Ngb-pt-0839-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མ་ཀྲིག་ཀྲིཚི་ནཱ་མ་ཏན་ཏྲ། བོད་སྐད་དུ། མུན་པ་ནག་པོ་ཞེས་བྱ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་ཡེ་ཤེས་སྤྲུལ་པའི་སྐུའི་གཙོ་བོ་རི་རབ་ཀྱི་སྟེང་གི་བྱང་ཕྱོགས་ན། མེ་རི་འབར་བའི་གཞལ་ཡས་ཁང་ན་འདས་པ་དང་འཇིག་རྟེན་པའི་རིགས་སྣ་ཚོགས་པས་བསྐོར་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཐུགས་དགོངས་མཐར་དབྱུང་བ་དང་བསྟན་པ་བསྲུང་བའི་ཕྱིར། འགྲོ་བ་གདུལ་བར་གཟིགས་ནས་ནག་པོ་ཆེན་པོའི་རྒྱུད་མུན་པ་ནག་པོ་ཞེས་བྱ་བ། འཁོར་རྣམས་ལ་བཀའ་སྩལ་པ། རྟེན་ཀྱི་སྐུ་ཡི་བཅའ་ཐབས་དང་། །དཀྱིལ་འཁོར་བྲི་ཞིང་བརྩིགས་པ་དང་། །སྔགས་ཀྱི་བཟླས་པ་བྱ་བ་དང་། །དཔལ་ལྡན་མགོན་པོ་བསྐྱེད་པ་དང་། །དམ་རྫས་གཏོར་མ་བཤམ་པ་དང་། །འཁོར་ལོ་བསྐོར་ལ་གསད་པ་དང་། །རྡོ་རྗེ་མེ་ཐབ་ཆོ་ག་དང་། །གཞན་ཡང་རྦད་པ་བཟློག་པ་དང་། །ཟོར་གྱི་ལས་ཀྱིས་གསད་པ་དང་། །དྲག་པོ་ཧོམ་གྱི་ཆོ་ག་དང་། །ལྟས་དང་མཚན་མའི་རིམ་པ་དང་། །ཐུགས་དམ་བསྐང་བའི་རིམ་པ་དང་། །ལས་ཀྱི་མཐའ་བསྡུའི་རིམ་པ་དང་། །དེ་ལྟར་སྤྱི་དོན་བཅུ་གསུམ་དུ། །བཤད་ཀྱིས་རབ་ཏུ་མཉན་པར་གྱིས། །མུན་པ་ནག་པོའི་རྒྱུད་ལས། །གླེང་གཞི་བསྟན་པའི་ལེའུ་སྟེ་དང་པའོ།། །།དཔལ་ལྡན་ནག་པོ་ཆེན་པོ་ནི། །རྟེན་གྱི་ལྡེར་སོ་བྱེད་པ་ན། །ས་མཉེན་བཟང་པོ་རྡོ་རྒྱུས་དང་། །དུག་དང་ཚ་གསུམ་ཤ་ཁྲག་ལ། །ཁྲུ་གང་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་གཅོད་བྱེད་གྲི་གུག་སྟེ། །གཡོན་ན་བན་དྷ་ཁྲག་བཀང་གསོལ། །ཁམ་ནག་རལ་པ་གྱེན་དུ་འབར། །དར་ནག་བེར་དང་ཅོད་པན་དང་། །བསྒྲུབ་པ་པོ་ཡི་གཡས་སུ་བཞག །མི་ནག་རྟ་ནག་གཞོན་པ་ལ། །ནམ་མཁའ་ནག་པོ་ལག་ན་ཐོགས། །སྟག་རལ་གཟིག་ཤུལ་བཏགས་པའི་ཚེག །རྦད་པ་བཟློག་པའི་རྟེན་དུ་བཅའ། །ཁྲུ་གང་གཟུགས་ལ་གདུག་པ་ཅན། །ལྟོ་བར་དྲག་པོའི་འཁོར་ལོ་བཅའ། །དམེ་འཐབ་བྱེད་པའི་རྟེན་དུ་ཤེས། །སྨུག་པོ་བེར་ཐོད་འཁོར་ལོ་ཅན། །བསྲུང་བ་བྱེད་པའི་རྟེན་དུ་ཤེས། །མཆོད་དང་གཏོར་མ་བཟང་དུ་བཤམ། །བླ་མ་གུས་ཤིང་ཤེས་རབ་ཅན། །དད་ཅན་གཡོ་སྒྱུ་སྤང་བ་ཡིས། །དེ་ལ་འདོད་པའི་དོན་གསོལ་ན། །ནག་པོ་ཆེན་པོས་དངོས་གྲུབ་སྟེར། །མུན་པ་ནག་པོའི་རྒྱུད་ལས། །རྟེན་བཅའ་བའི་ལེའུ་སྟེ་གཉིས་པའོ།། །།སྲོག་དབུགས་མངའ་བདག་ལྷ་ཆེན་གྱི། །དཀྱིལ་འཁོར་བྱ་བའི་རིམ་པ་ནི། །དུར་ཁྲོད་གྲོག་པོ་ཕུགས་རྡུགས་ས། །རྒྱལ་པོ་ཕུང་ཤུལ་རི་ཧྲུལ་དང་། །མུ་སྟེགས་རྟེན་ལས་བླངས་པའི་ས། །དུག་དང་ཁྲག་གིས་བྲན་བྱས་ཏེ། །ཁྲུ་བཞི་པ་ཡི་གྲུ་བཞི་ལ། ཁུ།་གསུམ་ཁྲུ་གང་ཟླ་ཁམ་ཅན། །འཁོར་ལོའི་རྩིབས་དྲུག་མུ་ཁྱུད་བཅས། །ཐོད་པ་འཕྲེང་བ་མེ་རིས་བསྐོར། །གྲུ་གསུམ་ཁ་ཁྱེར་རྩང་དམར་ལ། །ལིང་ག་བཏགས་ཏེ་གཟུགས་པར་བྱ། །གསད་པའི་དཀྱིལ་འཁོར་གཤིན་རྗེའི་ཕྱོགས། །གྲུ་གསུམ་དུར་ཁྲོད་སོལ་བས་བྱུགས། །ནུབ་བྱང་གྲུ་གསུམ་མཐོ་གང་བར། །ལྷ་དང་དབྱེ་བའི་ཆོ་ག་བྱ། །བྱང་ཤར་ལུག་ནག་གདགས་པར་བྱ། །ལྷོ་ནུབ་མཚམས་སུ་ཐུན་ཡང་བྱ། །མུན་པ་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ནག་པོ་ཆེན་པོ་ཡི། ། སྤྱན་དྲངས་སྔགས་ནི་བརྒྱ་རྩ་བརྒྱད། །བཟླས་ནས་ནག་པོ་ཆེན་པོ་འགུགས། །ཨོ་ཨེ་གྱེ་ཧི་མཧྭ་ཀྭ་ལ་ཀ་རུ་ནི། ཛ་ཛ་ཧུ༷། སྲོག་གི་སྙིང་པོ་དྲང་བ་ནི། །ཨོ་མཧྭ་ཀྭ་ལ་ཏྲག་ཤད་མ་ཧྭ་ཀ་ལ་སིདྷི་ཡ་དུ་ཛ་ཛ་ཧུ༷། ཨོ་མ་ཧྭ་ཀྭ་ལས་སྙིང་འབྱིན་ནོ། །སྙིང་ལ་སུ་ནི་ཙིསྟ་རྦད། །མིང་ཕྱོ་ལས་ལ་རུབ་པར་བྱེད། །ཨོ་མ་ཧྭ་ཀྭ་ལ་དྲི། ཐུམ་ལམ་ཐུམ་རིལ་རྦད། །བུ་ནི་མྱ་ར་ཡ་ཛ། རྦད་ཅིང་གསད་བའི་སྔགས་ཡིན་ཏེ། །དམ་ཉམས་ལུས་སྲོག་འབྲེལ་བར་བྱེད། །ཆེ་གེ་མོ་ནག་པོ་སྲོག་ཁྲག་སྦལ། །སུབས་ཏུབས་མུག་ཏི། ཁྲག་ཤ་དུ་པི་བ༷་ཐུ༷་རིལ་རྦད། དམེ་འཐབ་རྣམ་སྨིན་རབ་ཏུ་ཆེ། །དྲི་ཤ་ཀུ་རུ་ཙི་ཙི། མུ༷་ཁྲག་སྟེ་བ་ཏ་དུ་རུ་ཏི་ཧུ༷་ཟློག །གསང་སྔགས་ཡང་དག་བཟློག་པ་འདིས། །གཤིན་རྗེའི་འཕྲུལ་བ་བཟློག་པར་བྱེད། །མ་སུ་ཀ་ལི་བི་ཏ་པ་ར་མ་ཏྲ། ཙིན་དྷ་པྱ་ཡ་རཀྟ་ཀུ་རུ་ཧུ༷། དེ་ཡིས་ཐམས་ཅད་སྲུན་པར་བྱེད། །ཨོ་མཧྭ་ཀྭ་ལ་ཡ་ཀ་ཤཀྟ། སརྦ་པརྩི་ཨ་མྲི་ཏ་ཨསྙེ༷་པྲ་ཏིསྣྲོ་ཁུ་ཧི། དེས་ནི་སྨན་ཕུད་དབུལ་བར་བྱ། །ཨོ་ཙཎྜམ་ཧྭ་ཀྭ་ལ་རག་མོ་འདི་ལ་ཏི་བ་ལི་གྲོཏྣ་ཁུ་ཧི། དེ་ནས་གཏོར་མ་སྦྱིན་པར་བྱ། །སྔགས་ནི་དགོས་འདོད་ཐམས་ཅད་འབྱུང་། །མུན་པ་ནག་པོའི་རྒྱུད་ལས། །གསང་སྔགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལྷ་བསྐྱེད་བསྒོམ་པ་ནི། །བདག་ཉིད་སྐད་ཅིག་ལྷ་དག་གིས། །ས་བོན་འདི་འཕྲོས་སྤྱན་དྲངས་ཏེ། །ཕྱག་དང་མཆོད་སོགས་རྫོགས་ནས་ཀྱང་། །ཚངས་པའི་གནས་བཞི་བསྒོམ་པར་བྱ། །རང་བཞིན་དག་པའི་སྔགས་བརྗོད་ལ། །གུར་སོགས་བཞི་ཡི་བསྲུང་བར་བྱ། །མེ་ཡི་ས་བོན་རྟ་བདུན་ལ། །ཧུ༷་ལས་གྲི་གུག་དེ་ཡིས་མཚན། །དོན་བྱས་གདུག་པ་ཀུན་འདུལ་ནས། །འདུས་པ་མ་ཧྭ་ཀྭ་ལར་གྱུར། །ཞལ་གཅིག་ཕྱག་གཉིས་མཐིང་ནག་གཟུགས། །བེར་ནག་རྒྱན་ཞིང་ཐོད་ནག་བཅིངས། །སྦྲུལ་ནག་འབར་བའི་གདུ་གུ་ཅན། །བསྐལ་པའི་མེ་དཔུང་ནང་ན་གནས། །སྤྱན་གསུམ་ཞལ་བསྒྲད་སྨྲ་ར་སེར། །ཕྱག་གི་གྲི་དང་ཀྭ་བཱ་ལ། །ཐུགས་ཀར་ཧུ༷་ཡིག་འཕྲོ་འདུ་ཅན། །རོ་ཡིག་གདན་ལ་གནས་པ་ཡི། །ནག་པོའི་སྤྲུལ་པ་འབུམ་དང་བཅས། །རྣལ་འབྱོར་པ་ནི་ཀུན་སྲུང་བྱེད། །བསྟན་ལ་གནོད་པ་ཐམས་ཅད་སྒྲོལ། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབ། །ཡེ་ཤེས་དགུག་ཅིང་གཞུག་པར་བྱ། །སྤྲོ་བསྡུ་བྱ་ཞིང་སྒོམ་པར་བྱ། །དེ་ནས་གསང་སྔགས་བཟླས་པར་བྱ། །ཐུན་མཚམས་ཡི་གེ་བརྒྱ་པས་བཤགས། །འདོད་དོན་གསོལ་ཞིང་དགེ་བ་སྔོ། །མུན་པ་ནག་པོའི་རྒྱུད་ལས། ལྷ་བསྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ནག་པོ་ཆེན་པོ་ཡི། །དམ་རྫས་མཆོད་པ་བཤམ་པ་ནི། །གྲི་རྒོད་སྙིང་ལ་སྨན་ལྔ་བླུག །དར་ནག་ནང་དུ་དྲིལ་བར་བྱ། །བྱ་རྒོད་མདའ་ལ་དར་ནག་དང་། །སྙིང་དང་དྲི་བོའི་སྲིན་ལག་གདགས། །ལུག་ནག་གཡག་ལ་ཕྱི་རྟེན་བྱ། །གསང་སྔགས་སྦོ་ལ་བྲི་བར་བྱ། །དེ་ལ་དར་ནག་ལེ་བརྒན་གདགས། །དུར་ཁྲོད་རལ་པ་ནག་པོ་གཟུགས། །བྲིས་ལ་རབ་གནས་ཚུལ་བཞིན་བྱ། །ནང་རྟེན་དག་ཏུ་བཅང་བར་བྱ། །སྐྱེས་པ་དར་མའི་ཞིང་ཆེན་ལ། །ནག་པོ་ཆེན་པོའི་སྔགས་བྲིས་ལ། །དཀྱིལ་འཁོར་སྟེང་དུ་དབུབ་པར་བྱའོ། །གཡག་རྒོད་སྙིང་དང་རྟ་ནག་སྙིང་། །དེ་ཡང་ནག་པོའི་དམ་རྫས་རྟེན། །ཤ་ཆེན་ཁྲག་དང་ཆང་དང་ནི། །ལ་རྙུ་ཙན་དན་ཨ་ཀ་མྲ །འབྲུ་སྣ་བུར་ཆང་སྦྲང་ཆང་དང་། །རྒུན་ཆང་འཁུར་བ་འབྲས་སྲན་ཆན། །ལ་ཕུག་སྒོག་པ་ཤ་སྨན་ལྔ། །ནག་པོ་ཆེན་པོ་མཆོད་པའི་རྫས། །རྣལ་རྣལ་པ་ཡི་འཚོགས་གྱུར་ན། །བུང་བས་མེ་ཏོག་མཐོང་བ་བཞིན། ། མྱུར་དུ་ཡོངས་ནས་ཅི་བསྒོ་བྱེད། །མུན་པ་ནག་པོའི་རྒྱུད་ལས། །དམ་རྫས་བཤམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དྲེགས་པ་སྲོག་བདུད་ཀྱི། །འཁོར་ལོ་ཆོ་ག་བྱ་བ་ནི། །འཁོར་ལོ་ཡང་ནི་རྣམ་པ་ལྔ། །སྤུང་འཁོར་ལུས་ལ་གདགས་པ་དང་། །ནང་འབྲས་འཁོར་ལོ་འོག་ཏུ་གཞུག །གསད་པའི་འཁོར་ལོ་གྲུ་གསུམ་གཞུག །བརྟེན་པའི་འཁོར་ལོ་མདའ་ལ་གདགས། །བཟློག་པའི་འཁོར་ལོ་ལྟོ་བར་གཞུག །དེ་ལ་གསད་པའི་འཁོར་ལོ་ནི། །མེ་ཡི་དཀྱིལ་འཁོར་གཉིས་འགྱུར་དབུལ། །བསྒྲུབ་པའི་མིང་རུས་བླ་རྩོ་དགོད། །མུ་ཁྱུད་གསུམ་ལ་མེ་རི་དང་། །གསང་སྔགས་བཅས་པ་བྲི་བར་བྱ། །རབས་ཆད་ཕོ་མོའི་ཐོད་པར་གཞུག །དུག་དང་ཁྲག་གི་ཐུན་ཡང་བྲབ། །མགོན་པོ་དཔག་ཏུ་མེད་པ་སྤྲོ། །བསྒྲུབ་བྱ་བཀུག་ལདེ་ལ་བསྟིམ། །སྡེ་བརྒྱད་མཚོན་ཆའི་ཆར་པ་དབབ། །གྲི་གུག་ག་ས་ཅིང་གཏོར་མར་བཏབ། །འཁོར་གྱི་མཁའ་འགྲོ་ལས་ལ་མངག །དེ་ལྟ་བུ་ཡི་སྦྱོར་བ་ལས། །གང་ཞིག་རྦད་ཅིང་བསྐུལ་གྱུར་ན། །འཇིག་རྟེན་མེས་པོ་ཚངས་པ་ཡང་། །བརླག་པ་འགྱུར་བར་ཐེ་ཚོམ་མེད། །གུས་པའི་ཚུལ་གྱིས་འབད་པར་གྱིས། །དད་ལྡན་དཔའ་ཞིང་བླ་མ་གུས། །གསང་ཐུབ་ལས་རྣམས་འགྲུབ་པར་འགྱུར། །མུན་པ་ནག་པའི་རྒྱུད་ལས། །འཁོར་ལོའི་ལེའུ་སྟེ་བདུན་པའོ།། །།གང་ཞིག་བསྐལ་པ་ཐ་མ་ལ། །དུས་ངན་སེམས་ཅན་གདུལ་དཀའ་བ། །ལོག་ལྟ་མུ་སྟེགས་བསྟན་པ་ལ། །འགྲས་ན་ནག་པོ་ཆེན་པོ་ཡི། །ནང་རྒྱས་ཆོ་ག་བྱ་བ་ནི། །གྲི་རྒོད་དག་གི་པགས་པ་འམ། །དུར་ཁྲོད་རས་ལ་ཁྲག་གིས་བྲི། །གདུག་པ་བརླག་བྱེད་ཁྲག་གིས་ནི། །མེ་ཡི་དཀྱིལ་འཁོར་གཉིས་འགྱུར་ལ། །མུ་ཁྱུད་ཐོད་པ་མེ་དང་བཅས། །རྦད་ཅིང་གསད་པའི་སྔགས་བྲིས་ལ། །ཅི་ཤོས་དག་ཀྱང་བྲི་བར་བྱ། །བར་དང་ལིང་ག་རིད་པ་ལ། །མུ་སྟེགས་ལྷ་དང་སྔགས་བཅས་བྲི། །ཁྱི་ནག་ཐོད་པའི་ནང་བཅུག་ལ། །ནག་པོ་ཆེན་པའི་འོག་ཏུ་གནན། །སྲོད་ལ་སྔགས་ཐུན་བརྒྱ་རྩ་བརྒྱད། །རྡོ་རྗེ་དག་གིས་བརྡེག་པར་བྱ། །མགོན་པོའི་སྙིང་ཁའི་ས་བོན་ལས། །ལས་མཁན་མང་པོ་སྤྲོས་པ་ཡིས། །ལྷ་དང་རིག་སྔགས་བཅས་བཀུག་ལ། །སྡེ་བརྒྱད་དམ་ཚོན་ཆར་དབབ་གསད། །རྟགས་བཟང་མཐོང་བར་གྱུར་པ་དང་། །མཆོད་རྟེན་རྒྱ་གྲམ་འོག་ཏུ་མནན། །འདི་ནི་གསད་པའི་ལས་ཡིན་ནོ། །ཀུན་ཏུ་སྤེལ་ན་ཉམས་པར་འགྱུར། །མུན་པ་ནག་པོའི་རྒྱུད་ལས། ནང་འགྲས་བསྒྲལ་བའི་ལེའུ་སྟེ་བརྒྱད་པའོ།། །།ནག་པོ་ཆེན་པོའི་རྣལ་འབྱོར་པས། །གཞན་གྱིས་རྦད་པ་བཟློག་པ་དང་། །མི་ནག་རྟ་ནག་ཤོན་པ་ལ། །གཡས་སུ་མུན་པ་ནག་པོ་བསྐུར། །གཡོན་དུ་ཞགས་པ་ནག་པོ་བསྐུར། །འཁོར་ལོ་རྩིབས་དྲུག་ལྟོ་བར་གཞུག །ཟུར་དྲུག་ལ་ནི་རྡོ་རྗེས་མཚན། །མུ་ཁྱུད་དྲག་སྔགས་ཐམས་ཅད་དགོད། །མཐའ་རྟེན་བཅས་པ་ཉི་ཤུ་གཅིག །བཟླས་ལ་བཤོས་བུ་ནག་པོ་ལ། །དམ་ཚིག་ཅན་གྱི་རྒྱང་བུས་བརྒྱན། །ཉི་ཤུ་རྩ་གཅིག་བསྒྲུབས་ཕྱོགས་བསྐྱལ། །གལ་ཏེ་བཞི་ནི་ཕྱོགས་བཞིར་བསྐྱར། །ནམ་ཕྱེད་ནག་མོའི་ཆས་སུ་ཞུགས། །དམ་ཉམས་བདུད་ལ་ཕོབ་ཅིག་ཡ། །རྦད་སྔགས་བརྒྱ་ནི་རྩ་བརྒྱད་བཟླས། །ནག་པོས་འཁྲུལ་འཁོར་བཟློག་འགྱུར་ན། །མུ་སྟེགས་ངན་སྔགས་སྨོས་ཅི་དགོས། །མུན་པ་ནག་པོའི་རྒྱུད་ལས། །གཞན་ལ་རྦད་ཅིང་བཟློག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ནག་པོ་ཆེན་པོ་ཡི། །ཟོར་གྱི་ལས་ནི་བཤད་བྱ་བ། །ནག་པོ་ཆེན་པོའི་རྣལ་འབྱོར་པས། །མདའ་ཟོར་འཕངས་པ་འདི་ལྟར་བྱ། །སེང་ལྡེང་སྐྱེར་པ་གཙང་མ་ལ། །བྱ་རོག་ཁ་ཡི་སྒྲོ་ཡི་སྒྲོན། །ཟུར་གསུམ་མདེའུ་ལ་ཧབྱོ་གསུམ་བྲི། །གསང་སྔགས་ཐུན་ཧབྱོ་བཏགས་པ་ནི། །འབུམ་ཕྲག་གཅིག་ཏུ་བཟླས་ནས་ཀྱང་། །བསྒྲུབ་བྱའི་ཁང་ཁྱིམ་བདག་ལ་བརྡེག །གཏོར་མ་ཟོར་དུ་ཕེན་གྱུར་ན། །འཛིན་གཏོར་བཤོས་བུའི་མིང་བྱང་གཞུག །ཉི་ཤུ་རྩ་གཅིག་བསྒྲུབ་པར་བྱ། །བཤོས་བུ་དུས་གསུམ་རྟག་ཏུ་དབུལ། ། གང་ལ་འཕང་བ་བརླག་པར་བྱེད། །ཐེ་ཚོམ་ཡིད་གཉིད་སྤངས་བྱས་ནས། །གདམས་པ་གཞུང་བཞིན་བསྒྲུབ་བྱས་ན། །འཇིག་རྟེན་བརླག་པར་འདོད་ན་ཡང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མུན་པ་ནག་པོའི་རྒྱུད་ལས ཟོར་འཕངས་པའི་ལེའུ་སྟེ་བཅུ་པའོ།། །།དྲག་པོ་སྤྱིན་བསྲེག་འབར་བ་ཡིས། །གང་ཞིག་བསྒྲུབ་བྱ་བསྲེག་པར་འགྱུར། །གཤིན་རྗེའི་གྲུ་གསུམ་ཁྲུ་གང་པར། །སེང་ལྡེང་གླ་བ་རྔ་མོའི་སྦངས། །དུར་ཁྲོད་ཤིང་དང་དུག་ཤིང་དང་། །མཎྜལ་སྟེང་དུ་བརྩིག་པར་བྱ། ། མཆོད་གཏོར་བསྲེགརྫསཚོགསབཤམསལ། །མཚམས་དང་བསང་གཏོར་བྱིན་བརླབས་བྱ། །ཧུ༷་ལས་སྐད་ཅིག་ལྷར་བསྐྱེད་དེ། །ནག་པོ་ཆེན་པོ་ཞལ་གདངས་པ། ཁེན་ཏུ་ཁྲོ་ཞིང་ག་་པ་ལ། །ཁམས་གསུམ་པོ་ཡང་ཟ་བར་བྱེད། །སྦྲ་ཚིལ་ལིང་ག་སོར་བཞི་པ། །རྐང་པ་ནས་ག་ས་བརྒྱ་རྩ་བརྒྱད། གསད་པའི་སྔགས་ཀྱིས་དབུལ་བར་བྱ། །བཙན་དུག་བོང་ང་སྦྱང་དུག་ལ། །ནིམ་པ་འདའ་རུ་ར་དང་ནི། །དམེ་ཁྲག་གསུམ་དང་ཤ་ཆེན་དང་། །མར་ནག་མར་མེ་བཤུལ་ཚིལ་རྣམས། ཁེན་ཏུ་ཁྲོས་པའི་སེམས་ཀྱིས་སུ། །ནམ་ཕྱེད་བདུད་ཀྱི་སྤྱོད་ཡུལ་ལ། །གཅེར་བུ་རོ་ཡི་གདན་ལ་འདུག །ཁ་ཡང་བགྲད་ལ་ལུས་ལ་ཚིལ། །གདོང་ཡང་ཁྲག་སྟེ་སྐྲ་ཡང་ཚིལ། །ཀང་ཀ་ཤ་ཟ་ཞིང་ལྤགས་གདབ། །དེ་ལྟར་འབུམ་ཚོ་གཅིག་བྱས་ན། །མ་ཧྭ་དེ་བ་བརླག་པར་འགྱུར། །བསྒྲུབ་བྱ་ལྟ་བུ་སྨོས་ཅི་དགོས། །མུན་པ་ནག་པའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ནག་པོ་ཆེན་པོ་ཡི། །བསྒྲུབ་པའི་རྟགས་རྣམས་བཤད་བྱ་བ། །མོན་པ་ནག་པོ་འཇིགས་པ་ལ། །གོས་སུ་དར་བེར་ནག་པོ་གྱོན། །ལག་ན་ཙིསྟ་ཐོགས་པ་ན། །མྱུར་དུ་ལས་ནི་བྱེད་པ་ཡིན། །དར་བེར་སྔོན་པོ་གྱོན་ནས་ཀྱང་། །མཚོན་ཆ་ཐོགས་ནས་མྱུར་ཏུ་འགྲོ། །དར་ནག་རུ་མཚོན་ཕྱར་གྱུར་ནས། །སྣང་སྲིད་ལྷ་འདྲེའི་དམག་དཔོན་བྱེད། །ཐོག་འཚེག་གླུ་གར་བྱེད་གྱུར་ན། །ཆང་དང་ཨ་མྲི་ཏ་ཡིས་མཆོད། །བླ་མ་ཆོས་འཆད་ལུང་སྟོན་དང་། །ཁྲི་ལ་འདུག་དང་གདུགས་དབུབ་དང་། ། དུང་འབུད་གྲི་དང་ཐོད་པ་སྟེར། །དངོས་གྲུབ་བླང་བའི་ཆོ་ག་བྱ། །མེ་དང་རླུད་ནག་ཚུབ་མ་དང་། །བྱ་ནག་ལུག་ནག་བུད་མེད་ཚོགས། །མཆོད་རྟེན་བསྐོར་བ་བྱེད་གྱུར་ན། །བསྐང་བ་བྱ་ཞིང་དངོས་གྲུབ་བླང་། །གཅན་གཟན་སྣ་ཚོགས་མཆོང་བ་དང་། །ཤགས་བྱེད་གོ་མཚོན་གདུང་གྱུར་ན། །ལས་ལ་སྦྱར་བའི་ཆོ་ག་བྱ། །ཁྲོ་ཞིང་འདུ་ལོང་ཆོ་ག་དང་། །བྱ་ནག་འཐབ་དང་ཁྱི་ནག་འཛིན། །གཡག་གིས་གདུང་དང་མཚོན་ཆའི་ཆར། །ཚུར་ལ་ལྷོགས་པའི་རྟགས་ཡིན་པས། །ཏིང་འཛིན་སྟོབས་བསྐྱེད་ཡེ་ཤེས་སྔགས། །མ་ཡེངས་བརྩོན་བྱ་སྲོག་གིས་བསྐང་། ཁྲ་ཁྲག་སྣ་ཚོགས་གཏོར་མ་དང་། །མཆོད་པ་བཟང་པོས་ཐུགས་དམ་བསྐང་། ། མུན་པ་ནག་པོའི་རྒྱུད་ལས། ལྟས་དང་། མཚན་མ་དང་། ཐུགས་དམ་བསྐང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ནག་པོ་ཆེན་པོ་ཡི། །མནན་པའི་ཆོ་ག་བྱེད་གྱུར་ན། ། མནན་པའི་ས་ནི་འདི་ལྟ་བུ། །བདུད་ཀྱི་ཧོམ་ཁུང་ཆེན་པོ་དང་། །བཙན་གྱི་རྒྱུ་སྲང་ཡོད་པ་དང་། །སྨན་གྱི་བྲོ་ར་ཡོད་པ་དང་། །ཀླུ་ཡི་ཕོ་བྲང་ཆེན་པོ་དང་། །དགེ་འདུན་ལམ་དང་སྐྱེ་བོའི་ལམ། །མཆོད་རྟེན་དང་ནི་ལྷ་ཁང་འོག །དུར་ཁྲོད་གནས་སུ་གྲུ་གསུམ་བྱ། །འཁོར་ལོ་བཅས་པའི་ལིང་ག་དང་། །སྒྱིན་སྲེག་བྱས་པའི་ཐལ་བ་དང་། །ཐོད་པ་མཚན་ངན་ནང་དུ་བླུགས། །ཞབས་མ་རེ་བས་དྲིལ་བྱས་ལ། །རྒྱ་གྲམ་དག་ཏུ་བཅིང་བར་བྱ། །འཇིག་རྟེན་ལྷ་ལ་ཆུ་གཏོར་བཏང་། །ནག་པོ་ཆེན་པོ་གཏོར་མས་མཆོད། །དུར་ཁྲོད་གཡམ་པ་ནག་པོ་ལ། ། རི་རབ་གླིང་བཞིར་བཅས་པ་དང་། །སྣ་ཚོགས་རྡོ་རྗེ་བྲིས་བྱས་ལ། །གྲུ་གསུམ་སྟེང་ནས་མནན་པར་བྱ། །རྐང་པས་བཅག་ཅིང་དམོད་བཅོལ་བྱ། །ནང་དུ་ཚོགས་གཏོར་བསྐང་བྱ་ཞིང་། །རྣལ་འབྱོར་པ་ལ་བཟའ་སྟོན་བྱ། །དེ་ལྟར་བྱས་ན་ཐམས་ཅད་འགྲུབ། །མུན་པ་ནག་པོའི་རྒྱུད་ལས། །མནན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་འཛིན་པས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇིག་རྟེན་པ་དང་འདས་པ་དང་། །ལྷ་དང་ཀླུ་དང་གནོད་སྤྱིན་དང་། ། བདུད་དང་སྲིན་པོ་ལྷ་མ་སྲིན། །མ་མོ་བདུད་མོ་ཤ་ཟ་རྣམས། །ཐམས་ཅད་དགའ་ཞིང་སྤྲོ་ཞིང་ཡི་རངས་ཏེ། །ཐམས་ཅད་བཀའ་ཉན་ཅིང་གསུང་བསྟོད་ལ་དམ་ཚིག་བཞིན་དུ་བསྟན་པ་བསྲུང་བར་འགྱུར་རོ། །མུན་པ་ནག་པོ་ཞེས་བྱ་བ་དཔལ་ནག་པོ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་