Ngb-pt-0931-vol-10-text
Front
Body
ལེའུ་སྟེ་ཉེར་གཉིས་པའོ།། །།བམ་པོ་ཐ་མའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། དེ་ཝ་ཡ་ཏྲི། སན་ཏྲི་ཤུ་ཉ་ཐུ་སི་ས་མ་ཏན་ཏྲ། བོད་སྐད་དུ།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་གསང་བའི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་དམ་པ་ན་བཅོམ་ལྡན་འདས་གསང་བའི་བདག་པོ་དེས། བསམ་དུ་མེད་པའི་ཆོས་ཉིད་ལ་ལོངས་སྤྱོད་ཅིང་། འཁོར་དཔག་ཏུ་མེད་པས་བསྐོར་བའི་ཚུལ་གྱིས་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། རང་གི་འདུས་པ་རྣམས་ཀྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། མ་ཆགས་པའི་མཆོད་པས་ནི་མཆོད། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་བསྐོར་བ་བྱས་ཏེ། ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་མང་པོ་ནི་གཏོར།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེའི་དབང་པོ། འཇིག་རྟེན་གྱི་ཁམས་འདི་ན། འཛམ་བུ་གླིང་གི་མི་རྣམས་ལ་ལྷ་མ་སྲིན་ཐམས་ཅད་འཁྲུགས་ནས། ལ་ལས་ནད་ཀྱི་བསྐལ་པ་བཏང་། ལ་ལས་མེའི་བསྐལ་པ་བཏང་། ལ་ལས་ཆུའི་བསྐལ་པ་བཏང་། ལ་ལས་མུ་གེའི། ལ་ལས་སད་དང་སེར་བ། ལ་ལས་རྩ་དང་མུ་དྲི། ལ་ལས་མཚོན་གྱི། མ་རུངས་པ་རྣམ་པ་སྣ་ཚོགས་བཏང་སྟེ། འཛམ་བུའི་མི་རྣམས་ཟད་དུ་ཉེ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ལྷ་དབང་རབ་ཉོན་ཅིག ཁྱོད་ཀྱིས་ཞུ་བར་སྤོབས་པ་ལེགས། །ང་ཡིས་གསང་བའི་བཀའ་དབྱེའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གླེང་གཞི་བརྒྱ་བྱིན་གྱིས་ཞུ་བར་སྤོབས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དབང་དུ་བསྡུ་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་དྲེགས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཐད་དུ་འུབས་ཀྱིས་འདུས་ནས། ལ་ལ་ནི་གན་ཅིང་བུབ། ལ་ལ་ནི་ངུ་ཞིང་བྲང་བརྡུང་། ལ་ལ་བརྒྱལ། ལ་ལ་རང་གི་སྐྲ་འབལ། ལ་ལ་ནི་ཅི་གང་ཡིན་ཟེར་ཏེ། ཐམས་ཅད་བརྒྱལ་བར་གྱུར་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གསོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ། དེ་དག་ཐམས་ཅད་བརྒྱལ་བ་སངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་བསྐོར་བ་བྱས་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེའི་བདག་པོ་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་རྣམས་དཔའ་བོ་ཁྱོད་ཀྱི་འབངས་སུ་མཆིའོ། །བཀའ་སྩོལ་ཅིག ཇི་ལྟར་བསྒོ་བ་བཞིན་དུ་བགྱིའོ་ཞེས་སོ། །དེ་ནས་བྷ་གས་བཀའ་སྩལ་པ། དྲེགས་པ་ཁྱེད་རྣམས་ཀྱིས་ངའི་བསྟན་པ་སྲུངས་ཅིག ཅེས་བཀའ་སྩོལ་ཏོ། །དྲེགས་པ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས། བསྟན་པ་ཞེས་བྱ་བ་གང་ལགས། བསྲུང་ཞེས་བགྱི་བ་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག ཅེས་གསོལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་དྲེགས་པ་སྟོང་གི་ཚོགས། བསྟན་པ་ཞེས་བྱ་བ་ནི་ཆོས་འདུལ་བ་དང་།མདོ་སྡེ་མངོན་པ་ལ་སོགས་ཏེ་ཐེག་པ་མཐའ་དག་གོ །བསྲུང་ཞེས་བྱ་བ་ནི་དེ་ལ་སྤྱོད་པའི་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་བར་ཆད་བྱེད་པ་སོད་ཅིག་སྒྲོལ་ཅིག་པའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་དྲེགས་པ་རྣམས་དབང་དུ་བསྡུས་ཤིང་ལས་ལ་བཀོལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །སྡེ་དང་རིགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བྷ་གས་བཀའ་སྩལ་པ། །སྡེ་དང་རིགས་ནི་མང་དུ་བསྟན། །ལ་ལ་བྱང་ཆུབ་སེམས་དཔའི་སྡེ་དང་རིགས་ཏེ་ས་གནས་ཚུལ། ལ་ལ་བརྒྱ་བྱིན་ལྷ་ཡི་སྡེ། །སྲིད་པ་ཡི་ནི་ནོར་འཛིན་བྱེད། །ལ་ལ་ཞེ་སྡང་བདུད་ཀྱི་སྡེ་སྟེ་བདུད་གཞོམ་ལས་རྣམས་བྱེད།ང་རྒྱལ་བཙན་གྱི་སྡེ་ནི་གཟེར་ནད་གཏོང་བའི་བདག ལ་ལ་སྐོར་བདག་རྒྱལ་པོའི་སྡེ་སྟེ་སྲོག་གི་བདག་པོ་བྱེད། ལ་ལ་བདུད་མོ་མ་ཡིས་སྡེ་སྟེ་ནད་ཡམས་མང་པོ་གཏོང་། ལ་ལ་ཐེ་བྲང་སྟོང་གི་སྡེ་སྟེ་སྲིད་པའི་རྒྱུག་འགྲོ་བྱེད། ལ་ལ་བྱ་ར་མ་མ་རུང་སྡེ་སྟེ་བཀའ་ཡི་བང་ཆེན་བྱེད། ལ་ལ་སྡེ་བརྒྱད་ཆོ་འཕྲུལ་སྡེ་སྟེ་ཐོག་དང་སེར་བ་འབེབས། ལ་ལ་གནོད་སྤྱིན་རྣམ་པའི་སྡེ་སྟེ་ཤ་དང་ཁྲག་ལ་དད། ལ་ལ་ས་བདག་ཀླུ་གཉན་སྡེ་སྟེ་གདུག་པའི་ནད་རྣམས་གཏོང་། སྡེ་དང་རིགས་ནི་མང་དུ་མཆིས། །ལས་དང་ནུས་པ་བསམ་ལས་འདས། །ཅེས་སྨྲས་སོ། །སྡེ་ནི་འབྱུང་པོའི་རིགས་ཀྱི་སྡེ། །རིགས་ནི་དྲེགས་པའི་རིགས་ཀྱི་རིགས། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པའི་སྡེ་རིགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་གསང་བའི་བདག་པོ། དྲེགས་པའི་རྒྱལ་པོ་འདི་རྣམས་ལ། གདུག་རྩུབ་མ་ལུས་ཞི་བར་བྱ་ན་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག ཅེས་གསོལ་ཏོ། །དེ་ནས་བྷ་གས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །གདུག་རྩུབ་མ་རུངས་ཞི་བྱ་ན། །སྲིད་པའི་འཁོར་རྣམས་མདོས་ཀྱིས་བཅོས་པ་སྟེ། བདུད་མོ་མ་ལུས་འཁོར་དང་་བཅས་པ་ལ། དམུ་ལྕམ་མཆེད་བཞི་དང་། བདུད་མོ་ཉིས་བརྒྱ་ལྔ་བཅུ་ལ། མིང་པོ་བདུད་ཆེན་རྣམས་བབས་ནས། དེ་ནས་བདུད་མོ་རྣམས་ཀྱིས་ནི། །རིན་ཆེན་འབར་བའི་ཀོང་བུ་རུ། །གསལ་བའི་མེ་མར་བརྒྱ་རྩ་བལྟམས། །གསེར་སྐྱོགས་སེར་པོ་དག་ཏུ་ནི། །གཙང་མའི་འབྲུ་བཅུད་བལྟམས་ནས་ནི། ཁ་ནི་རིན་ཆེན་སྣ་ལྔ་གཅད། །ཐུགས་སྟེན་མདའ་མོ་ཡུད་གསུམ་ལ། །འབྱུང་བའི་དར་སྣས་བརྒྱན་ནས་ནི། །འདི་རིམ་པས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་སྙིང་བབས་ཀྱི་ཡས་གསག་པའི་ལེའུ་སྟེ་བཞི་པའོ།། །།ཧྭ༷། མིང་པོ་བདུད་ཆེན་རྣམས་ཚུར་ཉོན་དང་། འོ་ཅག་ཞེ་སྡང་བདུད་ཀྱི་བུ། །མི་ལ་བདུད་བབས་བསྐོས་པ་སྟེ། །བདུད་ལ་བདུད་བབས་སྲིད་དེ་ན། །བདུད་ལ་བདུད་ནི་བབས་ན། །མིང་པོ་བདུད་ཆེན་རྣམས་ལ་སྡིག །སངས་རྒྱས་སྟོན་པའི་བཀའ་འགོ་ནས། །འོག་ཅག་བདུད་སྡེ་མང་བཞུགས་ཏེ། །བདུད་ལ་བདུད་བབས་སྲིད་དེ་ན། །འུ་ཅག་ཞེ་སྡང་བདུད་ཀྱི་བུ། །ཞེ་སྡང་རང་གར་སྤྱད་པས་ནོངས། །སེམས་དང་ཞེ་སྡང་གཉིས་མེད་ན། །སེམས་ནི་སངས་རྒྱས་སངས་རྒྱས་ཏེ། །སེམས་དང་སངས་རྒྱས་གཉིས་མེད་ན། །གཉིས་མེད་བསྟན་པའི་བཀའ་ལ་ཉོན། །ཞེ་སྡང་སེམས་ཀྱི་གདུག་པ་གྲོ་ལ། །སྣང་གསལ་འོད་ཀྱིས་དམ་ཆོད་ཀྱིས། །མ་རྟོགས་རིག་པའི་སེམས་ལ་ཉོན། །སྣང་གསལ་འདི་ལ་དཔེ་མཆིས་ཏེ། །དངས་པ་སེམས་ཀྱི་གླུད་དུ་བསྔོའོ། །དམུགས་པ་ཤ་ཡི་གླུ་དུ་བསྔོ། །དམར་བ་ཁྲག་གི་གླུད་དུ་བསྔོ། །དཀར་བ་རུས་པའི་གླུད་དུ་བསྔོ། །ཟེར་བརྒྱད་རྣམ་ཤེས་བརྒྱད་ཀྱི་གླུད་དུ་བསྔོ། །སྣོད་ཀྱི་ཕྱི་ཡི་ཡུལ་དུ་བསྔོ། །དངོས་པོ་ནང་གི་གླུད་དུ་བསྔོ། །མདའ་ནི་སྐུ་ཡི་རྟེན་དུ་བསྔོ། །དར་སྣ་དབང་པོ་ལྔ་ཡི་རྟེན་དུ་བསྔོ། །ཕུད་ནི་གསོལ་བའི་བདུད་རྩིར་བསྔོ། །རིན་ཆེན་སྣ་ལྔ་བདུད་དང་སྟེར་དུ་བསྔོ། །ཞེ་སྡང་གདུག་པའི་མདུད་པ་ཁྲོལ། །གཏི་མུག་མུན་པ་འཐིབས་པ་སོལ། །ང་རྒྱལ་བྲག་གི་རྩེ་ནས་ཆོམས། །འདོད་ཆགས་རྒྱ་མཚོ་འཐིབས་པ་སོལ། །ཕྲག་དོག་གདུག་རྩུབ་རྩད་ནས་ཆོམས། །གདུག་པའི་ཚོགས་རྣམས་ཞི་བར་གྱིས། །སྲིད་པའི་བདུད་ཕོ་འཁོར་དང་བཅས། །སྣང་གསལ་འོད་ཀྱི་མདོས་འདི་བཞེས། །ཅེས་རིགས་པས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་བབས་ཆགས་བཅོས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བདུད་རྣམས་བཅོས་བྱས་ནས། །གསང་བ་སྟོབས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་དེས། མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་མའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིགས། ཁ་དོག་འདྲ་བའི་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བའི་དར་གྱིས་བརྒྱན་པར་བྱ། །ནམ་མཁའ་བཅུ་གསུམ་ཡུལ་དུ་སྟེ། །མདའ་ཁྲ་བཅུ་གསུམ་མཁར་དུའོ། །དེ་ལ་གཟུགས་བརྙན་མཛེས་པས་བསྐོར། །བཤོས་བུ་དང་བཅས་ལས་དག་སྟེ། །གཟུགས་བརྙན་མཛེས་པ་མང་པོས་བསྐོར། །གླང་ནག་ལུག་ནག་བྱ་ནག་དང་། །འདབ་ཆགས་རྒྱུ་དང་མདའ་ཆག་དགུ །འབྲུ་སྣ་བཅུ་གསུམ་གཅལ་དུའོ། །གཙང་མའི་ཕུད་དང་རིན་ཆེན་བཅའ། །བྱ་ནག་དག་གི་རྒྱལ་མཚན་དང་། ཁྲ་དང་ཁྲག་ཏུ་བཅས་པའོ། །དེ་ལྟར་དུ་ནི་བསགས་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བདུད་ཀྱི་བསགས་པའི་ལེའུ་སྟེ་དྲུག་པའོ།། །།ཧུ༷། ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །སྐྱེ་འགྲོ་མ་ལུས་བདུད་གཅོད་པ། །བདུད་པོ་བཅུ་ནི་མ་ཡིན་ནམ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཡུལ་དང་བདུད་ཡུལ་ཕག་གི་ནི། །བདུད་ཡུལ་ནག་པོ་མགོ་དགུ་ན། །བདུད་མཚོ་ནག་པོ་བརླབས་རེ་བརླབས། །བདུད་མཁར་ནག་པོ་ལྡེམས་སེ་ལྡེམས། །བདུད་མཁར་དེ་ཡི་ནང་ཤེད་ན། །བདུད་ཀྱི་རྒྱལ་པོ་ཐོད་པའི་འཕྲེང་བ་ཅན། །བདུད་རྗེས་མ་རུངས་གདུག་པ་ཅན། །བདུད་མོའི་རྒྱལ་མོ་ཧ༷་ཤ་མ། །འཁོར་ཡང་བདུད་ཕྲན་མང་པས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཡ་བདུད་ནི་གཅིག་གསུམ་སྟེ། །བདུད་ཀྱི་རྒྱལ་པོ་རེ་ཏི་འགོང་ཡག་དང་། །བདུད་མོ་ནི་སྨ་ཁུག་དང་། ནག་པོ་བཀྲག་མེད་དང་། བཀོས་རྗེ་བྲང་དཀར་དང་། མ་ལེ་ནི་གེ་ཤག་དང་། སྙ་ལེ་ནི་ངག་བཙན་དང་། སྐྱིན་པོ་ནི་མཆུ་དམར་དང་། ཐོམ་པོ་ནི་ཐོམ་ཆུང་དང་། བདུད་རགས་གཞུ་ནི་མཆེད་བཞི་དང་། རལ་པ་ནི་སྤྱི་ཆིངས་དང་། ཟ་མ་ནི་ངོ་ཆེ་དང་། བཙན་བདུད་ནམ་ཡོངས་པོ་དང་། ཡ་བདུད་ནི་བཅུ་གསུམ་པོ། སྲིད་པའི་མདོས་ལ་བྱོན། བདུད་ཀྱི་བཀོས་རྗེ་བྲང་དཀར་དེ། །སྐུ་མདོག་དཀར་ལ་ལྡེམ་པ་ལ། །དར་དཀར་གྱི་རལ་ཀ་གསོལ། ཕྱག་ན་དུང་དཀར་དཀར་པོ་རྣམས། །འཁོར་དུ་བདུད་ཕྲན་མང་པོས་བསྐོར། །སྲིད་པས་བཀོད་པ་ལག སྲིད་པའི་མདོས་བཞེས་ཅིགབདུད་ཀྱི་རྒྱལ་པོ་རེ་ཏི་འགོང་ཡག་དེ། །མཐིང་ནག་རལ་ཅན་མཆེ་བ་གཙིགས། །གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། །གཡོན་ན་བདུད་ཀྱི་ཐོ་དབྱུག་བསྣམས། །མི་ཕུང་བདུད་གཅོད་བདག་པོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་པོ་མ་རུངས་པ། །བདུག་པོ་ནག་པོ་བཀྲག་མེད་དེ། །མཐིང་རལ་ཅན་ལ་མཆེ་བ་གཙིགས། །ཟངས་ནག་རལ་ཀ་སྐུ་ལ་གསོལ། །ཕྱག་ན་ཞགས་དང་རྟ་གྲི་བསྣམས། །བདུད་རྟ་ནག་པོ་རྟིང་དཀར་ཆིབས། །ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་པོ་བདུད་རྗེ་སྨ་ཁུག་དེ། །སྨུག་ནག་རྔམ་པའི་མདའ་གཞུ་ཐོགས། །བདུད་སྤྱང་སྔོན་པོ་ཆིབས་སུ་ཆིབས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་ཀྱི་མ་ལེ་གེ་ཤགས་དེ། །དམར་ནག་གདུག་པའི་སྟག་ལ་ཆིབས། །མདུང་སོགས་བདུད་ཀྱི་མཚོན་ཆ་བསྣམས། །གསད་པའི་ལས་ལ་རབ་ཏུ་བརྩོན། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་སྟག་གཞོན་མཆེད་དེ་བཞི་གཅིག །སྐུ་ལ་སྟག་ལྤགས་ཞལ་བ་རེ་རེ་གསོལ། །དབུ་ལ་སྟག་ཞུ་རེ་རེ་གསོལ། །བདུད་རྟ་རལ་ཅན་རེ་རེ་ཆིབས། །འཁོར་ཡང་བདུད་ཕྲན་མང་པོས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་པོ་རངས་ས་སྤྱི་ཆིངས་དེ། །མཐིང་ནག་རྔམ་པའི་གཟིག་ལ་ཆིབས། །ཕྱག་ན་བདུད་རྟར་ཁྲམ་བམ་བསྣམས། །མི་བུ་བདུད་དུ་གཅོད་པར་བྱེད། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་པོ་བ་ཟ་མ་ངོ་ཆེ་ནི། དམར་ནག་མཆེ་བ་གཙིགས་ཤིང་བཞུད། །གསད་པའི་ལས་བརྩོན། དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་རྒྱལ་པོ་བཙན་བདུད་རོམ་པ་དེ། །དམར་པོ་ཁྲམ་ཐོགས་ལྕགས་ཆེན་གསོལ། །ཕྱག་ན་ཐོད་པ་ཁྲག་ཅན་བསྣམས། །ཡ་བདུད་ནི་བཅུ་གསུམ་སྟེ། མི་ཡི་བདུད་དུ་གཅོད་པར་བྱེད། །དུད་འགྲོ་ཕྱགས་མས་འདེད་པར་བྱེད། །བདུད་པོ་བཅུ་གསུམ་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །མདོས་བདག་མདོས་བཞེས་ཅིག གླུད་བདག་གླུད་བཞེས་ཅིག ཡ་བདུད་འཁོར་བཅས་ཀྱང་། ཞེ་སྡང་གདུག་པའི་མདུད་པ་ཁྲོལ། །ཕྱོགས་བཞི་དབུས་དང་ལྔ་ཡི་བདུད། །བདུད་ཆེན་མ་རུངས་པ། འབྱུང་བའི་བདུད་ལྔ་སྟེ། ཤར་གྱི་བདུད་དཀར་རྟ་རུ་དཀར། །ལྷོ་ཡི་བདུད་སེར་རྟ་རུ་སེར། །ནུབ་ཀྱི་བདུད་དམར་རྟ་རུ་དམར། །བྱང་གི་བདུད་ལྗང་རྟ་རུ་ལྗང་། །དབུས་ཀྱི་བདུད་སྔོ་རྟ་རུ་སྔོ། །བསྐྱེད་ཀྱང་འབྱུང་བ་ལྔ་རུ་བསྐྱེད། །སྡུད་ཀྱང་འབྱུང་བ་ལྔ་རུ་སྡུད། །གནས་ཀྱང་འབྱུང་བ་ལྔ་ལ་གནས། །འབྱུང་བ་ལྔ་ཡང་ནི། མཚོན་ཆ་ནི་ཞགས་དང་བཅས། འབྱུང་བ་ལྔ་འདུས་ནས།མི་བུ་ནི་བདུད་དུ་གཅོད། དུད་འགྲོ་ནི་ཤ་དམར་བྱེད། འཁོར་གྱི་བདུད་ཕྲན་མང་པོ་ཡང་། ཁྲ་དང་ཁྲག་ལ་རབ་ཏུ་དད། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཆེན་རོལ་པོ་སྐྱ་དགུ་དང་། །བདུད་ཆེན་རོལ་པ་སྐྱ་བདུན་དང་། །རོལ་པོ་སྐྱ་ལྔ་དང་། རོལ་པོ་སྐྱ་གསུམ་དང་། བདུད་པོ་རོལ་པོ་སྐྱ་གཅིག་དང་། རོལ་པ་སྐྱ་འཁོར་བཅས། སྐུ་ལ་མཐིང་ནག་བེར་ཆེན་རེ་རེ་གསོལ། །ཕྱག་ན་མཚོན་ཆ་ཞགས་པ་བསྣམས། །བདུད་ཀྱི་རོལ་པ་རྒྱུས་པའི་ཚེ། །ཚེ་སྲོག་དབུགས་ལ་ལེན་པར་བྱེད། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ཀྱི་ཡབ་རྗེ་ནག་པོ་དང་། །དུར་བདུད་ནི་རྔམས་པ་དང་། བྲག་བདུད་རུ་བདུན་ནི་ཚོགས་པ་དང་། སྨུ་བདུད་ནི་ལྟོ་དཀར་དང་། མཚམས་བདུད་ནི་སྨུག་པོ་དང་། གསང་བདུད་ནི་ནག་པོ་དང་། ལྷ་བདུད་ནི་གང་པོ་དང་། ངུར་བདུད་ནི་རྔམས་པ་དང་། བྲག་བདུད་ནི་འཚོགས་པ་དང་། སེ་བདུད་ནི་སྨུག་པོ་དང་། ཉི་བདུད་ནི་ཟླ་བདུད་དང་། གཟའ་བདུད་ནི་སྐར་མ་དང་། སིལ་མ་ནི་སྟོང་གི་ཚོགས། ཀུན་ཀྱང་བདུད་ཕོ་རྔམས་པ་སྟེ། ཕོ་བདུད་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་ལ་བྱོན། བདུད་ཆེན་གདུག་པ་ཅན། གསོད་པའི་སྟག་མགོ་དང་། སྨ་རྗེ་ལྕང་མགོ་དང་། དམིག་ཆེན་དོམ་མགོ་དང་། ལྐུགས་པ་ལུག་བཞི་དང་། བདུད་ཆེན་རྔམ་པ་རྟ་ཐོགས་ཤིང་། གསོད་པའི་ལས་རྣམས་ཀུན་ལ་བརྩོན། །བདུད་ཉན་པ་རྣ་བསང་དང་། སྙབ་པ་ལག་རིངས་དང་། ལྷ་བ་མིག་རྣོན་དང་། རྔམས་པ་ཚལ་ཆེན་དང་། བདུད་ཀྱི་ནི་སྒོ་བ་བཞི། གདུག་པའི་ཚོགས་ཅན་ཀུན། སྲིད་པའི་མདོས་ལ་བྱོན། བདུད་ཆེན་རྔམ་པ་མ་ལུས་ཀུན། །ལ་ལ་རྔམ་ཐབས་གསད་ལ་དགའ། །ལ་ལ་གདུག་པའི་སྤྲུལ་པ་འགྱེད། །ལ་ལ་ཤ་དང་ཁྲག་ལ་འགྱེས། །ལ་ལ་བདུད་གཅོད་ལས་རྣམས་བྱེད། །ལ་ལ་སྔོན་གྱི་ལན་ཆགས་འདེད། །ལ་ལ་ཕུང་པའི་ཁོག་སྲུན་བྱེད། །ལ་ལ་དུར་ཁྲོད་ཤ་ལ་སྤྱོད། །ལ་ལ་དྲི་ཡིས་ཚིམ་པར་བྱེད། །ལ་ལ་གནོད་པའི་གདོན་དུ་བྱེད། །བདུད་ཕོ་མ་རུངས་པ། ལ་ལ་བདུད་སྤྱོད་ཤ་ལ་སྤྱོད་སྦྱོང་བྱེད། །སྲིད་པ་ཡོངས་ལ་དབང་དུ་བྱེད། །གསད་པའི་ལས་རྣམས་ཀུན་ལ་བརྩོན། །མདོས་བདག་ཆེན་པོ་མདོས་ལ་བྱོན། །གླུད་བདག་ཆེན་པོ་གླུད་ལོང་ལ། །ཡོངས་ལ་དབང་བྱེད་རྔམ་པའི་བདུད། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཞེས་སྤྱན་དྲངས་ཤིང་རིམ་པས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་མདོས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །བདུད་ཀྱི་ཞེ་སྡང་ཞི་བའི་ཕྱིར། །གདུག་པ་བདུད་ཀྱི་མདོས་བསྔོའོ། །ཧཱུཾ། ཞེ་སྡང་ཞི་བར་བྱ་བ་དང་། །གདུག་པའི་བདུད་ཚོགས་མཆོད་པའི་ཕྱིར། འབྲུ་སྣ་མང་པོ་དང་། རི་རབ་དང་ནི་གླིང་དང་བཅས། །གཟུགས་བརྙན་དག་ནི་མང་པོས་བསྐོར། །སྟག་ལྤགས་གཟིག་དང་དོམ་དྲེད་དང་། །ཤ་ཁྲག་ནི་འབྲུ་བཅུད་རྣམས། བཤོས་ཆེན་ནི་རིན་ཆེན་བཅས། མདའ་དང་ནམ་མཁའ་བཅས། གདུག་པ་ཞེ་སྡང་བདུད་ཀྱི་བུ། བདུད་ཆེན་ནི་མིང་ནས་ཕྱུང་། ཐོད་ཆེན་ནི་འབར་ཆེན་འབར། སྲིད་པའི་བདག་པོ་ཡིན། ཐོད་འཕྲེང་ནི་རྔམས་པ་དང་། མདོས་བདག་ནི་མདོས་བཞེས་ཅིག ཞེ་སྡང་ནི་གདུག་པའི་བུ། ལྷས་བྱིན་གྱི་སྤྲུལ་པ་ཆེ། ནག་པོ་ནི་མ་རུངས་དང་། རི་ཏི་ནི་འགོང་ཡག་དང་། སྲིད་པའི་ཁྱབ་བྱེད་དང་། བདུད་པོ་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་འདི་བཞེས། བདུད་ནི་འཁོར་དང་བཅས། གསོད་བྱེད་ནི་མ་རུངས་པ། ཁོག་བསྲུངས་ནི་བདུད་བློན་རྗེ། རྔམས་ཆེན་ནི་ཤ་ཟ་བ། ཕོ་བདུད་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་བཞེས་ཅིག །སྲིད་པ་ཡོངས་ལ་དབང་བྱེད་པ། །ཕོ་བདུད་བཅུ་གསུམ་བྱ་བར་གྲགས། །སྲིད་པ་ཤ་དང་ཁྲག་ལ་དད། །མི་བུ་ནི་བདུད་དུ་གཅོད། དུད་འགྲོ་ནི་ཤན་མར་བྱེད། མ་རུངས་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་ལ་བྱོན། རྐོས་པའི་མིང་ནས་ཕྱུངས། རྐོས་བདག་ནི་རྐོས་ལ་བཞེས། རྩིས་བདག་ནི་རྩིས་ཁ་ཕྱིས། ནད་བདག་ནི་ཁ་བཅིངས་ལ། གནོད་བྱེད་ནི་ཞི་བར་བྱེད། མི་འགྱུར་བསྐོས་པ་འཁོར་དང་བཅས། མདོས་བདག་མདོས་བཞེས་ཅིག །གླུད་བདག་གླུད་ལོང་ཞིག་ཕོ་བདུད་མ་རུངས་པ། འབྱུང་བ་ལྔ་ལ་གནས། ཕྱོགས་བཞི་དབུས་དང་ལྔ། བདུད་མོ་ནི་ལས་ལ་དྲེགས། འབྱུང་ལྔ་བདུད་ཕོའི་མིང་།ཞེ་སྡང་ངན་པ་སླར་ལ་བསྡུས། བདུད་པའི་བདུད་ཚོགས་ཀྱང་། སྲིད་པའི་མདོས་འདི་བཞེས། བདུད་རོལ་པ་སྐྱ་ཚོགས་ཏེ། མཚོན་སྣ་ལྔ་ནི་ཞག་དང་བཅས། །གསེར་དངུལ་ཟངས་ལྕགས་མདའ་གཞུ་འཕེན། །ནད་མཚོན་རྣམ་པ་ལྔ་ཡིས་འདེབས། །དུས་དུས་རྟག་ཏུ་རྒྱུ་བར་བྱེད། །བདུད་ཆེན་མ་རུངས་བརྡུང་བ་སྟེ། །མི་ཟད་རོལ་པའི་མིང་ནས་ཕྱུང་། །གཟི་བརྗིད་འབར་བའི་མཚོན་ཆ་འཛིན། །དུས་དང་ལོ་ཚེགས་མཚམས་སུ་འབྱིད། །ལེགས་དང་ཉེས་པའི་ལས་ཕན་གནོད། །གདུག་པ་འཁོར་བཅས་མདོས་འདི་བཞེས། །སྲིད་པའི་བདུད་པོ་མ་རུངས་པ། །ཆེ་ཡང་ནི་བདུད་ཀྱིས་བསད། ཆུང་ཡང་ནི་བདུད་ཀྱིས་བསད། ཞེ་སྡང་ངན་པ་སླར་ལ་བརྟུལ། །གདུག་པའི་བདུད་ཚོགས་རོང་ཚོགས་ཀུན། །སིལ་མ་སྟོང་ཚོགས་སྤྲུལ་པར་བཅས། །རི་རབ་ནམ་མཁའ་མདའ་དང་བཅས། །སྤྱན་གཟིགས་སྐོར་ཆ་ཕུད་དང་བཅས། །མཐུན་པའི་མདོས་འདི་བཞེས། སྒོ་བ་འཕྲང་བ་ཡིས། གདུག་པའི་ཚོགས་ཀུན་མདོས་འདི་བཞེས། །བདུད་འཁོར་མ་ལུས་མདོས་འདི་བཞེས། །སྲིད་པ་ཡོངས་ལ་ཁྱབ་པར་བསྔོ། །དེ་ལྟར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བདུད་ཀྱི་བསྔོ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། བཙན་རྣམས་བཅོས་པར་བྱ་བ་ན། གསང་བ་སྟོབས་དང་ལྡན་པའི་ཏིང་ངེ་འཛིན་དེས།མཐུན་པའི་གནས་དེར་གཟུང་ནས། གཙང་མ་མ་ཉམས་གཞི་སྟེངས་སུ། །འབྲུ་སྣ་ཚང་མའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩེགས། ཁ་དོག་རིགས་དང་བསྟུན། དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བ་དར་གྱིས་བརྒྱན་པར་བྱ། །བཙན་བཤོས་གྲུ་བཞི་ལ་ནི། མདའ་ཁྲ་རེ་རེ་གཟུགས་པའོ། །ཟུར་གསུམ་ཉི་ཤུ་རྩ་གཅིག་ལ། །ནམ་མཁའ་རིགས་མཐུན་རེ་རེའོ། །གཞན་ཡང་གཟུགས་བརྙན་མང་པོས་བསྐོར། །གླ་བ་སྒོ་བ་ཤ་བ་དང་། །ཝ་འཕར་ཁྲ་དང་འུག་པ་དང་། །བྱ་དམར་ཁྱི་དང་སྤྱང་ཁུ་དང་། །སྲིན་བྱ་དང་ནི་ནེ་ཙོ་དང་། །ནག་ཆུང་བྱ་དང་ཧོར་པ་དང་། །ར་དང་ལུག་ལ་སོགས་པ་དང་། །མཛེས་པའི་གཟུགས་བརྙན་མང་པོས་བསྐོར། །དམར་བ་དར་གྱི་ཡོལ་བ་བྱ། །སྤྱན་གཟིགས་ཤ་ཁྲ་ཕུད་སོགས་དང་། །འབྲུ་སྣ་བཅའ་དང་མཛེས་པའི་ས། །རིན་ཆེན་སྲིན་མོ་བརྒྱན་དང་བཅུད། །དེ་ལྟར་རྟ་པ་ཕུབ་ཅན་ལྔ། །མཛེས་པའི་རྒྱན་དང་ལྡན་པ་ཡིས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་རྫས་བསགས་པའི་ལེའུ་སྟེ་དགུ་པའོ།། །།ཧུ༷། སྲིད་པ་ཡོངས་ལ་དབང་བྱེད་པ། །གཟེར་ནད་མ་ལུས་གཏོང་བྱེད་པ། །ང་རྒྱལ་བཙན་ཚོགས་མ་ཡིན་ནམ། །སྲིད་པའི་བཙན་ཆེན་མདོས་ལ་བྱོན། །ཡུལ་དང་བཙན་ཡུལ་ཕ་གི་ན། །བཙན་ཡུལ་དངོ་གསུམ་བྱ་བ་ན། །དེ་ན་བཙན་ཆེན་རོང་འཚོགས་རྣམས། །བཙན་ལས་སྙན་ལ་མཆིས། ཁ་དྲག་བདུད་ལ་རྒོལ། མཐུ་ཆེན་ཕྱ་ལ་རྐུ། དོ་སྔོ་རྒྱལ་ལ་སྔོ། འགྲན་འཚོལ་ཀླུ་ལ་འཚོལ། གདུག་པ་ཡི་ནི་བཙན་གྱི་ཚོགས། །བསེ་མཁར་སྨུག་པོ་ལྡེམས་སེ་ལྡེམས། །གཡུ་ཡི་ཁ་བད་ཁྱིལ་ལི་ལི། །དེ་ཡི་ནང་ཤེད་ན། སྲིད་པའི་སྤྱི་བཙན་ཁ་བཞི་རྨིག་བརྒྱད་བཞུགས། །སྐུ་ལ་བེར་ཆེན་དམར་པོ་གསོལ། །ཕྱག་ན་བཙན་མདའ་བཙན་མདུང་བསྣམས། །བཙན་གྱི་གཅིག་གི་ལུས་པོ་ལ། ཁ་བཞི་ནི་ཡོད་པ་བྱུང་། རྟ་གཅིག་གི་ལུས་ལ། རྨིག་པ་ནི་བརྒྱད་དུ་བྱུང་། དེ་ལ་མིང་བཏགས་པ། བཙན་ཁ་བཞི་མགྱོགས་པ་སྡེ་བརྒྱད་ཅེས་ཀྱང་བྱ། འཁོར་ཡང་བཙན་ཕྲན་མང་པོས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །འབྱུང་བ་ནི་ལྔ་ཡི་བཙན། ཉི་མ་དབུས་ཀྱི་བཙན། འབྱུང་བ་ནི་ནམ་མཁའི་བུ། བཙན་དབུག་ནི་རྟ་རུ་སྨུག མཆོང་མཁར་ནི་སྨུག་པོའི་ནང་ན་གནས། །མཆོག་མཁར་ནི་གྲ་རུ་འཁྲུགས། །ཞགས་དང་ནི་མདའ་རུ་ཆས། །དབུས་བཙན་ནི་མང་པོས་བསྐོར། སྲིད་པའི་མདོས་ལ་བྱོན། ཉི་མ་ཤར་གྱི་བཙན། འབྱུང་བ་ས་ཡི་བུ། དུང་མཁར་གྱི་ནང་ན་བཞུགས། བཙན་དཀར་ནི་བཙན། དེ་རིང་སྲིད་པའི་མདོས་ལ་བྱོན། ཉི་མ་ལྷོ་ཡི་བཙན། འབྱུང་བ་ཆུ་ཡི་བུ། བཙན་སྔོ་རྟ་རུ་སྔོ།ཞགས་དང་མདའ་རུ་ཆས། བཙན་ཕྲན་འཁོར་གྱིས་བསྐོར། ལྕགས་སྔོན་པོའི་ནང་ན་གནས། དེ་རིང་སྲིད་པའི་མདོས་ལ་བྱོན། ཉི་མ་ནུབ་ཀྱི་བཙན། འབྱུང་བ་མེ་ཡི་བུ། མི་དམར་རྟ་རུ་དམར། ཞགས་དང་མདའ་རུ་ཆས། ཟངས་མཁར་དམར་པོའི་ནང་ན་གནས། འབྱུང་བ་ནུབ་ཏུ་དབང་སྒྱུར་ཞིང་། ནུབ་བཙན་སྟོང་དང་བཅས། དེ་རིང་སྲིད་པའི་མདོས་ལ་བྱོན། ཉི་མ་བྱང་གི་བཙན། འབྱུང་བ་རླུང་གི་བུ། བཙན་སེར་རྟ་རུ་སེར། ཞགས་དང་མདའ་རུ་ཆས། གསེར་མཁར་སེར་པོ་ལྡེམས་སེ་ལྡེམས། བྱང་བཙན་སྟོང་དང་བཅས། འབྱུང་བ་ལྔ་ཡི་བཙན་ལྔ་ཡང་། །གནས་ནི་འབྱུང་བ་ལྔ་ལ་གནས། །བསྐྱེད་ཀྱང་འབྱུང་བ་ལྔ་ཡིས་བསྐྱེད། །སྡུད་ཀྱང་འབྱུང་བ་ལྔ་ཡིས་སྡུད། །འབྱུང་བའི་བཙན་ལྔ་ཡང་། འབྱུང་བ་ཚ་གྲང་ནད་ཀྱི་བདག །གཟེར་ནད་གདུག་པའི་བདག་པོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ལུང་མ་ནི་རལ་གསུམ་དུ། བསེ་མཁར་ནི་དམར་པོ་ལ། གཡུ་ཡི་ཁ་བད་ཅན། དུང་གི་རེ་བཞི་ཅན། བྱི་རུའི་སྒོ་མོ་ཅན། དེ་ཡི་ནང་ཤེད་ན། སྐྱེས་བུ་ལུང་བཙན་གནས། སྐུ་ལུས་དམར་པོ་ལྡེམ་པ་ལ། །རལ་པ་ཅན་ལ་མཆེ་བ་ཅན། །སྐུ་ལ་ན་བཟའ་དམར་པོ་གསོལ། །ཕྱག་ན་མདའ་གཞུ་མཚོན་ཞགས་བསྣམས། །སྲིད་པའི་བཙན་ཆེན་མ་རུངས་པ། ཁྱོད་ནི་སྲིད་པའི་བདག་པོ་སྟེ། །སེམས་ལས་ལྷ་བཙན་གང་བུར་སྲིད། །ཤ་ལས་ས་བཙན་སྟོང་སྡེ་སྲིད། ཁྲག་ལས་ཆུ་བཙན་སྟོང་སྡེ་སྲིད། །རུས་ལས་བྲག་བཙན་སྟོང་སྡེ་སྲིད། །དབུགས་ལས་རླུང་བཙན་སྟོང་སྡེ་སྲིད། །སྐྲ་ལས་ཤིང་བཙན་སྟོང་སྡེ་སྲིད། །དྲོས་ལས་མེ་བཙན་སྟོང་སྡེ་སྲིད། །གློ་བ་ལས་ནི་གངས་བཙན་སྟོང་སྡེ་སྲིད། །མཆིན་པ་སྨུ་བཙན་སྟོང་སྡེ་སྲིད། །ཡན་ལག་སྡེ་བཞི་ལས། བཙན་ཆེན་ཁ་བཞི་སྲིད། པགས་པ་ལས་ནི་ཡུལ་བཙན། ཆིག་མགོ་བཅུ་གསུམ་ལས། རོལ་པ་ནི་སྐྱ་ཚོགས་སྲིད། སྒལ་ཚིགས་ནི་མགོ་རྣམས་ལས།རོལ་པ་སྐྱ་ཚོགས་སྲིད། བཙན་ཆེན་ནི་མ་རུངས་པ། སྤྱན་གཡས་གཡོན་ལས། ཉི་བཙན་ཟླ་བཙན་སྲིད། ནང་ཁྲོལ་ནི་སྨན་ལྔ་ནི། དུར་བཙན་འཁོར་བཅས་སྲིད། སྐྲ་དང་སྐྲུ་ལས་ནི། ནགས་བཙན་མ་རུངས་སྲིད།སུལ་མངས་གཡའ་བཙན་སྔོན་པོ་སྲིད། །ཕོ་བ་སྤང་བཙན་སེར་པོར་སྲིད། །ལྟེ་བ་སྤོ་བཙན་འཁོར་བཅས་སྲིད། །སྲིད་པའི་བཙན་ཆེན་འཁོར་དང་བཅས། །སྐྱེས་བུ་སྐྱེད་བྱེད་འཁོར་དང་བཅས། །འཁོར་དང་བཅས་པ་མདོས་ལ་བྱོན། །སེ་ཏེ་ནི་གྲུམ་ཆེན་ན། མཆོང་མཁར་སྨུག་པོ་ལྡེམས་པའི་ནང་ཤེད་ན། །སྲིད་པའི་སེ་བཙན་རོལ་པ་བཞུགས། །དེ་རིང་བཙན་གྱི་རྒྱལ་པོ་བ། །ཨ་མི་སྟེར་དང་ཨུས་མི་གཏེར། །གདུག་རྩུབ་གཟེར་ནད་བདག་པོ་དང་། །རྔམ་པ་མི་སྡུག་ཨང་མི་སྟེར། །དེ་རིང་སྲིད་པའི་མདོས་ལ་བྱོན། །བཙན་གྱི་རྒྱལ་པོ་བ། དུ་ར་ནི་རྭ་རྩེ་སྟེ། མི་སྡུག་ཁྲག་ནད་བདག་པོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །གནམ་བཙན་ནི་འཕྲུལ་བུ་རྗེ། བཙན་སྨུག་རྟ་སྨུག་ཞགས་པ་འཛིན། །བཙན་དཀར་རྟ་དཀར་དུང་ཞགས་འཛིན། །གཡའ་བཙན་ཡ་བ་རྗེ། བཙན་སྔོན་རྟ་སྔོན་མདའ་དང་གཞུ། །སྤང་བཙན་འབར་བ་རྡོ་རྗེ་སྟེ། །བཙན་རྟ་སེར་པོ་རལ་གྲི་འཛིན། །བྲག་བཙན་ནི་འབར་བ་རྗེ། བཙན་དམར་རྟ་དམར་སྲིད་པའི་བདག །མ་རུངས་གདུག་པ་སྒྲོལ་ལ་བརྩོན། །བཙན་ཆེན་རྔམས་པ་མདོས་ལ་བྱོན། །ནགས་བཙན་རྔམ་པ་སྲིད་པའི་བདག །སྲིད་པ་ཡོངས་ལ་དབང་བྱེད་པ། །གསོད་བྱེད་མ་རུངས་མདོས་ལ་བྱོན། །སྲིད་པའི་བདག་པོ་བཙན་གྱི་རྗེ། །གཡའ་བཙན་རྔམ་པ་མདོས་ལ་བྱོན། །བཙན་ཆེན་གདུག་པ་མ་རུངས་པ། །ཡ་བ་སྐྱ་ནི་རྔམ་པའི་ཚོགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཡ་བ་སྐྱ་ནི་བཅུ་གསུམ་དང་། །ཡ་བ་སྐྱ་བདུན་དང་། ཡ་བ་སྐྱ་ལྔ་དང་། ཡ་བ་སྐྱ་གསུམ་དང་། ཡ་བ་སྐྱ་གཅིག་དང་། སྲིད་པའི་བཙན་མ་རུངས་པ། གདུག་པ་མ་ལུས་རྔམ་པ་སྟེ། །ཆིབས་སུ་བཙན་རྟ་རེ་རེ་ཆིབས། །རིན་ཆེན་འབར་བའི་སྲ་བ་ཅན། །མཚོནི་གྱི་ཞགས་པ་སྡོག་ཅིང་འཕེན། །གང་ལ་བབས་པ་གཟེར་ནད་གཏོང་། །བཙན་གྱི་ཁ་ཡོགས་མི་ལ་འདེབས། ་་ལ་ནི་རྟ་ལ་དུ་བྱེད། །བཙན་ཆེན་གདུག་པ་མ་རུངས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པའི་བཙན་ཆེན་པོ། །སྲིད་པ་ཡོངས་ལ་དབང་བྱེད་པ། །བཙན་ཆེན་གདུག་པ་མ་རུངས་པ། །སྲིད་པའི་བཙན་ཆེན་གདུག་པ་ཅན། །ལ་ལ་མི་གདུག་རྟ་མགོ་ཅན། །ལ་ལ་བཙན་གྱི་ཤིང་རིངས་ཁྱེར། ཁ་ནས་ཁྲག་གཟེར་མདའ་ལྟར་འཕེན། །གདུག་པའི་བཙན་མ་མ་རུངས་པ། །སྲིད་པ་ཡོངས་ལ་ནད་གཏོང་བ། །དེ་རིང་སྲིད་པའི་མདོས་ལ་བྱོན། །བཙན་ནི་མི་ལུས་གཡག་མགོ་ཅན། །བཙན་ནི་མི་ལུས་བྱ་མགོ་ཅན། །བཙན་ནི་མི་ལུས་ཤ་བའི་མགོ །བཙན་ནི་མི་ལུས་ལུག་གི་མགོ །བཙན་ནི་མི་ལུས་འུག་པའི་མགོ །ལག་ན་ཟངས་ཀྱི་སོག་ལེ་ཐོགས། ཁྲ་ལ་ནི་སྤྱོད་སྦྱོངས་བྱེད། ཁྲག་ལ་ནི་འཐོར་འཐུང་བྱེད། དེ་ལས་སྤྲུལ་པའི་བཙན་ཆེན་ནི། །གདུག་པའི་བཙན་ཚོགས་མ་རུངས་པ། །ལ་ལ་རྔམས་པས་གདུག་པ་སྟེ། ཁྲག་ནད་གཟེར་ནད་བདག་པོ་ཡིན། །སྲིད་པའི་བཙན་ནི་གདུག་པ་ཅན། །སྤྲུལ་པ་ཁམས་གསུམ་ཡོངས་སུ་གཏོང་། །ལྟས་ངན་ཤ་བདུད་མོས་འདེབས། །མི་མཐོང་འུག་པའི་སྒྲ་ཡིས་འདེབས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཅེས་རིམ་པས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བཅོས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་རྒྱལ་གཟེར་ནད་ཞི་བའི་ཕྱིར། །བཙན་རྣམས་དག་ལ་བསྔོ་བ་སྟེ། །ཧཱུཾ། ང་རྒྱལ་ནི་བཙན་མཆོང།་ཕྱིར། འབྲུ་སྣ་ནི་གཅལ་དུ་བཀྲམ། གཙང་རས་ནི་གདན་དུ་བཏིང་། སྲིད་པ་མི་འགྱུར་རི་རབ་རྟེན། །སྲོག་ཤིང་མི་འགྱུར་དཔག་བསམ་ཤིང་། །བརྟེན་པ་འབྱུང་བ་ལྔ་ལ་བརྟེན། །གནས་ལུགས་འགྲོ་བའི་གཟུགས་བཀོད་དེ། །སྲིད་པ་ཆགས་བྱེད་རྟེན་པ་དང་། །རིན་ཆེན་སྣ་ལྔ་རྣམ་པའི་རྟེན། །སྲིད་པ་མི་འགྱུར་སྐུ་རྟེན་མཁར། །འབྲུ་སྣ་མང་པོ་གཅལ་བཀྲམ་ནས། །སྤྱན་གཟིགས་བསྐོར་ཆ་དེ་བཞིན་བཀང་། །དམར་པོ་དར་གྱི་ཡོལ་དུ་བྲི། །བསེ་ཡི་སྐྱོགས་ལ་ཆང་ཕུད་བལྟམས། །འཕུར་དགུ་འཛུམ་པའི་གཟུགས་ཀྱིས་བསྐོར། །སྲིད་པའི་བཙན་ལ་མཆོད། ཧུ༷། ང་རྒྱལ་ནི་བཙན་ཚོགས་གདུག་པའི་འཁོར། ང་རྒྱལ་ནི་ཞི་བྱའི་ཕྱིར། སྤྱི་བཙན་ནི་མིང་ནས་ཕྱུང་། དམར་པོ་་ནི་གཟེར་ནད་བདག མདོས་བདག་ནི་མདོས་བཞེས་ཅིག འབྱུང་བ་ལྔ་ཡི་བུ། རིན་ཆེན་སྣ་ལྔའི་བདག མཚོན་ཞགས་ནི་གདུག་པ་ཅན། ཚ་གྲང་ནི་གཟེར་བའི་བདག གདུག་པའི་མིང་ནས་ཕྱུངས། མདོས་བདག་མདོས་བཞེས་ལ། སྲིད་པ་ཡི་ནི་སྐྱེད་བྱེད་བཙན། བཙན་ཆེན་ནི་ཀུན་གྱི་ཡབ། སྐྱེས་བུ་ནི་མིང་ནས་ཕྱུངས། བྲག་བཙན་ནི་སྟོང་སྡེའི་བདག ཁྱབ་བྱེད་ནི་ནད་ཀྱི་འཆབ། མདོས་བདག་ནི་མདོས་བཞེས་ལ། གླུད་བདག་གླུད་ལོང་ལ། སེ་ཕུང་ནི་གྲངས་ཀྱི་བཙན། སྲིད་པའི་བཙན་ཆེན་པོ། རོལ་པ་ནི་མིང་ནས་ཕྱུངས། ཀར་ཀོང་སྟོང་གི་བཙན། རོལ་བུའི་མིང་ནས་ཕྱུངས། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོངས་ལ། སུ་རི་ནི་གཡུ་མཁར་བདག གཡའ་བཙན་ནི་མིང་ནས་ཕྱུངས། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོངས་ལགསེར་གནས་ནི་གསེར་གྱི་བདག སྤངས་བཙན་ནི་མིང་ནས་ཕྱུངས། དྲུངས་ཆེན་རི་ཡི་མཁར། ནགས་བཙན་ནི་མིང་ནས་ཕྱུངས། ལུངས་པ་ཟངས་ཀྱི་མཁར། གསོ་བྱེད་མ་རུངས་པ། གཡའ་བཙན་ནི་མིང་ནས་ཕྱུངས། སྲིད་པའི་བཙན་ཚོགས་ཀྱང་། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོང་ལ། ཡ་བ་ནི་སྐྱ་ཚོགས་ཏེ། ཉུལ་བྱེད་ནི་ཚེ་ལེན་པོ། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོངས་ལ། ཨ་མི་སྟེར་ལ་ཨུ་མི་སྟེར། དུ་ར་ནེ་བཙོ་དང་། ལྷ་བཙན་ནི་གང་བུ་ཡང་། སྲིད་པའི་མདོས་ལ་བྱོན། ཀླུ་བཙན་ནི་འཁོར་བཅས་དང་། སིལ་མ་འཁོར་ཚོགས་ཀྱང་། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོང་ལ།སྐུ་ཡི་གླུད་དང་གསུང་གི་གླུད། །ཐུགས་ཀྱི་གླུད་དང་བཅས་པ་འདི། །མདའ་ནི་མཁར་ཏེ་ནམ་མཁའ་ཡུལ། །མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོང་ལ། ཞེས་རིམ་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་ལ་བསྔོ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་བཅོས་པར་བྱ་བ་ནི། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་པྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིག ཁ་དོག་འདྲ་བའི་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བ་དར་གྱི་སྣ་ལྔས་བརྒྱན་པའོ། །བཤོས་བུ་ལྡེམ་པ་བཞི་དག་ལ། །ནམ་མཁའ་རིགས་མཐུན་རེ་རེའོ། །མདའ་ཁྲ་མཁར་ཐབས་རེ་རེ་སྟེ། །རྟ་དཀར་གཡག་དཀར་མཛོ་དཀར་དང་། །ལུག་དཀར་ར་དཀར་བྱ་དང་ཁྱི། །སྟག་གཟིག་དང་ནི་སེང་གེ་ཁྱུང་། །མཐུན་པའི་རྫས་ཀྱིས་བསྐོར་བའོ། །ཟ་འོག་གུར་དང་དར་དཀར་ཡོལ། །བསེ་ཕོར་དངུལ་ཕོར་གསེར་སྐྱོགས་དང་། ཁྲ་ཁྲག་སྤྱན་གཟིགས་ཕུད་དང་བཅས། །འབྲུ་སྣ་བཅུ་གསུམ་གཅལ་དུ་བཀྲམ། །མདའ་དང་མེ་ལོང་བརྒྱན་པའོ། །དེ་ལྟར་བསགས་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་བསག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཧུ༷། རྒྱལ་པོ་ཆེན་པོ་སྲོག་གི་བདག །སྲོག་བདག་ཆེན་པོ་མ་རུངས་པ། །སྲོག་བདག་ནི་མཆེད་དེ་བཞི། །སྲོག་བདག་ནི་སྤྲུལ་པའི་བདག །ཚེ་སྲོག་དབུགས་ཀྱི་བདག་པོ་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཕྱོགས་ཕྱོགས་ཕ་གི་ན། ཤར་ཕྱོགས་ཕ་གི་ན། ཤེལ་ཡུལ་བྱ་བའི་དཀར་པོ་ན། ཁྲེལ་མཁར་དགུ་བརྩེགས་གནམ་དུ་ལྡེམས་སེ་ལྡེམས། །གཡུ་ཡི་ཁ་བད་ཁྱིལ་ལི་ལི། །དུང་གི་སྒོ་མོ་ཐབས་སེ་ཐབས དེ་ཡི་ནང་ཤེད་ན། སྲོག་གི་བདག་པོ་ཡ་ཇོ་བཞུགས། །རྒྱལ་པོ་གཅིག་ལ་མིང་གསུམ་པ། །རྡོ་རྗེ་ལེགས་མཆོག་ཅེས་ཀྱང་བྱ། །བཙན་འགོང་བཙན་མཆོག་ཅེས་ཀྱང་བྱ། །ཤར་ལྷ་ཆེན་པོ་ཞེས་ཀྱང་བྱ། ཁྱོད་ཀྱི་ཕ་སྨོས་པ།ཡང་ལ་ཤེལ་གྱི་སྐྱེས་བུ་ཞེས་ཀྱང་བྱ། །མ་ནི་སྲིད་པའི་རྒྱལ་མོ་ཡིན། །དེ་གཉིས་རྒྱུད་ལས་སྤྲུལ་པའི་སྲས། །རྒྱལ་པོ་མིང་སྲིག་གཉིས་སུ་བྱུང་། །མིང་པོ་ཇོ་བོ་དཀར་པོ་ལགས། །སྲིང་མོ་མི་བཙུན་ཨུབ་ཆོས་གཡར་མོ་བསིལ། །མིང་པོ་ཆེན་པོ་བཅོས་སུ་གསོལ། །རྒྱལ་པོ་ཡང་ཕོད་དཀར་པོ་དང་། །རྒྱལ་པོའི་སྐུ་མཁར་ལྡེམ་པ་ལ། །གཅན་གཟན་གདུག་པའི་ན་བཟའ་གསོལ། ཁོ།ལ་གྱི་ཟངས་གྲི་རྐེད་ལ་བཙུགས། །རྟ་སེ་དཀར་སྐྱ་ཆིབས་སུ་ཆིབས། །དུང་མཁར་ནི་ཕྱག སྲིད་པའི་ཀུན་གྱི་བདག དང་པོ་འཛམ་གླིང་བཞིར་བབས། དེ་ནས་ལི་ཡི་ལུ་ ལ་དུ་བྱོན། །ལི་ཡིས་ཕྱག་ཏུ་གླུད་ཕུལ་ནས། །མི་སྤངས་སད་ཀྱི་རྒྱལ་པོར་བཏགས། །ཡང་གཅིག་ལི་ཡི་ཡུལ་དུ་བྱོན། །ཡང་ལིས་ཕྱག་ཏུ་གླུད་ཕུལ་ནས། །ཡང་སྤངས་སད་ཀྱི་རྒྱལ་པོར་བཏགས། །དེ་ནས་མི་ཉག་ཡུལ་དུ་བྱོན། །མི་ཉག་གིས་གླུད་ཕུལ་ནས། །ལྡེང་ནོ་སད་ཀྱི་རྒྱལ་པོར་བཏགས། །དེ་ནས་ཞང་ཞུང་ཡུལ་དུ་བྱོན། །སྤྱན་མིག་གཡས་པ་ཤེལ་དུ་བྱུང་། །དེ་ཕྱིར་ཤེལ་གེ་ཤག་ཅེས་བྱ། །རྒྱལ་པོ་ཆེན་པོ་སྟེ། སྲིད་པའི་སྐྱེ་འགྲོ་སྲོག་གི་བདག །ཕྱག་ཀྱང་ཐུགས་ཀྱི་དཀྱིལ་དུ་བྱུང་། །ལྕགས་གྲི་རྣོན་པོ་ཕྱག་ན་བསྣམས། །ཕོ་བརྒྱ་སྲོག་གི་བདག་པོ་མཛད། །ཀླུ་རྟ་རྣམ་པ་གསུམ་དུ་བྱུང་། །གླུད་ཀྱི་དང་པོ་མྲ ལུག་རྟ་སེ་འོ་དང་། ར་དཀར་པོ་གཉའ་ནག་གོ །གླུད་ཀྱི་བར་པ་སྲ བྱ་རྟ་བོའོ། །གླུད་ཀྱི་མཐའ་མ་ནི། བཤས་མཆོག་ལྡེམས་པ་དང་། སྨྱུག་མ་ཚིགས་དགུ་དང་། འབྲུ་བཅུད་ནི་སེར་ཁ་ལ། དེ་རིང་སྲིད་པའི་མདོས་ལ་བྱོན། ཧྭ༷། སྲིད་པ་ཡོངས་ལ་དབང་བྱེད་པ། དཀར་པོ་སྤྱན་གཅིག་པ། ཕྱོགས་ཕྱོགས་ནི་ཕ་གི་ན། ཉི་མ་ཤར་ཕྱོགས་ཕ་གི་ན། ་གོལ་ཡུལ་དཀར་པོ་ཕ་གི་ན། ཁོགོལ་མཁར་གན་དུ་ལྡེམས་སེ་ལྡེམས། །ཤར་ཕྱོགས་གནམ་གྱི་དཀྱིལ་ཤེད་ན། །མཁར་ནི་ཉི་ཟླ་བརྩེགས་པའི་མཁར། །དེ་འདྲའི་མཁར་གྱི་ནང་ཤེད་ན། །རྒྱལ་པོ་དཀར་པོ་སྤྱན་གཅིག་བཞུགས། ཁྱོད་ཀྱི་ཕ་སྨོས་པ། ཆུ་སྲིན་རྒྱལ་པོ་མ་ག་ར། །གནས་པ་རྒྱ་མཚོའི་གཏིང་ན་གནས། །མ་ནི་སྲིད་པའི་རྒྱལ་མོ་སྟེ། །གནས་པ་རི་རབ་ཟོམས་ལ་གནས། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །རྒྱལ་པོ་མིང་སྲིང་གཉིས་སུ་བྱུང་། །མིང་པོ་དཀར་པོ་སྤྱན་གཅིག་པ། །སྲིང་མོ་ཨེ་ཀ་ཛ་ཏི་རལ་གཅིག་མ། །མིང་པོ་བཅོས་སུ་གསོལ། དཀར་པོ་སྤྱན་གཅིག་པ། རྒྱལ་མཁར་ལྡེམ་པ་ལ། རྟ་དཀར་པོ་འོད་ཅན་ཆིབས། དབུ་ལ་རལ་གཅིག་ཤར་ར་ར། །དཔྲལ་ན་མིག་གཅིག་སྟེངས་སེ་སྟེངས། །ཞལ་ནས་ཚེམས་གཅིག་ཐེམས་སེ་ཐེམས། །དུང་གི་མཆེ་བ་ཐམས་སེ་ཐམས། །ནད་ཀྱི་ཁ་རླངས་ཐུལ་ལུ་ལུ། །ཕྱག་སོར་གདུག་པ་ཤད་དེ་ཤད། །འཁར་བའི་རྔ་ཆུང་བློ་ལ་བཏགས། །འཛམ་བུ་གླིང་བཞི་འོད་ཀྱིས་འགེངས། །སྲོག་བདག་དཀར་པོ་འོད་པོ་ཆེ། །འོད་སྐར་མདའ་ཙམ་ཅིག་ལྟལ་ལ་ལ། །ཕྱག་ན་སྐྱོགས་དཀར་ཏལ་ལ་ལ། །སྲིད་པའི་རྒྱལ་པོ་གདུག་པ་ཅན། །གནམ་རལ་ཕྱེད་ཀྱི་བདག་པོ་ལགས། །ས་ཆུ་ཕྱེད་ཀྱི་བདག་པོ་ལགས། །ཕོ་བརྒྱ་ནི་སྲོག་གི་བདག མོ་བརྒྱ་ནི་སྲིད་ཀྱི་བདག རྒྱལ་པོ་ནི་གདུག་པ་ཅན། གླུད་རྟ་རྣམ་གསུམ་སྟེ། གླུད་ཀྱི་དང་པོ་ནི། གཡག་དཀར་རུ་དམར་དང་། མཛོ་དཀར་རུ་དམར་དང་། རྟ་དཀར་ཕུམ་དམར་ཏེ། གླུད་ཀྱི་དང་པོའོ། །གླུད་ཀྱི་བར་པ་ནི། ལུག་དཀར་པོ་བྱ་ག་དང་། ར་དཀར་རུ་དམར། ཁྱི་དཀར་སྣ་དམར་དང་། བྱ་དཀར་ཟེ་དམར་ཡིན། གླུད་ཀྱི་མཐའ་མ་ནི། བཤོས་མཆོག་གྲེ་ཆ་དང་། སྨྱུག་མ་ནི་ཚིགས་བདུན་དང་། སྐྱེས་འཕང་ཕུད་གཙང་ངོ་། །དེ་རིང་སྲིད་པའི་མདོས་ལ་བྱོན། ཧུ༷། ཕྱོགས་ཕྱོགས་ཕ་གི་ན། བྱང་ཤར་ཕ་གི་ན། བྱང་རི་མཐོན་པོའི་ཁ་ཤེད་ན། །རྩེ་ལ་གནོད་སྦྱིན་སྟོབས་ཆེན་གནས། །ཟུར་ལ་ཡམ་ཤུད་དམར་པོ་བཞུགས། །རྩ་ན་བཙན་བཙུན་ཕྱག་གཉན་གྲོལ། །བཟངས་མཁར་དམར་པོ་ལྡེམས་སེ་ལྡེམས། །ལོ་རོམ་བསེ་སྒོ་མོ་ལ། མཐིང་ཤུན་སྔོན་པོའི་རེ་བཞི་ལ། །བྱི་རུ་དམར་པོའི་གཡག་ཤིང་གསལ། །ཟངས་ཀྱི་གཏན་པ་ཅན། ཟངས་ཁྲི་དམར་པོའི་གདན་སྟེངས་ན། །དེ་ན་ཡམ་ཤུད་དམར་པོ་བཞུགས། །སྐུ་ལ་སྟག་ལྤགས་ཞོལ་གསོལ། ཕྱག་ན་ཟངས་ཀྱི་ཞགས་པ་ཡང་། །འདོམ་ནི་དགུ་བརྒྱ་དགུ་བཅུ་རྣམས། །ཕ་ནི་དཀར་པོ་མིག་གཅིག་པ། །མ་ནི་སྲིད་པའི་རྒྱལ་མོ་ཡིན། །དེ་གཉིས་སྤྲུལ་པ་ལས། རྒྱལ་པོ་མིང་སྲིང་གཉིས་བྱུང་སྟེ། །མིང་པོ་ཡམས་ཤུད་དམར་པོ་ཡིན། །སྲིང་མོ་བྷ་ག་ཧྲི་ཏི་ནད་ཀྱི་བདག །མིང་པོ་ནི་བཅོས་སུ་གསོལ། ཟ་མ་མོ་བརྒྱ་ཡི། སྲིད་ཀྱི་ནི་བདག་པོ་ཡིན། གླུད་ཀྱི་དང་པོ་ནི། བ་དམར་གླང་དམར་དང་།ལུག་རྟ་ནི་དམར་གྲོ་བོ། །གླུད་ཀྱི་བར་པའོ། །བྱ་དམར་ཟེའི་བདག་པོ་ཡིན། མཐའ་མ་སྨྱུག་མ་ཚིགས་ལྔ་དང་། །སྐྱེས་པ་བཙན་གྱི་བདག་པོ་ནི། །དེ་རིང་སྲིད་པའི་མདོས་བཞེས་ལ། །སྲིད་པའི་བདག་པོ་མདོས་འདི་ལོང་། །ཧུ༷། ཕྱོགས་ཕྱོགས་ཕ་གི་ན། ཉི་མ་ཤར་ལྷོ་གནམ་གྱི་དཀྱིལ་ཤེད་ན། ཡུལ་དེ་ཁུ་ལེ་ཁུ་སྟོང་ན། བློན་པོ་ཁུ་ལེ་ལག་དགུ་གནས། །གསེར་མཁར་སེར་པོ་ལྡེམ་པ་ལ། །གཡུ་ཡི་ཁ་བད་ཁྱིལ་ལི་ལི། །དེ་ན་བློན་པོ་ཁུ་ལེ་ལག་དགུ་གནས། ཁྱོད་ཀྱི་ཕ་སྨོས་པ། ནམ་མཁའ་སྟོང་པའི་ཁམས་ཤེད་ན། །འོད་ཕུང་སྟུག་པོ་ལམས་སེ་ལམས། །འོད་ཕུང་དེ་ཡི་ནང་ཤེད་ན། །ལྕགས་ཀྱི་སྡིག་པ་ཁ་དགུ་གནས། །དེ་ནི་ཁྱོད་ཀྱི་ཕ་ཡིན་ནོ། ཁྱོད་ཀྱི་མ་གསེར་གྱི་གྲོག་མ་ཁ་མེད་མ། རྒྱ་མཚོ་ཆེན་པོའི་གཏིང་ན་གནས། དེ་ནི་ཁྱོད་ཀྱི་མ། དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །རྒྱལ་པོ་གཅིག་ལ་ལག་པ་དགུ། །ལག་ཅིག་གནམ་གྱི་མཐོངས་སུ་ཉབ། །ལག་གཅིག་དེ་འཇོམ་པ་ལ། ལག་གཅིག་སྟོན་ཀའི་ལོ་ཐོག་སྣང་པོ། ལག་ཅིག་དཀར་གྱི་ཐོག་ལ། ལག་ཅིག་སྐྱུར་གྱི་དྲུངས་ཀྱང་འབྱིན། །ལག་གཅིག་བདུད་ཀྱི་ནང་དུ་རྐྱོང་། །ལག་ཅིག་སྤྱན་གྱི་ནང་དུ་རྐྱོང་། །ལག་ཅིག་བུད་མེད་བུ་ལ་རྐྱོང་། །རྒོད་མ་དེ་ནི་རྟེའུ་མེད་དང་། །འབྲི་གཡག་ཤམ་དུ་གཏོང་བའི་བདག་པོ་ཡིན། །ལག་ཅིག་སྟོང་ཁམས་ཡོངས་ལ་ཉབ། །དེ་ལ་མིང་བཏགས་པ། ཁྱབ་པ་ཆེན་པོ་ཞེས་ཀྱང་བྱ། །ངང་སྤྲུལ་པ་ཆེན་པོ་ཞེས་ཀྱང་བྱ། ཁུ་ལེ་ལག་དགུ་ཞེས་ཀྱང་བྱ། །རྫུས་པ་ཆེན་པོ་ཞེས་ཀྱང་བྱ། །ཏྲི་སེ་ལག་དགུ་ཞེས་ཀྱང་བྱ། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཕྱག་ན་གསེར་མདུང་མཚམས་དམིགས་བསྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །བཙན་ཆེན་མ་རུངས་པ། རྒྱལ་པོ་ཆེན་པོ་སྲོག་གི་བདག །སྲོག་བདག་ཆེན་པོ་གིང་དང་བཅས། །འགོངས་པོ་སྤྲུལ་པ་དགུ་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པ་ཡོངས་ལ་དབང་བྱེད་པ། །རྒྱལ་པོ་ཆེན་པོ་གདུག་པ་ཅན། །སྲད་ཆེན་བཞི་དང་སྡེ་བཞི་དང་། །རྒྱལ་འཕྲན་བཅུ་གཉིས་འཁོར་དང་བཅས། །སྲིད་པའི་གྲངས་མ་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་བཞེས་ལ། །རྒྱལ་པོ་ཆེན་པོ་སིལ་མའི་ཚོགས། །མ་ཚོགས་སྲིད་པའི་མདོས་ལ་གཤེགས། །ཅེས་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་བཅོས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གདུག་ཚོགས་མ་ལུས་ཞི་བྱའི་ཕྱིར། །རྒྱལ་པོ་དག་ལ་བསྔོ་བ་བྱ། །ཧཱུཾ། རྒྱལ་པོ་ནི་གདུག་མཆོད་ཕྱིར། འབྲུ་སྣ་བཅུ་གསུམ་ལ། སྲིད་པ་མི་འགྱུར་མདོས་སུ་བརྩམ། །མི་འགྱུར་རི་རབ་ཆེན་པོ་བརྩིགས། །མི་འགྱུར་དཔག་བསམ་ཤིང་བུ་བསྐྱེད། །རྟན་པའི་ནམ་མཁའ་ཡུལ་དུ་བྲི། །མདའ་ཁྲ་སྐུ་རྟེན་མཁར་དུ་བྲི། །པམ་རིམ་མཛས་པའི་གཟུགས་སུ་སྟེ། །སེམས་ཅན་མི་འགྱུར་གནས་སུ་བསྟན།དེ་ལ་འབྲུ་བཅུད་གཅལ་དུ་བཀྲམ། གཟུགས་མཛེས་ནི་མང་པོས་བསྐོར། དར་དཀར་ནི་ཡོལ་དུ་བྲེས། ཟ་འོག་ནི་གུར་དུ་ཕུབ། བཟང་སྐུ་ནི་རས་ཀྱིས་བརྒྱན། བཅུད་དགུ་ནི་ཟས་ཀྱིས་བསྐོར། རིན་ཆེན་ནི་སྐྱོགས་བཀྲམ་ནས། སྤྱན་གཟིགས་ནི་སྐོར་ཆས་བརྒྱན། རྒྱལ་པོ་ནི་གཉན་ལ་མཆོད། ཧཱུཾ། སྲིད་པའི་བདག་པོ་སྟེ། ཚངས་པ་རྣི་བསྐོས་ཀྱི་བདག སྐྱེ་འགྲོ་ནི་དབང་བསྡུས་ཏེ། སྲོག་གི་བདག་པོར་བསྐོར། སྲོག་བདག་ནི་མིང་ནས་ཕྱུངས། གདུག་པའི་རྒྱལ་པོ་མདོས་འདི་བཞེས། ཧུ༷། སྲིད་པའི་བདག་པོ་སྟེ། བསྐོས་བདག་ནི་གདུག་ཆེན་པོ། མེ་དགུ་ནི་ཆུ་དགུའི་མཁར། དགུ་མཚམས་ནི་གནག་ཏུ་བསྡམས། སྤྲུལ་པ་ནི་མང་པོའི་བདག སྲོག་བདག་ནི་རྒྱལ་པོའི་བུ། དཀར་པོ་སྤྱན་གཅིག་མིང་ནས་ཕྱུངས། མདོས་བདག་མདོས་བཞེས་ལ། ཧུ༷། ནམ་མཁའ་འོད་ཀྱི་བུ་གཅིག་པ། །བར་སྣང་ཁམས་ནས་སྐུ་གཤེགས་ཏེ། །དྲ་ཆེན་ཀུན་གྱི་བདག་པོ་ལགས། །འོད་ལྡན་གསེར་ཆས་སྲོག་གི་བདག །གཟུགས་མཛེས་ཕྱག་ནི་དགུ་རུ་གྲག ཁྱབ་བྱེད་ཆེན་པོ་ཞེས་ཀྱང་བྱ། ཁུ་ལེ་ལག་དགུ་མདོས་འདི་བཞེས། །སྲིད་པ་ཡོངས་ཀྱི་མངའ་བདག་པོ། །སྲིད་པའི་བདག་པོ་གླུད་བཞེས་ལ། །ཧུ༷། ཟངས་རི་ཟངས་མཁར་གཞལ་ཡས་ནས། །ཡམས་ཤུད་དམར་པོའི་བཙན་འགོང་རྗེ། །སྲིད་པ་གསུམ་ལ་དབང་བྱེད་དེ། །སྲོག་བདག་དམར་པོའི་མིང་ནས་ཕྱུངས། །སྲིད་པ་གདུག་རྩུབ་ཞི་བར་གྱིས། །སྟོང་ཁམས་ཁྱབ་བྱེད་མ་རུངས་པ། །སྒྲོལ་གིང་ཐེའུ་རང་མིང་ནས་ཕྱུངས། །སྦུན་དགུ་སྲིད་པའི་མདོས་བཞེས་ལ། །ཧུ༷། སྲིད་པའི་སད་ཆེན་གདུག་པ་ཅན། །སེང་སད་སད་དང་མི་འཕངས་སད། །སྤྲུལ་པ་སད་དང་ཁྱུང་པ་སད། །དེ་རིང་སྲིད་པའི་མདོས་བཞེས་ལ། །རི་རབ་མི་འགྱུར་སྲིད་པའི་བདག །འབྱུང་བ་མི་འགྱུར་རྟེན་པའི་གླུད། །གཟུགས་བརྙན་མང་པོ་སྐུ་ཡི་གླུད། །སྒྲ་སྙན་མང་པོ་གསུང་གི་གླུད། །མདངས་ལྡན་མར་མེ་ཐུགས་ཀྱི་གླུད། །ཟང་ཟིང་མང་པོ་ལོངས་སྤྱོད་གླུད། །རིན་ཆེན་སྣ་ལྔ་གཏེར་གྱི་གླུད། །སྤྱན་གཟིགས་མང་པོ་ཟས་གླུད། །མདོས་བདག་མདོས་བཞེས་ལ། །ནམ་མཁའ་ཡུལ་དུ་བསྔོ། །མདའ་ཁྲ་རིན་ཆེན་མཁར་དུ་བསྔོའོ། །ཕྱི་ཡི་ཡུལ་ལ་ནང་གི་བཅུད། །ཡུལ་སེམས་དག་པའི་གླུད་དུ་བསྔོ། །དེ་ལྟར་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་ལ་བསྔོ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། མ་བདུད་བཅུ་གསུམ་བཅོས་པ་ནི། གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་གཟུགས་བྱས་ཏེ། །ཆ་གསུམ་དག་ཏུ་དེ་བཞིན་ཏེ། །ཅིག་ལ་རི་རབ་ཆེན་པོ་ཡི། ཁ་དོག་རིགས་དང་དཔག་བསམ་ཤིང་། །ཚོན་རྫོགས་ནམ་མཁའི་གུར་ཀྱང་དབུག །འབྱུང་བའི་རྟེན་ནི་དར་སྣ་ལྔ། །བཤོས་བུ་བཅུ་གཉིས་དག་ལ་ནི། །མདའ་དང་ནམ་མཁས་བརྒྱན་པའོ། །འབྲང་རྒྱས་བཅུ་གསུམ་དག་ལ་ནི། །མོ་འཕང་མཛེས་པ་བཅུ་གསུམ་མོ། །དེ་ལྟར་བྱ་ནག་ལུག་ནག་དང་། ཁྱི་ནག་ལ་སོགས་གསོབ་གཟུགས་དང་། །གཅན་གཟན་ཤ་དང་འདབ་ཆགས་སྒྲོ། །ཤ་ཁྲག་ལ་སོགས་གཏོར་མ་ཁྲག །སྙིང་སྣ་ཁྲག་དང་གཏོར་མར་བཅས། །འབྲུ་སྣའི་གཅལ་དང་རིན་ཆེན་ཕུད། །མཐིང་ནག་གསེར་གྱི་ཡོལ་དང་བཅས། །ལོ་མ་མེ་ཏོག་འབྲས་བུར་ལྡན་པའི་ཤིང་། །དེ་ལྟར་རིམ་པས་བྱ་བ་སྟེ། །དེ་ལྟར་རིམ་པར་བསགས་ནས་ནི། །མཐུན་རྫས་རིམ་པས་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །མ་བདུད་བཅུ་གསུམ་གྱི་རྫས་གསག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཧུ༷། སྲིད་པའི་བདག་པོ་མ་རུངས་པ། །ཚེ་སྲོག་དབུགས་ཀྱི་བདག་པོ་ཡིན། །སྲིད་པའི་བདུད་མོ་མ་ཡམས་ཚོགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཡུལ་དང་བདུད་ཡུལ་མ་གི་ན། ཁྲོ་བོ་དུང་ཆེན་མ་གི་ཏ། ཁྲག་གི་ཁུ་འཕང་སིལ་ལི་ལི། །སྲིད་པའི་བདག་མོ་བཞུགས་པའི་གནས། ཁྲག་གི་འབབ་ཆུ་ཟུལ་ལུ་ལི། །དུར་བྱ་ཀང་ཀ་དིར་རི་རི། ཁྲ་སྐད་མང་པོ་དིར་རི་རི། །བདུད་ཀྱ་བྱུང་ཀ་ཡ་མ་ཕྱུངས། །དེ་ཡི་ཡུལ་ཤེད་ན། མ་བདུད་བཅུ་གསུམ་དེ་ན་བཞུགས། །ཐོད་རུས་འབར་བའི་མཁར་ཆེན་ལྡེམས་སེ་ལྡེམས། །ཐོད་པ་གདུག་པ་མ་རུངས་པ། །ལ་ལ་སྟག་དང་གཟིག་གི་ཐོད། །ལ་ལ་བྱ་དང་རྒོད་ཀྱི་ཐོད། །ལ་ལ་མི་དང་སྦྲ་ཡི་ཐོད། །ལ་ལ་གཡག་དང་ཤ་སྐྱ་ཐོད། །ཐོད་པའི་མཁར་འ།་གནམ་ལྕགས་གཟེར། །དེ་ན་བདུད་མོ་བཅུ་གསུམ་གནས། །ལ་ལ་བདུད་མོ་བྲོ་གང་འཆའ། །ལ་ལ་བདུད་མོ་ནི་མདུན་སྟངས་གཅོད། །ལ་ལ་བདུད་མོ་གཡབ་མོ་འདེབས། །ལ་ལ་བདུད་མོ་མཚོན་ཁ་འབལ། །ལ་ལ་བདུད་མོ་ནད་རྐྱལ་འཁུར། །ལ་ལ་བདུད་མོ་ཤ་ཁྲག་གཅོད། །ལ་ལ་ཁྲམ་བམ་་།ད་དྷི་ཏོགས། །མ་བདུད་བཅུ་གསུམ་དེ་ན་བཞུགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་མོ་སྟོང་ཁྲི་རྒྱལ་མོ་དེ། །སྐུ་མདོག་མཐིང་ཁ་ཆེན་མོ་ལ། ཁྲག་ལི་དམར་པོ་ཁྱིལ་ལི་ལི། །སྐུ་ལ་སྨ་ཐུལ་མཛེས་པ་གསོལ། །ཕྱག་ན་ཁྲག་གི་ཕོར་བ་བསྣམས། །མ་བདུད་ཆེན་པོ་བཅུ་གསུམ་ཡང་། །དེ་རིང་སྲིད་པའི་མདོས་བཞེས་ལ། །ནག་མོ་ཆེན་མོ་མ་རུངས་པ། །བདུད་མོ་ཁྲམ་བདག་ཆེན་མོ་སྟེ། །གསོད་པའི་ལས་ལ་རབ་ཏུ་བརྩོན། །གདུག་བྱེད་མ་ལུས་སྤྲུལ་པ་ཆེ། ཁྲ་ཟ་ཁྲག་འཐུང་རལ་པ་ཅན། །སྐུ་ནི་མཐིང་ནག་ཆེན་མོ་ལ། །རལ་པའི་ཟར་བུ་མུན་ལྟར་གཏིབས། །མཆེ་བ་རྒྱ་ཟོར་བརྗིད་པས་གཙངགས། །ཆིབས་སུ་བདུད་རྟ་རྐང་གསུམ་ཆིབས། ཁྲམ་བམ་གཡས་ལ་ཐོད་དབྱུག་གཡོན། སྐུ་ལ་རེ་ལྡེ་སྟག་ཤམ་ཅན། །སྲིད་པའི་བདག་མོ་ཡིན་པར་གྲགས། །སྟོང་གསུམ་རྒྱུག་ཅིང་ནད་གཏོང་མ། །ནད་བདག་མ་རུངས་སྲིད་པའི་བདག འཁོར་ཡང་ནག་མོ་བོང་ཞོན་ཚོགས། །སྲིད་པའི་ནད་གཏོང་ཚོགས་ཀྱིས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་མོ་གདུག་པ་མ་རུངས་པ། །དེ་ཡི་ནུ་མོ་ཆེན་མོ་ནི། །སྐུ་ནི་མི་མངོན་མཛས་པ་ལ། །སྐུ་ལ་ན་བཟའ་སྨུ་ཐུལ་གསོལ། །ཕྱག་ན་གཡུ་ཡི་ཟོར་བ་བསྣམས། །ཆིབས་སུ་གཡུ་མཛོད་རུ་ལྡེམ་ཆིབས། །འཁོར་ཡང་ནད་གཏོང་ཚོགས་ཀྱིས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །མ་བདུད་དེ་ཡི་འོག་མ་ནི། །རལ་པ་ཅན་ལ་མཚོན་ཞགས་ཅན། ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །སྣ་ནས་རླུད་བྱུང་བསྐལ་པ་ཞབྲུག །གདུང་བྱེད་ཁྲམ་དང་ཞགས་པ་ཐོགས། །སྤྲུལ་པ་མི་ཟད་ནད་དུ་གཏོང་། །ཆིབས་སུ་མཐིང་གི་མཛོ་མོ་ཆིབས། །སྐྱེ་འགྲོ་ཡོངས་ལ་ནད་གཏོང་མ། །མ་བདུད་ཆེན་མོ་མ་རུངས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཡུལ་དང་བདུད་ཡུལ་མ་གི་ན། །བདུད་མོ་དེ་ནི་གཅུང་མོ་ནི། །བདུད་མོ་རྔམ་པའི་འཕྲུལ་མོ་ཆེ། །ཆིབས་སུ་རྔ་མོ་ག་པ་ཆིབས། །སྐྱེ་འགྲོའི་སྐེག་རྩིས་ཁྲམ་ཤིང་གཡས། །ཡེ་ཤེས་མཚོན་གྱི་གྲུ་གུ་གཡོན། །སྐུ་ལ་འཇའ་ཚོན་ཐུལ་པ་གསོལ། །ནད་དང་རིམས་ཀྱི་བསྐོས་འདེབས་མ། །བདུད་མོ་ཆེན་མོ་མདོས་ལ་བྱོན། །བདུད་མོ་དེ་ཡི་གཅུང་མོ་ནི། །དཀར་ནག་འཇིག་པའི་མགོ་མོ་ཏི། །སྐུ་ལ་དྲེད་ཐུལ་སྟག་ཐུལ་གསོལ། །ཕྱག་ན་བྷ་ན་དྷ་ཁྲག་གིས་བཀང་། །སྒྱུག་པའི་གླུ་ལེན་སྤྲུལ་པ་འགྱེད། །མི་ཟད་པས་ནི་ཡོངས་བཀང་ནས། །པགས་པའི་གཡབ་འདོར་ལིངས་སེ་ལིངས། །མི་ལ་སྐྲངས་ཐོར་འབྲུམ་ནད་གཏོང་། །མི་ཟད་ཁྲག་ལ་རབ་ཏུ་རྔམས། །བདུད་བྱེད་ཆེན་མོ་མདོས་ལ་བྱོན། །སྲིད་པ་ཡོངས་ལ་དབང་སྒྱུར་མ། །ནད་ཡམས་དག་གི་བདག་མོ་སྟེ། །སྨིན་མ་གཟིངས་ཤིང་མཆེ་བ་གཙིག །གསད་པའི་ལས་ལ་རབ་ཏུ་བརྩོན། །སྐྱེ་ཤི་གཉིས་ཀྱི་རྩད་གཅོད་མ། །རྔམས་པའི་གཟུགས་ཀྱིས་ཟངས་ཀྱི་སོ་ལེ་ཐོགས། ཁྲ་དང་ཁྲག་ལ་རབ་ཏུ་དད། །མི་བཟད་ཆེན་མོ་མདོས་ལ་བྱོན། །དེ་ཡི་གཅུང་མོ་མི་བཟད་མ། །བདུད་མོ་རྔམ་པའི་ང་རོ་ཅན། ཁྲག་གི་ང་རོ་འཇིགས་པར་སྒྲོག །བདུད་མོ་གདུག་པའི་གཡང་གཞི་གསོལ། །ཕྱག་ན་ནད་ཀྱི་རྐྱལ་པ་དང་། །མཚོན་ཆ་སྣ་ལྔའི་གྲུ་གུ་ཐོགས། །མི་བཟད་གདུག་པ་སྲིད་པའི་བདག །སྐྱེ་ཤི་གཉིས་ཀྱི་བྱ་ར་མཛད། ཁྲ་ལ་དགའ་ཞིང་ཁྲག་ལ་དད། །སྒྱུགས་གླུ་ལེན་ཅིང་དུར་ཁྲོད་ཉུལ། །ཐོད་པ་ཐོགས་ནས་ཁམས་གསུམ་བསྐོར། །མཆོག་ཕུར་རྩང་ཕུར་ཐོགས་ནས་དུར་ཁྲོད་ཀློག །མི་ནད་ཕྱུགས་ནད་གཏོང་ཞིང་ཁམས་གསུམ་ཁྱབ་པར་ཉུལ། གསོད་པའི་ལས་ལ་རབ་ཏུ་བརྩོན། །མི་བཟད་གདུང་བ་མང་པོ་ཚོགས། །དེ་ཡི་གཅུང་མོ་མ་རུངས་པ། །སྐུ་ནི་སྔོན་མོ་འོད་འབར་མ། །སྐུ་ལ་ན་བཟའ་བེར་ཆེན་གསོལ། །ཕྱག་ན་ཐོད་ཁྲག་ཞགས་པ་བསྣམས། །ཆིབས་སུ་ཆུ་རྟ་ཞུར་ཆེན་ལ། །གྲུ་དང་རྫིངས་ཀྱི་སྒ་བསྟད་མ། །གྲུ་དང་རྫིངས་ཀྱི་ནང་ཤེད་ན། །དར་སྒྲ་སྔོན་པོ་གུར་དུ་ཕུབ། །གུར་ཆེན་དེ་ཡི་ནང་ཤེད་ན། །དོམ་དང་ཀྱུང་ཀ་རོ་ཏ་དང་། འཁོར་ཡང་ཆུ་བདུད་རོལ་པ་སྟོང་གིས་བསྐོར། །ནད་བདག་ཆེན་མོ་མ་རུངས་པ། །ཕོ་ལྷོག་གླང་ཐབས་བདག་མོ་ཡིན། ཁྲིས་པ་ཤ་ཡའི་བདག་མོ་སྟེ། །སྐྲངས་འབུར་རྫིངས་པའི་བདག་མོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་མོ་དེ་ཡི་འོག་མ་ནི། །མེ་བདུད་དམར་པོ་རལ་པ་ཅན། །དམར་མོ་མཆེ་གཙིག་རྔ་མོ་ཆིབས། །མདའ་དང་མེ་ཞགས་རྟོག་འཕེན་མ། །ཚ་བའི་བདག་མོ་གདུག་པ་ཅན། །སྲིད་པའི་བདག་མོ་ཡིན་པར་གྲག །མ་བདུད་ཆེན་མོ་གདུག་པ་ཅན། །གདུག་བྱེད་སྲིད་པའི་ཁ་ལོ་སྒྱུར། ཁམས་གསུམ་དབང་སྡུད་མ་རུངས་མ། །གསོད་སོགས་མ་རུངས་རྔམ་པ་ཅན། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་མོ་གདུག་པ་མ་རུངས་མ། །བདུད་མོའི་ལུས་ལ་རྔམས་སྟབས་ཅན། །སྤྲུལ་པ་ཡོངས་སུ་གཏོང་བར་བྱེད། །བདུད་མོ་དུར་ཁྲོད་གནས་ཀྱི་འཇོལ་ཆེན་མ། །དུར་ཁྲོད་གནས་ལ་རྒྱུ་བྱེད་ཅིང་། །རྒྱ་གྲོགས་འདུས་ལ་དྲེད་མོའི་མགོ །རལ་པ་གཡག་རྒོད་འཇུག་མ་འདྲ། །ལག་ན་མགོ་རྒྱལ་རྩེད་མོ་རྩེ། །སྨིན་མཚམས་གོང་ནས་ཁ་སྐད་འཐོར། །གང་ནས་གང་དུ་རྦད་པའི་ཚེ། །ལྕགས་ཀྱི་ཚུབ་ནག་སྨྲ་ཞིང་འགྲོ། །ཚུབ་ནག་ནང་ནས་ལྕགས་མདའ་འཕེན། །དུར་ཁྲོད་གནས་ཀྱི་འཇོལ་ལེ་མ། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་མོ་རྔམས་པ་མ་རུངས་པ། །སྲིད་པའི་ཤ་ཁྲག་ཟ་བྱེད་མ། །ནག་མོ་ཁྲག་མིག་ཟ་བྱེད་མ། །བདུད་མོ་རྔམས་པ་མ་རུངས་པ། །སྲིད་པའི་མངའ་བདག་དུར་ཁྲོད་གནས། །བདུད་མོ་ཁ་བཀྲ་སྤྲུག་འགྲོ་མ། །བདུད་མོ་ཆེན་མོ་མ་རུངས་པ། །ཚ་ལེན་དབུགས་ལེན་བདག་མོ་ཡིན། །ཡམས་ནད་ཁྲག་སྒྱུག་གརྟང་བ་དང་། །སྨྱོ་འབོག་གཏོང་དང་ལྡོག་རྒལ་བདག །བདུད་མོ་མ་རུངས་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ནད་ཀ་བདུད་ཀ་སླར་ལ་བརྟུལ། །བདུད་མོ་མ་རུངས་སྲིད་པའི་བདག །བདུད་མོ་སྟོབས་ཚོགས་རྔམས་པ་ཆེ། །བདུད་མོ་རྔམ་པ་ཁུག་པ་ལེན། །སྲིད་པའི་བདག་མོ་མ་རུངས་པ། །བདུད་མོ་ཁ་འདར་ལ་སོགས་ཏེ། །སྲིད་པ་བྱད་མ་ལ་སོགས་ཀུན། །ཚེ་སྲོག་དབུགས་ཀྱི་གླུད་འདི་བཞེས། །ཅེས་རིམ་པར་བསྔོས་ལ་རྫོགས་པར་བསྐྱལ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོའི་མདོས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །མ་བདུད་དག་ལ་བསྔོ་བ་ནི། །ཧཱུཾ། སྲིད་པ་ཡོངས་ལ་མངའ་བྱེད་པ། །མ་བདུད་ནི་གཉན་མཆོད་ཕྱིར། །མཛེས་པའི་ནི་གདན་སྟེངས་སུ། །འབྲུ་སྣ་ནི་གཅལ་དུ་བཀྲམ། འབྱུང་བའི་རིགས་སུ་བརྩེགས། རི་རབ་ཆེན་པོའི་རྟེན། དཔག་བསམ་ནི་མི་འགྱུར་ཤིང་། རིན་ཆེན་ནི་ལྔའི་གུར། མཐིང་ཁ་དར་གྱི་ཡོལ་དུ་བྲེས། གཟུགས་བརྙན་ནི་མང་པོས་བསྐོར། སྤྱན་གཟིགས་ནི་བསྐོར་ཆས་བསྐོར། ཤ་ཁྲག་ནི་གཏོར་མ་དང་། སྙིང་སྣའི་འཕྲེང་བ་དང་། འབྲུ་བཅུད་ནི་རྩི་སྨན་དང་། མདའ་ནས་ནི་གཡུལ་མཁའ་དང་། སྲིད་པའི་རས་དགུ་དང་། ཟས་ནི་བཅུད་དགུ་དང་། རིན་ཆེན་འཕྲེང་བ་དང་། བྱི་རུའི་སྐྲས་པ་དང་། གཟུགས་མཛེས་ནི་མང་པོ་དང་། མཐུན་པའི་ནི་ཡས་ཀྱིས་མཆོད། ཧུ༷། དྲི་ཟ་ནི་ཁྲིལ་སྒྲོལ་མ། གསོད་བྱེད་ནི་མ་ཚོགས་དང་། ཚེམས་གཅིག་ནི་གདུག་པའི་ཚོགས། རྔམས་པ་ནི་མ་རུངས་པ། སྤྲུལ་པ་ནི་གསོད་བརྩོན་མ། ལས་ལ་ནི་རབ་ཏུ་གྲགས། གསོད་དང་ནི་གཅོད་ལ་དགའ། སྤྲུལ་པས་ཡོངས་ནི་དབང་དུ་བྱེད། མདོས་བདག་ལགས་ཀྱིས་མདོས་བཞེས་ཅིག །སྲིད་པ་ཡོངས་ཀྱི་ཉུལ་ལེ་མ། །མཆེ་གཙིགས་རྔམ་པ་ཁྲག་མིག་མ། །རྔམ་པའི་ནད་གཏོང་མདོས་འདི་བཞེས། །སྲིད་པ་ཡོངས་ལ་དབང་བྱེད་པ། །གདུག་ཚོགས་སྤྲུལ་པས་ཁམས་གསུམ་གང་། །མི་བཟད་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ལགས་ཀྱིས་མདོས་བཞེས་ཅིག །ཟ་བྱེད་གདུག་པ་ཉུལ་ལེ་མ། ཁྲ་ཟ་ཁྲག་འཐུང་ཉུལ་ལེ་ཅན། །ནད་གཏོང་མི་ཟད་པའི་འཁོར། །སྲིད་པའི་བདག་སྟེ་སྤྲུལ་པ་ཆེ། ཁྱབ་བྱེད་ཆེན་མོའི་སྤྲུལ་པ་ཆེ། །གདུག་པའི་ཚོགས་ལ་གདུག་པ་ཅན། ཁྲག་གི་བདག་མོ་མདོས་ལ་བྱོན། །སྲིད་པའི་བྱ་ར་མ་རུངས་པ། །གསོད་བྱེད་རལ་ཅན་སྐྱེ་འགྲོ་སྒྲོལ། །གདུག་བྱེད་མ་ལུས་ཀུན་སྒྲོལ་བ། །མ་མོ་ཁྲག་མིག་སྤྲུལ་པ་ཆེ། །ཧཱུཾ། ཐོད་མཁར་གདུག་པ་སྤྲུལ་པ་སྟེ། ཁྲག་འཐུང་དུར་ཁྲོད་ཆགས་ལྡན་མ། །བཅུ་གསུམ་གྲངས་དང་རབ་ལྡན་ལ། །སྐྱེ་འགྲོ་ཀུན་གྱི་བདག་བསྐོས་པ། །བདུད་མོ་བཅུ་གསུམ་མིང་ནས་ཕྱུང་། །མ་བདུད་ཆེན་མོ་མདོས་ལ་བྱོན། །འབྱུང་བ་ཀུན་ལ་དབང་སྒྱུར་མ། །སྲིད་པའི་བདག་མོ་མདོས་བཞེས་ལ། །སྲིད་པ་ཡོངས་ལ་དབང་བྱེད་ཅིང་། །གདུག་པའི་ཚོགས་དང་སྲིན་པོའི་སྟེ། ཁྲ་ཟ་ཆེན་མོའི་མིང་ནས་ཕྱུངས་། །སྟོང་ཁམས་ཀུན་ཏུ་ཁྱབ་བྱེད་མ། །སིལ་མ་སྟོང་ཚོགས་མདོས་ལ་བྱོན། །བདུད་མོ་མ་རུངས་གདུག་པ་ཅན། །ནམ་ནི་ཡེ་ཤེས་རིགས་པས་ཏེ། །མཁའ་ནི་སྐྱེ་བ་མེད་པའི་དོན། །ཡུལ་སེམས་དག་པའི་གླུད་འདི་བཞེས། །གསང་བའི་དམ་རྫས་འདི་བཞེས་ལ། །མ་རུངས་ནད་རྣམས་ཞི་བར་གྱིས། །ཅེས་རིམ་པར་དེ་ལྟར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་ལ་བསྔོ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། ཐེའུ་རང་སྟོང་རྩ་གཅིག་བཅོས་པ་ནི། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མའི་གདན་སྟེངས་སུ། །འབྲུ་སྣ་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིགས། ཁ་དོག་འདྲ་བའི་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བའི་དར་གྱིས་བརྒྱན་པར་བྱ། །དེ་ལ་རིམ་པར་བསག་པར་བྱ། །བཤོས་བུ་སྟོང་དང་རྩ་གཅིག་ལ། །མདའ་ཁྲ་སྟོང་དང་རྩ་གཅིག་བཙུགས་ཤར་དུའོ། །ངར་མི་སྟོང་དང་རྩ་གཅིག་ལ། ནམ་མཁའ་སྟོང་དང་རྩ་གཅིག་བཙུགས་ལྷོ་རུའོ། །བྱ་སྟོར་རྩ་གཅིག་ལ་ཕོད་ཀྱིས་བཙུགས་པ་ནུབ། བྱང་བཤོས་སྟོང་རྩ་གཅིག་ལ་འགོངས་ཐུམ་པ་སྟོང་རྩ་གཅིག་བྱང་དུའོ། །རྟ་ཐོད་ལ་མཁར་སྟོང་བྲིས་པ་ཤར་དུའོ། །དྲེལ་ཐོད་ལ་མཁར་བརྒྱ་བྲིས་པ་ལྷོ་རུའོ། །རྟོལ་ཐོད་ལ་མཁར་སྟོང་རྩ་གཅིག་བྲིས་པ་ནུབ་ཏུའོ། །བོང་ཐོད་ལ་མཁར་སྟོང་རྩ་གཅིག་བྲིས་པ་བྱང་དུའོ། །དེ་ལྟར་བྲིས་པ་དང་། གཟུགས་བརྙན་རྟ་དགུ། གླང་དགུ། ལུག་དགུ ངར་མི་དགུ་ཤ་ཁྲག་དང་། གཟུགས་བརྙན་མང་པོ་རིན་པོ་ཆེ་སྣ་ལྔའོ། །བསོ་ཤས་ཕུད་དང་འབྲུ་གཅལ་དང་། དར་གྱི་ཡོལ་བ་དང་བཅས་པར་བྱ། དེ་ལྟར་བསགས་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་བཅོས་པའི་རྫས་གསག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཧུ༷། སྲིད་པའི་རྒྱུག་འགྲོ་མ་ལུས་པ། །ཐེ་བྲང་སྟོང་ཚོགས་མ་ལུས་པ། །སྟོང་ཁམས་རྒྱུག་ཅིང་ཚེ་སྲོག་ཉམས། ཁྱབ་བྱ་སྟོང་ཚོགས་མདོས་ལ་བྱོན། །སྲིད་པའི་ཐེའུ་རང་སྟོང་གི་རྗེ། །ལ་ལ་བྱང་ཆུབ་སེམས་དཔའ་ཡི། །རིགས་ཏེ་ས་ལ་གནས་པའི་ཚུལ། །ལ་ལ་བརྒྱ་བྱིན་ལྷའི་སྡེ་དཔོན་སྲིད་པའི་འཛིན་བྱེད། །ལ་ལ་ཞེ་སྡང་བདུད་ཀྱི་སྡེ་སྟེ་བདུད་སྤྱོད་ལས་རྣམས་བྱེད། །ལ་ལ་ང་རྒྱལ་བཙན་གྱི་སྡེ་སྟེ་གཟེར་བའི་ནད་རྣམས་གཏོང་། །ལ་ལ་དཀོར་བདག་རྒྱལ་པོའི་སྡེ་སྟེ་སྲོག་གི་བདག་པོ་བྱེད། །ལ་ལ་བདུད་མོ་མ་ཡམས་བུ་སྟེ་ནད་ཡམས་མ་རུངས་གཏོང་། །ལ་ལ་ཐེ་བྲང་སྟོང་ཚོགས་སྡེ་སྟེ་བང་ཆེན་པ། །ལ་ལ་སྡེ་བརྒྱད་ཆོ་འཕྲུལ་བུ་སྟེ་དྲག་པོའི་ཐོག་སེར་འབེབས། །ལ་ལ་གནོད་སྤྱིན་བུ་སྟེ་ཤ་དང་ཁྲག་ལ་དགའ། །ལ་ལ་ས་བདག་གདུག་པའི་བུ་སྟེ་ནད་གདུག་མ་རུངས་གཏོང་། །ལ་ལ་གདུག་པ་ཀླུ་ཡི་བུ་སྟེ་མཛེ་ནད་ངན་གྲུམ་འོན་དིག་སྐྲངས་འབུར་གཏོང་། །ཐེ་བྲང་སྟོང་ཚོགས་མ་རུངས་པ། །སྲིད་པ་ཡོངས་ལ་ཁྱབ་བྱེད་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཐེ་བྲང་གདུག་པ་མ་རུངས་པ། །རྒྱུ་ནི་བྱང་ཆུབ་སེམས་སྡེ་སྟེ། །ས་ལ་གནས་ཤིང་གནོད་མི་བྱེད། ཁྱེད་ལ་ཞེ་སྡང་མི་མངའ་ཡང་། འཁོར་སྟེ་ཐེ་བྲང་གདུག་པ་ཞི་ཕྱིར་མདོས་ལ་བྱོན། །ཐེ་བྲང་གདུག་པ་མ་རུངས་པ། །བརྒྱ་ནི་བརྒྱ་བྱིན་ལྷ་ཡི་སྡེ། །སྲིད་པའི་ནོར་གྱི་མཛོད་འཛིན་བྱེད། །སྐུ་ལུས་མཛེས་པའི་འོད་འབར་བ། །རིན་ཆེན་རྒྱན་ནི་མཛེས་པར་བརྒྱན། །ལོངས་སྤྱོད་ཆེ་ལ་འཁོར་ཚོགས་ལྡན། །བརྒྱ་བྱིན་འཁོར་བཅས་མདོས་ལ་བྱོན། །བརྒྱ་ནི་ཞེ་སྡང་བདུད་ཀྱི་བུ། །མཐིང་ནག་རལ་ཅན་བདུད་གཅོད་བྱེད། །གསད་པའི་ལས་ལ་རབ་ཏུ་བརྩོན། །ལ་ལ་དོམ་བུ་ནག་གུ་ཆིབས་ནས་རྒྱུག །ལ་ལ་སྟག་མོ་རི་བཀྲ་ཆིབས། །ལ་ལ་བྱ་ནག་སྒྱུང་ཁ་ཆིབས། །ལ་ལ་རྟ་ནག་རྟིང་དཀར་ཆིབས། །ལ་ལ་རྔམ་པ་མ་རུངས་པ། །ལ་ལ་ཁྲ་ཆེན་དང་དམར་ཆིབས། །ལ་ལ་གཟིག་ཆེན་ཐིག་ལེ་ཆིབས། །ལ་ལ་པགས་རློན་གྱོན་པ་སྟེ། །ལ་ལ་གྲི་དང་སྟར་ཆེན་སོག་ལེ་ཐོགས། །ལ་ལ་རྔམས་ཤིང་ཁྲག་ལ་དང་། །སྲིད་པ་ཡོངས་སུ་རྒྱུག་བྱེད་ཅིང་། །བདུད་གཅོད་ལས་ལ་རབ་ཏུ་བརྩོན། །སྲིད་པའི་ཐེ་བྲང་མ་ལུས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །བརྒྱ་ནི་ང་རྒྱལ་བཙན་གྱི་བུ། །དམར་སེར་རལ་པ་གཏིབས་པ་སྟེ། །ལ་ལ་བྱ་ཆེན་དམར་ལ་ཆིབས། །ལ་ལ་འུག་པ་སུ་མྲ ལ་ལ་འཕར་སྤྱང་གདུག་པ། ཟ་འོག་དམར་པོ་ལུས་ལ་བདོན། །ལག་ན་ཟངས་གྲི་སོ་ལེ་བསྣམས། །སྲིད་པའི་ཤ་ལ་འདྲེ་རྒྱང་རྩེ། །ཤ་ལ་དད་ཅིང་ཁྲག་ལ་རྔམ། །མ་རུང་གདུག་པ་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །རྒྱལ་འགོང་ཁྲ་བོ་བརྒྱ་བྱུང་སྟེ། །རྒྱལ་འགོང་མ་ལུས་གདུག་པའི་ཚོགས། །ལ་ལ་རྟེ་རིད་ག་པ་ཆིབས་ནས་རྒྱུག །ལ་ལ་ཕུད་བྱ་གཞད་མོ་ཆིབས་ནས་རྒྱུག །ལ་ལ་རྒྱ་བྱ་དེ་ཕོ་ཆིབས་ནས་རྒྱུག །རྒྱལ་འགོང་གདུག་པ་མ་རུངས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །བརྒྱ་ནི་བདུད་མོ་མ་ཡམས་ཏེ། །གདུག་པའི་ལུས་ལ་ནད་གཏོང་མ། །བརྒྱ་ནི་གདུག་པ་ཀླུ་ཡི་ཚོགས། །རྔམ་པ་མི་སྡུག་ལུས་པོ་ལ། །འབྲུམ་བུ་དག་གི་ཆ་ག་ཅན། ཁ་ནས་ནད་ཀྱི་རླང་བ་འཕུར། །སྣ་ནས་སྡོམ་དང་སྡིག་པ་འཐོར། ཁྱེད་ནི་ས་བདག་ཀླུ་ཚོགས་ཏེ། །མ་རུངས་གདུག་པ་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པ་ཡོངས་ཀྱི་བདག་པོ་ཡིན། །སྲིད་པའི་ཐེ་བྲང་སྤུན་དགུ་བྱུང་། །སྐུ་ནི་མཛེས་པའི་འོད་འབར་ལ། །གནམ་ལ་གནས་པའི་སྤྱན་དགུ་བྱུང་། །གནམ་གྱི་དཀར་པོ་འོད་ཆེན་དང་། །གནམ་ཐེ་དཀར་པོ་དང་། །གནམ་ལྷ་བྱང་ཆུབ་གསུམ་དུ་བྱུང་། །དར་ཀར་རལ་ཀ་རེ་རེ་ལ། །ཟ་འོག་དཀར་ཁྲའི་ཆ་ག་ཅན། ཁོརྐོལ་གྱི་ཟངས་གྲི་སྐེད་ལ་བཙུགས། །བ་དན་རྒྱལ་མཚན་རེ་རེ་བསྣམས། །སྲིད་པ་ཡོངས་ལ་དབང་དུ་བྱེད། །བཞུགས་པ་ནི་གནམ་ལ་བཞུགས། །རྒྱུ་ནི་འཛམ་གླིང་ཁྱབ་པར་རྒྱུ། །ཕོ་བརྒྱའི་སྲོག་ཀྱང་གཅོད་པར་བྱེད། །མོ་བརྒྱའི་སྲིད་ཀྱང་འཕྲོག་པར་བྱེད། །བྱིས་པ་ཆུང་བརྒྱའི་ངུར་ཀྱང་འདེབས། །ཐེའུ་རང་འཁོར་དང་བཅས་པ་ཡང་། །དེ་རིང་སྲིད་པའི་མདོས་ལ་བྱོན། །བར་ན་གནས་པ་སྐྲུན་གསུམ་བྱུང་། །ཏི་སེ་ལ་གེ་བ་གེ་གསུམ། །ཀླུ་ལ་དྲི་སེ་དཀར་ཁྲ་དང་། །བ་ཏི་ནག་པོ་དང་། ཁྲི་ཅིག་ནག་པོ་རི་ལྡེ་གསོལ། །ལག་ན་ལྡེ་ཚོན་དཀར་པོ་རེ་རེ་བསྣམས། །བཞུགས་པ་བར་སྣང་ཁམས་ལ་བཞུགས། །རྒྱུ་བ་འཛམ་བུ་ཁྱབ་པར་རྒྱུ། །ཚེ་ལེན་དབུགས་ལེན་བདག་པོ་ལགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་ལ་གནས་པ་སྤུན་གསུམ་བྱུང་། །ཐེ་སེ་ཀུན་དགེ་མཆུ་རིངས་གསུམ། །ཟློ་སྐྱ་མཁར་སྐྱ་སྡེ་རྒྱལ་འཛིན། །གླེ་ཁྲའི་གོས་ནི་རེ་རེ་གྱོན། །གསད་པའི་ལས་ལ་རབ་ཏུ་བརྩོན། །དཀར་གྱི་ཐོག་ལ་ཉབ། སྒྱུར་གྱི་དྲུངས་ལ་འཇིབ། གྲོང་ཁ་ནི་ཁྱབ་པར་ཉུལ། མི་ལ་ནི་ནད་ཏུ་གཏོང་། ཕྱུགས་ལ་ནི་སོད་དུ་བྱེད། ས་ལ་གནས་པའི་སྤུན་གསུམ་ཡང་། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཐེ་བྲང་གདུག་པ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །སྤྱི་རིངས་དང་ནི་ལན་ཏོ་རེ། །མང་པོ་ཚེ་ཏེ་རེ་རེ། ཁྲམ་དོ་རེ་དང་མ་རུངས་པ། །བཙན་ཏོ་རེ་དང་ཡུལ་ཏོ་རེ། ཁྱེད་ནི་ཐེ་བྲང་གདུག་པ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །ཆས་ནི་རིན་ཆེན་སྣ་ལྔའི་ཆས། །གདུག་པ་མ་རུངས་འཁོར་དང་བཅས། །སྲིད་པ་ཡོངས་ལ་དབང་དུ་བྱེད། །གདུག་ཚོགས་ནད་ཀྱི་བདག་པོ་ཀུན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཐེ་བྲང་གདུག་པ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །སྤྱི་རིངས་དང་ནི་ལན་ཏོ་རེ། །ཡང་ལེ་ཤོད་ཀྱི་སྐྱེས་ཅིག་པོ། །གདུག་པའི་ཐེ་བྲང་མ་ལུས་པ། །སྲིད་པའི་མདོས་ལ་མ་ཐོགས་མྱུར་དུ་ཤོག ཁྲར་ཕྱོགས་དེ་ནི་ཕ་གི་ན། །བྱང་ཤར་བསེ་མཁར་སྒོ་གཅིག་ན། །ཐེ་བྲང་རྒྱལ་པོ་མ་རུངས་པ། །ཕ་ནི་ཚངས་པ་སྟག་གདོང་ཡིན། །མ་ནི་སྲིད་ལྡེག་མ་མོ་ཡིན། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །བུ་ནི་ཚགས་ཆེན་སྟག་ཆས་ཅན། །ལྷ་ཡི་ཡུལ་དུ་ཕྱིན་པ་ལས། །ལྷ་ཡི་བུ་མོ་ཆུང་མར་བྱིན། །ལོངས་སྤྱོད་བསམ་ཡས་དེ་ན་ཡོད། །ལྷ་ཡི་ནོར་བུ་བརྐུས་ནས་བྲོས། །ཕྱག་ན་རྡོ་རྗེ་ཐུགས་ཁྲོས་ནས། །ལྕགས་ཀྱི་གའུར་བསྣོལ་ཏེ་བཞག ཚངས་འགོང་ཁྱོད་ཀྱི་མཆིད་ན་རེ། །བདག་ནི་མ་བརྡུང་མ་བསད་ཅིག །བདག་ནི་སངས་རྒྱས་བསྟན་པ་བསྲུངས། །བདག་ལ་ཡུལ་གཅིག་བྲི། བདག་ལ་ཟས་གཅིག་བསྐོས། སྟོན་པས་ཡུལ་དང་ཟས་བསྐོས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པའི་མདོས་བདག་ཆེན་པོ་སྟེ། །ལྕགས་ཀྱི་མི་རང་སྔན་པོ་བདུན། །མཁར་བ་ལྕགས་ལ་གྲོང་ཁ་ཁྱབ། །ཕུང་འགོང་གདུག་པ་མདོས་ལ་བྱོན། །ཟངས་ཀྱི་མིང་རང་དམར་པོ་བརྒྱད། །བསེ་ཡི་སྦ་བ་གུར་ཙམ་རེ་རེ་སྐྱེ། །བྱུར་འགོང་སྤུན་བརྒྱད་མདོས་ལ་བྱོན། །མི་རང་ནི་སེར་པོ་ལྔ། སྒྱེ་སེར་ནི་བློ་ལ་བཏགས། འཁར་སེན་ནི་ལག་ཏུ་ཐོགས། ར་ལྤགས་ནི་གོས་སུ་གྱོན། །བྱུར་འགོང་ཕུང་འགོང་སྤུན་ལྔ་ཡང་། །དེ་རིང་སྲིད་པའི་མདོས་ལ་བྱོན། །གདུག་ཚོགས་ནི་མ་རུངས་པ། སྲིད་པ་ཡོངས་ལ་དབང་བྱེད་པ། །ཐེ་བྲང་སྟོང་ཚོགས་མ་རུངས་བྱེད། །ལས་སུ་གསོད་དང་གཅོད་ལ་དགའ། །སྟོང་གསུམ་རྒྱུག་ཅིང་སྟོང་གསུམ་དུ། འགྲོ་ཅིང་འབྱུང་པོའི་རིམས་སུ་གཏོང་། །མ་རུངས་གདུག་པ་མདོས་ལ་བྱོན། །ཅེས་སྤྱན་དྲངས་ལ་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་གི་མདོས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། ཧུ༷། ཐེ་བྲང་ནི་གདུག་མཆོད་ཕྱིར། གཞི་མ་གཙང་དཀར་གཞི། འབྲུ་སྣ་ནི་གཅལ་དུ་བཀྲམ། རིན་ཆེན་ནི་རི་རབ་དང་། མི་འགྱུར་ནི་དཔག་བསམ་ཤིང་། གུར་ཆེན་ནི་རིན་ཆེན་གུར། དུང་གི་ནི་སྐས་དང་ལྡན། །གཟུགས་ནི་མང་པོས་བསྐོར། །སྲོག་ཆགས་ནི་ཀུན་རྫོགས་སོ། །གདུག་པ་ནི་མ་རུངས་འཁོར། །དར་དཀར་ནི་ཡོལ་དུ་བྲེས། །ཤ་སྣ་ནི་གཏོར་དུ་བཅས། ཕུད་དང་ནི་རིན་ཆེན་ཆས། མདའ་དང་ནི་ནམ་མཁར་ལྡན། རིན་ཆེན་སྣ་ལྔར་བཅས། དར་དང་ཟབ་ཆེན་དང་། དགོས་པ་ནི་ཀུན་བསོག་ན། ཐེ་བྲང་ནི་བདུད་ཚོགས་མཆོད། གདུག་པ་ནི་ཐེ་བྲང་སྟོང་ཚོགས་དང་། མ་ཐོགས་ནི་གླུད་འདི་བཞེས། ས་ལ་ནི་གནས་པ་སྟེ། བྱང་ཆུབ་སེམས་དཔའི་འཁོར། སྲིད་པའི་མདོས་འདི་བཞེས། བརྒྱ་བྱིན་ནི་ནོར་བདག་ཀྱང་།སྲིད་པའི་མདོས་འདི་བཞེས། ཞེ་སྡང་ནི་བདུད་ཀྱི་བུ། བདུད་གཅོད་ནི་མིང་ནས་ཕྱུང་། སྲིད་པའི་མདོས་འདི་བཞེས། གདུག་པ་ནི་བདུད་གཅོད་ཀྱང་། སྲིད་པའི་ཡོངས་ལ་དབང་དུ་བྱེད། ང་རྒྱལ་ནི་བཙན་གྱི་བུ།དཀོར་བདག་ནི་རྒྱལ་པོའི་བུ། བདུད་མོ་ནི་མ་ཡམས་བུ། ས་བདག་ནི་ཀླུ་ཡི་བུ། གདུག་པའི་ཚོགས་བཅས་ཀུན། སྲིད་པའི་མདོས་འདི་བཞེས། གདུག་པ་མ་རུངས་འཁོར་དང་བཅས། །སྲིད་པའི་ས་ལ་དབང་སྒྱུར་བྱེད། །སྲིད་པའི་བདག་པོ་མ་རུངས་རྣམས། །སྒྲོལ་བྱེད་རྔམ་པའི་གདུག་པ་ཅན། །མ་ལུས་འཁོར་བཅས་མདོས་བཞེས་ལ། །གནམ་ལ་གནས་པའི་སྤུན་གནས་ཏེ། །གདུག་བྱེད་སྲིད་པའི་འོད་ཞོན་པ། །དཀར་པོ་སྤུན་གསུམ་མིང་ནས་ཕྱུངས། །སྲིད་པ་བར་གྱི་རྒྱུག་བྱེད་པ། ཁྲ་བོ་སྐྲུན་གསུམ་རྒྱུག་བྱེད་པ། །ཡ་འགྲིམ་་ཁྱབ་བྱེད་མ་ལུས་པ། །ནག་པོ་སྤུན་གསུམ་རྒྱུག་བྱེད་པ། །སྲིད་པའི་བདུད་པོ་མ་རུངས་པ། །སྤུན་དགུ་སྲིད་པའི་མདོས་བཞེས་ལ། །གདུག་རྩུབ་ནད་རྣམས་ཞི་བར་གྱིས། །ལན་ཏོ་རེ་དང་བསེ་ཏོ་རེ། ཁྲི་ཏོ་རེ་དག་བཅས་པ་རྣམས། །བཙན་ཏོ་རེ་དང་ཡུལ་ཏོ་རེ། །གདུག་པའི་བཙན་སྟོང་འཁོར་དང་བཅས། །མདོས་བཞེས་གདུག་པ་ཞི་བར་གྱིས། །སྲིད་པའི་ཐེ་བྲང་མ་རུངས་འཁོར། །མི་ཟད་ཁ་འགྲིམ་ལེགས་ཉེས་ལྟ། །སྐྱེ་ཏོ་རེ་ཡི་མིང་ནས་ཕྱུང་། །ཕུང་བྱེད་གྲོང་གི་ཁ་འགྲིམས་མ། །ཕུང་འགོ་སྤུན་ལྔའི་ཁ་འགྲིམས་མ། ཁམས་གསུམ་འགྲིམས་ཞིང་ཚེ་ལེན་པ། །དཀར་པོ་མིག་གཅིག་ཚེ་ལེན་པ། །མ་རུངས་གདུག་པ་ཞི་བའི་ཕྱིར། །དེ་རིང་སྲིད་པའི་མདོས་ལ་བྱོན། །མ་རུགས་སྨྱོ་འབོགས་ནད་ཀྱི་བདག །སྲིད་པའི་ཐེ་བྲང་མ་ཡིན་ནམ། །སྦ་བཅན་ལ་མཁར་བ་ཅན། ཕུང་འགོང་སྤུན་ཚོགས་ཞེས་གྲགས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྟོང་གསུམ་ཁྱབ་བྱེད་མིག་ནས་ཕྱུགས། །ཐེ་བྲང་སྟོང་ཚོགས་མ་རུངས་པ། །སྲིད་པ་ཁྱབ་བྱེད་འཁོར་དང་བཅས། །མདོས་བཞེས་གདུག་པ་ཞི་བར་གྱིས། །དེ་ལྷར་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་བསྔོ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ས་བདག་ཅེས་པར་བྱ་བ་ན། །ས་བདག་གདུག་པ་མ་རུངས་པའི། །ནད་ནི་གཏོང་བར་བྱེད་པ་སྟེ། །ཞ་གྲུམ་འོན་དིག་སྐྲངས་འབུར་དང་། །རྫིངས་དང་མཛེ་ནད་གཡན་པ་དང་། །གྲུམ་བུ་དང་ནི་གླང་ཤུ་དང་། ཤ་སྐམ་ཁྲག་འགྱུར་རུས་གྲུམ་དང་། །སྐྲུ་ཆད་མ་རུངས་གཏོང་བ་སྟེ། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་དེར་འདུག་ནས་ནི། །གཙང་མ་དར་གྱི་གཞི་སྟེངས་སུ། །འབྲུ་སྣ་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིག ཁ་དོག་འདྲ་བའི་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བ་དར་གྱིས་བརྒྱན་པའོ། །དེ་ལ་སྦྲུལ་ནི་རིགས་བཞི་གཟུགས། །རི་རབ་མཁའ་ལ་ཕྱོགས་བཞིའི་མགོ་འཇུག་རྣམས། །ནམ་མཁའ་རིགས་མཐུན་དགུ་ཡང་གཟུགས། །ངར་མི་དགུ་དང་བྱ་དགུ་སྟེ། །འབྲང་རྒྱས་དགུ་དང་འཕང་དགུ་ཡིན། །བཤོང་བུ་དེ་བཞིན་འདྲ་བ་ལ། །མདའ་མོ་ཉ་མིག་རེ་རེ་གཟུགས། །དེ་ལ་གསང་བའི་རྫས་ཀྱང་བསོགས། །སྨན་སྣ་འབྲུ་སྣ་མེ་ཏོག་སྔོས། །དཀར་གཏོར་དང་ནི་མཛེས་པས་བསྐོར། །གཞན་ཡང་ལོ་ཆེན་བཅུ་གཉིས་གཟུགས། ཁྲར་དུ་སྟག་ཡོས་ལྷོ་རྟ་སྦྲུལ། །ནུབ་ཏུ་བྱ་སྤྲེའུ་བྱང་བྱི་ཕག ཁྲར་ལྷོར་འབྲུག་ལ་ལྷོ་ནུབ་ལུག །ནུབ་བྱང་ཁྱི་ལ་བྱང་ཤར་གླང་། །ར་ཤ་ཁྱི་ཤ་ཕག་ཤ་བསག །དེ་ལྟར་བསག་གོ །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་གི་རྫས་བསགས་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།ཧུ༷། ས་བདག་གདུག་པ་གཉན་གྱི་བུ། །ཀླུ་གཉན་མ་རུངས་གདུག་པ་ཅན། །གདུག་བྱེད་གདུག་པ་ནད་ཀྱི་བདག །ནད་བདག་མ་རུངས་སྲིད་པའི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པ་ཡོངས་ལ་དབང་བྱེད་པ། །འབྱུང་བ་ལྔ་ལ་གནས་པ་སྟེ། །ལ་ལ་འབྱུང་བ་ནམ་མཁར་གནས། །ལ་ལ་འབྱུང་བ་ས་ལ་གནས། །ལ་ལ་འབྱུང་བ་ཆུ་ལ་གནས། །ཤིང་དང་རྡོ་ལ་གནས་པ་དང་། །ས་བདག་གདུག་པ་མ་རུངས་པ། །གསེར་པ་རིམ་དགུ་ལ་ནི། །ས་བདག་སྲིད་པ་སྤུན་དགུ་གནས། །ས་བདག་གདུག་པ་མ་རུངས་པ། །སྲིད་པའི་ས་བདག་གཉན་པོ་ཀུན། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྟེང་ན་བྱ་ཁྱུང་གཤོག་རྡེབ་དང་། །རིམ་དགུ་དུར་ཕག་འཁུན་པ་དང་། །ཕྱོགས་མཚམས་ཀུན་ནས་གཡོ་བ་དང་། །བར་ན་འདྲེ་ལྔ་མཆིད་འཚལ་དང་། །ས་བདག་གདུག་པ་མ་རུངས་པ། །གདུག་པ་མ་རུངས་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་གདུག་པ་མ་རུངས་སོ། །དབུས་ལ་མངའ་མཛད་གཙང་གཙང་དང་། །རིན་ཆེན་གསེར་ལ་མངའ་མཛད་བརྟན་མ་ཡིན། །གཙང་གཙང་ནི་འཁོར་བ་སྟེ། ས་བདག་ནི་གཉན་གྱི་བུ། མཛེས་ཁྲིལ་ནི་གདུག་པ་ཅན། ས་བདག་ནི་འཁོར་དང་བས། གཙང་གཙང་ནི་གདུག་པ་ཅན། གནས་ནི་དབུས་ཀྱི་ས་ལ་གནས། །རྒྱུ་ནི་ཕྱོགས་བཞི་དག་ལ་རྒྱུ། །དེ་ལ་གདུག་པའི་ནད་བདག་སྟེ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་གདུག་པ་མ་རུངས་པ། །ས་ཡི་ལྷ་མོ་བརྟན་མ་སྟེ། །རིན་ཆེན་གསེར་གྱི་ས་ལ་མངའ་མཛད་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །ས་ཡི་དབང་དེ་སངས་རྒྱས་བཀའ། །གསེར་གྱི་ཕག་མོ་འོད་འབར་མ། །འཁོར་ནི་གདུག་པ་མང་པོ་ཡང་། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པའི་ས་བདག་མ་རུངས་པ། །ས་བདག་གཙང་ཀུན་གདུག་པ་ཅན། །གདུག་པ་ཆེ་ལ་ཀོ་ལོང་སྡོམ། །གཟུགས་སྡུག་པ་ལ་སྤྲུལ་པ་མང་། །མ་རུངས་གདུག་པའི་འཁོར་ཚོགས་ཀྱང་། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་བེ་སྣ་བྱ་བ་དེ། །མ་རུངས་གདུག་པ་གྱ་ནོམ་གཟུགས། །དུད་འགྲོའི་གཟུགས་ཅན་མང་པོས་བསྐོར། །གདུག་པ་ནད་ཀྱི་བདག་པོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་ལག་ཆེན་སྤྲུལ་པ་ཆེ། །མཛེས་པའི་རྒྱན་ལ་གདུག་པ་ཆེ། ཁྲོས་ན་ནད་རྣམས་གཏོང་བར་བྱེད། །མ་རུངས་གདུག་པ་མདོག་མི་སྡུག །ས་བདག་ཧོང་པཎ་ཐེ་སེ་སྟེ། །གདུག་པ་ཅན་ལ་མ་རུངས་པ། །མཛ་གྲུམ་འོན་དིག་ཞ་གྲུམ་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་ཆེན་པོ་གདུག་པ་ཅན། ཁྲར་གྱི་སྤོ་ལ་གནས་པ་ཡིན། །ས་བདག་མི་ལུས་སྟག་སྐྱའི་མགོ །ཤིང་ལོ་དཀར་ཁྲ་གོས་སུ་གྱོན། །གདུག་པའི་ལག་ན་ཤིང་རིངས་རྒྱལ་མཚན་བསྣམས། །ས་བདག་གདུག་པ་མ་རུངས་པ། །འབྱུང་བ་ཤིང་ལ་མངའ་ཡང་མཛད། །ལྷོ་ཡི་སྤོ་ལ་གནས་པ་ནི། །མི་ཡི་ལུས་ལ་རྟ་ཡི་མགོ །གདུག་པ་མ་རུངས་སྲིད་པའི་བདག ་༑་ཕོ་སེར་ཁྲའི་གོན་སུ་གྱོན། །གདུག་པ་མ་རུངས་ནད་ཀྱི་བདག །ནུབ་ཀྱི་སྤོ་ལ་གནས་པ་ནི། །མི་ལུས་ཕག་གི་མགོ་བོ་ཅན། ་༑ང་ལོ་དམར་ཁྲིའི་གོས་སུ་གྱོན། །བྱང་གི་སྤོ་ལ་གནས་པ་ནི། །ས་བདག་མི་ལུས་བྱི་བའི་མགོ ་རྐོང་ལོ་ལྗང་ཁུ་གོས་སུ་གྱོན། །ས་བདག་གདུག་པ་མ་རུངས་པ། །དབུས་ཀྱི་སྤོ་ལ་གནས་པ་ནི། །རུས་སྦལ་ཁྲ་བོ་ག་པའི་ཚུལ། ་རྐོང་ལོ་སྨུག་པོ་གོས་སུ་གྱོན། །གདུག་པ་མ་རུངས་ནད་ཀྱི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་གདུག་པ་མ་རུངས་པ། །ལ་ལ་དུད་འགྲོ་ནག་ཆགས་གཟུགས། །ལ་ལ་དམར་དང་ཟལ་གྱི་གཟུགས། །ས་བདག་གདུག་པ་མ་རུངས་པ། །ལ་ལ་གྱ་ནོམ་མ་རུངས་གཟུགས། །ལ་ལ་གདུག་པ་སྦྲུལ་གྱི་གཟུགས། །ལ་ལ་ཉ་སྦལ་ལྗོང་མོའི་གཟུགས། །ལ་ལ་སྡོམ་སྡིག་རྩང་པའི་གཟུགས། །ལ་ལ་འབུ་སྲིན་གྲོག་སྦུར་གཟུགས། །ལ་ལ་གྱ་ནོམ་སྤྲུལ་པ་ཆེ། །གདུག་ཚོགས་མ་ལུས་མདོས་ལ་བྱོན། །ས་བདག་གདུག་པ་མ་རུངས་པ། །ཕ་ནི་ཕྲི་པ་ཏ་ཡིན་ཏེ། །མ་ནི་འབྱུང་བ་ལྕགས་མིག་མ། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས མིང་པོ་ས་བདག་ཁྲ་བོ་སྐྲུན་དགུ་བྱུང་། །སྲིང་མོ་ས་བདག་ཁྲ་མོ་སྤུན་དགུ་བྱུང་། །ཕྱོགས་བཞི་དབུས་ལ་དབང་ཡང་བསྒྱུར། །ནད་རིགས་བཞི་ཡང་གཏོང་བར་བྱེད། །སྲིང་མོ་ཁྲ་མོ་སྤུན་དགུ་བྱུང་། །ངམས་དང་འོབས་དང་ཁྲོན་པ་དང་། །ངམ་གྲོག་ཟམ་རྡུར་ཤང་ཤོང་དང་། ཁེང་གཅིག་དང་ནི་ལུ་མ་གནས། །ས་བདག་གདུག་པ་ར།་རུངས་པ། ཁྲོ་མོའི་ལུས་ལ་ཉ་སྦལ་ཐུལ་པ་ཅན། །ལ་ལ་སྡོམ་སྡིག་སྣ་ནས་འབྲུལ། །ས་བདག་གདུག་པ་མ་རུངས་ཁྱེད། །ལག་ན་ཐོད་པའི་འཕྲེང་བ་དང་། །ལ་ལ་སྦྲུལ་ནག་ཞགས་པ་བསྣམས། །ཉ་དག་དག་གིས་བརྒྱན་པའོ། །གདུག་པའ་ས་བདག་འཁོར་ཚོགས་རྣམས། །ཞེ་སྡང་བརྟུལ་ལས་མདོས་ལ་བྱོན། །ས་བདག་གདུག་པ་མ་རུངས་པ། །ས་སྐམ་དག་ལ་གནས་པ་སྟེ། །མི་སྡུག་གཟུགས་ལ་རྩང་པའི་ཁ། །ནད་དུ་མཛེ་དང་གྲུམ་བུ་དང་། ཁྲ་སྐམ་གཞོགས་གཡོན་རྫིངས་པ་གཏོང་། །གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ས་བདག་གཉན་པོ་མ་རུངས་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་གཉན་ཚོགས་སྤྲུལ་པ་ཆེ། །ལ་ལ་ནད་གཏོང་ཤིང་ལ་གནས། །ལ་ལ་ནད་གཏོང་རྡོ་ལ་གནས། །ལ་ལ་ནད་གཏོང་སྐ་དང་རྫིང་དང་ལྟེང་ཀར་གནས། །ལ་ལ་དྲུང་གཅིག་ཤིང་ལ་གནས། །ས་བདག་གདུག་པ་འདམ་ལ་གནས། །ས་བདག་ས་སྲིན་མ་རུངས་པ། །ས་བདག་ས་ལ་གནས་པའི་འཁོར། །རྡོ་ལ་གནས་པའི་རྡོ་བདག་འཁོར། །ས་བདག་སྟོང་ཚོགས་མ་ལུས་པ། །འབྱུང་བའི་བདག་པོ་ད་ཚུར་བྱོན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་སྟོང་སྡེ་མང་པོ་ཡང་། །འབྱུང་བ་དག་ལ་དབང་སྒྱུར་ཏེ། །ས་བདག་དེ་ལེ་བྱ་བ་དེ། །སྐུ་མདོག་སྔོན་པོ་ཞགས་པ་ཅན། །ས་བདག་དུར་ལེན་བྱ་བ་དེ། །དཀར་སེར་བེལ་མགོ་སྤྲུལ་པ་སྟོང་། །ས་བདག་སིལ་མ་སྟོང་ཚོགས་འགྱེད། །ཕྱོགས་བཞི་མཚམས་བཞི་ནས། །ས་བདག་ལོ་ཆེན་སྲིད་མ་འགྱུར། །མཚམས་བཞི་གཤེད་བཞི་མ་སྐྱོན་ཅིག །སྟེང་ནས་བྱ་ཁྱུང་གཤོག་མ་རྡེབ། །འོག་ནས་དུར་ཕག་མ་འཁུན་ཅིག །བར་ན་འདྲེ་ལྔ་མཆིད་མ་འཚལ། །གདུག་པའི་ཚོགས་ཆེན་ནི་མདོས་བཞེས་ལ། །ཞེ་སྡང་ཁྲོལ་ལ་གཏི་མུག་སོལ། །ང་རྒྱལ་ཆིངས་ལ་འདོད་ཆགས་སྐོམས། །ཕྲག་དོག་ངན་པ་སླར་ལ་བརྟུལ། །གདུག་པའི་ཚོགས་ཆེན་ཀུན། སྲིད་པའི་མདོས་ལ་བྱོན། ས་བདག་ནི་རལ་ཆེན་དང་།སྟག་རལ་ནི་ཆེན་པོ་དང་། ས་བདག་ནི་མ་རུངས་པ། གཅེར་བུ་ཚོགས་ཆེན་དང་། འབོད་སྙན་ནི་གདུག་པ་རྣམས། སིལ་མ་ནི་སྟོང་གི་ཚོགས། འཛམ་གླིང་ས་སྟེངས་ཁྱབ་པའི་གནས། །སྲིད་པའི་ས་བདག་གདུག་པ་ཅན། །ཀླུ་དུག་ནི་གདུག་པ་ཅན། འོད་འདྲ་ནི་གཞལ་འདྲ་དང་། མི་སྡུག་ནི་གཟུགས་འཛིན་དང་། ལ་ལ་གཞོན་ནུ་མཛེས་པ་དང་། གདུག་པའི་ཀླུ་གཉན་ཀུན། སྲིད་པའི་མདོས་ལ་བྱོན། མ་རུངས་གདུག་པ་ཞི་བར་གྱིས། ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་མཆོད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །མ་རུངས་གདུག་པ་ཞི་བའི་ཕྱིར། །ས་བདག་གཉན་ཚོགས་མཆོད་པའོ།། །།ཧུ༷། ས་བདག་ནི་གཉན་མཆོད་ཕྱིར། གཙང་དར་ནི་གཞི་སྟེངས་སུ། འབྲུ་སྣ་གཅལ་དུ་བཀྲམ། རི་རབ་གླིང་དུ་བཅས། སྲོག་ཆགས་ནི་མང་པོས་བསྐོར། དཔག་བསམ་ནི་རྟེན་པའི་གནས། སྲིད་པ་ནི་ཡོངས་ཀྱི་གཞི། གཟུགས་མཛེས་ནི་སྲིད་པའི་བདག ཤ་ཁྲག་སྣ་ཚོགས་མཛེས་པ་མང་པོས་བསྐོར། འབྲུ་བཅུད་ནི་རིན་ཆེན་བཅས། རིགས་བཞི་སྦྲུལ་གྱིས་བརྒྱན། ས་བདག་ནི་གདུག་པའི་འཁོར།མ་རུངས་ནི་གདུག་ཚོགས་རྣམས། སྐུ་ཡི་མཁར་དུ་བྲིས། རྟེན་པའི་ཡུལ་ཀྱང་བྲིས། གསོ་བྱེད་ནི་སྨན་དང་བཅས། རིན་ཆེན་རྣམ་ལྔའི་ཀློང་། གདུག་ཚོགས་ནི་མཆོད་པར་བཞེས། ས་བདག་ནི་མ་རུངས་པས། ས་བདག་ནི་གཉན་གྱི་བུ། གཙང་གཙང་ནི་མདོས་འདི་བཞེས། རིན་ཆེན་དབང་སྒྱུར་བ། ལྷ་མོ་བརྟན་མ་མདོས་འདི་བཞེས། རིགས་བཞིའི་ནད་རྣམས་ཞི་བྱའི་ཕྱིར། ས་བདག་ནི་རིགས་བཞི་ཡང་། གཉན་མཆོད་ནི་མིང་ནས་ཕྱུང་། བསམ་སྦྱོར་ནི་སླར་ལ་བརྟུལ། གདུག་པ་མ་རུངས་པ། ས་བདག་ནི་ཁྲ་བོ་སྟེ། ཁྲ་བོ་སྐྲུན་དགུ་དང་། ཁྲ་མོ་སྐྲུན་དགུ་དང་། ཞ་གྲུམ་བདག་པོ་མདོས་འདི་བཞེས། །སྲིད་པའི་ས་བདག་མ་རུངས་པ། །གདུག་པའི་འཁོར་ཚོགས་མ་རུངས་པ། །ཕྱོགས་བཞིའི་སྤོ་ལ་གནས་པ་ཡང་། །སྲིད་པའི་ཡོངས་ལ་དབང་དུ་བྱེད། །སྲིད་པ་མ་རུངས་འཁོར་དང་བཅས། །ས་བདག་ས་སྟེངས་གནས་པ་སྟེ། །གཟུགས་མི་སྡུག་ལ་གྱ་ནོམ་པ། །མི་བཟང་དུད་འགྲོའི་གཟུགས་འཛིན་མ། །སྲིད་པའི་གདུག་པ་ས་བདག་འཁོར། །ཞེ་སྡང་སྦྲུལ་གྱི་གཟུགས་འཛིན་པ། །ང་རྒྱལ་རྩང་པའི་གཟུགས་འཛིན་པ། ཁ་བརྒྱད་སྡོམ་གྱི་གཟུགས་འཛིན་པ། །རྡོལ་པ་སྦལ་པའི་གཟུགས་འཛིན་པ། །བྱ་དང་ལྗོང་མོའི་གཟུགས་འཛིན་པ། །གཏི་མུག་ཕག་གི་གཟུགས་འཛིན་པ། །གྲོག་སྦུར་དག་གི་གཟུགས་འཛིན་པ། །བྱ་དམར་གླང་དམར་གཟུགས་འཛིན་པ། །མ་རུངས་གདུག་པའི་ནད་འཛིན་དང་། །སྲིད་པ་ཡོངས་ལ་དབང་བྱེད་པ། །ས་བདག་གདུག་པ་མ་རུངས་པ། །སྲིད་པ་ཡོངས་ཀྱི་ནད་བདག་ཡིན། །མ་རུངས་གདུག་པ་གཉན་ཚོགས་ཏེ། །རྒྱལ་རིགས་རྗེ་རིགས་དམངས་རིགས་གདོལ་པའི་རིགས། །ཤ་ནད་རུས་ནད་ཁྲག་ནད་ཆུ་སེར་ནད། །མ་རུངས་གདུག་པ་ནད་ཀྱི་བདག །ས་བདག་སྐོམ་དང་ས་བདག་གཏུམ་པོ་དང་། །ས་བདག་མ་རུངས་སྲིད་པའི་བདག །གདུག་པ་གཉན་ཚོགས་མ་རུངས་པ། །ས་བདག་གདུག་པ་མ་རུངས་པ། །ཆུ་མིག་སྔོ་དགུ་ནས། རིན་ཆེན་སྦལ་པ་དགུ། གདུག་པ་ནི་གཉན་ཡིན་ཏེ། ཁ་རླངས་ནི་ནད་ཀྱང་གཏོང་། །གདུག་རྩུབས་བདག་མིང་ནས་ཕྱུང་། མཐུན་པའི་མདོས་འདི་བཞེས། གདུག་པའི་ནད་རྣམས་ཞི་བར་གྱིས། དེ་ལྟར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་ལ་བསྔོ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། འཇིག་རྟེན་དུ་མ་རུངས་པའི་ནད་ཡམས་དང་། ཁྲག་སྒྱུག་དང་། སྨྱོ་བ་དང་། འབོག་པ་དང་། ལྐུག་པ་དང་། རྫིངས་པ་དང་། གཞོགས་བསྐམས་པ་དང་། ཁ་སོན་པ་དང་། མ་རུངས་པ་སྣ་ཚོགས་གཏོང་བ་ནི། བྱང་འབྲོག་གདུག་པ་ཅན་ཏེ། བྱིན་གྱིས་བཅོས་པར་བྱའོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །གྲུ་བཞི་རི་རབ་ཚུལ་བཞིན་བྱ། །དཔག་བསམ་ཤིང་དང་ནམ་མཁའི་གུར། །ཐ་མ་གཡག་རྐྱང་ཤ་བ་དང་། །གཞོན་པའི་བུད་མེད་རལ་ཅན་དགུ་ཡིས་བསྐོར། །ནམ་མཁའ་ནག་པོ་དགུ་ནི་རི་རབ་དེ་ལ་གཟུག །འབྲང་རྒྱས་ཟ་མ་ཏོག་དང་བཞི་དང་མཚལ་གྱི་ཐིག་བཏབ་ལ། །ཇོ་མོ་བྱང་སྨན་བཞི་ཡི་རྫས་སོ། །གཞན་ཡང་ཤ་རས་རྩོད་དང་འབྲི་དང་གཟུགས་མང་པོས་བསྐོར། །ཆན་དང་། གཏོར་མ་དང་།སྙིང་འཕྲེང་དང་། འཕང་ཁྲ་དང་བཅས་པའོ། །ཕུད་དང་། རིན་པོ་ཆེའི་རྫས་རྣམས་བཀྲམ་མོ། །དེ་ལྟར་བསགས་ལ་སྤྱན་དྲངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྱང་འབྲོག་གི་གསག་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།ཧུ༷། ཇོ་མོ་ནི་བྱང་སྨན་གཙ། སྨན་ཆེན་ནི་མཆེད་དེ་བཞི། གཙེ་བཞི་ནི་སྟེང་ལ་གནས། བྱང་གི་གསེར་ཐང་གཡུ་ལེ་མ། གཡུ་དང་ནི་ཆོ་ལོང་རིགས། དུང་གི་སྨན་ཅིག་མ། བྱང་ཧོ་ལེན་རྒྱལ་མོ་དང་། བྱང་སྨན་ནི་མཆེད་དེ་བཞི། སྲིད་པའི་མདོས་ལ་བྱོན། འབྲོག་མོ་གདུག་པ་མ་རུངས་པ། འབྲོག་མོ་ནི་སྲིད་པའི་བདག ནད་ཡམས་ནི་མ་རུངས་པ། སྲིད་པ་ཡོངས་ལ་དབང་བྱེད་པ། གདུག་པའི་ནད་བདག་མདོས་ལ་བྱོན། །སྲིད་པའི་བདག་མོ་གཙོ་ཆེན་མ། །ནག་པོ་རལ་ཅན་སྤྲུལ་པ་ཆེ། །འབྲོག་མོ་གདུག་པ་མ་རུངས་པ། །འབྲོག་ཡུལ་མགོན་པ་གྲོམ་པ་ན། །འབྲོག་ལྟར་ནི་ནར་མོ་ལ། ཤ་རྐྱང་ནི་ཀྲབ་སེ་ཀྲབ། འབྲོག་མཚོ་ནི་སྟེངས་སེ་སྟེངས། འབྲོག་བྱ་ནི་དིར་རི་རི། འབྲོག་ཡུལ་ནི་གདུག་པའི་གནས། འབྲོག་གནས་ནི་མ་རུངས་པ། ཐོད་མཁར་ནི་ལྡེམས་སེ་ལྡེམས། དེ་ལ་ལྕགས་ཀྱི་སྒོ་མོ་རྩལ། དེ་ཡི་ནང་ཤེད་ན། ཕ་ནི་འབྲོག་གནས་རྒྱལ་དྲད་ཡིན། །མ་ནི་ཧབ་ཤ་ཤ་ཟན་མ། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །འབྲོག་ཆེན་ནི་སྤུན་གསུམ་དང་། །འབྲོག་མོ་ནི་སྤུན་དགུ་བྱུང་། །གདུག་པའི་འབྲོག་མོ་མ་རུངས་པ། ་།་དང་ཁྲག་ལ་རབ་ཏུ་དད། །སྲིན་མོའི་གཟུགས་ཅན་རྔམ་པར་བྱུང་། །དེ་ནི་གདུག་པའི་ནད་བདག་སྟེ། །སྲིད་པ་ཡོངས་ལ་གནོད་པ་དང་། །གདུག་ལུས་རྔམ་པ་སྐྲུན་དགུ་བྱུང་། །འབྲོག་མོ་བུ་མོ་ཆེན་མོ་ནི། །ནག་མོ་རལ་ཅན་གདུག་པ་ཅན། །མཆེ་བ་རྒྱ་ཟོར་བཀུག་པ་འདྲ། །མས་ཀྱི་མཆེ་བས་སྨིན་ཁུང་བསླེབས། །ཡས་མཆེ་བྲང་གི་ལྷེན་སྣར་བསླེབས། །སྨིན་མ་ཁྲོ་ཆུ་འབྲེང་མར་འདུག །མིག་ནི་ཁྲག་མིག་དམར་པོར་བྱུང་། །གཡག་ལྤགས་རློན་པ་གོས་སུ་གྱོན། །ལག་ན་ཐོད་པ་ཁྲག་བཀང་བསྣམས། །འབྲོང་པ་རྭ་སྔོན་ཆིབས་ཤིང་རྒྱུག །སྲིད་པའི་ཚེ་ནི་རྐུ་བར་བྱེད། །སྲིད་པའི་སྲོག་ལ་སྦར་འདེབས་མ། །སྲིད་པ་ཡོངས་ཀྱི་བདག་མོ་ཡིན་པ་སྟེ། །ཚེ་ལེན་གདུག་པ་གསོད་ལ་བརྩོན། ཁྱབ་བྱེད་མ་རུངས་གདུག་པ་ཅན། །སྲིད་པ་རྒྱུག་ཅིང་ནད་འདེབས་མ། །གང་ལྟར་རྒྱུས་པའི་ས་ཕྱོགས་དེར། །ཐོག་དང་སེར་བ་འབེབས་པར་བྱེད། །སྲོག་ལ་བབ་པ་རྡུལ་དུ་རློག ཁྱེད་ནི་འབྲོག་ཆེན་གདུག་པ་མོ། །དེ་རིང་སྲིད་པའི་མདོས་ལ་བྱོན། །དེ་ཡི་ནུ་མོ་མ་རུངས་པ། །སྐུ་མདོག་སྔོན་མོ་འོད་འབར་མ། །མཆེ་བ་ཅན་ལ་རལ་པ་ཅན། །རལ་པ་གསེར་གཡུ་མཛེས་པས་བལྟམས། །སྐུ་ལ་གཡག་ལྤགས་རློན་པ་གྱོན། །ཐ་མ་གཅན་གཟན་གདུག་ཐོད་ཅན། །རལ་པ་གསེར་གཡུ་མཛེས་པས་སྤྲས། །ཕྱག་ན་ཐོད་པ་མཚན་ཞབས་ཁྲག །གདུག་པའི་ཚོགས་དང་བཅས་པ་ཀུན། སྒྱུག་པའི་གླུ་ལེན་གད་རྒྱངས་སྒྲོག །བདེན་པའི་དོན་བསྲུངས་ཉམས་པ་སྒྲོལ། །འབྲོག་མོ་ཆེན་མོ་རྒྱུག་ཙམ་ན། །རྐྱང་བུ་དོམ་བུ་ཤར་ར་ར། ཁྲ་རྐྱང་དམིགས་པ་ཁྲབས་སེ་ཁྲབས། །བྱང་སྲིན་འབྲོག་སྲིན་སིལ་ལི་ལི། །གདུག་ཚོགས་མི་བཟད་མདོས་ལ་བྱོན། དེ་ཡི་གཅུང་མོ་མ་རུངས་པ། །གདུག་པ་མོ་སྟེ་རལ་པ་ཅན། །མཐིང་ནག་འབར་བ་མཆེ་བ་གཙིགས། །གསོད་བྱེད་རྔམ་པ་མཆེ་བ་གཙིགས། །ནག་མོ་ཅིབས་སུ་རྩེས་མོ་རྡུ་ལེན་ཆིབས། །དར་གྱི་གོས་ཟུ་ནག་པོ་གསོལ། །གསེར་དང་གཡུ་ཡི་ཆ་ག་ཅན། །གདུག་པའི་ཚོགས་ཅན་མ་རུངས་པ། །སྲིད་པ་ཡོངས་སུ་རྒྱུག་བྱེད་ཅིང་། །ནག་མོ་ནད་དང་མ་རུངས་འབེབས། །དྲག་པོ་ཐོག་སེར་མདའ་མ་མཛོད། །ཡན་ལག་སྲིད་པ་མ་རུངས་པ། །གདུག་བྱེད་རྔམ་པ་སྤྲུལ་པའི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །དེ་ཡི་ནུ་བོ་མདོས་ལ་བྱོན། །མཐིང་ནག་ས་ལེ་གྲུས་ལ་ཆིབས། །རལ་པ་མཐིང་ནག་མུན་ལྟར་གཏིབས། །རལ་པའི་གསེབ་ནས་མེ་སྟག་འཕྲོ། །གདུག་བྱེད་མ་ལ་སྤྲུལ་པ་འཕྲོ། །གདུག་པ་འཁོར་བཅས་མ་རུངས་པ། །གསོད་པའི་ལས་ལ་རབ་ཏུ་བརྩོན། །འབྲོག་མོ་ཤམ་ཤམ་ཉམས་པ་སྒྲོལ། །འབྲོག་མོ་མ་རུངས་སྤྲུལ་པའི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །འབྲོག་མོ་རྔམ་པ་སྤྲུལ་པ་ཆེ། །འབྲོག་མོ་མ་རུངས་གསོད་ལ་བརྩོན། །སེར་ནག་ལུས་ལ་ཁྲོ་མིག་མ། །གཙོད་ལྤགས་རློན་པ་སྐུ་ལ་གསོལ། །གདུག་པ་མ་རུངས་སྲིད་པའི་བདག །སྲིད་པའི་ནི་མ་རུངས་མ། །སྲིད་པ་ཡོངས་ལ་དབང་བྱེད་མ། །གདུག་པའི་འབྲོག་མོ་སྤྲུལ་པ་ཆེ། །ལག་པ་པགས་པའི་གཡབ་འདོར་བ། །སྲིད་པའི་བྱིན་བྱེད་ཤ་ཁྲག་ཟ། །འདིར་བྱོན་སྲིད་པའི་མདོས་ལ་བྱོན། །སྲིད་པའི་གཙང་ཆེན་བྱེད་མོ་ཡིན། །ལུས་ནི་སེལ་བའི་སྐྱེ་འདྲ་མ། །མིག་གིས་མགོ་ལུས་མེད་པར་ཁེངས། །སྲིད་པ་ཡོངས་ལ་རྒྱུག་བྱེད་པ། ཕོ་བརྒྱའི་སྲོག་ལ་སྦར་ཐབས་བྱེད། །མོ་བརྒྱའི་སྲོག་ལ་རྐུན་མ་བྱེད། བྱིས་པའི་དུར་ཡང་འདེབས་པར་བྱེད། ཐབ་གཡག་རོག་པོ་ཞོན་ནས་རྒྱུག །གང་ལ་བབ་པ་རྡུལ་དུ་གཏང་། །མི་བཟད་འབྲོག་མོ་རལ་ཅན་རྒྱུག །ཐོད་པའི་འཕྲེང་ཅན་རྟ་ཐོགས་པ། །འཁོར་བཅས་མ་ལུས་མདོས་ལ་བྱོན། །གདུག་བྱེད་མ་རུངས་སྤྲུལ་པའི་བདག །ཆིབས་སུ་རྔ་མོ་ག་པ་ཆིབས། །གདུག་བྱེད་མ་རུངས་ནད་བདག་མོ། །རལ་པ་མུན་ནག་ཀྱིལ་ལི་ལི། །མཆེ་བ་གདུག་པ་ཏལ་ལ་ལ། །མེ་མིག་དམར་པོ་ཁྱིམས་སེ་ཁྱིམས། །སྦར་གདེངས་སྲོག་ལ་ཤད་དེ་ཤད། །ཉམས་པ་མ་ལུས་སྒྲོལ་ལ་བརྩོན། །སྲོག་དབུགས་ཀུན་གྱི་བདག་པོ་མཛད། །བྱང་སྲིན་དམར་མོ་ཕོ་ཉར་འགྱེད། །བཙན་ཆེན་འབར་བ་དཔུང་དུ་བྱེད། །སྨྱོ་འབོག་གདུག་པའི་ལས་རྣམས་གཏོང་། །གདུག་པ་མ་ལུས་ནད་ཀྱི་བདག །གདུག་པ་ཆེ་ཞིང་སྤྲུལ་པ་ཆེ། །གཡག་རོག་མཛོ་རོག་རྒྱུ་བའི་ཚུལ། །བྱ་དང་བུད་མེད་འཐབ་པར་སྟོན། །མི་ཟད་གདུག་པའི་མདོས་ལ་བྱོན། །དེ་ཡི་གཅུང་མོ་མདོས་ལ་བྱོན། །འབྲོག་མོ་རྡོ་རྗེ་དྲེལ་སྣ་མ། །འབྲོག་མོའི་ལུས་ལ་ཡང་དག་མ། །རྔམ་པའི་ཚུལ་ནི་སྲིན་མོ་སྟེ། །ནག་མོ་ཧ་ར་མིག་གཅིག་མ། །རི་འབྲི་ནག་མོའི་རལ་ཀ་མ། །ལྐུགས་མ་ལྤགས་ཀྱི་ཐོད་ཀ་ཅན། །ལྕགས་མདའ་ལྕགས་གཞུ་ཕྱག་ན་བསྣམས། །སྤྲུལ་པ་གདུག་པ་མ་རུངས་མ། །སྲིད་པ་ནི་ཡོངས་ལ་རྒྱུག །གདུག་ཚོགས་མ་ལུསལསལ་།ག །འབྲོགམོ་མ་རུངས་སྲིད་པའི་ཡུམ། །སྲིད་མོ་རྔམ་པའི་ག་་བག་ཅན། །གདུག་པའི་ཚོགས་རྣམས་འཇོམས་པར་བྱེད། །གང་ལྟར་རྒྱུ་བའི་ས་ཕྱོགས་དེར། །ནད་དང་མ་རུངས་གདུག་པའི་བདག ཁ་ནས་ཁྲག་གི་གྲུ་ཆར་འབེབས། །མིག་ནས་མེ་འབར་ལམས་སེ་ལམ། །གདུག་ཚོགས་མ་ལུས་སྤྲུལ་པའི་བདག །སྲིད་པ་ཡོངས་སུ་ནད་གཏོང་མ། །དེ་རིང་སྲིད་པའི་མདོས་ལ་བྱོན། །དེ་ཡི་ནུ་མོ་མ་རུངས་པ། །འཇོམས་བྱེད་འབར་བ་སྤྲུལ་པ་མོ། །མཐིང་ནག་རལ་པ་མདའ་ཙམ་ཤར་ར་ར། །དྲེད་ཐུལ་སྒྱུགས་ཐུལ་ཞལ་ལ་ལ། ཁྲག་ཕོར་འཁྱིལ་ཞིང་ལག་ན་འགྱེད། །རྟ་རྐྱང་འབྲི་གནག་ར་ལུག་འཕྲལ་ལ་བཅུག །སྦྲ་ནག་གུར་ནག་ལྡིར་རི་རི། །སྒྱེ་མོ་གདུག་པ་ལམས་སེ་ལམ། །འབྲོག་མོ་ལྕོག་མོ་ལྷངས་སེ་ལྷངས། །ར་རྒོད་ལུག་རྒོད་རྟ་རྒོད་འཕྲལ་ལ་བཅུག །གདུག་པའི་བྱང་སྲིན་རལ་ཅན་དཔའ་ལ་རྔམ། །ནད་སྟོང་སྲིན་མོ་ཤར་ར་ར། །མི་བཟད་ཆེན་མོ་མདོས་ལ་བྱོན། །སྲིད་པ་ཡོངས་ལ་དབང་བྱེད་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །རྗེ་མོ་བྱང་སྨན་མཆེད་བཞི་ནི། །དམ་བདག་ནད་བདག་མདོས་ལ་བྱོན། །དམ་སྲི་དབེན་བདག་ཁྲ་མོ་འཁོར། །མ་རུངས་དབེན་ལ་ཁྲ་མོའི་འཁོར། །གདུག་བྱེད་འཁོར་ཚོགས་མདོས་ལ་བྱོན། །ཅེས་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། འབྲོག་མོ་དཔོན་གཡོག་བཅོས་པ་ཏེ་ལེའུ་ཉེར་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །བྱང་འབྲོག་རིམ་པར་བསྔོ་བྱ་བ། །ཧུ༷། སྲིད་པའི་ལས་མཛད་གདུག་པ་ཅན། །བྱང་འབྲོག་མ་ལུས་མཆོད་བྱའི་ཕྱིར། །འབྲུ་སྣ་ནི་གཅལ་དུ་བཀྲམ། རི་རབ་ཆེན་པོ་བརྩིགས། དཔག་བསམ་ནི་ཤིང་བུ་ལ། མཚོན་དང་ནི་གུར་དུ་ཕུབ། སྲིད་པའི་ཟས་ནོར་བརྒྱན། གཟུགས་བརྙན་མང་པོས་བསྒོར། མཛེས་པའི་ཡས་ཀྱིས་བསྐོར། ཤ་ཁྲག་གཏོར་མ་དང་། ཕུད་དང་རིན་ཆེན་བཅས། ཧུ༷། བྱང་སྨན་ནི་མཛེས་ལྡན་མ།གསེར་གྱི་རྒྱན་དང་ལྡན། གཡུ་ཡི་ནི་འོད་དང་ལྡན། དུང་གི་ནི་མདངས་དང་ལྡན། ཧེ་ལེ་ནི་རྒྱལ་མོ་བཞི། སྨན་ཆེན་ནི་མིང་ནས་ཕྱུང་། མདོས་བདག་ནི་མདོས་བཞེས། ཧུ༷། འབྲོག་ཆེན་ནི་མ་རུངས་མ། གདུག་པ་ནི་མ་རུངས་མ། གདུག་པ་ནི་ན་བཟའ་གསོལ། ཕྱག་ན་ནི་མཚོན་ཐོགས་པ། རྔམ་ཆེན་ནི་མིང་ནས་ཕྱུངས། མདོས་བདག་མདོས་བཞེས་ལ། གླུད་བདག་གླུད་ལོང་ལ། ཡུལ་དང་འབྲོག་ཡུལ་ཡ་གི་ན། དགོན་པ་ནི་གནས་ཆེན་ན། འབྲོག་སྲིན་ནི་རལ་པ་ཅན། མི་ཤ་ནི་ཁམ་ཁམ་ཟ། མི་ཁྲག་ནི་རྔམ་དུ་འཐུང་། མི་ལྤགས་ནི་གོས་སུ་རྒྱན། རྔམ་ཚོགས་ནི་མ་ལུས་ཀུན། དེ་རིང་སྲིད་པའི་མདོས་ལ་བྱོན། །འབྲོག་སྲིན་དམར་མོ་སྒྲོལ་ལ་བརྩོན། །འབྲོག་སྲིན་སྒྲོལ་བྱེད་མ་རུངས་པ། །གསོད་པའི་ལས་ལ་རབ་ཏུ་བརྩོན། །རལ་པ་ཅན་ལ་མཆེ་བ་གཙིག །རྔམ་པ་ཅན་ལ་མ་རུངས་པ། ཁམས་གསུམ་ཡོངས་ལ་ཁྱབ་པར་ཉུལ། །གདུག་པའི་ཚོགས་ཀུན་མ་རུངས་པ། །རལ་བརྩོན་མ་ལུས་མདོས་འདི་བཞེས། །གདུག་པའི་འབྲོག་སྲིན་མ་ལུས་པ། །རབ་ཏུ་སྲིན་མོ་འཇིགས་པའི་གཟུགས། །སྲིན་མོའི་གཟུགས་ལ་རྔམ་བག་ཅན། །རལ་པ་མུན་ནག་གཏིབས་པ་ལ། །མཆེ་བ་གངས་རི་བསྣོལ་བ་འདྲ། །གཡུ་ཡི་གོ་ཅོག་ཅན་དུ་རྫུ། །རལ་གྲི་གསོད་བྱེད་ལག་ན་ཐོགས། ཁ་ནས་དུག་མདའ་ཁོལ་མ་འཕེན། །རྔམ་བག་ཅན་རྣམས་མདོས་ལ་བྱོན། །རི་རབ་ནི་བརྟེན་པའི་གཞི། །འབྱུང་བ་རིམ་བརྩེགས་བརྟེན་པའི་གནས། །མི་འགྱུར་དཔག་བསམ་ཤིང་དུ་བཙུགས། །གཟུགས་བརྙན་ནི་མང་པོས་བསྐོར། སྦྱན་གཟིགས་བསྐོར་ཆས་བསྐོར། ནམ་ནི་རིག་པའི་ཡེ་ཤེས་ཡིན། །མཁའ་ནི་སྐྱེ་བ་མེད་པའི་དོན། །ནམ་ནི་བདེ་བ་ཆེན་པོ་སྟེ༡། །མཁའ་ནི་ཡེ་ཤེས་དེ་ཡི་ངང་། །ནམ་ནི་ནང་གི་བཅུད་ཡིན་ཏེ། །མཁའ་ནི་ཕྱི་ཡི་ཡུལ་ཡིན་ནོ། །ཡུལ་སེམས་དག་གི་གླུད་དུ་བསྔོའོ། །མདའ་ནི་སྐུ་རྟེན་མཁའ་ཡིན་ནོ། །མཁར་ལ་ནི་སྐུ་ཅིག་བརྟེན། གདུག་པའི་ཚོགས་རྣམས་མ་ལུས་ཀུན། །དེ་རིང་སྲིད་པའི་མདོས་འདི་བཞེས། དེ་ལྟར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྱང་འབྲོག་ལ་བསྔོ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཀླུ་རྣམས་བཅོས་པར་བྱ་བ་ནི། །གསང་བ་སྟོབས་དང་ལྡན་པའི་ཏིང་འཛིན་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་དག་གི་གཞི་སྟེངས་སུ། །འབྲུ་སྣ་ཚང་མའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་བྱས་ནས་ནི། །དེ་ལ་རི་རབ་ཆེན་པོ་བརྩིགས། ཁ་དོག་འདྲ་བའི་རིགས་དང་སྦྱར། །དཔག་བསམ་མི་འགྱུར་ཤིང་བུ་ལ། །རྟེན་དར་སྣ་ལྔས་ལྡན་པའོ། ཁ་ལ་རིགས་བཞི་སྦྲུལ་གྱིས་བརྒྱན། །ནམ་མཁའ་རིགས་ཅན་བརྒྱད་ཀྱང་གཟུགས། །ཐ་མ་གླུད་ཚོགས་མང་པོས་བསྐོར། །སྦྲུལ་དང་ཉ་སྦལ་རྩང་པ་དང་། །སྡོམ་སྡིག་ཁྱི་དང་ཕག་པ་གླང་། །གཞན་ཡང་གཟུགས་མཛེས་མང་པོས་བསྐོར། །གཞན་ཡང་ངར་བུ་བྱ་དང་བཅས། །མི་ལུས་རྟ་ཕྱི་ཕག་མགོ་དང་། །གཞན་ཡང་འབྲས་ཆན་གཏོར་མ་དང་། །སྨན་དང་རྩི་སྨན་བཅུད་དང་བཅས། །དེ་ལྟར་འབྲུ་སྣ་གཅལ་བཀྲམ་པ། །ཞེས་གསག་གོ །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུའི་རྫས་གསག་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཧུ༷། ཀླུ་གདུག་པ་ནི་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །ཀླུ་གདུག་མ་རུངས་མདོས་ལ་བྱོན། །ཀླུ་ཚོགས་ནི་མང་པོ་ཀུན། །གདུག་པའི་སེམས་ཁྲོལ་ལ། སྲིད་པའི་མདོས་ལ་བྱོན། ཀླུ་ཚོགས་ནི་མ་རུངས་པ། ལ་ལ་ནི་ནམ་མཁའ་འཇའ་ཚོན་འདྲ། །ལ་ལ་གཟུགས་མེད་སྒོ་ང་འདྲ། །ལ་ལ་འདོད་ཆགས་བྱ་ཡི་གཟུགས། །ལ་ལ་གཏི་མུག་ཕག་གི་མགོ །ལ་ལ་ང་རྒྱལ་རྩངས་པའི་གཟུགས། །ལ་ལ་གྱེར་གླིང་རྟ་ཡི་གཟུགས། །ལ་ལ་གྱ་ནོམ་ཀླུ་ཡི་གཟུགས། །ལ་ལ་གདུག་རྩུབ་མ་རུངས་པ། །སྲིད་པའི་ཀླུ་ཚོགས་མང་པོ་ཀུན། །གདུག་པ་མ་རུངས་སྲིད་པའི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །ཀླུ་ཆེན་ནི་བརྒྱད་པོ་སྟེ། །རི་རབ་བང་རིམ་དག་ལ་གནས། །ཀླུ་རྒྱལ་ནི་དགའ་བོ་སྟེ། །སྐུ་མདོག་དཀར་པོ་བུམ་པ་འཛིན། །ཀླུ་རྒྱལ་འཇོག་པོ་སྟེ། སྐུ་མདོག་དམར་ནག་ནོར་བུ་འཛིན། །ཀླུ་རྒྱལ་མཐའ་ཡས་གདུག་པ་ཅན། །སྐུ་མདོག་སེར་པོ་བུམ་པ་འཛིན། །ཀླུ་རྒྱལ་དུང་སྐྱོང་བྱ་བ་དེ། །སྐུ་མདོག་དཀར་སེར་གསེར་བུམ་འཛིན། །གདུག་པ་སྦྲུལ་སེར་དྲུང་ན་གནས། །ཀླུ་རྒྱལ་པདྨ་བྱ་བ་དེ། །སྐུ་མདོག་དམར་སེར་རན་པོ་ཆེ། །ཀླུ་རྒྱལ་ཀར་ཀོ་བྱ་བ་དེ། །སྐུ་མདོག་ལྗང་ཁུ་གཡུ་བུམ་འཛིན། །ཀླུ་རྒྱལ་ཝ་རུ་བྱ་བ་དེ། །སྐུ་མདོག་དམར་ལྗང་བུམ་པ་འཛིན། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གདུག་པ་སྦྲུལ་གྱི་དྲུང་ན་གནས། །ལན་འགའ་ཞིག་ནུ་མཛེས་པ་སྟེ། །འོད་འབར་གདུག་པ་མཛེས་པ་སྟེ། །གཞོན་ནུ་ནི་འོད་འབར་མ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཀླུ་གདུག་ནི་མ་རུངས་པ། སྦྲུལ་མགོ་ནི་དགུ་པ་དང་། སྦྲུལ་མགོ་ནི་བདུན་པ་དང་། སྦྲུལ་མགོ་ནི་ལྔ་པ་དང་། སྦྲུལ་མགོ་ནི་གསུམ་པ་དང་། སྦྲུལ་མགོ་ནི་གཅིག་པ་དང་། གདུག་པའི་ཀླུ་བདུད་མ་རུངས་པ། །སྦྲུལ་མགོ་མ་རུངས་གདུག་པའི་ཚོགས། །ཀླུ་ཚོགས་ནི་གཉན་པོའི་ཚོགས །མཛེ་ནད་ཞ་གྲུམ་དང་། འོན་དིག་ལྐུགས་པའི་བདག་པོ་ཡིན། །གདུག་པའི་ནད་རྣམས་མ་ལུས་གཏོང་། །ཆེན་རྔམ་པ་བྱ་བ་དང་། ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། །ཀླུ་ཡི་སངས་རྒྱས་སྟོན་པ་དང་། །ཀླུ་ཡི་གྱ་ནོམ་གདུག་པ་དང་། །ན་ག་འཛིན་ཤེས་གཏོང་མི་ཤེས། །ཀླུ་རྒྱལ་དགེ་བའི་ངང་ཚུལ་ཅན། །རྒྱལ་རིགས་དམངས་རིགས་དང་། གདོལ་པའི་རིགས་ལ་སོགས་པ་ཡི། ཀླུ་གདུག་ནི་འཁོར་དང་བཅས་ལ། མཆོད་ཀྱིས་ནི་ད་ཚུར་བྱོན། མཛེས་པའི་མདངས་དང་ལྡན། འབྲུ་བཅུད་ནི་སྟོང་དང་ལྡན། རྩི་སྨན་ནི་མང་པོ་དང་། འབྲུ་སྣ་ནི་མང་པོ་དང་། དཀར་གསུམ་ནི་མངར་གསུམ་དང་། འབྲས་ཡོས་ནི་མེ་ཏོག་དང་། དྲི་ཞིམ་ནི་སྣ་ཚོགས་དང་། རིན་ཆེན་ནི་རྣམ་ལྔ་དང་། མཐུན་པའི་ནི་ཡས་ཀྱིས་མཆོད། གདུག་པ་ནི་ཀླུ་ཡི་བུ། ཆུ་མིག་ནི་སྔོ་སྔོ་ནས། སྦལ་པ་ནི་ནག་སེར་གཉིས།གདུག་པའི་ནད་བདག་ལགས། སྲིད་པའི་མདོས་བཞེས་ལ། གདུག་པ་ཡི་ནི་ཀླུ་ཚོགས་རྣམས། །ལ་ལ་མ་རུངས་གདུག་པ་ཀླུ་ཡི་འཁོར། །ཀླུ་གདུག་ནི་འཁོར་དང་བཅས། །ཞེ་སྡང་གདུག་པའི་ནད་རྣམས་ཞི་བར་གྱིས། །གཏི་མུག་འཐིབས་པའི་ནད་རྣམས་ཞི་བར་གྱིས། །གདུག་པའི་ཀླུ་ཚོགས་མང་པོ་ཀུན། །ལ་ལ་འབྱུང་བ་ནམ་མཁར་གནས། །ལ་ལ་རྡོ་དང་ཤིང་ལ་གནས། །ལ་ལ་རྫིང་དང་ཁྲོན་པར་གནས། །ལ་ལ་ལུ་མ་ལྟེང་ཀར་གནས། །ལ་ལ་སྐ་དང་ཡུར་ལ་གནས། །ལ་ལ་འདམ་གཉན་དག་ལ་གནས། །ལ་ལ་གྲ་མ་ལང་ལིང་གནས། །ལ་ལ་བྲག་རི་དག་ལ་གནས། །གདུག་པའི་ཚོགས་ཀུན་མ་ལུས་པ། །རི་རབ་གླིང་དང་བཅས་པ་དང་། །འབྲུའི་བཅུད་དང་གླིངས་ཆེན་དང་། །དཀར་གཏོར་མངར་དང་བཅས་པ་དང་། །མེ་ཏོག་འབྲས་བུར་བཅས་པ་དང་། །སྨན་དང་དཀར་གསུམ་དངར་གསུམ་དང་། །གཟུགས་མཛས་མཐུན་པ་མང་པོ་དང་། །དེ་ལ་སོགས་པ་མང་པོ་སྟེ། །རིགས་བཞི་མཛས་པ་མང་པོ་དང་། །ནམ་མཁའ་མདའ་དང་མོ་འཕང་གཡུ་ལོ་དང་། །མཛས་བརྒྱན་མང་པོ་བཀྲམ་ནས་ནི། །གླུད་ཚོགས་མང་པོ་ཁྱེད་ལ་མཆོད། །གདུག་པའི་ཀླུ་ཚོགས་མང་པོ་ཀུན། །དེ་རིང་སྲིད་པའི་མདོས་ལ་བྱོན། །གདུག་པའི་ནད་རྣམས་ཞི་བར་གྱིས། །དེ་ལྟར་ཀླུ་རྣམས་སྤྱན་དྲངས་ཤིང་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་བཅོས་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། ཀླུ་རྣམས་དག་ལ་བསྔོ་བ་ནི། ཧུ༷། ཀླུ་ཚོགས་ནི་མཆོད་པའི་ཕྱིར། གཙང་མའི་གཞི་སྟེངས་སུ། འབྲུ་སྣ་གཅལ་དུ་བཀྲམ། མཛས་དགུ་ཡས་སུ་བཀྲམ། མཐུན་པའི་རི་རབ་ལ། ཀླུ་གཟུགས་ནི་རྒྱན་དང་བཅས། ཁ་དོག་ནི་རིགས་ཀྱིས་བསྒྱུར། ནམ་མཁའ་ནི་ཡུལ་དུ་བྱས། མངའ་ནི་མཁར་དུ་བྱས། མཐུན་པ་སྐུ་ཡི་རྟེན། མོ་འཕང་ཤིང་རིས་བརྒྱན། སྨན་སྣ་སྟོང་དང་བཅས། སྲིད་པའི་མདོས་འདི་བཞེས། ཀླུ་གདུག་ནི་མ་རུངས་པ། སྲིད་པའི་མདོས་ལ་བྱོན། ཀླུ་ཆེན་བརྒྱད་པོ་་ནི། དགའ་བོ་དང་འཇོག་པོ་དང་། མཐའ་ཡས་དང་ནི་དུང་སྐྱོང་དང་། མ་རུངས་སྲིད་པའི་བདག དེ་རིང་སྲིད་པའི་མདོས་ལ་བྱོན། ཀླུ་རྒྱལ་པདྨ་ཀར་ཀོ་ཊ། པད་ཆེན་དང་ནི་ཧུ་ལུན་དང་། །གདུག་པ་སྦྲུལ་གྱི་དྲུང་ན་གནས། །གདུག་པའི་ཀླུ་ནད་གཏོང་བར་བྱེད། །དེ་རིང་སྲིད་པའི་མདོས་ལ་བྱོན། །རྒྱལ་རིགས་ནི་རྗེ་རིགས་དང་། །བྲམ་ཟེ་དམངས་རིགས་གདོལ་པའི་ཚོགས། །སྦྲུལ་མགོ་མང་པོ་ལྡན་པ་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་རིགས། །ཀླུ་ཡི་སངས་རྒྱས་སྟོན་པ་དང་། །ཀླུ་རྒྱལ་དགེ་བའི་ངང་ཚུལ་ཅན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཀླུ་ཆེན་རྔམ་པ་མ་རུངས་པ། །གདུག་པ་འཛིན་ཤེས་གཏོང་མི་ཤེས། །མཛ་ནད་ཞ་གྲུམ་དང་། འོན་དིག་ནི་ལྐུགས་པའི་བདག གདུག་པ་ཡི་ནད་གཏོང་བ། ཀླུ་གཉན་ནི་མ་རུངས་པ། དེ་རིང་སྲིད་པའི་མདོས་ལ་བྱོན། སྨན་སྣ་ནི་མངར་སྣ་དང་། རིན་ཆེན་ནི་སྣ་ལྔའི་ཚོགས། དཀར་གསུམ་ནི་མངར་གསུམ་ཟས། མཐུན་པའི་དམ་རྫས་འབུལ། ཀླུ་ཆེན་ནི་གདུག་པའི་ཚོགས།མདོས་བདག་ནི་མདོས་བཞེས་ཤིག ནམ་མཁའ་ཡུལ་ལ་མདའ་འཕང་མཁར། །ཀླུ་སྨན་ལོངས་སྤྱོད་རྫས་སུ་འབུལ། །ནད་དང་གདུག་རྩུབ་ཞི་བར་མཛོད། །གདུག་པའི་ཀླུའི་ཚོགས་མ་ལུས་པ། །རི་རབ་གླིང་དང་བཅས་པ་དང་། །གཟུགས་མཛས་མཐུན་པ་མང་པོ་འབུལ། །རིགས་བཞི་མཛས་པ་མང་པོ་དང་། །ནམ་མཁའ་མདའ་འཕང་གཡུ་ལོ་དང་། །མཛས་བརྒྱན་ནི་མང་པོ་འབུལ། གདུག་པ་ནི་ཀླུ་ཡི་ཚོགས་རྣམས། དེ་རིང་སྲིད་པའི་མདོས་ལ་བྱོན། །གདུག་པའི་ནད་རྣམས་ཞི་བར་གྱིས། །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་ལ་བསྔོ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། མཚོ་སྨན་བཅོས་པ་ནི། སྟོབས་དང་ལྡན་པའི་ཏིང་འཛིན་གྱིས། མཐུན་པའི་གནས་སུ་འདུག་ནས་ནི། །དར་དཀར་མ་ཉམས་གཞི་སྟེངས་སུ། །འབྲུ་ན་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིགས། ཁ་དོག་འདྲ་བའི་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བ་དར་གྱིས་བརྒྱན་པའོ། །དེ་ལ་དར་གུར་ལྔ་ཕུབ་བོ། །ཤར་ནུབ་གུར་དཀར་རེ་ཕུབ་བོ། །ལྷོ་རུ་སེར་ལ་ནུབ་ཏུ་དམར། །བྱང་དུ་ལྗང་ཁུ་དར་གྱི་གུར། །གུར་ཆེན་བརྒྱད་དང་ལྡན་པར་བྱ། །སྙུག་བམ་ཅིག་ལ་རིན་ཆེན་གཙུག་སྤུད་ལྔ། །ཕྱོགས་མཚམས་དབུས་སུ་སྨྱུག་མ་རེ་རེའོ།།ནམ་མཁའ་བརྒྱ་བརྒྱད་རི་རབ་ལའོ མོ་འཕང་གྲངས་ཀྱང་དེ་བཞིན་ནོ། །གཏོར་མ་དགུ་ནི་བཤམ་པར་བྱ། ཁྲར་དུ་དཀར་གཏོར་བཤམ་པར་བྱ། ཁྲར་ལྷོར་མེ་ཏོག་སྣ་ཚོགས་ཀྱི་བཤམ་པར་བྱ། །ལྷོ་རུ་འབྲུ་སྣ་ཚོགས་ཀྱི་བཤམ་པར་བྱ། །ནུབ་ཏུ་སྨན་སྣ་ཚོགས་ཀྱི་བཤམ་པར་བྱ། །ལྷོ་ནུབ་ཏུ་རྩི་སྨན་སྣ་ཚོགས་ཀྱི་བཤམ་པར་བྱ། །ནུབ་བྱང་དུ་ཆུ་སྣ་ཚོགས་ཀྱི་བཤམ་པར་བྱ། །བྱང་དུ་ཚྭ་སྣ་ཚོགས་ཀྱི་བཤམ་པར་བྱ། །བྱང་ཤར་དུ་ཤ་ཁྲག་སྣ་ཚོགས་ཀྱི་བཤམ་པར་བྱ། །དབུས་སུ་འོ་མ་དང་འབྲས་ཆེན་སྣ་ཚོགས་ཀྱི་གཏོར་མའོ། །ཕུད་དང་རིན་ཆེན་བཅས་པའོ། །གསོབ་བརྒྱ་རྩ་བརྒྱད། ཉ་མགོ་དགུ སྨན་དགུ། རྩེ་དགུ འབྲང་རྒྱས་མཚལ་ཐིག་ཅན་དགུ། དེ་ལྟར་བསགས་ལ་སྤྱན་དྲངས། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་གྱི་གསག་པའི་ལེའུ་སྟེ་ཉེར་དགུ་པའོ།། །།ཧུ༷། སྣང་སྲིད་བདག་པོ་ཨེ་ཀ་མ། ཁྲ་ཟ་ཁྲག་འཐུང་སྲིད་པའི་ཡུམ། །དབང་གི་རྒྱལ་མོ་སྲིད་པའི་ཡུམ། །འཁོར་ནི་སྨན་དང་མ་མོ་དང་། །ཐེ་བྲང་ས་བདག་ཀླུ་ཚོགས་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཨེ་ཀ་ཛ་ཏི་ས་མ་ཡ་ནི་སྨྱོ། མ་རསྒ་མུ་ཏྲ་སྨྱོ། རསྒ་རུ་ཏི་མ་མ་ཏི་ཏི་སྨྱོ། ཙ་མུན་ཤ་རི་སྨྱོ། ཡ་ནི་བ༷་ཤ་རུ་རུ་སྨྱོ། ཧུ༷། སྲིད་པའི་བདག་པོ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་སྒྱུར་ཏེ། །མ་རུངས་གདུག་པ་ནད་བདག་གཙོ། །ཨེ་ཀ་ཡུམ་ཆེན་ཆོས་ཀྱི་དབྱིངས། །སྲིད་པའི་བདག་མོ་ཡུམ་ཆེན་མ་རུངས་པ། །འཁོར་ནི་གདུག་པ་ཞི་བྱའི་ཕྱིར། །དེ་རིང་སྲིད་པའི་མདོས་ལ་བྱོན། །དཀར་མོ་དབུ་དགུ་སྲིད་པའི་ཡུམ། ཁྲ་ཟ་ཁྲག་འཐུང་རལ་པ་ཅན། །ནག་མོ་མཆེ་གཙིག་སྒྲོལ་ལ་བརྩོན། །རྔམས་བྱེད་མ་རུངས་དུས་ལ་བབ། །སྲིད་པའི་མ་མོ་མ་རུངས་པའི། །ནག་མོ་ལུས་ལ་ཆས་མི་སྡུག །རལ་པ་ཅན་ལ་མཆེ་གཙིག་མ། དྲེལ་རྟ་རྐང་གསུམ་ཆིབས་པ་སྟེ། །ཐོད་རུས་སྦྲུལ་གྱིས་བརྒྱན་པའོ། །ཉིད་ཀྱི་རལ་ཀ་ཟངས་ནག་ལ། ཁྲམ་བམ་ཐོད་དབྱུག་བསྣམས་པའོ། །འཁོར་ཡང་གདུག་པའི་མ་ཚོགས་ལ། །ནད་བདག་ཆེན་མོ་མདོས་ལ་བྱོན། །མདོས་བདག་མདོས་བཞེས་ལ། སྲིད་པ་ཁྱབ་བྱེད་མདོས་བཞེས་ལ། །ཙ་མུན་ཏི་ནི་ཀླུ་ཡི་བདག །རྒྱ་མཚོ་དག་ལ་གནས་པ་མོ། །གདུག་བྱེད་མ་ལ་སྤྲུལ་པ་མང་། །གདུག་པ་ནད་ཀྱི་བདག་མོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་པའི་བདག་མོ་མ་རུངས་པ། །དཀར་མོ་ཆེན་མོ་མ་རུངས་པ། །ཧུ༷། རྒྱ་མཚོ་ཆེན་པོའི་རྫིངས་དཀྱིལ་ནས། །དར་དཀར་འབར་བ་གུར་དུ་ཕུབ། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །གུར་ཆེན་དེ་ཡི་ནང་ཤེད་ན། །ཉ་ཆེན་མཁར་བ་གཅལ་དུ་བཀྲམ། །ཉ་ཆེན་དེ་ཡི་སྟེང་ཤེད་ན། །དཀར་པོ་སྦྲུལ་གྱི་ཟ་ར་ཚོགས། །སྦྲུལ་ཆེན་དེ་ཡི་ཁ་ཤེད་ན། །སྦལ་པ་ནག་པོའི་རྒྱལ་མཚན་ཅན། །པདྨ་དཀར་དམར་གདན་སྟེངས་ན། །རུས་སྦལ་དཀར་པོའི་གདན་སྟེངས་ན། །སྲིད་པའི་དཀར་མོ་དབུ་དགུ་བཞུགས། །སྐུ་ནི་དཀར་མོ་མཛེས་མ་ལ། །དབུ་དགུ་རིན་ཆེན་ཞལ་དུ་བསྟན། །ཕྱག་ལྔ་བདུད་རྩིའི་བུམ་ཚོགས་འཛིན། །ཞབས་ཀྱིས་བརྗིད་གནོན་དེ་བཞིན་ཏེ། །མཛེས་མ་མདངས་ལྡན་མེ་ཏོག་ཚོམ་བུས་བརྒྱན། །ཞི་བའི་སྐུ་ཡིས་སྣང་སྲིད་གཟིགས། ཁྲོས་པའི་སྐུ་ཡིས་གདུག་རྩུབ་འཇོམས། ཁྱེད་ནི་སྨན་གྱི་རྒྱལ་མོ་སྟེ། །བཞུགས་ནི་རྒྱ་མཚོའི་འཇིངས་ལ་གནས། །རྒྱུ་ནི་བར་སྣང་ཁམས་སུ་རྒྱུ། །ཆིབས་སུ་ཆུ་སྲིན་པིར་ལ་ཆིབས། །ལས་ནི་བསད་གསོ་གཉིས་སུ་མཛད། །སྐུ་ལ་ན་བཟའ་མཛེས་པ་སྟེ། །དར་དཀར་གོས་ཟུ་གཡུ་ཡི་ཆ་ག་ཅན། །སྲིད་པའི་བདག་མོ་མ་རུངས་པ། །བཞུགས་ནི་རེས་འགའ་བར་སྣང་ཁམས་ལ་བཞུགས། །རེས་འགའ་རྒྱ་མཚོའི་གཏིང་ན་བཞུགས། །རེས་འགའ་སྦྲུལ་པ་མང་དང་བཞུགས། །བདུད་མོ་གདུག་པ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་པ། །དེ་རིང་སྲིད་པའི་འཁོར་བཅས་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །གུར་ཆེན་དེ་ཡི་ཤར་ཕྱོགས་ན། །དར་དཀར་འབར་བ་གུར་དུ་ཕུབ། །གུར་ཆེན་དེ་ཡི་ནང་ཤེད་ན། །ཉ་ཆེན་རྩ་བ་གཅལ་དུ་བཀྲམ། །ཉ་ཆེན་དེ་ཡི་སྟེངས་ཤེད་ན། །དཀར་ཁྲ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་དུང་གི་གཞལ་ཡས་ཁང་། །པདྨ་དཀར་པོའི་གདན་སྟེངས་ན། །ཆུ་སྲིན་དཀར་པོའི་གདན་སྟེངས་ན། ཁྲར་གྱི་དབང་གི་རྒྱལ་མོ་བཞུགས། །སྐུ་མདོག་དཀར་མོ་མཛེས་པ་ལ། །གཡུ་ཡི་ཐོད་གདེང་འབར་བའོ། །ཕྱག་ན་དུང་གི་བུམ་པ་བསྣམས། །མཛེས་པའི་ཤིང་ལོ་བསྣམས་པའོ། །སྐུ་ལ་དར་དཀར་རལ་ཀ་གསོལ། །གསེར་གཡུ་མཛེས་པའི་ཆ་ག་ཅན། ཁྲར་ཕྱོགས་དབང་གི་རྒྱལ་པོ་ཡིན། །ཆིབས་སུ་ཤ་པ་ཡུ་མོ་ཆིབས། །འཁོར་ནི་སྨན་དང་མ་མོས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཧུ༷། རི་རབ་དེ་ཡི་ལྷོ་ཕྱོགས་ན། །གུར་ཆེན་འབར་བའི་ལྷོ་ཕྱོགས་ན། །དར་སེར་འབར་བ་གུར་དུ་ཕུབ། །གུར་ཆེན་དེ་ཡི་སྟེང་ཤེད་ན། །ཉ་ཆེན་ལྡུམ་པ་གཅལ་དུ་བཀྲམ། །ཉ་ཆེན་དེ་ཡི་སྟེང་ཤེད་ན། །སེར་ཁྲ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་གསེར་གྱི་གཞལ་ཡས་ཁང་། །པདྨ་འབར་བའི་གདན་སྟེང་ན། །ཆུ་སྲིན་སྤིར་གྱི་གདན་སྟེངས་ན། །ལྷོ་ཕྱོགས་དབང་གི་རྒྱལ་མོ་བཞུགས། །སྐུ་མདོག་སེར་མོ་འོད་འབར་མ། །ཕྱག་ན་གསེར་གྱི་བུམ་པ་འཛིན། །ཆིབས་སུ་རྔ་མོ་ག་པ་ཆིབས། །འཁོར་དུ་སྨན་དང་མ་མོས་བསྐོར། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཧུ༷། གུར་ཆེན་དེ་ཡི་ནུབ་ཕྱོགས་ན། །དར་ཆེན་དམར་པོའི་གུར་དུ་ཕུབ། །གུར་ཆེན་དེ་ཡི་ནང་ཤེད་ན། །ཉ་ཆེན་དམངས་མ་གཅལ་དུ་བཀྲམ། །ཉ་ཆེན་དེ་ཡི་སྟེང་ཤེད་ན། །དམར་ཁྲ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་མཆོང་གི་གཞལ་ཡས་ཁང་། །པདྨ་དམར་པོའི་གདན་སྟེངས་ན། །ཆུ་སྲིད་སྤིར་གྱི་གདན་སྟེངས་ན། །ནུབ་ཕྱོགས་དབང་གི་རྒྱལ་མོ་བཞུགས། །སྐུ་ལ་དར་དམར་ན་བཟའ་གསོལ། །ཐ་མ་རིན་ཆེན་ཆ་ག་ཅན། །ཕྱག་ན་ཟངས་ཀྱི་ཕུར་པ་བསྣམས། །ཆིབས་སུ་རྐྱང་བུ་ལྟོ་དཀར་ཆིབས། །འཁོར་ཀྱང་སྨན་དང་མ་མོར་བཅས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཧུ༷། གུར་ཆེན་དེ་ཡི་བྱང་ཕྱོགས་ན། །ལྗང་ཁུ་དར་གྱི་གུར་དུ་ཕུབ། །གུར་ཆེན་དེ་ཡི་སྟེངས་ཤེད་ན། །ཉ་ཆེན་གསེར་གྱི་བཀྲམ། ཉ་ཆེན་དེ་ཡི་སྟེངས་ཤེད་ན། །ལྗང་ཁྲ་སྦྲུལ་གྱི་ཟ་ར་ཚགས། གུར་ཆེན་དེ་ཡི་སྟེང་ཤེད་ན། །པདྨ་འབར་བའི་གདན་སྟེངས་ན། །བྱང་ཕྱོགས་དབང་གི་རྒྱལ་མོ་བཞུགས། །སྐུ་མདོག་ལྗང་ཁུ་འོད་འབར་མ། །ན་བཟའ་མཛས་པའི་གཡུས་བརྒྱན་པ། །ཕྱག་ན་གཡུ་ཡི་རྡོ་རྗེ་བསྣམས། །ཚིབས་སུ་བྱ་ཆེན་ཆིབས་པ་མོ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཧཱུཾ། རྒྱ་མཚོ་འཇིང་གི་ཤར་ཕྱོགས་ན། །དུང་གི་སྦུ་བ་གུར་ཙམ་སྐན་ནེ་སྐན། །སྦུ་བ་གུར་ཙམ་ནང་ཤེད་ན། །མ་མོ་དཀར་མོ་སྟོང་སྡེ་བཞུགས། །དཀར་མོ་མཛེས་མ་འཁོར་བཅས་གནས། །དཀར་མོ་ལུས་ལ་སྦྲུལ་ཞགས་ཅན། དཀར་མོའི་ལུས་ལ་ཐོད་པ་ཁྱེར། །དཀར་མོའི་ལུས་ལ་མིག་གཅིག་མ། །དཀར་མོའི་ལུས་ལ་ནད་རྐྱལ་འཛིན། །དཀར་མོ་མཚོན་གྱི་ཞགས་འཛིན་མ། །མི་བཟད་ནད་ཀྱི་བདག་མོ་ཁྱེད། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཧུ༷་ཆེན་དེ་ཡི་འོག་ཤེད་ན། །ལྕགས་ཀྱི་སྦུ་བ་གུར་ཙམ་སྐན་ནེ་སྐན། །དེ་ན་མ་མོ་ནག་མོ་འབུམ་སྡེ་གནས། །ནག་མོ་མི་བཟད་སྟོང་གསུམ་བདག །ལ་ལ་ཐོད་པའི་མདའ་འཕེན་མ། །ལ་ལ་བོང་ཞོན་བ་དན་འཕྱར། །ལ་ལ་ནད་གཏོང་སྒྱུགས་པ་ལེན། །ལ་ལ་མདའ་མཚོན་སྲིད་པ་སྒྲོལ། །ལ་ལ་ཁྲག་མདའ་དམར་པོ་འཕེན། །མ་རུངས་གདུག་ཚོགས་ཁྱེད་རྣམས་ཀྱང་། །དེ་རིང་སྲིད་པའི་མདོས་ལ་བྱོན། ཁྲམ་བདག་ནག་མོ་ཁྲམ་འདེབས་མ། །ནད་འཚོང་མ་ལ་གདུག་པ་མ། །གསེར་གྱི་སྦུ་བ་གུར་ཙམ་ནང་ཤེད་ན། །དེ་ན་སེར་མོ་སྟོང་སྡེ་གནས། །སྲིན་མོའི་ལུས་ལ་ཆོ་འཕྲུལ་ཅན། །ལ་ལ་སེར་མོ་རྔ་རྟ་ཅན། །ལ་ལ་སེར་མོ་གྱེར་ལིང་ཆིབས། །ལ་ལ་ཤ་རྐྱང་བོང་བུར་ཆིབས། །གདུག་པའི་མ་མོ་ཁྱེད་རྣམས་ཀྱང་། །མཁྲིས་ནད་བཤའ་ཡ་གཏོང་བར་བྱེད། །རྒྱ་ནད་མིག་སེར་གཏོང་བའི་བདག །བལ་ནད་གདུག་པ་གཏོང་བའི་བདག །སེར་མོ་ཁྲིས་འཐོར་ལ་སོགས་པ། །སེ་མོ་གདུག་པ་མ་རུངས་འཁོར། །དེ་ནི་གདུག་པའི་ནད་བདག་སྟེ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཟངས་ཀྱི་སྦུ་བ་གུར་ཙམ་ནང་ཤེད་ན། །དེ་ན་དམར་མོ་འབུམ་སྡེ་གནས། །དམར་མོ་ནད་གཏོང་མ་རུངས་མ། །དམར་མོའི་ལུས་ལ་ཆོ་འཕྲུལ་ཅན། །ཟངས་ཀྱི་སྦུ་བ་གུར་ཙམ་ནང་ཤེད་ན། །དམར་མོ་ཡང་དག་སྤྲུལ་པ་མོ། །དམར་མོ་མཆེ་གཙིགས་སྲོལ་བྱེད་མ། །ཚ་བའི་བདག་མོ་གདུག་པ་ཅན། །ཚ་བ་ཁྲག་ཞབྲུག་བདག་མོ་ཡིན། །ཚ་བ་མ་མོ་མ་རུངས་མ། །དེ་རིང་སྲིད་པའི་མདོས་ལ་བྱོན། །གཡུ་ཡི་སྦུ་བ་གུར་ཙམ་ནང་ཤེད་ན། །དེ་ན་ལྗང་མོ་མ་མོ་གནས། །ཕོལ་མིག་སྐམ་དང་རྫིངས་ཀྱི་བདག །དེ་རིང་སྲིད་པའི་མདོས་ལ་བྱོན། །མཆོང་གི་སྦུ་བ་གུར་ཙམ་ནང་ཤེད་ན། །དེ་རིང་སྲིད་པའི་བདག་མོ་གནས། །དེ་ན་སྨུག་མོ་སྟོང་སྡེ་གནས། །མ་མོ་སྨུག་མོ་སྡེ་དེ། སྲིད་པའི་ལས་མཛད་གདུག་པ་ཅན། །སྨྱོ་འབོག་གླང་ཐབས་བདག་མོ་ཡིན། །དེ་རིང་སྲིད་པའི་མདོས་ལ་བྱོན། །དེ་འཁོར་སྨན་མོ་སྟོང་སྡེ་དེ། །སྨན་བྲན་སྲིད་པ་ཡོངས་ལ་རྒྱུ། །སྨན་གཟེར་ནད་ཀྱི་བདག་མོ་ཡིན། །ལ་ལ་སྨན་རྣམས་ཐོག་འབེབས་མ ལ་ལ་བར་སྨན་བུ་གསོས་ཚ་སྲིང་མ། །ལ་ལ་སྨན་གཟེར་ནད་གཟེར་གཏོང་། །གདུག་པའི་སྨན་ཚོགས་མ་རུངས་པ། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཐེ་བྲང་གདུག་པ་སྟོང་གི་སྡེ། །སྲིད་པའི་ཐེ་བྲང་བསྐོས་པ་ལྔ། །བར་གྱི་གདུག་པའི་རིགས་བྱེད་བདུན། །སྲིད་པའི་འགོང་པོ་སྤུན་དགུ་དང་། །དྲེགས་པ་སྟོང་གི་བང་ཆེན་དང་། །ཐེ་བྲང་ནི་སྟོང་ཚོགས་ཀུན། །དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་ནི་ཀླུ་ཡི་རིགས། ཀླུ་བ་སུ་རིགས་བཞི། སྡེ་བཞི་བརྒྱད། མགོ་དགུའི་བདག་པོ་དང་། སིལ་མ་ནི་སྟོང་ཚོགས་དང་། དེ་རིང་སྲིད་པའི་མདོས་ལ་བྱོན། །ས་བདག་རིགས་བཞི་སྤོས་མཚམས་བཞི། །སྟེང་འོག་སྤྱི་དང་བཅས་པ་དང་། ཁྲོ་བོ་སྤུན་དགུ་ཁྲོ་མོ་སྐྲུན་དགུ་དང་། །ས་བདག་སིལ་མ་སྟོང་ཚོགས་དང་། །གདུག་པ་མ་རུངས་འཁོར་བཅས་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །མཚོ་སྨན་ཐེ་བྲང་ས་བདག་ཀླུ་གཉན་ཚོགས། །གདུག་པ་མ་རུང་ཞི་ཕྱིར་མདོས་འདི་བཞེས། །མཐུན་པའི་ཡས་དང་དགའ་མགུ་གཅལ་དུ་བཀྲམ། །ལེགས་དགུ་རིས་སུ་བྲིས། བདའ་དགུ་ནི་ཟས་སུ་སྦྱར། གཅེས་དགུ་བསྐོར་དུ་འབུལ། མ་ལུས་འཁོར་བཅས་མཆོད། གདུག་པ་ཞི་བར་གྱིས། ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་འཁོར་བཅས་མཆོད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། མཚོ་སྨན་འཁོར་བཅས་ལ་བསྔོ་བའོ། །ཧུ༷། མཚོ་སྨན་འཁོར་དང་བཅས་མཆོད་ཕྱིར། གཙང་མའི་གདན་སྟེངས་སུ། འབྲུ་སྣ་གཅལ་དུ་བཀྲམ། མཛེས་དགུ་ནི་ཡས་སུ་བཀྲམ། བཅུད་དགུ་ནི་ཟས་སུ་སྦྱར། བཟང་དགུ་ནི་གཏེར་དུ་སྩལ། སྨན་དགུ་ནི་གསོས་སུ་སྦྱར། རྩི་དགུ་ནི་བདའ་རུ་སྦྱར། གཙང་མའི་དཀར་དམར་སྦྱར། འབྲུ་བཅ་ནི་སྐྱེམས་སུ་གཏམ། ཁ་དོག་ནི་དར་གྱི་གུར།བསོ་དང་ཤས་སུ་སྦྱར། ནམ་མཁའ་ཡུལ་ལ་མདའ་ནི་ཤར་ཁ་ར། མོ་འཕང་སྐུ་ཡི་ཚད་དུ་འབུལ། །སྨན་དང་མ་མོ་ཐེ་བྲང་དང་། །ས་བདག་ཀླུ་གཉན་མདོས་འདི་བཞེས། །རྒྱ་མཚོའི་གཏིང་ནས་གྲུབ་པ་མོ། །དབྱིངས་ལས་མ་བསྐྱེད་སྐུར་བཞེངས་ལ། །ཨེ་ཀ་མ་ནི་མདོས་འདི་བཞེས། །འཇིག་རྟེན་ལས་ལས་གྲུབ་པ་མོ། ཁྲག་འཐུང་རལ་ཅན་སྲིད་པར་རྒྱུག །ནག་མོ་རི་ཏི་མདོས་འདི་བཞེས། །ཀླུ་ལྕམ་དྲག་རྩལ་ལྡན་པ་མོ། །ཙ་མུན་རྒྱལ་མོ་ལྡན་པ་མོ། །ནམ་མཁའ་བར་དང་འོག་གསུམ་གྱི། །རྒྱ་མཚོ་དག་ལས་གྲུབ་པ་མོ། །གཙོ་མཆོག་དབུ་དགུ་མདོས་ལ་བྱོན། །འབྱུང་བ་བཞི་ལས་གྲུབ་པ་མོ། །རྒྱལ་པོ་དབང་བཙན་གདུག་པ་མོ། །དབང་ཆེན་བཞི་ཡང་གྲུབ་པ་མོ། །ལྕགས་གུར་དག་ལས་གྲུབ་པ་མོ། །ནག་མོ་སྟོང་ཚོགས་གྲུབ་པ་མོ། ཁྲམ་བདག་ནད་ཚོགས་གྲུབ་པ་མོ། །དུང་གུར་སྦུ་བ་ལས་གྲུབ་པ། །དཀར་མོ་སྟོང་ཚོགས་གྲུབ་པ་མོ། །གསེར་གུར་སྟོང་ཚོགས་གྲུབ་པ་མོ། །སེར་མོ་སྟོང་ཚོགས་གྲུབ་པ་མོ། །ཟངས་གུར་སྟོང་ཚོགས་གྲུབ་པ་མོ། །དམར་མོ་སྟོང་ཚོགས་གྲུབ་པ་མོ། །སྲིད་པའི་ལས་དགུ་གྲུབ་པ་མོ། །སྨན་མོ་སྟོང་ཚོགས་གྲུབ་པ་མོ། །ཞེ་སྡང་གཏི་མུག་ལས་གྲུབ་པ། །ཀླུ་ཚོགས་གདུག་པ་ལས་གྲུབ་པ། །ས་བདག་གདུག་པ་སྟོང་གི་ཚོགས། །མི་ཟད་ནད་ཀྱི་བདག་པོ་རྣམས། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྟོང་ཚོགས་ཁྱབ་བྱེད་ནད་བདག་རྣམས། །ཐེ་བྲང་མ་རུངས་མདོས་ལ་བྱོན། །དེ་རིང་སྲིད་པའི་མདོས་ལ་བྱོན། །དེ་རིང་ཀླུ་དང་མ་མོར་ཕྱེ། །དེ་རིང་གཉན་དང་སྨན་བཙུན་པྱེ། །དེ་རིང་ས་བདག་འགོང་པོ་ཕྱེ། །དེ་རིང་སྨན་དང་འགོང་པོར་ཕྱེ། དེ་རིང་ཀླུ་དང་ས་བདག་ཕྱེ། །གནོད་ཚོགས་ཕྱེ་ལ་གནས་སུ་སྐྱོལ། །རིན་ཆེན་སྣ་ལྔ་བཞུགས་ཀྱིས་ས་དང་ཕུལ། །ནམ་མཁའ་ཡུལ་ལ་མདའ་མོ་མཁར། །སྨན་ནི་གསོས་ལ་དཀར་གསུམ་མངར་གསུམ་ཟས། །གནས་དང་རྟེན་ལ་ལོངས་སྤྱོད་བསྔོའོ། །མེ་ཏོག་མདངས་ལྡན་ཁ་དོག་འབུལ། མདོས་བདག་ལགས་ཀྱིས་མདོས་འདི་བཞེས། །གླུད་བདག་ལགས་ཀྱིས་གླུད་འདི་བཞེས། །ཀླུ་ནི་རྒྱ་མཚོའི་གཏིང་ན་གནས། །ས་བདག་ས་ལ་གཤེགས། ཐེ་བྲང་ལམ་གྱི་གཞི་མདར་བསྐྱལ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་ལ་བསྔོ་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་བདག་པོ་འདི་རྣམས་ལ། །ལས་ཀྱི་རྣམ་པ་དེ་ལྟར་ན། །དྲེགས་པའི་རྒྱལ་པོ་དེ་རྣམས་ཀྱིས། །མི་ལ་མ་རུངས་བཏང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱིས། །ལས་ནི་རྣམ་པ་འདི་ལྷ་སྟེ། །དྲེགས་པ་རྣམས་ཀྱིས་མི་རྣམས་ལ། །ལྟས་ངན་བཏང་བ་འདི་ལྟ་སྟེ། །ངན་པ་རྣམས་ཀྱི་སྣ་འདྲེན་པ། །ཐན་ངན་ནི་ཅེས་ཀྱང་བྱ། འཕྲིན་ངན་ནི་ཅེས་ཀྱང་བྱ། ལྟས་ངན་ཅེས་ཀྱང་བྱ། ལྟས་ངན་དགུ་བཅུ་རྩ་གཅིག་མི་ལ་བཏང་སྟེ།ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། དགུ་བཅུ་རྩ་གཅིག་ནི། སྣ་ལ་མི་ཞིང་རྣམས་ལ་ཤུལ་བཅུ། སྤྱི་དང་བཅུ་གཅིག་བཏང་སྟེ། བདུད་རྣམས་ཀྱིས་ཉལ་བ་འདྲ་བ་ཅིག་བཏང་། བཙན་རྣམས་ཀྱིས་གྲུ་བཞི་འདྲ་བ་ཅིག་བཏང་། རྒྱལ་པོ་རྣམས་ཀྱིས་འཇའ་བཀུག་པ་འདྲ་བ་གཅིག་བཏང་། མ་བདུད་རྣམས་ཀྱིས་ལོང་ཀ་འདྲ་བ་ཅིག་བཏང་། ཐེ་བྲང་རྣམས་ཀྱིས་གྲུ་བཞི་འདྲ་བ་གཅིག་བཏང་། ཇ་ལ་མས་ཀྱི་འདྲ་བ་ཅིག་བཏང་། སྡེ་བརྒྱད་ཀྱི་ཐིག་བརྒྱབ་པ་འདྲ་བ་ཅིག་བཏང་། གནོད་སྦྱིན་གྱིས་མདའ་འདྲ་བ་ཅིག་བཏང་། ས་བདག་ཀླུ་གཉན་གྱིས་སྦྲུལ་གཅུས་པ་འདྲ་བ་ཅིག་བཏང་། སྨན་རྣམས་ཀྱིས་ཐིག་ལམ་འདྲ་བ་ཅིག་བཏང་། དྲེགས་པ་སྤྱིས་བཀུག་པ་འདྲ་བ་ཅིག་བཏང་ངོ་། །དེ་ནས་དྲེགས་པ་རྣམས་ཀྱིས་སྦྲམ་བཅུ་གཅིག་བཏང་སྟེ། བདུད་རྣམས་ཀྱིས་རྒོད་སྦྲམ་བཏང་། བཙན་རྣམས་ཀྱིས་བརླག་སྦྲམ་རྒོད་སྦྲམ་གཅིག་བཏང་། རྒྱལ་པོ་རྣམས་ཀྱིས་ཤ་སྦྲམ་ཅིག་བཏང་། རྔ་སྦྲམ་གཅིག་བཏང་། མ་བདུད་ཀྱིས་སྟག་སྦྲམ་གཟིག་སྦྲམ་གཅིག་བཏང་། ཐེ་བྲང་གྱིས་བོང་སྦྲམ། སྲོག་སྦྲམ། ཝ་སྦྲམ་བཏང་། ཇ་ལ་མས་འཕར་སྦྲམ། ལྷ་སྲིན་སྡེ་བརྒྱད་ཀྱིས་གྲུམ་པ་བཏང་། གོ་སྦྲམ། གནོད་སྤྱིན་གྱིས་སྤྱོང་དག་ཀམ་ཀའི་སྦྲམ། ས་བདག་གིས་སྦལ་པའི་སྦྲམ། ཀླུ་རྣམས་ཀྱིས་ཉ་སྦྲམ། སྤྱིས་དྲེད་མོའི་སྦྲམ་བཏང་ངོ་། །དེ་ནས་དྲེགས་པ་རྣམས་ཀྱིས་འཛིངས་བཅུ་གཅིག་བཏང་སྟེ། བདུད་རྣམས་ཀྱིས་རྒོད་བརླག་སྡེར་འཛིངས་བཏང་། བཙན་རྣམས་ཀྱིས་ཝ་འཕར་བཏང་། རྒྱལ་པོ་རྣམས་ཀྱིས་ཤ་བ་དང་སྟག་བཏང་། མ་བདུད་རྣམས་ཀྱིས་ཕོ་རོག་དང་བྱ་ནག་བཏང་། ཐེ་བྲང་གིས་ཁྲ་བཏང་།ཇ་ལ་མས་སྲེ་མོང་བཏང་། སྡེ་བརྒྱད་ཀྱིས་གསའ་བཏང་། གནོད་སྤྱིན་རྣམས་ཀྱིས་ཝ་འཕར་བཏང་། ས་བདག་རྣམས་ཀྱིས་བྱི་ལྷ་བཏང་། ཀླུ་རྣམས་ཀྱིས་ཉ་མོ་རྔ་འཛིངས་བཏང་། སྤྱིས་ཕོ་རོག་དང་སྲེ་མོ་སྐྲུ་འཛིངས་བཏང་ངོ་། །ཡང་ཚེ་མ་བཅུ་གཅིག་བཏང་སྟེ། བདུད་རྣམས་ཀྱིས་མི་ཚེ་མ་བཏང་། བཙན་རྣམས་ཀྱིས་ར་ལུག་ཚེ་མ་བཏང་། རྒྱལ་པོས་རྟ་བཏང་། མ་བདུད་ཀྱིས་བ་བཏང་། ཐེ་བྲང་གིས་བོང་བུ་བཏང་། ཇ་ལ་མས་རྟ་བཏང་། སྡེ་བརྒྱད་ཀྱིས་མཛོ་བཏང་། གནོད་སྦྱིན་གྱིས་ཕོ་རོགབཏང་། ས་བདག་གིས་ར་ཚེ་མ་བཏང་། ཀླུས་བ་རུ་ཚེ་མ་བཏང་། སྤྱིས་བ་ཚེ་མ་བཏང་ངོ་། །དེ་ནས་ཡང་དྲེགས་པ་རྣམས་ཀྱིས་འོད་བཅུ་གཅིག་བཏང་སྟེ།བདུད་ཀྱིས་འོད་འཕྲོ་བ་བཏང་། བཙན་གྱིས་དམར་བ་སྦྲེང་བ་བཏང་། རྒྱལ་པོས་དཀར་ལམ་པ་བཏང་། མ་བདུད་ཀྱིས་འོད་འཕྲོ་བ་བཏང་། ཐེ་བྲང་གིས་སྒྲོན་མ་བཏང་། གནོད་སྒྱིན་གྱིས་མིག་མང་བར་བཏང་། ཇ་ལ་མས་ཉ་མིག་འདྲ་བར་བཏང་། སྡེ་བརྒྱད་ཀྱིས་ཐོག་འདྲ་བ་བཏང་། ཀླུས་འཕང་ལོ་འདྲ་བར་བཏང་། ས་བདག་གིས་སྐམ་ཐོག་ལ་ཉི་མ་ཤར་བ་འདྲ་བར་བཏང་། སྤྱིས་ཉི་མ་འདྲིལ་བ་འདྲ་བ་བཏང་ངོ་། །དེ་ནས་ཡང་དྲེགས་པ་རྣམས་ཀྱིས་ཐན་བཅུ་གཅིག་བཏང་སྟེ། ཐན་པ་ནི་ལྟས་ངན་གྱི་ཐན་པ་མ་རུངས་པ་སྟེ། ཐན་ངན་སྐྱེལ་བ་བཅུ་གཅིག་བྱ་བ་ཡིན་ཏེ། བདུད་ཀྱིས་ཐན་པ་ཁྲ་དར་བ་གཏོང་། བཙན་གྱིས་པུ་ཤུད་གཏོང་།རྒྱལ་པོས་གོ་བོ་འདྲ་བ། ཐེ་བྲང་གིས་སྲེག་པ། ཇ་ལ་མས་ཝ་གཏོང་། སྡེ་བརྒྱད་ཀྱིས་ཀྱུང་ཀ གནོད་སྦྱིན་གྱིས་ནེའུ་ལེ། ས་བདག་གིས་སོ་བྱ་རོག་པོ་གཏོང་། ཀླུས་ངུར་པ་བུ་འདེད་གཏོང་། དྲེག་པ་སྤྱིས་འུག་པ་གཏོང་ངོ་། །སྲིན་བྱ་དང་པུ་ཤུད་ཀྱང་གཏོང་ངོ་། །དེ་ནས་ཡང་དྲེགས་པ་རྣམས་ཀྱིས། བདུད་རྣམས་ཀྱིས་ཁྱི་ལ་སོག་པ་བཏང་། བཙན་རྣམས་ཀྱིས་ར་ལ་སྐར་མ་བཏང་། རྒྱལ་པོས་རྟ་ལ་དྲུག་འཁྲུམ་བཏང་། མ་མོས་ལུག་ལ་རོ་རྒལ་བཏང་། ཐེ་བྲང་གིས་གྲུམ་བུ་བཏང་། ཇ་ལ་མས་ཁ་ཡོན་བཏང་། སྡེ་བརྒྱད་ཀྱིས་ཤ་བཀྲ་བཏང་། གནོད་སྤྱིན་གྱིས་གཡན་ཤུ་བཏང་། ཀླུས་སྨན་གྱིས་འཁྲུད་བཏང་། ས་བདག་གིས་མཛེ་བཏང་། སྤྱིས་ལོང་པ་སྟོང་བཏང་ངོ་། །དེ་ནས་ཡང་བདུད་ཀྱིས་ཤོ་རེ། བཙན་གྱིས་ཁ་ལྟག་པར་སོང་བ་བཏང་། མིག་གཅིག་ལས་མེད་པ་བཏང་། རྒྱལ་པོས་ཁ་མིག་མེད་པ་བཏང་། མ་བདུད་ཀྱིས་རྐང་ལག་མེད་པ་བཏང་། ཐེ་བྲང་གིས་ཁ་ཡོན་བཏང་། ཇ་མ་ལས་གཅིག་ལ་གཅིག་ཞོན་པ་བཏང་། སྡེ་བརྒྱད་ཀྱིས་དུད་འགྲོ་གཅིག་ལ་གཅིག་ཤོན་པ་བཏང་། གནོད་སྤྱིན་གྱིས་མོན་ཕོ་མོ་བཏང་། ཀླུ་དང་ས་བདག་གིས་སྦལ་སྦྲུལ་བཏང་། སྦྱིས་རྨི་ལམ་ལོག་པ་དང་། མཐོང་རྒྱུ་མེད་པར་འབྲོས་པ་དང་། དྲེགས་པ་སྔོན་དུ་མཐོང་ནས་འབྲོས་པའམ། ཁྲིད་པ་དང་། སྙིང་མི་དགའ་བ་དང་། དགུ་བཅུ་གོ་གཅིག་བཏང་ངོ་། །དེ་རྣམས་ནི་ལྟས་ངན་དགུ་བཅུ་རྩ་གཅིག་གོ །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པས་ལྟས་ངན་བཏང་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། དྲེགས་པ་འདི་རྣམས་ལ་ལྟས་ངན་དེ་ལྟར་ན། བཅོལ་བའི་ལས་རྣམས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །ལྟས་ངན་བཅོས་པའི་ལས་བསྟན་པ། །ཞིང་ནི་ཤུལ་བ་རྣམས་ལ་ནི། །མདོས་དང་སྲིད་པའི་རྩལ་གྱིས་བཟློག །ཉ་སྦྲམ་བྱུང་ན་དེའི་ཤའི་གཏོར་མ་བྱས་པས་བཟློག །འཛིངས་རྣམས་ནི་གཏོར་ཆེན་ཡས་ཀྱིས་བཟློག །ཚེ་མ་རྣམས་ནི་སྣང་སྲིད་གཟུགས་ཀྱིས་བསྐང་བཟློག་བྱ། །འདི་རྣམས་དུས་ཀྱི་མདོས་ཀྱིས་བཟློག །ཐན་ངན་འཕྲིན་ངན་གཞན་དུ་ལྟོ་ཡིས་བསྒྱུར། །རྩེད་ལ་སོགས་པ་མི་སྡུག་དུས་གསུམ་ལྟོ་ཡིས་བཟློག ་༑་རེ་ཁ་མངས་མིག་མངས་ཅིག་ལ་གཅིག་ཞོན་རྣམས། །དེ་རྣམས་འཇིག་རྟེན་སྲོག་གི་ཐེ་ཚོམ་སྒྱུར་རོ། །རྨི་ལམ་ལོག་ན་སྲོག་གི་ཡས་ཀྱིས་བྱ། །མ་མཐོང་སྙིང་མཐོང་དངོས་མཐོང་སྙིང་མི་དགའ། །ལྟོ་དང་དྲག་པོའི་ལས་གཉིས་བྱ། །དེ་ལྟར་བྱས་ན་གང་ཡང་བཟློག །གསང་བའི་བདག་པོས་དེ་སྐད་གསུངས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྟས་ངན་བཟློག་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལས། །ནན་ལྷར་མི་ལ་བདུད་བབས་ན། །མི་ཡི་གླུད་དུ་བསྔོ་བ་ནི། །ར་དང་ཁྱི་དང་བྱ་ཡིས་འཐོམས། །དེ་ལ་བྱིན་བརླབས་བྱས་ནས་སུ། །དེ་དང་གཉིས་སུ་མེད་པར་བྱ། །དེ་ལ་སྤོས་དང་དྲི་ཡིས་བྱུག །རྐང་ལག་རིན་ཆེན་ཁུ་གུར་གཞུག །ལུས་ལ་དར་ཚོན་སྣ་ལྔ་བཏགས། །དེ་ལ་དར་དང་བརྒྱན་པ་སྟེ། །མཉམ་ཉིད་འཐོམས་ཏེ་དེ་ཡིས་བརྗེ། །དེ་ལ་རིམ་པར་བསྐྱེད་པ་ལ། །ཧུ༷། སྐྱེ་འགྲོ་སེམས་ཀྱིས་བསྡུས་པ་ལ། །འབྱུང་བ་ལྔ་ལ་བརྟེན་པ་ཡི། །སེམས་ཅན་མཉམ་གཉིས་བརྗེ་བ་རེ། །སྲིད་པའི་ལྷ་འདྲེ་མ་རུངས་པ། །སྲིད་པའི་དེ་ནི་ལྷ་འདྲེ་ཀུན། །བྱོལ་སོང་གཙོ་བོ་འདི་ལ་འཐོམས། །དུངས་པ་སེམས་ཀྱི་གཞི་མོ་སྟེངས། །རུས་པ་རིན་ཆེན་མཁར་དུ་བརྩིགས། །རྩ་རྒྱུས་གསེར་གྱི་དྲ་བས་གཏུམས། །ཕུང་པོ་ཤ་ཡི་བསེབ་ཚག་ནས། །མི་འགྱུར་ཁྲག་དང་ཆུ་སེར་བཅས། །རུས་པ་རིན་ཆེན་པགས་ཀྱིས་གཡོག །འདི་ནི་གླུད་ཀྱི་མཆོག་ཡིན་ནོ། །གླུད་འཐོམས་མཉམ་པ་འདི་ཡིན་ནོ། །སྨུ་བདུད་མཚམས་དང་གསུམ། །སྲིད་བསྐོས་དཔལ་དང་གསུམ། །ཚེ་སྲོག་དབུགས་དང་གསུམ། བདག་པོ་ཁྱེད་ཡིན་ཀྱང་། སྲིད་པ་མདོས་འདི་བཞེས། རྟེན་པ་འབྱུང་བས་རྟེན། བསྐོས་པ་སྲིད་པའི་བདག ཤ་ཁྲག་རུས་དང་གསུམ། ཚེ་སྲོག་དབུགས་དང་གསུམ། སྲིད་པ་ཆ་དང་གསུམ།མཉམ་པའི་གླུད་འབུལ་ལོ། །སྲིད་པའི་འཐོམས་པ་ཡིན་ནོ། །འཐོམས་ཆེན་འདི་ལ་འཐོམས། འབྱུང་བ་ནི་རྟེན་པའི་གླུད། མཉམ་ཉིད་སྲིད་པའི་གླུད། གླུད་མཆོག་དམ་པ་འདི་བཞེས་ལ། །བཅོལ་བའི་ལས་འདི་གྲུབ་པར་གྱིས། །ཧུ༷། བདུད་བཙན་རྒྱལ་དང་གསུམ། ཐེ་བྲང་ཇ་ལ་སྲིད་དང་གསུམ། ཀླུ་གཉན་ས་བདག་གསུམ། ལྷ་སྲིན་སྤྱི་དང་གསུམ། འདྲེ་བཀྲེན་ཡི་དྭགས་གསུམ། སྲིད་པའི་འཐོམས་ལ་རོལ། ཕྱི་ཡི་ཡུལ་དུ་མཉམ།ནང་གི་བཅུད་དུ་མཉམ། ཡན་ལག་བདེ་བཞི་མཉམ། ལྷུ་བཅུ་གཉིས་མདོ་དང་བཅུ་གསུམ་མཉམ། ཕུང་པོ་ཁམས་དང་སྐྱེ་མཆེད་མཉམ། །འབྱུང་བ་རྣམ་ཤེས་ཀུན་དང་མཉམ། །ནང་ཁྲོལ་སྨད་ལྔ་མཉམ། མཉམ་གཉིས་གླུད་དུ་བརྗེ། བདེན་གཉིས་ཚིག་གིས་བཀྲོལ། མཐུན་གཉིས་ཡས་ཀྱིས་བརྗེ། ཞེས་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མི་གླུད་འཐོམས་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །གསང་བའི་སྔགས་བདེ་བཅུ་རེ། །བསྐྱེད་པའི་ཡི་གེ་བསྟན་པ་དང་། །དྲེགས་པ་སྤྱི་ཡི་དྲིལ་སྔགས་བཅུ། །བསྐྱེད་པའི་ཡི་གེ་བསྟན་པ་ནི། །བདུད་ཡ་ལས་བསྐྱེད། བཙན་ལས་བསྐྱེད། རྒྱལ་པོ་ར་ལས་བསྐྱེད། མ་བདུད་མ་ལས་བསྐྱེད། ཐེ་བྲང་རྡ་ལས་བསྐྱེད། ཇ་ལ་མ་ཇ་ལས་བསྐྱེད། སྡེ་བརྒྱད་ན་ལས་བསྐྱེད། གནོད་སྤྱིན་ཤ་ལས་བསྐྱེད། ས་བདག་ས་ལས་བསྐྱེད། ཀླུ་ཕ་ལས་བསྐྱེད། དེ་ལ་བསྐྱེད་དང་བཤིག་ལས་བྱའོ། །དེ་ལ་དྲེགས་པ་སྤྱི་སྔགས་བསྟན་པ་ནི། ཨོ་ཡ་ཏ་ས་མན་ཏ་ཤ་རམ་ས་ཡ། ཤུ་ཏྲི་ས་ཏ་ཡ། ཙ་ཤ་ལ༷་སྨྱོ། ར་ཙ་ཨ་ཏི་ས་ཤ་ཡུ་ཏིང་སྨྱོ། མ་མ་རུ་སྲ རསྒ་སརྦ་ན་ཧྲིལ་སྨྱོ། ཏྲི་ཙབ་ཤ་ལ༷་ཏྲ་ལ་ས་མ་ནི། ཡ་ཏྲ་ལེ་ས་ཏྲི་མ་ཏྲི་རྦད་ཡེ། ཡ་ཏྲེ་ཡ་ཤ་བྷ་ན་རིལ་སྨྱོ། ཡ་ཤ་ཁ་འདར་བ་ནི་རི་ཡ་སྨྱོ། ས་མ་ཡ་ན་ག་ལེ། ཧེ་བ༷་ཧ་ཧི་ར༷་ཡ། དེ་ནི་བསྐྱེད་དང་སྤྱན་དྲངས་ཛ། དེ་ལྷར་བྱས་ལ་ལས་བྱའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པའི་ཡི་གེ་དང་རྩ་སྔགས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག དྲེགས་པའི་བདག་པོ་དེ་རྣམས་ལ། །སྔགས་ཀྱི་རིམ་པ་དེ་ལྟར་ན། །དམིགས་པ་བརླག་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །དམིགས་པ་བརླག་པར་བྱ་བ་ལ། །གཏད་དང་ཁྲམ་གྱི་ལས་ཡིན་ཏེ། །དེ་དག་ལས་ནི་བསྟན་པ་ནི། །ལས་ཀྱི་རིམ་པ་རིལ་བསྟན་པ། །གསད་པ་དང་ནི་གསོ་བ་དང་། །དབབ་པ་དང་ནི་བསྐྲད་པ་དང་། །མནན་པ་དང་ནི་གཟིར་བ་དང་། །དགུག་པ་དང་ནི་གཞུག་པ་དང་། །ཞི་བ་དང་ནི་བསྲུང་བ་དང་། །རྒྱས་པ་དང་ནི་དབང་བསྡུའོ། །དེ་ནི་སྤྱི་ཡི་ལས་སུ་བསྟན། །གཏད་དང་ཁྲམ་གྱི་ལས་བསྟན་པ། །བདུད་རྣམས་དག་ལ་གཏད་པ་ནི། །གསང་བ་སྟོབས་ཀྱི་ཏིང་འཛིན་གྱིས། །བསྒྲུབ་པའི་གནས་དེར་འདུག་ནས་ནི། ཁྲ་ཁྲག་ཕུད་དང་བཅས་པས་མཆོད། །བསྟོད་དང་ལས་ནི་བཅོལ་བའོ རབས་ཆད་ནག་པོའི་ཐོད་པ་ལ། །སྨེ་ཁྲག་རྣམ་པ་གསུམ་གྱིས་ནི། །དེ་ལ་འཁོར་ལོ་བྲི་བྱ་སྟེ། །དབུས་ནི་ཟླུམ་པོར་བཅས་པ་ལ། །འཁོར་ལོ་རྩིབས་ནི་བཅུ་གསུམ་བྲི། །འཁོར་ལོའི་རྩིབས་ལ་བདུད་ཀྱི་སྔགས། །དབུས་སུ་དམིགས་པའི་རྟེན་བཙུགས་ལ། །མིང་དང་རུས་སུ་ལྡན་པར་བྱ། །དེ་ལ་གདུག་ཤིང་ཕུར་པས་གཟིར། ་་ས་དང་ཁྲག་གིས་བསྐང་ནས་ནི། ཁ་ནི་མཐིང་ནག་དར་གྱིས་གཅད། །སྣ་ལྔའི་ཐག་པས་རྒྱ་གྲམ་བཅིངས། །དེ་ལ་སྔགས་བཟླས་བྱས་ནས་སུ། །བདུད་རྣམས་མཆོད་ཅིང་ལས་རྣམས་བཅོལ། །བདེན་བདར་དབང་གཟུགས་བྱས་ནས་སུ། །གོང་གསུམ་དག་ཏུ་མནན་པའོ། །དེས་དམིགས་ཁྲག་སྒྱུགས་ནད་ཀྱིས་འཆི། །བདུད་ལ་རིམ་པར་གཏད་པའོ། །བཙན་རྣམས་དག་ལ་གཏད་པ་ནི། །གསང་བའི་ཏིང་འཛིན་ལྡན་པ་དེས། །འཕར་བ་དམར་པོའི་ཐོད་པ་ལ། །གསང་བའི་ལས་རྣམས་རྫོགས་པར་བྱ། ཁྲག་སྣ་རྟ་ལ་སོགས་པ་ཡི། ཁྲག་གིས་འཁོར་ལོ་རྩིབས་དགུ་བྲི། །དབུས་སུ་དམིགས་པའི་རྟེན་བཙུགས་ལ། །མིང་དང་རུས་སུ་ལྡན་པར་བྱ། །འཁོར་ལོའི་རྩིབས་ལ་བཙན་གྱི་སྔགས། །དེ་ལ་ཐོད་པའི་ནང་དུ་ནི། ཁྲག་དང་ཉུངས་ཀར་དུག་ཆང་སྦྱར། ཁ་ནི་དར་དམར་དག་གིས་བཅད། །ཚོན་གྱི་ཐག་པས་རྒྱ་གྲམ་བཅིངས། །མཐུན་པའི་རྫས་ཀྱིས་བཙན་བཅོས་ལ། །མ་ཉེས་དཔང་བཙུགས་འདིས་ཉེས་བྱ། །དེ་ནས་མཐུན་པའི་རྫས་ཀྱིས་མཆོད། །བྲག་གི་ཐེམ་པར་མནན་པར་བྱའོ། །དེས་ནི་ཁྲག་སྒྱུགས་གཟེར་ནས་འཆི། །བཙན་ལ་རིམ་པར་གཏད་པའོ། །རྒྱལ་པོ་དག་ལ་གཏད་པ་ནི། །གསང་སྟོབས་ཏིང་འཛིན་ལྡན་པ་དེས། །སྤྱང་ཀི་སྔོན་པོའི་ཐོད་པ་ལ། །ར་ཁྱི་མི་ཡི་ཁྲག་གིས་ནི། །འཁོར་ལོ་རྩིབས་ནི་ལྔ་པ་བྲི། །འཁོར་ལོའི་རྩིབས་ལ་རྒྱལ་པོའི་སྔགས། །དབུས་སུ་དམིགས་པའི་རྟེན་བཙུགས་ལ། །མིང་དང་རུས་སུ་ལྡན་པར་བྱ། །དེ་ལ་སྐྱེར་མདེ་ཕུར་པས་གཟིར། ཁྲག་ཉུངས་དུག་དང་བཅས་པ་ཡིས། །བཀང་ལ་ཁ་ནི་དར་དཀར་བཅད། །ཚོན་ལྔའི་ཐག་པས་རྒྱ་གྲམ་བཅིངས། །དེ་ལ་བསྙེན་ཅིང་བསྒྲུབས་ནས་ནི། །མཐུན་པའི་རྫས་ཀྱིས་རྒྱལ་པོ་མཆོད། །མ་ཉེས་དབང་གཟུགས་འདིས་ཉེས་བྱ། །གཙུག་ལག་མཆོད་པ་མཆོད་རྟེན་འོག །དེས་ནི་སྨྱོ་འབོག་ནད་ཀྱིས་འཆི། །རྒྱལ་པོ་ལ་གཏད་པའོ།། །།མ་བདུད་དག་ལ་གཏད་པ་ནི། །གསང་སྟོབས་ཏིང་འཛིན་ལྡན་པ་དེས། །མཐུན་རྫས་བདུད་མོ་མཆོད་བྱས་ལ། །དབུས་སུ་ར་ཡི་ཐོད་པ་ལ། །ངན་ཁྲག་རྣམ་པ་གསུམ་གྱིས་ནི། །འཁོར་ལོ་རྩིབས་ནི་བཅུ་གསུམ་བྲི། །ཐོད་པར་ཉུངས་ཀར་སྐེ་ཚེ་མྱོངས་ཆང་བཏུག །འཁོར་ལོ་དག་ལ་བདུད་མོའི་སྔགས། །དབུས་སུ་དམིགས་པའི་རྟེན་བཙུགས་ལ། །མིང་དང་རུས་སུ་ལྡན་པར་བྱ། །གདུག་པའི་ཕུར་པས་གཟིར་བའོ། །མཐིང་ནག་དར་གྱིས་ཁ་ཡང་གཅད། །ཚོན་ལྔའི་ཐག་པས་རྒྱ་གྲམ་བཅིངས། །མཐུན་པའི་རྫས་ཀྱིས་བདུད་མོ་མཆོད། དཔང་གཟུགས་དམ་བདར་བསྐུལ་བྱ་ནས། །དམིགས་པ་གཏད་པའི་ལས་བཅོལ་ལ། །དུར་ཁྲོད་དག་ཏུ་མནན་པའོ། །དེས་ན་དམིགས་པ་རླག་པར་བྱེད། །བདུད་མོ་ལ་གཏད་པའི་རིམ་པའོ། །ཐེ་བྲང་དག་ལ་གཏད་པ་ནི། །གསང་བའི་ཏིང་འཛིན་ལྡན་པ་དེས། །རི་བོང་རྣ་རིངས་ཐོད་པ་ལ། །འཁོར་ལོ་རྩིབས་ནི་བཅུ་པ་བྲི། །འཁོར་ལོའི་རྩིབས་ལ་ཐེ་བྲང་སྔགས། །དབུས་སུ་རྟེན་གཟུགས་ཕུར་པའོ། ཁྲག་དང་ཉུངས་ཀར་བླུག་ནས་ནི། །ཐོད་པའི་ཁ་ནི་དར་གྱིས་གཅད། །ཚོན་གྱི་ཐག་པས་རྒྱ་གྲམ་བཅིངས། །མཐུན་པའི་རྫས་ཀྱིས་ཐེ་བྲང་མཆོད། །མ་ཉེས་དཔང་གཟུགས་འདིས་ཉེས་བྱ། དེ་ལས་ལས་བཅོལ་ལུང་གསུམ་མནན། །དེ་ཡིས་དམིགས་པ་རླག་པར་བྱེད། །ཐེ་བྲང་དག་ལ་གཏད་པའོ། །དེ་ལ་ཀླུ་ལ་གཏད་པ་ནི། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །ཕག་པ་ནག་པོའི་ཐོད་པ་མྲ །འཁོར་ལོ་རྩིབས་ནི་བརྒྱད་པ་བྲི། །འཁོར་ལོའི་རྩིབས་ལ་ཀླུ་ཡི་སྔགས། །དབུས་སུ་དམིགས་པའི་རྟེན་བཙུགས་པ། །གདུག་ཤིང་ཕུར་པས་གཟིར་བའོ། ཁྲག་དང་དུག་དང་དེ་བཞིན་དག ཁ་ནི་ལྗང་ཁུ་དར་གྱིས་གཅད། །ཚོན་ལྔའི་ཐག་པས་རྒྱ་གྲམ་བཅིངས། །མཐུན་པའི་རྫས་ཀྱིས་བླུད་མོ་མཆོད། །མ་ཉེས་དཔང་གཟུགས་འདིས་ཉེས་བྱ། །བསྟོད་བསྐུལ་དམིགས་གཏད་ལས་ཀྱང་བཅོལ། །ལས་བཅོལ་བྱས་ནས་དེ་ནི་མཆོད། །ཆུ་ཡི་མིག་གམ་གསང་དུ་མནན། །དེ་ནི་དམིགས་པ་བརླག་ཅེས་བྱའོ། །ཀླུ་ལ་གཏད་པའི་རིམ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དམིགས་པ་གཏད་པའི་ལེའུ་སྟེ་སོ་དྲུག་པའོ།། །།རྫོགས་སོ།། །།རྒྱ་གར་སྐད་དུ། དེ་ཝ་ཡ་ཏི་སན་ཏྲི་ཉུ་ཉ་ཏ་པི་སམ་ག་ནཱ་མ་མ་ཧྭ་ཏན་ཏྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བམ་པོ་གཉིས་པ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་