་དང་། །འགྲེལ་པ་གྲུ་གཟིངས་རིན་ཆེན་སྣ་བདུན་བཅས། །བདེ་མཆོག་སྙན་བརྒྱུད་ལ་སོགས་མར་རྔོག་གིས། །གདམས་ངག་བསྒྲུབ་ཡིག་བཀའ་ལུང་བཅས་ཏེ་ཐོས། །གཞན་ཡང་འཇམ་དཔལ་ཁྲོ་བོ་འདུས་པ་དང་། ཨུར་མོ་པ་ཏྲ་བསྒྲུབས་ཡིག་རྒྱུད་རྣམས་དང་། །བསྟན་པ་བསྒྲུབས་བྱེད་རྒྱུད་དང་བསྒྲུབས་པའི་ཐབས། །བརྒྱ་ཕྲག་བཅུ་གཅིག་ལྷག་པར་གྱུར་པ་དང་། །རོ་སྙོམས་ཐུབ་ལྔ་རྒྱུད་པའི་གདམས་ཕྲན་འགའ། །གཞོན་ནུ་འབུམ་ཞེས་བྱ་བའི་བརྒྱུད་པ་ཡིན། །དེ་དག་དུས་ཀྱི་ཉམས་སྣང་འགའ་ཡོད་པས། །འདི་རུ་མ་བྲིས་རང་བཞིན་གནས་པ་ཡིན། །གཞན་ཡང་འགྲེལ་པ་མཐའ་དྲུག་ཆེན་པོ་དང་། །གསུངས་གི་འོད་ཟེར་ལ་སོགས་འགྲེལ་པ་འགའ། འཆི་མེད་ཆེན་པོ་ལ་སོགས་དུ་མ་ཞིག །ཛྙྱ་ན་ཤྲི་ཞེས་བྱ་བ་དེ་ལ་ཐོས། །སྙིང་ཐིག་རྒྱུད་དང་འགྲེལ་པ་མན་ངག་ནི། །ཡི་གེའི་ཚོགས་དང་གསང་སྐོར་གདམས་ངག་དང་། །འཆི་མེད་ནི་གུའི་གདམས་ངག་གའུ་མ། །དེ་སོགས་གདམས་ངག་ཀུ་མ་ར་ཛ་དང་། །རི་ཁྲོད་རས་པ་ལས་ཀྱང་བྱུང་བ་ཡོད། །གཞན་ཡང་གངས་དཀར་དབེན་པ་བྱེད་པའི་ཚེ། །ཀོང་པོའི་ཡུལ་ཀུན་དམ་ཆོས་མོས་གྱུར་ཞིང་། །གཞན་ལ་ཕན་པའི་རྨི་ལམ་སྣང་བ་ཤར། །གཞན་ལ་ཕན་པ་དུ་མ་བྱུང་བར་གྱུར། །དྭགས་ལྷ་སྒམ་པོ་ཟངས་ལུང་རི་ཁྲོད་དུ། །བླ་མ་ལྷ་རྗེ་ཟླ་འོད་གཞོན་ནུ་ནི། །ས་བཅུའི་དབང་ཕྱུག་དེའི་འཕྲིན་ལས་སུ། །ཕྱག་རྒྱ་ཆེན་པོས་གཞན་དོན་འབྱུང་བར་ཤར། །ཀོང་པོའི་ཡུལ་གྱི་མི་མ་ཡིན་པ་རྣམས། །ཆོས་ལ་གུས་ཤིང་བཀའ་བཞིན་བསྒྲུབ་བོ་ཞེས། །བསྒྲོགས་པའི་སྣང་བ་ཤར་ཞིང་ལོ་གསུམ་བར། །ཆོས་བཞིན་བསྒྲུབས་ཞིང་ཡ་མཚན་དུ་མ་སྣང་། ཙ་རི་གཡུ་མཚོར་དག་སྣང་ཤར་བ་དང་། །མཁའ་འགྲོའི་གནས་ཀྱིས་ངེས་པར་ཤར་གྱུར་ཞིང་། །རང་བྱུང་དུར་ཁྲོད་དངོས་གྲུབ་བྱུང་བ་དང་། །བར་ཆད་ཞི་བའི་སྣང་བ་དུ་མ་བྱུང་། །བཀྲ་ཤིས་ལྗོངས་སུ་གསོལ་བ་བཏབ་པའི་ཚེ། །མཁའ་འགྲོའི་སྣང་བ་ཤར་ཞིང་མངོན་གསུམ་དུ། །མཁའ་འགྲོའི་སྒྲ་ཐོས་བྱིན་བརླབས་ཞུས་པ་དང་། །ངོ་མཚར་ཆེ་བའི་ལྟས་ཀྱི་ཁྱད་པར་སྣང་། །ཤམ་པོའི་གངས་བདུན་འཁྲུལ་པའི་སྣང་བ་ལས། །ཕྱིིའི་ཡུལ་དང་ནང་གིས་རྩ་རླུང་རྣམས། །སྣང་ཞིང་ཆོས་རྣམས་ཀུན་གྱི་རྟེན་འབྲེལ་གོ །བར་ཆད་བཟློག་ཅིང་གཞན་ཕན་ཡི་དམ་བཅས། །ཇོ་མོའི་གངས་ལ་དབེན་པ་བྱེད་པའི་ཚེ། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ནི། །མཁའ་ལ་གསལ་སྣང་བྱིན་བརླབས་ཞུས་པ་ཡིས། །ཡིད་ཀྱི་ཡུལ་དུ་ཡུན་རིང་གསལ་བར་གྱུར། །མཚུར་ཕུའི་རི་ཁྲོད་སྐུངས་སྟོང་ཡོད་པའི་དུས། །ནང་གི་རླུང་དང་ཕྱི་རོལ་ནམ་མཁའ་ལ། །གཟའ་དང་རྒྱུ་སྐར་དུས་སྦྱོར་ཐམས་ཅད་ཀུན། །གསལ་བར་ཤར་བས་རྩིས་ཀུན་སྣང་བར་གྱུར། །གསང་བ་འདུས་པ་མར་ལུགས་ཉན་པའི་དུས། །རང་གི་ལུས་ལ་འདུས་པ་གསལ་སྣང་ཞིང་། །རྒྱལ་བའི་དགོངས་པ་ཕྱི་ན་ཡོད་མིན་ལ། །ཐམས་ཅད་རང་གི་སེམས་སུ་ངེས་ཤེས་སྐྱེས། །རེ་ཤིག་འཁྲུལ་པའི་རྨི་ལམ་སྣང་བ་ལ། །འདི་ན་འཇིག་རྟེན་མང་པོ་འདས་པ་ཡིས། །ས་ན་རྒྱལ་བ་སྤོས་གླང་བཞུགས་པ་ཡི། །དམ་ཆོས་ཡིན་ཞེས་པུ་ཏི་དུ་མ་མཐོང་། །གངས་དཀར་ཆོས་གཏམ་མང་དུ་བྱས་པའི་ཚེ། །རྒྱལ་བའི་དགོངས་པ་ཐམས་ཅད་གཅིག་པ་དང་། །ཡི་དམ་རང་གི་རིག་པའི་ཆོ་འཕྲུལ་དུ། །ཤེས་ཤིང་བྱིན་བརླབས་རྒྱུད་ལ་བྱུང་བར་གོ །གནས་དེར་རེ་ཤིག་འཇམ་དཔལ་གཞོན་ནུ་ནི། བྱང་ཕྱོགས་འཇིག་རྟེན་མང་པོ་ན། །ད་ལྟར་སངས་རྒྱས་མཛད་པ་སྟོན་པ་དང་། །ཡུན་རིང་མོས་པས་ཡིད་ལ་གསལ་བར་གྱུར། །རེ་ཤིག་བདག་ཉིད་ཆེན་པོ་བྱམས་པའི་དྲུང་། །སེམས་ཀྱི་པདྨ་སྡོང་པོ་སྤྲུལ་བྱས་ཏེ། །གཞན་ཕན་བསྐུལ་བའི་གསོལ་བ་བཏབས་པ་ལས། །མངོན་སུམ་བཞིན་དུ་ཡིད་ལ་གསལ་བར་སྣང་། །གངས་དཀར་ཆོས་འབྱུང་ཕུག་པར་འདུག་པའི་ཚེ། །དཔལ་ལྡན་ཆོས་རྗེ་དུས་གསུམ་མཁྱེན་པ་ལ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བྱེད་སྣང་བས། །ཡིད་ལ་གསལ་བའི་ཚིགས་སུ་བཅད་པ་བརྗོད། །བ་ཚ་ཕུག་ནག་ཞེས་བྱར་འདུག་པའི་ཚེ། །མི་མ་ཡིན་རྣམས་བསྐོར་ཞིང་ཕྱག་འཚལ་བ། །ཡིད་ཀྱི་ཡུལ་དུ་གསལ་བར་གྱུར་པ་ལས། སྲོག་རླུང་སྐྱོན་གྱི་གེགས་ལས་གྲོལ་བར་འགྱུར། །ཆོས་རྗེ་བཞུགས་གནས་གྲ་མ་གྲུ་བཞི་རུ། །ཕུར་པའི་དབང་རྫོགས་ལ་སོགས་བཀའ་ལུང་རྣམས། །མནོས་པས་དེ་ཉིད་ཀྱི་ནི་སྣང་བ་ཤར། །སྙིགས་དུས་རང་གཞན་རྒྱུད་ལ་ཅུང་ཟད་ཙམ། །ཕན་པར་གྱུར་པའི་དག་སྣང་ཤར་ནས་ཀྱང་། །བདེ་ཆེན་སྟེང་གིས་རི་ཁྲོད་བཏབས་པ་ཡིན། །གནས་དེར་རེ་ཞིག་འཁྲུལ་པའི་སྣང་བ་ལ། །རྒྱལ་བའི་མཆོད་རྟེན་རིང་བསྲེལ་དཔག་མེད་པ། དབྱིབས་ལེགས་འོད་དང་ལྡན་པ་མང་དུ་རྙེད། །བསམ་གཏན་ཤེས་རབ་གཞན་ལ་ཕན་པའི་བརྡའ། །རེ་ཤིག་ཤར་ཕྱོགས་མངོན་པར་དགའ་བ་ཡིི། །ཞིང་ན་བཅོམ་ལྡན་མི་འཁྲུག་པ་ཡིི་དྲུང་། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེའི། །དེའི་མཛད་ལ་དད་ཅིང་སྣང་བ་གྱུར། །བདེ་ཆེན་རི་ཁྲོད་མཐོན་པོར་བསྡད་པའི་ཚེ། །སྤྱོད་དང་འོད་གསལ་བཞིན་ལ་བསྟན་པའི་དུས། །ཇི་ལྟར་བསྟན་པ་བཞིན་དུ་ཉམས་མྱོང་དག གཉིད་དང་མ་གཉིད་ཁྱད་པར་མེད་པར་སྣང་། །ཁ་རག་ཤར་གྱིས་རི་ཁྲོད་ཕྱིན་པའི་ཚེ། །སྟོན་ཟླ་འབྲིང་པོའི་ཉའི་དུས་མཚམས་ལ། །ཨོ་རྒྱན་པདྨ་རྨི་ལམ་སྣང་བར་ཤར། །གཞན་ཡང་སྙིང་ཁུར་པདྨའི་ཕུག་པ་རུ། །མཁའ་འགྲོའི་བྱིན་བརླབས་དག་སྣང་ཤར་བ་ཡིས། །སྣ་ཚོགས་དབྱངས་དང་ངག་ཏུ་བརྗོད་པར་འགྱུར། །གཞན་ཡང་བདེན་ཆེན་དབེན་པ་བྱེད་པའི་ཚེ། །སྟོན་ཉམས་ཀྱིས་སྣང་བས་ཕྱོགས་བཅུའི་འཇིག་རྟེན་ན། །སངས་རྒྱས་མང་སྣང་ཞིང་གི་རྒྱལ་སྲས་ཀྱིས། །རྣམ་ཐར་སྤྱོད་ལ་མོས་པ་རྒྱ་ཆེན་བསྐྱེད། །རྩ་དང་རླུང་དང་བྱང་ཆུབ་སེམས་ཀྱི་གནད། །རྒྱལ་བ་སྣ་ཚོགས་རྒྱུད་ལ་གསུངས་པ་ཀུན། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པས། །མཐོང་ནས་ཕྱི་ནང་གཞན་གསུམ་གཅིག་ཏུ་བཀོད། །ངག་དང་རླུང་དང་ཡི་གེའི་རྟེན་འབྲེལ་ནི། །མཁའ་ལ་གསེར་གྱིས་ཡི་གེའི་ཕྲེང་བ་རྣམས། །རང་གི་བ་སྤུའི་ཁུར་བུར་ཐིམ་ཞིང་འཕྲོ། །དཔལ་ལྡན་ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །སྐྱེས་བུ་དམ་ཅན་སྣང་བ་ཤར་བ་ཡིས། །བསྟན་པའི་རྒྱལ་མཚན་སྐབས་སུ་བབས་པར་གྱུར། །རེ་ཤིག་དབེན་པ་ཏིང་འཛིན་བསྒོམ་པའི་ཚེ། །ཕུང་པོ་ཁམས་སོགས་གསང་འདུས་ལྷ་ཚོགས་སུ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུངས་པ་བཞིན། །གོང་ནས་ཕྱི་ནང་སྦྱར་བའི་བསྒྲུབས་ཐབས་བྱས། །རེ་ཞིག་རྡོ་རྗེ་སེམས་དཔའ་ཧེ་རུ་ཀས། །བྱིན་གྱི་བརླབས་པའི་ལྟས་ཀྱི་ཁྱད་པར་སྣང་། །ཕྱི་རོལ་ནམ་མཁར་འཇའ་དང་འོད་དུ་འཁྱིལ། །དམ་ཚིག་སྡོམ་པའི་རྣམ་དབྱེ་བྲིས་པ་ཡིན། །རྨི་ལམ་ཀུ་རུ་ཀུ་ལེ་དབང་གི་ལྷ། །འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་ཅན། །འབྱུང་པོའི་གནོད་པ་ཞི་བར་མཛད་པར་སྣང་། །ས་ར་ཧ་དང་དྷརྨ་ཀིཏྟི་སོགས། །མེས་པོའི་ཡིད་ལ་སྐབས་སུ་སྣང་བ་ཡིས། མཁས་གྲུབ་རྣམས་ཀྱི་གཞུང་དོན་རྒྱ་མཚོ་རྣམས། །རྩོལ་བ་མེད་པར་ལེགས་པར་གོ་བར་འགྱུར། །གངས་དཀར་ཕུག་ན་པདྨའི་སྐུ་བཞེངས་ཚེ། །ཨོ་རྒྱན་མཁན་པོའི་འཕྲིན་ལས་ལྷག་མ་ཡིས། །དེང་སང་དུས་ན་ཕྱོགས་རྣམས་ཐམས་ཅད་དུ། །འཕྲིན་ལས་ཅུང་ཟད་འགྲུབ་པའི་སྣང་བ་ཤར། །ཤར་གྱི་ཕྱོགས་ན་མི་དགེ་སྤྱོད་པ་ཡི། །སེམས་ཅན་རྣམས་ལ་ཕན་པར་བསམ་པ་ལས། །ཤཱཀྱའི་རྒྱལ་པོ་ཐུགས་རྗེའི་འོད་ཟེར་ གྱིས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སེལ་བ་སྙམས། །མི་མ་ཡིན་པའི་ཡི་དྭགས་རྫུ་འཕྲུལ་ཅན། །ཤ་ཁྲག་འདྲེན་པའི་རྣམ་པ་བཟློག་ནས་ཀྱང་། །རང་གཞན་ཕན་པར་བྱེད་པར་དམ་བཅའ་བཞིན། །དད་ཅིང་རྒྱལ་བའི་བསྟན་ལ་གུས་པར་བྱས། །གཞན་ཡང་རང་སེམས་སྟོང་པ་ཉིད་ཀྱི་གཟུགས། །རང་རིག་ཡེ་ཤེས་བསམ་གཏན་སྣང་བ་ལ། །དཔག་ཏུ་མེད་པ་ཕར་ཆེར་འཆར་མོད་ཀྱང་། །རྣམ་རྟོག་ཡི་གེར་བྲིས་པས་ག་ལ་ལངས། །རེ་ཤིག་དཔལ་ལྡན་ས་སྐྱར་ཕྱིན་པའི་ཚེ། །གཞི་བདག་ལ་སོགས་མི་མ་ཡིན་པ་རྣམས། །དད་བཞིན་དགའ་བའི་ཡིད་ཀྱི་འོང་ནས་ཀྱང་། །ཆོས་ཀྱི་ཚུལ་དང་མཐུན་པར་བྱེད་པ་སྙམ། །ཙན་བྲག་ཕྱིན་དུས་མཁའ་འགྲོ་ཆོས་སྐྱོང་ལ། །གཏོར་མ་བཏང་ཚེ་དཔལ་ལྡན་མགོན་པོ་ཡིས། །སྣང་བ་ཡིད་ལ་ཡུན་རིང་གསལ་བར་འགྱུར། །བར་ཆོད་ཞི་ཞིང་སྡོང་གྲོགས་བྱེད་པའི་ལྟས། །རྒྱང་ཁང་ཨུར་རིར་འདུས་པའི་ཚོགས་རྣམས་ལ། །སེམས་བསྐྱེད་ངོ་སྤྲོད་ཆོས་རྣམས་བསྟན་པའི་ཚེ། །བླ་མ་བརྒྱུད་པའི་བྱིན་བརླབས་ཉམས་སྣང་དང་། །གཞན་སྣང་དུ་ཡང་ཉི་མར་རིང་བར་གྲགས། །ཉང་སྟོད་ཕྱོགས་སུ་གདུལ་བྱ་ཐམས་ཅད་ལ། །ཐེག་པ་སྣ་ཚོགས་ཆོས་རྣམས་སྟོན་པ་དང་། །གཞན་ལ་ཕན་པའི་རྣམ་གྲངས་མང་བྱུང་ཞིང་། །དུས་མཚམས་ཟླ་བའི་འོད་ཟེར་གསལ་བར་གྱུར། །རྒྱལ་བའི་འཕྲིན་ལས་གདུལ་བྱ་མང་པོ་ལ། །དག་པའི་སྣང་བ་འགའ་ཞིག་ཤར་བ་དང་། །ཁྱད་པར་དུ་ཡང་གྲགས་པ་སེང་གེ་ལ། །ཉམས་ཀྱི་སྣང་བ་རྫུ་འཕྲུལ་ལྟ་བུ་དང་། །རེ་ཤིག་སྙིགས་མའི་དུས་ལ་བརྟེན་པ་དང་། །ཕྱི་ནང་བར་ཆོད་འགའ་ཞིག་འབྱུང་འགྱུར་པས། །དེ་བཟློག་ཐབས་ལ་བརྩོན་པར་གྱིས་ཅིག་ཅེས། ཐུགས་རྗེའི་བདག་པོའི་གསུངས་སྒྲོས་གསལ་བ་ཐོས། །རྒྱལ་བའི་མཆོད་རྟེན་ཞིག་པ་གསོས་པའི་ཚེ། །རྨི་ལམ་སྣང་བ་ཞིང་ཁམས་འདི་ཉིད་དུ། །སྣ་ཚོགས་མཆོད་རྟེན་རྒྱན་གྱི་བརྒྱན་པར་མཐོང་། །མ་འོངས་རྒྱལ་བའི་མཆོད་རྟེན་བྱེད་པ་སྙམ། །རེ་ཤིག་སྤྱན་རས་གཟིགས་དབང་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་རྨི་ལམ་ལྟར། །ཕྱི་ནང་བར་ཆད་ཞི་བར་མཛད་པ་དང་། །གཞན་ཕན་ཡོན་ཏན་འབྱུང་བའི་སྣང་བ་ཤར། །རྒྱལ་བའི་མདོ་ལ་བསྡུས་དོན་རྣམས་བྱས་ཤིང་། །གདུལ་བྱའི་ཚོགས་ལ་བསྟན་པར་བྱ་བའི་ཚེ། །རྒྱལ་བའི་གསུངས་ཚིག་ཡི་གེའི་ཚོགས་རྣམས་ཀུན། །ཞིང་ཁམས་ཁྱབ་པའི་སྟོང་གཟུགས་སྣང་བ་ཤར། །གཞན་ཡང་རེ་ཤིག་འབྲོང་ཕུའི་གཙུག་ལག་ལག་དུ། །མ་ཕམ་རྒྱལ་བའི་སྲས་པོ་འཇམ་དབྱངས་དང་། །སྤྱན་རས་གཟིགས་དབང་བཞུགས་པར་འགྱུར་བ་ལ། །སྣ་ཚོགས་མཆོད་པའི་ཁྱད་པར་ཡིད་ཡུལ་གསལ། །དེ་སོགས་རང་བྱུང་འཁྲུལ་པའི་སྣང་བ་དང་། །རྨི་ལམ་བག་ཆགས་འཁྲུལ་སྣང་དཀར་པོ་ཡིས། །སེམས་ཀྱི་རྣམ་རྟོག་བྲིས་ཀྱིས་ག་ལ་ལངས། །ཀུན་གཞི་རྣམ་ཤེས་ས་བོན་ཐམས་ཅད་ལ། །བག་ཆགས་རྒྱ་མཚོའི་གཏིང་མཐའ་མེད་པ་ ལ། །ཚོགས་བདུན་འདུ་ཤེས་འཁོར་དང་བཅས་པ་རྣམས། །སྐྱེ་ཞིང་འགག་པའི་རྦ་བརླབས་དཔག་ཏུ་མེད། །དེའི་སྙིང་པོ་བརྒྱད་ཁྲི་བཞི་སྟོང་ཆོས། །རྣམ་པར་མི་རྟོག་ཟད་མེད་ནོར་བུ་དེ། སྤངས་བྱ་གཞན་དུ་གཉེན་པོའི་ཡོན་ཏན་ལྡན། །དེ་ཡི་རྣམ་གྲངས་བརྗོད་ཀྱིས་ག་ལ་ལངས། །ཆོས་ཀུན་ངོ་བོ་སྐྱེ་འགག་མེད་པ་དང་། །སྣ་ཚོགས་མ་འགག་ཤར་བའི་རྩལ་སྦྱོངས་ཞིང་། །རང་བྱུང་མིང་ཅན་ཡིད་ཀྱི་ཀུན་རྟོགས་ལས། །འདི་ནས་མ་འོངས་ཕྱི་མའི་དུས་ཀྱི་ཚེ། །བྱང་ཆུབ་སེམས་དཔའ་སེང་གེའི་རྣམ་ཐར་བཞིན། །མ་ཕམ་ཆོས་ཀྱི་བླ་མ་བཞུགས་པ་ཡིན། །སྣ་ཚོགས་བཀོད་པ་ལྡན་པའི་གནས་བཞིན་དུ། །མདུན་པས་འཕངས་ཏེ་སྐྱེ་བར་བྱེད་རྣམས་སྙམ། །དཔལ་ལྡན་ཀརྨ་པའི་ལུང་བསྟན་དུ། །མ་འོངས་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་དྲུང་། །བདག་ཉིད་ཆེན་པོ་བྱམས་པའི་ཆོས་འཛིན་པ། །རྒྱུད་པ་འདི་ལས་འབྱུང་ཞེས་གང་གསུང་པ། །དེ་དང་ཕྱོགས་མཐུན་བདག་ཀྱང་སྦྱོར་འགྱུར་ཞིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག །དེ་ནས་རེ་ཤིག་འོད་དཔག་མེད་པ་ཡི། །རྒྱལ་བ་དེ་ཡི་ཐུགས་རྗེས་བསྐུལ་བ་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་ལྟར་བྱེད་ཅིང་། །དེ་དག་མཛད་དང་མཐུན་པར་འཇུག་པར་སྙམ། །སྐལ་པ་བཟང་པོའི་རྒྱལ་བ་རབ་འབྱུང་བ། །དེ་བཞིན་གཤེགས་པ་སེང་གེ་ནས་བཟུངས་ཏེ། །ཐ་མ་སྣང་བར་མཛད་པའི་བར་དག་དུ། །ཆོས་འཛིན་ཞིང་ཁམས་སྦྱོངས་བར་སྨོན་ལམ་བཏབས། །ཐམས་ཅད་ཡིད་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། །དེ་དག་རྣམས་ཀྱང་འགྲུབ་པར་འགྱུར་བ་ཡིན། །རྒྱལ་བའི་སྲས་པོ་མཐུ་ཆེན་མ་སྨད་པ། །འཇམ་དཔལ་གྱིས་ནི་ཞིང་གིས་སྨོན་ལམ་བཞིན། །རྗེས་སུ་མཐུན་པར་ཡོངས་སུ་བསྒྲུབས་བྱེད་ཅིང་། །ཀུན་ཏུ་གཟིགས་པའི་རྒྱལ་བའང་མཐོང་བར་འདོད། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། །ཞིང་ཁམས་རྒྱ་མཚོ་སྦྱངས་ཞིང་ལྟ་བ་དང་། །རྣམ་ཐར་རྒྱ་མཚོའི་མཛད་པ་ཇི་བཞིན་དུ། །ཕྱོགས་བཅུའི་ཞིང་ཁམས་ནམ་མཁའི་མཐས་གཏུགས་པར། །བསྒྲུབ་པར་བྱེད་པའི་སྨོན་ལམ་རབ་ལྡན་པར། །དུས་རིང་བྱ་དཀའ་སེམས་དཔའ་མེད་པ་དང་། །ཐེ་ཚོམ་ཡིད་གཉིས་བློ་དང་བྲལ་བ་སྟེ། །རྒྱལ་བ་རྒྱ་མཚོའི་ཐུགས་དང་མཐུན་པར་འཇུག །འདི་ནས་མ་འོངས་ཚུལ་ལུགས་བརྗོད་པ་འདི། །སེམས་ཀྱི་ཀུན་རྟོགས་མྱུ་གུའི་རྒྱུད་ལས་ནི། །རྣམ་དག་འབྲས་བུ་འགྲུབ་ཕྱིར་བྲིས་པ་ཡིན། །སྐལ་བ་དམན་ཅིང་བརྩོན་འགྲུས་ཞན་པ་དང་། །བློ་ཆུང་རྣམས་ཀྱི་ཐོས་ནས་ཐེ་ཚོམ་སྐྱེས། །བློ་ལྡན་རྒྱལ་བའི་སྙིང་པོ་ལ་མོས་པ། །ཐེག་ཆེན་ཆོས་ཚུལ་རྟོགས་པར་འགྱུར་བ་རྣམས། །དུ་བའི་རྟག་ལ་མེ་བཞིན་ངེས་ཤེས་སྐྱེས། །འདི་ནི་རང་བྱུང་མ་འོངས་སྤྱོད་པ་ཡིན། །དེ་ལྟར་འདས་དང་མ་བྱོན་ད་ལྟར་གྱིས། །སྤྱོད་པའི་ཚུལ་རྣམས་ཡི་གེར་བྲིས་པ་ལ། །རྒྱ་ཆེན་དོན་དང་ལྡན་པ་མ་ཡིན་ཀྱང་། །བྱིས་པའི་དུས་ ན་འགའ་ཞིག་དྲན་པ་དང་། །ལ་ལ་བསྟན་ཆོས་རྣམས་སུ་བྲིས་པའང་ཡོད། །གནས་སྐབས་སྤྱོད་དང་ཡིད་ཀྱི་མདུན་པ་དང་། །ལ་ལ་རྨི་ལམ་འཁྲུལ་པའི་སྣང་བ་སྟེ། །དེ་སོགས་ཡི་གེར་བྲིས་པ་འདི་དག་ལས། །ཐེ་ཚོམ་ཡིད་གཉིས་ལྡན་རྣམས་བཟོད་པར་གསོལ། །རང་གཞན་རྒྱུད་ལ་གནོད་པར་མ་གྱུར་ཅིག །དགེ་བ་འདི་ཡི་སེམས་ཅན་ཐམས་ཅད་ཀྱི། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་འཇུག་པར་ཤོག །རྣམ་པར་ཐར་པ་ཚིགས་སུ་བཅད་པ་མདོར་བསྡུས་པ་འདི། །མཁན་ཆེན་ས་ནག་པ་དང་། །སྒོམ་པ་ཤེས་རབ་རྡོ་རྗེས་གསོལ་བ་བཏབས་པ་ལ་བརྟེན་ནས། ཤིང་ཕོ་བྱི་བའི་ལོ་ལ་བདེ་ཆེན་དུ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཆོས་རྗེ་འདི་ལ་མོས་གུས་གང་ཐོབ་པ། །ཉི་མའི་འོད་ཟེར་མུན་པ་སེལ་བ་ལྟར། །སྐལ་པར་བསགས་པའི་སྒྲིབ་པ་སྣ་ཚོགས་དག །མཆོད་ཅིང་གསོལ་བ་ཐོབ་ཅིག་བུ་སློབ་ཀུན། །འདི་བྲིས་དགེ་བ་དྲི་མེད་དེས། །རྗེས་ཞུགས་གསོལ་བ་འདེབས་པའམ། །གདུལ་བྱ་བུ་སློབ་ཐམས་ཅད་ཀུན། །བླ་མའི་ཞབས་དྲུང་སྐྱེ་བར་ཤོག །སིདྡྷི།། རྣམ་ཐར་ཚིགས་བཅད་མའི་འཕྲོ་འདི་ཆོས་རྗེ་འཛམ་གླིང་གྲགས་པས་མཛད་པའོ།། ༈ ཨོཾ་སརྦ་སྭ་སྟི་སིདྷཾ་ཧཱུྃ། ལོ་བཞི་བཅུ་ཡན་ཆད་ཀྱི་རྣམ་པར་ཐར་པ་བརྗོད་ཟིན་ནས་འདིར་ནི་དེ་མན་ཆད་ཀྱི་ལུས་ངག་ཡིད་གསུམ་གྱིས་བྱེད་པ་ཅུང་ཟད་བརྗོད་པར་བྱའོ། །བདེ་ཆེན་ཞེས་བྱར་བསྒྲུབས་པ་བྱེད་པའི་ཚེ། །ཉམས་ཀྱི་སྣང་བ་རྒྱུན་དུ་ཤར་བ་ལས། །སྙིགས་མའི་དུས་ན་དབེན་པ་མ་བརྟེན་ན། །བར་དུ་གཅོད་པ་རྣམ་པ་དུ་མ་བྱུང་། །ལོག་པའི་རྐྱེན་གྱི་ཁྲིད་པའི་སྐྱེ་བོ་ལ། །རྒྱལ་བའི་གསུངས་བཞིན་ཉམས་སུ་བླངས་དགོས་སྙམས། །དེ་དུས་རབ་རིབ་འཁྲུལ་པའི་རྨི་ལམ་ན། །སྐྱེས་བུ་ཞིག་གི་འདི་སྐད་སྨྲ་བ་ཐོས། །དྭགས་ཀོང་ཕྱོགས་ཀྱིས་གདུལ་བྱ་ཐམས་ཅད་ལས། །སྤྱན་རས་གཟིགས་ཀྱི་འོད་ཟེར་བཀྱེ་བའི་ཕྱིར། དཔལ་ལྡན་ཀརྨ་པའི་ལུང་བསྟན་བཞིན། །འདུལ་བའི་དུས་ལ་བབས་ཅེས་ཐོས་པ་ཡིས། །ཕྱོགས་དེར་ཕྱིན་ཞིང་འགྲོ་ལ་ཕན་པ་བྱས། །ནགས་ཕུ་ཞེས་བྱར་དབེན་པར་འདུག་པའི་ཚེ། །རང་བཞིན་ཏིང་འཛིན་འཕེལ་བར་གྱུར་པ་དང་། །གཞན་ཕན་ལྟས་ཀྱི་ཁྱད་པར་མང་དུ་བྱུང་། །དད་ལྡན་སྐྱེ་བོ་རྣམས་ཀྱི་མོས་པའི་ས། །ལོ་གཅིག་ནང་དུ་དགོན་གནས་གཙུག་ལག་ཁང་། །མང་དུ་ཐོབ་ཤིང་མཐའ་ཁོབ་སྐྱེ་བོའི་ཚོགས། །གསུམ་ལ་སྐྱབས་འགྲོ་བྱང་ཆུབ་སེམས་དཔའ་བཀོད། །ཁྱད་པར་པདྨ་འབྱུང་གནས་བཞུགས་པའི་གནས། །རྐོང་འཕྲང་ཞེས་བྱར་དབེན་པ་བྱེད་པའི་ཚེ། །ཏིང་འཛིན་ཤེས་རབ་ལྡན་པར་འཕེལ་འགྱུར་ཞིང་། །ཟབ་མོའི་ནང་དོན་རྣམ་བཤད་བྱས་པ་ཡིན། །དེའི་ཤར་ཕྱོགས་ལས་ཀྱིས་གཤིན་རྗེའི་གནས། །རྒྱལ་བས་གསུངས་པ་བཞིན་དུ་གསལ་བར་མཐོང་། །ཕྲག་ཡུལ་ལྷ་ཁང་རབ་ཏུ་གནས་པའི་དུས། །རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརློབས་པ་དང་། །ཆོས་སྐྱོངས་རྣམས་ཀྱི་ལྟས་རྣམས་མང་དུ་མཐོང་། །ཁྱད་པར་ཙ་རི་གནས་མདར་ཕྱིན་པའི་ཚེ། །མཁའ་འགྲོའི་ཆོ་འཕྲུལ་བསམ་གྱི་མི་ཁྱབ་པ། །བཤེས་གཉེན་རྣམས་ཀྱི་མཐོང་བཞིན་དག་སྣང་སྐྱེས། །ཤིན་ཏུ་བགྲོད་དཀའི་འཕྲང་ལ་ཡོངས་པའི་ཚེ། །དད་པར་ལྡན་པའི་མི་མ་ཡིན་རྣམས་ཀྱིས། །གཙང་པོའི་གཞུང་དུ་བྱེ་མའི་ལམ་བྱས་ཤིང་། །འཇིག་རྟེན་པ་རྣམས་ངོ་མཚར་བསྐྱེད་པར་བྱས། །དྭགས་ལྷ་སྒམ་པོའི་གནས་སུ་ཕྱིན་པའི་ཚེ། །བཀའ་བརྒྱུད་རྣམས་ཀྱིས་གསལ་སྣང་དུ་མ་དང་། །ཕྱི་རོལ་དུ་ཡང་མེ་ཏོག་ཆར་པ་བབས། །གཞན་ཡང་ཡུལ་ཕྱོགས་དེ་དག་ཐམས་ཅད་དུ། །ཆོས་ཀྱི་ཁྲི་སྟན་རབ་ཏུ་གཡོ་བ་དང་། །ཞི་རྒྱས་དབང་དྲག་འཕྲིན་ལས་དུ་མ་བསྟན། །སྟག་ལོ་ཟླ་བ་གསུམ་པའི་མར་ཚེས་ལ། །ལྷ་སར་ཕྱིན་ཚེ་ཤཱཀྱའི་རྒྱལ་པོ་ཡིས། །རྣམ་པར་དཀར་བའི་འཕྲིན་ལས་འབྱུང་བ་ལྟས། །མཁས་གྲུབ་རྣམས་ཀྱི་སོ་སོར་མཐོང་བར་གྱུར། །དེ་ནས་དཔལ་ལྡན་ཀརྨའི་གནས་སུ་ཕྱིན། །གཙུག་ལག་ཁང་རྣམས་གསོ་བར་བྱེད་པ་དང་། །དད་ལྡན་རྣམས་ལ་ཆོས་ཀྱིས་འཁོར་ལོ་བསྐོར། །འཇིག་རྟེན་ཚུལ་སྤངས་དབེན་པ་བརྟེན་པར་བྱ། །ཏིང་འཛིན་དོན་གཉེར་བརྒྱ་ཕྲག་དུ་མ་བྱུང་། །དབེན་པར་གནས་རྣམས་སངས་རྒྱས་ཡོན་ཏན་བསྐྱེད། །ཆོས་སྐུའི་གནས་ལུགས་ལེགས་པར་གསལ་བ་དང་། །ཀླུ་གྲུབ་དགོངས་པ་ཇི་བཞིན་རྟོགས་གྱུར་ནས། །ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་བཤད་བྱས། །དེ་དུས་འཁྲུལ་པའི་ཉམས་ཀྱིས་སྣང་བ་ལས། །དབེན་པར་གནས་རྣམས་སངས་རྒྱས་ཡོན་ཏན་བསྐྱེད། །སྐྱེ་བོ་རྣམས་ལ་འཇིགས་དང་སྡུག་བསྔལ་འབྱུང་། །དེ་ནས་དབེན་གནས་བསྒྲུབ་པར་བྱའོ་སྙམ། འབྲུག་ལོ་ཟླ་བ་དང་པོ་ཤར་བའི་ཚེ། །རྨི་ལམ་གསལ་སྣང་དུ་མ་ཤར་བ་དང་། །ཆོས་སྐྱོང་རྣམས་ཀྱི་ལྟས་རྣམས་སྣང་བ་ཡིན། །དགེ་བསྙེན་རྡོ་རྗེ་རྒྱལ་པོ་གནས་པའི་ས། །སོག་གིས་ཆུ་ལ་ཟམ་པ་བྱེད་དུ་ཕྱིན། །ཀླུའི་རྒྱལ་པོ་འཁོར་དང་བཅས་རྣམས་ཀྱིས། །བར་མཆོད་མེད་པར་འཕྲིན་ལས་ཀུན་གྲུབ་ཅིང་། །གཞན་སྣང་ལྟས་ཀྱི་ཁྱད་པར་མང་དུ་བྱུང་། །དེ་ནས་སྤྱན་རས་གཟིགས་དབང་གིས་བསྐུལ་ནས། །འཇིག་རྟེན་ཟང་ཟིང་བྱས་ན་བར་ཆད་བྱུང་། །དབེན་གནས་གཞན་དུ་ཕྱིན་ཡང་ཆོས་མི་འཕེལ། །དོན་མེད་ཕྲག་དོག་བྱེད་པ་མང་དུ་བྱུང་། །དེ་ནས་དཔལ་ལྡན་ནགས་ཕུའི་རི་ཁྲོད་སོང་། །ཟེར་བ་ཐོས་ནས་དབེན་གནས་དེ་རུ་ཕྱིན། །བར་ཆད་མེད་ཅིང་ཏིང་འཛིན་རབ་ཏུ་འཕེལ། །དག་པའི་སྣང་བ་བསམ་གྱི་མི་ཁྱབ་བྱུང་། །ཁྱད་པར་དུ་ཡང་ནུབ་གཅིག་རྨི་ལམ་ན། །ཤར་ཕྱོགས་རྒྱལ་པོའི་རྣམ་ཐར་སྒྲོགས་པ་དང་། །ལོ་གསུམ་འདས་ནས་ཁྱེད་ཀྱང་འགྲོ་དགོས་ཟེར། །དེ་སྐད་ཐོས་ནས་གདུལ་བྱ་ཐམས་ཅད་ལ། །ཉམས་ལེན་བརྩོན་པར་གྱིས་ཞེས་བསྐུལ་བ་ཡིན། །སྦྲུལ་ལོ་དབྱར་གྱིས་ཉི་མ་ལོག་པའི་དུས། །རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་བཤད་པ། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ ཀུན། །མཁའ་འགྲོའི་རབ་ཏུ་བསྟན་ནས་ལེགས་པར་གོ །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཐམས་ཅད་ཀྱིས། །སྙིང་པོ་འཇམ་དཔལ་གྲགས་པས་ལེགས་བསྡུད་པ། །རྣལ་འབྱོར་གསུམ་སྙིང་རྒྱ་ཆེར་འགྲེལ་པར་བྱས། །དེ་དུས་བྱང་ཆུབ་སེམས་དཔའ་ནོར་བཟང་ཀྱིས། །བླ་མ་རྟེན་པའི་རྣམ་པར་ཐར་པ་རྣམས། །ཡང་ཡང་དྲན་ནས་ཀུན་ཏུ་བཟང་པོའི། །བསྟོད་པ་བྱས་ནས་སྨོན་ལམ་རྒྱ་ཆེན་བཏབས། །མཁའ་འགྲོའི་གནས་མཆོག་ཙ་རིར་ཕྱིན་པའི་ཚེ། །བག་ཆགས་འཁྲུལ་པའི་རབ་རིབ་རྨི་ལམ་ན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་མངའ་བདག་ནི། །གཞོན་ནུ་གསུམ་གྱིས་འདི་སྐད་གསུང་པ་ཐོས། །དབེན་པ་བརྟེན་ནས་ཏིང་འཛིན་ཡོན་ཏན་འཕེལ། །ཟླ་བའི་དཀྱིལ་འཁོར་མཁའ་ལ་འགྲོ་བ་བཞིན། །གཞན་གྱིས་རྐྱེན་གྱི་གསལ་དང་འགྲིབ་པ་ཡོད། །མཁའ་ལ་རྒྱུ་སྐར་རྣམ་པར་བཀྲ་བ་ཡང་། །ཉི་ཟླའི་རྐྱེན་གྱི་གསལ་དང་མི་གསལ་ཡོད། རང་གཞན་དོན་ལ་ལེགས་པར་བརྟགས་པར་གྱིས། །བརྡ་དེ་བསྟན་ནས་དེ་ནས་མི་སྣང་གྱུར། །གཞན་ཡང་གནས་དེར་མཁའ་འགྲོའི་ཆོ་འཕྲུལ་ལ། །ལྟས་ཀྱི་ཁྱད་པར་དུ་མ་སྣང་བར་གྱུར། །ཕྱི་མའི་དུས་ན་ཕན་པའི་བརྡར་ཤར་ནས། །ལྷུན་གྲུབ་སྟེང་གི་རི་ཁྲོད་བཏབ་པ་ཡིན། །བསྒོམ་ཆེན་རྣམས་ཀྱིས་ཏིང་འཛིན་འཕེལ་བ་དང་། །ཐེག་ཆེན་རྒྱ་མཚོའི་རྣམ་ཐར་སྤེལ་བའི་ཕྱིར། །ཕལ་ཆེན་ཞིང་གི་བཀོད་པ་བསྟན་ཆོས་བྱས། །འཇམ་པའི་དབྱངས་གིས་ལུང་བསྟན་ཇི་བཞིན་དུ། །ཤར་ཕྱོགས་གདུལ་བྱ་མ་ལུས་ཐམས་ཅད་ལ། །ཕན་པའི་དོན་དུ་ས་བདག་རྒྱལ་པོས་བསྐུལ། །ལུག་ལོ་ཟླ་བ་བདུན་པའི་ཚེས་དྲུག་ལ། །ལྷུན་གྲུབ་ནས་བཏེགས་དབུས་ཀྱི་ཕྱོགས་སུ་སོང་། །མཁའ་འགྲོའི་གནས་མཆོག་ཙ་རི་རྙིང་མ་རུ། །ལས་ཀྱི་མཁའ་འགྲོའི་བྱིན་བརླབས་སྣང་བ་ཤར། །མི་མ་ཡིན་གྱི་ཆོ་འཕྲུལ་དུ་མ་རྣམས། །ས་གཡོས་སྒྲ་སྐད་དུ་མ་སྣ་ཚོགས་བྱུང་། །དབུས་ཕྱོགས་བགྲོད་ནས་འདམ་དུ་སླེབ་པའི་ཚེ། །གཉེན་ཆེན་ཐང་ལྷ་ལ་སོགས་གཞི་བདག་རྣམས། །ངོ་མཚར་དུ་མའི་ཆོ་འཕྲུལ་སྟོན་བྱེད་ཅིང་། །དགུན་གྱི་ཉི་མ་ལོག་པའི་དུས་ཚོད་ལ། །གློག་དང་འབྲུག་ལ་སོགས་པ་དུ་མའི་སྒྲ། །ཕན་གནོད་ལྟས་ཀྱི་བྱེ་བྲག་དཔག་མེད་སྣང་། །རེས་གཅིག་དབེན་པའི་གནས་སུ་ཏིང་འཛིན་སྤེལ། །སྤྲེའུ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ནས། །ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་ལམ་དུ་ཕྱིན། །ལམ་དུ་འགྲོ་བ་རྣམས་ལ་ཕན་པ་དང་། །ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཡིས། །སེམས་ཅན་འགའ་ཞིག་ལ་ནི་ཕན་པར་གྱུར། །རྒྱ་བོད་གཉིས་ཀྱི་མཚམས་སུ་ཕྱིན་པའི་ཚེ། །ས་བདག་ཕོ་ཉས་མགྱོགས་པར་བསྐུལ་བ་དང་། །ལྟས་ལ་བརྟེན་ནས་མགྱོགས་པར་ཡོང་མོད་ཀྱང་། །ཟླ་བ་བརྒྱད་པའི་ཚེས་གྲངས་བཅུ་གཉིས་ལ། །ས་གཡོས་བར་དུ་གཅོད་པའི་ལྟས་རྣམས་བྱུང་། །གིན་འཇང་ཧུ་ཞེས་བྱ་བའི་མཁར་དུ་ཕྱིན། །མི་དབང་སྒྲིབ་པ་སྦྱངས་པའི་ཆོ་ག་བྱས། །དེ་དུས་རྨི་ལམ་གསལ་སྣང་འདི་ལྟར་བྱུང་། །སྔོན་གྱི་གདུལ་བྱ་རྣམས་ཀྱི་དོན་སླད་དུ་ནི། །ཕྱིན་ནས་སེམས་ཅན་རྣམས་ལ་ཕན་པར་བྱས། །བར་དུ་གཅོད་པ་གང་ཡང་མི་འབྱུང་ཞིང་། །ཁྱོད་ཀྱི་བསམ་པས་ཡོངས་སུ་རྫོགས་འགྱུར་ཞེས། །ཆོས་སྐྱོང་རྣམས་ཀྱི་དེ་ལྟར་སྒྲོགས་པ་ཐོས། །མྱུར་དུ་རྒྱལ་པོའི་ཕོ་བྲང་ཕྱོགས་སུ་ཕྱིན། །ཟླ་བ་བཅུ་པའི་བཅོ་བརྒྱད་དུས་ཚོད་ལ། །རྒྱལ་པོའི་ཕོ་བྲང་གནས་པའི་སེམས་ཅན་རྣམས། །དད་པའི་དབང་གིས་སྣ་ཚོགས་མཆོད་པ་རྣམས། །རིན་ཆེན་གོས་དང་སྣ་ཚོགས་མཆོད་པའི་སྤྲིན། །ཆོས་བཟང་ལྷ་རྣམས་ལེགས་པར་བཀོད་འདྲ། །སྣ་ཚོགས་འཇའ་འོད་བཀྲ་བའི་མདངས་གསལ་ཞིང་། །སྐྱེ་བོ་རྣམས་ལ་མོས་པ་བསྐྱེད་པར་བྱ། །དེ་དུས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས། །འཕྲིན་ལས་མཛད་པའི་སྣང་བར་བསྐྱེད་པར་བྱུང་། །མི་དབང་བཙུན་མོར་བཅས་པ་ཐམས་ཅད་ལ། །དབང་བསྐུར་བྱེད་ཚེ་འཁྲུལ་པའི་སྣང་བ་ལ། ཅི་ལྟར་བྱུང་བ་ཐམས་ཅད་ཤེས་པར་སྣང་། །དེ་དག་གཞན་ལ་གསལ་བར་བསྒྲགས་པ་ཡིན། །ཕོ་བྲང་ཆེན་པོར་ཆོ་ག་བྱས་པའི་དུས། །མི་མ་ཡིན་གྱི་ཆོ་འཕྲུལ་ཉམས་སྣང་ལ། །རིན་ཆེན་དཔལ་ཞེས་གྲགས་པའི་རྒྱལ་པོ་ལ། །བར་ཆོད་བྱུང་ཞེས་བློན་པོ་རྣམས་ལ་སྨྲས། །བྱ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ། །མིའི་དབང་པོ་གདན་སར་བཞུགས་པའི་དུས། །འཇིག་རྟེན་སྐྱོངས་པ་མང་པོ་འདུས་ནས་ཀྱང་། །དགྱེས་པའི་རྣམ་འགྱུར་མཛད་པ་ཉམས་ལ་བྱུང་། །རྒྱལ་ཁམས་བདེ་བར་འགྱུར་བའི་བརྡའ་རུ་གོ །གོང་མ་ཐལ་ཧུ་རྒྱལ་བརྒྱུད་བཅས་པ་དང་། །བློན་པོའི་ཚོགས་ལ་དབང་བསྐུར་ཆོས་བཤད་ཅིང་། །རྒྱལ་བའི་བསྟན་ལ་ཅུང་ཟད་ཕན་པར་བྱས། །དེ་ནས་ཁྱི་ལོ་ཟླ་བ་དང་པོའི་ཚེ། །རབ་རིབ་འཁྲུལ་པའི་གཉིད་ཀྱི་རྨི་ལམ་ན། །རི་ཁྲོད་ནགས་ཚལ་འཇིགས་དང་བཅས་པའི་ངོགས། །མི་དཀར་འོད་ཟེར་འཕྲོ་བ་མཁའ་འགྲོ་ཡིས། །མཆོད་པ་བྱེད་མཐོང་ཞལ་ནས་འདི་སྐད་གསུངས། འདི་རུ་མ་འདུག་གངས་ཅན་ཁྲོད་དུ་སོང་། །རང་གཞན་ཀུན་ལ་ཕན་པར་གྱུར་ཞེས་ཐོས། །གོང་མ་རྣམས་ལ་ཞུ་བ་བྱས་ནས་ཀྱང་། །ཁྱི་ལོ་ཟླ་བ་ལྔ་པའི་བཅོ་ལྔ་ལ། །བཏེགས་ནས་རི་བོ་རྩེ་ལྔའི་གནས་སུ་ཕྱིན། །འཇམ་དབྱངས་བྱང་ཆུབ་སེམས་དཔའ་འཕྲིན་ལས་རྣམས། །སྙིགས་དུས་འགྲོ་ལ་བྱིན་གྱིས་བརློབ་པ་མཐོང་། །མེ་ཉག་འགའི་ས་ཆར་སླེབས་པའི་ཚེ། །མཁའ་འགྲོའི་ཆོ་འཕྲུལ་ཉམས་སྣང་དཔག་མེད་ཤར། །གདུལ་བྱ་རྣམས་ལ་དམ་ཆོས་རྒྱ་ཆེར་བཤད། །ཟླ་བ་དགུ་པའི་ཚེས་གཅིག་དུས་སུ་ནི། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་བརླབས་ཀྱིས། །གཞན་གྱི་སེམས་རྒྱུད་བྱིན་གྱིས་བརླབས་པའི་རྟགས། །བར་སྣང་འཇའ་མཚོན་འཁྱིལ་པས་གང་བ་དང་། །བཀའ་བརྒྱུད་བླ་མའི་ཉམས་སྣང་ཡུན་རིང་བྱུང་། །མདོ་ཁམས་ཤར་གྱིས་ས་ཆར་སླེབས་པའི་ཚེ། །ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་དུ་མ་ཡིས། །འཁྲུགས་རྩོད་ཐམས་ཅད་ཞི་བར་གྱུར་པ་དང་། །ཕལ་ཆེར་བྱང་ཆུབ་སེམས་ལ་བཀོད་པར་བྱས། །སྨར་ཁམས་ས་ཆར་ཕྱིན་པའི་དུས་སུ་ནི། །ཆོས་སྐྱོངས་རྣམས་ལ་གཏོར་མ་བཏང་བའི་ཚེ། །འཕྲིན་ལས་གྲུབ་པའི་ལྟས་ཀྱི་ཁྱད་པར་སྣང་། །དེ་ནས་རིམ་གྱི་ཀརྨའི་དགོན་པ་དང་། །དབུས་ཀྱི་ས་ཆར་ཕྱིན་པའི་བར་དུ་ནི། །སེམས་ཅན་རྣམས་ལ་ཕན་པ་ཇི་རིགས་བྱས། །བླ་མའི་ཚེས་གསུམ་མཆོད་པ་མཛད་པའི་ཚེ། །རབ་རིབ་འཁྲུལ་པ་གཉིད་ཀྱི་རྨི་ལམ་ན། །ཐང་ལྷ་གངས་དཀར་ལ་སོགས་གཞི་བདག་རྣམས། །འཁོར་དང་བཅས་པ་ན་བུན་བཞིན་དུ་སྣང་། །ད་རུང་རེས་གཅིག་ཤར་གྱི་ཕྱོགས་རོལ་དུ། །གདུལ་བྱ་རྣམས་ལ་ཕན་པར་གྱུར་ཅེས་ཐོས། །བསམ་ཡས་འཆིམ་ཕུ་ཞེས་བྱའི་རི་ཁྲོད་དུ། །དབེན་པ་བྱེད་ཅིང་ཟླ་དྲུག་བསྡད་པའི་ཚེ། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་། །མཁའ་འགྲོའི་ཚོགས་བཅས་ཉམས་སྣང་མང་དུ་བྱུང་། །མཁས་བཙུན་རྣམས་ལ་ཕན་པའི་བརྡ་རུ་གོ །བར་དུ་གཅོད་པའི་ལྟས་དང་ཆོ་འཕྲུལ་རྣམས། །ཏིང་ངེ་འཛིན་གྱི་རབ་ཏུ་ཞི་བར་གྱུར། །རྒྱལ་བའི་བཀའ་དང་བསྟན་བཅོས་མ་ལུས་པ། །བྲིས་ཤིང་རབ་ཏུ་གནས་པ་བྱས་པའི་ཚེ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས། །ཐིམ་ཤིང་ཆོས་སྒྲ་སྒྲོགས་པའི་སྣང་བ་བྱུང་། །ཤིང་ཀུན་ཆུ་མ་མཁར་གྱི་བར་དུ་ནི། །ཤར་ཕྱོགས་རྒྱ་མཚོའི་འགྲམ་གྱི་མཐར་ཐུགས་པར། །གསལ་བའི་སྣང་བ་ཡུན་རིང་ཉམས་སྣང་བྱུང་། །རེ་ཤིག་ཤང་ཏོའི་མཁར་དུ་ཕྱིན་པའི་ཚེ། །མི་དགེ་སྤྱོད་པའི་སེམས་ཅན་མང་པོ་ལ། །སྡུག་བསྔལ་འབྱུང་བའི་རྨི་ལམ་སྣང་བ་ཤར། །དེ་དག་ཕན་ཕྱིར་སྤྱན་རས་གཟིགས་དབང་ལ། །གསོལ་བ་བཏབ་པས་རེ་ཤིག་རྨི་ལམ་ན། །མི་དཀར་འོད་ཀྱི་རང་བཞིན་གསལ་བ་ཞིག །གོང་མ་རྣམས་དང་ཆོས་བྱེད་སྐྱེས་བུ་ལ། །གནོད་པ་གང་ཡང་མི་འབྱུང་ཞེས་པ་ཐོས། །གླང་ལོ་ཟླ་བ་བརྒྱད་པའི་བཅུ་བཞི་ལ། །གིང་མི་ཤན་དུ་ས་གཡོས་བྱུང་བའི་ཚེ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལས། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བུ་སློབ་རྣམས་ལ་བར་ཆད་མེད་པར་བྱུང་། །མི་དབང་བློན་པོར་བཅས་པ་ཐམས་ཅད་ལ། །དུས་ཀྱི་འཁོར་ལོའི་དབང་བསྐུར་བྱེད་པའི་ཚེ། །ཁང་བཟང་རིན་ཆེན་སྣ་ཚོགས་ཡོལ་བ་དང་། །དེ་བཞིན་གཤེགས་པ་རིགས་ལྔའི་སྐུ་དང་ནི། །མཁའ་འགྲོ་རུས་པའིི་བརྒྱན་ཅན་དུ་མ་རྣམས། །གར་གྱི་ཉམས་དགུ་མཛེས་པའི་ཡོལ་བ་ཅན། །གསལ་སྣང་ཡུན་རིང་བར་དུ་གསལ་བར་གྱུར། །གཞན་གྱིས་རྒྱུད་ལ་ཕན་པའི་བརྡའ་རུ་གོ །ཕོ་བྲང་ཆེན་པོ་ཏའི་ཏུའི་གྲོང་ཁྱེར་མཐིལ། །མི་དབང་ལུང་གིས་གཞལ་ཡས་ཁང་ལྟར་གནང་། །གོང་མ་རྒྱལ་སྲས་སྐུ་ཚེ་བསྲིང་བ་དང་། །སངས་རྒྱས་བསྟན་པ་ཡུན་རིང་དུ། །དཀྱིལ་ཁང་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས། །གཡས་གཡོན་ཟུར་ཁང་བཀའ་བརྒྱུད་བླ་མ་དང་། །བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ཡར་སློངས་བཞེངས། །གཞན་ཡང་ཐུབ་པའི་སྐྱེས་རབས་བརྒྱ་རྩ་དང་། །མཛད་པ་བཅུ་གཉིས་ལ་སོགས་ལོག་ལ་བྲིས། །མགོན་པོ་བེར་ནག་ལྷ་མོ་གཡོག་འཁོར་དང་། །རྒྱལ་ཆེན་སྡེ་བཞི་ཆོས་སྐྱོང་བསྲུངས་མ་རྣམས། །བཞེངས་ནས་ལེགས་གྲུབ་རབ་ཏུ་གནས་པ་བྱས། ཡོས་བུ་ལོ་ཟླ་བ་གཉིས་ཀྱི་ཚེས་བརྒྱད་ཀྱི་ཉིན་པར། །ཕོ་བྲང་ཏའི་ཏུ་ན་བཞུགས་པའི་དུས་སུ། །ཆོས་རྗེ་རིན་པོ་ཆེས་མཛད་པའོ། །ཡི་གེ་པ་ནི་དཀོན་མཆོག་འབྱུང་གནས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟག་ལོ་ནས་བཟུངས་བུ་སློབ་རྣམས་ལ་ནི། །ཡང་ནས་ཡང་དུ་བསམས་ཞིང་ཞལ་ལྟ་གནང་། །རྣལ་འབྱོར་ང་ནི་ནམ་མཁའི་སྤྲིན་དང་འདྲ། །ཕྱོགས་ནི་གར་འགྲོ་ངེས་པ་མེད་པ་ཡིན། །གནས་དང་སྡེ་རྣམས་ཞབས་རྟོག་བྱེད་འདོད་དང་། །ལ་ལ་དབེན་པ་བརྟེན་པ་སྤྲོ་བ་དང་། །ཆོས་ཀྱིས་ག་དར་བྱེད་པར་འདོད་པ་རྣམས། །བརྩོན་འགྲུས་གྱིས་ལ་འབད་པ་རབ་ཏུ་ཐོན། །དེ་ནས་ཡོས་ལོ་ཟླ་བ་ལྔ་པ་ཡི། །ཚེས་གྲངས་ལྔའི་ཐོ་རངས་ནམ་ལང་དུས། །ཞིང་ཁམས་གཞན་ན་བཞུད་པའི་ལྟས་རྣམས་བྱུང་། །ཆོ་འཕྲུལ་བྱུང་ནས་བསྟན་བཅོས་མཛད་པ་ཡོད། །ཚེས་གྲངས་བཅུ་བཞི་ཏིའི་ཏུ་ནས་བཏེག་ཅིང་། ཤང་མདོར་མ་ཕེབས་ལམ་གྱིས་བར་དུ་ནི། །ནམ་མཁའ་ལ་ནི་འཇའ་འོད་རྒྱུན་མ་ཆད། །དད་ལྡན་རྣམས་ལ་བསྐུལ་དང་བསྟན་བཅོས་ཡོད། །ཕོ་བྲང་ཆེན་པོ་ཤང་མདོར་གདན་ཕེབས་ནས། །དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཡི། །ཡོས་ལོ་ཟླ་བ་དྲུག་པའི་ཚེ་གྲངས་ནི། །བཅུ་བཞིའི་ཉི་མ་ཕྱེད་ཡུལ་གདུགས་བབས་ཚེ། །མདུན་གྱིས་ནམ་མཁར་བཀའ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་རྣམས། །དཔག་མེད་ཚོགས་འདུག་མཆོད་པ་ལེགས་པར་ཤོམ། །གསུང་བཞིན་མཆོད་པ་སྣ་ཚོགས་བཤམས་ནས་ཕུལ། །ཕྱག་མཆོད་བདུད་རྩི་གསོལ་ནས་ཟིན་པ་དང་། །སྤྲུལ་པའི་དཀྱིལ་འཁོར་ཡོངས་སུ་བསྡུས་ནས་སུ། །ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པར་གྱུར། །དེ་ཚེ་ངོ་མཚར་ལྟས་དང་ཆོ་འཕྲུལ་དུ་མ་རྣམས། །ནམ་མཁའ་ལ་ནི་འཇའ་འོད་འཁྲིགས་པར་བྱུང་། །ཁ་གཅིག་གིས་ནི་ནུབ་ཕྱོགས་བཞུད་པ་མཐོང་། །འདི་རུ་མི་འདུག་གངས་ཅན་ཁྲོད་དུ་འགྲོ། །གསུང་ནས་བྱིན་བརླབས་མཛད་ཅིང་བྱོན་པ་གཟིགས། །ཚེས་གྲངས་བཅོ་ལྔའི་ཟླ་བ་ཤར་བའི་སྟེང་། །སྐུ་ལུས་ཡོངས་སུ་རྫོགས་དང་མཆོད་རྟེན་རྣམས། །བློན་པོ་དུ་རན་ཐེ་མུར་ལ་སོགས་པ། །སྐྱེ་བོ་རྣམས་ལ་བསྟན་ཅིང་དད་པར་གྱུར། །དེ་ནས་བཟུངས་ཏེ་ཞག་བཅུའི་བར་དུ་ནི། །བུ་སློབ་རྣམས་ནི་སེམས་ནི་རྩེ་གཅིག་གིས། །སྐུ་གདུངས་མདུན་དུ་ལེགས་པར་གསོལ་བ་བཏབས། །མཆོད་པའི་སྤྲིན་ཚོགས་ལེགས་པར་བཤམས་ནས་ནི། །ཉི་ཤུ་ལྔའི་ཉིན་པར་དུས་གཅིག་ཏུ། །རྒྱལ་བློན་རྣམས་དང་བུ་སློབ་གྱུར་ཚད་ཀྱིས། །རོལ་མོ་དུ་མར་བཅས་ནས་གདན་དྲངས་སོ། །ཆོས་དབྱངས་ཨ་ཀ་རུ་དང་སྤོས་གདུགས་དང་། །ཙན་དན་དཀར་དམར་སོ་སོ་དཔག་མེད་ཀྱིས། །སྐུ་གདུང་སྦྱངས་ཤིང་རྟེན་མཆོག་བྱོན་པ་ལ། །སེམས་ཅན་རྣམས་ལ་བརྩེ་བའི་དཔལ་གྱི་ཐུགས་སོ། །དམ་ཆོས་རྒྱུན་དུ་གསུང་པའི་པད་ལྗགས་དང་། །བསྐྱེད་རིམ་བརྟན་པ་ཐོབ་པའི་བཅོམ་ལྡན་འདས། །བདེ་མཆོག་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་ལ་སོགས་པའི་སྐུ་རྣམས་དང་། །རིང་བསྲེལ་སྣ་ལྔ་དཀར་གསེར་ཤས་ཆེ་དང་། །ལྷའི་ཕྱག་མཚན་ཡིག་འབྲུའི་ཚོགས་རྣམས་བྱོན། །ཁ་གཅིག་མིའི་དབང་པོའི་ཕྱག་ཏུ་བཞུགས། །ལ་ལ་བུ་སློབ་རྣམས་ཀྱི་ཕྱག་ན་ཡོད། །ཁ་གཅིག་ཕྱི་རྟེན་ནང་རྟེན་ནང་དུ་བཞུགས། །ཕལ་ཆེར་གངས་ཅན་ཁྲོད་དུ་གདན་དྲངས་སོ། །དཔོན་ཆེན་བེང་གེས་བསྐུལ་དགེ་བ་དྲི་མེད་འདིས། །འགྲོ་ཀུན་ཆོས་རྗེའི་ཞབས་དྲུང་སྐྱེ་བར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།དགེའོ།།
</div>
</div>
==Notes==
<references />
[[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།]]

Latest revision as of 09:39, 18 February 2013

{{{1}}}

༄༅། །ཐམས་ཅད་མཁྱེན་པ་རིན་པོ་ཆེ་རང་བྱུང་རྡོ་རྗེ་རྣམ་པར་ཐར་པ་ཚིགས་སུ་བཅད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །[1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net