རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་་་།: Difference between revisions
(Created page with "༼༡ན༡༽༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར...") |
No edit summary |
||
Line 1: | Line 1: | ||
༼༡ན༡༽༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། ། | {{TibFontClass12}} | ||
༼༡ན༡༽༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། ། {{Ref - Karma Lekshey Ling}} | |||
༼༡བ༢༽རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་ཐར་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ། རྡོ་རྗེ་འཛིན་པ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གཟིགས་མིག་པོ་ཆེ་དེས་འཁོར་བའི་ཕ་མཐའ་བཅད་བྱས་ཤིང་། ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་བཟང་པོས་ཞི་བའི་ས་ལ་ཚུར་དྲངས་པས། བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་ཤུགས་ནམ་མཁའ་ཇི་སྲིད་མི་ཆད་པའི། དཔལ་ལྡན་གྲུབ་པ་མཆོག་གི་འབྱོན་ཁུངས་ས་ལ་འབྲུག་པའི་བཀའ་བརྒྱུད་དོ། །གང་གི་ཆོས་ཀྱི་གདངས་མཆོག་གིས། ཀུན་གྱི་སྤྱི་བོའི་མགོན་འོས་པོ། འཇམ་ལེགས་མནྡྷ་ར་ཡི་དཔལ། དད་ལྡན་མཐོ་རིས་ཚལ་དུ་འཁྲུངས། ཨེ་མ་མཐུ་སྟོབས་ཀྱིས་ཁེངས་པ། གཞན་སྡེ་དཔུང་པ་པད་སྣ་ལ་ལྟར། ཕྲ་བྱེད་འདི་ཀ་ས་གཞི་ལ། རྡོ་རྗེ་འཛིན་འོངས་མིན་ན་སུ། ཡང་དག་ལམ་ལ་དགའ་བའི་བཤེས། ཕན་བདེ་ཀུན་གྱི་གཉེན་བཟང་པོ། གང་ལ་བསྟོད་ནས་དེའི་ངོ་མཚར། མོས་པས་བཟོད་ཙམ་འདིར་བསྙད་དོ། །ཡོན་གནས་དམ་པ་རྣམས་ནི་རང་གི་ཡོན་ཏན་ཇི་ལྟ་བ་གཞན་གྱི་ངོར་མངོན་སུམ་དུ་འབྱིན་པར་མི་མཛད་ཅིང་། ཇི་ཙམ་གྱི་གདུལ་བྱ་མོས་ཤིང་མགུ་བར་འགྱུར་བ་དེ་ཙམ་ཞིག་དེ་དག་ལ་སྟོན་ནོ་ཞེས་ཐོས་ཀྱི། དཔལ་འབྲུག་པའི་འཕྲིན་ལས་ཀྱི་བ་དན་ས་གསུམ་དུ་སྐྱོང་བ་མཐུ་སྟོབས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་འདི་ཡང་དེ་ལྟ་བས་ན། དེའི་སྤྱོད་པའི་ཚུལ་མདོ་ཙམ་གླེང་ངོ་། །དེ་ཡང་། དཔལ་ལྷ་མོ་རེ་མ་ཏིས། འདི་ནི་བླ་མ་ཆེན་པོ་བསམ་རྒྱལ་ཁ་ཆེ་༼༢ན༣༽ཞེས་པ་ཡར་འབྲོག་སྟག་ལུང་གི་ཕུར་བོན་ཡར་མེ་བ་ཞེས་པའི་གདན་ས་དེ་ཁའི་སྤྲུལ་པར་གྲགས་པ་སྒྲུབ་བོན་མཁས་ལ་མཐུ་ཆེ་བ་ཞིག །སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། ར་ལུང་པའི་ཆོས་རྗེ་འཇམ་དབྱངས་ཀུན་དགའ་སེང་གེའི་ཞབས་ལ་གཏུགས་པས་བཀའ་གསར་མའི་མན་ངག་གི་གླེགས་བམ་ཆེན་པོ། དཔལ་འབྲུག་པའི་བསྟན་པ་འཛིན་པ་ལ་ཆོས་དཔའ་བ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་མི་དང་མི་ལབ་པ་ལྟ་བུར་མཛད་པ་མཐུ་སྟོབས་ཀྱི་གར་བུ་ཞིག་གོ། །དེ་ནས་སྐྱེ་བ་བདུན་པ་འདིའི་བར་དུ་ཆོས་སྐྱོང་ཆེན་པོ་དེས་མངོན་སུམ་དུ་རྗེས་སུ་གཟུང་བ་ཤ་སྟག་ཡིན་པས། འདིའི་ནུས་པ་གཞན་གྱིས་བཟོད་པར་དཀའོ་ཞེས་བདག་གི་ཡོངས་སུ་འཛིན་པ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ལུང་བསྟན་པའི་དུས། རྗེ་བླ་མས་ཀྱང་དེ་དེ་བཞིན་ནོ་ཞེས་བསྔགས་པས། འཁྲུལ་པ་མེད་པའི་ཕྱིར་ཡིད་ཆེས་པ་ཐམས་ཅད་ཀྱི་རྩེ་མོའོ། །སྐྱེ་དང་སྐྱེ་བར་དམ་པའི་མགོན་རྙེད་པས། ཕུལ་ཕྱིན་སྤྱངས་པ་བྱས་ཏེ་མཐར་འབྱིན་ལ། སྲིད་མཚོར་དད་པའི་རྒྱལ་པོ་རྣམས་བཞིན་དུ། འཇུག་པར་སྤྲོ་འདི་ཡོན་ཏན་ལ་སྲེད་པ། འདིར་སྲིད་ཇི་ལྟར་གཟུང་བའི་ཚུལ་ནི། ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཆོས་ཀྱི་རྒྱལ་པོ་བྱ་བ་ནང་སོའི་ཆིབ་འོག །དཔལ་ཙ་རི་ཏྲའམ་ཧི་མ་ལ་ཡ། སྔོན་གྱི་ལོ་ཙ་བ་ས་ཡི་གེ་བསྣན་ཏེ་ལྷའི་གངས་ལྡན་ཞེས་བསྒྱུར་བ་ཡུལ་ཆེན་པོ་ཉི་ཤུ་རྩ་བཞིའི་གྱ་བ་དེའི་ལྷོ་སྒོ། མདོ་སྡེ་ཕལ་པོ་ཆེ་ནས། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བེའུར་ཞེས་པར་ཀླུས་བསྐྲུན་པའི་ཐུབ་པ་འབྱུང་ངོ་ཞེས་གསལ་བར་ལུང་བསྟན་པ་བེའུ་ཁ་ལ་སོགས་པའི་གཙུག་ལག་ཁང་དུ་མ་གནས་པ། སྤྱིར་བྱར་ཞེས་པ། གངས་དང་སྨན་གྱི་རི་ལྗོངས་ཉམས་དགའ་བ་ནགས་ཚལ་གྱི་འཕྲེང་བས་བརྒྱན་པ། ཕྱུགས་དང་ཕྱུགས་ལྷས་ཀྱིས་རི་བོའི་སུལ་གང་བ། འབྱོར་ལྡན་གྱི་གྲོང་བཀོད་ལེགས་སུ་སྦྲེངས་པ་༼༢བ༤༽བཟའ་ཤིང་གི་ར་བས་ཁྱབ་པ། འདོད་དགུའི་ཟོང་འགྲིམ་པའི་ལམ་སྲང་ཡངས་པོ། དགའ་བའི་ལོངས་སྤྱོད་ཀྱིས་སྐྱིད་པའི་གནས་སུ་བྱས་པ། བྱེ་བྲག་སྐྱིད་ཕུག་ཅེས་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པས་ཞབས་ཀྱི་པདྨོ་བཀོད་པའི་སྒྲུབ་གནས། མིང་ཇི་ལྟ་བ་དབེན་ཞིང་ཉམས་དགའ་བ། བཀྲ་ཤིས་པ་གཡང་ཆགས་པའི་མངའ་ཞེས་སྟེང་ཞེས་བྱ་བའི་སའི་ཆར་རོ། །གངས་ལྡན་རི་བོའི་ཁོར་ཡུག་དོགས་དང་སུལ། སྨན་ལྗོངས་ནགས་ཀླུང་ལྷ་ཡི་ཚལ་ལྟ་བུ། ཕུན་ཚོགས་འབྱོར་པ་འཛོམ་པའི་ཡུལ་དེ་ཡང་། བསོད་ནམས་ལས་ཀྱི་འདུ་བྱེད་ཁོ་ནས་བསྒྲུབས། ཡུལ་དེར་རྣམ་ཐོས་བུའི་འབྱོར་པ་ལ་འགྲན་བཟོད་པ། གཏོང་ཕོད་ཆེ་ལ་འཛངས་ཤིང་ཡིད་གཞུངས་པས་ཆོས་ཀྱི་རྒྱལ་པོ་དེའི་དྲུང་འཁོར་དྲ་མར་གཏོགས་པའི་ཁྱིམ་བདག་ལེགས་པ་དབང་ཕྱུག །རོང་སྟོན་ཆེན་པོའི་རྒྱལ་ཚབ་དགས་པོ་བཀྲ་ཤིས་རྣམ་རྒྱལ། ཀརྨ་འཕྲིན་ལས་པར་གྲགས་པ་གཉིས་ཀྱི་དབོན་མོ་སྐྱེར་མོ་དཔལ་སྒྲོན་ཞེས་བྱ་བའི་སྲས་སུ་སྲིང་ལྔའི་ཐུ་བོར་བྱོན་ཏེ་ལྷུམས་སུ་ཞུགས་པའི་དུས་ཡུམ་ལ་བུ་མོ་རྒྱན་གོས་བཟང་པོས་སྤྲད་པ་མང་པོས་ལྷའི་ཕྱག་མཚན་དུ་མ་སྤྲོད་པ་ཚགས་བྱས་པའི་རྨི་ལམ་བྱུང་། དེ་ནས་དགུང་ལོ་ཉེར་བ་ན། འཕགས་པ་སྤྱན་རས་གཟིགས་ཉི་འོག་ལྷོའི་ཕྱོགས་དེ་པའི་གོང་མ་ཆེན་པོར་འཁྲུངས་པ། དཔལ་ནཱ་རོ་པའི་སྤྲུལ་པའི་སྐུ་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ཡུལ་དེར་བྱོན་པ་མཇལ། དེ་ནི། སྔོན་རབས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པས། ཞལ་མཇལ་བའི་མོད་ལམ་མདུན་དུ་རྒྱུག་པ་ལྟ་བུར་དགའ་ལ། རྗེའི་བརྩེ་བའི་གཟིགས་པའང་འདིའི་ཕྱོགས་སུ་ལྷུང་ནས། ཕལ་བུ་འདི་ལ་གཅེས་སྤྲས་སུ་གྱིས་ཤིག་ཅེས་དང་། ལྷག་པར་ཆོས་སྐྱོང་ལ་བཀའ་བསྒོ་མཛད་དེ་བར་ཆད་ལས་བསྲུངས་སོ། །བཅུ་གསུམ་པ་ལ་ཕྱ་བའི་སློབ་མ་གཉལ་པ་རིན་ཆེན་སེང་གེར་གྲགས་པ་དེའི་དགོན་པ་ཁར་པོ་གོ་ཡུལ་དུ། བླ་མ་རྣམ་གྲོལ་བཞེས་པ་ཅིག་ལ་ཀློག་ཡིག་བསླབས། བཅུ་བདུན་པ་ལ་ཆོས་ཀྱི་རྒྱལ་པོའི་ཕྱག་ཕྱི་ཞུས། མཆོད་བཤོམ་པའི་ལས་ཚན་གཟུང་། ངང་ཚུལ་༼༣ན༥༽འཇམ་དང་ངུལ་བས་ཀུན་སྨོན་པར་བྱས། དེ་ཡང་འདི་སྐད་དུ། པདྨའི་མཚོ་ལས་འདབ་བརྒྱའི་འཕྲེང་བ་དང་། ལེགས་བྱས་སྨིན་དོར་སྐྱེས་བུའི་མྱུ་གུ་འདི། །ས་ལ་ལེགས་བཤད་ཟིལ་དངར་ཞིམ་པོའི་ཚོགས། མི་ཟད་སྤེལ་བའི་དཔྱིད་ཀྱི་ཕོ་ཉར་བྱུང་། །ངེས་ལེགས་དཔལ་གྱི་དགའ་ཆར་མྱུར་འབབ་སྙམ། རིགས་སད་ངོ་མཚར་ཆུ་སྐྱེས་ཀུན་འཛུམ་པའི། །བསྔགས་འོས་དྲི་བཟང་ཀུན་གྱི་གཏེར་བརྡོལ་བས། །དཔྱོད་ལྡན་ཡིད་ཀྱི་བུང་བ་བྲེལ་བར་བྱས། ཉེར་གཅིག་པའི་དུས་སུ། །རྗེ་དེའི་ཞལ་སྔ་ནས་ཁྱོད་སྐྱེ་བ་མང་པོར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པས་རྗེས་སུ་གཟུང་ཞིང་དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན་ཡིན་པས་རབ་ཏུ་བྱུང་ཞིག་ཅེས་བཀའ་སྩལ་པ་ལྟར་དེ་ཉིད་ཀྱི་དྲུང་དུ་སྐྲ་ཕུད་ཕུལ། ཆོས་ཀྱི་མགོན་པོ་འཇམ་དཔལ་རྡོ་རྗེ་དགའ་བའི་བཤེས་གཉེན་དུ་མཚན་གསོལ། དགེ་བསྙེན་གྱི་བསླབ་པ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་མའི་དབང་བཞི་རྫོགས་དང་། ཆོས་སྐྱོང་ཕྱག་བཞི་པའི་དབང་། རྗེས་གནང་སོགས་བསྩལ་ནས། རིག་པ་འཛིན་པའི་སྡོམ་པ་གསོལ་བཏབ་སྟེ། དུས་ཐོག་དེ་ལ་རིག་སྔགས་འཆང་བ་ལ་འགྲན་ཟླ་མེད་པ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་མན་ངག་གི་བུམ་པ། དྲག་སྔགས་ཀྱི་ཚོགས་ཐམས་ཅད་ཀྱིས་ཐུགས་ཀྱི་དབང་པོ་བརྟས་པ། མིའི་དབང་ཕྱུག་ནེའུ་སྐུ་བསྲུང་བ་རྒྱལ་མཚན་ལྷུན་གྲུབ། ཡུལ་གཙང་ཕྱོགས་ན་བླ་མ་ཀོང་ཆུང་དུ་གྲགས་པ། རྒྱལ་དབང་རྗེའི་ཞལ་སློབ་དེ་ལ། རྗེས་འདི་ལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་གཙོ་བོར་བྱས་པའི་ཆོས་སྐྱོང་ཐམས་ཅད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དཔྱིས་ཕྱིན་པར་སློབས་ཤིག །སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོའི་བྱུང་ངེས་སོ། །ཞེས་གསུངས་ཏེ་སྦྱོར་གཏོད་མཛད། མཐུ་ཆེན་དེས་ཀྱང་སྲས་དད་མི་ཕྱེད་པའི་བརྩེ་བས་བསྐྱངས་ཏེ། ཙ་མི་དང་རྒ་ལོ། སྟེང་པ་ལོ་ཚ་བ་ཚུལ་ཁྲིམས་འབྱུང་གནས། རོ་ལིངས་ལོ་ཙ་བ་རྡོ་རྗེ་དབང་ཕྱུག །ཁེ་རྒད་འཁོར་ལོ་གྲགས་སོགས་ཀྱིས་༼༣བ༦༽བསྒྱུར་བའི་ཆོས་སྐྱོང་ཕྱག་བཞི་པའི་སྒྲུབ་སྐོར། འབྲུག་པ་རྣམས་ཀྱི་བྱ་རོག་མ་བསྟན་བསྲུངས་ཀྱི་སྐོར་དུ་གྲགས་པ་དེའི་ཁྲོད་དུ་ཕ་གྲུ་དང་ཚལ་པ་སོགས་ཀྱི་ལུགས་ཀུན་སྣང་བ། གཏེར་མགོན་དུ་གྲགས་པ་མངའ་བདག་ཆེན་པོ་མྱང་རལ་པ་ཅན་གྱི་མན་ངག་ཀུན་དང་། དཔལ་ལྷ་མོ། གྲི་གུག་རྗེ་བློན་དྲང་སྲོང་གཟའ། ཞིང་སྐྱོང་སོགས་ཆོས་སྐྱོང་ལ་བཀའ་གཏེར་གྱི་ཡིག་རིགས་ཅི་མཆིས་པ་དཔེ་མཁྱུད་མེད་པར་བསྩལ་ཞིང་གཞན་ཡང་རྙིང་མའི་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང་། བླ་མ་དམ་པ་དེའི་ཆོས་སྐྱོང་གི་བཀའ་བབས་ཀྱང་འདི་ཡིན་ནོ། །གསུང་ཆེ་ལ་ཉན་པ་ཚངས་པའི་དབྱངས་ལྟ་བུས་ཀུན་གྱི་ཡིད་ཕྲོགས། མཁའ་འགྲོ་དང་ཆོས་སྐྱོང་དྲི་བཟང་ལ་བུང་བ་ལྟ་བུར་རྒྱུན་དུ་འཁོར་བའི་མཚན་མ་ཡང་རྩེར། ཉིད་ཀྱི་སྐུའི་ཞང་པོ་ཡང་རྩེའི་འཆད་ཉན་དུ་བཞུགས་པ་དེ་སོགས་དང་ཁང་བུ་གཅིག་ན་མང་པོ་སྟབས་སུ་བཞུགས་པའི་ཚེ། ཉིད་ཀྱི་དབུ་སྔས་སུ་དཔལ་ལྷ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་ཀྱི་ཡི་གེ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛད་པ་སོགས་དེ་ཉིད་ཀྱིས་མངོན་སུམ་དུ་བསྐྱལ་བྱུང་བཀུན་སུས་བསྐྱལ་ལམ་ཞེས་དོགས་པ་ན། དེ་ནི་ལྷ་མོ་ཉིད་ཀྱིས་རྗེས་སུ་གཟུང་བ་ཡིན་པས་དེ་དག་གི་བརྒྱུད་པ་གཞན་ལ་ལྟོས་མི་དགོས་སོ་ཞེས་རྗེ་རྡོ་རྗེ་གླིང་པ་གསུང་ངོ་། །རྗེ་གོང་མ་དེ་ཉིད་ཀྱི་དྲུང་དུ། བདེ་མཆོག་གི་རྒྱུད་བཤད་ལྷོ་ཡ་ཡག་པའི་འགྲེལ་ཆེན་སྟེང་ནས་གསན། དགྱེས་རྡོར་རིན་ཆེན་རྒྱན་འདྲའི་སྟེང་ནས་གསན། ཆོས་སྐྱོང་གི་སྐོར་དང་། ལྷག་པ་ན་རས་ཆུང་སྙན་རྒྱུད་དམ་མཁའ་འགྲོ་སྙན་རྒྱུད་དུ་གྲགས་པ་ཡབ་བཀའ་བཞི། ཡུམ་བཀའ་གསུམ། གྲོལ་ལམ་ཆོས་དྲུག །འོག་སྒོ། ཕྱག་ཆེན། བར་དོ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དུ་གྲགས་པའི་ཆ་ལག་དང་བཅས་པ་རྫོགས་པར་དང་། ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་ཁྲིད་ལ་སོགས་པ་མན་ངག་གསན། རྗེ་དེ་ཉིད་ཀྱི་བཤད་པའི་བཀའ་འཛིན་པ། རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོ་ལས་ཀྱི་རྡོ་རྗེ་གསུམ་པར་གྲགས་པ་དེའི་ཞབས་པད་བསྟེན་ཏེ་དཔལ་དུས་ཀྱི་འཁོར་ལོ་ལ་༼༤ན༧༽སོགས་པའི་དབང་རྒྱུད་མན་ངག །སྒྲུབ་པ་ཆེན་པོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ལ་སོགས་པའི་གསར་རྙིང་གི་དབང་ཆོས་མང་དུ་གསན། ཡང་སྒྲུབ་པའི་བཀའ་བབས་པ། རྒྱལ་སྲས་མི་ཏྲ་ཛོ་ཀིར་ལྷ་དང་བླ་མས་ལུང་བསྟན་པའི་ཀུན་སྤངས་ཤེས་རབ་རྒྱ་མཚོ། མཚན་གཞན་སྒྱུ་མའི་གར་མཁན་ཞེས་པ་དེ་ལ། གསང་འདུས་རིམ་ལྔ། རོ་སྙོམས་སོགས་རྗེ་ཆོས་ཀྱི་གྲགས་པ་ནས་བརྒྱུད་པའི་སྙན་རྒྱུད་ཀྱི་གདམས་པ་མང་དུ་གསན། དེ་ནས་རྗེ་གོང་མ་སྤྲུལ་པའི་སྣང་བརྙན་བསྡུས་པ་ལ་ཐུགས་སྐྱོ་བ་དང་། ཡུལ་ཕྱོགས་དེར་གྲུབ་མཐའི་ཀུན་སློང་གིས་ཐུགས་སུན་ནས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་དུ་བྱོན། ཀུན་ནས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ར་ལུང་ཐེལ་ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་སྙེད་སངས་རྒྱས་པའི་རྡོ་རྗེ་གདན་ཆེན་པོར། དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྒྲ་བསྒྱུར་གྱི་དབང་པོ་མར་པ་ལོ་ཙའི་སྤྲུལ་པའི་སྐུར་བསྒྲགས་པ། མཁྱེན་རབ་དང་ཐུགས་རྗེ་ནུས་པ་རྒྱལ་བ་ཐམས་ཅད་དང་གཉིས་སུ་མ་མཆིས་པས་མཐའ་དཔོག་པའི་རྩོམ་པ་དང་བྲལ་བ་དེ་ལོ་གསུམ་གྱི་རིང་གདན་ས་དེ་ཉིད་དུ་སྐུ་མཚམས་ལ་བཞུགས་པར་དམ་བཅས་པའི་ལོ་གཅིག་སོང་བ་ཙམ་ལ་ཞབས་ཀྱི་པདྨོ་བསྟེན་པར་མཛད་དེ། སྐུ་མཚམས་སྟབས་ཀྱིས་ཞལ་མ་མཇལ་ཀྱང་དགོན་ཁང་གསར་པ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའང་ཞབས་ཕྱིར་འབྱོར་བ་སོགས་ཀྱི་གསུང་ཆོས་ཆེས་སྨར་བ་བྱུང་། བཅད་རྒྱ་དེ་ཡངས་སུ་སོང་ནས་ཞལ་མཇལ་དགྱེས་དགྱེས་མཛད། སྐུ་དང་འབྲལ་མེད་དུ་བཞུགས། གསུང་ཆོས་ཀྱང་ཕྱག་རྒྱ་ཆེན་པོ་སྐོར་གསུམ་དུ་གྲགས་པ་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་དོན་འབྱེད་པའི་ལྡེ་མིག་ཚན་པོའི་གླེགས་བམ། ལམ་ཟབ་བླ་མ་སྒྲུབ་པའི་སྐོར། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་སྐོར་གྱི་ཆོས་སྡེ། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དུ་གྲགས་པ་དགས་པོ་བཀའ་བརྒྱུད་པརྣམས་ཀྱི་གཞུང་ལམ་ཆེན་པོ། འབྱུང་བ་རོ་སྙོམས་༼༤བ༨༽སྐོར་དྲུག །ཁྲིད་ཆེན་བརྒྱད། ཐུབ་པ་ལྔ། རི་ཆོས་སྐོར་གསུམ། དགེ་སྦྱོར་བདུན་པ་ལ་སོགས་པའི་ཟབ་ཁྲིད་འཁོར་ལོ་སྡོམ་པའི་རྒྱུད། བཅུ་གསུམ་མའི་དབང་ལུང་། ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད། མན་ངག་གི་གླེགས་བམ། ཕག་མོ་བདེན་གཉིས་ཞལ་གྱི་ཆོས་སྐོར། ཆོས་སྐྱོང་གི་རྒྱུད་སྒྲུབ་སྐོར་སོགས་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་དང་། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་མངས་སོགས་འཕྲལ་དགོས་ཀྱི་སྒྲུབ་ཐབས་བཞི། རྗེ་དགས་པོ་རིན་པོ་ཆེའི་ཆོས་བཞིར་གྲགས་པ་ངོ་བོ་ཇོ་བོ་ཆེན་པོ་ཨ་ཏི་ཤའི་སྐྱེས་བུ་གསུམ་གྱི་ལམ་རིམ། ལམ་འབྲས་བུ་དང་བཅས་པ་ཕག་གྲུ་ལུགས་སོགས་དང་། སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟས་གླེགས་བམ་དུ་བསྒྲིགས་པའི་ལུང་ཅེས་གནང་སོགས་དང་། བཀའ་བརྒྱུད་སེར་འཕྲེང་མར་མི་དགས་པོ། ཕག་གྲུ། གླིང་། ཆོས་རྗེ་རྒྱ་རས། ལོ་རྒོད། སེང་གེ་དགུ་ཚར་རྣམས་ཀྱི་བཀའ་འབུམ། བླ་མ་ཞང་རིན་པོ་ཆེའི་བཀའ་རྒྱ་མ་ལོགས་ཟབ་ཆོས་བཀའ་བོད་ཚང་མ། སྟག་ལུང་ཐང་པ་སྔ་ཕྱིའི་བཀའ་འབུམ། དེ་ནས་བརྒྱུད་པའི་ཆོས་སྐྱོང་ཕྱག་བཞི་པའི་གསེར་པོད་སོགས་དབང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱིས་བློ་གྲོས་ཀྱི་བུམ་པ་གང་བར་མཛད། དེ་ཉིད་ཀྱི་སྲས་ཁྲི་ཐོག་པ་ངག་དབང་བསྟན་པའི་རྒྱལ་མཚན་ཅེས་པ་ཕྱག་ན་རྡོ་རྗེའི་གྲུབ་ཐོབ་ཏུ་གྲགས་པ་དེར་ཡང་ཕྱག་རྡོར་སོགས་དབང་ལུང་། དེའི་གཅུང་རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་ལུང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་ཡོངས་སུ་རྫོགས་པ་དང་། རྗེ་པདྨ་དཀར་པོ་ལའང་རྡོ་རྗེ་འཕྲེང་བའི་དབང་ལུང་སོགས་འགའ་ཞིག་གསན། གཞན་ཆོས་རྗེ་ལྕེས་པའམ་གཡུལ་རྒྱལ་བར་གྲགས་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཆོས་སྐོར། ཆོས་རྗེ་ངག་དབང་ལྷུན་གྲུབ་པ་དང་། ཆོས་རྗེ་སངས་རྒྱས་བཟང་པོ་ལ་སོགས་པར་ཡང་མན་ངག་དུ་མ་དང་། ཕྱི་༼༥ན༩༽མར་ཏི་པུའི་བཞི་ཆོས་སོགས་དང་། སྤྱོད་པ་སངས་རྒྱས་དཔལ་གྱི་ཁྲི་བརྒྱ་སོགས་མན་ངག་མང་པོ་དང་། རྫས་སྣ་ཆོས་རྗེ་ངག་དབང་བཟང་པོ་ལ་ཕྱག་བཞི་པའི་ཡོངས་གྲགས་ཀྱི་རྒྱུད་ཉི་ཤུ་རྩ་བཞི་སོགས་འབྲུག་ལུགས་ཀྱི་མན་ངག་སྡར་མ་གསན་པའི་ཡིག་ཕྲན་འགའ་དང་། རྗེ་ཁྲུས་ཁང་ལོ་ཙ་བ་ལ་པཎྜྻི་ཏ་ནགས་ཀྱི་རིན་པོ་ཆེས་བསྩལ་བའི་སྦྱོར་དྲུག་རྒྱས་བསྡུས། ལྕེ་རྩེ་རྐན་སྦྱར། པདྨ་ཚེ་ཁྲིད། བིརྭ་པའི་ཚེ་ཁྲིད་སོགས་དང་། གླིང་སྟོད་པ་གྲགས་པ་བཤེས་གཉེན་ལ། རྗེ་གོང་མ་ནས་བརྒྱུད་པའི་མན་ངག་འགའ་དང་། ཉིད་ཀྱི་སྐུ་ཞང་ཆོས་གྲགས་བསྟན་པ་རབ་འཕེལ་བར་ཡང་རྣམ་འཇོམས་མཐིང་ཁ་སོགས་འགའ་ཞིག་གསན་པས། དཔལ་ལྡན་འབྲུག་པའི་ཟབ་རྒྱས་ཀྱི་གདམས་ངག་མ་ཚང་བ་མེད་པ། ཕྱག་ལེན་གཙང་ལ་ངེས་པ་རྒྱ་ཆེ་བས་ཐམས་ཅད་ཀྱི་དཔང་དུ་གྱུར་པ། ཚད་མར་གྱུར་པ་ཡིན་ནོ། །གཞན་ཡང་། སྤྱན་སྔ་རིན་པོ་ཆེ་ཞྭ་དམར་བ་ཆེན་པོ་ཆོས་ཀྱི་གྲགས་པ་ལ་ཆོས་འབྲེལ་ཙམ་དང་། ས་སྐྱ་བདག་ཆེན་དག་པའི་དྲུང་ན་ལིནྡྲར་བཞུགས་པ་དང་རྗེ་ཐུགས་ཉེ་བས་སྐུ་འཁོར་ཆོས་གསན་པ་ལ་ཕར་གནང་ཚུར་གནང་བའི་ཁྲོད་དུ་ཕེབས་ནས་རྗེས་གནང་འགའ་གསན་པ་དང་། རྒྱལ་དབང་ཀརྨ་མི་བསྐྱོད་རྡོ་རྗེ་ཀོང་པོ་ས་ཕུར་བཞུགས་པའི་ཚེ། རྗེ་ཀོང་པོར་ཕེབས། དེའི་ཚེ་རྗེའི་ཕྱག་ཕྱི་ནས་ཅོག་གྲྭ་དགེ་འདུན་དྲུག་བརྒྱ་ཙམ་ཀརྨ་པ་མཇལ་དུ་བྱོན་པའི་ཁྱུར་བཞུགས་པས་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། རྗེ་སྟག་ལུང་དུ་ཕེབས་དུས། ཨ་ཐང་པ་ཆེན་པོ་ཆོས་རྗེ་རྣམ་རྒྱལ་གྲགས་པ་ཁུ་དབོན་ལ་གསུང་ཆོས་དང་། འབྲི་ཁུང་རིན་པོ་ཆེ་རིན་ཆེན་ཕུན་ཚོགས་ཞེས་པ་བཀའ་གསར་རྙིང་གི་བདག་པོ་དེ་ལ་ཐུགས་དད་པས་ཆོས་འབྲེལ་དང་། དུས་ཕྱིས་བྱོན་གྱི་སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་དབང་ཕྱུག་ཞྭ་ལུ་ལོ་ཆེན་མཚན་དྷརྨ་པཱ་ལར་གྲགས་པ་དེ་ལ་ཚེ་མདོ་ལ་སོགས་པ་གསན། རྗེ་ཀོང་པོར་ཕེབས་དུས་འབྲུག་ཆོས་སྡིངས་སུ་བཀའ་ལས། ལྷ་མོ་རེ་མ་ཏིས་འཇམ་དབྱངས་ཆོས་ཀྱི་གྲགས་པའི་སྤྲུལ་པའི་སྐུ་མདོ་ཁམས་སྟོད་དུ་འཁྲུངས་༼༥བ༡༠༽ཅེས་ལུང་བསྟན་པས། སྔར་གངས་དཀར་མོ་བ་བརྫངས་པ་ཡིན་ཏེ་མ་རྙེད། ད་རུང་ཁྱོད་ཀྱིས་ཚོལ་ཤོག་ཅེས་ཀོང་པོ་མེ་རག་མདོ་ནས་རྫོང་དར་མཛད། རྗེ་དཔོན་སློབ་ཡར་ཕེབས། དེ་དུས་མནལ་ལམ་དུ་བུད་མེད་བཟང་པོ་ཞིག་གིས། སྤྲུལ་སྐུ་འདི་ན་ཡོད། ནེ་ནས་མར་ཕྱིན་ཤན་འདྲ་ཟེར། ཕན་ཚུན་གཉིས་པའི་གྲོང་འབྲུ་རེ་རགས་ཡོད་པ་ཞིག་ན་བུ་ཆུང་རལ་པ་སིབ་སིབ་ཡོད་པ་ཞིག་བསྟན་བྱུང་། ཕྱིས་དགོན་དབང་ར་ཇི་ལྟ་བར་འདུག་གསུང་ངོ་། །དེ་ནས་སྤོ་བོ་བརྒྱུད་ཁམས་སྟོད་སྲམ་པ་ལ་བྱོན། དེ་དུས་རྒྱ་སྟོན་ཆོས་རྗེ་ནམ་མཁའ་རྒྱལ་མཚན་པར་རྒྱ་སྟོན་བཀའ་འབུམ་སོགས་དང་། ཟུར་མང་སྐུ་སྐྱེ་བློ་གྲོས་རྒྱ་མཚོ་བ་ལ་རཏྣ་གླིང་པའི་བླ་མ་ཐུགས་སྒྲུབ་ཀྱི་སྐོར་ཡོངས་སུ་རྫོགས་པ་དང་གཅོད་ཡུལ་གསན། རི་བོ་ཆེར་སྟག་ལུང་ངག་དབང་གྲགས་པའི་སྐུའི་སྐྱེ་བར་གྲགས་པ་དེ་དང་མཇལ་བདག་རྐྱེན་གཟབ་པར་བྱུང་། དེ་ནས་རྗེས་ཡར་ཤོག །སྤྲུལ་སྐུ་དེ་ཕྱོགས་ན་ཡོད་ཤས་ཅུང་བར་འདུག་གསུང་འབོད་མི་གནང་ཡར་ཕེབས། ཕྱིས་སྤྲུལ་པའི་སྐུ་པདྨ་དཀར་པོ་བསྙེན་པར་རྫོགས་པའི་ཕྱག་ཕྱིར། དཔལ་འཁོར་བདེ་ཆེན་ཞེས་པ་མཁས་མང་འདུ་བའི་མདུན་ས། ལོངས་སྤྱོད་ཀྱི་རྒྱ་མཚོ། མྱང་ལུང་པའི་བདེ་སྐྱིད་ཀྱི་འབྱུང་ཁུང་ཆོས་ཀྱི་རྒྱལ་པོ་རྒྱལ་མཁར་རྩེ་བའི་བླའི་གྲྭའི་མཁན་པོ་བཀྲ་ཤིས་རྣམ་པར་རྒྱལ་བའི་དྲུང་། སློབ་དཔོན་ཚོགས་ཆོས་ལུང་པའི་མཁན་པོ་དཀོན་མཆོག་མཚན་མི་སྤྱིར་ཁྲོམ་ཡོན་དུ་གྲགས་པ་འཛིན་ཚུགས་ལེགས་པའི་དཔེ། གསང་སྟོན་རྩེ་ཆེན་མཁན་པོ་སངས་རྒྱས་ཡེ་ཤེས་སོགས་དད་པའི་དགེ་འདུན་བཅུ་ཕྲག་གི་དབུས་སུ་བསྙེན་པ་རྫོགས་པ་ནས་འདུལ་བའི་བཅས་པ་ལྔ་མིག་ལྟ་བུའི་གཅེས་སྤྲས་སུ་མཛད་ཅིང་། ལར་ཡང་སྔགས་པ་ཡིན་ཞལ་བགའ་ཆལ་དུ་སྦྱོན་པ་ནམ་ཡང་མཛད་མ་མྱོང་། རྟེན་དགེ་བསྙེན་དུ་བཞུགས་པའི་དུས་ནའང་གཞན་གྱི་དགེ་སློང་ལས་ཚུགས་དམ་པ་ཞིག་གོ། །ཕྱིས་རྡོར་འཛིན་མཛད་ནས་ཙ་རི་ཏྲར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ཞེས་ཆོས་ཀྱི་རྗེ་བསྟན་༼༦ན༡༡༽པ་རྒྱ་མཚོའི་དབོན་དམ་པ་དེ་སྤྱན་དྲངས། གསར་རྙིང་གི་རྒྱུད་འབུམ་གྱི་ལུང་གསན། ཕར་ཡང་གསུང་ཆོས་མང་དུ་ཕུལ། ཡང་སྐྱིད་ཤོད་དུ་དཔོན་ས་སྟག་ལུང་མས་སྤྱན་དྲངས་པའི་དུས་སུ་ཚལ་ཡང་དགོན་པའི་ཆོས་རྗེར། བླ་མ་ཞང་གི་བཀའ་བརྒྱའི་ཁྲིད་ལུང་དབང་། ཆོས་སྐྱོང་ཚལ་ལུགས་སྔར་མ་གསན་པ་འགའ་གསན། ཁོང་ལ་འབྲུག་སྐོར་ཕར་གནང་། གཞན་ཡང་གྲགས་ཅན་དང་ཀུ་ས་ལའི་བླ་མ་ཅི་ཡང་ཞིག་བསྟེན་ནས་ཐོས་པའི་རྒྱ་མཚོ་བསྐྱིལ་བས་ཐ་རི་འདོད་རྣམས་ཀྱི་རེ་བའི་མན་ངག་རིན་པོ་ཆེ་འཛད་པ་མེད་པར་འབྱུང་བའི་གནས་སུ་གྱུར་ཏོ། གང་ཡང་གསན་པ་ཙམ་ལ་མི་འཇོག་པར་དེ་དག་གི་ལག་ལེན་མཐིལ་ཕྱིན་པ་བསླབས། དོགས་དཔྱོད་ཀྱི་རུས་ལ་ཐེབས་པར་མཛད་པས་དགུ་ལོ་བརྒྱད་ཅུར་ཉེ་བ་འདི་ནའང་ཆོས་གར་ཡིན་པ་དེའི་དམིགས་པ་ཕྱག་ལེན་བཤད་པའི་ཚིག་རིས་ཕྲན་བུ་ཚུན་ཡང་བསྙེལ་བ་མེད་པར་སེང་ངེ་ཡེ་རེ། བཀྲ་སྲིག་སྲིག་སྟོན་པ་འདི་བྱུང་བ་ཡིན། ཞུ་མིའི་མདུན་མིན་པ་གང་དུ་ཡང་མི་མཁྱེན་པར་བརྫུས་ཏེ་བཞུགས། ངོམ་ངོམ་ཡེར་མེར་མི་མཛད། གདམས་ངག་ལ་ངེས་པའི་དབང་གིས་རྗེའི་དྲུང་དུ། རིན་པོ་ཆེ་གློ་བོ་མཚན་སྙན་པར་གྲགས་པ་ཀུན་དགའ་སྒྲོལ་མཆོག་ཕེབས་པའི་དུས་སུའང་དོགས་དཔྱོད་ཀྱི་ཡུལ་དུ་མཛད། རྗེ་དེ་དང་བདག་མཇལ་བའི་དུས་སུའང་ཉིད་ལ་གྲོགས་པོ་གཞན་དང་མི་འདྲ་གསུང་མཉེས་མཉེས་རང་མཛད་ཀྱི་འདུག །དེ་དུས་ལ་དེ་ལ་ཆོས་འབྲེལ་ཞིག་ཀྱང་གསན་པར་འདུག་ཅིག །ཕྱིས་ཟེ་བོ་མ་འགས་རྗེད་པ་གམ་པར་མཇལ་དུས་གནས་ཚུལ་རྩད་གཅོད་མཛད་ཤིན་ཏུ་མཉེས་ཁོང་ལ་སྐུ་ཚེ་[WP:76,57]ིང་པོ་ཡོང་བ་ཡོད་ཞུས་གསུང་ངོ་། །ཆོས་རྗེ་ཚར་ཆེན་ཞེས་པ་ས་སྐྱ་པའི་ནང་ནས་སྔགས་འཆང་གི་ཏོག་ཏུ་འཐོན་པ་དེ་རྗེའི་དྲུང་དུ་ཆོས་སྐྱོང་སྐོར་གསན་པར་ཕེབས་པའི་དུས་སུའང་དཀའ་གནས་ཀྱི་དྲི་ས་མཛད་པས་ཐུགས་ཆེས་པ་འབའ་ཞིག་ཡིན་པས། གདམས་ངག་སད་སུ་ད་རེ་ཤེས་པའང་མིས་མཚོར་དོགས་པ་དང་། འགའ་ཤས་ཤེས་པའི་ང་རྒྱལ་གྱི་སྒང་བུ་ཅན་རྣམས་དང་མི་འདྲ་བར། མཁྱེན་པ་རྒྱ་ཆེ་༼༦བ༡༢༽ཐུགས་ཆུང་བས་ན་ཕྱི་རབས་རྣམས་ཀྱི་མིག་ལྟོས་བྱ་སའོ། །འཛམ་གླིང་ཀུན་ན་རྒྱུ་བའི་ལེགས་བཤད་ཀླུང་། །གང་དུ་ཞུགས་པའི་བློ་གྲོས་ཆུ་གཏེར་མཐའ། །སུས་དཔག་མ་ནུས་གངས་ཅན་མཚོ་ཉིད་ཅེས། །བསྔགས་པའི་མེ་ཏོག་ཐམས་ཅད་དེ་ལ་སྤུངས། །ཀུན་མཁྱེན་འབྲུག་པའི་ཞབས་སྐྱེས་ཐོད་ལྟ་བུར། །ཁུར་འདི་སྙིང་དོགས་མུན་ལ་སྡོད་གླགས་ཅི། །བདེན་རྫུན་གྲུབ་པ་འདི་སོགས་བགྲང་ཡས་ཀྱི། །གཞལ་བྱར་བྱེད་འདོད་པ་ལ་མངོན་གྱུར་བསྟན། །འདིའི་དྲུང་ན་མཚམས་ཟླ་རེ་ཟླ་གཉིས་བྱས་དེའི་རིང་བསྙེན་པ། ཁྲི་འབུམ་ཙམ་བསྐྱལ་ནས་རྟགས་འདི་བྱུང་འདི་མ་བྱུང་གླེང་བ་ན། གཞན་མི་གསུང་བར། ཆོས་རྗེ་གཡུལ་རྒྱལ་རྫོང་པའི་གསུང་ནས། ངས་ཕྱག་ན་རྡོ་རྗེ་ལ་བསྙེན་པ་བྱེ་བ་ཕྲག་མང་པོ་བསྐྱལ་ཏེ་ཁ་སྤུ་ལ་མེ་སྟག་འཕྲོ་བ་ཙམ་ལས་མ་བྱུང་། ཁྱེད་ཚོ་བསྙེན་པ་བརྒྱ་རེ་ལ་གྲུབ་རྟགས་འདོད་པ་ཡི་དམ་སྙིང་ཐག་ཉེ་མོས་དགོས་འདུག་གསུང་བ་སྐྱོར། དེ་སྐད་གསུང་བ་ཐུགས་བདེན་པ་སྟེ་རང་གིས་མཚན་མ་དམ་དུམ་ལ་ངོམས་ཏེ་མ་བཞག་པར་ནན་ཏན་ཇེ་ཆེར་མཛད་པས་སོ། །རྗེ་གོང་མ་དཔོན་སློབ་ལ། ཐོག་མེད་བདེ་མགོན་གྱི་དབང་ནོས་ནས། ཡང་རྩེར། བདེ་མཆོག་ལྷན་སྐྱེས་ལ་བསྙེན་པ་གསུང་ངག་ཤིན་ཏུ་དམ་པར་མཛད་དུས། རྗེ་དེས་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་གསོལ་འཕྲོ་བསྩལ་བ་ཚང་བར་བཞེས་པ་དང་། སྐུ་འཁྲིས་ན་ཆོས་སྐྱོང་གི་བྲིས་པ་ཐང་ལེགས་པའི་ཚད་ཅིག་བདུག་པ་ཁ་ཕྱེ་སྟེ་གནང་བ་སོགས་བྱིན་རླབས་འབྱུང་བའི་མནལ་ལམ་འགའ་བྱུང་། བསྙེན་གྲངས་འབུམ་ཕྲག་བཅུ་བཞི་སོང་བའི་ཐོ་རངས་ས་གཡོས། འོད་ཀྱིས་གཟིམས་སྤྱིལ་གྱི་ནང་ཁྱབ། ཡི་གེ་བདུན་པ་སྒྲར་གྲགས་པ་དངོས་སུ་བྱུང་། ཡང་རྗེས། ཆོས་རྒྱལ་གླིང་གི་ཚོམས་སུ་གཏོར་སྒྲུབ་མཛད་པའི་ཚེ། གཏེར་ཚོགས་ཀྱི་སྟེང་དུ་བྱ་རོག་སྣུམ་ལ་ཆེ་བ་སྐད་དྲག་པོ་སྒྲག་པ་དང་། མཁར་པོ་གོ་ཡུལ་དུ་ཟླ་བ་དྲུག་ཙམ་མགོན་པོ་ལ་བསྙེན་པ་མཛད་དུས། བུད་མེད་མཛེས་མ་མང་པོས་དཔལ་འབྲས་མང་པོ་སྟོང་པ། རལ་གྲི་བཟང་པོ་གཏད་པ་དང་། ཀ་པཱ་ལ་བཟའ་མ་ཏུ་བ་༼༧ན༡༣༽གིས་བཀང་བ་གཏད་པ་སོགས་དང་། རྗེ་གོང་མས་མཚན་བརྗོད་ཀྱི་ལུང་སྩལ་ཏེ་དཔེའི་བདག་པོ་ཁྱོད་ཡིན་གསུང་གཏད་པ་སོགས་མཚན་ལམ་བཟང་པོ་དང་། ལོ་རོ་རྡོ་རྗེ་གླིང་ཙན་དན་ཤུག་པའི་གསེབ་ཀྱི་དགོན་གནས་སུ། རྗེ་རྡོ་རྗེ་གླིང་པས་རྡོ་རྗེ་རྒྱལ་པོ་དང་། སྐུ་བསྲུང་པ་ཆེན་པོས་རྡོ་རྗེ་རྒྱལ་ཐེབ་པ་མཛད་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་ཆེན་པོ་བཙུགས་པ་གསན་པའི་དུས། ལྡིང་ཁྲིའི་དབུས་ན་བཀའའ་དགུའི་ལྷ་ཚོགས་ཐམས་ཅད་ཁྲ་ཕུད་དེ་བཞུགས་པ་ཡུད་ཅིག་གཟིགས། སྐུ་བསྲུང་པ་ཆེན་པོ་ལ་ཆོས་སྐྱོང་གསན་པི་ཚེ་ཡང་། དཀྱིལ་འཁོར་གྱི་ཡེ་ཤེས་མགོན་པོའི་ལྷ་ཚོགས་གཟིགས་ཤིང་། སྟ་གོན་གྱི་མཚོན་མནལ་ལམ་ན། མགོན་པོའི་རྒྱུད་གསར་རྙིང་གི་བེ་བུམ་ཐམས་ཅད་དེས་གཏད་པ་རྨིས་པ་དང་། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱག་ན་རྡོ་རྗེའི་དབང་གསན་དུས། རྗེ་དེ་ཉིད་གསང་བ་ཐམས་ཅད་ཀྱི་བདག་པོ་འཁྲུལ་མེད་དུ་གཟིགས། དེ་ནས་གཟུང་སྟེ་ལྷ་དེའི་བསྙེན་སྒྲུབ་ད་ལྟའི་བར་དུ་མ་ཆག་པར་མཛད། རྒྱུད་ནས་བཤད་པའི་རྟགས་བརྒྱད་ཚང་བ་དང་ལྷ་དེ་ཉིད་ཀྱི་འཁོར་ལོ་མངོན་སུམ་དུ་མཇལ། ཆོས་སྐྱོང་གི་བསྙེན་སྒྲུབ་འདྲ་མཛད་པའི་དུས་མགོན་པོ་ལྕམ་དྲལ། ལས་མགོན་སོགས་མངོན་སུམ་དུ་ཡུད་ཙམ་རེ་སྣང་བ་མང་དུ་བྱུང་། རྗེའི་དྲུང་དུ་ཕེབས་ནས། སྐུ་བསྲུང་བ་གྱིས་ཅེས་གསུངས་པས། ཕྱིས་རྟེན་བཞེངས་མ་གྲུབ་ཀྱི་བར་དགོས་གལ་ཆེ་བའི་དམིགས་བསལ་རེ་ཙམ་མ་གཏོགས་སྐུ་འཁྲིས་པ་དང་མཆོད་དཔོན་རྒྱུན་བསྐང་གསུམ་སྦྲག་མཛད། གསུང་ཆོས་ཅི་གནང་ལ་ཆུད་པས་གསུང་གི་གསང་བ་ཕལ་མོ་ཟིན། ཞར་བྱུང་དགོས་དཔྱོད་མཛད་པས་རྗེ་ཡང་ཤིན་ཏུ་མཉེས་ཏེ། སྲས་གཉིས་སོགས་ཀྱི་ཕྱག་བཞེས་འབུལ་བ་པོ་བཅོལ། ནང་སོ་ཐོན་པས་སྒྲུབ་སྡེ་བཙུགས། ནང་སོ་རང་སོགས་འབྲུག་ལུགས་ཀྱི་ཆོ་ག་ལག་ལེན་མཐིལ་ཕྱིན་པ་བསླབ་བཞེད་དེ། རྗེ་ལེ་སྐུ་དྲུང་ན་བཞུགས་པའི་གསེབ་ནས་སློབ་དཔོན་ཞུས་༼༧བ༡༤༽པས། བཀའ་ལས་ཆོས་མགོན་པ་འདི་མན་ངག་ཐོབ་རྒྱ་ཆེ། ལག་ལེན་ཐམས་ཅད་ལ་ངེད་རང་ལ་ལྷག་པ་ཙམ་ཡོད། ཁྱད་པར་བསྙེན་སྒྲུབ་སོགས་མཐར་ཕྱིན་ཆོས་སྐྱོང་དངོས་ཀྱིས་རྗེས་སུ་གཟུང་བ་ཞིག་ཡིན་པས་འདི་འཇོག །ནད་སོ་རང་གི་བླ་མའང་འོས་པ་ཡོད་ཅེས་གསུངས་པས། ནང་སོས་དེ་ཁ་ནས་བླ་མར་འཁུར་ཆོས་སྐྱོང་གི་སྐོར་ཐམས་ཅད་གསན་ལག་ལེན་བསླབ་པ་དང་བསྟུན་ལོ་ཙམ་བཞུགས། དེའི་ཚེ་ལོ་གསར་ཁའི་དགུ་གཏོར་ལ། སྡེ་པ་རང་ནུས་ཅན་དུ་བརྩི་བའི་སྔགས་བོན་ལྷག་པར་རི་བོ་དགེ་ལྡན་པའི་དགེ་བཤེས་འཇིགས་བྱེད་དངོས་སུ་བརྩི་བ་ཅིག་སོགས་མང་པོས་གཏོར་མ་བརྡེག་པར་བྱོན་པས། རླུང་ནག་འཚུབས་ཏེ་ཐམས་ཅད་ཡར་ལོག །ཐུགས་རྟོག་ཟ་བ་ན། དེ་ཁར་སྔགས་འཆང་ཉིད་དཔོན་སློབ་ཀྱིས་དཔལ་ཆེན་པོ་རྒྭ་ལོའི་སློབ་མ་ཅོག་རོའི་ལུགས་ཀྱི་གཏོར་ཆེན་བསྒྲུབས་པ་དེ་འཕངས་པས་ལྷགས་པ་མོད་ལ་ཟོན་སྐྱོར་བཞིན་བྱས། ཡིད་ལ་མེད་པར་ཡལ་ནས་འགྱུར་བས་གཏོར་གྲལ་པ་གཞན་འགའ་རྔ་ཧར་ཁྱེར་ཏེ་གཏོར་མ་འཕང་ཕྱོགས་སུ་བརྒྱུགས་པ་སོགས་བྱུང་བས་ཐུགས་ཡིད་ལྷག་པར་ཆེས། གུས་པ་གཞན་དང་མི་འདྲ། འཕྲལ་གྱི་ཕྱག་དཔེ་སོགས་དགོས་པ་ཐམས་ཅད་ཀྱི་སྦྱིན་བདག་མཛད་པས་ཤིན་ཏུ་མཁོ་བར་བྱུང་གསུང་ངོ་། །རྒྱུན་དུའང་སྲོད་ནས་བརྩམས་ཏེ་བློས་བསླང་བའི་མནལ་ཡེ་མི་གཟིམས་པར་བསྙེན་པ་འབའ་ཞིག་མཛད་པ་སང་ལྟོ་རན་ཚུན་བཞུགས། རྗེ་སྤྱན་དྲངས་པའི་ཕྱག་ཕྱིར། བྱང་སྟག་ལུང་། གོང་དཀར་ཡར་རྒྱབ། བསམ་ཡས། འཁྲང་པོ། ཆུ་ཤུལ། སྨྱུག་ལ། ཐོན། ཡར་ཤར་ནུབ་སོགས་སྡེ་དཔོན་ཆེན་པོའི་གོ་ཀུན་ཏུ་ཕེབས། མཆོད་གཡོག་པ་མཛད་པའི་གཤིས་ཀྱིས་མི་ཆེན་ཀུན་དང་ཐུགས་འདྲིས་པ། འགྲོ་བའི་ཚེ་གནང་སྦྱིན་བཟང་པོ་མཛད། དེའི་ཞོར་ལ། ལྷ་སའི་ཇོ་ཤཱཀ །ཚལ་གུང་ཐང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ། ཁྲ་འབྲུག །བྱམས་གླིང་སོགས་ཀྱི་རྟེན་མཇལ་སྨོན་ལམ་འདེབས་པ་སོགས་མཛད། སྐབས་ཤིག་ན་རྗེའི་ཞལ་སྔ་ནས། ད་ལྟ་ཚེ་ཐུང་ནད་མང་དུས་སྙིགས་ལྷ་སྲིན་གདུག་པ་ཆེ་བས་གནོད་པ་དང་འཚེ་༼༨ན༡༥༽བ་མོད་པའི་དུས་སུ། ཆོས་ཐོས་བསམ་གྱི་མཐའ་རྒྱ་གཅོད་པའི་སྐབས་མ་ཡིན། བསྒྲུབ་པ་སྙིང་པོར་བྱེད་དགོས། ལྷག་པར་རང་རེའི་བརྒྱུད་པ་འདི་ཆོས་གཅིག་ཤེས་པས་ཀུན་ཤེས་པ་ཡང་བྱོན་པ་ཡིན། གཅིག་ཤེས་པ་ལ་འདི་སྒྲུབ་པ་སྙིང་པོར་གཟུང་བ་ལས་བྱུང་བར་འདུག་པས། ཁྱེད་རང་རྣམས་ཀྱང་ལོ་གསུམ་གྱི་མཚམས་རེ་འབྲུག་སེ་བ་བྱང་ཆུབ་ཀྱི་གླིང་འདིར་གྱིས་ཕེབས་པ་དང་། དུས་དེའི་ཚེ་སྐུ་འཁོར་ན་བཞུགས་པའི་དགེ་བཤེས། རབ་འབྱམས་པ་དཔལ་རིན། དྷརྨཱ་པ། རིན་རྡོར་སོགས་འབྲས་ཡུལ་སྐྱེད་ཚལ་དུ་གྲགས་ཐོན་པ་གསུམ་དང་། སྔགས་འཆང་ཤཱཀྱ་དཔལ་མགོན་ཞེས་པ་དཔལ་འཁོར་བདེ་ཆེན། ཞ་ལུན་ཡོ་ག་སོགས་བུ་ལུགས་ཀྱི་དབང་ཕྱུག་ལེན་ལ་འགྲན་ཟླ་མེད་པར་རྩི་བ་དེ་དང་། ཉིད་ལ་སོགས་པ་འགའ་ཤས་ལོ་མཚམས་ལ་རྗེ་ཉིད་ཀྱིས་མཐུན་རྐྱེན་སྩལ་ཏེ་བཞུགས་སོ། །གནས་དེ་རྗེ་གཙང་པ་རྒྱ་རས་དཔོན་སློབ་ཀྱིས་བྱིན་གྱིས་བརླབས་པ། ལྷག་པར་ཆོས་རྗེའི་ལྗགས་བཞུགས་པའི་རྟེན་འབྲེལ་གྱིས་དགོན་གནས་འདིའི་མིང་ཆོས་བརྒྱུད་ལ་ཐོགས་པས་འབྲུག་པ་ཞེས་བྱུང་བ་དེ་ལྟ་བུ་སོགས་ཡ་མཚན་ལ་བྱིན་ཆགས་པ་ཡིན་མོད་ཀྱང་། དེ་སྡང་སྒྲུབ་ཆེན་མངས། བར་ཞིག་ཏུ་མ་བྱུང་བ་རྒྱུན་འགྱངས་ཙམ་སོང་བྱས་པ་གནས་རྒོད་དུ་གྱུར་པ་ལྟ་བུ་དང་། ལྷག་པར་མཚམས་བཞུགས་རྣམས་ཀྱང་ཐུགས་དམ་གྱི་རྩལ་ཆེ་བས་བར་ཆད་ཐམས་ཅད་དུས་གཅིག་ན་ལོངས་ནས། འགའ་ཞིག་ལ་ལྷ་འདྲེའི་དམག་གིས་མངོན་སུམ་དུ་བསྐོར་བ་དང་། བྱི་ལའི་དམག་དང་། གཡོ་སྒྱུ་སྣ་ཚོགས་ཀྱིས་བསླུ་བ་སོགས་བྱུང་། ཉིད་ལ་འབྱུང་པོས་བུག་སྒོ་བརྡུང་བ། ཚོག་ཆོམ་གྱི་སྒྲ་ཐོག་སྡིབ་ལ་ཁད་པ། ཤུགས་པ་འཆོར་བ། ཅོ་ལྡིར་བ། འཇིགས་པའི་གཟུགས་དུ་མ་སྟོན་པ། རི་བར་དུ་འཚིར་བ། མེས་སྲེག་པ་དང་། ཆུར་བསྐྱུར་ག་སས་མནན་པ་དང་། སྤྲེའུ་གཟུགས་གདོང་དམར་པོ་དམག་ལྟ་བུར་འཚང་བ་སོགས་ཉམས་དང་རྨི་ལམ་ཙམ་ཤིན་པར་མངོན་སུམ་རང་ལ་ལན་རེ་ལན་གཉིས་མིན་པ་བྱུང་། ལྷག་པར་སྐུའི་གཟུགས་བཞིའི་ཁུམ་པ་གྲུམ་བུ་ལྟ་བུའི་གཅོང་གིས་ཟིན་ཀྱང་། ༼༨བ༡༦༽རྐྱེན་ངན་པ་དགེ་བའི་བཤེས་གཉེན། ནད་སྒྲིབ་པའི་ཕྱགས་ཤིང་བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་པར་དགོངས། སྔར་ནས་ཕྱག་ཆེན་གསན་པ་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོང་བདེ་བར་ཡོད་ཅིག་ཞི་གནས་ཀྱི་ངང་གདངས་ལྟར་ལངས་པའི། ལྷ་སྒོམ་པ་སྔགས་བཟ་བ་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ལ་རྩེ་གཅིག་པས། ཟ་ཉལ་བཤང་བ་གསུམ་མིན་པ་ཐ་མལ་པར་ཡེ་མ་བཞུགས། མ་བཞུགས་ཀྱི་ན་ཆོ་འཕྲུལ་ཇེ་ཆེ་ཇེ་ཆེར་སོང་། གྲོགས་རྣམས་དང་ཡང་གཅིག་བཤན་གཅིག་ལ་ཕོག་བས་ལྷོངས་འདི་བྱུང་འདི་མ་བྱུང་བྱ་བ་མེད་པ་བྱུང་། དྲུང་རིམ་པ་གཉིས། དྲུང་ཤཱཀ་པ་གསུམ་སྐུ་མཚམས་དང་དོར་རྟོགས་པའི་ཕུ་ཐག་ཆོད་ཀྱང་གཤེགས། རབ་འབྱམས་གཞོན་པ་ཅུང་ཟད་སྨྱོ་ནས་རྗེས་བྱིན་གྱིས་རླབས་པས་མདོ་ལ་མནལ་དུ་ཕེབས། ཕྱིས་ཐོག་དངོས་སུ་ཕོག་ཀྱང་གནོད་མ་ནུས་པའི་རྟོགས་ལྡན་ཆེན་པོ་ཞིག་བྱུང་། ཉིད་ཀྱིས་སྐུ་མཚམས་སེང་སེང་ཡེ་མ་མཛད་པ་ལོ་གསུམ་པའི་མཐར་བར་ཆད་རང་སར་ཞི། བླ་མ་སངས་རྒྱས་དངོས་སུ་གཟིགས་པ། ཕྱག་རྒྱ་ཆེན་པོའི་རྟོགས་པས་མུན་པ་ལ་ཉི་མ་ཤར་བ་བཞིན་ཀུན་རྨོངས་གར་སོང་མེད་པར་བརླག་དཔལ་འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཕྱག་རྡོར། ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། ལས་ཀྱི་མགོན་པོ་དང་བཅས་པ་གང་འདོད་དུ་གཟིགས་པ་དེ་ནས་བྱུང་བ་སྐུ་མཚམས་གྲོལ་ནས་རྗེའི་སྤྱན་སྔར་བྱོན། ཕྱིས་ཀྱང་སྨིན་ཐོག་ཏུ་ཟླ་བ་དྲུག །འཕྱིང་རུའི་དབེན་གནས་བདེ་ཆེན་ཆོས་འཁོར་དུ་ལོ་གཅིག །གྱེར་སྐྱིད་དགོན་དུ་ལོ་གཅིག །བྱར་ཚིན་དུ་དགུན་ཐོག་གཅིག །ཙ་རིར་ལོ་ལྔ་དང་། གཞན་ལོ་རེ་ལ་ཟླ་བ་རེ་གསུང་ངག་ཤིན་ཏུ་དམ་པ་མཛད། ཐུགས་དམ་རྒྱུན་ཆགས་ཀྱི་རིམ་པ་ལ། བླ་མ་སྒྲུབ་པ་ཕྱི་ནང་གསང་གསུམ། རྟེན་འབྲེལ་གི་ཉམས་ལེན། བདེ་མཆོག་གི་བསྙེན་པ་ཁྲི་ཚོ་རེ། དགོངས་ཁ་ཆོས་སྐྱོངས་རྣམས་ཀྱི་གཏོར་བསྔོ་རྒྱས་པ་དང་། ཡེ་ཤེས་མགོན་པོའི་བསྙེན་པ་ཁྲི་ཕྲག་རེ། སྲོད་ལ་ཕྱག་རྡོར་གྱི་བསྙེན་པ་ཁྲི་ཕྲག་རེ་རྣམས་ཆག་མེད། རྗེ་འབྲུག་པ་༼༩ན༡༧༽རིན་པོ་ཆེ་ལ་གང་གསན་པ་ནས་ད་ལྟ་ཚུན་ཆག་མེད་ཡིན། དེ་དག་ལེགས་པར་བརྩིས་པ་ཇི་ཙམ་སོང་བའི་གྲངས་ནི། བླ་མ་སྒྲུབ་པ་ནང་སྒྲུབ་དང་གསང་སྒྲུབ་གཉིས་ལ་བྱེ་བ་གཉིས། ས་ཡ་བདུན། འབུམ་ཚོ་དྲུག །སྟོང་ཕྲག་གཏས། བདེ་མཆོག་ལ་བསྙེན་པ། དུང་འཕྱུར་གཅིག །བྱེ་བ་ལྔ། ས་ཡ་ལྔ། འབུམ་ཚོ་དྲུག །ཁྲི་ཚོ་གཉིས། ཕྱག་རྡོར་ལ། དུར་འཕྱུར་གཅིག །བྱེ་པ་བཞི། ས་ཡ་དྲུག །འབུམ་ཚོ་དྲུག །ཁྲ་ཕྲག་གསུམ། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྙེན་པ། དུང་འཕྱུར་གདེག །ས་ཡ་གཅིག །འབུམ་ཕྲག་དགུ། ཁྲི་ཚོ་བདུན། རྐང་པ་བརྒྱད་ལ་ཁྲི་ཚོ་ལྔ། སྟོང་ཚོ་བཞི། ཤཱ་སན་ལ་ཁྲི་ཚོ་ལྔ། དུད་སོལ་མའི་བསྙེན་པ་ས་ཡ་གསུམ། ཆོ་བསྙེན་བྱེ་བ་གཅིག །ས་ཡ་བདུན། འབུམ་ཚོ་གསུམ། ཁྲི་ཚོ་བཞི་རྣམས་སོ། །དེས་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་ནུས་མཐུ་གཉིས་སུ་མེད་དོ། །བྱར་ཚིན་དུ་བཞུགས་དུས་ཆོས་བཅུ་ཞིག་གི་ཐོ་རངས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལྷ་ལྕམ་མནྡ་ར་དང་ཡེ་ཤེས་མཚོ་རྒྱལ་མཛེས་པ་མཚུངས་པ་མེད་པས་མཐའ་བརྟེན་མཛད་པ་མངོན་སུམ་དུ་བྱོན་ནས་བྱིན་གྱིས་བརླབས་ཏེ་འཆི་མེད་ད་ཆོའི་དངོས་གྲུབ་སྩལ། ཙ་རི་ཏྲའི་མཚོ་ཞལ་སོགས་སྔོན་གྱི་གྲུབ་པ་རྣམས་ལ་བྱུང་བ་དང་མཐུན་པ་འགའ་བྱུང་གསུང་བ་ལ་འདིར་འདི་ཞེས་མི་གསུང་། སྐུ་འཁོར་བས་ཀྱང་མཐོང་བར་ཕོ་བྲང་ཁར་རྗེ་དཔོན་སློབ་བཞུགས་པ་ལ། མཚོ་སྐད་ཅིག་གིས་ཕུར་བུར་ཁོལ་ནས་མདུན་གྱི་རི་དེའུ་དེ་ནོན་ལ་ཁད་པ་ཙམ་བྱུང་། གཞན་ཞིང་སྐྱོང་། རྡོ་རྗེ་གཡུ་སྒྲོན། གཞི་བདག་ལས་ཀྱི་གཤིན་རྗེ་འཁོར་བཅས་བཀའ་འཁོར་ན་སྒོར་རེ་ལས་བགྱི་བའི་དགུག་དོན་དུ་བཞུགས་པ་དང་། ཡང་རྩེར་གཟའ་མཆོག་དངུལ་ཉིད་དང་། ཉིད་ཀྱི་སྐུ་ཞར་ཆོས་རྗེ་སློབ་དཔོན་པ་གཉིས་ཀས་མཐུན་པར་སྣང་བ་དང་། དབུས་སུ་རྒྱལ་པོ་བེ་ཧ་ར་འཁོར་བཅས། གུང་ཐང་དུ་ལྷ་མོ་རེ་མ་ཏི་དང་། ཞང་གི་ཆོས་བསྲུང་། མཁར་ཆུར་སྙོང་ཁ། དུར་ཁྲོད་བདག་མོ། བཀྲ་ཤིས་མཐོང་སྨོན་དང་ལྷ་སར་དཔལ་ལྷ་མི་སྒྲིབ་པར་གཟིགས་༼༩བ༡༨༽བ་དང་གཡར་དམ་ལེན་པ། གཞན་ཡང་ར་ལུང་ལ་སོགས་པའི་གནས་བདག་ཐམས་ཅད་དཀའ་ལ་ཉན་པས་ཕྲན་ཚོགས་ཀྱི་བྱ་བ་གཞན་ལ་བསྡིགས་མོའམ། རྐུན་མ་རྩད་གཅོད་ལྟ་བུ་སོགས་ལ་བཀའ་བསྒོ་མཛད་ཙམ་ལ་རྟགས་ཐོན་པ་བྱང་ཕུན་ཚོགས་རབ་བརྟན་དུ། སྐུ་ཆས་རྐུ་ལ་ཤོར་བ་རྐུ་མཁན་ཁམས་པ་ཞིག་རེད་པས་ཟམ་ཆུ་ཆུད་དུ་ལ་བྲུལ་ཏེ་ཤི་བ་དང་། སྒོ་མཐའ་རྫོང་པས་ཕྱག་གཡོག་པ་འགའ་ཤེས་བཞིན་དུ་བརྡུངས་པས་དེ་དག་གི་ཕ་ཡུལ་ནེ་ལ་བཤོངས་ཆུང་ཁྱེར་བས་འགྱོད་པ་རྟས་མི་ཟིན་པ་བྱུང་། འཁྱོང་རྒྱས་མ་དྲེའུ་བརླག་པ་ལ་གཤན་དམར་ལ་བསྔགས་པས་དྲེའུའི་སྒལ་པ་ལ་མེ་མཆེད་པས་དངངས་ཏེ་སླར་ཕུལ་བ་སོགས་མང་། ཅིག་ཅར་གནས་ནང་དུ་ཇོ་བཟང་གསོད་མི་རྐྱེན་སུམ་པ་བ་ཅིག་གིས་སྟོན་མཆོད་ཀྱི་ཚེ་བཤགས་པ་བསྒྲུབས་ཀྱང་ཕ་བུ་གསུམ་ལམ་དུ་ཤར་རེ་འགྲོ་བའི་དཀྱིལ་ནས་གསོར་མི་རང་གཏོར་བ་ལོར་མ་རྙེད། ལོ་གཅིག་སོང་བ་ན་གཞི་བདག་གི་སྐུ་མཁར་རྩ་ན་རོ་གཉིས་འདུག་ཟེར་གནས་ནང་ན་ཡོད་པ་མང་པོས་ལྟར་ཕྱིན་པས་དེའི་འཁྱིལ་ཆུའི་དབུས་ན་རོ་དེ་ལ་དེས། མིས་ཤིང་བཏང་བ་ན་དེས་ལ་གངས་འཛིན་དུ་བྱུང་། ཉིན་མོ་ཡིན་ཀྱང་ཀུན་དྲེད་པ། ལྕང་གླིང་པ་རོལ་པའི་རྡོ་རྗེས་མདུང་གི་རྩེར་གྲི་བཏགས་ཏེ་ཕོག་པར་རྒྱབ་པས་མཚོ་ད་ཁྲག་གིས་དམར་ཆིལ་བ་ཞིག་བྱས་ཉ་བཀྱལ་བ་བྱུང་། འདི་རྡོར་འཛིན་དུ་བཞུགས་པ་ནས་གཞི་བདག་གི་དངོས་བརྒྱུད་ཀྱི་ཆོ་འཕྲུལ་ཧ་འགལ་བས། མཐུ་རྩལ་ལ་མཚུངས་པར་མེད་པར་བརྩི་བ་འདི་བྱུང་བ་ཡིན། ལྷག་པར་གཤན་དམར་གྱིས་ཅི་གསུང་སྒྲུབ་པས་དེ་རང་ལ་ཐུགས་རྩིས་ཆེ་སྟེ། འཕྱོང་རྒྱས་ནས་སྡེ་པ་ཧོར་བསོད་པའི་དྲུང་རྩེ་ཐང་ནས་འཕྱོང་རྒྱས་སུ་ཕེབས་པ་ལ་ལམ་དུ་དགུག་མཁན་མང་བས་ཅི་དྲག་གླེང་སྐབས། ངེད་ཀྱིས་གཤན་དམར་ལ་ཕྱག་གཡོག་ཞུ་བཅུག་པས་ཉེས་པ་མི་ཡོང་གསུང་། དེ་ལ་གསེར་གཏོར་ཕུལ་སྨོད་བྱང་རྒྱས་པར་མཛད། དེ་ཀ་ལ་ཐུགས་བཀལ་ཏེ་ཕེབས་པས་མཚན་འགྲོས་ཀྱི་རིང་མོ་དམར་ཕུར་དེ་བ་ཆིབས་གནོད་དུ་འགྲོ་༼༡༠ན༡༩༽བ་དང་། ཉིན་རླུང་དམར་འཚུབ་འཁྱིལ་ལེ་བ་སྔོན་དུ་འགྲོ་བ་འཕྱོང་རྒྱས་སུ་མ་ཕེབས་རིང་བྱུང་བས་ལྷག་པར་ཐུགས་ཆེས་སྐད། དེ་དག་དཔེར་བརྗོད་ཙམ་སྟེ་ཐམས་ཅད་བྲིས་ན་འབུམ་ཙམ་མོ། །དང་པོ་རྗེས་དེད་འབོད་དུ་གནང་། དེད་རྣམས་བྱ་ཡུལ་ནས་རིམ་པས་ཡར་འབྲོག་ཏུ་སླེབ། ཆོས་རྫོང་པའི་བསུ་བ་འདུག་པའི་སྟེང་དུ་ནམ་མཁར་འཇའི་གུང་ཁང་ཁྱབ་ཞིག་འདུག་པ་ཀུན་གྱིས་མཐོང་འདིས་དེའི་ནང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གཙོ་འཁོར་ཁྲ་ཕུང་ངེ་བ་གཟིགས་པ་བཞིན་ར་ལུང་དུ་སླེབ། རེ་མ་ཏི་བབས་པའི་ངག་ལ་ཡང་ངེད་གཙོ་འཁོར་བསུ་བ་ལ་འོངས་པ་ཁྱོད་ཀྱིས་མཐོང་སོང་ཟེར་བས། གསུང་བ་ལ་ཡིད་ཆེས། གཞན་ཡང་རྗེ་གཤེགས་ནས་གདུང་ཆོག་འཛིན་པའི་སྐབས་སུ། སྐུ་གདུང་རིན་པོ་ཆེའི་དྲུང་དུ་བདག་བརྟག་པ་གཉིས་པ་ཁ་ཏོན་བྱེད། འདི་པ་བསྐང་གསོ་མཛད་ཀྱི་ཡོད་པ་ཞིག་གི་མོད་ལ་དངངས་ཧད་དེ་ཡུག་ཅིག་ལུས་སོང་། བདག་ལའང་ཟིལ་ཆེན་པོ་ཅིག་བྱུང་དུས་ཅི་ཡིན་ན་དྲིས་པས། བྱ་རོག་གདོང་གིས་བཙུན་པའི་མགོ་ཁྲག་ཐིག་ཐིག་འབབ་པ་རླངས་ཕྱུར་རེ་བ་ཞིག་བཞག་སོང་། མགོ་བོ་དེ་ཀ་ཐོག་པ་ཆོས་རྗེ་རྣམ་གྲོལ་བཟང་པོའི་དབུ་འདྲ་བ་ཞིག་འདུག །ངེད་ཀྱིས་མཇལ་མྱོང་བ་ཡིན་གཞན་ལ་འཕྲོས་མ་བཏང་གསུང་། དེ་ནས་ཟླ་བ་གཅིག་མ་ལོན་པར་དེ་གཤེགས་པར་སྣང་ངོ་། །དེ་ཡང་ཀ་ཐོག་པ་དང་བསྒྲུབ་སྡེ་པ་ལྷོ་ཕྱོགས་སུས་ལ་ཟློས་པ། ཁོང་རང་གཞན་དང་མི་འདྲ་བའི་དགེ་བཤེས། འཁོར་དུ་རྙིང་མ་བའི་སྔགས་འཆང་བཟང་པོ་རྐྱང་གིས་བསྐོར་བའི་མཐུ་ཅན་ཞིག་རེད་པས་ར་ལུང་ཕྱོགས་སུ་ལས་སྦྱོར་མང་པོ་བརྩམས་པ། རྗེའི་བྱིན་རླབས་ཀྱིས་གནོད་པ་ཅི་ཡང་མ་བྱུང་། རྗེ་གཤེགས་ནས་ནས་ངེད་རང་གིས་སྐུ་རིམ་ལ་འབུངས་པས་གནོད་མ་ནུས་པའི་ཁར་ཕྱིར་ལོག་པར་གོ་གཞན་ལས་སྦྱོར་ཆེད་དམིགས་ཅི་ཡང་མ་བྱས་གསུང་ངོ་། །གཞན་ཙ་རི་ཏྲར་རྡོལ་ཞབས་ཀྱི་པདྨོ་དང་སྐྱིད་ཤོད་དུ་སྤྱན་དྲངས་བའི་ཚེ་བྱང་ཁར་འབྲོངས་ཕུ་ཞེས་པ་བླ་མ་ཞང་གི་༼༡༠བ༢༠༽བསྒྲུབ་གནས་གཟིགས་པར་བྱོན་བསྙེལ་གསོས་ཏེ་བཞེངས་དུས་ཕྱག་རྡོ་ལ་བཙུགས་སར་ཕྱག་རྗེས་གསལ་པོར་བྱུང་བ་གསང་བར་མཛད་བཞེད་ཀྱང་ཕལ་ཆེར་གྱིས་མཐོང་བས་དེ་སུབ་མ་ནུས། ཙྭ་རིའི་དེ་སྦས་སོ། །གཞན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་བདུད་རྩི་དང་བུམ་ཆུ་ཁོལ་ཞིང་ལུད་པ། གཏོར་ཚོགས་མི་རྙིང་པ་སོགས་ངོ་མཚར་ནི་བརྗོད་ཀྱིས་མི་ལང་བ་བྱུང་ངོ་། །ཐོས་དོན་བསམ་པས་འདྲིས་པར་བྱས་པ་གང་། སྒོམ་པ་གོམས་པ་བཤད་བཞིན་འབྱུང་གཟིགས་ནས། གང་གིས་སྒྲུབ་ལ་ནན་ཏན་བརྩོན་བྱས་པའི། མཚུངས་པ་གངས་ཅན་འདི་ན་མི་ལ་ཀ །འཕགས་པའི་སྤྱན་གྱིས་མི་གཟིགས་དག་པའི་གཟུགས། གང་ཡང་མེད་མོད་ཆ་ཙམ་གཟིགས་གསུང་བ། བློ་དམན་བྱིས་པ་མགུ་བའི་ཕྱིར་ཡིན་ཞེས། དེ་ཉིད་གཟིགས་པའི་རྒྱུས་ཡོད་པ་རྣམས་གླེང་། ཕལ་ཆེར་བླ་མའི་གདམས་ངག་སྙན་གོང་བརྒྱན། ཡུད་ཙམ་རེ་ལ་ནོགས་པར་བྱེད་པས་ན། སྙིང་གླེགས་ཡོན་ཏན་བྲིས་ཀྱིས་འཕོངས་མཐོང་བས། ཕྱི་མའི་ཐར་འདོད་ཁྱོད་ཀྱི་རྣམ་ཐར་སློབ། རྗེ་བླ་མས་འདི་ཐག་ལོའི་གཞུག་ལ་བདག་གི་སློབ་དཔོན་དུ་བསྐོ་བར་མཛད་པའི་བྱི་ལོ་ཧོར་ཟླ་དང་པོའི་ཉེར་ལྔ་ལ་རྗེ་ཅུང་ཟད་སྐུ་གྲིབ་ཀྱིས་ཉོག་པའི་ཚུལ་བསྟན། དེའི་མཐུན་པའི་གཙོ་བོར་བཞུགས། གནམ་གང་གི་དགོངས་ཇ་ཐོན་རྗེས་གཏོར་ཁ་གསོས་པས། སུ་ཡིན་འོད་ལྷག་ལྷག་དེ་ཅི་ཡིན་གསུང་། བདག་ལགས། ཐུགས་དམ་གཏོར་ཁ་གསོ་བ་ཡིན་ཞུས་པས། ཆོས་མགོན་པ་ཡིན་འདུག་པ། ཁྱོད་ཀྱིས་སྤྲུལ་སྐུ་རིན་པོ་ཆེའི་ཕྱག་གཡོག་མཐིལ་ཕྱིན་པ་ཞིག་གིས་གསུང་གདམས་པའི་མོད་ལ་རྗེ་དགོངས་པ་ཐིམ། དེ་མ་ཐག་ས་གཡོ་བ་ཆེན་པོ་ཞིག་བྱུང་། རྗེའི་གསུང་དེས་བདག་ལོ་བཅུ་གསུམ་ནས་ཉེར་གཉིས་ཀྱི་བར་བཅར་བཞུགས་མཛད་གཙོ་བོར་བསྲུང་འཁོར། དེ་ནས་འབྲུག་ལུགས་ཀྱི་ཆོས་བཀའ་རྣམས་ལ་རྨོ་མོ་སློབ་མཛད་ཁྱད་པར་བདག་ལ་བརྩེ་བའི་སྤྱན་རས་གཡེལ་བ་མེད་པར་སྦྱོང་མཁན་བྱ་བཀྲ་ཤིས་རྣམ་རྒྱལ་ནི་གྲོངས། གོང་ས་བསྟན་འཛིན་ནོར་བུས་ནི་༼༡༡ན༢༡༽ར་ལུང་པར་ཕར་ཕུལ་མཁོ་བ་མ་སྟབས། ར་ལུང་ནས་རྗེ་རྒྱལ་ཚབ་དམ་པ་རང་གི་ཕལ་ཆེར་ནི་སྤྱན་འབྲས་ཀྱི་མཐོང་ཙམ་མཛད་ཀྱང་ཞུ་ཁ་ཡང་ནས་སྐུ་འཁྲིས་པ་རྣམས་ཀྱིས་བྱ་པར་ཕུལ། གཉིས་བར་གསུམ་ཤོར་གྱི་དཔེས་ཤིན་ཏུ་བྱ་བས་བཏང་བའི་རིང་། འདིས་ཐ་ན་གཉེར་ཚུན་ཁུར་དཀའ་བ་མཛད་པས་མི་གཅིག་ལ་དྲིན་ཆེ། ཕྱིས་དགུང་ལོ་བདུན་ཅུ་བརྒལ་བ་ཙམ་ལ། ཡང་རྩེར་སྤྱན་དྲངས་ཞབས་ཀྱི་པདྨོ་ལ་བཏུད་དེ། ཚེ་དབང་། ཕྱག་རྡོར། མགོན་པོ། གཞི་ཆོས་སོགས་འབྲུག་བསྐོར་རྗེའི་ཞལ་སྔར་པོ་སྟི་ལུང་དབང་ཙམ་ལས་མ་ཐོབ་པ་ཀུན་ཞུས། དེ་ཡང་རྗེ་ཉིད་ཀྱིས་ཕྱག་འབུལ་བ་དང་། གདན་མཉམ་མཉམ་གང་ན་མི་ཡོད། ངེད་རང་གིས་ཡང་རྗེ་རས་ཆུང་པས་རྗེ་བཙུན་ལ་སྐྱེས་སུ་ཕུལ་བ་ལྟ་བུར་འབུལ་བ་ཡིན་ཅེས་བཀའ་རྒྱ་གདམས་པས། ཕེབས་བསུ་ཕྱག་བཞུགས་གདན་ཆེས་མཐོ་བའི་མཐོང་བཀུར་ཞུ་མ་བཏུབ་པ་མ་གཏོགས་བདག་ཁེངས་ནས་མི་ཞུ་བ་མིན་ནོ། །དེ་ཡང་བདག་གི་ལོ་ཉེར་གཉིས་པ། འདི་ཉིད་རང་ཞེ་བརྒྱད་བཞེས་པའི་ཚེ། དཔལ་ཙ་རི་ཏྲ། དེའི་ནང་གི་རྩ་མཆོག་གམ་རྩ་གོང་ངམ་རྩ་རེ་ཞེས་བཞག་པ་དང་། གཤིན་རྗེའི་འདུ་ཁང་དུ་གནས་ཡིག་རྣམས་སུ་བསྒྲགས་པ། ཉམས་རྟོགས་ཅིག་ཏུ་འཆར་བའི་གནས་ཡིན་པས་ཅིག་ཅར་དཔལ་གྱི་ནགས་ལྗོངས། སློབ་དཔོན་ཆེན་པོ་པདྨས་མ་འོངས་པ་ན་སྐྱེས་བུ་མཁའ་ལ་སྒྲ་སྒྲོགས་པས་གཟུང་སྟེ་དགེ་འདུན་གྱི་ཀུན་དགའ་རབ་འབྱུང་བར་ལུང་བསྟན་པ། དེ་ཡང་མ་ཆེན་རྫ་ཁྲོད་ཤར་ནས་རྟེན་འབྲེལ་གྱི་དབང་གིས་འབྲུག་པའི་ལས་ཚན་བསྡུས། དེ་སྐབས་ཀོང་ཁ་སྟོད་འདིར་ནི་ཕལ་ཆེར་མི་ངས་ཀྱིས་ལྔ་པར་གྱུར་པས་རྐྱེན་པ་རྒྱལ་པོ་སྟག་རྡོ་རྗེ་སྩལ་དུ་བཏོན། ལྡིར་ཚོ་བརྒྱད་འོར་ཤོད་དང་བཅས་པའི་མི་སྣ་དྲག་པ་ཀུན་ཁྲིད། རྗེ་སྤོས་སྐྱ་པ་ལ་གསོལ་བ་བཏབ། འགྲོ་མགོན་བསོད་ནམས་རྒྱལ་མཚན་གནས་ནང་གི་རིག་པའི་མགོན། འགྲན་རས་ཀྱི་དབོན་ཆོས་སྐུ་བདེ་བ་ཆེན་པོ་དཔོན་སློབ་གནས་ཕྱིའི་ཡོན་༼༡༡བ༢༢༽བདག་གི་མཆོད་གནས་སུ་བརྫངས་ཏེ་རི་པ་ལ་ནས་ཆུ་འབབ་བཅུ་གསུམ་པ་ལ། ད་ལ་ཁྱེའུ་ཁྲག་མདོག་ཤའི་རལ་པ་ཅན་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ནུ་བོས་ཕུལ་བའི་གནས་གསིང་མ་གཡུའི་མཎྜྻལ་གསུམ་བརྩེགས་པ་འདྲ་བའི་སྟེང་ལ་ཐོབ་ཅེས་ལུང་བསྟན་པ་བཞིན། འགྲོ་མགོན་དེས་གནས་སྒོ་ཕྱེ་སྟེ་གཟུང་། དེ་ནས་རྒྱུན་རིང་བས་རི་པ་མཆོད་པ་སོགས་ཀྱི་རྣམ་གཡེང་གི་དབང་དུ་གྱུར་པས་སྒྲུབ་ཚུགས་ཞན་ནས། རྒྱལ་དབང་རྗེ་ཕེབས་སྐབས་ཇོ་བཟང་བཙུགས། བཞི་བཅུ་ཙམ་གྱི་རྒྱགས་གནང་། རྡོར་འཛིན་འགྲན་རས་ཀྱི་དཔོན་བརྒྱུད་ཆོས་རྒྱལ་རིན་ཆེན་བཀོད། དེ་ནས་རྡོར་འཛིན་གྱི་སྲོལ་གཏོད། དེ་རྗེས་རྡོ་རྗེ་འཛིན་པ་གྲགས་པ་རིན་ཆེན། རྡོ་རྗེ་འཛིན་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཛིན་པ་ཐལ་དུ་རིན་པོ་ཆེ། རྡོ་རྗེ་འཛིན་པ་ཌ་ཀི་རས་ཆེན་དྲུག་སོང་། བདུན་པར་བདག་ཀོང་པོ་ནས་ཡར་དབུས་གཙང་དུ་འགྲོ་ཞོར། རྐྱེན་སྣང་རྒྱལ་པོའི་གྲོང་ཁྱེར་དུ་ཙཱ་རི་པའི་རི་ཇོ་བཟང་། ཡོན་བདག་མི་སྣ་དང་བཅས་འཛོམ་པ་བྱས་ཏེ། རྡོ་རྗེ་གཡུ་སྒྲོན་མས། གནས་འདི་རྩུབ་འགྱུར་གྱི་ཚལ་དུ་ཡོད། དེའི་དབང་གིས་འདི་ལ་བར་ཆད་ཆེན་པོ་ཅིག་ཡོད། དེ་ལ་ད་ལམ་རྡོར་འཛིན་འདི་འོས་གཞན་གྱིས་ཡོང་བ་མེད་ཅེས་ལུང་བསྟན་པ་ལྟར་བསྐོས་པའི་ཉིན་ཆོས་རྗེ་རྡོར་འཛིན་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་སྒར་པ་དྲག་ཞན་ཐམས་ཅད་ཀྱིས་ཕྱག་འབུལ་བ་སོགས་མཛད་པས་འཕྲིན་ལས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས། དེ་རེས་དབུས་གཙང་ཚུན་དེད་དད་ལྷན་དུ་བྱོན་ཏེ། ཕྱིར་ཙཱ་རི་ཏྲར་བྱོན། ཀོང་པོ་ཁ་སྟོད་ལ་འབུལ་སྡུད་རྒྱས་པ་མཛད། འོར་ཤོད་ནས་དཔོན་འབྲུག་རྒྱལ་པོ་ཕ་བུས་ལྷག་པར་ཞབས་ཏོག་ཆེ། བསྡུ་བའི་དངོས་པོ་བཞི་ཕྱག་ལེན་ལ་བསྟན་ཏེ་བཞུགས་རིང་། སྒྲུབ་པ་བ་རྣམས་ལ་བར་བར་དུ་བཀའ་ཆོས་བློ་དང་མཚམས་པར་གནང་། གཞན་ཐུགས་དམ་འཕེལ་བར་བྱུང་ངོ་། །དེ་ལྟར་ལོ་གསུམ་ཚུན་ཐུགས་སོ་མི་སོད་པ་མེད་ལ། ཕག་ལོ་ཕྲག་ཡུལ་སྲུང་༼༡༢ན༢༣༽རིར་འབྲུག་པའི་དགོན་གསར། ཀར་སྲིད་པས་བཤིག །ལྷོ་བརྒྱུད་པའི་འབྲུག་པས་ཇོ་བཟང་མ་བྱས་པར་དེའི་ལེན་པོར། རྗེ་མི་བསྐྱོད་རྡོ་རྗེའི་མཛོ་མངས་ཕྱགས། དེའི་ལན་དུ་དགོངས། ཙཱ་རི་པ་དཔོན་སློབ་གང་ལའང་ཐེ་རག་མེད་ཅིང་ལུང་སྟོངས་སུ་སེམས་ཅན་གྱི་བདེ་སྐྱིད་སྒྲུབ་པར་བསྡད་པ་ལ། ནང་སོ་སྐུ་རབ་པས་ཙཱ་རི་བར་ཞབས་ཏོག་བྱེད་ས་མེད་པའི་ནག་ཡིག་བཀྲམ། དེར་སྐུ་རབ་ཏུ་བྱོན་ནས་རྒྱུ་མཚན་མཐའ་སེང་ཕུལ་བར་མི་ཆེན་རྫུའི་རང་བཞིན་མི་མཛད་པར་གསུང་རིགས་ཐོན་རྩིབ་འདྲ་ཞིག་འདུག་པ་དང་། གནས་བསྲུང་གིས་འབྱོན་པར་བསྐུལ་ནས། བྱ་ཡུལ་དུ་ཞུ་ངོ་སྤྲོན་པར་བྱོན། མིའི་དབང་པོ་མཆེད་ཀྱང་། ཉིད་འཁྲུངས་ས་མངའ་ཞབས་པར་སོང་། ཞུས་པ་ལ་ཆེད་གཉེར་མ་མཛད། དེའི་རིང་ལ་སྐུ་རབ་ནས་ཕུག་བཞུགས་ཀྱི་གདན་ས་སྤང་ཆེན་གསེར་འབྲུ་སྐྱོ་གོ་བས་སྲེགས། དེར་རི་ཇོ་བཟང་རྣམས་ཀྱིས་མ་ཆགས་པར་ཚུར་འོང་ལམ་སྐྱོ་སྒོ་བའི་ལྟེས་བོ་བྱེད་མཁན་དེ་ཁོང་ཚོ་དང་གདོང་ཐུག་ཏུ་བྱུང་ནས་གྲོན། དེ་དག་གིས་ཡུལ་སྟོད་ཀྱི་སྤང་མོ་བསྲེགས། བྱ་ཡུལ་དུ་འབྱོར། སྐྱེ་སྒོ་བས་དེ་ལན་ལ་སྤང་ཆེན་གཟིམས་ཁང་སོགས་བསྲེགས་པས་ཚབས་ཆེ་བར་གྱུར། རང་ལ་ལེ་ལན་མེད་ཀྱང་སོ་སོའི་བསྟན་པའི་སྐུ་ཆགས་སུ་འདུག་པས་བཅོས་མ་བདེ། དེའི་ཚེ་བསྲུང་མ་བསྐུལ་བའི་དུས་ལ་བབ་པར་བསམ། ལོ་རོ་གྲོང་སྟོད་མཁར་ནས་དམོད་པ་དང་བཅས་གཏོར་ཆེན་འཕངས་པ། མེ་དཔུང་དངོས་སུ་དྭགས་ཕྱོགས་སུ་རྒྱུག་པ་བྱུང་། དེ་ནས་གཙང་ནས་གདན་འདྲེན་པ་དང་བསྟུན་རྒྱལ་བྱེད་ཚལ་ཚུན་བྱོན་གྲྭ་རིགས་དེར་བཞག །སྡེ་སྲིད་རིན་པོ་ཆེ་གོང་དཀར་ནས་ཀྱི་སྐུ་བསྲུང་དུ་ཕོ་ཉ་བས་སྤྱན་དྲངས་ཏེ། གཞི་ཁ་གོང་དཀར་དུ་ཕེབས། དཔོན་ས་བདག་མོ་དུང་དཀར་མས་དེ་ཁ་ནས་བཀའ་ཆོས་གསན། སྡེ་སྲིད་ཞབས་དྲུང་རང་ནས་བསྐུར་མཐོང་ཤིན་ཏུ་ཆེ་བ་མཛད། ཆུ་བོ་རིར་གཏན་བཞུགས་དགོས་པའི་ཞུ་ནན། ཟེ་བོ་བཞུགས་ཡུལ་དུ་ཕུལ་བ་རེ་ཞིག་བཞེས། དེ་ནས་རིང་པོར་མ་ལོན་པར། ༼༡༢བ༢༤༽འཕྱོང་རྒྱས་སྟག་རྩེ་ནས་ཁྲི་ལྕམ་དོན་ཡོད་སྒྲོལ་མ་སྐུ་སྐྱེ་དམའ་བ་ལ་མཁྱེན་རབ་སྐུ་བསོད་དེ་ལས་ཆེ་བ་མི་སྲིད་པ་དེས་སྤྱན་དྲངས། བླ་མར་ཁུར་གདང་པོ་ཆེ་བརྩིས་ཕུལ། གོང་དཀར་ནས་ཞབས་དྲུང་སྣེའུ་གདོང་རྩེའི་ཁྲིར་ཕེབས་པའི་སྐབས་སུ་དེར་བྱོན། སྦེ་སྲིད་ཀྱི་གོར་བཞུགས་པས་དྲག་པོའི་ལས་སྦྱོར་འཁོར་ལོ་མནན་གཏད་སྦྱིན་སྲེག་སོགས་མཛད་པའི་སྐབས་མ་བྱུང་ཡང་བསམ་གཏན་གྱི་སྟོབས་དང་། བསྲུང་མ་དང་སྡེ་བརྒྱད་བཀོལ་ནུས་པའི་དབང་གིས་མཚན་མ་བཟང་བར་བྱུང་། དེ་ལོ་རྐུ་རབ་པ་གར་སྟོད་དུ་བྱོན་པས། བྱིངས་ཀྱིས་མཐུ་མི་བདེན་པ་ལྟ་བུར་གླེང་ཡང་། དཀོན་མཆོག་གིས་བསླུ་བ་མེད་སྙམ་རྩེ་གཅིག་པའི་གསོལ་བ་བཏབ། རྐུ་རབ་ཏུ་ལྟས་མི་དགེ་བ་མང་པོ་མང་པོ་བྱུང་། དེ་ཁའི་དགུན་ནས་བརྩམས་ཏེ་རྐུ་རབ་པའི་དམག་ཀོང་པོར་བརྩམས་ཚད་བུག །ལྟག་པར་གླང་ལོ་ཆོས་རྒྱལ་ཕོ་བྲང་དུ་དམག་བུག་ཚབས་ཆེ་བའི་ཁར་རིད་འཕྲང་དུ་ཀོང་པོས་སྦུབ། སྟོང་སྒྱེར་གྱི་བར་ཀོང་པོ་ལ་ཤོར། ཡང་དག་ས་སྟོད་དུ་སྡེ་འདུས་བསྒྲིགས་དགས་སྟོད་ཚང་མ་ཤོར་བ་སོགས་ཀྱིས། རྗེ་པདྨ་དཀར་པོ་བཀྲ་ཤིས་མཐོང་སྨོན་དུ་བཞུགས་པར། སྡེ་པ་ཀུན་དགའ་པ་རང་བྱོན། བྱ་བ་ཡབ་ཡུམ་བྱིས་ཞུ་ངོ་མཛད། ཙཱ་རི་སྤང་མོ་ཡང་ཆམ་པ་ཁོང་རས་བཟོས། ཙཱ་རི་མཆེད་པའང་འཕྲོ་བརྡུངས་ཀྱིས་ཉམ་ཐག་ནས་ཚོད་ཟིན་པར་གྱུར་ཏེ་ད་ལྟའི་བར་དུ་བདེ་བར་གྱུར་པ་ཡིན་ནོ། །དེ་ནས་ཙཱ་རི་ཚགས་སུ་བཅུག་ཙཱ་རིར་བྱོན་ཡུན་འགར་བཞུགས་བཀའ་བཅུ་པ་སྟག་དང་ཕྱིས་རེས་འཕེན་རམ་པ་སོགས་སྒྲུབ་པ་བ་རྣམས་དང་། འཕྱོང་རྒྱས་ནས་སྡེ་པ་ཆོས་རྗེའི་དྲུང་། གཡའ་བཟང་ཆོས་མཛད་གཞོན་པ་སོགས་ཆོས་དབང་གིས་རེ་བ་གང་བར་བྱས། ཅིག་ཅར་བདེན་ས་གྲ་འགྲིག་ཤུགས་ཆེ་ལ་གནས་ཟིན་པར་སོང་བས་ཐམས་ཅད་ཀྱིས་སྒྲོག་རུས་པ་ཆག་པས་གྱང་དུ་སོངས་ཞེས་བསྔགས་སོ། །རྐྱེན་དེ་ལྟ་བུ་ལ་བསྲུང་མ་བསྐུལ་བའི་ནུས་པ་ཅན་འདི་ལྟ་བུར་མེད་ན་གནས་སྐོར་ཚུད་པ་དཀའ་བར་མཐོང་བས་སྔོན་ཨ་ལྕེའི་ལུང་བསྟན་ལའང་ཡིད་ཆེས་སོ། །རྡོར་འཛིན་༼༡༣ན༢༥༽མཛད་བཞིན་པར་བྱ་ཡུལ་དུ་བྱོན་དུས་མིའི་དབང་པོ་མཚོ་སྐྱེས་རྡོ་རྗེས་གསུང་ཆོས་གསན་བཞེད་དེ་སྙན་དུ་ཕུལ་བར་དེ་འདྲ་མི་ཡོང་གསུང་། ཕྱག་གཡོག་པ་རྣམས་ཀྱིས་གནང་དགོས་ཚུལ་ཕུལ་བར། སྤྱིར་སྡེ་པ་འདི་ཀུན་སྐངས་རིན་པོ་ཆེ་ལྟ་བུ་ལ་འང་གཡོག་མཐོ་གིས་བརྙས་བཅོས་མཛད་པར་སྣང་། དགེར་སྒང་ངེད་རང་གི་སྐུ་མཆེད་འདི་གཉིས་སྐུ་ན་ཕྲ་བ་ནས་བརྩམས་ཏེ་ཞབས་ཏོག་ལ་འབུངས་པ་ཅིག་ཡིན་ཏེ། ངེད་རང་ཙཱ་རི་ནས་ཡུལ་ཐོན་པའི་དུས་ལེགས་པོ་གཏན་མ་མཛད། སྡུག་དུས་སུ་ཐུགས་རྗེས་འཛིན་མཁན་གོང་དཀར་ནས་སྡེ་སྲིད་རིན་པོ་ཆེ་སྲས་ཡུམ། འཕྱོང་རྒྱས་ནས་ཡུམ་དྲུང་རང་ཡིན་གསུང་སྡེ་པར་ཆོས་ཡེམ་ཕུལ། དོན་དམ་ཚིག་ལ་སེལ་ཞུགས་དོགས་པ་འདུག །གནས་སྐབས་བྱ་པར་སྐྱོན་པ་འདྲ་ཡང་ཕུགས་གཟིགས་པས་ཐུགས་བརྩེར་གདའོ། །དེ་ནས་དབུས་སུ་ཕེབས་ནས། ཡུམ་གྱི་བཀས་བསྐུལ་ནས་སྡེ་པ་ཧོར་བསོད་པའི་དྲུང་གིས་ཀྱང་གཏེར་མགོན་གྱི་དབང་གསན་ཟིལ་གཞན་དང་མི་འདྲ་བ་བྱུང་། བཤིབས་སྐྱིན་ཐུགས་དང་འཁྲུངས། ཕྱིས་སྡེ་པའི་བཀའ་ལས་བླ་མའི་དྲུང་ལ་ཨ་མ་དྲུང་པས་གསུང་ཆོས་གསན། དེད་ལ་ཞུས་རང་གསུང་བ་འདི་བྱ་བའི་ཞེན་རུས་ཡིན་བསམ་པ་ཤར་ནས་ཡུན་རིང་པོར་མ་ཞུས། ཕྱིས་བཀའ་བཞིན་ཞུས། དོན་ལ་བཅར་ན་བླ་མ་འདི་དང་སྤྲད་པ་གཅིག་བུའི་བཀའ་དྲིན་ཡང་ཁུར་མི་ཚུགས་པ་འདུག་གསུང་ཤིན་ཏུ་གུས། དེའི་སྟོབས་ཀྱིས་རྒྱལ་བུ་ལྕམ་སྲིད་ཀུན་གྱི་རྩ་བའི་བླ་མར་འཁུར། ཀརྨ་པ་རྣམས་རྗེ་མི་བསྐྱོད་རྡོ་རྗེ་འདིས་མཐུས་དཀྲོངས་དེའི་དབང་གིས་འབྲུག་པའི་མཐུ་བ་རྒྱ་བོ་ཟེར་གནག་གནག་རང་བྱེད་པ་ཞིག་འདུག་སྟེ། འདི་ནི་སྐྱེས་བུ་དམ་པ་སུ་ཡང་མནན་བསྲེག་བསད་དབྱེ་སོགས་ཀྱི་ཡུལ་མིན་གལ་ཏེ་ལས་སྦྱོར་དེ་དག་གི་མཚན་དང་ན་བཟའ་ལ་སོགས་པའི་དུམ་བུ་ཤོར་ན་དགོས་པའི་ལས་བུལ་མེད་དུ་གཏོང་བ་ཡིན་ཅེས་ཉིད་ལྟ་ཅི་གཞན་ལ་གདོམ་ན་སྐྱོན་གར་ཆགས། དེ་སྐད་ཟེར་བའི་རྒྱུ་ཡང་། རྗེ་དེ་མཚོ་དཀར་དུ་ཕེབས་པའི་དུས་བུད་མེད་བཟང་མོ་ཞིག་༼༡༣བ༢༦༽དང་། བན་མ་ཧོར་ལྟ་བུ་གཉིས་ཀྱིས་ཇ་ཐོད་བརྒལ་ཞིག་ཞུ་བ་ཐབ་ཏུ་སྐྱར་བས་ཁྲག་ཏུ་སོང་། དེ་གཉིས་གར་ཡང་མ་སྣང་། དེ་ནས་བསྙུན་གཞིས་དཔོན་སློབ་གྲོན་ཆད་མང་། དེའི་རྐྱེན་གྱིས་རྗེ་ཡང་གཤེགས་པར་འདུག །དེ་ནི་གནས་བསྲུང་གི་ཆོ་འཕྲུལ་དུ་ནི་ཀུན་རྩི་སྣང་། ལས་ཀྱི་སྦྱོར་བ་མཁན་གྱི་བྱས་པར་མི་འདུག །དེ་བཞིན་གྲོ་བོ་ལུང་ནས་ཆོས་རྗེ་དཔའ་བོའི་དྲུང་ཀོང་པོར་ཕེབས་པའི་ཚེ་སྒར་པ་དྲག་པ་མང་པོ་ཤི། རྗེ་རང་ལའང་འོད་མི་ཐང་བར་བསྙུན་མཛེ་ཐུ་བ་ཞིག་བྱུང་བྱས་པའི་དུས་སུའང་། འབྲུག་པའི་མཐུ་བ་རྒྱ་བོས་གཏང་དང་དུ་བརླུང་ཞོན་བཏང་བ་ཡིན་ཟེར། དེ་ཡང་དེ་ཉིད་ཀྱི་སྲས་མཁར་ལ་སོགས་པའི་ས་གཉན་སར་མཁར་ལས་དང་། བཤད་སྒྲུབ་གླིང་གི་རྟེན་ཆེན་ལ་རྒྱ་འདྲེ་གདུག་པ་ཅན་ཞུགས་འདུག་པ་བཏོན་པ་ཡིན་གསུང་ཞལ་ཚོ་མཛད་འདུག་བ་དེ་དག་གི་སྐྱོན་འདྲ་ཡི། འདིས་ནི་དེ་དག་ལ་མཐུ་བྱེད་པའི་རྒྱུ་ཡང་མི་སྣང་ངོ་། །གང་ནའང་འདི་ལ་སྨད་པའི་ལུགས་སུ་བྱས་དེ་སྐད་བསྒྲགས་པའོ། །བརྟགས་ན་རང་གི་བླ་མ་དེ་དག་ནུས་མཐུ་གཞན་ལས་ཆུང་བ། ལྷ་དང་ལྷར་མ་མཉམ། མི་དང་མིར་མ་མཉམ་པ་འདྲ་ཞིག་འདུག་པས་བླུན་པོའི་སྨད་པ་བསྟོད་རའི་དཔེ་གཙང་མའོ། །ཟིང་པོ་བརཏལ་མིས་རྗེ་པདྨ་དཀར་པོ་ལ་བརྙས་ཏེ་རུ་པ་ཕྱགས། ཇ་སྒྲུབ་པ་བརྡུངས་བྱས་དུས། བླ་མའི་སྐུ་དགྲ་དེ་ཁར་བཞག་པས་མི་འཐུས་དགོངས་དྲག་པོ་གཏོར་ཟེར་རོ་ཙམ་མཛད་པས། ཡུལ་དེར་རླུང་དམར་ཆེན་པོ་འཚུབས་ཤིང་། ཉི་མ་དགུང་ལ་མུན་རུབ། ཡུལ་དེའི་ཤིང་སྡོང་མང་པོ་འགྱེལ། ཁང་པའི་པུ་ཤུ་ནང་དུ་ལྷུང་པ་སོ་ལས་བྱུང་། གཡུ་འབྲུག་ཁོ་རང་ལིངྒའི་དབྱིབས་སུ་སོང་ནས་མྱུར་དུ་ཤི། ཤུལ་མི་ནང་འཛིངས། མཐུ་གྲགས་ཀོང་ལུད་པར་མི་ཤོང་བ་བྱུང་། མི་ཐམས་ད་བན་བཙུན་ལ་མ་བདོ་ཟེར་ནས་མཐོང་ཆེར་རེང་པས་བསྟན་པ་སྤྱིའི་ཞབས་ཏོག་ཏུ་སོང་ངོ་། །གཞན་ཡང་རིན་སྤུངས་པ་དཔོན་ཞང་ལ་རྗེ་པདྨ་དཀར་པོ་སྐུ་དྲིན་ཅན་ཡིན་ཀྱང་དྲིན་ལན་ལོག་འཇལ་དུ། རྒྱལ་བྱེད་༼༡༤ན༢༧༽ཚལ་ཐོར་ཞིག་དང་། དཔོན་སློབ་ཕྱོགས་གཏོགས་ལ་ཙ་ར་བརྡ་འདེད་བྱེད་རྒྱུ་བ་ཞིག་འདུག་པར། བཀྲ་ཤིས་མཐོང་སྨོན་དུ་བཞུགས་སྐབས་ལྕང་གླིང་པ་དང་། སྔགས་གྲྭ་སློབ་དཔོན་ཀུན་སྙིང་སོགས་ཀྱིས་གསོལ་ནས་ཆོས་སྐྱོང་རྦད་པའི་འགོ་བཙུགས། རིན་སྤུངས་སུ་ལྟས་ངན་པ་མང་དུ་བྱུང་སྣང་སྟེ་ནོན་ཆེས་པས་ཤོད་པ་འགགས། སྐུ་གཤེད་ཡོད་རིང་ལ་བརྐྱང་བསྐུམ་མ་མཛད་པས་སླར་ལྷ་རྩེ་ནས་བསྒྲུབས་པའི་གཏོར་མ་ཆེན་པོ་དང་ཁྱབ་མཇུག་གི་གདོང་ཟོར་ཉི་ཞུར་གྱི་དུས་འཕངས་པ་དེར་ཁྲོམ་ཐམས་ཅད་ཀྱིས་མངོན་སུམ་ལ་གཏོར་མ་གཉིས་ལས་མེ་འཐོན་སྒྲ་དང་བཅས་ཇེ་ཆེར་སོང་ནས་གཙང་ཕྱོགས་རྒྱུགས་པ་བྱུང་། རིན་སྤུངས་སུ་མཐུ་རྟགས་བྱུང་ཚུལ་ཀྱང་སྔ་མ་ནི་ཟླ་བ་བཅུ་གཉིས་པའི་ནང་དུ་གཞིས་ཁར་གཙོ་ཕོག །སྤྲིན་རཱ་ཧུ་ལའི་གཟུགས་སུ་སྣང་བ་ཤར་ནས་འོངས་ཏེ་འབྲུག་གློགས་སེར་བ་ཚད་མེད་བབས། བྱམས་ཆེན་པོ་ཏ་ལ་སྡིབ། དེ་ནས་བརྩམས་ཏེ་གཏོར་མ་སྐམ་པོ་ཐོག་ཏུ་བབས་པ། གནམ་རྡོ་ལྷུང་བ་སོགས་དང་། ཁྱད་པར་གཙོ་བབས་པས་བླ་ཤིང་དང་རིན་སྤུངས་མཚོ་ལྷའི་ལྷ་ཐོ་བསྲེགས། གཞི་ཁ་རང་གི་སྒྲོལ་མ་ལྷ་གཙོའི་མེས་བསྲེགས་པ་སོགས་རྟགས་བསམ་གྱིས་མི་ཁྱབ། རྟགས་དེ་བྱུང་བའི་ནུས་པ་ཁོ་རང་དཔོན་བློན་འཁྲུགས་གཙང་ཤོར། གཞིས་ཁ་རིན་སྤུངས་སུ་དེ་སྔ་དགྲའི་དམག་མཐོང་མ་མྱོང་བ་ལ་ཀོད་པ་ཚོང་པས་དངས་བསྟོད་བྱས་ཏེ་སྐོར་རྒྱག་ཚ་གྲུལ་ཅན་བྱས། ད་ལྟ་ལྷག་མེད་དུ་མ་གྱུར་ཙམ་མོ། །སྐུ་བསྲུང་པ་སྔགས་པ་རྡོ་རྗེ་ཟེར་བ་ཞིག་གིས་འབྲུག་པའི་མཐུ་བཟློག་འདྲ་ངས་ཁག་ཐེག་ཟེར་ཁ་ཚོ་བཏོན་པ་ལ་ཚིག་དེ་བསྟན་པ་སྤྱིར་བརྙས་པས་ཆེད་ཀྱིས་གཟིར་བས། དེ་ཉིད་ཀྱིས་གཏོར་མ་འཕངས་པ་ལོག་ལྟས་འགྱུར། ནད་ཤིན་ཏུ་པ་པོས་མནར་ཏེ་སྐད་ངན་འདོན་བཞིན་པར་ཤི་བར་འདུག །གཞན་སྡེ་སྲིད་དེ་པ་ཕྱ་གྲལ་གྲྭ་ས་གྲངས་མང་། སྐུ་རིམ་བཟང་། ཡང་ཐུགས་བསྣུབས་པ་སོགས་སྔགས་འཆང་བཟང་ལ་མང་བས་མཐུ་ཆེན་མིན་པས་གླགས་རྙེད་པའང་དཀའ། རིན་སྤུངས་༼༡༤བ༢༨༽པའི་མིང་མ་གཏོགས་དེའི་ནང་ཚན་འགའ་ལ་མཐུ་བྱུང་ན་གཡེང་མི་ཐོན་དེ་རང་ལ་གཟིར་དགོས། བབས་ན་ཆོས་པ་ཡིན་པས་མཐར་མི་སྐྱེལ་ལོ་གསུང་། སྔོན་གྱི་རྭ་ལོས་ཀྱང་མཐུ་རྟགས་འདི་ཙམ་བཏོན་པའི་སྐད་མི་སྣང་ངོ་། །གཞན་ཡང་བྱ་ཡུལ་དུ་བསམ་པ་ངན་པས་ཀུན་ནས་བླངས་ཏེ་སྦྱོར་བ་ངན་པ་བྱེད་པ་རྣམས་ལ་མགོ་བོར་གནམ་ལྕགས་འབབ་འགོ་ཚུགས། དེས་ན་རྗེ་གོང་མས་འདི་སྔགས་འཆང་དུ་བཀོད་པ་ནི་སྐུ་སྐྱེས་ཕྱི་མ་ལ་ཞབས་ཏོག་རླབས་པོ་ཆེར་དགོངས་པར་གདའོ། །ཤུན་དུ་དཔོན་ས་བདག་མོའི་དྲུང་དང་། སྐྱིད་ཤོད་ནས་དཔོན་ས་སྟག་ལུང་ནས་སྤྱན་དྲངས་བཀའ་ཆོས་ཀྱིས་ཐུགས་ཀྱི་རེ་བ་གང་། ཚལ་པའི་དགེ་འདུན་ལ་ཆོས་ཀྱི་སྦྱིན་པ་བཀྱེ། སྟག་ལུང་ཁྲི་རིན་པོ་ཆེའི་བླ་མར་གདན་འདྲེན་བྱུང་ཀྱང་ཕེབས་མ་ཐུབ་ལྷག་པར་གོང་དཀར་དུ་བྱོན། སྡེ་སྲིད་རིན་པོ་ཆེ། ཡུམ་དྲུང་། རྒྱ་རི་ནས་དཔོན་ས། གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་དང་བཅས་པར་འབྲུག་ལུགས་ཐེལ་ལུགས་ཀྱི་ཆོས་བཀའ་མཐའ་ཡས་པ་ཕུལ། གཞན་ཡང་གསེར་ཐོག་ནས་མཆེན། མངོན་དགའ་དབོན་པོ་སོགས་འབྲུག་པའི་གྲྭ་རིས་ཆོས་འཆད་རྣམས་དང་། དཔལ་ཀུན་བཟང་རྩེ་བ་ཡབ་སྲས་སོགས་རྩེའི་དཀོན་གཉེར་དཔོན་རྣམས་དང་། སྡེ་པ་ཤག་པ་ལྷ་ཐོངས་པ་ཞལ་ངོ་སོགས་དྲུང་སྐོར། ར་བ་སྨད་པའི་སློབ་དཔོན་པའི་དྲུང་དང་དགེ་འདུན་སོགས་ཆོས་ཀྱིས་ཚིམ་པར་མཛད། ཐངས་གསུམ་བཞི་ཙམ་ཕེབས། ར་ལུང་དུ་དབོན་རིན་པོ་ཆེར་སྒྲུབ་ཐབས་རྒྱ་མཚོ་སོགས་ཕུལ། ཡུམ་ཆེ་ཆུང་གཉིས། སྲས་དང་བཅས་པའི་བླ་མར་བསྐུར། དབོན་རིན་པོ་ཆེ་རང་ལ་འབྲུག་སྐོར་གྱི་ཕྱག་བཞེས་གལ་ཆེ་ཚད་གནང་ངོ་། །དེ་དུས་པ་སྣམ་དུ་རྗེ་པདྨ་དཀར་པོས་ཤོག་ཕེབས་པ་ལྟར་འབྱོན་ཞོར་རྒྱང་མཁར་རྩེར་ཡུམ་དྲུང་མངའ་བདག་རྒྱལ་མོ། སྡེ་པ་རྣམ་པར་རྒྱལ་བ། དཔོན་ས་བྱང་ནས་སོགས་ལ་དབང་ལེགས་པར་ཕུལ། སྡེ་པ་མ་ནས་བཞུགས་གདན་མཉམ་མཉམ་ཇ་སྣ་གཏོད་པ་སོགས་བཀུར་མཐོང་ཆེ་བར་བྱུང་། བློ་བདེ་རྩེ་ཆེན་ནས་ཞབས་ཏོག །འབྲོང་རྩེར་སྡེ་པ་སྐུ་སྐྱེར་ཆོས་༼༡༥ན༢༩༽དབང་། པ་སྣམ་དུ་རྗེའི་ཕྱག་ཕྱིར་མཚན་ཉིད་གྲྭ་ཚང་གཉིས་སྔགས་གྲྭ་ཅོ་གྲྭ་དང་བཅས་བཞུགས་པའི་དགེ་འདུན་བརྒྱ་ཙམ་གྱིས་བསུ་བ་གསེར་སྦྲེང་དང་བཅས་འདུག །ཕེབས་ནས་གཅུང་རིན་པོ་ཆེའི་སྤྲུལ་སྐུ། ལས་བསྟོད་བྱང་ནས་རྗེ་བཙུན་དྲུང་། ཆོས་སྡེ་དགའ་གདོད་མཁན་པོ་ཆོས་རྗེ་རབ་བརྟན་པ། སྔགས་གྲྭ་སློབ་དཔོན་ངག་དབང་བློ་གྲོས། མཚན་ཉིད་སློབ་དཔོན་ཤེད་ལེགས་པ། ཅོག་གྲྭ་བླ་མ་བཀའ་བཅུ་པ་དབང་ཕྱུག་དཔལ་ལྡན། དེ་བའི་ཁྲོད་ན་ཕུག་ནས་རིན་ཆེན་དཔལ་བཟང་། གྲོང་ནག་ས་མཛད་སོགས་མདོ་སྔགས་ལ་མཁྱེན་པ་ཅན་མང་དུ་བཞུགས་པ་རྣམས་ཀྱིས་གཙོས་དགེ་འདུན་བདུན་བརྒྱ་ཙམ་ལ་ཆོས་སྐྱོང་གི་རྗེས་གནང་སོགས་འདོད་ཆོས་ཀྱིས་རེ་བ་བསྐང་། རྗེ་བྱ་ཡུལ་དུ་ཐེགས་ནས་རྒྱལ་བྱེད་ཚལ་དུ་རྒྱུན་རྐྱད་པ་བཞུགས། རིམ་གྱིས་གོང་དཀར་ཞབས་དྲུང་འབྱོར། དེ་དུས་རྒྱལ་ནས་ཐམས་ཅད་མཁྱེན་པ་དེར་ཕེབས་པ་དང་མཇལ། བཀའ་ལས་ཆོས་སྐྱོང་གི་སྐོར་ལ་དོགས་གཅོད་ཞུ་དགོས་ཡོང་གསུང་བ། དྲུང་པ་ལྷ་བཙུན་པས་ཕྱག་འབུལ་ལ་བྱོན་ཆོས་སྐྱོང་སྐོར་གསན་རྒྱུའི་སྙན་གསན་ཕུལ་བྱུང་། འཕྱོང་རྒྱ་སོགས་སུ་ཕེབས། གཞན་ཡང་སྡེ་བ་དྲུང་གི་སྤྱན་དྲངས། སྡེ་པ་སྐུ་མཆེད། མེ་རག་མདོ་ནས་ཆོས་རྗེ་སྐུ་སྐྱེ་སོགས་ལྷོ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། ལམ་དུ་སྡེ་པ་ཡུགས་ནས་རླུང་ཇོ་ཡེས་ཀྱི་དབོན་ཚང་མཁྱེན་པ་ཡངས་པ་ཆོས་པ་རབ་གཅིག་དང་མཉམ་གསུང་ཤིན་དགྱེས། སྔ་ཕྱིར་གཞི་ཁ་གྲི་གུར་ཕེབས་པའི་སྦྱིན་བདག་སྔ་མ་སྡེ་པ་དཔལ་ལྡན་བཀྲ་ཤིས་ཀྱི་གནས་བཅུ། ཉིད་ཀྱི་སྐུ་བརྙན་རྣམས་ཀྱི་རབ་གནས་གསུང་ཆོས་གསན་ཡུན་ཡང་རིང་བར་བཞུགས། ཕྱིས་སྡེ་པ་ནོར་བུའི་དྲུང་ཡབ་སྲས་ཀྱིས་གུས་པ་གཞན་དང་རིམ་འདྲ་མཛད་ཕྱག་ཏུ་ཅི་དགོས་ཐམས་ཅད་དེ་ནས་འབུལ་བས། བཀའ་ལས་ངེད་རང་ལ་ཟང་ཟིང་གི་ནོར་དགོས་ཚད་བླངས་ཆོག་པ་སྡེ་པ་རིན་པོ་ཆེ་གྲི་གུ་ནས་ཡིན། དེ་དག་གི་སྐུ་རིམ་མ་བྱས་ན་མི་ཡོང་ཕེབས་རྒྱུན་བརྟན་གྱི་བསྲུང་འཁོར། ཆོས་སྐྱོང་ལ་༼༡༥བ༣༠༽ལེགས་པའི་མདོངས་སོལ་མཛད་སྣང་། སྡེ་པ་ཆོས་རྗེ་བློ་གྲོས་པད་དཀར་བ་ལ་ཐུགས་རབ་ཆེ་བས་ངེད་རང་གི་སློབ་མ་དྲག་ཤོས་རང་དུ་ཡོད། ད་སྡེ་པས་གཞི་ཁའི་འཁུར་འདི་བཞེས་པ་ཙཱ་རི་ལྟ་བུའི་བླ་མ་ཞིག་མཛད་ན་གསུང་། ངེད་རང་ལ་ཁོང་སྐུ་མཆེད་པས་ཞབས་ཏོག་མྱུར་བ་མེད་ཅེས་ཡང་ཡང་གསུང་། གཞན་ཡང་སྡེ་པ་ཀ་བཞི་པའི་ཆོས་མཛད་ལ་ཡང་ཐུགས་ཞི་དུལ་ཆེ་གསུང་མཉེས་མཉེས་མཛད་གདམ་ངག་ཀྱང་ལེགས་པར་གནང་། ཕྱིས་ཙཱ་རི་གདན་ས་བསྐོ་བཞག་གི་འོས་ཀྱང་ཁོང་གཉིས་དད་ལྕང་གླིང་རོལ་པའི་རྡོ་རྗེ་ལ་མཛད། གཞན་ཆོས་རྗེ་ཀུན་དགའ་ལེགས་པའི་སྐུ་ཚ། རཏྣ་གླིང་པའི་དབོན་རིན་ཆེན་རྒྱན་མཆོག །དར་ལུང་སྐུ་སྐྱེས་སོགས་ཐམས་ཅད་ལ་ཐུགས་རྩིས་ཆེ། དེ་ལྟར་ཙཱ་རིར་ལོ་ཉི་ཤུ་རྩ་ལྔ་ཙམ་རྡོར་འཛིན་དུ་བཞུགས་དེའི་རིང་ལ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་མི་ཚད་ལས་ཆེ་བ་གསེར་ཟངས་ཀྱིས་བཞེངས། དེ་ལ་ཆོས་རྫས། དཀར་མེའི་འབྲི་གནག་ལྟོས་ཆེ་བ་སྦྱར། དེ་དུས་རྐྱེན་ནས་ནང་སོ་ཕྱག་མཛོད་པ་སོགས་ཡོན་བདག་ལྟོས་ཆེ་བ་ཚོགས་ཚུར་འབུལ་བ། ཕར་བཀའ་དབང་རབ་སྟོན་སོགས་མི་འགུ་ལྷ་འགུ་མཛད། དེ་ནས་རྗེ་དབུས་སུ་བཞུགས་པའི་སེང་ལ་གཞི་པ་ཆང་གིས་མྱོས་བཅའ་ག་མ་བྱས་པས་གཟིམས་ཁང་མེས་ཚིག་ཀྱང་འཕྲིན་ལས་ཆེ་བས་སྔར་ལས་ཆེས་བཟང་བའི་རྟེན་མཆོད་ཐབ་ཆས་གདན་ཆ་སོགས་ལྷག་པ་དེར་བསྐྱལ། ཞིག་གསོས་ཀྱང་སྔར་བས་ལེགས་པ་བཟོས། དེ་ནས་ཐོགས་ཤིག་བཞུགས་ཏེ་གནས་འདི་གྱོང་བས་རྒས་ནས་རང་སྡོད་པའི་ཡུལ་དུ་མི་འདུག་གསུང་དགོངས་ཀྱང་དེ་ལྟར་དགོངས་ནས་རྗེ་པདྨ་དཀར་པོ་དང་བཀའ་བགྲོས། ལྕང་གླིང་པ་གདན་སར་བཀོད། འབོགས་དང་གནང་སྦྱིན་ཆེ་བའི་ཚད་མཛད། རྗེ་རང་བྱ་ཡུལ་ནས་དབུས་ཕྱོགས་བྱོན། དེ་རྗེས་རྗེ་འབྲུག་པ་རིན་པོ་ཆེའི་སྐུ་གསེར་ཟངས་ལས་གྲུབ་པ་མི་ཚད་ལྷག་པ་གཅིག་སྡེ་པ་གྲི་གུ་ནས་ཆོས་རྗེས་ཕྱག་གཡོག་ཞལ་བཀོད། བཟོ་བའི་མི་ཁོ་ཆ་ཀུན་སྟབས་རྒྱུ་རིན་པོ་ཆེ་རང་གི་ཕྱག་ནས་བསྒྲུབས། དེ་དང་བྱར་དུ་རྟ་མགྲིན་དང་ཕྱག་རྡོར་གྱི་ལུགས་སྐུ་ཁྲུ་རེ་མ་བཟོས་དེ་ཡང་༼༡༦ན༣༡༽གནས་ཀྱི་ཕག་མོ་ལྷ་ཁང་དུ་བཞུགས་སུ་བཅུག །དེ་དག་ལ་ཡང་མཆོད་རྫས་ལེགས་པར་གནང་། མདོར་ན་འཕྲལ་གྱི་ཕྱག་རྫས་ལ་དད་པ་ཅན་གྱིས་ཕུལ་བ་ཡིན་གསུང་བཅའ་ག་མཛད། ནོར་ལ་སྙིང་པོ་ལན་དགོས་པ་ཡིན་གསུང་ཐམས་ཅད་དགེ་བ་ལ་གཏོང་འཛིན་ཆགས་ཡེ་མི་མདའ། ཕྲལ་དུ་སྐུ་འཁོར་བ་ལ་ཨ་ཙི་རེ་ལ་ཡང་རྩད་གཅོད་དོས་དྲག་མཛད། གནས་འཛིན་དུས་སོགས་གཉེར་པ་སྔ་ཕྱིས་ནས་ཁལ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཁུངས་མེད་དུ་བཏང་ཚར་བ་གསན་ནས་ཐབས་མེད་གསུང་ཆེར་མི་སྐྱོན། དེ་ཡང་མི་གཞན་མས་ཧ་ཆེ་བ་བྱེད་སྣང་སྟེ། དགོངས་པ་ཆུང་ངུ་ལ་ལབས་པས་སྐུ་འཁྲིས་པ་རྣམས་ཀྱིས་འཛེམས་ནས་རྒྱུད་ཆུད་མི་ཟ། ཆེན་པོར་སོང་ནས་དཀོར་གྱིས་གཟི་བ་ཡིན་བློ་ལད་ནས་སྲོལ་དུ་འཇུག་མི་ཐུག་པས་གྱོད་མི་བརྡལ། བརྡལ་ཀྱང་དེ་དག་ལ་ཕྱིར་འདབ་རྒྱུ་མེད་དགོངས་པར་འདུག་པས་མཛད་པ་ཤིན་ཏུ་ལེགས་པར་མཐོང་། གཞན་ཆོས་རྒྱལ་བྱ་བའི་རྒྱལ་བུ་མཆེད། དཔོན་ས་རྣམ་གསུམ་གྱིས་ཀྱང་བླ་མར་འཁུར་གུས་བཏུད་ཕུལ་དུ་བྱུང་བར་མཛད་དོ། །དགུང་ལོ་བདུན་ཅུ་རྩ་དྲུག་ཙམ་ལ་སྐུ་ཚེའི་བར་ཆད་གཟིགས། ད་ཚེ་མཐར་ཕྱིན་དེས་ཆོག་གསུང་བ་དང་། ལྷག་པར་བཀྲ་ཤིས་མཐོང་སྨོན་དུ་འབོགས་ཀོང་པས་བྱེད་ལུགས་རིགས་མི་མཐུན་པར་བྱས་པས་ཐུགས་སྐྱོ་བའི་རྣམ་འགྱུར་དུ་འདུག་པས། བདག་སོགས་གདུལ་བྱར་གྱུར་པ་རྣམས་ཀྱིས་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་པར་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོ་བརྫངས་པས་གསོལ་བ་ཐེབས་ཏེ་རྟེན་འབྲེལ་ལེགས་པར་བསྒྲིགས་པས་ལོ་ཤས་ཚེལ་བར་ཆད་མི་འབྱུང་བའི་ལུང་བསྟན་ཐོབ་གསུང་བ་ལྟར་དོན་ལ་གནས་པ་འདིའོ། །དེ་ལྟར་ཞི་བའི་འཕྲིན་ལས་ཀྱི་སྒོ་ནས་གཞན་ལ་བྱིན་གྱིས་བརླབས་པས་ནད་ཞི། གདོན་གྱི་གནོད་པ་དང་། སྨྱོ་བ་དང་འབོག་པ་ཐམས་ཅད་མོད་ལ་ཞི་བར་འགྱུར་བ་དང་། དབང་གི་འཕྲིན་ལས་ཀྱིས་ཆེན་པོ་ཐམས་ཅད་དབང་དུ་འདུས། གང་བཞེད་པ་༼༡༦བ༣༢༽འཕྲལ་འཕྲའ་ཡིད་ལ་མེད་པར་སྐུ་དྲུང་དུ་འོང་བ་དང་། དྲག་པོའི་འཕྲིན་ལས་སྔགས་ཆུང་འཁོར་ལོ་རྫས་ལ་སྐྱབས་མཐུ་ལྟས་ཀྱི་དགུག་དོད་པ་རྣམས་དང་མི་འདྲ་བར། གང་ལ་སྡིགས་པ་ཏིང་ངེ་འཛིན་གྱིས་སྒྲོལ་བ་དང་། དེ་ཡང་དེ་དག་ངན་འགྲོར་གཞོལ་བའི་ལམ་འགགས་ནས་ཐར་པར་འདྲེན་ནུས་པ་ཡིན་ནོ། །རྒྱས་པའི་འཕྲིན་ལས་ནི། ཆོས་ཀྱི་འཕྲིན་ལས་ཆོས་དར་བ་སྔར་བསྙད་པ་དང་། བྱ་ཡུལ་དུ་སྐུ་བསྲུང་བ་ཆེན་པོ་ཚེ་བདག་བཀྲ་ཤིས། གླིང་སྟོད་ནས་ཆེན་པོ་ནོར་བུ་རིན་ཆེན་སློབ་དཔོན་ཆེན་པོ་རིག་འཛིན་པའམ། བྱར་སྟོན་ཆོས་ཀྱི་དཔལ་བཟང་། འབྲུག་པ་ལོ་ཆེན། ཅོ་གྲྭ་ཀུན་སྤངས། སྔགས་གྲྭ་བླ་མ་ཀུན་སྙིང་། རྡོ་རྗེ་གླིང་གདན་ས་པ། ལྷ་རྩེ་གདན་ས་པ་སྔ་ཕྱི། གསལ་རྗེ། སྟག་རྩེ་བའི་བླ་མ། ཡང་རྩེའི་འཆད་ཉན་གཉལ་རོང་པཎ་ཆེན་སོགས་ལྷོ་རྒྱུད། རྗེའི་ཕྱག་ཕྱིར། ཆོས་རྗེ་སྐུ་སྐྱེ་བསོད་ནམས་ཚུལ་ཁྲིམས་བཀའ་ཆོས་ཀྱིས་ཚིམ་པར་མཛད་དེ་གནས་སུ་རྡོ་རྗེ་འཛིན་པར་བཀོད་པ་དང་། རྟ་སྡིང་ནས་དབོན་པོ། ལྟག་པར་ལས་སྟོང་རི་བོ་ཆེ་ནས་གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་པའི་དབོན། དེ་ཉིད་ཀྱི་སྤྲུལ་པར་པདྨ་དཀར་པོའི་མཚན་ལམ་དུ་བྱུང་བ། སྣ་ཕུ་ནས་ཆོས་རྗེ། ཅོག་གྲྭ་གསར་པའི་བླ་མ་སོགས་ཆེ་གཉན་གྱི་འདུས་པ་ལ། ཆོས་དང་གདམས་ངག་གང་ལ་གང་འོས་གནང་བས་དཔལ་ལྡན་འབྲུག་པའི་བསྟན་པ་དབྱར་གྱི་མཚོ་ལྟ་བུར་ཉིན་རེ་ལས་ཀྱང་ཉིན་རེར་འཕེལ་བར་གྱུར་པ་དང་། བྱང་ནས་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱས་པས་གདན་འདྲེན་བྱུང་ཀྱང་སྐུ་ན་སྨིན་པས་འབྱོན་མ་ཐུབ། གོང་དཀར་ནས་སྡེ་སྲིད་རིན་པོ་ཆེའི་ཕྱག་ཐམ། འཕྱོང་རྒྱས་ནས་སྤྱན་འདྲེན་ཡང་ཡང་བྱུང་ཀྱང་རེ་ཞིག་རྗེ་དེ་པདྨ་དཀར་པོའི་སྐུའི་རིམ་འགྲོ་བར་བཞུགས། མང་དུ་བརྗོད་པས་ཅི་བྱ། གང་གི་སྙན་གྲགས་སྲིད་པའི་རིང་ཁྱབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་པ་འདིའོ། །འདི་སྐད་ཅེས། གང་གི་ཞབས་སྐྱེས་ཞིག་ན་ཆེན་པོའི་༼༡༧ན༣༣༽ཚོགས། །རལ་པའི་རྒྱན་ལ་ཧབ་ཤར་བྱེད་འདུག་སྙམ། །འཕྲིན་ལས་རྣམ་བཞིའི་མེ་ཏོག་དེར་འབར་བ། །སྔོན་བྱོན་དགའ་བའི་ཚལ་ལ་ཞུམ་པ་སྦྱིན། །སློབ་མའི་མཚོ་ཆེན་བཅས་པའང་ཕལ་འདི་ལ། །བྱིན་རླབས་ཡིད་བཞིན་ནོར་བུ་མང་མཆིས་སྙམ། །བློ་གསལ་སྐལ་བཟང་གདེངས་ཅན་ཁྱོད་མདུན་དུ། །ལེགས་བཤད་བསམ་འཕེལ་ཞུ་ལ་བསམ་ཀྱིན་དུངས། དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་འདི་སྔགས་གྲྭ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། རྗེ་ཉིད་ཀྱི་ཞལ་སློབ་ལྷ་རྩེ་གདན་ས་པ་ངག་དབང་བཟང་པོས་བསྐུལ་བའི་ངོར། དགེ་སློང་དམ་པ་པདྨ་དཀར་པོས་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །། | ༼༡བ༢༽རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་ཐར་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ། རྡོ་རྗེ་འཛིན་པ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གཟིགས་མིག་པོ་ཆེ་དེས་འཁོར་བའི་ཕ་མཐའ་བཅད་བྱས་ཤིང་། ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་བཟང་པོས་ཞི་བའི་ས་ལ་ཚུར་དྲངས་པས། བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་ཤུགས་ནམ་མཁའ་ཇི་སྲིད་མི་ཆད་པའི། དཔལ་ལྡན་གྲུབ་པ་མཆོག་གི་འབྱོན་ཁུངས་ས་ལ་འབྲུག་པའི་བཀའ་བརྒྱུད་དོ། །གང་གི་ཆོས་ཀྱི་གདངས་མཆོག་གིས། ཀུན་གྱི་སྤྱི་བོའི་མགོན་འོས་པོ། འཇམ་ལེགས་མནྡྷ་ར་ཡི་དཔལ། དད་ལྡན་མཐོ་རིས་ཚལ་དུ་འཁྲུངས། ཨེ་མ་མཐུ་སྟོབས་ཀྱིས་ཁེངས་པ། གཞན་སྡེ་དཔུང་པ་པད་སྣ་ལ་ལྟར། ཕྲ་བྱེད་འདི་ཀ་ས་གཞི་ལ། རྡོ་རྗེ་འཛིན་འོངས་མིན་ན་སུ། ཡང་དག་ལམ་ལ་དགའ་བའི་བཤེས། ཕན་བདེ་ཀུན་གྱི་གཉེན་བཟང་པོ། གང་ལ་བསྟོད་ནས་དེའི་ངོ་མཚར། མོས་པས་བཟོད་ཙམ་འདིར་བསྙད་དོ། །ཡོན་གནས་དམ་པ་རྣམས་ནི་རང་གི་ཡོན་ཏན་ཇི་ལྟ་བ་གཞན་གྱི་ངོར་མངོན་སུམ་དུ་འབྱིན་པར་མི་མཛད་ཅིང་། ཇི་ཙམ་གྱི་གདུལ་བྱ་མོས་ཤིང་མགུ་བར་འགྱུར་བ་དེ་ཙམ་ཞིག་དེ་དག་ལ་སྟོན་ནོ་ཞེས་ཐོས་ཀྱི། དཔལ་འབྲུག་པའི་འཕྲིན་ལས་ཀྱི་བ་དན་ས་གསུམ་དུ་སྐྱོང་བ་མཐུ་སྟོབས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་འདི་ཡང་དེ་ལྟ་བས་ན། དེའི་སྤྱོད་པའི་ཚུལ་མདོ་ཙམ་གླེང་ངོ་། །དེ་ཡང་། དཔལ་ལྷ་མོ་རེ་མ་ཏིས། འདི་ནི་བླ་མ་ཆེན་པོ་བསམ་རྒྱལ་ཁ་ཆེ་༼༢ན༣༽ཞེས་པ་ཡར་འབྲོག་སྟག་ལུང་གི་ཕུར་བོན་ཡར་མེ་བ་ཞེས་པའི་གདན་ས་དེ་ཁའི་སྤྲུལ་པར་གྲགས་པ་སྒྲུབ་བོན་མཁས་ལ་མཐུ་ཆེ་བ་ཞིག །སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། ར་ལུང་པའི་ཆོས་རྗེ་འཇམ་དབྱངས་ཀུན་དགའ་སེང་གེའི་ཞབས་ལ་གཏུགས་པས་བཀའ་གསར་མའི་མན་ངག་གི་གླེགས་བམ་ཆེན་པོ། དཔལ་འབྲུག་པའི་བསྟན་པ་འཛིན་པ་ལ་ཆོས་དཔའ་བ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་མི་དང་མི་ལབ་པ་ལྟ་བུར་མཛད་པ་མཐུ་སྟོབས་ཀྱི་གར་བུ་ཞིག་གོ། །དེ་ནས་སྐྱེ་བ་བདུན་པ་འདིའི་བར་དུ་ཆོས་སྐྱོང་ཆེན་པོ་དེས་མངོན་སུམ་དུ་རྗེས་སུ་གཟུང་བ་ཤ་སྟག་ཡིན་པས། འདིའི་ནུས་པ་གཞན་གྱིས་བཟོད་པར་དཀའོ་ཞེས་བདག་གི་ཡོངས་སུ་འཛིན་པ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ལུང་བསྟན་པའི་དུས། རྗེ་བླ་མས་ཀྱང་དེ་དེ་བཞིན་ནོ་ཞེས་བསྔགས་པས། འཁྲུལ་པ་མེད་པའི་ཕྱིར་ཡིད་ཆེས་པ་ཐམས་ཅད་ཀྱི་རྩེ་མོའོ། །སྐྱེ་དང་སྐྱེ་བར་དམ་པའི་མགོན་རྙེད་པས། ཕུལ་ཕྱིན་སྤྱངས་པ་བྱས་ཏེ་མཐར་འབྱིན་ལ། སྲིད་མཚོར་དད་པའི་རྒྱལ་པོ་རྣམས་བཞིན་དུ། འཇུག་པར་སྤྲོ་འདི་ཡོན་ཏན་ལ་སྲེད་པ། འདིར་སྲིད་ཇི་ལྟར་གཟུང་བའི་ཚུལ་ནི། ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཆོས་ཀྱི་རྒྱལ་པོ་བྱ་བ་ནང་སོའི་ཆིབ་འོག །དཔལ་ཙ་རི་ཏྲའམ་ཧི་མ་ལ་ཡ། སྔོན་གྱི་ལོ་ཙ་བ་ས་ཡི་གེ་བསྣན་ཏེ་ལྷའི་གངས་ལྡན་ཞེས་བསྒྱུར་བ་ཡུལ་ཆེན་པོ་ཉི་ཤུ་རྩ་བཞིའི་གྱ་བ་དེའི་ལྷོ་སྒོ། མདོ་སྡེ་ཕལ་པོ་ཆེ་ནས། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བེའུར་ཞེས་པར་ཀླུས་བསྐྲུན་པའི་ཐུབ་པ་འབྱུང་ངོ་ཞེས་གསལ་བར་ལུང་བསྟན་པ་བེའུ་ཁ་ལ་སོགས་པའི་གཙུག་ལག་ཁང་དུ་མ་གནས་པ། སྤྱིར་བྱར་ཞེས་པ། གངས་དང་སྨན་གྱི་རི་ལྗོངས་ཉམས་དགའ་བ་ནགས་ཚལ་གྱི་འཕྲེང་བས་བརྒྱན་པ། ཕྱུགས་དང་ཕྱུགས་ལྷས་ཀྱིས་རི་བོའི་སུལ་གང་བ། འབྱོར་ལྡན་གྱི་གྲོང་བཀོད་ལེགས་སུ་སྦྲེངས་པ་༼༢བ༤༽བཟའ་ཤིང་གི་ར་བས་ཁྱབ་པ། འདོད་དགུའི་ཟོང་འགྲིམ་པའི་ལམ་སྲང་ཡངས་པོ། དགའ་བའི་ལོངས་སྤྱོད་ཀྱིས་སྐྱིད་པའི་གནས་སུ་བྱས་པ། བྱེ་བྲག་སྐྱིད་ཕུག་ཅེས་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པས་ཞབས་ཀྱི་པདྨོ་བཀོད་པའི་སྒྲུབ་གནས། མིང་ཇི་ལྟ་བ་དབེན་ཞིང་ཉམས་དགའ་བ། བཀྲ་ཤིས་པ་གཡང་ཆགས་པའི་མངའ་ཞེས་སྟེང་ཞེས་བྱ་བའི་སའི་ཆར་རོ། །གངས་ལྡན་རི་བོའི་ཁོར་ཡུག་དོགས་དང་སུལ། སྨན་ལྗོངས་ནགས་ཀླུང་ལྷ་ཡི་ཚལ་ལྟ་བུ། ཕུན་ཚོགས་འབྱོར་པ་འཛོམ་པའི་ཡུལ་དེ་ཡང་། བསོད་ནམས་ལས་ཀྱི་འདུ་བྱེད་ཁོ་ནས་བསྒྲུབས། ཡུལ་དེར་རྣམ་ཐོས་བུའི་འབྱོར་པ་ལ་འགྲན་བཟོད་པ། གཏོང་ཕོད་ཆེ་ལ་འཛངས་ཤིང་ཡིད་གཞུངས་པས་ཆོས་ཀྱི་རྒྱལ་པོ་དེའི་དྲུང་འཁོར་དྲ་མར་གཏོགས་པའི་ཁྱིམ་བདག་ལེགས་པ་དབང་ཕྱུག །རོང་སྟོན་ཆེན་པོའི་རྒྱལ་ཚབ་དགས་པོ་བཀྲ་ཤིས་རྣམ་རྒྱལ། ཀརྨ་འཕྲིན་ལས་པར་གྲགས་པ་གཉིས་ཀྱི་དབོན་མོ་སྐྱེར་མོ་དཔལ་སྒྲོན་ཞེས་བྱ་བའི་སྲས་སུ་སྲིང་ལྔའི་ཐུ་བོར་བྱོན་ཏེ་ལྷུམས་སུ་ཞུགས་པའི་དུས་ཡུམ་ལ་བུ་མོ་རྒྱན་གོས་བཟང་པོས་སྤྲད་པ་མང་པོས་ལྷའི་ཕྱག་མཚན་དུ་མ་སྤྲོད་པ་ཚགས་བྱས་པའི་རྨི་ལམ་བྱུང་། དེ་ནས་དགུང་ལོ་ཉེར་བ་ན། འཕགས་པ་སྤྱན་རས་གཟིགས་ཉི་འོག་ལྷོའི་ཕྱོགས་དེ་པའི་གོང་མ་ཆེན་པོར་འཁྲུངས་པ། དཔལ་ནཱ་རོ་པའི་སྤྲུལ་པའི་སྐུ་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ཡུལ་དེར་བྱོན་པ་མཇལ། དེ་ནི། སྔོན་རབས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པས། ཞལ་མཇལ་བའི་མོད་ལམ་མདུན་དུ་རྒྱུག་པ་ལྟ་བུར་དགའ་ལ། རྗེའི་བརྩེ་བའི་གཟིགས་པའང་འདིའི་ཕྱོགས་སུ་ལྷུང་ནས། ཕལ་བུ་འདི་ལ་གཅེས་སྤྲས་སུ་གྱིས་ཤིག་ཅེས་དང་། ལྷག་པར་ཆོས་སྐྱོང་ལ་བཀའ་བསྒོ་མཛད་དེ་བར་ཆད་ལས་བསྲུངས་སོ། །བཅུ་གསུམ་པ་ལ་ཕྱ་བའི་སློབ་མ་གཉལ་པ་རིན་ཆེན་སེང་གེར་གྲགས་པ་དེའི་དགོན་པ་ཁར་པོ་གོ་ཡུལ་དུ། བླ་མ་རྣམ་གྲོལ་བཞེས་པ་ཅིག་ལ་ཀློག་ཡིག་བསླབས། བཅུ་བདུན་པ་ལ་ཆོས་ཀྱི་རྒྱལ་པོའི་ཕྱག་ཕྱི་ཞུས། མཆོད་བཤོམ་པའི་ལས་ཚན་གཟུང་། ངང་ཚུལ་༼༣ན༥༽འཇམ་དང་ངུལ་བས་ཀུན་སྨོན་པར་བྱས། དེ་ཡང་འདི་སྐད་དུ། པདྨའི་མཚོ་ལས་འདབ་བརྒྱའི་འཕྲེང་བ་དང་། ལེགས་བྱས་སྨིན་དོར་སྐྱེས་བུའི་མྱུ་གུ་འདི། །ས་ལ་ལེགས་བཤད་ཟིལ་དངར་ཞིམ་པོའི་ཚོགས། མི་ཟད་སྤེལ་བའི་དཔྱིད་ཀྱི་ཕོ་ཉར་བྱུང་། །ངེས་ལེགས་དཔལ་གྱི་དགའ་ཆར་མྱུར་འབབ་སྙམ། རིགས་སད་ངོ་མཚར་ཆུ་སྐྱེས་ཀུན་འཛུམ་པའི། །བསྔགས་འོས་དྲི་བཟང་ཀུན་གྱི་གཏེར་བརྡོལ་བས། །དཔྱོད་ལྡན་ཡིད་ཀྱི་བུང་བ་བྲེལ་བར་བྱས། ཉེར་གཅིག་པའི་དུས་སུ། །རྗེ་དེའི་ཞལ་སྔ་ནས་ཁྱོད་སྐྱེ་བ་མང་པོར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པས་རྗེས་སུ་གཟུང་ཞིང་དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན་ཡིན་པས་རབ་ཏུ་བྱུང་ཞིག་ཅེས་བཀའ་སྩལ་པ་ལྟར་དེ་ཉིད་ཀྱི་དྲུང་དུ་སྐྲ་ཕུད་ཕུལ། ཆོས་ཀྱི་མགོན་པོ་འཇམ་དཔལ་རྡོ་རྗེ་དགའ་བའི་བཤེས་གཉེན་དུ་མཚན་གསོལ། དགེ་བསྙེན་གྱི་བསླབ་པ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་མའི་དབང་བཞི་རྫོགས་དང་། ཆོས་སྐྱོང་ཕྱག་བཞི་པའི་དབང་། རྗེས་གནང་སོགས་བསྩལ་ནས། རིག་པ་འཛིན་པའི་སྡོམ་པ་གསོལ་བཏབ་སྟེ། དུས་ཐོག་དེ་ལ་རིག་སྔགས་འཆང་བ་ལ་འགྲན་ཟླ་མེད་པ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་མན་ངག་གི་བུམ་པ། དྲག་སྔགས་ཀྱི་ཚོགས་ཐམས་ཅད་ཀྱིས་ཐུགས་ཀྱི་དབང་པོ་བརྟས་པ། མིའི་དབང་ཕྱུག་ནེའུ་སྐུ་བསྲུང་བ་རྒྱལ་མཚན་ལྷུན་གྲུབ། ཡུལ་གཙང་ཕྱོགས་ན་བླ་མ་ཀོང་ཆུང་དུ་གྲགས་པ། རྒྱལ་དབང་རྗེའི་ཞལ་སློབ་དེ་ལ། རྗེས་འདི་ལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་གཙོ་བོར་བྱས་པའི་ཆོས་སྐྱོང་ཐམས་ཅད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དཔྱིས་ཕྱིན་པར་སློབས་ཤིག །སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོའི་བྱུང་ངེས་སོ། །ཞེས་གསུངས་ཏེ་སྦྱོར་གཏོད་མཛད། མཐུ་ཆེན་དེས་ཀྱང་སྲས་དད་མི་ཕྱེད་པའི་བརྩེ་བས་བསྐྱངས་ཏེ། ཙ་མི་དང་རྒ་ལོ། སྟེང་པ་ལོ་ཚ་བ་ཚུལ་ཁྲིམས་འབྱུང་གནས། རོ་ལིངས་ལོ་ཙ་བ་རྡོ་རྗེ་དབང་ཕྱུག །ཁེ་རྒད་འཁོར་ལོ་གྲགས་སོགས་ཀྱིས་༼༣བ༦༽བསྒྱུར་བའི་ཆོས་སྐྱོང་ཕྱག་བཞི་པའི་སྒྲུབ་སྐོར། འབྲུག་པ་རྣམས་ཀྱི་བྱ་རོག་མ་བསྟན་བསྲུངས་ཀྱི་སྐོར་དུ་གྲགས་པ་དེའི་ཁྲོད་དུ་ཕ་གྲུ་དང་ཚལ་པ་སོགས་ཀྱི་ལུགས་ཀུན་སྣང་བ། གཏེར་མགོན་དུ་གྲགས་པ་མངའ་བདག་ཆེན་པོ་མྱང་རལ་པ་ཅན་གྱི་མན་ངག་ཀུན་དང་། དཔལ་ལྷ་མོ། གྲི་གུག་རྗེ་བློན་དྲང་སྲོང་གཟའ། ཞིང་སྐྱོང་སོགས་ཆོས་སྐྱོང་ལ་བཀའ་གཏེར་གྱི་ཡིག་རིགས་ཅི་མཆིས་པ་དཔེ་མཁྱུད་མེད་པར་བསྩལ་ཞིང་གཞན་ཡང་རྙིང་མའི་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང་། བླ་མ་དམ་པ་དེའི་ཆོས་སྐྱོང་གི་བཀའ་བབས་ཀྱང་འདི་ཡིན་ནོ། །གསུང་ཆེ་ལ་ཉན་པ་ཚངས་པའི་དབྱངས་ལྟ་བུས་ཀུན་གྱི་ཡིད་ཕྲོགས། མཁའ་འགྲོ་དང་ཆོས་སྐྱོང་དྲི་བཟང་ལ་བུང་བ་ལྟ་བུར་རྒྱུན་དུ་འཁོར་བའི་མཚན་མ་ཡང་རྩེར། ཉིད་ཀྱི་སྐུའི་ཞང་པོ་ཡང་རྩེའི་འཆད་ཉན་དུ་བཞུགས་པ་དེ་སོགས་དང་ཁང་བུ་གཅིག་ན་མང་པོ་སྟབས་སུ་བཞུགས་པའི་ཚེ། ཉིད་ཀྱི་དབུ་སྔས་སུ་དཔལ་ལྷ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་ཀྱི་ཡི་གེ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛད་པ་སོགས་དེ་ཉིད་ཀྱིས་མངོན་སུམ་དུ་བསྐྱལ་བྱུང་བཀུན་སུས་བསྐྱལ་ལམ་ཞེས་དོགས་པ་ན། དེ་ནི་ལྷ་མོ་ཉིད་ཀྱིས་རྗེས་སུ་གཟུང་བ་ཡིན་པས་དེ་དག་གི་བརྒྱུད་པ་གཞན་ལ་ལྟོས་མི་དགོས་སོ་ཞེས་རྗེ་རྡོ་རྗེ་གླིང་པ་གསུང་ངོ་། །རྗེ་གོང་མ་དེ་ཉིད་ཀྱི་དྲུང་དུ། བདེ་མཆོག་གི་རྒྱུད་བཤད་ལྷོ་ཡ་ཡག་པའི་འགྲེལ་ཆེན་སྟེང་ནས་གསན། དགྱེས་རྡོར་རིན་ཆེན་རྒྱན་འདྲའི་སྟེང་ནས་གསན། ཆོས་སྐྱོང་གི་སྐོར་དང་། ལྷག་པ་ན་རས་ཆུང་སྙན་རྒྱུད་དམ་མཁའ་འགྲོ་སྙན་རྒྱུད་དུ་གྲགས་པ་ཡབ་བཀའ་བཞི། ཡུམ་བཀའ་གསུམ། གྲོལ་ལམ་ཆོས་དྲུག །འོག་སྒོ། ཕྱག་ཆེན། བར་དོ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དུ་གྲགས་པའི་ཆ་ལག་དང་བཅས་པ་རྫོགས་པར་དང་། ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་ཁྲིད་ལ་སོགས་པ་མན་ངག་གསན། རྗེ་དེ་ཉིད་ཀྱི་བཤད་པའི་བཀའ་འཛིན་པ། རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོ་ལས་ཀྱི་རྡོ་རྗེ་གསུམ་པར་གྲགས་པ་དེའི་ཞབས་པད་བསྟེན་ཏེ་དཔལ་དུས་ཀྱི་འཁོར་ལོ་ལ་༼༤ན༧༽སོགས་པའི་དབང་རྒྱུད་མན་ངག །སྒྲུབ་པ་ཆེན་པོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ལ་སོགས་པའི་གསར་རྙིང་གི་དབང་ཆོས་མང་དུ་གསན། ཡང་སྒྲུབ་པའི་བཀའ་བབས་པ། རྒྱལ་སྲས་མི་ཏྲ་ཛོ་ཀིར་ལྷ་དང་བླ་མས་ལུང་བསྟན་པའི་ཀུན་སྤངས་ཤེས་རབ་རྒྱ་མཚོ། མཚན་གཞན་སྒྱུ་མའི་གར་མཁན་ཞེས་པ་དེ་ལ། གསང་འདུས་རིམ་ལྔ། རོ་སྙོམས་སོགས་རྗེ་ཆོས་ཀྱི་གྲགས་པ་ནས་བརྒྱུད་པའི་སྙན་རྒྱུད་ཀྱི་གདམས་པ་མང་དུ་གསན། དེ་ནས་རྗེ་གོང་མ་སྤྲུལ་པའི་སྣང་བརྙན་བསྡུས་པ་ལ་ཐུགས་སྐྱོ་བ་དང་། ཡུལ་ཕྱོགས་དེར་གྲུབ་མཐའི་ཀུན་སློང་གིས་ཐུགས་སུན་ནས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་དུ་བྱོན། ཀུན་ནས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ར་ལུང་ཐེལ་ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་སྙེད་སངས་རྒྱས་པའི་རྡོ་རྗེ་གདན་ཆེན་པོར། དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྒྲ་བསྒྱུར་གྱི་དབང་པོ་མར་པ་ལོ་ཙའི་སྤྲུལ་པའི་སྐུར་བསྒྲགས་པ། མཁྱེན་རབ་དང་ཐུགས་རྗེ་ནུས་པ་རྒྱལ་བ་ཐམས་ཅད་དང་གཉིས་སུ་མ་མཆིས་པས་མཐའ་དཔོག་པའི་རྩོམ་པ་དང་བྲལ་བ་དེ་ལོ་གསུམ་གྱི་རིང་གདན་ས་དེ་ཉིད་དུ་སྐུ་མཚམས་ལ་བཞུགས་པར་དམ་བཅས་པའི་ལོ་གཅིག་སོང་བ་ཙམ་ལ་ཞབས་ཀྱི་པདྨོ་བསྟེན་པར་མཛད་དེ། སྐུ་མཚམས་སྟབས་ཀྱིས་ཞལ་མ་མཇལ་ཀྱང་དགོན་ཁང་གསར་པ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའང་ཞབས་ཕྱིར་འབྱོར་བ་སོགས་ཀྱི་གསུང་ཆོས་ཆེས་སྨར་བ་བྱུང་། བཅད་རྒྱ་དེ་ཡངས་སུ་སོང་ནས་ཞལ་མཇལ་དགྱེས་དགྱེས་མཛད། སྐུ་དང་འབྲལ་མེད་དུ་བཞུགས། གསུང་ཆོས་ཀྱང་ཕྱག་རྒྱ་ཆེན་པོ་སྐོར་གསུམ་དུ་གྲགས་པ་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་དོན་འབྱེད་པའི་ལྡེ་མིག་ཚན་པོའི་གླེགས་བམ། ལམ་ཟབ་བླ་མ་སྒྲུབ་པའི་སྐོར། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་སྐོར་གྱི་ཆོས་སྡེ། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དུ་གྲགས་པ་དགས་པོ་བཀའ་བརྒྱུད་པརྣམས་ཀྱི་གཞུང་ལམ་ཆེན་པོ། འབྱུང་བ་རོ་སྙོམས་༼༤བ༨༽སྐོར་དྲུག །ཁྲིད་ཆེན་བརྒྱད། ཐུབ་པ་ལྔ། རི་ཆོས་སྐོར་གསུམ། དགེ་སྦྱོར་བདུན་པ་ལ་སོགས་པའི་ཟབ་ཁྲིད་འཁོར་ལོ་སྡོམ་པའི་རྒྱུད། བཅུ་གསུམ་མའི་དབང་ལུང་། ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད། མན་ངག་གི་གླེགས་བམ། ཕག་མོ་བདེན་གཉིས་ཞལ་གྱི་ཆོས་སྐོར། ཆོས་སྐྱོང་གི་རྒྱུད་སྒྲུབ་སྐོར་སོགས་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་དང་། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་མངས་སོགས་འཕྲལ་དགོས་ཀྱི་སྒྲུབ་ཐབས་བཞི། རྗེ་དགས་པོ་རིན་པོ་ཆེའི་ཆོས་བཞིར་གྲགས་པ་ངོ་བོ་ཇོ་བོ་ཆེན་པོ་ཨ་ཏི་ཤའི་སྐྱེས་བུ་གསུམ་གྱི་ལམ་རིམ། ལམ་འབྲས་བུ་དང་བཅས་པ་ཕག་གྲུ་ལུགས་སོགས་དང་། སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟས་གླེགས་བམ་དུ་བསྒྲིགས་པའི་ལུང་ཅེས་གནང་སོགས་དང་། བཀའ་བརྒྱུད་སེར་འཕྲེང་མར་མི་དགས་པོ། ཕག་གྲུ། གླིང་། ཆོས་རྗེ་རྒྱ་རས། ལོ་རྒོད། སེང་གེ་དགུ་ཚར་རྣམས་ཀྱི་བཀའ་འབུམ། བླ་མ་ཞང་རིན་པོ་ཆེའི་བཀའ་རྒྱ་མ་ལོགས་ཟབ་ཆོས་བཀའ་བོད་ཚང་མ། སྟག་ལུང་ཐང་པ་སྔ་ཕྱིའི་བཀའ་འབུམ། དེ་ནས་བརྒྱུད་པའི་ཆོས་སྐྱོང་ཕྱག་བཞི་པའི་གསེར་པོད་སོགས་དབང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱིས་བློ་གྲོས་ཀྱི་བུམ་པ་གང་བར་མཛད། དེ་ཉིད་ཀྱི་སྲས་ཁྲི་ཐོག་པ་ངག་དབང་བསྟན་པའི་རྒྱལ་མཚན་ཅེས་པ་ཕྱག་ན་རྡོ་རྗེའི་གྲུབ་ཐོབ་ཏུ་གྲགས་པ་དེར་ཡང་ཕྱག་རྡོར་སོགས་དབང་ལུང་། དེའི་གཅུང་རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་ལུང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་ཡོངས་སུ་རྫོགས་པ་དང་། རྗེ་པདྨ་དཀར་པོ་ལའང་རྡོ་རྗེ་འཕྲེང་བའི་དབང་ལུང་སོགས་འགའ་ཞིག་གསན། གཞན་ཆོས་རྗེ་ལྕེས་པའམ་གཡུལ་རྒྱལ་བར་གྲགས་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཆོས་སྐོར། ཆོས་རྗེ་ངག་དབང་ལྷུན་གྲུབ་པ་དང་། ཆོས་རྗེ་སངས་རྒྱས་བཟང་པོ་ལ་སོགས་པར་ཡང་མན་ངག་དུ་མ་དང་། ཕྱི་༼༥ན༩༽མར་ཏི་པུའི་བཞི་ཆོས་སོགས་དང་། སྤྱོད་པ་སངས་རྒྱས་དཔལ་གྱི་ཁྲི་བརྒྱ་སོགས་མན་ངག་མང་པོ་དང་། རྫས་སྣ་ཆོས་རྗེ་ངག་དབང་བཟང་པོ་ལ་ཕྱག་བཞི་པའི་ཡོངས་གྲགས་ཀྱི་རྒྱུད་ཉི་ཤུ་རྩ་བཞི་སོགས་འབྲུག་ལུགས་ཀྱི་མན་ངག་སྡར་མ་གསན་པའི་ཡིག་ཕྲན་འགའ་དང་། རྗེ་ཁྲུས་ཁང་ལོ་ཙ་བ་ལ་པཎྜྻི་ཏ་ནགས་ཀྱི་རིན་པོ་ཆེས་བསྩལ་བའི་སྦྱོར་དྲུག་རྒྱས་བསྡུས། ལྕེ་རྩེ་རྐན་སྦྱར། པདྨ་ཚེ་ཁྲིད། བིརྭ་པའི་ཚེ་ཁྲིད་སོགས་དང་། གླིང་སྟོད་པ་གྲགས་པ་བཤེས་གཉེན་ལ། རྗེ་གོང་མ་ནས་བརྒྱུད་པའི་མན་ངག་འགའ་དང་། ཉིད་ཀྱི་སྐུ་ཞང་ཆོས་གྲགས་བསྟན་པ་རབ་འཕེལ་བར་ཡང་རྣམ་འཇོམས་མཐིང་ཁ་སོགས་འགའ་ཞིག་གསན་པས། དཔལ་ལྡན་འབྲུག་པའི་ཟབ་རྒྱས་ཀྱི་གདམས་ངག་མ་ཚང་བ་མེད་པ། ཕྱག་ལེན་གཙང་ལ་ངེས་པ་རྒྱ་ཆེ་བས་ཐམས་ཅད་ཀྱི་དཔང་དུ་གྱུར་པ། ཚད་མར་གྱུར་པ་ཡིན་ནོ། །གཞན་ཡང་། སྤྱན་སྔ་རིན་པོ་ཆེ་ཞྭ་དམར་བ་ཆེན་པོ་ཆོས་ཀྱི་གྲགས་པ་ལ་ཆོས་འབྲེལ་ཙམ་དང་། ས་སྐྱ་བདག་ཆེན་དག་པའི་དྲུང་ན་ལིནྡྲར་བཞུགས་པ་དང་རྗེ་ཐུགས་ཉེ་བས་སྐུ་འཁོར་ཆོས་གསན་པ་ལ་ཕར་གནང་ཚུར་གནང་བའི་ཁྲོད་དུ་ཕེབས་ནས་རྗེས་གནང་འགའ་གསན་པ་དང་། རྒྱལ་དབང་ཀརྨ་མི་བསྐྱོད་རྡོ་རྗེ་ཀོང་པོ་ས་ཕུར་བཞུགས་པའི་ཚེ། རྗེ་ཀོང་པོར་ཕེབས། དེའི་ཚེ་རྗེའི་ཕྱག་ཕྱི་ནས་ཅོག་གྲྭ་དགེ་འདུན་དྲུག་བརྒྱ་ཙམ་ཀརྨ་པ་མཇལ་དུ་བྱོན་པའི་ཁྱུར་བཞུགས་པས་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། རྗེ་སྟག་ལུང་དུ་ཕེབས་དུས། ཨ་ཐང་པ་ཆེན་པོ་ཆོས་རྗེ་རྣམ་རྒྱལ་གྲགས་པ་ཁུ་དབོན་ལ་གསུང་ཆོས་དང་། འབྲི་ཁུང་རིན་པོ་ཆེ་རིན་ཆེན་ཕུན་ཚོགས་ཞེས་པ་བཀའ་གསར་རྙིང་གི་བདག་པོ་དེ་ལ་ཐུགས་དད་པས་ཆོས་འབྲེལ་དང་། དུས་ཕྱིས་བྱོན་གྱི་སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་དབང་ཕྱུག་ཞྭ་ལུ་ལོ་ཆེན་མཚན་དྷརྨ་པཱ་ལར་གྲགས་པ་དེ་ལ་ཚེ་མདོ་ལ་སོགས་པ་གསན། རྗེ་ཀོང་པོར་ཕེབས་དུས་འབྲུག་ཆོས་སྡིངས་སུ་བཀའ་ལས། ལྷ་མོ་རེ་མ་ཏིས་འཇམ་དབྱངས་ཆོས་ཀྱི་གྲགས་པའི་སྤྲུལ་པའི་སྐུ་མདོ་ཁམས་སྟོད་དུ་འཁྲུངས་༼༥བ༡༠༽ཅེས་ལུང་བསྟན་པས། སྔར་གངས་དཀར་མོ་བ་བརྫངས་པ་ཡིན་ཏེ་མ་རྙེད། ད་རུང་ཁྱོད་ཀྱིས་ཚོལ་ཤོག་ཅེས་ཀོང་པོ་མེ་རག་མདོ་ནས་རྫོང་དར་མཛད། རྗེ་དཔོན་སློབ་ཡར་ཕེབས། དེ་དུས་མནལ་ལམ་དུ་བུད་མེད་བཟང་པོ་ཞིག་གིས། སྤྲུལ་སྐུ་འདི་ན་ཡོད། ནེ་ནས་མར་ཕྱིན་ཤན་འདྲ་ཟེར། ཕན་ཚུན་གཉིས་པའི་གྲོང་འབྲུ་རེ་རགས་ཡོད་པ་ཞིག་ན་བུ་ཆུང་རལ་པ་སིབ་སིབ་ཡོད་པ་ཞིག་བསྟན་བྱུང་། ཕྱིས་དགོན་དབང་ར་ཇི་ལྟ་བར་འདུག་གསུང་ངོ་། །དེ་ནས་སྤོ་བོ་བརྒྱུད་ཁམས་སྟོད་སྲམ་པ་ལ་བྱོན། དེ་དུས་རྒྱ་སྟོན་ཆོས་རྗེ་ནམ་མཁའ་རྒྱལ་མཚན་པར་རྒྱ་སྟོན་བཀའ་འབུམ་སོགས་དང་། ཟུར་མང་སྐུ་སྐྱེ་བློ་གྲོས་རྒྱ་མཚོ་བ་ལ་རཏྣ་གླིང་པའི་བླ་མ་ཐུགས་སྒྲུབ་ཀྱི་སྐོར་ཡོངས་སུ་རྫོགས་པ་དང་གཅོད་ཡུལ་གསན། རི་བོ་ཆེར་སྟག་ལུང་ངག་དབང་གྲགས་པའི་སྐུའི་སྐྱེ་བར་གྲགས་པ་དེ་དང་མཇལ་བདག་རྐྱེན་གཟབ་པར་བྱུང་། དེ་ནས་རྗེས་ཡར་ཤོག །སྤྲུལ་སྐུ་དེ་ཕྱོགས་ན་ཡོད་ཤས་ཅུང་བར་འདུག་གསུང་འབོད་མི་གནང་ཡར་ཕེབས། ཕྱིས་སྤྲུལ་པའི་སྐུ་པདྨ་དཀར་པོ་བསྙེན་པར་རྫོགས་པའི་ཕྱག་ཕྱིར། དཔལ་འཁོར་བདེ་ཆེན་ཞེས་པ་མཁས་མང་འདུ་བའི་མདུན་ས། ལོངས་སྤྱོད་ཀྱི་རྒྱ་མཚོ། མྱང་ལུང་པའི་བདེ་སྐྱིད་ཀྱི་འབྱུང་ཁུང་ཆོས་ཀྱི་རྒྱལ་པོ་རྒྱལ་མཁར་རྩེ་བའི་བླའི་གྲྭའི་མཁན་པོ་བཀྲ་ཤིས་རྣམ་པར་རྒྱལ་བའི་དྲུང་། སློབ་དཔོན་ཚོགས་ཆོས་ལུང་པའི་མཁན་པོ་དཀོན་མཆོག་མཚན་མི་སྤྱིར་ཁྲོམ་ཡོན་དུ་གྲགས་པ་འཛིན་ཚུགས་ལེགས་པའི་དཔེ། གསང་སྟོན་རྩེ་ཆེན་མཁན་པོ་སངས་རྒྱས་ཡེ་ཤེས་སོགས་དད་པའི་དགེ་འདུན་བཅུ་ཕྲག་གི་དབུས་སུ་བསྙེན་པ་རྫོགས་པ་ནས་འདུལ་བའི་བཅས་པ་ལྔ་མིག་ལྟ་བུའི་གཅེས་སྤྲས་སུ་མཛད་ཅིང་། ལར་ཡང་སྔགས་པ་ཡིན་ཞལ་བགའ་ཆལ་དུ་སྦྱོན་པ་ནམ་ཡང་མཛད་མ་མྱོང་། རྟེན་དགེ་བསྙེན་དུ་བཞུགས་པའི་དུས་ནའང་གཞན་གྱི་དགེ་སློང་ལས་ཚུགས་དམ་པ་ཞིག་གོ། །ཕྱིས་རྡོར་འཛིན་མཛད་ནས་ཙ་རི་ཏྲར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ཞེས་ཆོས་ཀྱི་རྗེ་བསྟན་༼༦ན༡༡༽པ་རྒྱ་མཚོའི་དབོན་དམ་པ་དེ་སྤྱན་དྲངས། གསར་རྙིང་གི་རྒྱུད་འབུམ་གྱི་ལུང་གསན། ཕར་ཡང་གསུང་ཆོས་མང་དུ་ཕུལ། ཡང་སྐྱིད་ཤོད་དུ་དཔོན་ས་སྟག་ལུང་མས་སྤྱན་དྲངས་པའི་དུས་སུ་ཚལ་ཡང་དགོན་པའི་ཆོས་རྗེར། བླ་མ་ཞང་གི་བཀའ་བརྒྱའི་ཁྲིད་ལུང་དབང་། ཆོས་སྐྱོང་ཚལ་ལུགས་སྔར་མ་གསན་པ་འགའ་གསན། ཁོང་ལ་འབྲུག་སྐོར་ཕར་གནང་། གཞན་ཡང་གྲགས་ཅན་དང་ཀུ་ས་ལའི་བླ་མ་ཅི་ཡང་ཞིག་བསྟེན་ནས་ཐོས་པའི་རྒྱ་མཚོ་བསྐྱིལ་བས་ཐ་རི་འདོད་རྣམས་ཀྱི་རེ་བའི་མན་ངག་རིན་པོ་ཆེ་འཛད་པ་མེད་པར་འབྱུང་བའི་གནས་སུ་གྱུར་ཏོ། གང་ཡང་གསན་པ་ཙམ་ལ་མི་འཇོག་པར་དེ་དག་གི་ལག་ལེན་མཐིལ་ཕྱིན་པ་བསླབས། དོགས་དཔྱོད་ཀྱི་རུས་ལ་ཐེབས་པར་མཛད་པས་དགུ་ལོ་བརྒྱད་ཅུར་ཉེ་བ་འདི་ནའང་ཆོས་གར་ཡིན་པ་དེའི་དམིགས་པ་ཕྱག་ལེན་བཤད་པའི་ཚིག་རིས་ཕྲན་བུ་ཚུན་ཡང་བསྙེལ་བ་མེད་པར་སེང་ངེ་ཡེ་རེ། བཀྲ་སྲིག་སྲིག་སྟོན་པ་འདི་བྱུང་བ་ཡིན། ཞུ་མིའི་མདུན་མིན་པ་གང་དུ་ཡང་མི་མཁྱེན་པར་བརྫུས་ཏེ་བཞུགས། ངོམ་ངོམ་ཡེར་མེར་མི་མཛད། གདམས་ངག་ལ་ངེས་པའི་དབང་གིས་རྗེའི་དྲུང་དུ། རིན་པོ་ཆེ་གློ་བོ་མཚན་སྙན་པར་གྲགས་པ་ཀུན་དགའ་སྒྲོལ་མཆོག་ཕེབས་པའི་དུས་སུའང་དོགས་དཔྱོད་ཀྱི་ཡུལ་དུ་མཛད། རྗེ་དེ་དང་བདག་མཇལ་བའི་དུས་སུའང་ཉིད་ལ་གྲོགས་པོ་གཞན་དང་མི་འདྲ་གསུང་མཉེས་མཉེས་རང་མཛད་ཀྱི་འདུག །དེ་དུས་ལ་དེ་ལ་ཆོས་འབྲེལ་ཞིག་ཀྱང་གསན་པར་འདུག་ཅིག །ཕྱིས་ཟེ་བོ་མ་འགས་རྗེད་པ་གམ་པར་མཇལ་དུས་གནས་ཚུལ་རྩད་གཅོད་མཛད་ཤིན་ཏུ་མཉེས་ཁོང་ལ་སྐུ་ཚེ་[WP:76,57]ིང་པོ་ཡོང་བ་ཡོད་ཞུས་གསུང་ངོ་། །ཆོས་རྗེ་ཚར་ཆེན་ཞེས་པ་ས་སྐྱ་པའི་ནང་ནས་སྔགས་འཆང་གི་ཏོག་ཏུ་འཐོན་པ་དེ་རྗེའི་དྲུང་དུ་ཆོས་སྐྱོང་སྐོར་གསན་པར་ཕེབས་པའི་དུས་སུའང་དཀའ་གནས་ཀྱི་དྲི་ས་མཛད་པས་ཐུགས་ཆེས་པ་འབའ་ཞིག་ཡིན་པས། གདམས་ངག་སད་སུ་ད་རེ་ཤེས་པའང་མིས་མཚོར་དོགས་པ་དང་། འགའ་ཤས་ཤེས་པའི་ང་རྒྱལ་གྱི་སྒང་བུ་ཅན་རྣམས་དང་མི་འདྲ་བར། མཁྱེན་པ་རྒྱ་ཆེ་༼༦བ༡༢༽ཐུགས་ཆུང་བས་ན་ཕྱི་རབས་རྣམས་ཀྱི་མིག་ལྟོས་བྱ་སའོ། །འཛམ་གླིང་ཀུན་ན་རྒྱུ་བའི་ལེགས་བཤད་ཀླུང་། །གང་དུ་ཞུགས་པའི་བློ་གྲོས་ཆུ་གཏེར་མཐའ། །སུས་དཔག་མ་ནུས་གངས་ཅན་མཚོ་ཉིད་ཅེས། །བསྔགས་པའི་མེ་ཏོག་ཐམས་ཅད་དེ་ལ་སྤུངས། །ཀུན་མཁྱེན་འབྲུག་པའི་ཞབས་སྐྱེས་ཐོད་ལྟ་བུར། །ཁུར་འདི་སྙིང་དོགས་མུན་ལ་སྡོད་གླགས་ཅི། །བདེན་རྫུན་གྲུབ་པ་འདི་སོགས་བགྲང་ཡས་ཀྱི། །གཞལ་བྱར་བྱེད་འདོད་པ་ལ་མངོན་གྱུར་བསྟན། །འདིའི་དྲུང་ན་མཚམས་ཟླ་རེ་ཟླ་གཉིས་བྱས་དེའི་རིང་བསྙེན་པ། ཁྲི་འབུམ་ཙམ་བསྐྱལ་ནས་རྟགས་འདི་བྱུང་འདི་མ་བྱུང་གླེང་བ་ན། གཞན་མི་གསུང་བར། ཆོས་རྗེ་གཡུལ་རྒྱལ་རྫོང་པའི་གསུང་ནས། ངས་ཕྱག་ན་རྡོ་རྗེ་ལ་བསྙེན་པ་བྱེ་བ་ཕྲག་མང་པོ་བསྐྱལ་ཏེ་ཁ་སྤུ་ལ་མེ་སྟག་འཕྲོ་བ་ཙམ་ལས་མ་བྱུང་། ཁྱེད་ཚོ་བསྙེན་པ་བརྒྱ་རེ་ལ་གྲུབ་རྟགས་འདོད་པ་ཡི་དམ་སྙིང་ཐག་ཉེ་མོས་དགོས་འདུག་གསུང་བ་སྐྱོར། དེ་སྐད་གསུང་བ་ཐུགས་བདེན་པ་སྟེ་རང་གིས་མཚན་མ་དམ་དུམ་ལ་ངོམས་ཏེ་མ་བཞག་པར་ནན་ཏན་ཇེ་ཆེར་མཛད་པས་སོ། །རྗེ་གོང་མ་དཔོན་སློབ་ལ། ཐོག་མེད་བདེ་མགོན་གྱི་དབང་ནོས་ནས། ཡང་རྩེར། བདེ་མཆོག་ལྷན་སྐྱེས་ལ་བསྙེན་པ་གསུང་ངག་ཤིན་ཏུ་དམ་པར་མཛད་དུས། རྗེ་དེས་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་གསོལ་འཕྲོ་བསྩལ་བ་ཚང་བར་བཞེས་པ་དང་། སྐུ་འཁྲིས་ན་ཆོས་སྐྱོང་གི་བྲིས་པ་ཐང་ལེགས་པའི་ཚད་ཅིག་བདུག་པ་ཁ་ཕྱེ་སྟེ་གནང་བ་སོགས་བྱིན་རླབས་འབྱུང་བའི་མནལ་ལམ་འགའ་བྱུང་། བསྙེན་གྲངས་འབུམ་ཕྲག་བཅུ་བཞི་སོང་བའི་ཐོ་རངས་ས་གཡོས། འོད་ཀྱིས་གཟིམས་སྤྱིལ་གྱི་ནང་ཁྱབ། ཡི་གེ་བདུན་པ་སྒྲར་གྲགས་པ་དངོས་སུ་བྱུང་། ཡང་རྗེས། ཆོས་རྒྱལ་གླིང་གི་ཚོམས་སུ་གཏོར་སྒྲུབ་མཛད་པའི་ཚེ། གཏེར་ཚོགས་ཀྱི་སྟེང་དུ་བྱ་རོག་སྣུམ་ལ་ཆེ་བ་སྐད་དྲག་པོ་སྒྲག་པ་དང་། མཁར་པོ་གོ་ཡུལ་དུ་ཟླ་བ་དྲུག་ཙམ་མགོན་པོ་ལ་བསྙེན་པ་མཛད་དུས། བུད་མེད་མཛེས་མ་མང་པོས་དཔལ་འབྲས་མང་པོ་སྟོང་པ། རལ་གྲི་བཟང་པོ་གཏད་པ་དང་། ཀ་པཱ་ལ་བཟའ་མ་ཏུ་བ་༼༧ན༡༣༽གིས་བཀང་བ་གཏད་པ་སོགས་དང་། རྗེ་གོང་མས་མཚན་བརྗོད་ཀྱི་ལུང་སྩལ་ཏེ་དཔེའི་བདག་པོ་ཁྱོད་ཡིན་གསུང་གཏད་པ་སོགས་མཚན་ལམ་བཟང་པོ་དང་། ལོ་རོ་རྡོ་རྗེ་གླིང་ཙན་དན་ཤུག་པའི་གསེབ་ཀྱི་དགོན་གནས་སུ། རྗེ་རྡོ་རྗེ་གླིང་པས་རྡོ་རྗེ་རྒྱལ་པོ་དང་། སྐུ་བསྲུང་པ་ཆེན་པོས་རྡོ་རྗེ་རྒྱལ་ཐེབ་པ་མཛད་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་ཆེན་པོ་བཙུགས་པ་གསན་པའི་དུས། ལྡིང་ཁྲིའི་དབུས་ན་བཀའའ་དགུའི་ལྷ་ཚོགས་ཐམས་ཅད་ཁྲ་ཕུད་དེ་བཞུགས་པ་ཡུད་ཅིག་གཟིགས། སྐུ་བསྲུང་པ་ཆེན་པོ་ལ་ཆོས་སྐྱོང་གསན་པི་ཚེ་ཡང་། དཀྱིལ་འཁོར་གྱི་ཡེ་ཤེས་མགོན་པོའི་ལྷ་ཚོགས་གཟིགས་ཤིང་། སྟ་གོན་གྱི་མཚོན་མནལ་ལམ་ན། མགོན་པོའི་རྒྱུད་གསར་རྙིང་གི་བེ་བུམ་ཐམས་ཅད་དེས་གཏད་པ་རྨིས་པ་དང་། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱག་ན་རྡོ་རྗེའི་དབང་གསན་དུས། རྗེ་དེ་ཉིད་གསང་བ་ཐམས་ཅད་ཀྱི་བདག་པོ་འཁྲུལ་མེད་དུ་གཟིགས། དེ་ནས་གཟུང་སྟེ་ལྷ་དེའི་བསྙེན་སྒྲུབ་ད་ལྟའི་བར་དུ་མ་ཆག་པར་མཛད། རྒྱུད་ནས་བཤད་པའི་རྟགས་བརྒྱད་ཚང་བ་དང་ལྷ་དེ་ཉིད་ཀྱི་འཁོར་ལོ་མངོན་སུམ་དུ་མཇལ། ཆོས་སྐྱོང་གི་བསྙེན་སྒྲུབ་འདྲ་མཛད་པའི་དུས་མགོན་པོ་ལྕམ་དྲལ། ལས་མགོན་སོགས་མངོན་སུམ་དུ་ཡུད་ཙམ་རེ་སྣང་བ་མང་དུ་བྱུང་། རྗེའི་དྲུང་དུ་ཕེབས་ནས། སྐུ་བསྲུང་བ་གྱིས་ཅེས་གསུངས་པས། ཕྱིས་རྟེན་བཞེངས་མ་གྲུབ་ཀྱི་བར་དགོས་གལ་ཆེ་བའི་དམིགས་བསལ་རེ་ཙམ་མ་གཏོགས་སྐུ་འཁྲིས་པ་དང་མཆོད་དཔོན་རྒྱུན་བསྐང་གསུམ་སྦྲག་མཛད། གསུང་ཆོས་ཅི་གནང་ལ་ཆུད་པས་གསུང་གི་གསང་བ་ཕལ་མོ་ཟིན། ཞར་བྱུང་དགོས་དཔྱོད་མཛད་པས་རྗེ་ཡང་ཤིན་ཏུ་མཉེས་ཏེ། སྲས་གཉིས་སོགས་ཀྱི་ཕྱག་བཞེས་འབུལ་བ་པོ་བཅོལ། ནང་སོ་ཐོན་པས་སྒྲུབ་སྡེ་བཙུགས། ནང་སོ་རང་སོགས་འབྲུག་ལུགས་ཀྱི་ཆོ་ག་ལག་ལེན་མཐིལ་ཕྱིན་པ་བསླབ་བཞེད་དེ། རྗེ་ལེ་སྐུ་དྲུང་ན་བཞུགས་པའི་གསེབ་ནས་སློབ་དཔོན་ཞུས་༼༧བ༡༤༽པས། བཀའ་ལས་ཆོས་མགོན་པ་འདི་མན་ངག་ཐོབ་རྒྱ་ཆེ། ལག་ལེན་ཐམས་ཅད་ལ་ངེད་རང་ལ་ལྷག་པ་ཙམ་ཡོད། ཁྱད་པར་བསྙེན་སྒྲུབ་སོགས་མཐར་ཕྱིན་ཆོས་སྐྱོང་དངོས་ཀྱིས་རྗེས་སུ་གཟུང་བ་ཞིག་ཡིན་པས་འདི་འཇོག །ནད་སོ་རང་གི་བླ་མའང་འོས་པ་ཡོད་ཅེས་གསུངས་པས། ནང་སོས་དེ་ཁ་ནས་བླ་མར་འཁུར་ཆོས་སྐྱོང་གི་སྐོར་ཐམས་ཅད་གསན་ལག་ལེན་བསླབ་པ་དང་བསྟུན་ལོ་ཙམ་བཞུགས། དེའི་ཚེ་ལོ་གསར་ཁའི་དགུ་གཏོར་ལ། སྡེ་པ་རང་ནུས་ཅན་དུ་བརྩི་བའི་སྔགས་བོན་ལྷག་པར་རི་བོ་དགེ་ལྡན་པའི་དགེ་བཤེས་འཇིགས་བྱེད་དངོས་སུ་བརྩི་བ་ཅིག་སོགས་མང་པོས་གཏོར་མ་བརྡེག་པར་བྱོན་པས། རླུང་ནག་འཚུབས་ཏེ་ཐམས་ཅད་ཡར་ལོག །ཐུགས་རྟོག་ཟ་བ་ན། དེ་ཁར་སྔགས་འཆང་ཉིད་དཔོན་སློབ་ཀྱིས་དཔལ་ཆེན་པོ་རྒྭ་ལོའི་སློབ་མ་ཅོག་རོའི་ལུགས་ཀྱི་གཏོར་ཆེན་བསྒྲུབས་པ་དེ་འཕངས་པས་ལྷགས་པ་མོད་ལ་ཟོན་སྐྱོར་བཞིན་བྱས། ཡིད་ལ་མེད་པར་ཡལ་ནས་འགྱུར་བས་གཏོར་གྲལ་པ་གཞན་འགའ་རྔ་ཧར་ཁྱེར་ཏེ་གཏོར་མ་འཕང་ཕྱོགས་སུ་བརྒྱུགས་པ་སོགས་བྱུང་བས་ཐུགས་ཡིད་ལྷག་པར་ཆེས། གུས་པ་གཞན་དང་མི་འདྲ། འཕྲལ་གྱི་ཕྱག་དཔེ་སོགས་དགོས་པ་ཐམས་ཅད་ཀྱི་སྦྱིན་བདག་མཛད་པས་ཤིན་ཏུ་མཁོ་བར་བྱུང་གསུང་ངོ་། །རྒྱུན་དུའང་སྲོད་ནས་བརྩམས་ཏེ་བློས་བསླང་བའི་མནལ་ཡེ་མི་གཟིམས་པར་བསྙེན་པ་འབའ་ཞིག་མཛད་པ་སང་ལྟོ་རན་ཚུན་བཞུགས། རྗེ་སྤྱན་དྲངས་པའི་ཕྱག་ཕྱིར། བྱང་སྟག་ལུང་། གོང་དཀར་ཡར་རྒྱབ། བསམ་ཡས། འཁྲང་པོ། ཆུ་ཤུལ། སྨྱུག་ལ། ཐོན། ཡར་ཤར་ནུབ་སོགས་སྡེ་དཔོན་ཆེན་པོའི་གོ་ཀུན་ཏུ་ཕེབས། མཆོད་གཡོག་པ་མཛད་པའི་གཤིས་ཀྱིས་མི་ཆེན་ཀུན་དང་ཐུགས་འདྲིས་པ། འགྲོ་བའི་ཚེ་གནང་སྦྱིན་བཟང་པོ་མཛད། དེའི་ཞོར་ལ། ལྷ་སའི་ཇོ་ཤཱཀ །ཚལ་གུང་ཐང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ། ཁྲ་འབྲུག །བྱམས་གླིང་སོགས་ཀྱི་རྟེན་མཇལ་སྨོན་ལམ་འདེབས་པ་སོགས་མཛད། སྐབས་ཤིག་ན་རྗེའི་ཞལ་སྔ་ནས། ད་ལྟ་ཚེ་ཐུང་ནད་མང་དུས་སྙིགས་ལྷ་སྲིན་གདུག་པ་ཆེ་བས་གནོད་པ་དང་འཚེ་༼༨ན༡༥༽བ་མོད་པའི་དུས་སུ། ཆོས་ཐོས་བསམ་གྱི་མཐའ་རྒྱ་གཅོད་པའི་སྐབས་མ་ཡིན། བསྒྲུབ་པ་སྙིང་པོར་བྱེད་དགོས། ལྷག་པར་རང་རེའི་བརྒྱུད་པ་འདི་ཆོས་གཅིག་ཤེས་པས་ཀུན་ཤེས་པ་ཡང་བྱོན་པ་ཡིན། གཅིག་ཤེས་པ་ལ་འདི་སྒྲུབ་པ་སྙིང་པོར་གཟུང་བ་ལས་བྱུང་བར་འདུག་པས། ཁྱེད་རང་རྣམས་ཀྱང་ལོ་གསུམ་གྱི་མཚམས་རེ་འབྲུག་སེ་བ་བྱང་ཆུབ་ཀྱི་གླིང་འདིར་གྱིས་ཕེབས་པ་དང་། དུས་དེའི་ཚེ་སྐུ་འཁོར་ན་བཞུགས་པའི་དགེ་བཤེས། རབ་འབྱམས་པ་དཔལ་རིན། དྷརྨཱ་པ། རིན་རྡོར་སོགས་འབྲས་ཡུལ་སྐྱེད་ཚལ་དུ་གྲགས་ཐོན་པ་གསུམ་དང་། སྔགས་འཆང་ཤཱཀྱ་དཔལ་མགོན་ཞེས་པ་དཔལ་འཁོར་བདེ་ཆེན། ཞ་ལུན་ཡོ་ག་སོགས་བུ་ལུགས་ཀྱི་དབང་ཕྱུག་ལེན་ལ་འགྲན་ཟླ་མེད་པར་རྩི་བ་དེ་དང་། ཉིད་ལ་སོགས་པ་འགའ་ཤས་ལོ་མཚམས་ལ་རྗེ་ཉིད་ཀྱིས་མཐུན་རྐྱེན་སྩལ་ཏེ་བཞུགས་སོ། །གནས་དེ་རྗེ་གཙང་པ་རྒྱ་རས་དཔོན་སློབ་ཀྱིས་བྱིན་གྱིས་བརླབས་པ། ལྷག་པར་ཆོས་རྗེའི་ལྗགས་བཞུགས་པའི་རྟེན་འབྲེལ་གྱིས་དགོན་གནས་འདིའི་མིང་ཆོས་བརྒྱུད་ལ་ཐོགས་པས་འབྲུག་པ་ཞེས་བྱུང་བ་དེ་ལྟ་བུ་སོགས་ཡ་མཚན་ལ་བྱིན་ཆགས་པ་ཡིན་མོད་ཀྱང་། དེ་སྡང་སྒྲུབ་ཆེན་མངས། བར་ཞིག་ཏུ་མ་བྱུང་བ་རྒྱུན་འགྱངས་ཙམ་སོང་བྱས་པ་གནས་རྒོད་དུ་གྱུར་པ་ལྟ་བུ་དང་། ལྷག་པར་མཚམས་བཞུགས་རྣམས་ཀྱང་ཐུགས་དམ་གྱི་རྩལ་ཆེ་བས་བར་ཆད་ཐམས་ཅད་དུས་གཅིག་ན་ལོངས་ནས། འགའ་ཞིག་ལ་ལྷ་འདྲེའི་དམག་གིས་མངོན་སུམ་དུ་བསྐོར་བ་དང་། བྱི་ལའི་དམག་དང་། གཡོ་སྒྱུ་སྣ་ཚོགས་ཀྱིས་བསླུ་བ་སོགས་བྱུང་། ཉིད་ལ་འབྱུང་པོས་བུག་སྒོ་བརྡུང་བ། ཚོག་ཆོམ་གྱི་སྒྲ་ཐོག་སྡིབ་ལ་ཁད་པ། ཤུགས་པ་འཆོར་བ། ཅོ་ལྡིར་བ། འཇིགས་པའི་གཟུགས་དུ་མ་སྟོན་པ། རི་བར་དུ་འཚིར་བ། མེས་སྲེག་པ་དང་། ཆུར་བསྐྱུར་ག་སས་མནན་པ་དང་། སྤྲེའུ་གཟུགས་གདོང་དམར་པོ་དམག་ལྟ་བུར་འཚང་བ་སོགས་ཉམས་དང་རྨི་ལམ་ཙམ་ཤིན་པར་མངོན་སུམ་རང་ལ་ལན་རེ་ལན་གཉིས་མིན་པ་བྱུང་། ལྷག་པར་སྐུའི་གཟུགས་བཞིའི་ཁུམ་པ་གྲུམ་བུ་ལྟ་བུའི་གཅོང་གིས་ཟིན་ཀྱང་། ༼༨བ༡༦༽རྐྱེན་ངན་པ་དགེ་བའི་བཤེས་གཉེན། ནད་སྒྲིབ་པའི་ཕྱགས་ཤིང་བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་པར་དགོངས། སྔར་ནས་ཕྱག་ཆེན་གསན་པ་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོང་བདེ་བར་ཡོད་ཅིག་ཞི་གནས་ཀྱི་ངང་གདངས་ལྟར་ལངས་པའི། ལྷ་སྒོམ་པ་སྔགས་བཟ་བ་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ལ་རྩེ་གཅིག་པས། ཟ་ཉལ་བཤང་བ་གསུམ་མིན་པ་ཐ་མལ་པར་ཡེ་མ་བཞུགས། མ་བཞུགས་ཀྱི་ན་ཆོ་འཕྲུལ་ཇེ་ཆེ་ཇེ་ཆེར་སོང་། གྲོགས་རྣམས་དང་ཡང་གཅིག་བཤན་གཅིག་ལ་ཕོག་བས་ལྷོངས་འདི་བྱུང་འདི་མ་བྱུང་བྱ་བ་མེད་པ་བྱུང་། དྲུང་རིམ་པ་གཉིས། དྲུང་ཤཱཀ་པ་གསུམ་སྐུ་མཚམས་དང་དོར་རྟོགས་པའི་ཕུ་ཐག་ཆོད་ཀྱང་གཤེགས། རབ་འབྱམས་གཞོན་པ་ཅུང་ཟད་སྨྱོ་ནས་རྗེས་བྱིན་གྱིས་རླབས་པས་མདོ་ལ་མནལ་དུ་ཕེབས། ཕྱིས་ཐོག་དངོས་སུ་ཕོག་ཀྱང་གནོད་མ་ནུས་པའི་རྟོགས་ལྡན་ཆེན་པོ་ཞིག་བྱུང་། ཉིད་ཀྱིས་སྐུ་མཚམས་སེང་སེང་ཡེ་མ་མཛད་པ་ལོ་གསུམ་པའི་མཐར་བར་ཆད་རང་སར་ཞི། བླ་མ་སངས་རྒྱས་དངོས་སུ་གཟིགས་པ། ཕྱག་རྒྱ་ཆེན་པོའི་རྟོགས་པས་མུན་པ་ལ་ཉི་མ་ཤར་བ་བཞིན་ཀུན་རྨོངས་གར་སོང་མེད་པར་བརླག་དཔལ་འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཕྱག་རྡོར། ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། ལས་ཀྱི་མགོན་པོ་དང་བཅས་པ་གང་འདོད་དུ་གཟིགས་པ་དེ་ནས་བྱུང་བ་སྐུ་མཚམས་གྲོལ་ནས་རྗེའི་སྤྱན་སྔར་བྱོན། ཕྱིས་ཀྱང་སྨིན་ཐོག་ཏུ་ཟླ་བ་དྲུག །འཕྱིང་རུའི་དབེན་གནས་བདེ་ཆེན་ཆོས་འཁོར་དུ་ལོ་གཅིག །གྱེར་སྐྱིད་དགོན་དུ་ལོ་གཅིག །བྱར་ཚིན་དུ་དགུན་ཐོག་གཅིག །ཙ་རིར་ལོ་ལྔ་དང་། གཞན་ལོ་རེ་ལ་ཟླ་བ་རེ་གསུང་ངག་ཤིན་ཏུ་དམ་པ་མཛད། ཐུགས་དམ་རྒྱུན་ཆགས་ཀྱི་རིམ་པ་ལ། བླ་མ་སྒྲུབ་པ་ཕྱི་ནང་གསང་གསུམ། རྟེན་འབྲེལ་གི་ཉམས་ལེན། བདེ་མཆོག་གི་བསྙེན་པ་ཁྲི་ཚོ་རེ། དགོངས་ཁ་ཆོས་སྐྱོངས་རྣམས་ཀྱི་གཏོར་བསྔོ་རྒྱས་པ་དང་། ཡེ་ཤེས་མགོན་པོའི་བསྙེན་པ་ཁྲི་ཕྲག་རེ། སྲོད་ལ་ཕྱག་རྡོར་གྱི་བསྙེན་པ་ཁྲི་ཕྲག་རེ་རྣམས་ཆག་མེད། རྗེ་འབྲུག་པ་༼༩ན༡༧༽རིན་པོ་ཆེ་ལ་གང་གསན་པ་ནས་ད་ལྟ་ཚུན་ཆག་མེད་ཡིན། དེ་དག་ལེགས་པར་བརྩིས་པ་ཇི་ཙམ་སོང་བའི་གྲངས་ནི། བླ་མ་སྒྲུབ་པ་ནང་སྒྲུབ་དང་གསང་སྒྲུབ་གཉིས་ལ་བྱེ་བ་གཉིས། ས་ཡ་བདུན། འབུམ་ཚོ་དྲུག །སྟོང་ཕྲག་གཏས། བདེ་མཆོག་ལ་བསྙེན་པ། དུང་འཕྱུར་གཅིག །བྱེ་བ་ལྔ། ས་ཡ་ལྔ། འབུམ་ཚོ་དྲུག །ཁྲི་ཚོ་གཉིས། ཕྱག་རྡོར་ལ། དུར་འཕྱུར་གཅིག །བྱེ་པ་བཞི། ས་ཡ་དྲུག །འབུམ་ཚོ་དྲུག །ཁྲ་ཕྲག་གསུམ། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྙེན་པ། དུང་འཕྱུར་གདེག །ས་ཡ་གཅིག །འབུམ་ཕྲག་དགུ། ཁྲི་ཚོ་བདུན། རྐང་པ་བརྒྱད་ལ་ཁྲི་ཚོ་ལྔ། སྟོང་ཚོ་བཞི། ཤཱ་སན་ལ་ཁྲི་ཚོ་ལྔ། དུད་སོལ་མའི་བསྙེན་པ་ས་ཡ་གསུམ། ཆོ་བསྙེན་བྱེ་བ་གཅིག །ས་ཡ་བདུན། འབུམ་ཚོ་གསུམ། ཁྲི་ཚོ་བཞི་རྣམས་སོ། །དེས་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་ནུས་མཐུ་གཉིས་སུ་མེད་དོ། །བྱར་ཚིན་དུ་བཞུགས་དུས་ཆོས་བཅུ་ཞིག་གི་ཐོ་རངས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལྷ་ལྕམ་མནྡ་ར་དང་ཡེ་ཤེས་མཚོ་རྒྱལ་མཛེས་པ་མཚུངས་པ་མེད་པས་མཐའ་བརྟེན་མཛད་པ་མངོན་སུམ་དུ་བྱོན་ནས་བྱིན་གྱིས་བརླབས་ཏེ་འཆི་མེད་ད་ཆོའི་དངོས་གྲུབ་སྩལ། ཙ་རི་ཏྲའི་མཚོ་ཞལ་སོགས་སྔོན་གྱི་གྲུབ་པ་རྣམས་ལ་བྱུང་བ་དང་མཐུན་པ་འགའ་བྱུང་གསུང་བ་ལ་འདིར་འདི་ཞེས་མི་གསུང་། སྐུ་འཁོར་བས་ཀྱང་མཐོང་བར་ཕོ་བྲང་ཁར་རྗེ་དཔོན་སློབ་བཞུགས་པ་ལ། མཚོ་སྐད་ཅིག་གིས་ཕུར་བུར་ཁོལ་ནས་མདུན་གྱི་རི་དེའུ་དེ་ནོན་ལ་ཁད་པ་ཙམ་བྱུང་། གཞན་ཞིང་སྐྱོང་། རྡོ་རྗེ་གཡུ་སྒྲོན། གཞི་བདག་ལས་ཀྱི་གཤིན་རྗེ་འཁོར་བཅས་བཀའ་འཁོར་ན་སྒོར་རེ་ལས་བགྱི་བའི་དགུག་དོན་དུ་བཞུགས་པ་དང་། ཡང་རྩེར་གཟའ་མཆོག་དངུལ་ཉིད་དང་། ཉིད་ཀྱི་སྐུ་ཞར་ཆོས་རྗེ་སློབ་དཔོན་པ་གཉིས་ཀས་མཐུན་པར་སྣང་བ་དང་། དབུས་སུ་རྒྱལ་པོ་བེ་ཧ་ར་འཁོར་བཅས། གུང་ཐང་དུ་ལྷ་མོ་རེ་མ་ཏི་དང་། ཞང་གི་ཆོས་བསྲུང་། མཁར་ཆུར་སྙོང་ཁ། དུར་ཁྲོད་བདག་མོ། བཀྲ་ཤིས་མཐོང་སྨོན་དང་ལྷ་སར་དཔལ་ལྷ་མི་སྒྲིབ་པར་གཟིགས་༼༩བ༡༨༽བ་དང་གཡར་དམ་ལེན་པ། གཞན་ཡང་ར་ལུང་ལ་སོགས་པའི་གནས་བདག་ཐམས་ཅད་དཀའ་ལ་ཉན་པས་ཕྲན་ཚོགས་ཀྱི་བྱ་བ་གཞན་ལ་བསྡིགས་མོའམ། རྐུན་མ་རྩད་གཅོད་ལྟ་བུ་སོགས་ལ་བཀའ་བསྒོ་མཛད་ཙམ་ལ་རྟགས་ཐོན་པ་བྱང་ཕུན་ཚོགས་རབ་བརྟན་དུ། སྐུ་ཆས་རྐུ་ལ་ཤོར་བ་རྐུ་མཁན་ཁམས་པ་ཞིག་རེད་པས་ཟམ་ཆུ་ཆུད་དུ་ལ་བྲུལ་ཏེ་ཤི་བ་དང་། སྒོ་མཐའ་རྫོང་པས་ཕྱག་གཡོག་པ་འགའ་ཤེས་བཞིན་དུ་བརྡུངས་པས་དེ་དག་གི་ཕ་ཡུལ་ནེ་ལ་བཤོངས་ཆུང་ཁྱེར་བས་འགྱོད་པ་རྟས་མི་ཟིན་པ་བྱུང་། འཁྱོང་རྒྱས་མ་དྲེའུ་བརླག་པ་ལ་གཤན་དམར་ལ་བསྔགས་པས་དྲེའུའི་སྒལ་པ་ལ་མེ་མཆེད་པས་དངངས་ཏེ་སླར་ཕུལ་བ་སོགས་མང་། ཅིག་ཅར་གནས་ནང་དུ་ཇོ་བཟང་གསོད་མི་རྐྱེན་སུམ་པ་བ་ཅིག་གིས་སྟོན་མཆོད་ཀྱི་ཚེ་བཤགས་པ་བསྒྲུབས་ཀྱང་ཕ་བུ་གསུམ་ལམ་དུ་ཤར་རེ་འགྲོ་བའི་དཀྱིལ་ནས་གསོར་མི་རང་གཏོར་བ་ལོར་མ་རྙེད། ལོ་གཅིག་སོང་བ་ན་གཞི་བདག་གི་སྐུ་མཁར་རྩ་ན་རོ་གཉིས་འདུག་ཟེར་གནས་ནང་ན་ཡོད་པ་མང་པོས་ལྟར་ཕྱིན་པས་དེའི་འཁྱིལ་ཆུའི་དབུས་ན་རོ་དེ་ལ་དེས། མིས་ཤིང་བཏང་བ་ན་དེས་ལ་གངས་འཛིན་དུ་བྱུང་། ཉིན་མོ་ཡིན་ཀྱང་ཀུན་དྲེད་པ། ལྕང་གླིང་པ་རོལ་པའི་རྡོ་རྗེས་མདུང་གི་རྩེར་གྲི་བཏགས་ཏེ་ཕོག་པར་རྒྱབ་པས་མཚོ་ད་ཁྲག་གིས་དམར་ཆིལ་བ་ཞིག་བྱས་ཉ་བཀྱལ་བ་བྱུང་། འདི་རྡོར་འཛིན་དུ་བཞུགས་པ་ནས་གཞི་བདག་གི་དངོས་བརྒྱུད་ཀྱི་ཆོ་འཕྲུལ་ཧ་འགལ་བས། མཐུ་རྩལ་ལ་མཚུངས་པར་མེད་པར་བརྩི་བ་འདི་བྱུང་བ་ཡིན། ལྷག་པར་གཤན་དམར་གྱིས་ཅི་གསུང་སྒྲུབ་པས་དེ་རང་ལ་ཐུགས་རྩིས་ཆེ་སྟེ། འཕྱོང་རྒྱས་ནས་སྡེ་པ་ཧོར་བསོད་པའི་དྲུང་རྩེ་ཐང་ནས་འཕྱོང་རྒྱས་སུ་ཕེབས་པ་ལ་ལམ་དུ་དགུག་མཁན་མང་བས་ཅི་དྲག་གླེང་སྐབས། ངེད་ཀྱིས་གཤན་དམར་ལ་ཕྱག་གཡོག་ཞུ་བཅུག་པས་ཉེས་པ་མི་ཡོང་གསུང་། དེ་ལ་གསེར་གཏོར་ཕུལ་སྨོད་བྱང་རྒྱས་པར་མཛད། དེ་ཀ་ལ་ཐུགས་བཀལ་ཏེ་ཕེབས་པས་མཚན་འགྲོས་ཀྱི་རིང་མོ་དམར་ཕུར་དེ་བ་ཆིབས་གནོད་དུ་འགྲོ་༼༡༠ན༡༩༽བ་དང་། ཉིན་རླུང་དམར་འཚུབ་འཁྱིལ་ལེ་བ་སྔོན་དུ་འགྲོ་བ་འཕྱོང་རྒྱས་སུ་མ་ཕེབས་རིང་བྱུང་བས་ལྷག་པར་ཐུགས་ཆེས་སྐད། དེ་དག་དཔེར་བརྗོད་ཙམ་སྟེ་ཐམས་ཅད་བྲིས་ན་འབུམ་ཙམ་མོ། །དང་པོ་རྗེས་དེད་འབོད་དུ་གནང་། དེད་རྣམས་བྱ་ཡུལ་ནས་རིམ་པས་ཡར་འབྲོག་ཏུ་སླེབ། ཆོས་རྫོང་པའི་བསུ་བ་འདུག་པའི་སྟེང་དུ་ནམ་མཁར་འཇའི་གུང་ཁང་ཁྱབ་ཞིག་འདུག་པ་ཀུན་གྱིས་མཐོང་འདིས་དེའི་ནང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གཙོ་འཁོར་ཁྲ་ཕུང་ངེ་བ་གཟིགས་པ་བཞིན་ར་ལུང་དུ་སླེབ། རེ་མ་ཏི་བབས་པའི་ངག་ལ་ཡང་ངེད་གཙོ་འཁོར་བསུ་བ་ལ་འོངས་པ་ཁྱོད་ཀྱིས་མཐོང་སོང་ཟེར་བས། གསུང་བ་ལ་ཡིད་ཆེས། གཞན་ཡང་རྗེ་གཤེགས་ནས་གདུང་ཆོག་འཛིན་པའི་སྐབས་སུ། སྐུ་གདུང་རིན་པོ་ཆེའི་དྲུང་དུ་བདག་བརྟག་པ་གཉིས་པ་ཁ་ཏོན་བྱེད། འདི་པ་བསྐང་གསོ་མཛད་ཀྱི་ཡོད་པ་ཞིག་གི་མོད་ལ་དངངས་ཧད་དེ་ཡུག་ཅིག་ལུས་སོང་། བདག་ལའང་ཟིལ་ཆེན་པོ་ཅིག་བྱུང་དུས་ཅི་ཡིན་ན་དྲིས་པས། བྱ་རོག་གདོང་གིས་བཙུན་པའི་མགོ་ཁྲག་ཐིག་ཐིག་འབབ་པ་རླངས་ཕྱུར་རེ་བ་ཞིག་བཞག་སོང་། མགོ་བོ་དེ་ཀ་ཐོག་པ་ཆོས་རྗེ་རྣམ་གྲོལ་བཟང་པོའི་དབུ་འདྲ་བ་ཞིག་འདུག །ངེད་ཀྱིས་མཇལ་མྱོང་བ་ཡིན་གཞན་ལ་འཕྲོས་མ་བཏང་གསུང་། དེ་ནས་ཟླ་བ་གཅིག་མ་ལོན་པར་དེ་གཤེགས་པར་སྣང་ངོ་། །དེ་ཡང་ཀ་ཐོག་པ་དང་བསྒྲུབ་སྡེ་པ་ལྷོ་ཕྱོགས་སུས་ལ་ཟློས་པ། ཁོང་རང་གཞན་དང་མི་འདྲ་བའི་དགེ་བཤེས། འཁོར་དུ་རྙིང་མ་བའི་སྔགས་འཆང་བཟང་པོ་རྐྱང་གིས་བསྐོར་བའི་མཐུ་ཅན་ཞིག་རེད་པས་ར་ལུང་ཕྱོགས་སུ་ལས་སྦྱོར་མང་པོ་བརྩམས་པ། རྗེའི་བྱིན་རླབས་ཀྱིས་གནོད་པ་ཅི་ཡང་མ་བྱུང་། རྗེ་གཤེགས་ནས་ནས་ངེད་རང་གིས་སྐུ་རིམ་ལ་འབུངས་པས་གནོད་མ་ནུས་པའི་ཁར་ཕྱིར་ལོག་པར་གོ་གཞན་ལས་སྦྱོར་ཆེད་དམིགས་ཅི་ཡང་མ་བྱས་གསུང་ངོ་། །གཞན་ཙ་རི་ཏྲར་རྡོལ་ཞབས་ཀྱི་པདྨོ་དང་སྐྱིད་ཤོད་དུ་སྤྱན་དྲངས་བའི་ཚེ་བྱང་ཁར་འབྲོངས་ཕུ་ཞེས་པ་བླ་མ་ཞང་གི་༼༡༠བ༢༠༽བསྒྲུབ་གནས་གཟིགས་པར་བྱོན་བསྙེལ་གསོས་ཏེ་བཞེངས་དུས་ཕྱག་རྡོ་ལ་བཙུགས་སར་ཕྱག་རྗེས་གསལ་པོར་བྱུང་བ་གསང་བར་མཛད་བཞེད་ཀྱང་ཕལ་ཆེར་གྱིས་མཐོང་བས་དེ་སུབ་མ་ནུས། ཙྭ་རིའི་དེ་སྦས་སོ། །གཞན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་བདུད་རྩི་དང་བུམ་ཆུ་ཁོལ་ཞིང་ལུད་པ། གཏོར་ཚོགས་མི་རྙིང་པ་སོགས་ངོ་མཚར་ནི་བརྗོད་ཀྱིས་མི་ལང་བ་བྱུང་ངོ་། །ཐོས་དོན་བསམ་པས་འདྲིས་པར་བྱས་པ་གང་། སྒོམ་པ་གོམས་པ་བཤད་བཞིན་འབྱུང་གཟིགས་ནས། གང་གིས་སྒྲུབ་ལ་ནན་ཏན་བརྩོན་བྱས་པའི། མཚུངས་པ་གངས་ཅན་འདི་ན་མི་ལ་ཀ །འཕགས་པའི་སྤྱན་གྱིས་མི་གཟིགས་དག་པའི་གཟུགས། གང་ཡང་མེད་མོད་ཆ་ཙམ་གཟིགས་གསུང་བ། བློ་དམན་བྱིས་པ་མགུ་བའི་ཕྱིར་ཡིན་ཞེས། དེ་ཉིད་གཟིགས་པའི་རྒྱུས་ཡོད་པ་རྣམས་གླེང་། ཕལ་ཆེར་བླ་མའི་གདམས་ངག་སྙན་གོང་བརྒྱན། ཡུད་ཙམ་རེ་ལ་ནོགས་པར་བྱེད་པས་ན། སྙིང་གླེགས་ཡོན་ཏན་བྲིས་ཀྱིས་འཕོངས་མཐོང་བས། ཕྱི་མའི་ཐར་འདོད་ཁྱོད་ཀྱི་རྣམ་ཐར་སློབ། རྗེ་བླ་མས་འདི་ཐག་ལོའི་གཞུག་ལ་བདག་གི་སློབ་དཔོན་དུ་བསྐོ་བར་མཛད་པའི་བྱི་ལོ་ཧོར་ཟླ་དང་པོའི་ཉེར་ལྔ་ལ་རྗེ་ཅུང་ཟད་སྐུ་གྲིབ་ཀྱིས་ཉོག་པའི་ཚུལ་བསྟན། དེའི་མཐུན་པའི་གཙོ་བོར་བཞུགས། གནམ་གང་གི་དགོངས་ཇ་ཐོན་རྗེས་གཏོར་ཁ་གསོས་པས། སུ་ཡིན་འོད་ལྷག་ལྷག་དེ་ཅི་ཡིན་གསུང་། བདག་ལགས། ཐུགས་དམ་གཏོར་ཁ་གསོ་བ་ཡིན་ཞུས་པས། ཆོས་མགོན་པ་ཡིན་འདུག་པ། ཁྱོད་ཀྱིས་སྤྲུལ་སྐུ་རིན་པོ་ཆེའི་ཕྱག་གཡོག་མཐིལ་ཕྱིན་པ་ཞིག་གིས་གསུང་གདམས་པའི་མོད་ལ་རྗེ་དགོངས་པ་ཐིམ། དེ་མ་ཐག་ས་གཡོ་བ་ཆེན་པོ་ཞིག་བྱུང་། རྗེའི་གསུང་དེས་བདག་ལོ་བཅུ་གསུམ་ནས་ཉེར་གཉིས་ཀྱི་བར་བཅར་བཞུགས་མཛད་གཙོ་བོར་བསྲུང་འཁོར། དེ་ནས་འབྲུག་ལུགས་ཀྱི་ཆོས་བཀའ་རྣམས་ལ་རྨོ་མོ་སློབ་མཛད་ཁྱད་པར་བདག་ལ་བརྩེ་བའི་སྤྱན་རས་གཡེལ་བ་མེད་པར་སྦྱོང་མཁན་བྱ་བཀྲ་ཤིས་རྣམ་རྒྱལ་ནི་གྲོངས། གོང་ས་བསྟན་འཛིན་ནོར་བུས་ནི་༼༡༡ན༢༡༽ར་ལུང་པར་ཕར་ཕུལ་མཁོ་བ་མ་སྟབས། ར་ལུང་ནས་རྗེ་རྒྱལ་ཚབ་དམ་པ་རང་གི་ཕལ་ཆེར་ནི་སྤྱན་འབྲས་ཀྱི་མཐོང་ཙམ་མཛད་ཀྱང་ཞུ་ཁ་ཡང་ནས་སྐུ་འཁྲིས་པ་རྣམས་ཀྱིས་བྱ་པར་ཕུལ། གཉིས་བར་གསུམ་ཤོར་གྱི་དཔེས་ཤིན་ཏུ་བྱ་བས་བཏང་བའི་རིང་། འདིས་ཐ་ན་གཉེར་ཚུན་ཁུར་དཀའ་བ་མཛད་པས་མི་གཅིག་ལ་དྲིན་ཆེ། ཕྱིས་དགུང་ལོ་བདུན་ཅུ་བརྒལ་བ་ཙམ་ལ། ཡང་རྩེར་སྤྱན་དྲངས་ཞབས་ཀྱི་པདྨོ་ལ་བཏུད་དེ། ཚེ་དབང་། ཕྱག་རྡོར། མགོན་པོ། གཞི་ཆོས་སོགས་འབྲུག་བསྐོར་རྗེའི་ཞལ་སྔར་པོ་སྟི་ལུང་དབང་ཙམ་ལས་མ་ཐོབ་པ་ཀུན་ཞུས། དེ་ཡང་རྗེ་ཉིད་ཀྱིས་ཕྱག་འབུལ་བ་དང་། གདན་མཉམ་མཉམ་གང་ན་མི་ཡོད། ངེད་རང་གིས་ཡང་རྗེ་རས་ཆུང་པས་རྗེ་བཙུན་ལ་སྐྱེས་སུ་ཕུལ་བ་ལྟ་བུར་འབུལ་བ་ཡིན་ཅེས་བཀའ་རྒྱ་གདམས་པས། ཕེབས་བསུ་ཕྱག་བཞུགས་གདན་ཆེས་མཐོ་བའི་མཐོང་བཀུར་ཞུ་མ་བཏུབ་པ་མ་གཏོགས་བདག་ཁེངས་ནས་མི་ཞུ་བ་མིན་ནོ། །དེ་ཡང་བདག་གི་ལོ་ཉེར་གཉིས་པ། འདི་ཉིད་རང་ཞེ་བརྒྱད་བཞེས་པའི་ཚེ། དཔལ་ཙ་རི་ཏྲ། དེའི་ནང་གི་རྩ་མཆོག་གམ་རྩ་གོང་ངམ་རྩ་རེ་ཞེས་བཞག་པ་དང་། གཤིན་རྗེའི་འདུ་ཁང་དུ་གནས་ཡིག་རྣམས་སུ་བསྒྲགས་པ། ཉམས་རྟོགས་ཅིག་ཏུ་འཆར་བའི་གནས་ཡིན་པས་ཅིག་ཅར་དཔལ་གྱི་ནགས་ལྗོངས། སློབ་དཔོན་ཆེན་པོ་པདྨས་མ་འོངས་པ་ན་སྐྱེས་བུ་མཁའ་ལ་སྒྲ་སྒྲོགས་པས་གཟུང་སྟེ་དགེ་འདུན་གྱི་ཀུན་དགའ་རབ་འབྱུང་བར་ལུང་བསྟན་པ། དེ་ཡང་མ་ཆེན་རྫ་ཁྲོད་ཤར་ནས་རྟེན་འབྲེལ་གྱི་དབང་གིས་འབྲུག་པའི་ལས་ཚན་བསྡུས། དེ་སྐབས་ཀོང་ཁ་སྟོད་འདིར་ནི་ཕལ་ཆེར་མི་ངས་ཀྱིས་ལྔ་པར་གྱུར་པས་རྐྱེན་པ་རྒྱལ་པོ་སྟག་རྡོ་རྗེ་སྩལ་དུ་བཏོན། ལྡིར་ཚོ་བརྒྱད་འོར་ཤོད་དང་བཅས་པའི་མི་སྣ་དྲག་པ་ཀུན་ཁྲིད། རྗེ་སྤོས་སྐྱ་པ་ལ་གསོལ་བ་བཏབ། འགྲོ་མགོན་བསོད་ནམས་རྒྱལ་མཚན་གནས་ནང་གི་རིག་པའི་མགོན། འགྲན་རས་ཀྱི་དབོན་ཆོས་སྐུ་བདེ་བ་ཆེན་པོ་དཔོན་སློབ་གནས་ཕྱིའི་ཡོན་༼༡༡བ༢༢༽བདག་གི་མཆོད་གནས་སུ་བརྫངས་ཏེ་རི་པ་ལ་ནས་ཆུ་འབབ་བཅུ་གསུམ་པ་ལ། ད་ལ་ཁྱེའུ་ཁྲག་མདོག་ཤའི་རལ་པ་ཅན་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ནུ་བོས་ཕུལ་བའི་གནས་གསིང་མ་གཡུའི་མཎྜྻལ་གསུམ་བརྩེགས་པ་འདྲ་བའི་སྟེང་ལ་ཐོབ་ཅེས་ལུང་བསྟན་པ་བཞིན། འགྲོ་མགོན་དེས་གནས་སྒོ་ཕྱེ་སྟེ་གཟུང་། དེ་ནས་རྒྱུན་རིང་བས་རི་པ་མཆོད་པ་སོགས་ཀྱི་རྣམ་གཡེང་གི་དབང་དུ་གྱུར་པས་སྒྲུབ་ཚུགས་ཞན་ནས། རྒྱལ་དབང་རྗེ་ཕེབས་སྐབས་ཇོ་བཟང་བཙུགས། བཞི་བཅུ་ཙམ་གྱི་རྒྱགས་གནང་། རྡོར་འཛིན་འགྲན་རས་ཀྱི་དཔོན་བརྒྱུད་ཆོས་རྒྱལ་རིན་ཆེན་བཀོད། དེ་ནས་རྡོར་འཛིན་གྱི་སྲོལ་གཏོད། དེ་རྗེས་རྡོ་རྗེ་འཛིན་པ་གྲགས་པ་རིན་ཆེན། རྡོ་རྗེ་འཛིན་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཛིན་པ་ཐལ་དུ་རིན་པོ་ཆེ། རྡོ་རྗེ་འཛིན་པ་ཌ་ཀི་རས་ཆེན་དྲུག་སོང་། བདུན་པར་བདག་ཀོང་པོ་ནས་ཡར་དབུས་གཙང་དུ་འགྲོ་ཞོར། རྐྱེན་སྣང་རྒྱལ་པོའི་གྲོང་ཁྱེར་དུ་ཙཱ་རི་པའི་རི་ཇོ་བཟང་། ཡོན་བདག་མི་སྣ་དང་བཅས་འཛོམ་པ་བྱས་ཏེ། རྡོ་རྗེ་གཡུ་སྒྲོན་མས། གནས་འདི་རྩུབ་འགྱུར་གྱི་ཚལ་དུ་ཡོད། དེའི་དབང་གིས་འདི་ལ་བར་ཆད་ཆེན་པོ་ཅིག་ཡོད། དེ་ལ་ད་ལམ་རྡོར་འཛིན་འདི་འོས་གཞན་གྱིས་ཡོང་བ་མེད་ཅེས་ལུང་བསྟན་པ་ལྟར་བསྐོས་པའི་ཉིན་ཆོས་རྗེ་རྡོར་འཛིན་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་སྒར་པ་དྲག་ཞན་ཐམས་ཅད་ཀྱིས་ཕྱག་འབུལ་བ་སོགས་མཛད་པས་འཕྲིན་ལས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས། དེ་རེས་དབུས་གཙང་ཚུན་དེད་དད་ལྷན་དུ་བྱོན་ཏེ། ཕྱིར་ཙཱ་རི་ཏྲར་བྱོན། ཀོང་པོ་ཁ་སྟོད་ལ་འབུལ་སྡུད་རྒྱས་པ་མཛད། འོར་ཤོད་ནས་དཔོན་འབྲུག་རྒྱལ་པོ་ཕ་བུས་ལྷག་པར་ཞབས་ཏོག་ཆེ། བསྡུ་བའི་དངོས་པོ་བཞི་ཕྱག་ལེན་ལ་བསྟན་ཏེ་བཞུགས་རིང་། སྒྲུབ་པ་བ་རྣམས་ལ་བར་བར་དུ་བཀའ་ཆོས་བློ་དང་མཚམས་པར་གནང་། གཞན་ཐུགས་དམ་འཕེལ་བར་བྱུང་ངོ་། །དེ་ལྟར་ལོ་གསུམ་ཚུན་ཐུགས་སོ་མི་སོད་པ་མེད་ལ། ཕག་ལོ་ཕྲག་ཡུལ་སྲུང་༼༡༢ན༢༣༽རིར་འབྲུག་པའི་དགོན་གསར། ཀར་སྲིད་པས་བཤིག །ལྷོ་བརྒྱུད་པའི་འབྲུག་པས་ཇོ་བཟང་མ་བྱས་པར་དེའི་ལེན་པོར། རྗེ་མི་བསྐྱོད་རྡོ་རྗེའི་མཛོ་མངས་ཕྱགས། དེའི་ལན་དུ་དགོངས། ཙཱ་རི་པ་དཔོན་སློབ་གང་ལའང་ཐེ་རག་མེད་ཅིང་ལུང་སྟོངས་སུ་སེམས་ཅན་གྱི་བདེ་སྐྱིད་སྒྲུབ་པར་བསྡད་པ་ལ། ནང་སོ་སྐུ་རབ་པས་ཙཱ་རི་བར་ཞབས་ཏོག་བྱེད་ས་མེད་པའི་ནག་ཡིག་བཀྲམ། དེར་སྐུ་རབ་ཏུ་བྱོན་ནས་རྒྱུ་མཚན་མཐའ་སེང་ཕུལ་བར་མི་ཆེན་རྫུའི་རང་བཞིན་མི་མཛད་པར་གསུང་རིགས་ཐོན་རྩིབ་འདྲ་ཞིག་འདུག་པ་དང་། གནས་བསྲུང་གིས་འབྱོན་པར་བསྐུལ་ནས། བྱ་ཡུལ་དུ་ཞུ་ངོ་སྤྲོན་པར་བྱོན། མིའི་དབང་པོ་མཆེད་ཀྱང་། ཉིད་འཁྲུངས་ས་མངའ་ཞབས་པར་སོང་། ཞུས་པ་ལ་ཆེད་གཉེར་མ་མཛད། དེའི་རིང་ལ་སྐུ་རབ་ནས་ཕུག་བཞུགས་ཀྱི་གདན་ས་སྤང་ཆེན་གསེར་འབྲུ་སྐྱོ་གོ་བས་སྲེགས། དེར་རི་ཇོ་བཟང་རྣམས་ཀྱིས་མ་ཆགས་པར་ཚུར་འོང་ལམ་སྐྱོ་སྒོ་བའི་ལྟེས་བོ་བྱེད་མཁན་དེ་ཁོང་ཚོ་དང་གདོང་ཐུག་ཏུ་བྱུང་ནས་གྲོན། དེ་དག་གིས་ཡུལ་སྟོད་ཀྱི་སྤང་མོ་བསྲེགས། བྱ་ཡུལ་དུ་འབྱོར། སྐྱེ་སྒོ་བས་དེ་ལན་ལ་སྤང་ཆེན་གཟིམས་ཁང་སོགས་བསྲེགས་པས་ཚབས་ཆེ་བར་གྱུར། རང་ལ་ལེ་ལན་མེད་ཀྱང་སོ་སོའི་བསྟན་པའི་སྐུ་ཆགས་སུ་འདུག་པས་བཅོས་མ་བདེ། དེའི་ཚེ་བསྲུང་མ་བསྐུལ་བའི་དུས་ལ་བབ་པར་བསམ། ལོ་རོ་གྲོང་སྟོད་མཁར་ནས་དམོད་པ་དང་བཅས་གཏོར་ཆེན་འཕངས་པ། མེ་དཔུང་དངོས་སུ་དྭགས་ཕྱོགས་སུ་རྒྱུག་པ་བྱུང་། དེ་ནས་གཙང་ནས་གདན་འདྲེན་པ་དང་བསྟུན་རྒྱལ་བྱེད་ཚལ་ཚུན་བྱོན་གྲྭ་རིགས་དེར་བཞག །སྡེ་སྲིད་རིན་པོ་ཆེ་གོང་དཀར་ནས་ཀྱི་སྐུ་བསྲུང་དུ་ཕོ་ཉ་བས་སྤྱན་དྲངས་ཏེ། གཞི་ཁ་གོང་དཀར་དུ་ཕེབས། དཔོན་ས་བདག་མོ་དུང་དཀར་མས་དེ་ཁ་ནས་བཀའ་ཆོས་གསན། སྡེ་སྲིད་ཞབས་དྲུང་རང་ནས་བསྐུར་མཐོང་ཤིན་ཏུ་ཆེ་བ་མཛད། ཆུ་བོ་རིར་གཏན་བཞུགས་དགོས་པའི་ཞུ་ནན། ཟེ་བོ་བཞུགས་ཡུལ་དུ་ཕུལ་བ་རེ་ཞིག་བཞེས། དེ་ནས་རིང་པོར་མ་ལོན་པར། ༼༡༢བ༢༤༽འཕྱོང་རྒྱས་སྟག་རྩེ་ནས་ཁྲི་ལྕམ་དོན་ཡོད་སྒྲོལ་མ་སྐུ་སྐྱེ་དམའ་བ་ལ་མཁྱེན་རབ་སྐུ་བསོད་དེ་ལས་ཆེ་བ་མི་སྲིད་པ་དེས་སྤྱན་དྲངས། བླ་མར་ཁུར་གདང་པོ་ཆེ་བརྩིས་ཕུལ། གོང་དཀར་ནས་ཞབས་དྲུང་སྣེའུ་གདོང་རྩེའི་ཁྲིར་ཕེབས་པའི་སྐབས་སུ་དེར་བྱོན། སྦེ་སྲིད་ཀྱི་གོར་བཞུགས་པས་དྲག་པོའི་ལས་སྦྱོར་འཁོར་ལོ་མནན་གཏད་སྦྱིན་སྲེག་སོགས་མཛད་པའི་སྐབས་མ་བྱུང་ཡང་བསམ་གཏན་གྱི་སྟོབས་དང་། བསྲུང་མ་དང་སྡེ་བརྒྱད་བཀོལ་ནུས་པའི་དབང་གིས་མཚན་མ་བཟང་བར་བྱུང་། དེ་ལོ་རྐུ་རབ་པ་གར་སྟོད་དུ་བྱོན་པས། བྱིངས་ཀྱིས་མཐུ་མི་བདེན་པ་ལྟ་བུར་གླེང་ཡང་། དཀོན་མཆོག་གིས་བསླུ་བ་མེད་སྙམ་རྩེ་གཅིག་པའི་གསོལ་བ་བཏབ། རྐུ་རབ་ཏུ་ལྟས་མི་དགེ་བ་མང་པོ་མང་པོ་བྱུང་། དེ་ཁའི་དགུན་ནས་བརྩམས་ཏེ་རྐུ་རབ་པའི་དམག་ཀོང་པོར་བརྩམས་ཚད་བུག །ལྟག་པར་གླང་ལོ་ཆོས་རྒྱལ་ཕོ་བྲང་དུ་དམག་བུག་ཚབས་ཆེ་བའི་ཁར་རིད་འཕྲང་དུ་ཀོང་པོས་སྦུབ། སྟོང་སྒྱེར་གྱི་བར་ཀོང་པོ་ལ་ཤོར། ཡང་དག་ས་སྟོད་དུ་སྡེ་འདུས་བསྒྲིགས་དགས་སྟོད་ཚང་མ་ཤོར་བ་སོགས་ཀྱིས། རྗེ་པདྨ་དཀར་པོ་བཀྲ་ཤིས་མཐོང་སྨོན་དུ་བཞུགས་པར། སྡེ་པ་ཀུན་དགའ་པ་རང་བྱོན། བྱ་བ་ཡབ་ཡུམ་བྱིས་ཞུ་ངོ་མཛད། ཙཱ་རི་སྤང་མོ་ཡང་ཆམ་པ་ཁོང་རས་བཟོས། ཙཱ་རི་མཆེད་པའང་འཕྲོ་བརྡུངས་ཀྱིས་ཉམ་ཐག་ནས་ཚོད་ཟིན་པར་གྱུར་ཏེ་ད་ལྟའི་བར་དུ་བདེ་བར་གྱུར་པ་ཡིན་ནོ། །དེ་ནས་ཙཱ་རི་ཚགས་སུ་བཅུག་ཙཱ་རིར་བྱོན་ཡུན་འགར་བཞུགས་བཀའ་བཅུ་པ་སྟག་དང་ཕྱིས་རེས་འཕེན་རམ་པ་སོགས་སྒྲུབ་པ་བ་རྣམས་དང་། འཕྱོང་རྒྱས་ནས་སྡེ་པ་ཆོས་རྗེའི་དྲུང་། གཡའ་བཟང་ཆོས་མཛད་གཞོན་པ་སོགས་ཆོས་དབང་གིས་རེ་བ་གང་བར་བྱས། ཅིག་ཅར་བདེན་ས་གྲ་འགྲིག་ཤུགས་ཆེ་ལ་གནས་ཟིན་པར་སོང་བས་ཐམས་ཅད་ཀྱིས་སྒྲོག་རུས་པ་ཆག་པས་གྱང་དུ་སོངས་ཞེས་བསྔགས་སོ། །རྐྱེན་དེ་ལྟ་བུ་ལ་བསྲུང་མ་བསྐུལ་བའི་ནུས་པ་ཅན་འདི་ལྟ་བུར་མེད་ན་གནས་སྐོར་ཚུད་པ་དཀའ་བར་མཐོང་བས་སྔོན་ཨ་ལྕེའི་ལུང་བསྟན་ལའང་ཡིད་ཆེས་སོ། །རྡོར་འཛིན་༼༡༣ན༢༥༽མཛད་བཞིན་པར་བྱ་ཡུལ་དུ་བྱོན་དུས་མིའི་དབང་པོ་མཚོ་སྐྱེས་རྡོ་རྗེས་གསུང་ཆོས་གསན་བཞེད་དེ་སྙན་དུ་ཕུལ་བར་དེ་འདྲ་མི་ཡོང་གསུང་། ཕྱག་གཡོག་པ་རྣམས་ཀྱིས་གནང་དགོས་ཚུལ་ཕུལ་བར། སྤྱིར་སྡེ་པ་འདི་ཀུན་སྐངས་རིན་པོ་ཆེ་ལྟ་བུ་ལ་འང་གཡོག་མཐོ་གིས་བརྙས་བཅོས་མཛད་པར་སྣང་། དགེར་སྒང་ངེད་རང་གི་སྐུ་མཆེད་འདི་གཉིས་སྐུ་ན་ཕྲ་བ་ནས་བརྩམས་ཏེ་ཞབས་ཏོག་ལ་འབུངས་པ་ཅིག་ཡིན་ཏེ། ངེད་རང་ཙཱ་རི་ནས་ཡུལ་ཐོན་པའི་དུས་ལེགས་པོ་གཏན་མ་མཛད། སྡུག་དུས་སུ་ཐུགས་རྗེས་འཛིན་མཁན་གོང་དཀར་ནས་སྡེ་སྲིད་རིན་པོ་ཆེ་སྲས་ཡུམ། འཕྱོང་རྒྱས་ནས་ཡུམ་དྲུང་རང་ཡིན་གསུང་སྡེ་པར་ཆོས་ཡེམ་ཕུལ། དོན་དམ་ཚིག་ལ་སེལ་ཞུགས་དོགས་པ་འདུག །གནས་སྐབས་བྱ་པར་སྐྱོན་པ་འདྲ་ཡང་ཕུགས་གཟིགས་པས་ཐུགས་བརྩེར་གདའོ། །དེ་ནས་དབུས་སུ་ཕེབས་ནས། ཡུམ་གྱི་བཀས་བསྐུལ་ནས་སྡེ་པ་ཧོར་བསོད་པའི་དྲུང་གིས་ཀྱང་གཏེར་མགོན་གྱི་དབང་གསན་ཟིལ་གཞན་དང་མི་འདྲ་བ་བྱུང་། བཤིབས་སྐྱིན་ཐུགས་དང་འཁྲུངས། ཕྱིས་སྡེ་པའི་བཀའ་ལས་བླ་མའི་དྲུང་ལ་ཨ་མ་དྲུང་པས་གསུང་ཆོས་གསན། དེད་ལ་ཞུས་རང་གསུང་བ་འདི་བྱ་བའི་ཞེན་རུས་ཡིན་བསམ་པ་ཤར་ནས་ཡུན་རིང་པོར་མ་ཞུས། ཕྱིས་བཀའ་བཞིན་ཞུས། དོན་ལ་བཅར་ན་བླ་མ་འདི་དང་སྤྲད་པ་གཅིག་བུའི་བཀའ་དྲིན་ཡང་ཁུར་མི་ཚུགས་པ་འདུག་གསུང་ཤིན་ཏུ་གུས། དེའི་སྟོབས་ཀྱིས་རྒྱལ་བུ་ལྕམ་སྲིད་ཀུན་གྱི་རྩ་བའི་བླ་མར་འཁུར། ཀརྨ་པ་རྣམས་རྗེ་མི་བསྐྱོད་རྡོ་རྗེ་འདིས་མཐུས་དཀྲོངས་དེའི་དབང་གིས་འབྲུག་པའི་མཐུ་བ་རྒྱ་བོ་ཟེར་གནག་གནག་རང་བྱེད་པ་ཞིག་འདུག་སྟེ། འདི་ནི་སྐྱེས་བུ་དམ་པ་སུ་ཡང་མནན་བསྲེག་བསད་དབྱེ་སོགས་ཀྱི་ཡུལ་མིན་གལ་ཏེ་ལས་སྦྱོར་དེ་དག་གི་མཚན་དང་ན་བཟའ་ལ་སོགས་པའི་དུམ་བུ་ཤོར་ན་དགོས་པའི་ལས་བུལ་མེད་དུ་གཏོང་བ་ཡིན་ཅེས་ཉིད་ལྟ་ཅི་གཞན་ལ་གདོམ་ན་སྐྱོན་གར་ཆགས། དེ་སྐད་ཟེར་བའི་རྒྱུ་ཡང་། རྗེ་དེ་མཚོ་དཀར་དུ་ཕེབས་པའི་དུས་བུད་མེད་བཟང་མོ་ཞིག་༼༡༣བ༢༦༽དང་། བན་མ་ཧོར་ལྟ་བུ་གཉིས་ཀྱིས་ཇ་ཐོད་བརྒལ་ཞིག་ཞུ་བ་ཐབ་ཏུ་སྐྱར་བས་ཁྲག་ཏུ་སོང་། དེ་གཉིས་གར་ཡང་མ་སྣང་། དེ་ནས་བསྙུན་གཞིས་དཔོན་སློབ་གྲོན་ཆད་མང་། དེའི་རྐྱེན་གྱིས་རྗེ་ཡང་གཤེགས་པར་འདུག །དེ་ནི་གནས་བསྲུང་གི་ཆོ་འཕྲུལ་དུ་ནི་ཀུན་རྩི་སྣང་། ལས་ཀྱི་སྦྱོར་བ་མཁན་གྱི་བྱས་པར་མི་འདུག །དེ་བཞིན་གྲོ་བོ་ལུང་ནས་ཆོས་རྗེ་དཔའ་བོའི་དྲུང་ཀོང་པོར་ཕེབས་པའི་ཚེ་སྒར་པ་དྲག་པ་མང་པོ་ཤི། རྗེ་རང་ལའང་འོད་མི་ཐང་བར་བསྙུན་མཛེ་ཐུ་བ་ཞིག་བྱུང་བྱས་པའི་དུས་སུའང་། འབྲུག་པའི་མཐུ་བ་རྒྱ་བོས་གཏང་དང་དུ་བརླུང་ཞོན་བཏང་བ་ཡིན་ཟེར། དེ་ཡང་དེ་ཉིད་ཀྱི་སྲས་མཁར་ལ་སོགས་པའི་ས་གཉན་སར་མཁར་ལས་དང་། བཤད་སྒྲུབ་གླིང་གི་རྟེན་ཆེན་ལ་རྒྱ་འདྲེ་གདུག་པ་ཅན་ཞུགས་འདུག་པ་བཏོན་པ་ཡིན་གསུང་ཞལ་ཚོ་མཛད་འདུག་བ་དེ་དག་གི་སྐྱོན་འདྲ་ཡི། འདིས་ནི་དེ་དག་ལ་མཐུ་བྱེད་པའི་རྒྱུ་ཡང་མི་སྣང་ངོ་། །གང་ནའང་འདི་ལ་སྨད་པའི་ལུགས་སུ་བྱས་དེ་སྐད་བསྒྲགས་པའོ། །བརྟགས་ན་རང་གི་བླ་མ་དེ་དག་ནུས་མཐུ་གཞན་ལས་ཆུང་བ། ལྷ་དང་ལྷར་མ་མཉམ། མི་དང་མིར་མ་མཉམ་པ་འདྲ་ཞིག་འདུག་པས་བླུན་པོའི་སྨད་པ་བསྟོད་རའི་དཔེ་གཙང་མའོ། །ཟིང་པོ་བརཏལ་མིས་རྗེ་པདྨ་དཀར་པོ་ལ་བརྙས་ཏེ་རུ་པ་ཕྱགས། ཇ་སྒྲུབ་པ་བརྡུངས་བྱས་དུས། བླ་མའི་སྐུ་དགྲ་དེ་ཁར་བཞག་པས་མི་འཐུས་དགོངས་དྲག་པོ་གཏོར་ཟེར་རོ་ཙམ་མཛད་པས། ཡུལ་དེར་རླུང་དམར་ཆེན་པོ་འཚུབས་ཤིང་། ཉི་མ་དགུང་ལ་མུན་རུབ། ཡུལ་དེའི་ཤིང་སྡོང་མང་པོ་འགྱེལ། ཁང་པའི་པུ་ཤུ་ནང་དུ་ལྷུང་པ་སོ་ལས་བྱུང་། གཡུ་འབྲུག་ཁོ་རང་ལིངྒའི་དབྱིབས་སུ་སོང་ནས་མྱུར་དུ་ཤི། ཤུལ་མི་ནང་འཛིངས། མཐུ་གྲགས་ཀོང་ལུད་པར་མི་ཤོང་བ་བྱུང་། མི་ཐམས་ད་བན་བཙུན་ལ་མ་བདོ་ཟེར་ནས་མཐོང་ཆེར་རེང་པས་བསྟན་པ་སྤྱིའི་ཞབས་ཏོག་ཏུ་སོང་ངོ་། །གཞན་ཡང་རིན་སྤུངས་པ་དཔོན་ཞང་ལ་རྗེ་པདྨ་དཀར་པོ་སྐུ་དྲིན་ཅན་ཡིན་ཀྱང་དྲིན་ལན་ལོག་འཇལ་དུ། རྒྱལ་བྱེད་༼༡༤ན༢༧༽ཚལ་ཐོར་ཞིག་དང་། དཔོན་སློབ་ཕྱོགས་གཏོགས་ལ་ཙ་ར་བརྡ་འདེད་བྱེད་རྒྱུ་བ་ཞིག་འདུག་པར། བཀྲ་ཤིས་མཐོང་སྨོན་དུ་བཞུགས་སྐབས་ལྕང་གླིང་པ་དང་། སྔགས་གྲྭ་སློབ་དཔོན་ཀུན་སྙིང་སོགས་ཀྱིས་གསོལ་ནས་ཆོས་སྐྱོང་རྦད་པའི་འགོ་བཙུགས། རིན་སྤུངས་སུ་ལྟས་ངན་པ་མང་དུ་བྱུང་སྣང་སྟེ་ནོན་ཆེས་པས་ཤོད་པ་འགགས། སྐུ་གཤེད་ཡོད་རིང་ལ་བརྐྱང་བསྐུམ་མ་མཛད་པས་སླར་ལྷ་རྩེ་ནས་བསྒྲུབས་པའི་གཏོར་མ་ཆེན་པོ་དང་ཁྱབ་མཇུག་གི་གདོང་ཟོར་ཉི་ཞུར་གྱི་དུས་འཕངས་པ་དེར་ཁྲོམ་ཐམས་ཅད་ཀྱིས་མངོན་སུམ་ལ་གཏོར་མ་གཉིས་ལས་མེ་འཐོན་སྒྲ་དང་བཅས་ཇེ་ཆེར་སོང་ནས་གཙང་ཕྱོགས་རྒྱུགས་པ་བྱུང་། རིན་སྤུངས་སུ་མཐུ་རྟགས་བྱུང་ཚུལ་ཀྱང་སྔ་མ་ནི་ཟླ་བ་བཅུ་གཉིས་པའི་ནང་དུ་གཞིས་ཁར་གཙོ་ཕོག །སྤྲིན་རཱ་ཧུ་ལའི་གཟུགས་སུ་སྣང་བ་ཤར་ནས་འོངས་ཏེ་འབྲུག་གློགས་སེར་བ་ཚད་མེད་བབས། བྱམས་ཆེན་པོ་ཏ་ལ་སྡིབ། དེ་ནས་བརྩམས་ཏེ་གཏོར་མ་སྐམ་པོ་ཐོག་ཏུ་བབས་པ། གནམ་རྡོ་ལྷུང་བ་སོགས་དང་། ཁྱད་པར་གཙོ་བབས་པས་བླ་ཤིང་དང་རིན་སྤུངས་མཚོ་ལྷའི་ལྷ་ཐོ་བསྲེགས། གཞི་ཁ་རང་གི་སྒྲོལ་མ་ལྷ་གཙོའི་མེས་བསྲེགས་པ་སོགས་རྟགས་བསམ་གྱིས་མི་ཁྱབ། རྟགས་དེ་བྱུང་བའི་ནུས་པ་ཁོ་རང་དཔོན་བློན་འཁྲུགས་གཙང་ཤོར། གཞིས་ཁ་རིན་སྤུངས་སུ་དེ་སྔ་དགྲའི་དམག་མཐོང་མ་མྱོང་བ་ལ་ཀོད་པ་ཚོང་པས་དངས་བསྟོད་བྱས་ཏེ་སྐོར་རྒྱག་ཚ་གྲུལ་ཅན་བྱས། ད་ལྟ་ལྷག་མེད་དུ་མ་གྱུར་ཙམ་མོ། །སྐུ་བསྲུང་པ་སྔགས་པ་རྡོ་རྗེ་ཟེར་བ་ཞིག་གིས་འབྲུག་པའི་མཐུ་བཟློག་འདྲ་ངས་ཁག་ཐེག་ཟེར་ཁ་ཚོ་བཏོན་པ་ལ་ཚིག་དེ་བསྟན་པ་སྤྱིར་བརྙས་པས་ཆེད་ཀྱིས་གཟིར་བས། དེ་ཉིད་ཀྱིས་གཏོར་མ་འཕངས་པ་ལོག་ལྟས་འགྱུར། ནད་ཤིན་ཏུ་པ་པོས་མནར་ཏེ་སྐད་ངན་འདོན་བཞིན་པར་ཤི་བར་འདུག །གཞན་སྡེ་སྲིད་དེ་པ་ཕྱ་གྲལ་གྲྭ་ས་གྲངས་མང་། སྐུ་རིམ་བཟང་། ཡང་ཐུགས་བསྣུབས་པ་སོགས་སྔགས་འཆང་བཟང་ལ་མང་བས་མཐུ་ཆེན་མིན་པས་གླགས་རྙེད་པའང་དཀའ། རིན་སྤུངས་༼༡༤བ༢༨༽པའི་མིང་མ་གཏོགས་དེའི་ནང་ཚན་འགའ་ལ་མཐུ་བྱུང་ན་གཡེང་མི་ཐོན་དེ་རང་ལ་གཟིར་དགོས། བབས་ན་ཆོས་པ་ཡིན་པས་མཐར་མི་སྐྱེལ་ལོ་གསུང་། སྔོན་གྱི་རྭ་ལོས་ཀྱང་མཐུ་རྟགས་འདི་ཙམ་བཏོན་པའི་སྐད་མི་སྣང་ངོ་། །གཞན་ཡང་བྱ་ཡུལ་དུ་བསམ་པ་ངན་པས་ཀུན་ནས་བླངས་ཏེ་སྦྱོར་བ་ངན་པ་བྱེད་པ་རྣམས་ལ་མགོ་བོར་གནམ་ལྕགས་འབབ་འགོ་ཚུགས། དེས་ན་རྗེ་གོང་མས་འདི་སྔགས་འཆང་དུ་བཀོད་པ་ནི་སྐུ་སྐྱེས་ཕྱི་མ་ལ་ཞབས་ཏོག་རླབས་པོ་ཆེར་དགོངས་པར་གདའོ། །ཤུན་དུ་དཔོན་ས་བདག་མོའི་དྲུང་དང་། སྐྱིད་ཤོད་ནས་དཔོན་ས་སྟག་ལུང་ནས་སྤྱན་དྲངས་བཀའ་ཆོས་ཀྱིས་ཐུགས་ཀྱི་རེ་བ་གང་། ཚལ་པའི་དགེ་འདུན་ལ་ཆོས་ཀྱི་སྦྱིན་པ་བཀྱེ། སྟག་ལུང་ཁྲི་རིན་པོ་ཆེའི་བླ་མར་གདན་འདྲེན་བྱུང་ཀྱང་ཕེབས་མ་ཐུབ་ལྷག་པར་གོང་དཀར་དུ་བྱོན། སྡེ་སྲིད་རིན་པོ་ཆེ། ཡུམ་དྲུང་། རྒྱ་རི་ནས་དཔོན་ས། གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་དང་བཅས་པར་འབྲུག་ལུགས་ཐེལ་ལུགས་ཀྱི་ཆོས་བཀའ་མཐའ་ཡས་པ་ཕུལ། གཞན་ཡང་གསེར་ཐོག་ནས་མཆེན། མངོན་དགའ་དབོན་པོ་སོགས་འབྲུག་པའི་གྲྭ་རིས་ཆོས་འཆད་རྣམས་དང་། དཔལ་ཀུན་བཟང་རྩེ་བ་ཡབ་སྲས་སོགས་རྩེའི་དཀོན་གཉེར་དཔོན་རྣམས་དང་། སྡེ་པ་ཤག་པ་ལྷ་ཐོངས་པ་ཞལ་ངོ་སོགས་དྲུང་སྐོར། ར་བ་སྨད་པའི་སློབ་དཔོན་པའི་དྲུང་དང་དགེ་འདུན་སོགས་ཆོས་ཀྱིས་ཚིམ་པར་མཛད། ཐངས་གསུམ་བཞི་ཙམ་ཕེབས། ར་ལུང་དུ་དབོན་རིན་པོ་ཆེར་སྒྲུབ་ཐབས་རྒྱ་མཚོ་སོགས་ཕུལ། ཡུམ་ཆེ་ཆུང་གཉིས། སྲས་དང་བཅས་པའི་བླ་མར་བསྐུར། དབོན་རིན་པོ་ཆེ་རང་ལ་འབྲུག་སྐོར་གྱི་ཕྱག་བཞེས་གལ་ཆེ་ཚད་གནང་ངོ་། །དེ་དུས་པ་སྣམ་དུ་རྗེ་པདྨ་དཀར་པོས་ཤོག་ཕེབས་པ་ལྟར་འབྱོན་ཞོར་རྒྱང་མཁར་རྩེར་ཡུམ་དྲུང་མངའ་བདག་རྒྱལ་མོ། སྡེ་པ་རྣམ་པར་རྒྱལ་བ། དཔོན་ས་བྱང་ནས་སོགས་ལ་དབང་ལེགས་པར་ཕུལ། སྡེ་པ་མ་ནས་བཞུགས་གདན་མཉམ་མཉམ་ཇ་སྣ་གཏོད་པ་སོགས་བཀུར་མཐོང་ཆེ་བར་བྱུང་། བློ་བདེ་རྩེ་ཆེན་ནས་ཞབས་ཏོག །འབྲོང་རྩེར་སྡེ་པ་སྐུ་སྐྱེར་ཆོས་༼༡༥ན༢༩༽དབང་། པ་སྣམ་དུ་རྗེའི་ཕྱག་ཕྱིར་མཚན་ཉིད་གྲྭ་ཚང་གཉིས་སྔགས་གྲྭ་ཅོ་གྲྭ་དང་བཅས་བཞུགས་པའི་དགེ་འདུན་བརྒྱ་ཙམ་གྱིས་བསུ་བ་གསེར་སྦྲེང་དང་བཅས་འདུག །ཕེབས་ནས་གཅུང་རིན་པོ་ཆེའི་སྤྲུལ་སྐུ། ལས་བསྟོད་བྱང་ནས་རྗེ་བཙུན་དྲུང་། ཆོས་སྡེ་དགའ་གདོད་མཁན་པོ་ཆོས་རྗེ་རབ་བརྟན་པ། སྔགས་གྲྭ་སློབ་དཔོན་ངག་དབང་བློ་གྲོས། མཚན་ཉིད་སློབ་དཔོན་ཤེད་ལེགས་པ། ཅོག་གྲྭ་བླ་མ་བཀའ་བཅུ་པ་དབང་ཕྱུག་དཔལ་ལྡན། དེ་བའི་ཁྲོད་ན་ཕུག་ནས་རིན་ཆེན་དཔལ་བཟང་། གྲོང་ནག་ས་མཛད་སོགས་མདོ་སྔགས་ལ་མཁྱེན་པ་ཅན་མང་དུ་བཞུགས་པ་རྣམས་ཀྱིས་གཙོས་དགེ་འདུན་བདུན་བརྒྱ་ཙམ་ལ་ཆོས་སྐྱོང་གི་རྗེས་གནང་སོགས་འདོད་ཆོས་ཀྱིས་རེ་བ་བསྐང་། རྗེ་བྱ་ཡུལ་དུ་ཐེགས་ནས་རྒྱལ་བྱེད་ཚལ་དུ་རྒྱུན་རྐྱད་པ་བཞུགས། རིམ་གྱིས་གོང་དཀར་ཞབས་དྲུང་འབྱོར། དེ་དུས་རྒྱལ་ནས་ཐམས་ཅད་མཁྱེན་པ་དེར་ཕེབས་པ་དང་མཇལ། བཀའ་ལས་ཆོས་སྐྱོང་གི་སྐོར་ལ་དོགས་གཅོད་ཞུ་དགོས་ཡོང་གསུང་བ། དྲུང་པ་ལྷ་བཙུན་པས་ཕྱག་འབུལ་ལ་བྱོན་ཆོས་སྐྱོང་སྐོར་གསན་རྒྱུའི་སྙན་གསན་ཕུལ་བྱུང་། འཕྱོང་རྒྱ་སོགས་སུ་ཕེབས། གཞན་ཡང་སྡེ་བ་དྲུང་གི་སྤྱན་དྲངས། སྡེ་པ་སྐུ་མཆེད། མེ་རག་མདོ་ནས་ཆོས་རྗེ་སྐུ་སྐྱེ་སོགས་ལྷོ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། ལམ་དུ་སྡེ་པ་ཡུགས་ནས་རླུང་ཇོ་ཡེས་ཀྱི་དབོན་ཚང་མཁྱེན་པ་ཡངས་པ་ཆོས་པ་རབ་གཅིག་དང་མཉམ་གསུང་ཤིན་དགྱེས། སྔ་ཕྱིར་གཞི་ཁ་གྲི་གུར་ཕེབས་པའི་སྦྱིན་བདག་སྔ་མ་སྡེ་པ་དཔལ་ལྡན་བཀྲ་ཤིས་ཀྱི་གནས་བཅུ། ཉིད་ཀྱི་སྐུ་བརྙན་རྣམས་ཀྱི་རབ་གནས་གསུང་ཆོས་གསན་ཡུན་ཡང་རིང་བར་བཞུགས། ཕྱིས་སྡེ་པ་ནོར་བུའི་དྲུང་ཡབ་སྲས་ཀྱིས་གུས་པ་གཞན་དང་རིམ་འདྲ་མཛད་ཕྱག་ཏུ་ཅི་དགོས་ཐམས་ཅད་དེ་ནས་འབུལ་བས། བཀའ་ལས་ངེད་རང་ལ་ཟང་ཟིང་གི་ནོར་དགོས་ཚད་བླངས་ཆོག་པ་སྡེ་པ་རིན་པོ་ཆེ་གྲི་གུ་ནས་ཡིན། དེ་དག་གི་སྐུ་རིམ་མ་བྱས་ན་མི་ཡོང་ཕེབས་རྒྱུན་བརྟན་གྱི་བསྲུང་འཁོར། ཆོས་སྐྱོང་ལ་༼༡༥བ༣༠༽ལེགས་པའི་མདོངས་སོལ་མཛད་སྣང་། སྡེ་པ་ཆོས་རྗེ་བློ་གྲོས་པད་དཀར་བ་ལ་ཐུགས་རབ་ཆེ་བས་ངེད་རང་གི་སློབ་མ་དྲག་ཤོས་རང་དུ་ཡོད། ད་སྡེ་པས་གཞི་ཁའི་འཁུར་འདི་བཞེས་པ་ཙཱ་རི་ལྟ་བུའི་བླ་མ་ཞིག་མཛད་ན་གསུང་། ངེད་རང་ལ་ཁོང་སྐུ་མཆེད་པས་ཞབས་ཏོག་མྱུར་བ་མེད་ཅེས་ཡང་ཡང་གསུང་། གཞན་ཡང་སྡེ་པ་ཀ་བཞི་པའི་ཆོས་མཛད་ལ་ཡང་ཐུགས་ཞི་དུལ་ཆེ་གསུང་མཉེས་མཉེས་མཛད་གདམ་ངག་ཀྱང་ལེགས་པར་གནང་། ཕྱིས་ཙཱ་རི་གདན་ས་བསྐོ་བཞག་གི་འོས་ཀྱང་ཁོང་གཉིས་དད་ལྕང་གླིང་རོལ་པའི་རྡོ་རྗེ་ལ་མཛད། གཞན་ཆོས་རྗེ་ཀུན་དགའ་ལེགས་པའི་སྐུ་ཚ། རཏྣ་གླིང་པའི་དབོན་རིན་ཆེན་རྒྱན་མཆོག །དར་ལུང་སྐུ་སྐྱེས་སོགས་ཐམས་ཅད་ལ་ཐུགས་རྩིས་ཆེ། དེ་ལྟར་ཙཱ་རིར་ལོ་ཉི་ཤུ་རྩ་ལྔ་ཙམ་རྡོར་འཛིན་དུ་བཞུགས་དེའི་རིང་ལ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་མི་ཚད་ལས་ཆེ་བ་གསེར་ཟངས་ཀྱིས་བཞེངས། དེ་ལ་ཆོས་རྫས། དཀར་མེའི་འབྲི་གནག་ལྟོས་ཆེ་བ་སྦྱར། དེ་དུས་རྐྱེན་ནས་ནང་སོ་ཕྱག་མཛོད་པ་སོགས་ཡོན་བདག་ལྟོས་ཆེ་བ་ཚོགས་ཚུར་འབུལ་བ། ཕར་བཀའ་དབང་རབ་སྟོན་སོགས་མི་འགུ་ལྷ་འགུ་མཛད། དེ་ནས་རྗེ་དབུས་སུ་བཞུགས་པའི་སེང་ལ་གཞི་པ་ཆང་གིས་མྱོས་བཅའ་ག་མ་བྱས་པས་གཟིམས་ཁང་མེས་ཚིག་ཀྱང་འཕྲིན་ལས་ཆེ་བས་སྔར་ལས་ཆེས་བཟང་བའི་རྟེན་མཆོད་ཐབ་ཆས་གདན་ཆ་སོགས་ལྷག་པ་དེར་བསྐྱལ། ཞིག་གསོས་ཀྱང་སྔར་བས་ལེགས་པ་བཟོས། དེ་ནས་ཐོགས་ཤིག་བཞུགས་ཏེ་གནས་འདི་གྱོང་བས་རྒས་ནས་རང་སྡོད་པའི་ཡུལ་དུ་མི་འདུག་གསུང་དགོངས་ཀྱང་དེ་ལྟར་དགོངས་ནས་རྗེ་པདྨ་དཀར་པོ་དང་བཀའ་བགྲོས། ལྕང་གླིང་པ་གདན་སར་བཀོད། འབོགས་དང་གནང་སྦྱིན་ཆེ་བའི་ཚད་མཛད། རྗེ་རང་བྱ་ཡུལ་ནས་དབུས་ཕྱོགས་བྱོན། དེ་རྗེས་རྗེ་འབྲུག་པ་རིན་པོ་ཆེའི་སྐུ་གསེར་ཟངས་ལས་གྲུབ་པ་མི་ཚད་ལྷག་པ་གཅིག་སྡེ་པ་གྲི་གུ་ནས་ཆོས་རྗེས་ཕྱག་གཡོག་ཞལ་བཀོད། བཟོ་བའི་མི་ཁོ་ཆ་ཀུན་སྟབས་རྒྱུ་རིན་པོ་ཆེ་རང་གི་ཕྱག་ནས་བསྒྲུབས། དེ་དང་བྱར་དུ་རྟ་མགྲིན་དང་ཕྱག་རྡོར་གྱི་ལུགས་སྐུ་ཁྲུ་རེ་མ་བཟོས་དེ་ཡང་༼༡༦ན༣༡༽གནས་ཀྱི་ཕག་མོ་ལྷ་ཁང་དུ་བཞུགས་སུ་བཅུག །དེ་དག་ལ་ཡང་མཆོད་རྫས་ལེགས་པར་གནང་། མདོར་ན་འཕྲལ་གྱི་ཕྱག་རྫས་ལ་དད་པ་ཅན་གྱིས་ཕུལ་བ་ཡིན་གསུང་བཅའ་ག་མཛད། ནོར་ལ་སྙིང་པོ་ལན་དགོས་པ་ཡིན་གསུང་ཐམས་ཅད་དགེ་བ་ལ་གཏོང་འཛིན་ཆགས་ཡེ་མི་མདའ། ཕྲལ་དུ་སྐུ་འཁོར་བ་ལ་ཨ་ཙི་རེ་ལ་ཡང་རྩད་གཅོད་དོས་དྲག་མཛད། གནས་འཛིན་དུས་སོགས་གཉེར་པ་སྔ་ཕྱིས་ནས་ཁལ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཁུངས་མེད་དུ་བཏང་ཚར་བ་གསན་ནས་ཐབས་མེད་གསུང་ཆེར་མི་སྐྱོན། དེ་ཡང་མི་གཞན་མས་ཧ་ཆེ་བ་བྱེད་སྣང་སྟེ། དགོངས་པ་ཆུང་ངུ་ལ་ལབས་པས་སྐུ་འཁྲིས་པ་རྣམས་ཀྱིས་འཛེམས་ནས་རྒྱུད་ཆུད་མི་ཟ། ཆེན་པོར་སོང་ནས་དཀོར་གྱིས་གཟི་བ་ཡིན་བློ་ལད་ནས་སྲོལ་དུ་འཇུག་མི་ཐུག་པས་གྱོད་མི་བརྡལ། བརྡལ་ཀྱང་དེ་དག་ལ་ཕྱིར་འདབ་རྒྱུ་མེད་དགོངས་པར་འདུག་པས་མཛད་པ་ཤིན་ཏུ་ལེགས་པར་མཐོང་། གཞན་ཆོས་རྒྱལ་བྱ་བའི་རྒྱལ་བུ་མཆེད། དཔོན་ས་རྣམ་གསུམ་གྱིས་ཀྱང་བླ་མར་འཁུར་གུས་བཏུད་ཕུལ་དུ་བྱུང་བར་མཛད་དོ། །དགུང་ལོ་བདུན་ཅུ་རྩ་དྲུག་ཙམ་ལ་སྐུ་ཚེའི་བར་ཆད་གཟིགས། ད་ཚེ་མཐར་ཕྱིན་དེས་ཆོག་གསུང་བ་དང་། ལྷག་པར་བཀྲ་ཤིས་མཐོང་སྨོན་དུ་འབོགས་ཀོང་པས་བྱེད་ལུགས་རིགས་མི་མཐུན་པར་བྱས་པས་ཐུགས་སྐྱོ་བའི་རྣམ་འགྱུར་དུ་འདུག་པས། བདག་སོགས་གདུལ་བྱར་གྱུར་པ་རྣམས་ཀྱིས་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་པར་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོ་བརྫངས་པས་གསོལ་བ་ཐེབས་ཏེ་རྟེན་འབྲེལ་ལེགས་པར་བསྒྲིགས་པས་ལོ་ཤས་ཚེལ་བར་ཆད་མི་འབྱུང་བའི་ལུང་བསྟན་ཐོབ་གསུང་བ་ལྟར་དོན་ལ་གནས་པ་འདིའོ། །དེ་ལྟར་ཞི་བའི་འཕྲིན་ལས་ཀྱི་སྒོ་ནས་གཞན་ལ་བྱིན་གྱིས་བརླབས་པས་ནད་ཞི། གདོན་གྱི་གནོད་པ་དང་། སྨྱོ་བ་དང་འབོག་པ་ཐམས་ཅད་མོད་ལ་ཞི་བར་འགྱུར་བ་དང་། དབང་གི་འཕྲིན་ལས་ཀྱིས་ཆེན་པོ་ཐམས་ཅད་དབང་དུ་འདུས། གང་བཞེད་པ་༼༡༦བ༣༢༽འཕྲལ་འཕྲའ་ཡིད་ལ་མེད་པར་སྐུ་དྲུང་དུ་འོང་བ་དང་། དྲག་པོའི་འཕྲིན་ལས་སྔགས་ཆུང་འཁོར་ལོ་རྫས་ལ་སྐྱབས་མཐུ་ལྟས་ཀྱི་དགུག་དོད་པ་རྣམས་དང་མི་འདྲ་བར། གང་ལ་སྡིགས་པ་ཏིང་ངེ་འཛིན་གྱིས་སྒྲོལ་བ་དང་། དེ་ཡང་དེ་དག་ངན་འགྲོར་གཞོལ་བའི་ལམ་འགགས་ནས་ཐར་པར་འདྲེན་ནུས་པ་ཡིན་ནོ། །རྒྱས་པའི་འཕྲིན་ལས་ནི། ཆོས་ཀྱི་འཕྲིན་ལས་ཆོས་དར་བ་སྔར་བསྙད་པ་དང་། བྱ་ཡུལ་དུ་སྐུ་བསྲུང་བ་ཆེན་པོ་ཚེ་བདག་བཀྲ་ཤིས། གླིང་སྟོད་ནས་ཆེན་པོ་ནོར་བུ་རིན་ཆེན་སློབ་དཔོན་ཆེན་པོ་རིག་འཛིན་པའམ། བྱར་སྟོན་ཆོས་ཀྱི་དཔལ་བཟང་། འབྲུག་པ་ལོ་ཆེན། ཅོ་གྲྭ་ཀུན་སྤངས། སྔགས་གྲྭ་བླ་མ་ཀུན་སྙིང་། རྡོ་རྗེ་གླིང་གདན་ས་པ། ལྷ་རྩེ་གདན་ས་པ་སྔ་ཕྱི། གསལ་རྗེ། སྟག་རྩེ་བའི་བླ་མ། ཡང་རྩེའི་འཆད་ཉན་གཉལ་རོང་པཎ་ཆེན་སོགས་ལྷོ་རྒྱུད། རྗེའི་ཕྱག་ཕྱིར། ཆོས་རྗེ་སྐུ་སྐྱེ་བསོད་ནམས་ཚུལ་ཁྲིམས་བཀའ་ཆོས་ཀྱིས་ཚིམ་པར་མཛད་དེ་གནས་སུ་རྡོ་རྗེ་འཛིན་པར་བཀོད་པ་དང་། རྟ་སྡིང་ནས་དབོན་པོ། ལྟག་པར་ལས་སྟོང་རི་བོ་ཆེ་ནས་གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་པའི་དབོན། དེ་ཉིད་ཀྱི་སྤྲུལ་པར་པདྨ་དཀར་པོའི་མཚན་ལམ་དུ་བྱུང་བ། སྣ་ཕུ་ནས་ཆོས་རྗེ། ཅོག་གྲྭ་གསར་པའི་བླ་མ་སོགས་ཆེ་གཉན་གྱི་འདུས་པ་ལ། ཆོས་དང་གདམས་ངག་གང་ལ་གང་འོས་གནང་བས་དཔལ་ལྡན་འབྲུག་པའི་བསྟན་པ་དབྱར་གྱི་མཚོ་ལྟ་བུར་ཉིན་རེ་ལས་ཀྱང་ཉིན་རེར་འཕེལ་བར་གྱུར་པ་དང་། བྱང་ནས་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱས་པས་གདན་འདྲེན་བྱུང་ཀྱང་སྐུ་ན་སྨིན་པས་འབྱོན་མ་ཐུབ། གོང་དཀར་ནས་སྡེ་སྲིད་རིན་པོ་ཆེའི་ཕྱག་ཐམ། འཕྱོང་རྒྱས་ནས་སྤྱན་འདྲེན་ཡང་ཡང་བྱུང་ཀྱང་རེ་ཞིག་རྗེ་དེ་པདྨ་དཀར་པོའི་སྐུའི་རིམ་འགྲོ་བར་བཞུགས། མང་དུ་བརྗོད་པས་ཅི་བྱ། གང་གི་སྙན་གྲགས་སྲིད་པའི་རིང་ཁྱབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་པ་འདིའོ། །འདི་སྐད་ཅེས། གང་གི་ཞབས་སྐྱེས་ཞིག་ན་ཆེན་པོའི་༼༡༧ན༣༣༽ཚོགས། །རལ་པའི་རྒྱན་ལ་ཧབ་ཤར་བྱེད་འདུག་སྙམ། །འཕྲིན་ལས་རྣམ་བཞིའི་མེ་ཏོག་དེར་འབར་བ། །སྔོན་བྱོན་དགའ་བའི་ཚལ་ལ་ཞུམ་པ་སྦྱིན། །སློབ་མའི་མཚོ་ཆེན་བཅས་པའང་ཕལ་འདི་ལ། །བྱིན་རླབས་ཡིད་བཞིན་ནོར་བུ་མང་མཆིས་སྙམ། །བློ་གསལ་སྐལ་བཟང་གདེངས་ཅན་ཁྱོད་མདུན་དུ། །ལེགས་བཤད་བསམ་འཕེལ་ཞུ་ལ་བསམ་ཀྱིན་དུངས། དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་འདི་སྔགས་གྲྭ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། རྗེ་ཉིད་ཀྱི་ཞལ་སློབ་ལྷ་རྩེ་གདན་ས་པ་ངག་དབང་བཟང་པོས་བསྐུལ་བའི་ངོར། དགེ་སློང་དམ་པ་པདྨ་དཀར་པོས་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །། | ||
</div> | |||
==Notes== | |||
<references /> | |||
[[Category: ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།]] |
Latest revision as of 06:43, 3 March 2013
༼༡ན༡༽༄༅། །རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། ། [1]
༼༡བ༢༽རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་ཐར་ཆེ་ལོང་ཙམ་བརྗོད་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ། རྡོ་རྗེ་འཛིན་པ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གཟིགས་མིག་པོ་ཆེ་དེས་འཁོར་བའི་ཕ་མཐའ་བཅད་བྱས་ཤིང་། ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་བཟང་པོས་ཞི་བའི་ས་ལ་ཚུར་དྲངས་པས། བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་ཤུགས་ནམ་མཁའ་ཇི་སྲིད་མི་ཆད་པའི། དཔལ་ལྡན་གྲུབ་པ་མཆོག་གི་འབྱོན་ཁུངས་ས་ལ་འབྲུག་པའི་བཀའ་བརྒྱུད་དོ། །གང་གི་ཆོས་ཀྱི་གདངས་མཆོག་གིས། ཀུན་གྱི་སྤྱི་བོའི་མགོན་འོས་པོ། འཇམ་ལེགས་མནྡྷ་ར་ཡི་དཔལ། དད་ལྡན་མཐོ་རིས་ཚལ་དུ་འཁྲུངས། ཨེ་མ་མཐུ་སྟོབས་ཀྱིས་ཁེངས་པ། གཞན་སྡེ་དཔུང་པ་པད་སྣ་ལ་ལྟར། ཕྲ་བྱེད་འདི་ཀ་ས་གཞི་ལ། རྡོ་རྗེ་འཛིན་འོངས་མིན་ན་སུ། ཡང་དག་ལམ་ལ་དགའ་བའི་བཤེས། ཕན་བདེ་ཀུན་གྱི་གཉེན་བཟང་པོ། གང་ལ་བསྟོད་ནས་དེའི་ངོ་མཚར། མོས་པས་བཟོད་ཙམ་འདིར་བསྙད་དོ། །ཡོན་གནས་དམ་པ་རྣམས་ནི་རང་གི་ཡོན་ཏན་ཇི་ལྟ་བ་གཞན་གྱི་ངོར་མངོན་སུམ་དུ་འབྱིན་པར་མི་མཛད་ཅིང་། ཇི་ཙམ་གྱི་གདུལ་བྱ་མོས་ཤིང་མགུ་བར་འགྱུར་བ་དེ་ཙམ་ཞིག་དེ་དག་ལ་སྟོན་ནོ་ཞེས་ཐོས་ཀྱི། དཔལ་འབྲུག་པའི་འཕྲིན་ལས་ཀྱི་བ་དན་ས་གསུམ་དུ་སྐྱོང་བ་མཐུ་སྟོབས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་འདི་ཡང་དེ་ལྟ་བས་ན། དེའི་སྤྱོད་པའི་ཚུལ་མདོ་ཙམ་གླེང་ངོ་། །དེ་ཡང་། དཔལ་ལྷ་མོ་རེ་མ་ཏིས། འདི་ནི་བླ་མ་ཆེན་པོ་བསམ་རྒྱལ་ཁ་ཆེ་༼༢ན༣༽ཞེས་པ་ཡར་འབྲོག་སྟག་ལུང་གི་ཕུར་བོན་ཡར་མེ་བ་ཞེས་པའི་གདན་ས་དེ་ཁའི་སྤྲུལ་པར་གྲགས་པ་སྒྲུབ་བོན་མཁས་ལ་མཐུ་ཆེ་བ་ཞིག །སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། ར་ལུང་པའི་ཆོས་རྗེ་འཇམ་དབྱངས་ཀུན་དགའ་སེང་གེའི་ཞབས་ལ་གཏུགས་པས་བཀའ་གསར་མའི་མན་ངག་གི་གླེགས་བམ་ཆེན་པོ། དཔལ་འབྲུག་པའི་བསྟན་པ་འཛིན་པ་ལ་ཆོས་དཔའ་བ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་མི་དང་མི་ལབ་པ་ལྟ་བུར་མཛད་པ་མཐུ་སྟོབས་ཀྱི་གར་བུ་ཞིག་གོ། །དེ་ནས་སྐྱེ་བ་བདུན་པ་འདིའི་བར་དུ་ཆོས་སྐྱོང་ཆེན་པོ་དེས་མངོན་སུམ་དུ་རྗེས་སུ་གཟུང་བ་ཤ་སྟག་ཡིན་པས། འདིའི་ནུས་པ་གཞན་གྱིས་བཟོད་པར་དཀའོ་ཞེས་བདག་གི་ཡོངས་སུ་འཛིན་པ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ལུང་བསྟན་པའི་དུས། རྗེ་བླ་མས་ཀྱང་དེ་དེ་བཞིན་ནོ་ཞེས་བསྔགས་པས། འཁྲུལ་པ་མེད་པའི་ཕྱིར་ཡིད་ཆེས་པ་ཐམས་ཅད་ཀྱི་རྩེ་མོའོ། །སྐྱེ་དང་སྐྱེ་བར་དམ་པའི་མགོན་རྙེད་པས། ཕུལ་ཕྱིན་སྤྱངས་པ་བྱས་ཏེ་མཐར་འབྱིན་ལ། སྲིད་མཚོར་དད་པའི་རྒྱལ་པོ་རྣམས་བཞིན་དུ། འཇུག་པར་སྤྲོ་འདི་ཡོན་ཏན་ལ་སྲེད་པ། འདིར་སྲིད་ཇི་ལྟར་གཟུང་བའི་ཚུལ་ནི། ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཆོས་ཀྱི་རྒྱལ་པོ་བྱ་བ་ནང་སོའི་ཆིབ་འོག །དཔལ་ཙ་རི་ཏྲའམ་ཧི་མ་ལ་ཡ། སྔོན་གྱི་ལོ་ཙ་བ་ས་ཡི་གེ་བསྣན་ཏེ་ལྷའི་གངས་ལྡན་ཞེས་བསྒྱུར་བ་ཡུལ་ཆེན་པོ་ཉི་ཤུ་རྩ་བཞིའི་གྱ་བ་དེའི་ལྷོ་སྒོ། མདོ་སྡེ་ཕལ་པོ་ཆེ་ནས། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བེའུར་ཞེས་པར་ཀླུས་བསྐྲུན་པའི་ཐུབ་པ་འབྱུང་ངོ་ཞེས་གསལ་བར་ལུང་བསྟན་པ་བེའུ་ཁ་ལ་སོགས་པའི་གཙུག་ལག་ཁང་དུ་མ་གནས་པ། སྤྱིར་བྱར་ཞེས་པ། གངས་དང་སྨན་གྱི་རི་ལྗོངས་ཉམས་དགའ་བ་ནགས་ཚལ་གྱི་འཕྲེང་བས་བརྒྱན་པ། ཕྱུགས་དང་ཕྱུགས་ལྷས་ཀྱིས་རི་བོའི་སུལ་གང་བ། འབྱོར་ལྡན་གྱི་གྲོང་བཀོད་ལེགས་སུ་སྦྲེངས་པ་༼༢བ༤༽བཟའ་ཤིང་གི་ར་བས་ཁྱབ་པ། འདོད་དགུའི་ཟོང་འགྲིམ་པའི་ལམ་སྲང་ཡངས་པོ། དགའ་བའི་ལོངས་སྤྱོད་ཀྱིས་སྐྱིད་པའི་གནས་སུ་བྱས་པ། བྱེ་བྲག་སྐྱིད་ཕུག་ཅེས་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པས་ཞབས་ཀྱི་པདྨོ་བཀོད་པའི་སྒྲུབ་གནས། མིང་ཇི་ལྟ་བ་དབེན་ཞིང་ཉམས་དགའ་བ། བཀྲ་ཤིས་པ་གཡང་ཆགས་པའི་མངའ་ཞེས་སྟེང་ཞེས་བྱ་བའི་སའི་ཆར་རོ། །གངས་ལྡན་རི་བོའི་ཁོར་ཡུག་དོགས་དང་སུལ། སྨན་ལྗོངས་ནགས་ཀླུང་ལྷ་ཡི་ཚལ་ལྟ་བུ། ཕུན་ཚོགས་འབྱོར་པ་འཛོམ་པའི་ཡུལ་དེ་ཡང་། བསོད་ནམས་ལས་ཀྱི་འདུ་བྱེད་ཁོ་ནས་བསྒྲུབས། ཡུལ་དེར་རྣམ་ཐོས་བུའི་འབྱོར་པ་ལ་འགྲན་བཟོད་པ། གཏོང་ཕོད་ཆེ་ལ་འཛངས་ཤིང་ཡིད་གཞུངས་པས་ཆོས་ཀྱི་རྒྱལ་པོ་དེའི་དྲུང་འཁོར་དྲ་མར་གཏོགས་པའི་ཁྱིམ་བདག་ལེགས་པ་དབང་ཕྱུག །རོང་སྟོན་ཆེན་པོའི་རྒྱལ་ཚབ་དགས་པོ་བཀྲ་ཤིས་རྣམ་རྒྱལ། ཀརྨ་འཕྲིན་ལས་པར་གྲགས་པ་གཉིས་ཀྱི་དབོན་མོ་སྐྱེར་མོ་དཔལ་སྒྲོན་ཞེས་བྱ་བའི་སྲས་སུ་སྲིང་ལྔའི་ཐུ་བོར་བྱོན་ཏེ་ལྷུམས་སུ་ཞུགས་པའི་དུས་ཡུམ་ལ་བུ་མོ་རྒྱན་གོས་བཟང་པོས་སྤྲད་པ་མང་པོས་ལྷའི་ཕྱག་མཚན་དུ་མ་སྤྲོད་པ་ཚགས་བྱས་པའི་རྨི་ལམ་བྱུང་། དེ་ནས་དགུང་ལོ་ཉེར་བ་ན། འཕགས་པ་སྤྱན་རས་གཟིགས་ཉི་འོག་ལྷོའི་ཕྱོགས་དེ་པའི་གོང་མ་ཆེན་པོར་འཁྲུངས་པ། དཔལ་ནཱ་རོ་པའི་སྤྲུལ་པའི་སྐུ་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ཡུལ་དེར་བྱོན་པ་མཇལ། དེ་ནི། སྔོན་རབས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པས། ཞལ་མཇལ་བའི་མོད་ལམ་མདུན་དུ་རྒྱུག་པ་ལྟ་བུར་དགའ་ལ། རྗེའི་བརྩེ་བའི་གཟིགས་པའང་འདིའི་ཕྱོགས་སུ་ལྷུང་ནས། ཕལ་བུ་འདི་ལ་གཅེས་སྤྲས་སུ་གྱིས་ཤིག་ཅེས་དང་། ལྷག་པར་ཆོས་སྐྱོང་ལ་བཀའ་བསྒོ་མཛད་དེ་བར་ཆད་ལས་བསྲུངས་སོ། །བཅུ་གསུམ་པ་ལ་ཕྱ་བའི་སློབ་མ་གཉལ་པ་རིན་ཆེན་སེང་གེར་གྲགས་པ་དེའི་དགོན་པ་ཁར་པོ་གོ་ཡུལ་དུ། བླ་མ་རྣམ་གྲོལ་བཞེས་པ་ཅིག་ལ་ཀློག་ཡིག་བསླབས། བཅུ་བདུན་པ་ལ་ཆོས་ཀྱི་རྒྱལ་པོའི་ཕྱག་ཕྱི་ཞུས། མཆོད་བཤོམ་པའི་ལས་ཚན་གཟུང་། ངང་ཚུལ་༼༣ན༥༽འཇམ་དང་ངུལ་བས་ཀུན་སྨོན་པར་བྱས། དེ་ཡང་འདི་སྐད་དུ། པདྨའི་མཚོ་ལས་འདབ་བརྒྱའི་འཕྲེང་བ་དང་། ལེགས་བྱས་སྨིན་དོར་སྐྱེས་བུའི་མྱུ་གུ་འདི། །ས་ལ་ལེགས་བཤད་ཟིལ་དངར་ཞིམ་པོའི་ཚོགས། མི་ཟད་སྤེལ་བའི་དཔྱིད་ཀྱི་ཕོ་ཉར་བྱུང་། །ངེས་ལེགས་དཔལ་གྱི་དགའ་ཆར་མྱུར་འབབ་སྙམ། རིགས་སད་ངོ་མཚར་ཆུ་སྐྱེས་ཀུན་འཛུམ་པའི། །བསྔགས་འོས་དྲི་བཟང་ཀུན་གྱི་གཏེར་བརྡོལ་བས། །དཔྱོད་ལྡན་ཡིད་ཀྱི་བུང་བ་བྲེལ་བར་བྱས། ཉེར་གཅིག་པའི་དུས་སུ། །རྗེ་དེའི་ཞལ་སྔ་ནས་ཁྱོད་སྐྱེ་བ་མང་པོར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པས་རྗེས་སུ་གཟུང་ཞིང་དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན་ཡིན་པས་རབ་ཏུ་བྱུང་ཞིག་ཅེས་བཀའ་སྩལ་པ་ལྟར་དེ་ཉིད་ཀྱི་དྲུང་དུ་སྐྲ་ཕུད་ཕུལ། ཆོས་ཀྱི་མགོན་པོ་འཇམ་དཔལ་རྡོ་རྗེ་དགའ་བའི་བཤེས་གཉེན་དུ་མཚན་གསོལ། དགེ་བསྙེན་གྱི་བསླབ་པ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་མའི་དབང་བཞི་རྫོགས་དང་། ཆོས་སྐྱོང་ཕྱག་བཞི་པའི་དབང་། རྗེས་གནང་སོགས་བསྩལ་ནས། རིག་པ་འཛིན་པའི་སྡོམ་པ་གསོལ་བཏབ་སྟེ། དུས་ཐོག་དེ་ལ་རིག་སྔགས་འཆང་བ་ལ་འགྲན་ཟླ་མེད་པ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་མན་ངག་གི་བུམ་པ། དྲག་སྔགས་ཀྱི་ཚོགས་ཐམས་ཅད་ཀྱིས་ཐུགས་ཀྱི་དབང་པོ་བརྟས་པ། མིའི་དབང་ཕྱུག་ནེའུ་སྐུ་བསྲུང་བ་རྒྱལ་མཚན་ལྷུན་གྲུབ། ཡུལ་གཙང་ཕྱོགས་ན་བླ་མ་ཀོང་ཆུང་དུ་གྲགས་པ། རྒྱལ་དབང་རྗེའི་ཞལ་སློབ་དེ་ལ། རྗེས་འདི་ལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་གཙོ་བོར་བྱས་པའི་ཆོས་སྐྱོང་ཐམས་ཅད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དཔྱིས་ཕྱིན་པར་སློབས་ཤིག །སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོའི་བྱུང་ངེས་སོ། །ཞེས་གསུངས་ཏེ་སྦྱོར་གཏོད་མཛད། མཐུ་ཆེན་དེས་ཀྱང་སྲས་དད་མི་ཕྱེད་པའི་བརྩེ་བས་བསྐྱངས་ཏེ། ཙ་མི་དང་རྒ་ལོ། སྟེང་པ་ལོ་ཚ་བ་ཚུལ་ཁྲིམས་འབྱུང་གནས། རོ་ལིངས་ལོ་ཙ་བ་རྡོ་རྗེ་དབང་ཕྱུག །ཁེ་རྒད་འཁོར་ལོ་གྲགས་སོགས་ཀྱིས་༼༣བ༦༽བསྒྱུར་བའི་ཆོས་སྐྱོང་ཕྱག་བཞི་པའི་སྒྲུབ་སྐོར། འབྲུག་པ་རྣམས་ཀྱི་བྱ་རོག་མ་བསྟན་བསྲུངས་ཀྱི་སྐོར་དུ་གྲགས་པ་དེའི་ཁྲོད་དུ་ཕ་གྲུ་དང་ཚལ་པ་སོགས་ཀྱི་ལུགས་ཀུན་སྣང་བ། གཏེར་མགོན་དུ་གྲགས་པ་མངའ་བདག་ཆེན་པོ་མྱང་རལ་པ་ཅན་གྱི་མན་ངག་ཀུན་དང་། དཔལ་ལྷ་མོ། གྲི་གུག་རྗེ་བློན་དྲང་སྲོང་གཟའ། ཞིང་སྐྱོང་སོགས་ཆོས་སྐྱོང་ལ་བཀའ་གཏེར་གྱི་ཡིག་རིགས་ཅི་མཆིས་པ་དཔེ་མཁྱུད་མེད་པར་བསྩལ་ཞིང་གཞན་ཡང་རྙིང་མའི་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང་། བླ་མ་དམ་པ་དེའི་ཆོས་སྐྱོང་གི་བཀའ་བབས་ཀྱང་འདི་ཡིན་ནོ། །གསུང་ཆེ་ལ་ཉན་པ་ཚངས་པའི་དབྱངས་ལྟ་བུས་ཀུན་གྱི་ཡིད་ཕྲོགས། མཁའ་འགྲོ་དང་ཆོས་སྐྱོང་དྲི་བཟང་ལ་བུང་བ་ལྟ་བུར་རྒྱུན་དུ་འཁོར་བའི་མཚན་མ་ཡང་རྩེར། ཉིད་ཀྱི་སྐུའི་ཞང་པོ་ཡང་རྩེའི་འཆད་ཉན་དུ་བཞུགས་པ་དེ་སོགས་དང་ཁང་བུ་གཅིག་ན་མང་པོ་སྟབས་སུ་བཞུགས་པའི་ཚེ། ཉིད་ཀྱི་དབུ་སྔས་སུ་དཔལ་ལྷ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་ཀྱི་ཡི་གེ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛད་པ་སོགས་དེ་ཉིད་ཀྱིས་མངོན་སུམ་དུ་བསྐྱལ་བྱུང་བཀུན་སུས་བསྐྱལ་ལམ་ཞེས་དོགས་པ་ན། དེ་ནི་ལྷ་མོ་ཉིད་ཀྱིས་རྗེས་སུ་གཟུང་བ་ཡིན་པས་དེ་དག་གི་བརྒྱུད་པ་གཞན་ལ་ལྟོས་མི་དགོས་སོ་ཞེས་རྗེ་རྡོ་རྗེ་གླིང་པ་གསུང་ངོ་། །རྗེ་གོང་མ་དེ་ཉིད་ཀྱི་དྲུང་དུ། བདེ་མཆོག་གི་རྒྱུད་བཤད་ལྷོ་ཡ་ཡག་པའི་འགྲེལ་ཆེན་སྟེང་ནས་གསན། དགྱེས་རྡོར་རིན་ཆེན་རྒྱན་འདྲའི་སྟེང་ནས་གསན། ཆོས་སྐྱོང་གི་སྐོར་དང་། ལྷག་པ་ན་རས་ཆུང་སྙན་རྒྱུད་དམ་མཁའ་འགྲོ་སྙན་རྒྱུད་དུ་གྲགས་པ་ཡབ་བཀའ་བཞི། ཡུམ་བཀའ་གསུམ། གྲོལ་ལམ་ཆོས་དྲུག །འོག་སྒོ། ཕྱག་ཆེན། བར་དོ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དུ་གྲགས་པའི་ཆ་ལག་དང་བཅས་པ་རྫོགས་པར་དང་། ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་ཁྲིད་ལ་སོགས་པ་མན་ངག་གསན། རྗེ་དེ་ཉིད་ཀྱི་བཤད་པའི་བཀའ་འཛིན་པ། རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོ་ལས་ཀྱི་རྡོ་རྗེ་གསུམ་པར་གྲགས་པ་དེའི་ཞབས་པད་བསྟེན་ཏེ་དཔལ་དུས་ཀྱི་འཁོར་ལོ་ལ་༼༤ན༧༽སོགས་པའི་དབང་རྒྱུད་མན་ངག །སྒྲུབ་པ་ཆེན་པོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ལ་སོགས་པའི་གསར་རྙིང་གི་དབང་ཆོས་མང་དུ་གསན། ཡང་སྒྲུབ་པའི་བཀའ་བབས་པ། རྒྱལ་སྲས་མི་ཏྲ་ཛོ་ཀིར་ལྷ་དང་བླ་མས་ལུང་བསྟན་པའི་ཀུན་སྤངས་ཤེས་རབ་རྒྱ་མཚོ། མཚན་གཞན་སྒྱུ་མའི་གར་མཁན་ཞེས་པ་དེ་ལ། གསང་འདུས་རིམ་ལྔ། རོ་སྙོམས་སོགས་རྗེ་ཆོས་ཀྱི་གྲགས་པ་ནས་བརྒྱུད་པའི་སྙན་རྒྱུད་ཀྱི་གདམས་པ་མང་དུ་གསན། དེ་ནས་རྗེ་གོང་མ་སྤྲུལ་པའི་སྣང་བརྙན་བསྡུས་པ་ལ་ཐུགས་སྐྱོ་བ་དང་། ཡུལ་ཕྱོགས་དེར་གྲུབ་མཐའི་ཀུན་སློང་གིས་ཐུགས་སུན་ནས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་དུ་བྱོན། ཀུན་ནས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ར་ལུང་ཐེལ་ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་སྙེད་སངས་རྒྱས་པའི་རྡོ་རྗེ་གདན་ཆེན་པོར། དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྒྲ་བསྒྱུར་གྱི་དབང་པོ་མར་པ་ལོ་ཙའི་སྤྲུལ་པའི་སྐུར་བསྒྲགས་པ། མཁྱེན་རབ་དང་ཐུགས་རྗེ་ནུས་པ་རྒྱལ་བ་ཐམས་ཅད་དང་གཉིས་སུ་མ་མཆིས་པས་མཐའ་དཔོག་པའི་རྩོམ་པ་དང་བྲལ་བ་དེ་ལོ་གསུམ་གྱི་རིང་གདན་ས་དེ་ཉིད་དུ་སྐུ་མཚམས་ལ་བཞུགས་པར་དམ་བཅས་པའི་ལོ་གཅིག་སོང་བ་ཙམ་ལ་ཞབས་ཀྱི་པདྨོ་བསྟེན་པར་མཛད་དེ། སྐུ་མཚམས་སྟབས་ཀྱིས་ཞལ་མ་མཇལ་ཀྱང་དགོན་ཁང་གསར་པ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའང་ཞབས་ཕྱིར་འབྱོར་བ་སོགས་ཀྱི་གསུང་ཆོས་ཆེས་སྨར་བ་བྱུང་། བཅད་རྒྱ་དེ་ཡངས་སུ་སོང་ནས་ཞལ་མཇལ་དགྱེས་དགྱེས་མཛད། སྐུ་དང་འབྲལ་མེད་དུ་བཞུགས། གསུང་ཆོས་ཀྱང་ཕྱག་རྒྱ་ཆེན་པོ་སྐོར་གསུམ་དུ་གྲགས་པ་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་དོན་འབྱེད་པའི་ལྡེ་མིག་ཚན་པོའི་གླེགས་བམ། ལམ་ཟབ་བླ་མ་སྒྲུབ་པའི་སྐོར། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་སྐོར་གྱི་ཆོས་སྡེ། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དུ་གྲགས་པ་དགས་པོ་བཀའ་བརྒྱུད་པརྣམས་ཀྱི་གཞུང་ལམ་ཆེན་པོ། འབྱུང་བ་རོ་སྙོམས་༼༤བ༨༽སྐོར་དྲུག །ཁྲིད་ཆེན་བརྒྱད། ཐུབ་པ་ལྔ། རི་ཆོས་སྐོར་གསུམ། དགེ་སྦྱོར་བདུན་པ་ལ་སོགས་པའི་ཟབ་ཁྲིད་འཁོར་ལོ་སྡོམ་པའི་རྒྱུད། བཅུ་གསུམ་མའི་དབང་ལུང་། ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད། མན་ངག་གི་གླེགས་བམ། ཕག་མོ་བདེན་གཉིས་ཞལ་གྱི་ཆོས་སྐོར། ཆོས་སྐྱོང་གི་རྒྱུད་སྒྲུབ་སྐོར་སོགས་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་དང་། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་མངས་སོགས་འཕྲལ་དགོས་ཀྱི་སྒྲུབ་ཐབས་བཞི། རྗེ་དགས་པོ་རིན་པོ་ཆེའི་ཆོས་བཞིར་གྲགས་པ་ངོ་བོ་ཇོ་བོ་ཆེན་པོ་ཨ་ཏི་ཤའི་སྐྱེས་བུ་གསུམ་གྱི་ལམ་རིམ། ལམ་འབྲས་བུ་དང་བཅས་པ་ཕག་གྲུ་ལུགས་སོགས་དང་། སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟས་གླེགས་བམ་དུ་བསྒྲིགས་པའི་ལུང་ཅེས་གནང་སོགས་དང་། བཀའ་བརྒྱུད་སེར་འཕྲེང་མར་མི་དགས་པོ། ཕག་གྲུ། གླིང་། ཆོས་རྗེ་རྒྱ་རས། ལོ་རྒོད། སེང་གེ་དགུ་ཚར་རྣམས་ཀྱི་བཀའ་འབུམ། བླ་མ་ཞང་རིན་པོ་ཆེའི་བཀའ་རྒྱ་མ་ལོགས་ཟབ་ཆོས་བཀའ་བོད་ཚང་མ། སྟག་ལུང་ཐང་པ་སྔ་ཕྱིའི་བཀའ་འབུམ། དེ་ནས་བརྒྱུད་པའི་ཆོས་སྐྱོང་ཕྱག་བཞི་པའི་གསེར་པོད་སོགས་དབང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱིས་བློ་གྲོས་ཀྱི་བུམ་པ་གང་བར་མཛད། དེ་ཉིད་ཀྱི་སྲས་ཁྲི་ཐོག་པ་ངག་དབང་བསྟན་པའི་རྒྱལ་མཚན་ཅེས་པ་ཕྱག་ན་རྡོ་རྗེའི་གྲུབ་ཐོབ་ཏུ་གྲགས་པ་དེར་ཡང་ཕྱག་རྡོར་སོགས་དབང་ལུང་། དེའི་གཅུང་རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་ལུང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་ཡོངས་སུ་རྫོགས་པ་དང་། རྗེ་པདྨ་དཀར་པོ་ལའང་རྡོ་རྗེ་འཕྲེང་བའི་དབང་ལུང་སོགས་འགའ་ཞིག་གསན། གཞན་ཆོས་རྗེ་ལྕེས་པའམ་གཡུལ་རྒྱལ་བར་གྲགས་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཆོས་སྐོར། ཆོས་རྗེ་ངག་དབང་ལྷུན་གྲུབ་པ་དང་། ཆོས་རྗེ་སངས་རྒྱས་བཟང་པོ་ལ་སོགས་པར་ཡང་མན་ངག་དུ་མ་དང་། ཕྱི་༼༥ན༩༽མར་ཏི་པུའི་བཞི་ཆོས་སོགས་དང་། སྤྱོད་པ་སངས་རྒྱས་དཔལ་གྱི་ཁྲི་བརྒྱ་སོགས་མན་ངག་མང་པོ་དང་། རྫས་སྣ་ཆོས་རྗེ་ངག་དབང་བཟང་པོ་ལ་ཕྱག་བཞི་པའི་ཡོངས་གྲགས་ཀྱི་རྒྱུད་ཉི་ཤུ་རྩ་བཞི་སོགས་འབྲུག་ལུགས་ཀྱི་མན་ངག་སྡར་མ་གསན་པའི་ཡིག་ཕྲན་འགའ་དང་། རྗེ་ཁྲུས་ཁང་ལོ་ཙ་བ་ལ་པཎྜྻི་ཏ་ནགས་ཀྱི་རིན་པོ་ཆེས་བསྩལ་བའི་སྦྱོར་དྲུག་རྒྱས་བསྡུས། ལྕེ་རྩེ་རྐན་སྦྱར། པདྨ་ཚེ་ཁྲིད། བིརྭ་པའི་ཚེ་ཁྲིད་སོགས་དང་། གླིང་སྟོད་པ་གྲགས་པ་བཤེས་གཉེན་ལ། རྗེ་གོང་མ་ནས་བརྒྱུད་པའི་མན་ངག་འགའ་དང་། ཉིད་ཀྱི་སྐུ་ཞང་ཆོས་གྲགས་བསྟན་པ་རབ་འཕེལ་བར་ཡང་རྣམ་འཇོམས་མཐིང་ཁ་སོགས་འགའ་ཞིག་གསན་པས། དཔལ་ལྡན་འབྲུག་པའི་ཟབ་རྒྱས་ཀྱི་གདམས་ངག་མ་ཚང་བ་མེད་པ། ཕྱག་ལེན་གཙང་ལ་ངེས་པ་རྒྱ་ཆེ་བས་ཐམས་ཅད་ཀྱི་དཔང་དུ་གྱུར་པ། ཚད་མར་གྱུར་པ་ཡིན་ནོ། །གཞན་ཡང་། སྤྱན་སྔ་རིན་པོ་ཆེ་ཞྭ་དམར་བ་ཆེན་པོ་ཆོས་ཀྱི་གྲགས་པ་ལ་ཆོས་འབྲེལ་ཙམ་དང་། ས་སྐྱ་བདག་ཆེན་དག་པའི་དྲུང་ན་ལིནྡྲར་བཞུགས་པ་དང་རྗེ་ཐུགས་ཉེ་བས་སྐུ་འཁོར་ཆོས་གསན་པ་ལ་ཕར་གནང་ཚུར་གནང་བའི་ཁྲོད་དུ་ཕེབས་ནས་རྗེས་གནང་འགའ་གསན་པ་དང་། རྒྱལ་དབང་ཀརྨ་མི་བསྐྱོད་རྡོ་རྗེ་ཀོང་པོ་ས་ཕུར་བཞུགས་པའི་ཚེ། རྗེ་ཀོང་པོར་ཕེབས། དེའི་ཚེ་རྗེའི་ཕྱག་ཕྱི་ནས་ཅོག་གྲྭ་དགེ་འདུན་དྲུག་བརྒྱ་ཙམ་ཀརྨ་པ་མཇལ་དུ་བྱོན་པའི་ཁྱུར་བཞུགས་པས་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། རྗེ་སྟག་ལུང་དུ་ཕེབས་དུས། ཨ་ཐང་པ་ཆེན་པོ་ཆོས་རྗེ་རྣམ་རྒྱལ་གྲགས་པ་ཁུ་དབོན་ལ་གསུང་ཆོས་དང་། འབྲི་ཁུང་རིན་པོ་ཆེ་རིན་ཆེན་ཕུན་ཚོགས་ཞེས་པ་བཀའ་གསར་རྙིང་གི་བདག་པོ་དེ་ལ་ཐུགས་དད་པས་ཆོས་འབྲེལ་དང་། དུས་ཕྱིས་བྱོན་གྱི་སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་དབང་ཕྱུག་ཞྭ་ལུ་ལོ་ཆེན་མཚན་དྷརྨ་པཱ་ལར་གྲགས་པ་དེ་ལ་ཚེ་མདོ་ལ་སོགས་པ་གསན། རྗེ་ཀོང་པོར་ཕེབས་དུས་འབྲུག་ཆོས་སྡིངས་སུ་བཀའ་ལས། ལྷ་མོ་རེ་མ་ཏིས་འཇམ་དབྱངས་ཆོས་ཀྱི་གྲགས་པའི་སྤྲུལ་པའི་སྐུ་མདོ་ཁམས་སྟོད་དུ་འཁྲུངས་༼༥བ༡༠༽ཅེས་ལུང་བསྟན་པས། སྔར་གངས་དཀར་མོ་བ་བརྫངས་པ་ཡིན་ཏེ་མ་རྙེད། ད་རུང་ཁྱོད་ཀྱིས་ཚོལ་ཤོག་ཅེས་ཀོང་པོ་མེ་རག་མདོ་ནས་རྫོང་དར་མཛད། རྗེ་དཔོན་སློབ་ཡར་ཕེབས། དེ་དུས་མནལ་ལམ་དུ་བུད་མེད་བཟང་པོ་ཞིག་གིས། སྤྲུལ་སྐུ་འདི་ན་ཡོད། ནེ་ནས་མར་ཕྱིན་ཤན་འདྲ་ཟེར། ཕན་ཚུན་གཉིས་པའི་གྲོང་འབྲུ་རེ་རགས་ཡོད་པ་ཞིག་ན་བུ་ཆུང་རལ་པ་སིབ་སིབ་ཡོད་པ་ཞིག་བསྟན་བྱུང་། ཕྱིས་དགོན་དབང་ར་ཇི་ལྟ་བར་འདུག་གསུང་ངོ་། །དེ་ནས་སྤོ་བོ་བརྒྱུད་ཁམས་སྟོད་སྲམ་པ་ལ་བྱོན། དེ་དུས་རྒྱ་སྟོན་ཆོས་རྗེ་ནམ་མཁའ་རྒྱལ་མཚན་པར་རྒྱ་སྟོན་བཀའ་འབུམ་སོགས་དང་། ཟུར་མང་སྐུ་སྐྱེ་བློ་གྲོས་རྒྱ་མཚོ་བ་ལ་རཏྣ་གླིང་པའི་བླ་མ་ཐུགས་སྒྲུབ་ཀྱི་སྐོར་ཡོངས་སུ་རྫོགས་པ་དང་གཅོད་ཡུལ་གསན། རི་བོ་ཆེར་སྟག་ལུང་ངག་དབང་གྲགས་པའི་སྐུའི་སྐྱེ་བར་གྲགས་པ་དེ་དང་མཇལ་བདག་རྐྱེན་གཟབ་པར་བྱུང་། དེ་ནས་རྗེས་ཡར་ཤོག །སྤྲུལ་སྐུ་དེ་ཕྱོགས་ན་ཡོད་ཤས་ཅུང་བར་འདུག་གསུང་འབོད་མི་གནང་ཡར་ཕེབས། ཕྱིས་སྤྲུལ་པའི་སྐུ་པདྨ་དཀར་པོ་བསྙེན་པར་རྫོགས་པའི་ཕྱག་ཕྱིར། དཔལ་འཁོར་བདེ་ཆེན་ཞེས་པ་མཁས་མང་འདུ་བའི་མདུན་ས། ལོངས་སྤྱོད་ཀྱི་རྒྱ་མཚོ། མྱང་ལུང་པའི་བདེ་སྐྱིད་ཀྱི་འབྱུང་ཁུང་ཆོས་ཀྱི་རྒྱལ་པོ་རྒྱལ་མཁར་རྩེ་བའི་བླའི་གྲྭའི་མཁན་པོ་བཀྲ་ཤིས་རྣམ་པར་རྒྱལ་བའི་དྲུང་། སློབ་དཔོན་ཚོགས་ཆོས་ལུང་པའི་མཁན་པོ་དཀོན་མཆོག་མཚན་མི་སྤྱིར་ཁྲོམ་ཡོན་དུ་གྲགས་པ་འཛིན་ཚུགས་ལེགས་པའི་དཔེ། གསང་སྟོན་རྩེ་ཆེན་མཁན་པོ་སངས་རྒྱས་ཡེ་ཤེས་སོགས་དད་པའི་དགེ་འདུན་བཅུ་ཕྲག་གི་དབུས་སུ་བསྙེན་པ་རྫོགས་པ་ནས་འདུལ་བའི་བཅས་པ་ལྔ་མིག་ལྟ་བུའི་གཅེས་སྤྲས་སུ་མཛད་ཅིང་། ལར་ཡང་སྔགས་པ་ཡིན་ཞལ་བགའ་ཆལ་དུ་སྦྱོན་པ་ནམ་ཡང་མཛད་མ་མྱོང་། རྟེན་དགེ་བསྙེན་དུ་བཞུགས་པའི་དུས་ནའང་གཞན་གྱི་དགེ་སློང་ལས་ཚུགས་དམ་པ་ཞིག་གོ། །ཕྱིས་རྡོར་འཛིན་མཛད་ནས་ཙ་རི་ཏྲར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ཞེས་ཆོས་ཀྱི་རྗེ་བསྟན་༼༦ན༡༡༽པ་རྒྱ་མཚོའི་དབོན་དམ་པ་དེ་སྤྱན་དྲངས། གསར་རྙིང་གི་རྒྱུད་འབུམ་གྱི་ལུང་གསན། ཕར་ཡང་གསུང་ཆོས་མང་དུ་ཕུལ། ཡང་སྐྱིད་ཤོད་དུ་དཔོན་ས་སྟག་ལུང་མས་སྤྱན་དྲངས་པའི་དུས་སུ་ཚལ་ཡང་དགོན་པའི་ཆོས་རྗེར། བླ་མ་ཞང་གི་བཀའ་བརྒྱའི་ཁྲིད་ལུང་དབང་། ཆོས་སྐྱོང་ཚལ་ལུགས་སྔར་མ་གསན་པ་འགའ་གསན། ཁོང་ལ་འབྲུག་སྐོར་ཕར་གནང་། གཞན་ཡང་གྲགས་ཅན་དང་ཀུ་ས་ལའི་བླ་མ་ཅི་ཡང་ཞིག་བསྟེན་ནས་ཐོས་པའི་རྒྱ་མཚོ་བསྐྱིལ་བས་ཐ་རི་འདོད་རྣམས་ཀྱི་རེ་བའི་མན་ངག་རིན་པོ་ཆེ་འཛད་པ་མེད་པར་འབྱུང་བའི་གནས་སུ་གྱུར་ཏོ། གང་ཡང་གསན་པ་ཙམ་ལ་མི་འཇོག་པར་དེ་དག་གི་ལག་ལེན་མཐིལ་ཕྱིན་པ་བསླབས། དོགས་དཔྱོད་ཀྱི་རུས་ལ་ཐེབས་པར་མཛད་པས་དགུ་ལོ་བརྒྱད་ཅུར་ཉེ་བ་འདི་ནའང་ཆོས་གར་ཡིན་པ་དེའི་དམིགས་པ་ཕྱག་ལེན་བཤད་པའི་ཚིག་རིས་ཕྲན་བུ་ཚུན་ཡང་བསྙེལ་བ་མེད་པར་སེང་ངེ་ཡེ་རེ། བཀྲ་སྲིག་སྲིག་སྟོན་པ་འདི་བྱུང་བ་ཡིན། ཞུ་མིའི་མདུན་མིན་པ་གང་དུ་ཡང་མི་མཁྱེན་པར་བརྫུས་ཏེ་བཞུགས། ངོམ་ངོམ་ཡེར་མེར་མི་མཛད། གདམས་ངག་ལ་ངེས་པའི་དབང་གིས་རྗེའི་དྲུང་དུ། རིན་པོ་ཆེ་གློ་བོ་མཚན་སྙན་པར་གྲགས་པ་ཀུན་དགའ་སྒྲོལ་མཆོག་ཕེབས་པའི་དུས་སུའང་དོགས་དཔྱོད་ཀྱི་ཡུལ་དུ་མཛད། རྗེ་དེ་དང་བདག་མཇལ་བའི་དུས་སུའང་ཉིད་ལ་གྲོགས་པོ་གཞན་དང་མི་འདྲ་གསུང་མཉེས་མཉེས་རང་མཛད་ཀྱི་འདུག །དེ་དུས་ལ་དེ་ལ་ཆོས་འབྲེལ་ཞིག་ཀྱང་གསན་པར་འདུག་ཅིག །ཕྱིས་ཟེ་བོ་མ་འགས་རྗེད་པ་གམ་པར་མཇལ་དུས་གནས་ཚུལ་རྩད་གཅོད་མཛད་ཤིན་ཏུ་མཉེས་ཁོང་ལ་སྐུ་ཚེ་[WP:76,57]ིང་པོ་ཡོང་བ་ཡོད་ཞུས་གསུང་ངོ་། །ཆོས་རྗེ་ཚར་ཆེན་ཞེས་པ་ས་སྐྱ་པའི་ནང་ནས་སྔགས་འཆང་གི་ཏོག་ཏུ་འཐོན་པ་དེ་རྗེའི་དྲུང་དུ་ཆོས་སྐྱོང་སྐོར་གསན་པར་ཕེབས་པའི་དུས་སུའང་དཀའ་གནས་ཀྱི་དྲི་ས་མཛད་པས་ཐུགས་ཆེས་པ་འབའ་ཞིག་ཡིན་པས། གདམས་ངག་སད་སུ་ད་རེ་ཤེས་པའང་མིས་མཚོར་དོགས་པ་དང་། འགའ་ཤས་ཤེས་པའི་ང་རྒྱལ་གྱི་སྒང་བུ་ཅན་རྣམས་དང་མི་འདྲ་བར། མཁྱེན་པ་རྒྱ་ཆེ་༼༦བ༡༢༽ཐུགས་ཆུང་བས་ན་ཕྱི་རབས་རྣམས་ཀྱི་མིག་ལྟོས་བྱ་སའོ། །འཛམ་གླིང་ཀུན་ན་རྒྱུ་བའི་ལེགས་བཤད་ཀླུང་། །གང་དུ་ཞུགས་པའི་བློ་གྲོས་ཆུ་གཏེར་མཐའ། །སུས་དཔག་མ་ནུས་གངས་ཅན་མཚོ་ཉིད་ཅེས། །བསྔགས་པའི་མེ་ཏོག་ཐམས་ཅད་དེ་ལ་སྤུངས། །ཀུན་མཁྱེན་འབྲུག་པའི་ཞབས་སྐྱེས་ཐོད་ལྟ་བུར། །ཁུར་འདི་སྙིང་དོགས་མུན་ལ་སྡོད་གླགས་ཅི། །བདེན་རྫུན་གྲུབ་པ་འདི་སོགས་བགྲང་ཡས་ཀྱི། །གཞལ་བྱར་བྱེད་འདོད་པ་ལ་མངོན་གྱུར་བསྟན། །འདིའི་དྲུང་ན་མཚམས་ཟླ་རེ་ཟླ་གཉིས་བྱས་དེའི་རིང་བསྙེན་པ། ཁྲི་འབུམ་ཙམ་བསྐྱལ་ནས་རྟགས་འདི་བྱུང་འདི་མ་བྱུང་གླེང་བ་ན། གཞན་མི་གསུང་བར། ཆོས་རྗེ་གཡུལ་རྒྱལ་རྫོང་པའི་གསུང་ནས། ངས་ཕྱག་ན་རྡོ་རྗེ་ལ་བསྙེན་པ་བྱེ་བ་ཕྲག་མང་པོ་བསྐྱལ་ཏེ་ཁ་སྤུ་ལ་མེ་སྟག་འཕྲོ་བ་ཙམ་ལས་མ་བྱུང་། ཁྱེད་ཚོ་བསྙེན་པ་བརྒྱ་རེ་ལ་གྲུབ་རྟགས་འདོད་པ་ཡི་དམ་སྙིང་ཐག་ཉེ་མོས་དགོས་འདུག་གསུང་བ་སྐྱོར། དེ་སྐད་གསུང་བ་ཐུགས་བདེན་པ་སྟེ་རང་གིས་མཚན་མ་དམ་དུམ་ལ་ངོམས་ཏེ་མ་བཞག་པར་ནན་ཏན་ཇེ་ཆེར་མཛད་པས་སོ། །རྗེ་གོང་མ་དཔོན་སློབ་ལ། ཐོག་མེད་བདེ་མགོན་གྱི་དབང་ནོས་ནས། ཡང་རྩེར། བདེ་མཆོག་ལྷན་སྐྱེས་ལ་བསྙེན་པ་གསུང་ངག་ཤིན་ཏུ་དམ་པར་མཛད་དུས། རྗེ་དེས་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་གསོལ་འཕྲོ་བསྩལ་བ་ཚང་བར་བཞེས་པ་དང་། སྐུ་འཁྲིས་ན་ཆོས་སྐྱོང་གི་བྲིས་པ་ཐང་ལེགས་པའི་ཚད་ཅིག་བདུག་པ་ཁ་ཕྱེ་སྟེ་གནང་བ་སོགས་བྱིན་རླབས་འབྱུང་བའི་མནལ་ལམ་འགའ་བྱུང་། བསྙེན་གྲངས་འབུམ་ཕྲག་བཅུ་བཞི་སོང་བའི་ཐོ་རངས་ས་གཡོས། འོད་ཀྱིས་གཟིམས་སྤྱིལ་གྱི་ནང་ཁྱབ། ཡི་གེ་བདུན་པ་སྒྲར་གྲགས་པ་དངོས་སུ་བྱུང་། ཡང་རྗེས། ཆོས་རྒྱལ་གླིང་གི་ཚོམས་སུ་གཏོར་སྒྲུབ་མཛད་པའི་ཚེ། གཏེར་ཚོགས་ཀྱི་སྟེང་དུ་བྱ་རོག་སྣུམ་ལ་ཆེ་བ་སྐད་དྲག་པོ་སྒྲག་པ་དང་། མཁར་པོ་གོ་ཡུལ་དུ་ཟླ་བ་དྲུག་ཙམ་མགོན་པོ་ལ་བསྙེན་པ་མཛད་དུས། བུད་མེད་མཛེས་མ་མང་པོས་དཔལ་འབྲས་མང་པོ་སྟོང་པ། རལ་གྲི་བཟང་པོ་གཏད་པ་དང་། ཀ་པཱ་ལ་བཟའ་མ་ཏུ་བ་༼༧ན༡༣༽གིས་བཀང་བ་གཏད་པ་སོགས་དང་། རྗེ་གོང་མས་མཚན་བརྗོད་ཀྱི་ལུང་སྩལ་ཏེ་དཔེའི་བདག་པོ་ཁྱོད་ཡིན་གསུང་གཏད་པ་སོགས་མཚན་ལམ་བཟང་པོ་དང་། ལོ་རོ་རྡོ་རྗེ་གླིང་ཙན་དན་ཤུག་པའི་གསེབ་ཀྱི་དགོན་གནས་སུ། རྗེ་རྡོ་རྗེ་གླིང་པས་རྡོ་རྗེ་རྒྱལ་པོ་དང་། སྐུ་བསྲུང་པ་ཆེན་པོས་རྡོ་རྗེ་རྒྱལ་ཐེབ་པ་མཛད་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་ཆེན་པོ་བཙུགས་པ་གསན་པའི་དུས། ལྡིང་ཁྲིའི་དབུས་ན་བཀའའ་དགུའི་ལྷ་ཚོགས་ཐམས་ཅད་ཁྲ་ཕུད་དེ་བཞུགས་པ་ཡུད་ཅིག་གཟིགས། སྐུ་བསྲུང་པ་ཆེན་པོ་ལ་ཆོས་སྐྱོང་གསན་པི་ཚེ་ཡང་། དཀྱིལ་འཁོར་གྱི་ཡེ་ཤེས་མགོན་པོའི་ལྷ་ཚོགས་གཟིགས་ཤིང་། སྟ་གོན་གྱི་མཚོན་མནལ་ལམ་ན། མགོན་པོའི་རྒྱུད་གསར་རྙིང་གི་བེ་བུམ་ཐམས་ཅད་དེས་གཏད་པ་རྨིས་པ་དང་། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱག་ན་རྡོ་རྗེའི་དབང་གསན་དུས། རྗེ་དེ་ཉིད་གསང་བ་ཐམས་ཅད་ཀྱི་བདག་པོ་འཁྲུལ་མེད་དུ་གཟིགས། དེ་ནས་གཟུང་སྟེ་ལྷ་དེའི་བསྙེན་སྒྲུབ་ད་ལྟའི་བར་དུ་མ་ཆག་པར་མཛད། རྒྱུད་ནས་བཤད་པའི་རྟགས་བརྒྱད་ཚང་བ་དང་ལྷ་དེ་ཉིད་ཀྱི་འཁོར་ལོ་མངོན་སུམ་དུ་མཇལ། ཆོས་སྐྱོང་གི་བསྙེན་སྒྲུབ་འདྲ་མཛད་པའི་དུས་མགོན་པོ་ལྕམ་དྲལ། ལས་མགོན་སོགས་མངོན་སུམ་དུ་ཡུད་ཙམ་རེ་སྣང་བ་མང་དུ་བྱུང་། རྗེའི་དྲུང་དུ་ཕེབས་ནས། སྐུ་བསྲུང་བ་གྱིས་ཅེས་གསུངས་པས། ཕྱིས་རྟེན་བཞེངས་མ་གྲུབ་ཀྱི་བར་དགོས་གལ་ཆེ་བའི་དམིགས་བསལ་རེ་ཙམ་མ་གཏོགས་སྐུ་འཁྲིས་པ་དང་མཆོད་དཔོན་རྒྱུན་བསྐང་གསུམ་སྦྲག་མཛད། གསུང་ཆོས་ཅི་གནང་ལ་ཆུད་པས་གསུང་གི་གསང་བ་ཕལ་མོ་ཟིན། ཞར་བྱུང་དགོས་དཔྱོད་མཛད་པས་རྗེ་ཡང་ཤིན་ཏུ་མཉེས་ཏེ། སྲས་གཉིས་སོགས་ཀྱི་ཕྱག་བཞེས་འབུལ་བ་པོ་བཅོལ། ནང་སོ་ཐོན་པས་སྒྲུབ་སྡེ་བཙུགས། ནང་སོ་རང་སོགས་འབྲུག་ལུགས་ཀྱི་ཆོ་ག་ལག་ལེན་མཐིལ་ཕྱིན་པ་བསླབ་བཞེད་དེ། རྗེ་ལེ་སྐུ་དྲུང་ན་བཞུགས་པའི་གསེབ་ནས་སློབ་དཔོན་ཞུས་༼༧བ༡༤༽པས། བཀའ་ལས་ཆོས་མགོན་པ་འདི་མན་ངག་ཐོབ་རྒྱ་ཆེ། ལག་ལེན་ཐམས་ཅད་ལ་ངེད་རང་ལ་ལྷག་པ་ཙམ་ཡོད། ཁྱད་པར་བསྙེན་སྒྲུབ་སོགས་མཐར་ཕྱིན་ཆོས་སྐྱོང་དངོས་ཀྱིས་རྗེས་སུ་གཟུང་བ་ཞིག་ཡིན་པས་འདི་འཇོག །ནད་སོ་རང་གི་བླ་མའང་འོས་པ་ཡོད་ཅེས་གསུངས་པས། ནང་སོས་དེ་ཁ་ནས་བླ་མར་འཁུར་ཆོས་སྐྱོང་གི་སྐོར་ཐམས་ཅད་གསན་ལག་ལེན་བསླབ་པ་དང་བསྟུན་ལོ་ཙམ་བཞུགས། དེའི་ཚེ་ལོ་གསར་ཁའི་དགུ་གཏོར་ལ། སྡེ་པ་རང་ནུས་ཅན་དུ་བརྩི་བའི་སྔགས་བོན་ལྷག་པར་རི་བོ་དགེ་ལྡན་པའི་དགེ་བཤེས་འཇིགས་བྱེད་དངོས་སུ་བརྩི་བ་ཅིག་སོགས་མང་པོས་གཏོར་མ་བརྡེག་པར་བྱོན་པས། རླུང་ནག་འཚུབས་ཏེ་ཐམས་ཅད་ཡར་ལོག །ཐུགས་རྟོག་ཟ་བ་ན། དེ་ཁར་སྔགས་འཆང་ཉིད་དཔོན་སློབ་ཀྱིས་དཔལ་ཆེན་པོ་རྒྭ་ལོའི་སློབ་མ་ཅོག་རོའི་ལུགས་ཀྱི་གཏོར་ཆེན་བསྒྲུབས་པ་དེ་འཕངས་པས་ལྷགས་པ་མོད་ལ་ཟོན་སྐྱོར་བཞིན་བྱས། ཡིད་ལ་མེད་པར་ཡལ་ནས་འགྱུར་བས་གཏོར་གྲལ་པ་གཞན་འགའ་རྔ་ཧར་ཁྱེར་ཏེ་གཏོར་མ་འཕང་ཕྱོགས་སུ་བརྒྱུགས་པ་སོགས་བྱུང་བས་ཐུགས་ཡིད་ལྷག་པར་ཆེས། གུས་པ་གཞན་དང་མི་འདྲ། འཕྲལ་གྱི་ཕྱག་དཔེ་སོགས་དགོས་པ་ཐམས་ཅད་ཀྱི་སྦྱིན་བདག་མཛད་པས་ཤིན་ཏུ་མཁོ་བར་བྱུང་གསུང་ངོ་། །རྒྱུན་དུའང་སྲོད་ནས་བརྩམས་ཏེ་བློས་བསླང་བའི་མནལ་ཡེ་མི་གཟིམས་པར་བསྙེན་པ་འབའ་ཞིག་མཛད་པ་སང་ལྟོ་རན་ཚུན་བཞུགས། རྗེ་སྤྱན་དྲངས་པའི་ཕྱག་ཕྱིར། བྱང་སྟག་ལུང་། གོང་དཀར་ཡར་རྒྱབ། བསམ་ཡས། འཁྲང་པོ། ཆུ་ཤུལ། སྨྱུག་ལ། ཐོན། ཡར་ཤར་ནུབ་སོགས་སྡེ་དཔོན་ཆེན་པོའི་གོ་ཀུན་ཏུ་ཕེབས། མཆོད་གཡོག་པ་མཛད་པའི་གཤིས་ཀྱིས་མི་ཆེན་ཀུན་དང་ཐུགས་འདྲིས་པ། འགྲོ་བའི་ཚེ་གནང་སྦྱིན་བཟང་པོ་མཛད། དེའི་ཞོར་ལ། ལྷ་སའི་ཇོ་ཤཱཀ །ཚལ་གུང་ཐང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ། ཁྲ་འབྲུག །བྱམས་གླིང་སོགས་ཀྱི་རྟེན་མཇལ་སྨོན་ལམ་འདེབས་པ་སོགས་མཛད། སྐབས་ཤིག་ན་རྗེའི་ཞལ་སྔ་ནས། ད་ལྟ་ཚེ་ཐུང་ནད་མང་དུས་སྙིགས་ལྷ་སྲིན་གདུག་པ་ཆེ་བས་གནོད་པ་དང་འཚེ་༼༨ན༡༥༽བ་མོད་པའི་དུས་སུ། ཆོས་ཐོས་བསམ་གྱི་མཐའ་རྒྱ་གཅོད་པའི་སྐབས་མ་ཡིན། བསྒྲུབ་པ་སྙིང་པོར་བྱེད་དགོས། ལྷག་པར་རང་རེའི་བརྒྱུད་པ་འདི་ཆོས་གཅིག་ཤེས་པས་ཀུན་ཤེས་པ་ཡང་བྱོན་པ་ཡིན། གཅིག་ཤེས་པ་ལ་འདི་སྒྲུབ་པ་སྙིང་པོར་གཟུང་བ་ལས་བྱུང་བར་འདུག་པས། ཁྱེད་རང་རྣམས་ཀྱང་ལོ་གསུམ་གྱི་མཚམས་རེ་འབྲུག་སེ་བ་བྱང་ཆུབ་ཀྱི་གླིང་འདིར་གྱིས་ཕེབས་པ་དང་། དུས་དེའི་ཚེ་སྐུ་འཁོར་ན་བཞུགས་པའི་དགེ་བཤེས། རབ་འབྱམས་པ་དཔལ་རིན། དྷརྨཱ་པ། རིན་རྡོར་སོགས་འབྲས་ཡུལ་སྐྱེད་ཚལ་དུ་གྲགས་ཐོན་པ་གསུམ་དང་། སྔགས་འཆང་ཤཱཀྱ་དཔལ་མགོན་ཞེས་པ་དཔལ་འཁོར་བདེ་ཆེན། ཞ་ལུན་ཡོ་ག་སོགས་བུ་ལུགས་ཀྱི་དབང་ཕྱུག་ལེན་ལ་འགྲན་ཟླ་མེད་པར་རྩི་བ་དེ་དང་། ཉིད་ལ་སོགས་པ་འགའ་ཤས་ལོ་མཚམས་ལ་རྗེ་ཉིད་ཀྱིས་མཐུན་རྐྱེན་སྩལ་ཏེ་བཞུགས་སོ། །གནས་དེ་རྗེ་གཙང་པ་རྒྱ་རས་དཔོན་སློབ་ཀྱིས་བྱིན་གྱིས་བརླབས་པ། ལྷག་པར་ཆོས་རྗེའི་ལྗགས་བཞུགས་པའི་རྟེན་འབྲེལ་གྱིས་དགོན་གནས་འདིའི་མིང་ཆོས་བརྒྱུད་ལ་ཐོགས་པས་འབྲུག་པ་ཞེས་བྱུང་བ་དེ་ལྟ་བུ་སོགས་ཡ་མཚན་ལ་བྱིན་ཆགས་པ་ཡིན་མོད་ཀྱང་། དེ་སྡང་སྒྲུབ་ཆེན་མངས། བར་ཞིག་ཏུ་མ་བྱུང་བ་རྒྱུན་འགྱངས་ཙམ་སོང་བྱས་པ་གནས་རྒོད་དུ་གྱུར་པ་ལྟ་བུ་དང་། ལྷག་པར་མཚམས་བཞུགས་རྣམས་ཀྱང་ཐུགས་དམ་གྱི་རྩལ་ཆེ་བས་བར་ཆད་ཐམས་ཅད་དུས་གཅིག་ན་ལོངས་ནས། འགའ་ཞིག་ལ་ལྷ་འདྲེའི་དམག་གིས་མངོན་སུམ་དུ་བསྐོར་བ་དང་། བྱི་ལའི་དམག་དང་། གཡོ་སྒྱུ་སྣ་ཚོགས་ཀྱིས་བསླུ་བ་སོགས་བྱུང་། ཉིད་ལ་འབྱུང་པོས་བུག་སྒོ་བརྡུང་བ། ཚོག་ཆོམ་གྱི་སྒྲ་ཐོག་སྡིབ་ལ་ཁད་པ། ཤུགས་པ་འཆོར་བ། ཅོ་ལྡིར་བ། འཇིགས་པའི་གཟུགས་དུ་མ་སྟོན་པ། རི་བར་དུ་འཚིར་བ། མེས་སྲེག་པ་དང་། ཆུར་བསྐྱུར་ག་སས་མནན་པ་དང་། སྤྲེའུ་གཟུགས་གདོང་དམར་པོ་དམག་ལྟ་བུར་འཚང་བ་སོགས་ཉམས་དང་རྨི་ལམ་ཙམ་ཤིན་པར་མངོན་སུམ་རང་ལ་ལན་རེ་ལན་གཉིས་མིན་པ་བྱུང་། ལྷག་པར་སྐུའི་གཟུགས་བཞིའི་ཁུམ་པ་གྲུམ་བུ་ལྟ་བུའི་གཅོང་གིས་ཟིན་ཀྱང་། ༼༨བ༡༦༽རྐྱེན་ངན་པ་དགེ་བའི་བཤེས་གཉེན། ནད་སྒྲིབ་པའི་ཕྱགས་ཤིང་བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་པར་དགོངས། སྔར་ནས་ཕྱག་ཆེན་གསན་པ་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོང་བདེ་བར་ཡོད་ཅིག་ཞི་གནས་ཀྱི་ངང་གདངས་ལྟར་ལངས་པའི། ལྷ་སྒོམ་པ་སྔགས་བཟ་བ་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ལ་རྩེ་གཅིག་པས། ཟ་ཉལ་བཤང་བ་གསུམ་མིན་པ་ཐ་མལ་པར་ཡེ་མ་བཞུགས། མ་བཞུགས་ཀྱི་ན་ཆོ་འཕྲུལ་ཇེ་ཆེ་ཇེ་ཆེར་སོང་། གྲོགས་རྣམས་དང་ཡང་གཅིག་བཤན་གཅིག་ལ་ཕོག་བས་ལྷོངས་འདི་བྱུང་འདི་མ་བྱུང་བྱ་བ་མེད་པ་བྱུང་། དྲུང་རིམ་པ་གཉིས། དྲུང་ཤཱཀ་པ་གསུམ་སྐུ་མཚམས་དང་དོར་རྟོགས་པའི་ཕུ་ཐག་ཆོད་ཀྱང་གཤེགས། རབ་འབྱམས་གཞོན་པ་ཅུང་ཟད་སྨྱོ་ནས་རྗེས་བྱིན་གྱིས་རླབས་པས་མདོ་ལ་མནལ་དུ་ཕེབས། ཕྱིས་ཐོག་དངོས་སུ་ཕོག་ཀྱང་གནོད་མ་ནུས་པའི་རྟོགས་ལྡན་ཆེན་པོ་ཞིག་བྱུང་། ཉིད་ཀྱིས་སྐུ་མཚམས་སེང་སེང་ཡེ་མ་མཛད་པ་ལོ་གསུམ་པའི་མཐར་བར་ཆད་རང་སར་ཞི། བླ་མ་སངས་རྒྱས་དངོས་སུ་གཟིགས་པ། ཕྱག་རྒྱ་ཆེན་པོའི་རྟོགས་པས་མུན་པ་ལ་ཉི་མ་ཤར་བ་བཞིན་ཀུན་རྨོངས་གར་སོང་མེད་པར་བརླག་དཔལ་འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཕྱག་རྡོར། ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། ལས་ཀྱི་མགོན་པོ་དང་བཅས་པ་གང་འདོད་དུ་གཟིགས་པ་དེ་ནས་བྱུང་བ་སྐུ་མཚམས་གྲོལ་ནས་རྗེའི་སྤྱན་སྔར་བྱོན། ཕྱིས་ཀྱང་སྨིན་ཐོག་ཏུ་ཟླ་བ་དྲུག །འཕྱིང་རུའི་དབེན་གནས་བདེ་ཆེན་ཆོས་འཁོར་དུ་ལོ་གཅིག །གྱེར་སྐྱིད་དགོན་དུ་ལོ་གཅིག །བྱར་ཚིན་དུ་དགུན་ཐོག་གཅིག །ཙ་རིར་ལོ་ལྔ་དང་། གཞན་ལོ་རེ་ལ་ཟླ་བ་རེ་གསུང་ངག་ཤིན་ཏུ་དམ་པ་མཛད། ཐུགས་དམ་རྒྱུན་ཆགས་ཀྱི་རིམ་པ་ལ། བླ་མ་སྒྲུབ་པ་ཕྱི་ནང་གསང་གསུམ། རྟེན་འབྲེལ་གི་ཉམས་ལེན། བདེ་མཆོག་གི་བསྙེན་པ་ཁྲི་ཚོ་རེ། དགོངས་ཁ་ཆོས་སྐྱོངས་རྣམས་ཀྱི་གཏོར་བསྔོ་རྒྱས་པ་དང་། ཡེ་ཤེས་མགོན་པོའི་བསྙེན་པ་ཁྲི་ཕྲག་རེ། སྲོད་ལ་ཕྱག་རྡོར་གྱི་བསྙེན་པ་ཁྲི་ཕྲག་རེ་རྣམས་ཆག་མེད། རྗེ་འབྲུག་པ་༼༩ན༡༧༽རིན་པོ་ཆེ་ལ་གང་གསན་པ་ནས་ད་ལྟ་ཚུན་ཆག་མེད་ཡིན། དེ་དག་ལེགས་པར་བརྩིས་པ་ཇི་ཙམ་སོང་བའི་གྲངས་ནི། བླ་མ་སྒྲུབ་པ་ནང་སྒྲུབ་དང་གསང་སྒྲུབ་གཉིས་ལ་བྱེ་བ་གཉིས། ས་ཡ་བདུན། འབུམ་ཚོ་དྲུག །སྟོང་ཕྲག་གཏས། བདེ་མཆོག་ལ་བསྙེན་པ། དུང་འཕྱུར་གཅིག །བྱེ་བ་ལྔ། ས་ཡ་ལྔ། འབུམ་ཚོ་དྲུག །ཁྲི་ཚོ་གཉིས། ཕྱག་རྡོར་ལ། དུར་འཕྱུར་གཅིག །བྱེ་པ་བཞི། ས་ཡ་དྲུག །འབུམ་ཚོ་དྲུག །ཁྲ་ཕྲག་གསུམ། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྙེན་པ། དུང་འཕྱུར་གདེག །ས་ཡ་གཅིག །འབུམ་ཕྲག་དགུ། ཁྲི་ཚོ་བདུན། རྐང་པ་བརྒྱད་ལ་ཁྲི་ཚོ་ལྔ། སྟོང་ཚོ་བཞི། ཤཱ་སན་ལ་ཁྲི་ཚོ་ལྔ། དུད་སོལ་མའི་བསྙེན་པ་ས་ཡ་གསུམ། ཆོ་བསྙེན་བྱེ་བ་གཅིག །ས་ཡ་བདུན། འབུམ་ཚོ་གསུམ། ཁྲི་ཚོ་བཞི་རྣམས་སོ། །དེས་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་ནུས་མཐུ་གཉིས་སུ་མེད་དོ། །བྱར་ཚིན་དུ་བཞུགས་དུས་ཆོས་བཅུ་ཞིག་གི་ཐོ་རངས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལྷ་ལྕམ་མནྡ་ར་དང་ཡེ་ཤེས་མཚོ་རྒྱལ་མཛེས་པ་མཚུངས་པ་མེད་པས་མཐའ་བརྟེན་མཛད་པ་མངོན་སུམ་དུ་བྱོན་ནས་བྱིན་གྱིས་བརླབས་ཏེ་འཆི་མེད་ད་ཆོའི་དངོས་གྲུབ་སྩལ། ཙ་རི་ཏྲའི་མཚོ་ཞལ་སོགས་སྔོན་གྱི་གྲུབ་པ་རྣམས་ལ་བྱུང་བ་དང་མཐུན་པ་འགའ་བྱུང་གསུང་བ་ལ་འདིར་འདི་ཞེས་མི་གསུང་། སྐུ་འཁོར་བས་ཀྱང་མཐོང་བར་ཕོ་བྲང་ཁར་རྗེ་དཔོན་སློབ་བཞུགས་པ་ལ། མཚོ་སྐད་ཅིག་གིས་ཕུར་བུར་ཁོལ་ནས་མདུན་གྱི་རི་དེའུ་དེ་ནོན་ལ་ཁད་པ་ཙམ་བྱུང་། གཞན་ཞིང་སྐྱོང་། རྡོ་རྗེ་གཡུ་སྒྲོན། གཞི་བདག་ལས་ཀྱི་གཤིན་རྗེ་འཁོར་བཅས་བཀའ་འཁོར་ན་སྒོར་རེ་ལས་བགྱི་བའི་དགུག་དོན་དུ་བཞུགས་པ་དང་། ཡང་རྩེར་གཟའ་མཆོག་དངུལ་ཉིད་དང་། ཉིད་ཀྱི་སྐུ་ཞར་ཆོས་རྗེ་སློབ་དཔོན་པ་གཉིས་ཀས་མཐུན་པར་སྣང་བ་དང་། དབུས་སུ་རྒྱལ་པོ་བེ་ཧ་ར་འཁོར་བཅས། གུང་ཐང་དུ་ལྷ་མོ་རེ་མ་ཏི་དང་། ཞང་གི་ཆོས་བསྲུང་། མཁར་ཆུར་སྙོང་ཁ། དུར་ཁྲོད་བདག་མོ། བཀྲ་ཤིས་མཐོང་སྨོན་དང་ལྷ་སར་དཔལ་ལྷ་མི་སྒྲིབ་པར་གཟིགས་༼༩བ༡༨༽བ་དང་གཡར་དམ་ལེན་པ། གཞན་ཡང་ར་ལུང་ལ་སོགས་པའི་གནས་བདག་ཐམས་ཅད་དཀའ་ལ་ཉན་པས་ཕྲན་ཚོགས་ཀྱི་བྱ་བ་གཞན་ལ་བསྡིགས་མོའམ། རྐུན་མ་རྩད་གཅོད་ལྟ་བུ་སོགས་ལ་བཀའ་བསྒོ་མཛད་ཙམ་ལ་རྟགས་ཐོན་པ་བྱང་ཕུན་ཚོགས་རབ་བརྟན་དུ། སྐུ་ཆས་རྐུ་ལ་ཤོར་བ་རྐུ་མཁན་ཁམས་པ་ཞིག་རེད་པས་ཟམ་ཆུ་ཆུད་དུ་ལ་བྲུལ་ཏེ་ཤི་བ་དང་། སྒོ་མཐའ་རྫོང་པས་ཕྱག་གཡོག་པ་འགའ་ཤེས་བཞིན་དུ་བརྡུངས་པས་དེ་དག་གི་ཕ་ཡུལ་ནེ་ལ་བཤོངས་ཆུང་ཁྱེར་བས་འགྱོད་པ་རྟས་མི་ཟིན་པ་བྱུང་། འཁྱོང་རྒྱས་མ་དྲེའུ་བརླག་པ་ལ་གཤན་དམར་ལ་བསྔགས་པས་དྲེའུའི་སྒལ་པ་ལ་མེ་མཆེད་པས་དངངས་ཏེ་སླར་ཕུལ་བ་སོགས་མང་། ཅིག་ཅར་གནས་ནང་དུ་ཇོ་བཟང་གསོད་མི་རྐྱེན་སུམ་པ་བ་ཅིག་གིས་སྟོན་མཆོད་ཀྱི་ཚེ་བཤགས་པ་བསྒྲུབས་ཀྱང་ཕ་བུ་གསུམ་ལམ་དུ་ཤར་རེ་འགྲོ་བའི་དཀྱིལ་ནས་གསོར་མི་རང་གཏོར་བ་ལོར་མ་རྙེད། ལོ་གཅིག་སོང་བ་ན་གཞི་བདག་གི་སྐུ་མཁར་རྩ་ན་རོ་གཉིས་འདུག་ཟེར་གནས་ནང་ན་ཡོད་པ་མང་པོས་ལྟར་ཕྱིན་པས་དེའི་འཁྱིལ་ཆུའི་དབུས་ན་རོ་དེ་ལ་དེས། མིས་ཤིང་བཏང་བ་ན་དེས་ལ་གངས་འཛིན་དུ་བྱུང་། ཉིན་མོ་ཡིན་ཀྱང་ཀུན་དྲེད་པ། ལྕང་གླིང་པ་རོལ་པའི་རྡོ་རྗེས་མདུང་གི་རྩེར་གྲི་བཏགས་ཏེ་ཕོག་པར་རྒྱབ་པས་མཚོ་ད་ཁྲག་གིས་དམར་ཆིལ་བ་ཞིག་བྱས་ཉ་བཀྱལ་བ་བྱུང་། འདི་རྡོར་འཛིན་དུ་བཞུགས་པ་ནས་གཞི་བདག་གི་དངོས་བརྒྱུད་ཀྱི་ཆོ་འཕྲུལ་ཧ་འགལ་བས། མཐུ་རྩལ་ལ་མཚུངས་པར་མེད་པར་བརྩི་བ་འདི་བྱུང་བ་ཡིན། ལྷག་པར་གཤན་དམར་གྱིས་ཅི་གསུང་སྒྲུབ་པས་དེ་རང་ལ་ཐུགས་རྩིས་ཆེ་སྟེ། འཕྱོང་རྒྱས་ནས་སྡེ་པ་ཧོར་བསོད་པའི་དྲུང་རྩེ་ཐང་ནས་འཕྱོང་རྒྱས་སུ་ཕེབས་པ་ལ་ལམ་དུ་དགུག་མཁན་མང་བས་ཅི་དྲག་གླེང་སྐབས། ངེད་ཀྱིས་གཤན་དམར་ལ་ཕྱག་གཡོག་ཞུ་བཅུག་པས་ཉེས་པ་མི་ཡོང་གསུང་། དེ་ལ་གསེར་གཏོར་ཕུལ་སྨོད་བྱང་རྒྱས་པར་མཛད། དེ་ཀ་ལ་ཐུགས་བཀལ་ཏེ་ཕེབས་པས་མཚན་འགྲོས་ཀྱི་རིང་མོ་དམར་ཕུར་དེ་བ་ཆིབས་གནོད་དུ་འགྲོ་༼༡༠ན༡༩༽བ་དང་། ཉིན་རླུང་དམར་འཚུབ་འཁྱིལ་ལེ་བ་སྔོན་དུ་འགྲོ་བ་འཕྱོང་རྒྱས་སུ་མ་ཕེབས་རིང་བྱུང་བས་ལྷག་པར་ཐུགས་ཆེས་སྐད། དེ་དག་དཔེར་བརྗོད་ཙམ་སྟེ་ཐམས་ཅད་བྲིས་ན་འབུམ་ཙམ་མོ། །དང་པོ་རྗེས་དེད་འབོད་དུ་གནང་། དེད་རྣམས་བྱ་ཡུལ་ནས་རིམ་པས་ཡར་འབྲོག་ཏུ་སླེབ། ཆོས་རྫོང་པའི་བསུ་བ་འདུག་པའི་སྟེང་དུ་ནམ་མཁར་འཇའི་གུང་ཁང་ཁྱབ་ཞིག་འདུག་པ་ཀུན་གྱིས་མཐོང་འདིས་དེའི་ནང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གཙོ་འཁོར་ཁྲ་ཕུང་ངེ་བ་གཟིགས་པ་བཞིན་ར་ལུང་དུ་སླེབ། རེ་མ་ཏི་བབས་པའི་ངག་ལ་ཡང་ངེད་གཙོ་འཁོར་བསུ་བ་ལ་འོངས་པ་ཁྱོད་ཀྱིས་མཐོང་སོང་ཟེར་བས། གསུང་བ་ལ་ཡིད་ཆེས། གཞན་ཡང་རྗེ་གཤེགས་ནས་གདུང་ཆོག་འཛིན་པའི་སྐབས་སུ། སྐུ་གདུང་རིན་པོ་ཆེའི་དྲུང་དུ་བདག་བརྟག་པ་གཉིས་པ་ཁ་ཏོན་བྱེད། འདི་པ་བསྐང་གསོ་མཛད་ཀྱི་ཡོད་པ་ཞིག་གི་མོད་ལ་དངངས་ཧད་དེ་ཡུག་ཅིག་ལུས་སོང་། བདག་ལའང་ཟིལ་ཆེན་པོ་ཅིག་བྱུང་དུས་ཅི་ཡིན་ན་དྲིས་པས། བྱ་རོག་གདོང་གིས་བཙུན་པའི་མགོ་ཁྲག་ཐིག་ཐིག་འབབ་པ་རླངས་ཕྱུར་རེ་བ་ཞིག་བཞག་སོང་། མགོ་བོ་དེ་ཀ་ཐོག་པ་ཆོས་རྗེ་རྣམ་གྲོལ་བཟང་པོའི་དབུ་འདྲ་བ་ཞིག་འདུག །ངེད་ཀྱིས་མཇལ་མྱོང་བ་ཡིན་གཞན་ལ་འཕྲོས་མ་བཏང་གསུང་། དེ་ནས་ཟླ་བ་གཅིག་མ་ལོན་པར་དེ་གཤེགས་པར་སྣང་ངོ་། །དེ་ཡང་ཀ་ཐོག་པ་དང་བསྒྲུབ་སྡེ་པ་ལྷོ་ཕྱོགས་སུས་ལ་ཟློས་པ། ཁོང་རང་གཞན་དང་མི་འདྲ་བའི་དགེ་བཤེས། འཁོར་དུ་རྙིང་མ་བའི་སྔགས་འཆང་བཟང་པོ་རྐྱང་གིས་བསྐོར་བའི་མཐུ་ཅན་ཞིག་རེད་པས་ར་ལུང་ཕྱོགས་སུ་ལས་སྦྱོར་མང་པོ་བརྩམས་པ། རྗེའི་བྱིན་རླབས་ཀྱིས་གནོད་པ་ཅི་ཡང་མ་བྱུང་། རྗེ་གཤེགས་ནས་ནས་ངེད་རང་གིས་སྐུ་རིམ་ལ་འབུངས་པས་གནོད་མ་ནུས་པའི་ཁར་ཕྱིར་ལོག་པར་གོ་གཞན་ལས་སྦྱོར་ཆེད་དམིགས་ཅི་ཡང་མ་བྱས་གསུང་ངོ་། །གཞན་ཙ་རི་ཏྲར་རྡོལ་ཞབས་ཀྱི་པདྨོ་དང་སྐྱིད་ཤོད་དུ་སྤྱན་དྲངས་བའི་ཚེ་བྱང་ཁར་འབྲོངས་ཕུ་ཞེས་པ་བླ་མ་ཞང་གི་༼༡༠བ༢༠༽བསྒྲུབ་གནས་གཟིགས་པར་བྱོན་བསྙེལ་གསོས་ཏེ་བཞེངས་དུས་ཕྱག་རྡོ་ལ་བཙུགས་སར་ཕྱག་རྗེས་གསལ་པོར་བྱུང་བ་གསང་བར་མཛད་བཞེད་ཀྱང་ཕལ་ཆེར་གྱིས་མཐོང་བས་དེ་སུབ་མ་ནུས། ཙྭ་རིའི་དེ་སྦས་སོ། །གཞན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་བདུད་རྩི་དང་བུམ་ཆུ་ཁོལ་ཞིང་ལུད་པ། གཏོར་ཚོགས་མི་རྙིང་པ་སོགས་ངོ་མཚར་ནི་བརྗོད་ཀྱིས་མི་ལང་བ་བྱུང་ངོ་། །ཐོས་དོན་བསམ་པས་འདྲིས་པར་བྱས་པ་གང་། སྒོམ་པ་གོམས་པ་བཤད་བཞིན་འབྱུང་གཟིགས་ནས། གང་གིས་སྒྲུབ་ལ་ནན་ཏན་བརྩོན་བྱས་པའི། མཚུངས་པ་གངས་ཅན་འདི་ན་མི་ལ་ཀ །འཕགས་པའི་སྤྱན་གྱིས་མི་གཟིགས་དག་པའི་གཟུགས། གང་ཡང་མེད་མོད་ཆ་ཙམ་གཟིགས་གསུང་བ། བློ་དམན་བྱིས་པ་མགུ་བའི་ཕྱིར་ཡིན་ཞེས། དེ་ཉིད་གཟིགས་པའི་རྒྱུས་ཡོད་པ་རྣམས་གླེང་། ཕལ་ཆེར་བླ་མའི་གདམས་ངག་སྙན་གོང་བརྒྱན། ཡུད་ཙམ་རེ་ལ་ནོགས་པར་བྱེད་པས་ན། སྙིང་གླེགས་ཡོན་ཏན་བྲིས་ཀྱིས་འཕོངས་མཐོང་བས། ཕྱི་མའི་ཐར་འདོད་ཁྱོད་ཀྱི་རྣམ་ཐར་སློབ། རྗེ་བླ་མས་འདི་ཐག་ལོའི་གཞུག་ལ་བདག་གི་སློབ་དཔོན་དུ་བསྐོ་བར་མཛད་པའི་བྱི་ལོ་ཧོར་ཟླ་དང་པོའི་ཉེར་ལྔ་ལ་རྗེ་ཅུང་ཟད་སྐུ་གྲིབ་ཀྱིས་ཉོག་པའི་ཚུལ་བསྟན། དེའི་མཐུན་པའི་གཙོ་བོར་བཞུགས། གནམ་གང་གི་དགོངས་ཇ་ཐོན་རྗེས་གཏོར་ཁ་གསོས་པས། སུ་ཡིན་འོད་ལྷག་ལྷག་དེ་ཅི་ཡིན་གསུང་། བདག་ལགས། ཐུགས་དམ་གཏོར་ཁ་གསོ་བ་ཡིན་ཞུས་པས། ཆོས་མགོན་པ་ཡིན་འདུག་པ། ཁྱོད་ཀྱིས་སྤྲུལ་སྐུ་རིན་པོ་ཆེའི་ཕྱག་གཡོག་མཐིལ་ཕྱིན་པ་ཞིག་གིས་གསུང་གདམས་པའི་མོད་ལ་རྗེ་དགོངས་པ་ཐིམ། དེ་མ་ཐག་ས་གཡོ་བ་ཆེན་པོ་ཞིག་བྱུང་། རྗེའི་གསུང་དེས་བདག་ལོ་བཅུ་གསུམ་ནས་ཉེར་གཉིས་ཀྱི་བར་བཅར་བཞུགས་མཛད་གཙོ་བོར་བསྲུང་འཁོར། དེ་ནས་འབྲུག་ལུགས་ཀྱི་ཆོས་བཀའ་རྣམས་ལ་རྨོ་མོ་སློབ་མཛད་ཁྱད་པར་བདག་ལ་བརྩེ་བའི་སྤྱན་རས་གཡེལ་བ་མེད་པར་སྦྱོང་མཁན་བྱ་བཀྲ་ཤིས་རྣམ་རྒྱལ་ནི་གྲོངས། གོང་ས་བསྟན་འཛིན་ནོར་བུས་ནི་༼༡༡ན༢༡༽ར་ལུང་པར་ཕར་ཕུལ་མཁོ་བ་མ་སྟབས། ར་ལུང་ནས་རྗེ་རྒྱལ་ཚབ་དམ་པ་རང་གི་ཕལ་ཆེར་ནི་སྤྱན་འབྲས་ཀྱི་མཐོང་ཙམ་མཛད་ཀྱང་ཞུ་ཁ་ཡང་ནས་སྐུ་འཁྲིས་པ་རྣམས་ཀྱིས་བྱ་པར་ཕུལ། གཉིས་བར་གསུམ་ཤོར་གྱི་དཔེས་ཤིན་ཏུ་བྱ་བས་བཏང་བའི་རིང་། འདིས་ཐ་ན་གཉེར་ཚུན་ཁུར་དཀའ་བ་མཛད་པས་མི་གཅིག་ལ་དྲིན་ཆེ། ཕྱིས་དགུང་ལོ་བདུན་ཅུ་བརྒལ་བ་ཙམ་ལ། ཡང་རྩེར་སྤྱན་དྲངས་ཞབས་ཀྱི་པདྨོ་ལ་བཏུད་དེ། ཚེ་དབང་། ཕྱག་རྡོར། མགོན་པོ། གཞི་ཆོས་སོགས་འབྲུག་བསྐོར་རྗེའི་ཞལ་སྔར་པོ་སྟི་ལུང་དབང་ཙམ་ལས་མ་ཐོབ་པ་ཀུན་ཞུས། དེ་ཡང་རྗེ་ཉིད་ཀྱིས་ཕྱག་འབུལ་བ་དང་། གདན་མཉམ་མཉམ་གང་ན་མི་ཡོད། ངེད་རང་གིས་ཡང་རྗེ་རས་ཆུང་པས་རྗེ་བཙུན་ལ་སྐྱེས་སུ་ཕུལ་བ་ལྟ་བུར་འབུལ་བ་ཡིན་ཅེས་བཀའ་རྒྱ་གདམས་པས། ཕེབས་བསུ་ཕྱག་བཞུགས་གདན་ཆེས་མཐོ་བའི་མཐོང་བཀུར་ཞུ་མ་བཏུབ་པ་མ་གཏོགས་བདག་ཁེངས་ནས་མི་ཞུ་བ་མིན་ནོ། །དེ་ཡང་བདག་གི་ལོ་ཉེར་གཉིས་པ། འདི་ཉིད་རང་ཞེ་བརྒྱད་བཞེས་པའི་ཚེ། དཔལ་ཙ་རི་ཏྲ། དེའི་ནང་གི་རྩ་མཆོག་གམ་རྩ་གོང་ངམ་རྩ་རེ་ཞེས་བཞག་པ་དང་། གཤིན་རྗེའི་འདུ་ཁང་དུ་གནས་ཡིག་རྣམས་སུ་བསྒྲགས་པ། ཉམས་རྟོགས་ཅིག་ཏུ་འཆར་བའི་གནས་ཡིན་པས་ཅིག་ཅར་དཔལ་གྱི་ནགས་ལྗོངས། སློབ་དཔོན་ཆེན་པོ་པདྨས་མ་འོངས་པ་ན་སྐྱེས་བུ་མཁའ་ལ་སྒྲ་སྒྲོགས་པས་གཟུང་སྟེ་དགེ་འདུན་གྱི་ཀུན་དགའ་རབ་འབྱུང་བར་ལུང་བསྟན་པ། དེ་ཡང་མ་ཆེན་རྫ་ཁྲོད་ཤར་ནས་རྟེན་འབྲེལ་གྱི་དབང་གིས་འབྲུག་པའི་ལས་ཚན་བསྡུས། དེ་སྐབས་ཀོང་ཁ་སྟོད་འདིར་ནི་ཕལ་ཆེར་མི་ངས་ཀྱིས་ལྔ་པར་གྱུར་པས་རྐྱེན་པ་རྒྱལ་པོ་སྟག་རྡོ་རྗེ་སྩལ་དུ་བཏོན། ལྡིར་ཚོ་བརྒྱད་འོར་ཤོད་དང་བཅས་པའི་མི་སྣ་དྲག་པ་ཀུན་ཁྲིད། རྗེ་སྤོས་སྐྱ་པ་ལ་གསོལ་བ་བཏབ། འགྲོ་མགོན་བསོད་ནམས་རྒྱལ་མཚན་གནས་ནང་གི་རིག་པའི་མགོན། འགྲན་རས་ཀྱི་དབོན་ཆོས་སྐུ་བདེ་བ་ཆེན་པོ་དཔོན་སློབ་གནས་ཕྱིའི་ཡོན་༼༡༡བ༢༢༽བདག་གི་མཆོད་གནས་སུ་བརྫངས་ཏེ་རི་པ་ལ་ནས་ཆུ་འབབ་བཅུ་གསུམ་པ་ལ། ད་ལ་ཁྱེའུ་ཁྲག་མདོག་ཤའི་རལ་པ་ཅན་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ནུ་བོས་ཕུལ་བའི་གནས་གསིང་མ་གཡུའི་མཎྜྻལ་གསུམ་བརྩེགས་པ་འདྲ་བའི་སྟེང་ལ་ཐོབ་ཅེས་ལུང་བསྟན་པ་བཞིན། འགྲོ་མགོན་དེས་གནས་སྒོ་ཕྱེ་སྟེ་གཟུང་། དེ་ནས་རྒྱུན་རིང་བས་རི་པ་མཆོད་པ་སོགས་ཀྱི་རྣམ་གཡེང་གི་དབང་དུ་གྱུར་པས་སྒྲུབ་ཚུགས་ཞན་ནས། རྒྱལ་དབང་རྗེ་ཕེབས་སྐབས་ཇོ་བཟང་བཙུགས། བཞི་བཅུ་ཙམ་གྱི་རྒྱགས་གནང་། རྡོར་འཛིན་འགྲན་རས་ཀྱི་དཔོན་བརྒྱུད་ཆོས་རྒྱལ་རིན་ཆེན་བཀོད། དེ་ནས་རྡོར་འཛིན་གྱི་སྲོལ་གཏོད། དེ་རྗེས་རྡོ་རྗེ་འཛིན་པ་གྲགས་པ་རིན་ཆེན། རྡོ་རྗེ་འཛིན་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཛིན་པ་ཐལ་དུ་རིན་པོ་ཆེ། རྡོ་རྗེ་འཛིན་པ་ཌ་ཀི་རས་ཆེན་དྲུག་སོང་། བདུན་པར་བདག་ཀོང་པོ་ནས་ཡར་དབུས་གཙང་དུ་འགྲོ་ཞོར། རྐྱེན་སྣང་རྒྱལ་པོའི་གྲོང་ཁྱེར་དུ་ཙཱ་རི་པའི་རི་ཇོ་བཟང་། ཡོན་བདག་མི་སྣ་དང་བཅས་འཛོམ་པ་བྱས་ཏེ། རྡོ་རྗེ་གཡུ་སྒྲོན་མས། གནས་འདི་རྩུབ་འགྱུར་གྱི་ཚལ་དུ་ཡོད། དེའི་དབང་གིས་འདི་ལ་བར་ཆད་ཆེན་པོ་ཅིག་ཡོད། དེ་ལ་ད་ལམ་རྡོར་འཛིན་འདི་འོས་གཞན་གྱིས་ཡོང་བ་མེད་ཅེས་ལུང་བསྟན་པ་ལྟར་བསྐོས་པའི་ཉིན་ཆོས་རྗེ་རྡོར་འཛིན་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་སྒར་པ་དྲག་ཞན་ཐམས་ཅད་ཀྱིས་ཕྱག་འབུལ་བ་སོགས་མཛད་པས་འཕྲིན་ལས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས། དེ་རེས་དབུས་གཙང་ཚུན་དེད་དད་ལྷན་དུ་བྱོན་ཏེ། ཕྱིར་ཙཱ་རི་ཏྲར་བྱོན། ཀོང་པོ་ཁ་སྟོད་ལ་འབུལ་སྡུད་རྒྱས་པ་མཛད། འོར་ཤོད་ནས་དཔོན་འབྲུག་རྒྱལ་པོ་ཕ་བུས་ལྷག་པར་ཞབས་ཏོག་ཆེ། བསྡུ་བའི་དངོས་པོ་བཞི་ཕྱག་ལེན་ལ་བསྟན་ཏེ་བཞུགས་རིང་། སྒྲུབ་པ་བ་རྣམས་ལ་བར་བར་དུ་བཀའ་ཆོས་བློ་དང་མཚམས་པར་གནང་། གཞན་ཐུགས་དམ་འཕེལ་བར་བྱུང་ངོ་། །དེ་ལྟར་ལོ་གསུམ་ཚུན་ཐུགས་སོ་མི་སོད་པ་མེད་ལ། ཕག་ལོ་ཕྲག་ཡུལ་སྲུང་༼༡༢ན༢༣༽རིར་འབྲུག་པའི་དགོན་གསར། ཀར་སྲིད་པས་བཤིག །ལྷོ་བརྒྱུད་པའི་འབྲུག་པས་ཇོ་བཟང་མ་བྱས་པར་དེའི་ལེན་པོར། རྗེ་མི་བསྐྱོད་རྡོ་རྗེའི་མཛོ་མངས་ཕྱགས། དེའི་ལན་དུ་དགོངས། ཙཱ་རི་པ་དཔོན་སློབ་གང་ལའང་ཐེ་རག་མེད་ཅིང་ལུང་སྟོངས་སུ་སེམས་ཅན་གྱི་བདེ་སྐྱིད་སྒྲུབ་པར་བསྡད་པ་ལ། ནང་སོ་སྐུ་རབ་པས་ཙཱ་རི་བར་ཞབས་ཏོག་བྱེད་ས་མེད་པའི་ནག་ཡིག་བཀྲམ། དེར་སྐུ་རབ་ཏུ་བྱོན་ནས་རྒྱུ་མཚན་མཐའ་སེང་ཕུལ་བར་མི་ཆེན་རྫུའི་རང་བཞིན་མི་མཛད་པར་གསུང་རིགས་ཐོན་རྩིབ་འདྲ་ཞིག་འདུག་པ་དང་། གནས་བསྲུང་གིས་འབྱོན་པར་བསྐུལ་ནས། བྱ་ཡུལ་དུ་ཞུ་ངོ་སྤྲོན་པར་བྱོན། མིའི་དབང་པོ་མཆེད་ཀྱང་། ཉིད་འཁྲུངས་ས་མངའ་ཞབས་པར་སོང་། ཞུས་པ་ལ་ཆེད་གཉེར་མ་མཛད། དེའི་རིང་ལ་སྐུ་རབ་ནས་ཕུག་བཞུགས་ཀྱི་གདན་ས་སྤང་ཆེན་གསེར་འབྲུ་སྐྱོ་གོ་བས་སྲེགས། དེར་རི་ཇོ་བཟང་རྣམས་ཀྱིས་མ་ཆགས་པར་ཚུར་འོང་ལམ་སྐྱོ་སྒོ་བའི་ལྟེས་བོ་བྱེད་མཁན་དེ་ཁོང་ཚོ་དང་གདོང་ཐུག་ཏུ་བྱུང་ནས་གྲོན། དེ་དག་གིས་ཡུལ་སྟོད་ཀྱི་སྤང་མོ་བསྲེགས། བྱ་ཡུལ་དུ་འབྱོར། སྐྱེ་སྒོ་བས་དེ་ལན་ལ་སྤང་ཆེན་གཟིམས་ཁང་སོགས་བསྲེགས་པས་ཚབས་ཆེ་བར་གྱུར། རང་ལ་ལེ་ལན་མེད་ཀྱང་སོ་སོའི་བསྟན་པའི་སྐུ་ཆགས་སུ་འདུག་པས་བཅོས་མ་བདེ། དེའི་ཚེ་བསྲུང་མ་བསྐུལ་བའི་དུས་ལ་བབ་པར་བསམ། ལོ་རོ་གྲོང་སྟོད་མཁར་ནས་དམོད་པ་དང་བཅས་གཏོར་ཆེན་འཕངས་པ། མེ་དཔུང་དངོས་སུ་དྭགས་ཕྱོགས་སུ་རྒྱུག་པ་བྱུང་། དེ་ནས་གཙང་ནས་གདན་འདྲེན་པ་དང་བསྟུན་རྒྱལ་བྱེད་ཚལ་ཚུན་བྱོན་གྲྭ་རིགས་དེར་བཞག །སྡེ་སྲིད་རིན་པོ་ཆེ་གོང་དཀར་ནས་ཀྱི་སྐུ་བསྲུང་དུ་ཕོ་ཉ་བས་སྤྱན་དྲངས་ཏེ། གཞི་ཁ་གོང་དཀར་དུ་ཕེབས། དཔོན་ས་བདག་མོ་དུང་དཀར་མས་དེ་ཁ་ནས་བཀའ་ཆོས་གསན། སྡེ་སྲིད་ཞབས་དྲུང་རང་ནས་བསྐུར་མཐོང་ཤིན་ཏུ་ཆེ་བ་མཛད། ཆུ་བོ་རིར་གཏན་བཞུགས་དགོས་པའི་ཞུ་ནན། ཟེ་བོ་བཞུགས་ཡུལ་དུ་ཕུལ་བ་རེ་ཞིག་བཞེས། དེ་ནས་རིང་པོར་མ་ལོན་པར། ༼༡༢བ༢༤༽འཕྱོང་རྒྱས་སྟག་རྩེ་ནས་ཁྲི་ལྕམ་དོན་ཡོད་སྒྲོལ་མ་སྐུ་སྐྱེ་དམའ་བ་ལ་མཁྱེན་རབ་སྐུ་བསོད་དེ་ལས་ཆེ་བ་མི་སྲིད་པ་དེས་སྤྱན་དྲངས། བླ་མར་ཁུར་གདང་པོ་ཆེ་བརྩིས་ཕུལ། གོང་དཀར་ནས་ཞབས་དྲུང་སྣེའུ་གདོང་རྩེའི་ཁྲིར་ཕེབས་པའི་སྐབས་སུ་དེར་བྱོན། སྦེ་སྲིད་ཀྱི་གོར་བཞུགས་པས་དྲག་པོའི་ལས་སྦྱོར་འཁོར་ལོ་མནན་གཏད་སྦྱིན་སྲེག་སོགས་མཛད་པའི་སྐབས་མ་བྱུང་ཡང་བསམ་གཏན་གྱི་སྟོབས་དང་། བསྲུང་མ་དང་སྡེ་བརྒྱད་བཀོལ་ནུས་པའི་དབང་གིས་མཚན་མ་བཟང་བར་བྱུང་། དེ་ལོ་རྐུ་རབ་པ་གར་སྟོད་དུ་བྱོན་པས། བྱིངས་ཀྱིས་མཐུ་མི་བདེན་པ་ལྟ་བུར་གླེང་ཡང་། དཀོན་མཆོག་གིས་བསླུ་བ་མེད་སྙམ་རྩེ་གཅིག་པའི་གསོལ་བ་བཏབ། རྐུ་རབ་ཏུ་ལྟས་མི་དགེ་བ་མང་པོ་མང་པོ་བྱུང་། དེ་ཁའི་དགུན་ནས་བརྩམས་ཏེ་རྐུ་རབ་པའི་དམག་ཀོང་པོར་བརྩམས་ཚད་བུག །ལྟག་པར་གླང་ལོ་ཆོས་རྒྱལ་ཕོ་བྲང་དུ་དམག་བུག་ཚབས་ཆེ་བའི་ཁར་རིད་འཕྲང་དུ་ཀོང་པོས་སྦུབ། སྟོང་སྒྱེར་གྱི་བར་ཀོང་པོ་ལ་ཤོར། ཡང་དག་ས་སྟོད་དུ་སྡེ་འདུས་བསྒྲིགས་དགས་སྟོད་ཚང་མ་ཤོར་བ་སོགས་ཀྱིས། རྗེ་པདྨ་དཀར་པོ་བཀྲ་ཤིས་མཐོང་སྨོན་དུ་བཞུགས་པར། སྡེ་པ་ཀུན་དགའ་པ་རང་བྱོན། བྱ་བ་ཡབ་ཡུམ་བྱིས་ཞུ་ངོ་མཛད། ཙཱ་རི་སྤང་མོ་ཡང་ཆམ་པ་ཁོང་རས་བཟོས། ཙཱ་རི་མཆེད་པའང་འཕྲོ་བརྡུངས་ཀྱིས་ཉམ་ཐག་ནས་ཚོད་ཟིན་པར་གྱུར་ཏེ་ད་ལྟའི་བར་དུ་བདེ་བར་གྱུར་པ་ཡིན་ནོ། །དེ་ནས་ཙཱ་རི་ཚགས་སུ་བཅུག་ཙཱ་རིར་བྱོན་ཡུན་འགར་བཞུགས་བཀའ་བཅུ་པ་སྟག་དང་ཕྱིས་རེས་འཕེན་རམ་པ་སོགས་སྒྲུབ་པ་བ་རྣམས་དང་། འཕྱོང་རྒྱས་ནས་སྡེ་པ་ཆོས་རྗེའི་དྲུང་། གཡའ་བཟང་ཆོས་མཛད་གཞོན་པ་སོགས་ཆོས་དབང་གིས་རེ་བ་གང་བར་བྱས། ཅིག་ཅར་བདེན་ས་གྲ་འགྲིག་ཤུགས་ཆེ་ལ་གནས་ཟིན་པར་སོང་བས་ཐམས་ཅད་ཀྱིས་སྒྲོག་རུས་པ་ཆག་པས་གྱང་དུ་སོངས་ཞེས་བསྔགས་སོ། །རྐྱེན་དེ་ལྟ་བུ་ལ་བསྲུང་མ་བསྐུལ་བའི་ནུས་པ་ཅན་འདི་ལྟ་བུར་མེད་ན་གནས་སྐོར་ཚུད་པ་དཀའ་བར་མཐོང་བས་སྔོན་ཨ་ལྕེའི་ལུང་བསྟན་ལའང་ཡིད་ཆེས་སོ། །རྡོར་འཛིན་༼༡༣ན༢༥༽མཛད་བཞིན་པར་བྱ་ཡུལ་དུ་བྱོན་དུས་མིའི་དབང་པོ་མཚོ་སྐྱེས་རྡོ་རྗེས་གསུང་ཆོས་གསན་བཞེད་དེ་སྙན་དུ་ཕུལ་བར་དེ་འདྲ་མི་ཡོང་གསུང་། ཕྱག་གཡོག་པ་རྣམས་ཀྱིས་གནང་དགོས་ཚུལ་ཕུལ་བར། སྤྱིར་སྡེ་པ་འདི་ཀུན་སྐངས་རིན་པོ་ཆེ་ལྟ་བུ་ལ་འང་གཡོག་མཐོ་གིས་བརྙས་བཅོས་མཛད་པར་སྣང་། དགེར་སྒང་ངེད་རང་གི་སྐུ་མཆེད་འདི་གཉིས་སྐུ་ན་ཕྲ་བ་ནས་བརྩམས་ཏེ་ཞབས་ཏོག་ལ་འབུངས་པ་ཅིག་ཡིན་ཏེ། ངེད་རང་ཙཱ་རི་ནས་ཡུལ་ཐོན་པའི་དུས་ལེགས་པོ་གཏན་མ་མཛད། སྡུག་དུས་སུ་ཐུགས་རྗེས་འཛིན་མཁན་གོང་དཀར་ནས་སྡེ་སྲིད་རིན་པོ་ཆེ་སྲས་ཡུམ། འཕྱོང་རྒྱས་ནས་ཡུམ་དྲུང་རང་ཡིན་གསུང་སྡེ་པར་ཆོས་ཡེམ་ཕུལ། དོན་དམ་ཚིག་ལ་སེལ་ཞུགས་དོགས་པ་འདུག །གནས་སྐབས་བྱ་པར་སྐྱོན་པ་འདྲ་ཡང་ཕུགས་གཟིགས་པས་ཐུགས་བརྩེར་གདའོ། །དེ་ནས་དབུས་སུ་ཕེབས་ནས། ཡུམ་གྱི་བཀས་བསྐུལ་ནས་སྡེ་པ་ཧོར་བསོད་པའི་དྲུང་གིས་ཀྱང་གཏེར་མགོན་གྱི་དབང་གསན་ཟིལ་གཞན་དང་མི་འདྲ་བ་བྱུང་། བཤིབས་སྐྱིན་ཐུགས་དང་འཁྲུངས། ཕྱིས་སྡེ་པའི་བཀའ་ལས་བླ་མའི་དྲུང་ལ་ཨ་མ་དྲུང་པས་གསུང་ཆོས་གསན། དེད་ལ་ཞུས་རང་གསུང་བ་འདི་བྱ་བའི་ཞེན་རུས་ཡིན་བསམ་པ་ཤར་ནས་ཡུན་རིང་པོར་མ་ཞུས། ཕྱིས་བཀའ་བཞིན་ཞུས། དོན་ལ་བཅར་ན་བླ་མ་འདི་དང་སྤྲད་པ་གཅིག་བུའི་བཀའ་དྲིན་ཡང་ཁུར་མི་ཚུགས་པ་འདུག་གསུང་ཤིན་ཏུ་གུས། དེའི་སྟོབས་ཀྱིས་རྒྱལ་བུ་ལྕམ་སྲིད་ཀུན་གྱི་རྩ་བའི་བླ་མར་འཁུར། ཀརྨ་པ་རྣམས་རྗེ་མི་བསྐྱོད་རྡོ་རྗེ་འདིས་མཐུས་དཀྲོངས་དེའི་དབང་གིས་འབྲུག་པའི་མཐུ་བ་རྒྱ་བོ་ཟེར་གནག་གནག་རང་བྱེད་པ་ཞིག་འདུག་སྟེ། འདི་ནི་སྐྱེས་བུ་དམ་པ་སུ་ཡང་མནན་བསྲེག་བསད་དབྱེ་སོགས་ཀྱི་ཡུལ་མིན་གལ་ཏེ་ལས་སྦྱོར་དེ་དག་གི་མཚན་དང་ན་བཟའ་ལ་སོགས་པའི་དུམ་བུ་ཤོར་ན་དགོས་པའི་ལས་བུལ་མེད་དུ་གཏོང་བ་ཡིན་ཅེས་ཉིད་ལྟ་ཅི་གཞན་ལ་གདོམ་ན་སྐྱོན་གར་ཆགས། དེ་སྐད་ཟེར་བའི་རྒྱུ་ཡང་། རྗེ་དེ་མཚོ་དཀར་དུ་ཕེབས་པའི་དུས་བུད་མེད་བཟང་མོ་ཞིག་༼༡༣བ༢༦༽དང་། བན་མ་ཧོར་ལྟ་བུ་གཉིས་ཀྱིས་ཇ་ཐོད་བརྒལ་ཞིག་ཞུ་བ་ཐབ་ཏུ་སྐྱར་བས་ཁྲག་ཏུ་སོང་། དེ་གཉིས་གར་ཡང་མ་སྣང་། དེ་ནས་བསྙུན་གཞིས་དཔོན་སློབ་གྲོན་ཆད་མང་། དེའི་རྐྱེན་གྱིས་རྗེ་ཡང་གཤེགས་པར་འདུག །དེ་ནི་གནས་བསྲུང་གི་ཆོ་འཕྲུལ་དུ་ནི་ཀུན་རྩི་སྣང་། ལས་ཀྱི་སྦྱོར་བ་མཁན་གྱི་བྱས་པར་མི་འདུག །དེ་བཞིན་གྲོ་བོ་ལུང་ནས་ཆོས་རྗེ་དཔའ་བོའི་དྲུང་ཀོང་པོར་ཕེབས་པའི་ཚེ་སྒར་པ་དྲག་པ་མང་པོ་ཤི། རྗེ་རང་ལའང་འོད་མི་ཐང་བར་བསྙུན་མཛེ་ཐུ་བ་ཞིག་བྱུང་བྱས་པའི་དུས་སུའང་། འབྲུག་པའི་མཐུ་བ་རྒྱ་བོས་གཏང་དང་དུ་བརླུང་ཞོན་བཏང་བ་ཡིན་ཟེར། དེ་ཡང་དེ་ཉིད་ཀྱི་སྲས་མཁར་ལ་སོགས་པའི་ས་གཉན་སར་མཁར་ལས་དང་། བཤད་སྒྲུབ་གླིང་གི་རྟེན་ཆེན་ལ་རྒྱ་འདྲེ་གདུག་པ་ཅན་ཞུགས་འདུག་པ་བཏོན་པ་ཡིན་གསུང་ཞལ་ཚོ་མཛད་འདུག་བ་དེ་དག་གི་སྐྱོན་འདྲ་ཡི། འདིས་ནི་དེ་དག་ལ་མཐུ་བྱེད་པའི་རྒྱུ་ཡང་མི་སྣང་ངོ་། །གང་ནའང་འདི་ལ་སྨད་པའི་ལུགས་སུ་བྱས་དེ་སྐད་བསྒྲགས་པའོ། །བརྟགས་ན་རང་གི་བླ་མ་དེ་དག་ནུས་མཐུ་གཞན་ལས་ཆུང་བ། ལྷ་དང་ལྷར་མ་མཉམ། མི་དང་མིར་མ་མཉམ་པ་འདྲ་ཞིག་འདུག་པས་བླུན་པོའི་སྨད་པ་བསྟོད་རའི་དཔེ་གཙང་མའོ། །ཟིང་པོ་བརཏལ་མིས་རྗེ་པདྨ་དཀར་པོ་ལ་བརྙས་ཏེ་རུ་པ་ཕྱགས། ཇ་སྒྲུབ་པ་བརྡུངས་བྱས་དུས། བླ་མའི་སྐུ་དགྲ་དེ་ཁར་བཞག་པས་མི་འཐུས་དགོངས་དྲག་པོ་གཏོར་ཟེར་རོ་ཙམ་མཛད་པས། ཡུལ་དེར་རླུང་དམར་ཆེན་པོ་འཚུབས་ཤིང་། ཉི་མ་དགུང་ལ་མུན་རུབ། ཡུལ་དེའི་ཤིང་སྡོང་མང་པོ་འགྱེལ། ཁང་པའི་པུ་ཤུ་ནང་དུ་ལྷུང་པ་སོ་ལས་བྱུང་། གཡུ་འབྲུག་ཁོ་རང་ལིངྒའི་དབྱིབས་སུ་སོང་ནས་མྱུར་དུ་ཤི། ཤུལ་མི་ནང་འཛིངས། མཐུ་གྲགས་ཀོང་ལུད་པར་མི་ཤོང་བ་བྱུང་། མི་ཐམས་ད་བན་བཙུན་ལ་མ་བདོ་ཟེར་ནས་མཐོང་ཆེར་རེང་པས་བསྟན་པ་སྤྱིའི་ཞབས་ཏོག་ཏུ་སོང་ངོ་། །གཞན་ཡང་རིན་སྤུངས་པ་དཔོན་ཞང་ལ་རྗེ་པདྨ་དཀར་པོ་སྐུ་དྲིན་ཅན་ཡིན་ཀྱང་དྲིན་ལན་ལོག་འཇལ་དུ། རྒྱལ་བྱེད་༼༡༤ན༢༧༽ཚལ་ཐོར་ཞིག་དང་། དཔོན་སློབ་ཕྱོགས་གཏོགས་ལ་ཙ་ར་བརྡ་འདེད་བྱེད་རྒྱུ་བ་ཞིག་འདུག་པར། བཀྲ་ཤིས་མཐོང་སྨོན་དུ་བཞུགས་སྐབས་ལྕང་གླིང་པ་དང་། སྔགས་གྲྭ་སློབ་དཔོན་ཀུན་སྙིང་སོགས་ཀྱིས་གསོལ་ནས་ཆོས་སྐྱོང་རྦད་པའི་འགོ་བཙུགས། རིན་སྤུངས་སུ་ལྟས་ངན་པ་མང་དུ་བྱུང་སྣང་སྟེ་ནོན་ཆེས་པས་ཤོད་པ་འགགས། སྐུ་གཤེད་ཡོད་རིང་ལ་བརྐྱང་བསྐུམ་མ་མཛད་པས་སླར་ལྷ་རྩེ་ནས་བསྒྲུབས་པའི་གཏོར་མ་ཆེན་པོ་དང་ཁྱབ་མཇུག་གི་གདོང་ཟོར་ཉི་ཞུར་གྱི་དུས་འཕངས་པ་དེར་ཁྲོམ་ཐམས་ཅད་ཀྱིས་མངོན་སུམ་ལ་གཏོར་མ་གཉིས་ལས་མེ་འཐོན་སྒྲ་དང་བཅས་ཇེ་ཆེར་སོང་ནས་གཙང་ཕྱོགས་རྒྱུགས་པ་བྱུང་། རིན་སྤུངས་སུ་མཐུ་རྟགས་བྱུང་ཚུལ་ཀྱང་སྔ་མ་ནི་ཟླ་བ་བཅུ་གཉིས་པའི་ནང་དུ་གཞིས་ཁར་གཙོ་ཕོག །སྤྲིན་རཱ་ཧུ་ལའི་གཟུགས་སུ་སྣང་བ་ཤར་ནས་འོངས་ཏེ་འབྲུག་གློགས་སེར་བ་ཚད་མེད་བབས། བྱམས་ཆེན་པོ་ཏ་ལ་སྡིབ། དེ་ནས་བརྩམས་ཏེ་གཏོར་མ་སྐམ་པོ་ཐོག་ཏུ་བབས་པ། གནམ་རྡོ་ལྷུང་བ་སོགས་དང་། ཁྱད་པར་གཙོ་བབས་པས་བླ་ཤིང་དང་རིན་སྤུངས་མཚོ་ལྷའི་ལྷ་ཐོ་བསྲེགས། གཞི་ཁ་རང་གི་སྒྲོལ་མ་ལྷ་གཙོའི་མེས་བསྲེགས་པ་སོགས་རྟགས་བསམ་གྱིས་མི་ཁྱབ། རྟགས་དེ་བྱུང་བའི་ནུས་པ་ཁོ་རང་དཔོན་བློན་འཁྲུགས་གཙང་ཤོར། གཞིས་ཁ་རིན་སྤུངས་སུ་དེ་སྔ་དགྲའི་དམག་མཐོང་མ་མྱོང་བ་ལ་ཀོད་པ་ཚོང་པས་དངས་བསྟོད་བྱས་ཏེ་སྐོར་རྒྱག་ཚ་གྲུལ་ཅན་བྱས། ད་ལྟ་ལྷག་མེད་དུ་མ་གྱུར་ཙམ་མོ། །སྐུ་བསྲུང་པ་སྔགས་པ་རྡོ་རྗེ་ཟེར་བ་ཞིག་གིས་འབྲུག་པའི་མཐུ་བཟློག་འདྲ་ངས་ཁག་ཐེག་ཟེར་ཁ་ཚོ་བཏོན་པ་ལ་ཚིག་དེ་བསྟན་པ་སྤྱིར་བརྙས་པས་ཆེད་ཀྱིས་གཟིར་བས། དེ་ཉིད་ཀྱིས་གཏོར་མ་འཕངས་པ་ལོག་ལྟས་འགྱུར། ནད་ཤིན་ཏུ་པ་པོས་མནར་ཏེ་སྐད་ངན་འདོན་བཞིན་པར་ཤི་བར་འདུག །གཞན་སྡེ་སྲིད་དེ་པ་ཕྱ་གྲལ་གྲྭ་ས་གྲངས་མང་། སྐུ་རིམ་བཟང་། ཡང་ཐུགས་བསྣུབས་པ་སོགས་སྔགས་འཆང་བཟང་ལ་མང་བས་མཐུ་ཆེན་མིན་པས་གླགས་རྙེད་པའང་དཀའ། རིན་སྤུངས་༼༡༤བ༢༨༽པའི་མིང་མ་གཏོགས་དེའི་ནང་ཚན་འགའ་ལ་མཐུ་བྱུང་ན་གཡེང་མི་ཐོན་དེ་རང་ལ་གཟིར་དགོས། བབས་ན་ཆོས་པ་ཡིན་པས་མཐར་མི་སྐྱེལ་ལོ་གསུང་། སྔོན་གྱི་རྭ་ལོས་ཀྱང་མཐུ་རྟགས་འདི་ཙམ་བཏོན་པའི་སྐད་མི་སྣང་ངོ་། །གཞན་ཡང་བྱ་ཡུལ་དུ་བསམ་པ་ངན་པས་ཀུན་ནས་བླངས་ཏེ་སྦྱོར་བ་ངན་པ་བྱེད་པ་རྣམས་ལ་མགོ་བོར་གནམ་ལྕགས་འབབ་འགོ་ཚུགས། དེས་ན་རྗེ་གོང་མས་འདི་སྔགས་འཆང་དུ་བཀོད་པ་ནི་སྐུ་སྐྱེས་ཕྱི་མ་ལ་ཞབས་ཏོག་རླབས་པོ་ཆེར་དགོངས་པར་གདའོ། །ཤུན་དུ་དཔོན་ས་བདག་མོའི་དྲུང་དང་། སྐྱིད་ཤོད་ནས་དཔོན་ས་སྟག་ལུང་ནས་སྤྱན་དྲངས་བཀའ་ཆོས་ཀྱིས་ཐུགས་ཀྱི་རེ་བ་གང་། ཚལ་པའི་དགེ་འདུན་ལ་ཆོས་ཀྱི་སྦྱིན་པ་བཀྱེ། སྟག་ལུང་ཁྲི་རིན་པོ་ཆེའི་བླ་མར་གདན་འདྲེན་བྱུང་ཀྱང་ཕེབས་མ་ཐུབ་ལྷག་པར་གོང་དཀར་དུ་བྱོན། སྡེ་སྲིད་རིན་པོ་ཆེ། ཡུམ་དྲུང་། རྒྱ་རི་ནས་དཔོན་ས། གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་དང་བཅས་པར་འབྲུག་ལུགས་ཐེལ་ལུགས་ཀྱི་ཆོས་བཀའ་མཐའ་ཡས་པ་ཕུལ། གཞན་ཡང་གསེར་ཐོག་ནས་མཆེན། མངོན་དགའ་དབོན་པོ་སོགས་འབྲུག་པའི་གྲྭ་རིས་ཆོས་འཆད་རྣམས་དང་། དཔལ་ཀུན་བཟང་རྩེ་བ་ཡབ་སྲས་སོགས་རྩེའི་དཀོན་གཉེར་དཔོན་རྣམས་དང་། སྡེ་པ་ཤག་པ་ལྷ་ཐོངས་པ་ཞལ་ངོ་སོགས་དྲུང་སྐོར། ར་བ་སྨད་པའི་སློབ་དཔོན་པའི་དྲུང་དང་དགེ་འདུན་སོགས་ཆོས་ཀྱིས་ཚིམ་པར་མཛད། ཐངས་གསུམ་བཞི་ཙམ་ཕེབས། ར་ལུང་དུ་དབོན་རིན་པོ་ཆེར་སྒྲུབ་ཐབས་རྒྱ་མཚོ་སོགས་ཕུལ། ཡུམ་ཆེ་ཆུང་གཉིས། སྲས་དང་བཅས་པའི་བླ་མར་བསྐུར། དབོན་རིན་པོ་ཆེ་རང་ལ་འབྲུག་སྐོར་གྱི་ཕྱག་བཞེས་གལ་ཆེ་ཚད་གནང་ངོ་། །དེ་དུས་པ་སྣམ་དུ་རྗེ་པདྨ་དཀར་པོས་ཤོག་ཕེབས་པ་ལྟར་འབྱོན་ཞོར་རྒྱང་མཁར་རྩེར་ཡུམ་དྲུང་མངའ་བདག་རྒྱལ་མོ། སྡེ་པ་རྣམ་པར་རྒྱལ་བ། དཔོན་ས་བྱང་ནས་སོགས་ལ་དབང་ལེགས་པར་ཕུལ། སྡེ་པ་མ་ནས་བཞུགས་གདན་མཉམ་མཉམ་ཇ་སྣ་གཏོད་པ་སོགས་བཀུར་མཐོང་ཆེ་བར་བྱུང་། བློ་བདེ་རྩེ་ཆེན་ནས་ཞབས་ཏོག །འབྲོང་རྩེར་སྡེ་པ་སྐུ་སྐྱེར་ཆོས་༼༡༥ན༢༩༽དབང་། པ་སྣམ་དུ་རྗེའི་ཕྱག་ཕྱིར་མཚན་ཉིད་གྲྭ་ཚང་གཉིས་སྔགས་གྲྭ་ཅོ་གྲྭ་དང་བཅས་བཞུགས་པའི་དགེ་འདུན་བརྒྱ་ཙམ་གྱིས་བསུ་བ་གསེར་སྦྲེང་དང་བཅས་འདུག །ཕེབས་ནས་གཅུང་རིན་པོ་ཆེའི་སྤྲུལ་སྐུ། ལས་བསྟོད་བྱང་ནས་རྗེ་བཙུན་དྲུང་། ཆོས་སྡེ་དགའ་གདོད་མཁན་པོ་ཆོས་རྗེ་རབ་བརྟན་པ། སྔགས་གྲྭ་སློབ་དཔོན་ངག་དབང་བློ་གྲོས། མཚན་ཉིད་སློབ་དཔོན་ཤེད་ལེགས་པ། ཅོག་གྲྭ་བླ་མ་བཀའ་བཅུ་པ་དབང་ཕྱུག་དཔལ་ལྡན། དེ་བའི་ཁྲོད་ན་ཕུག་ནས་རིན་ཆེན་དཔལ་བཟང་། གྲོང་ནག་ས་མཛད་སོགས་མདོ་སྔགས་ལ་མཁྱེན་པ་ཅན་མང་དུ་བཞུགས་པ་རྣམས་ཀྱིས་གཙོས་དགེ་འདུན་བདུན་བརྒྱ་ཙམ་ལ་ཆོས་སྐྱོང་གི་རྗེས་གནང་སོགས་འདོད་ཆོས་ཀྱིས་རེ་བ་བསྐང་། རྗེ་བྱ་ཡུལ་དུ་ཐེགས་ནས་རྒྱལ་བྱེད་ཚལ་དུ་རྒྱུན་རྐྱད་པ་བཞུགས། རིམ་གྱིས་གོང་དཀར་ཞབས་དྲུང་འབྱོར། དེ་དུས་རྒྱལ་ནས་ཐམས་ཅད་མཁྱེན་པ་དེར་ཕེབས་པ་དང་མཇལ། བཀའ་ལས་ཆོས་སྐྱོང་གི་སྐོར་ལ་དོགས་གཅོད་ཞུ་དགོས་ཡོང་གསུང་བ། དྲུང་པ་ལྷ་བཙུན་པས་ཕྱག་འབུལ་ལ་བྱོན་ཆོས་སྐྱོང་སྐོར་གསན་རྒྱུའི་སྙན་གསན་ཕུལ་བྱུང་། འཕྱོང་རྒྱ་སོགས་སུ་ཕེབས། གཞན་ཡང་སྡེ་བ་དྲུང་གི་སྤྱན་དྲངས། སྡེ་པ་སྐུ་མཆེད། མེ་རག་མདོ་ནས་ཆོས་རྗེ་སྐུ་སྐྱེ་སོགས་ལྷོ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། ལམ་དུ་སྡེ་པ་ཡུགས་ནས་རླུང་ཇོ་ཡེས་ཀྱི་དབོན་ཚང་མཁྱེན་པ་ཡངས་པ་ཆོས་པ་རབ་གཅིག་དང་མཉམ་གསུང་ཤིན་དགྱེས། སྔ་ཕྱིར་གཞི་ཁ་གྲི་གུར་ཕེབས་པའི་སྦྱིན་བདག་སྔ་མ་སྡེ་པ་དཔལ་ལྡན་བཀྲ་ཤིས་ཀྱི་གནས་བཅུ། ཉིད་ཀྱི་སྐུ་བརྙན་རྣམས་ཀྱི་རབ་གནས་གསུང་ཆོས་གསན་ཡུན་ཡང་རིང་བར་བཞུགས། ཕྱིས་སྡེ་པ་ནོར་བུའི་དྲུང་ཡབ་སྲས་ཀྱིས་གུས་པ་གཞན་དང་རིམ་འདྲ་མཛད་ཕྱག་ཏུ་ཅི་དགོས་ཐམས་ཅད་དེ་ནས་འབུལ་བས། བཀའ་ལས་ངེད་རང་ལ་ཟང་ཟིང་གི་ནོར་དགོས་ཚད་བླངས་ཆོག་པ་སྡེ་པ་རིན་པོ་ཆེ་གྲི་གུ་ནས་ཡིན། དེ་དག་གི་སྐུ་རིམ་མ་བྱས་ན་མི་ཡོང་ཕེབས་རྒྱུན་བརྟན་གྱི་བསྲུང་འཁོར། ཆོས་སྐྱོང་ལ་༼༡༥བ༣༠༽ལེགས་པའི་མདོངས་སོལ་མཛད་སྣང་། སྡེ་པ་ཆོས་རྗེ་བློ་གྲོས་པད་དཀར་བ་ལ་ཐུགས་རབ་ཆེ་བས་ངེད་རང་གི་སློབ་མ་དྲག་ཤོས་རང་དུ་ཡོད། ད་སྡེ་པས་གཞི་ཁའི་འཁུར་འདི་བཞེས་པ་ཙཱ་རི་ལྟ་བུའི་བླ་མ་ཞིག་མཛད་ན་གསུང་། ངེད་རང་ལ་ཁོང་སྐུ་མཆེད་པས་ཞབས་ཏོག་མྱུར་བ་མེད་ཅེས་ཡང་ཡང་གསུང་། གཞན་ཡང་སྡེ་པ་ཀ་བཞི་པའི་ཆོས་མཛད་ལ་ཡང་ཐུགས་ཞི་དུལ་ཆེ་གསུང་མཉེས་མཉེས་མཛད་གདམ་ངག་ཀྱང་ལེགས་པར་གནང་། ཕྱིས་ཙཱ་རི་གདན་ས་བསྐོ་བཞག་གི་འོས་ཀྱང་ཁོང་གཉིས་དད་ལྕང་གླིང་རོལ་པའི་རྡོ་རྗེ་ལ་མཛད། གཞན་ཆོས་རྗེ་ཀུན་དགའ་ལེགས་པའི་སྐུ་ཚ། རཏྣ་གླིང་པའི་དབོན་རིན་ཆེན་རྒྱན་མཆོག །དར་ལུང་སྐུ་སྐྱེས་སོགས་ཐམས་ཅད་ལ་ཐུགས་རྩིས་ཆེ། དེ་ལྟར་ཙཱ་རིར་ལོ་ཉི་ཤུ་རྩ་ལྔ་ཙམ་རྡོར་འཛིན་དུ་བཞུགས་དེའི་རིང་ལ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་མི་ཚད་ལས་ཆེ་བ་གསེར་ཟངས་ཀྱིས་བཞེངས། དེ་ལ་ཆོས་རྫས། དཀར་མེའི་འབྲི་གནག་ལྟོས་ཆེ་བ་སྦྱར། དེ་དུས་རྐྱེན་ནས་ནང་སོ་ཕྱག་མཛོད་པ་སོགས་ཡོན་བདག་ལྟོས་ཆེ་བ་ཚོགས་ཚུར་འབུལ་བ། ཕར་བཀའ་དབང་རབ་སྟོན་སོགས་མི་འགུ་ལྷ་འགུ་མཛད། དེ་ནས་རྗེ་དབུས་སུ་བཞུགས་པའི་སེང་ལ་གཞི་པ་ཆང་གིས་མྱོས་བཅའ་ག་མ་བྱས་པས་གཟིམས་ཁང་མེས་ཚིག་ཀྱང་འཕྲིན་ལས་ཆེ་བས་སྔར་ལས་ཆེས་བཟང་བའི་རྟེན་མཆོད་ཐབ་ཆས་གདན་ཆ་སོགས་ལྷག་པ་དེར་བསྐྱལ། ཞིག་གསོས་ཀྱང་སྔར་བས་ལེགས་པ་བཟོས། དེ་ནས་ཐོགས་ཤིག་བཞུགས་ཏེ་གནས་འདི་གྱོང་བས་རྒས་ནས་རང་སྡོད་པའི་ཡུལ་དུ་མི་འདུག་གསུང་དགོངས་ཀྱང་དེ་ལྟར་དགོངས་ནས་རྗེ་པདྨ་དཀར་པོ་དང་བཀའ་བགྲོས། ལྕང་གླིང་པ་གདན་སར་བཀོད། འབོགས་དང་གནང་སྦྱིན་ཆེ་བའི་ཚད་མཛད། རྗེ་རང་བྱ་ཡུལ་ནས་དབུས་ཕྱོགས་བྱོན། དེ་རྗེས་རྗེ་འབྲུག་པ་རིན་པོ་ཆེའི་སྐུ་གསེར་ཟངས་ལས་གྲུབ་པ་མི་ཚད་ལྷག་པ་གཅིག་སྡེ་པ་གྲི་གུ་ནས་ཆོས་རྗེས་ཕྱག་གཡོག་ཞལ་བཀོད། བཟོ་བའི་མི་ཁོ་ཆ་ཀུན་སྟབས་རྒྱུ་རིན་པོ་ཆེ་རང་གི་ཕྱག་ནས་བསྒྲུབས། དེ་དང་བྱར་དུ་རྟ་མགྲིན་དང་ཕྱག་རྡོར་གྱི་ལུགས་སྐུ་ཁྲུ་རེ་མ་བཟོས་དེ་ཡང་༼༡༦ན༣༡༽གནས་ཀྱི་ཕག་མོ་ལྷ་ཁང་དུ་བཞུགས་སུ་བཅུག །དེ་དག་ལ་ཡང་མཆོད་རྫས་ལེགས་པར་གནང་། མདོར་ན་འཕྲལ་གྱི་ཕྱག་རྫས་ལ་དད་པ་ཅན་གྱིས་ཕུལ་བ་ཡིན་གསུང་བཅའ་ག་མཛད། ནོར་ལ་སྙིང་པོ་ལན་དགོས་པ་ཡིན་གསུང་ཐམས་ཅད་དགེ་བ་ལ་གཏོང་འཛིན་ཆགས་ཡེ་མི་མདའ། ཕྲལ་དུ་སྐུ་འཁོར་བ་ལ་ཨ་ཙི་རེ་ལ་ཡང་རྩད་གཅོད་དོས་དྲག་མཛད། གནས་འཛིན་དུས་སོགས་གཉེར་པ་སྔ་ཕྱིས་ནས་ཁལ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཁུངས་མེད་དུ་བཏང་ཚར་བ་གསན་ནས་ཐབས་མེད་གསུང་ཆེར་མི་སྐྱོན། དེ་ཡང་མི་གཞན་མས་ཧ་ཆེ་བ་བྱེད་སྣང་སྟེ། དགོངས་པ་ཆུང་ངུ་ལ་ལབས་པས་སྐུ་འཁྲིས་པ་རྣམས་ཀྱིས་འཛེམས་ནས་རྒྱུད་ཆུད་མི་ཟ། ཆེན་པོར་སོང་ནས་དཀོར་གྱིས་གཟི་བ་ཡིན་བློ་ལད་ནས་སྲོལ་དུ་འཇུག་མི་ཐུག་པས་གྱོད་མི་བརྡལ། བརྡལ་ཀྱང་དེ་དག་ལ་ཕྱིར་འདབ་རྒྱུ་མེད་དགོངས་པར་འདུག་པས་མཛད་པ་ཤིན་ཏུ་ལེགས་པར་མཐོང་། གཞན་ཆོས་རྒྱལ་བྱ་བའི་རྒྱལ་བུ་མཆེད། དཔོན་ས་རྣམ་གསུམ་གྱིས་ཀྱང་བླ་མར་འཁུར་གུས་བཏུད་ཕུལ་དུ་བྱུང་བར་མཛད་དོ། །དགུང་ལོ་བདུན་ཅུ་རྩ་དྲུག་ཙམ་ལ་སྐུ་ཚེའི་བར་ཆད་གཟིགས། ད་ཚེ་མཐར་ཕྱིན་དེས་ཆོག་གསུང་བ་དང་། ལྷག་པར་བཀྲ་ཤིས་མཐོང་སྨོན་དུ་འབོགས་ཀོང་པས་བྱེད་ལུགས་རིགས་མི་མཐུན་པར་བྱས་པས་ཐུགས་སྐྱོ་བའི་རྣམ་འགྱུར་དུ་འདུག་པས། བདག་སོགས་གདུལ་བྱར་གྱུར་པ་རྣམས་ཀྱིས་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་པར་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོ་བརྫངས་པས་གསོལ་བ་ཐེབས་ཏེ་རྟེན་འབྲེལ་ལེགས་པར་བསྒྲིགས་པས་ལོ་ཤས་ཚེལ་བར་ཆད་མི་འབྱུང་བའི་ལུང་བསྟན་ཐོབ་གསུང་བ་ལྟར་དོན་ལ་གནས་པ་འདིའོ། །དེ་ལྟར་ཞི་བའི་འཕྲིན་ལས་ཀྱི་སྒོ་ནས་གཞན་ལ་བྱིན་གྱིས་བརླབས་པས་ནད་ཞི། གདོན་གྱི་གནོད་པ་དང་། སྨྱོ་བ་དང་འབོག་པ་ཐམས་ཅད་མོད་ལ་ཞི་བར་འགྱུར་བ་དང་། དབང་གི་འཕྲིན་ལས་ཀྱིས་ཆེན་པོ་ཐམས་ཅད་དབང་དུ་འདུས། གང་བཞེད་པ་༼༡༦བ༣༢༽འཕྲལ་འཕྲའ་ཡིད་ལ་མེད་པར་སྐུ་དྲུང་དུ་འོང་བ་དང་། དྲག་པོའི་འཕྲིན་ལས་སྔགས་ཆུང་འཁོར་ལོ་རྫས་ལ་སྐྱབས་མཐུ་ལྟས་ཀྱི་དགུག་དོད་པ་རྣམས་དང་མི་འདྲ་བར། གང་ལ་སྡིགས་པ་ཏིང་ངེ་འཛིན་གྱིས་སྒྲོལ་བ་དང་། དེ་ཡང་དེ་དག་ངན་འགྲོར་གཞོལ་བའི་ལམ་འགགས་ནས་ཐར་པར་འདྲེན་ནུས་པ་ཡིན་ནོ། །རྒྱས་པའི་འཕྲིན་ལས་ནི། ཆོས་ཀྱི་འཕྲིན་ལས་ཆོས་དར་བ་སྔར་བསྙད་པ་དང་། བྱ་ཡུལ་དུ་སྐུ་བསྲུང་བ་ཆེན་པོ་ཚེ་བདག་བཀྲ་ཤིས། གླིང་སྟོད་ནས་ཆེན་པོ་ནོར་བུ་རིན་ཆེན་སློབ་དཔོན་ཆེན་པོ་རིག་འཛིན་པའམ། བྱར་སྟོན་ཆོས་ཀྱི་དཔལ་བཟང་། འབྲུག་པ་ལོ་ཆེན། ཅོ་གྲྭ་ཀུན་སྤངས། སྔགས་གྲྭ་བླ་མ་ཀུན་སྙིང་། རྡོ་རྗེ་གླིང་གདན་ས་པ། ལྷ་རྩེ་གདན་ས་པ་སྔ་ཕྱི། གསལ་རྗེ། སྟག་རྩེ་བའི་བླ་མ། ཡང་རྩེའི་འཆད་ཉན་གཉལ་རོང་པཎ་ཆེན་སོགས་ལྷོ་རྒྱུད། རྗེའི་ཕྱག་ཕྱིར། ཆོས་རྗེ་སྐུ་སྐྱེ་བསོད་ནམས་ཚུལ་ཁྲིམས་བཀའ་ཆོས་ཀྱིས་ཚིམ་པར་མཛད་དེ་གནས་སུ་རྡོ་རྗེ་འཛིན་པར་བཀོད་པ་དང་། རྟ་སྡིང་ནས་དབོན་པོ། ལྟག་པར་ལས་སྟོང་རི་བོ་ཆེ་ནས་གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་པའི་དབོན། དེ་ཉིད་ཀྱི་སྤྲུལ་པར་པདྨ་དཀར་པོའི་མཚན་ལམ་དུ་བྱུང་བ། སྣ་ཕུ་ནས་ཆོས་རྗེ། ཅོག་གྲྭ་གསར་པའི་བླ་མ་སོགས་ཆེ་གཉན་གྱི་འདུས་པ་ལ། ཆོས་དང་གདམས་ངག་གང་ལ་གང་འོས་གནང་བས་དཔལ་ལྡན་འབྲུག་པའི་བསྟན་པ་དབྱར་གྱི་མཚོ་ལྟ་བུར་ཉིན་རེ་ལས་ཀྱང་ཉིན་རེར་འཕེལ་བར་གྱུར་པ་དང་། བྱང་ནས་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱས་པས་གདན་འདྲེན་བྱུང་ཀྱང་སྐུ་ན་སྨིན་པས་འབྱོན་མ་ཐུབ། གོང་དཀར་ནས་སྡེ་སྲིད་རིན་པོ་ཆེའི་ཕྱག་ཐམ། འཕྱོང་རྒྱས་ནས་སྤྱན་འདྲེན་ཡང་ཡང་བྱུང་ཀྱང་རེ་ཞིག་རྗེ་དེ་པདྨ་དཀར་པོའི་སྐུའི་རིམ་འགྲོ་བར་བཞུགས། མང་དུ་བརྗོད་པས་ཅི་བྱ། གང་གི་སྙན་གྲགས་སྲིད་པའི་རིང་ཁྱབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་པ་འདིའོ། །འདི་སྐད་ཅེས། གང་གི་ཞབས་སྐྱེས་ཞིག་ན་ཆེན་པོའི་༼༡༧ན༣༣༽ཚོགས། །རལ་པའི་རྒྱན་ལ་ཧབ་ཤར་བྱེད་འདུག་སྙམ། །འཕྲིན་ལས་རྣམ་བཞིའི་མེ་ཏོག་དེར་འབར་བ། །སྔོན་བྱོན་དགའ་བའི་ཚལ་ལ་ཞུམ་པ་སྦྱིན། །སློབ་མའི་མཚོ་ཆེན་བཅས་པའང་ཕལ་འདི་ལ། །བྱིན་རླབས་ཡིད་བཞིན་ནོར་བུ་མང་མཆིས་སྙམ། །བློ་གསལ་སྐལ་བཟང་གདེངས་ཅན་ཁྱོད་མདུན་དུ། །ལེགས་བཤད་བསམ་འཕེལ་ཞུ་ལ་བསམ་ཀྱིན་དུངས། དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོའི་རྣམ་པར་ཐར་པ་གྲུབ་པའི་རོལ་རྩེད་ཅེས་བྱ་བ་འདི་སྔགས་གྲྭ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། རྗེ་ཉིད་ཀྱི་ཞལ་སློབ་ལྷ་རྩེ་གདན་ས་པ་ངག་དབང་བཟང་པོས་བསྐུལ་བའི་ངོར། དགེ་སློང་དམ་པ་པདྨ་དཀར་པོས་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net