Ngb-pt-0867-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྡོ་རྗེ་ཕུར་པ་གཙུག་ལག་གི་རྒྱུད་ཕྱི་མ་ལས། རྒྱུད་འབུམ་གྱི་ལྡེ་མིག་གཅིག་རྒྱུད་གདམས་པའི་ལེའུ་སྟེ་བཞི་པའོ།། །། རྒྱ་གར་སྐད་དུ། ཡ་མ་ཙཀྲ་ཀྲི་ཡ་ཏན་ཏྲ། བོད་སྐད་དུ།གཤིན་རྗེ་གཙུག་ལག་གི་འཁོར་ལོའི་རྒྱུད། རྡོ་རྗེ་གསང་བ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་དཔལ་ཀུན་ཏུ་བཟང་པོ་ལ་བསྟོད་པ་དང་མཆོད་པ་སྣ་ཚོགས་པས་མཆོད་པ་དང་། གསང་བའི་བདག་པོས་གསོལ་པ། བསྐལ་པ་ཐ་མའི་བསྟན་པ་ལ། །མཚམས་མེད་ལྔ་ཡི་ལས་འབྱུང་སྟེ། །སངས་རྒྱས་བསྟན་ལ་འཚེ་བ་ལ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །རྒྱུད་གཞན་དག་ཏུ་མ་གསུངས་པའི། །གཤིན་རྗེའི་རྒྱུད་དོན་འབུམ་ཕྲག་རྣམས། །བཤད་པའི་ལྡེ་མིག་དུ་ཡིས་འབྱེད། །བདག་གིས་མི་འཚལ་བཤད་དུ་གསོལ། །ཞེས་ཚིག་དང་བཅས་པས་ཞུས་པ། དེའི་ཚེ་དེའི་དུས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཀུན་ཏུ་ཤིན་ཏུ་འཇིགས་པའི་སྒྲ་དང་། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་བྱུང་སྟེ། ཐམས་ཅད་འཇིགས་ཤིང་སྐྲག་པར་འགྱུར་རོ། །དེ་ནས་ཀུན་ཏུ་བཟང་པོས་ཤིན་ཏུ་གསང་བའི་དངོས་གྲུབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། དེའི་ཐེ་ཚོམ་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཉོན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རཀྟ་གདོང་དམར་འདུལ་བའི་ཕྱིར། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །རྒྱུད་གཞན་དག་ཏུ་མ་གསུངས་པའི། །གཤིན་རྗེའི་རྒྱུད་དོན་འབུམ་ཕྲག་རྣམས། །ལྡེ་མིག་རྣམ་པ་གསུམ་གྱིས་དབྱེ། །ཐེམས་ཀྱི་འཁོར་ལོའི་མན་ངག་ཡིན། །ཚད་མ་སྔགས་ཀྱི་ལྡེ་མིག་ཡིན། །རྩིས་ནི་མན་ངག་ལྡེ་མིག་ཡིན། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །དང་པོར་ཐེམས་ཀྱི་མན་ངག་བཤད། །དེ་ལ་སྐྱོན་ཡོན་རྣམ་བཞི་སྟེ། །ལྡོག་དང་འཁྱམ་དང་ལྟོ་བྲལ་དང་། །འཁོར་ལོ་རྟག་ཏུ་འཁོར་བ་བཞི། །རེ་རེ་ཡན་ལག་གསུམ་གསུམ་དང་། །མན་ངག་མེད་དང་ཡན་ལག་ཉམས། །བཅའ་བ་ཉེས་པ་གསུམ་དུ་བསྟན། །དེ་ལས་ཟློག་པ་ཡོན་ཏན་ཡིན། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །རྩ་བའི་འཁོར་ལོ་བཞི་རུ་བཤད། །སྙིང་ཁ་ལྟེ་བ་གསང་བ་དང་། །ཡན་ལག་བཞི་ལ་གནས་པ་སྟེ། །གནས་དང་སྲིད་དང་སྤྲུལ་དང་གཅོད། །གནས་དང་ཕྱི་མོ་འགྱུར་དང་སྤྱོད། །མུ་ལ་རྩ་བ་ཁ་གནོན་སྟོབས། །མེ་དབལ་སྙིང་བརྩེགས་སྤུ་གྲི་བཞི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ལྷ་སྲིན་སྡེ་བརྒྱད་བཞི་ལ་སྣང་། །སྔགས་ཀྱི་ཡན་ལག་རྒྱས་པར་ནི། །འཁོར་ལོ་བཞི་ལས་འབྱུང་བར་བཤད། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །སྤྱི་ཡི་གདམ་ངག་བཞིར་ཤེས་བྱ། །འཁོར་ལོ་བཅའ་དང་དྲང་ལུག་དང་། །བསྲེ་དང་འཁོར་ལོ་སྤྲོ་བ་ནི། །སྤྱི་ཡི་གདམ་ངག་ཡིན་པར་བཤད། །ཅི་ཡི་ཕྱིར་ན་འཁོར་ལོ་སྟེ། །འཕོ་ཞིང་འཕེན་པར་བྱེད་པ་དང་། །གཅོད་ཅིང་འབིགས་པར་བྱེད་པ་དང་། །མ་ཚང་མེད་ཅིང་གནས་པ་དང་། །འཁོར་ཞིང་འགྱུར་བས་འཁོར་ལོ་ཡི། །འགྱུར་མེད་ཐེམས་ཀྱི་མན་ངག་ལས། །རྣལ་འབྱོར་རྨེ་འཐབ་བྱེད་པའི་ཚེ། །ཐེམས་ཀྱི་འཁོར་ལོ་འདི་ལྟར་དབྱེ། །རིག་སྔགས་བསྲུང་དང་གནན་པ་དང་། །བཟློག་དང་བཅིང་དང་དྲལ་བ་དང་། །དབྱེ་དང་རིགས་སྔགས་གཤེད་དུ་དབབ། ཁ་འཆིང་གསེར་གྱི་འཁོར་ལོ་དང་། །དེ་འབྱེད་ལྕགས་ཀྱི་ལྡེ་མིག་དང་། །སྡོམ་བྱེད་ལྕགས་ཀྱི་ཁྱུང་མོ་དང་། །འཆིང་བྱེད་སྦྲུལ་གྱི་ཆུན་པོ་དང་། །གསོན་བྱེད་སྲོག་གོ་འཁོར་ལོ་ཡིས། །རྣལ་འབྱོར་རིག་སྔགས་གཏན་ལ་འབེབས། །དྲག་སྔགས་ཁྲི་ཞུགས་སྟོང་ཞུགས་ཀྱང་། །གསད་པའི་སྔགས་སུ་འདི་ལས་མེད། །གཅིག་དང་གཉིས་དང་གསུམ་དང་བཞི། །ལྔ་དང་དྲུག་དང་བདུན་བར་དུ། །མཁས་པས་རིགས་ཀྱིས་སྡེབས་ཏེ་བཟླས། །གཤིན་རྗེ་གཙུག་ལག་གི་འཁོར་ལེའི་རྒྱུད་ཕྱི་མ་ལས། །ཐེམས་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །སྔགས་ལ་རྣམ་པ་ལྔ་རུ་བསྟན། །རྩ་བ་དམ་ཚིག་ཡང་སྙིང་དང་། །བཞི་སྙིང་གཅིག་ཏུ་དྲིལ་བ་དང་། །ཆོས་སྐུ་སྔགས་ཏེ་ལྔ་རུ་བསྟན། །མགོ་མཇུག་ཀུན་ལ་སྦྱར་བར་བྱ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོང་མཐོང་སྤངས་པའི་ཕྱིར། །སྔོན་དུ་བསྙེན་པའི་ལས་ལྔ་བསྟན། །གཟུང་དང་བསྐྱེད་དང་གནས་དང་བསྐུལ། །ལས་ལ་བཞག་ཐབས་ལྔ་རུ་བསྟན། །སྙིང་པོ་འབྱིན་བསྐྱེད་རབ་ཏུ་ཟབ། །དེ་མ་གྲུབ་ན་རང་རྒྱུད་བརླག །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །བཟློག་ཏུ་མེད་པའི་སྙིང་པོ་ལ། །རྣམ་པ་བཞི་རུ་ཤེས་པར་བྱ། །བསྐྱེད་དང་གྲུབ་དང་ཆུད་མི་གསོན། །སྣ་ཚོགས་ལས་ཏེ་བཞི་རུ་བསྟན། །བསྐྱེད་ལ་བསྙེན་འཛབ་དྲག་པོའི་དུས། །དེ་བཞིན་གཞན་ལ་བཞི་རུ་བསྟན། །མགོ་དང་མཐའ་བཏུས་དང་སྦྲུལ་དང་། །གདགས་དང་ཡན་ལག་ལྔ་རུ་བསྟན། །ལས་ཀྱི་ཡན་ལག་གང་ལ་ཡང་། །རྩ་བ་དམ་ཚིག་ཡང་སྙིང་དང་། །བཞི་སྙིང་ཆོས་སྐུ་འབྲུ་སྡེབ་སྔགས། །དེ་ཡིས་སྣ་ཚོགས་ལས་རྣམས་འགྲུབ། །བདག་གཞན་སྔགས་ཀྱི་ཚད་མ་རྣམས། །གཞན་དུ་བཤད་པས་འདིར་མ་བསྟན། །གཤིན་རྗེ་གཙུག་ལག་གི་རྒྱུད་ཕྱི་མ་ལས། ཚད་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར། །རྩིས་ཀྱི་རྣམ་གྲངས་བཅོ་ལྔས་བསྟན། །འོད་ཚོན་དམག་དང་རྩ་བ་དང་། །སྲོག་དང་ཀ་བ་རྟོད་ཐག་དང་། །སྐྱེས་བུ་ཡང་སྙིང་རྟོད་ཕུར་དུ། །མཚོན་ཆ་འཁོར་ལོ་ཁ་གནོན་གཏོང་། །སྒྱུར་༄༅ འཐབ་ཐེམས་ཀྱི་འཁོར་ལོ་ལས། །ཞི་ཁྲོ་མཁན་དང་འགྲས་སྲིད་ན། །ཕོ་ཉ་དེ་ཡི་སྣ་ཡང་བཟློག །ཕུར་པ་མཁན་དང་འགྲས་སྲིད་ན། །ཕུར་པ་དེ་ཡི་དབལ་ཀྱང་བསད། །གཤིན་རྗེ་མཁན་དང་འགྲས་སྲིད་ན། །འཁོར་ལོ་དེ་ཡི་གཞི་ཡང་གསུམ། །མ་མོ་མཁན་དང་འགྲས་སྲིད་ན། །མ་མོ་རྣམས་ཀྱི་བྱད་ཁ་བསྡུ། །འཇིག་རྟེན་མཁན་དང་འགྲས་སྲིད་ན། །ཐེ་རང་དེ་ཡི་རྐང་ཡང་གཅག །གསོད་བྱེད་རྩིས་ཀྱི་མན་ངག་ལས། །བྱས་པ་གཤིག་དང་ཞེན་པ་བཟློག །གནས་པ་པོ་དང་ཟུག་པ་ཕྱུང་། །བཅིངས་པ་སྒྲོལ་དང་སྡེ་བརྒྱད་དཀྲུག །ཕན་བྱ་གནོད་པར་བཏང་བ་སྟེ། །གསང་ཐེམས་འཁོར་ལེའི་མན་ངག་ཡིན། །རྣམ་གསུམ་ལས་ཀྱི་ཐ་མ་ནི། །ཡ་མན་ཏ་ཀ་བདུད་བསྒྲུབ་དང་། །རྒྱལ་པོ་བཙན་དང་མ་མོ་དང་། །ཀླུ་གཉན་རྣམས་ལ་རིམས་བཞིན་དུ། །རང་རང་རྒྱུད་དུ་ཤེས་པར་བྱ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་བའི་ཕྱིར། །ཡང་ན་གཙུག་ལག་མན་ངག་ལས། །དྲག་སྔགས་བསྒྲུབ་དང་འཁོར་ལོར་བསྒྲུབ། །གཉིས་ཀྱི་གང་རུང་ལས་ལ་སྦྱར། །དོན་གྱི་མན་ངག་ཤེས་པར་གྱིས། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤང་བའི་ཕྱིར། །འཁོར་ལོ་ལས་ཀ་འབུམ་ཕྲག་ལས། །བསྡུ་ན་རྣམ་པ་བཅུ་རུ་ཤེས། །ཞི་རྒྱས་དབང་དྲག་དབྱེ་བ་དང་། །དགུག་དང་གནན་དང་སྨྱོ་འབོག་དཀྲུག །བསྐྲད་པའི་ལས་ཏེ་རྣམ་པ་བཅུ། །ལས་ཀྱི་འཁོར་ལོ་མ་སྒར་ན། །སྔགས་ཀྱི་སྭ་ཡིས་མི་འགྲུབ་ཕྱིར། །འཁོར་ལོ་བགྲང་ལུགས་ཤེས་པར་བྱ། །སྒོ་སྒོ་གཡུ་ཡི་སྤྱང་མོ་ཡིས སོ་སོའི་ལས་ལ་སྦྱར་བར་བྱ། །ལས་ཀྱི་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་སྐྱོན་མཐོང་སྤངས་སྣྲུའི་ཕྱིར། །སྤོགས་ཐབས་རྣམ་པ་བཞིར་ཤེས་བྱ། །གསང་བ་སྔགས་ཀྱི་ངོ་བོ་སླང་། །འཆི་བདག་མོ་ཡི་ཨར་ལ་གཏད། །གཤིན་རྗེ་ལྟོ་དཀྲུག་འཁོར་ལོ་ཐེམས་སུ་གཏེམ། །དེ་ཡིས་ལས་རྣམས་གདོན་མི་ཟ། །སྤྱི་ཡི་གཙུག་ལག་རྣམ་གསུམ་ནི། །གསང་སྔགས་སྤྱི་དང་ཁྱད་པར་སྒོ། །སྐྲུ་གྲི་གཅོད་དུ་ཤེས་པར་བྱ། །སྤྱི་ནི་ལྷ་གྲུབ་ཐམས་ཅད་ལ། །གསང་བ་དབྱངས་ཡིག་གཏང་ལུགས་ཏེ། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །ཁྱད་པར་སྒོ་ཡི་གཙུག་ལག་ནི། །རྩ་བའི་རྒྱུད་དུ་ཤེས་པར་བྱ། །སྐྲུ་གྲི་གཅོད་ཀྱི་གཙུག་ལག་ནི། །ཕྱི་མ་རྒྱུད་དྲུག་དག་ཏུ་ཤེས། །འདི་ནི་ཕྱི་མ་མན་ངག་རྒྱུད། །གསང་སྔགས་བརྡ་ཡི་ཚུལ་ནི་ཤེས། །གསང་སྔགས་བརྡ་ཡིས་མ་སྨྲས་ན། །སྔགས་ཀྱི་དངོས་གྲུབ་མི་འབྱུང་ངོ་། །དེས་ན་གསང་ཞིང་གབ་པར་བྱ། །གཤིན་རྗེ་གཙུག་ལས་གི་རྒྱུད་ཕྱི་མ་ལས། གསང་ཐེམས་གཙུག་ལག་གི་ལེའུ་སྟེ་གསུམ་པའོ།། །།ཚིག་གསུམ་དག་གིས་གསང་བྱས་ལ། །གང་ཟག་གསུམ་ལ་གསང་བར་བྱ། །སྔགས་ཀྱི་གཙུག་ལག་མ་ཤེས་ན། །འཕྲིན་ལས་བྱ་བའི་ལས་ལ་རྨོངས། །བསྒྲུབ་པ་མི་འགྲུབ་ཐང་ཤ་ཆད། །ཡི་དམ་ཆོས་ལ་དད་མི་སྐྱེ། །དེ་ཕྱིར་གཙུག་ལག་རབ་ཏུ་གཅེས། ཁ་ནས་མེ་འབར་ཁོང་དུ་སྦྲུལ་ཞུགས་ཀྱང་། །སྐད་ཅིག་ཙམ་ཡང་ཁ་རུ་དབྱུང་བ་མེན། །སུ་ལ་མི་བསྟན་རང་གི་ཉམས་སུ་བཞག །སངས་རྒྱས་བསྟན་པ་བཤིག་པ་མ་གཏོགས་སོ། །ཞེས་བཀའ་སྩལ་པས། གསང་བའི་བདག་པོ་དང་དྲག་པོ་ཆེན་པོའི་འཁོར་རྣམས་ཡིད་དགའ་སྟེ། །བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །གསང་སྔགས་གཙུག་ལག་མན་ངག་གི་རྒྱུད་ཕྱི་མ་རྒྱུད་འབུམ་གྱི་ལྡེ་མིག་གོ །རྒྱུད་གདམ་པའི་ལེའུ་སྟེ་བཞི་པའོ།། །།གཤིན་རྗེ་གཙུག་ལག་གི་འཁོར་ལེའི་རྒྱུད་ཕྱི་མ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་བཱ་ཁི་ཙཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད་རྡོ་རྗེ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་