Ngb-pt-0836-vol-09-text
Front
Body
རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་གུ་ཏི་ཧ་ལ་གུ་ཏི་ཧ་ལ་སོ་རི་མྱུ་ལ་ཏན་ཏྲ། བོད་སྐད་དུ། མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་གཏུམ་པོ་ཉིད། དུར་ཁྲོད་ཆེན་པོ་ལྕང་ལོ་ཅན་གྱི་གནས། གསང་བའི་ཕོ་བྲང་གནམ་ལྕགས་རྔུར་མོས་གཏམས་པའི་གཞལ་ཡས་ན། བྱང་ཆུབ་སེམས་དཔའི་ཚོགས་དང་། ཁྲོ་བོ་འཇིགས་བྱེད་རོལ་པོའི་ཚོགས་དང་། ལྷ་དང་མཁའ་འགྲོ་འཇིག་རྟེན་སྐྱོང་བའི་ཚོགས་དང་། །ཤ་ཟ་རྔམ་པ་དྲེགས་པའི་ཚོགས་དང་ཐབས་གཅིག་ཏུ་བཞུགས་ཏེ། དྲེགས་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། མཐུ་སྟོབས་བདག་པོ་རྡོ་རྗེའི་སྐུ། །གསང་སྔགས་བཀའ་ཡི་འཁོར་ལོ་ལ། །རྩེ་གཅིག་བསྲུང་བའི་དཔལ་མགོན་ཏེ། །མ་ཧྭ་ཀྭ་ལ་གཏུམ་ཆེན་སྐུ། །དོན་གྱི་ངོ་བོ་ཇི་ལྟར་ལགས། །གཉེན་པོ་གང་གིས་འདུལ་བ་ཡིན། །གསང་བའི་བདག་པོས་བཤད་པར་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀྭ་ལ་འོད་འབར་དྲག་ཤུལ་ཅན། །འབར་བྱེད་འཇིགས་པའི་རྒྱལ་པོ་འདི། དཀྱིལ་འཁོར་ཀུན་གྱི་སྲུངས་མ་སྟེ། །དུག་གསུམ་ནད་ཀྱི་སྨན་པ་ཡིན། །རིགས་འཛིན་རྣམས་ཀྱི་སྲོག་ཤིང་ཡིན། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་སྟེ། །བདུད་འདུལ་རྣམས་ཀྱི་དབང་ཕྱུག་ཡིན། །དགོངས་པ་མྱ་ངན་འདས་མོད་ཀྱང་། །སྐུ་ཉིད་འཇིག་རྟེན་ཚུལ་བཟུང་ནས། །དམ་པའི་ཆོས་སྐྱོང་བསྲུང་མ་མཛད། །སངས་རྒྱས་ལེགས་པའི་བློ་གྲོས་ལ། །རྡོ་རྗེ་སྙིང་པོས་ལུང་བསྟན་ཏེ། །བསྟན་པ་དེ་ལ་མངོན་སངས་རྒྱས། །གཉེན་པོ་ང་ཡིས་འདུལ་བ་སྟེ། །འདས་པའི་དུས་ན་སྔོན་བྱུང་བ། །རྫོགས་ལྡན་བསྐལ་པ་འཛམ་གླིང་ལྷོར། །མ་ནོར་མ་བཅོས་དེ་བཞིན་ཉིད། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའི་སྤྲིན་བཞིན་རྣལ་འབྱོར་ལམ། །དགེ་སློང་གདམས་པའི་དོན་མ་མཐོང་། །གསང་སྔགས་བཀའ་བསྒོ་ལེགས་པ་ཡིས། །དུས་མིན་ཚེ་ཟད་མནར་མེད་ལྷུང་། །དམྱལ་བ་ཡི་དགས་ཁ་འཁོར་གནས། །རི་རབ་ལྷོ་ནུབ་སྲིན་པོའི་གནས། །ལང་ཀ་པུ་རའི་ལུས་བླངས་ཏེ། །གྲོང་ཁྱེར་བརླག་པའི་དྲེགས་པར་འགྱུར། །ལང་ཀ་མགྲིན་བཅུ་ལ་སོགས་པ། །གཟུགས་ཁམས་མན་ཆད་དབང་དུ་བསྡུས། །ཁམས་གསུམ་འཁྲུགས་པའི་བདུད་དུ་འགྱུར། །བདེ་གཤེགས་ཐུགས་རྗེས་བཀའ་གྲོས་ཏེ། །ཞི་བའི་བདེན་པས་མ་ཐུབ་སྟེ། །སྟོངས་པས་ནག་པོའི་གནས་ཡང་སྟེངས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །སྐུ་ཡི་ངོ་བོ་ཉིད་སྤྲུལ་པས། །ནག་མོ་མཐུ་ཆེན་མ་ཐུལ་ཏེ། །དེ་བཞིན་གསུང་གི་རྣམ་འཕྲུལ་གྱིས། །སྨྱོན་པ་དྲག་པོ་མ་ཐུལ་ནས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །ལས་ཀྱི་ཁྲོ་བོར་དབང་བསྐུར་བ། །མཐུ་སྟོབས་བདག་པོ་ང་ཉིད་ལ། །ནག་པོ་འདུལ་བའི་གཉེན་པོར་མངགས། །སངས་རྒྱས་ཐུགས་རྗེ་ཁྲོ་བོ་ཡིས། །ཐབས་ཀྱི་བྱེ་བྲག་མང་པོ་ཡི། །འཁོར་རྣམས་དབང་བསྡུས་ནག་པོ་གཟིར། །ཞལ་དུ་རྔུབས་ཏེ་སྣམ་ནས་ཕྱུང་། །སྒྲུབ་སྦྱངས་ལས་མཁན་ཆེན་པོར་བསྐོས། །དམ་ཚིག་གཅན་ལ་གདུངས་པ་དང་། །བཀའ་ཡི་འཁོར་ལོ་བསྲུང་བ་དང་། །དམ་ཆོས་སྐྱོང་བར་དབང་བསྐུར་ཏེ། །བྱིན་གྱིས་བརླབས་ཏེ་གསང་མཚན་བྱིན། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མགོན་པོ་ནག་པོ་ཞེས་སུ་བཏགས། །ཡུམ་ནི་འདོད་པའི་དབང་མོ་སྟེ། །རྣལ་འབྱོར་བསྲུང་མ་རྩེ་གཅིག་མཛད། །ང་ཡི་ལས་མཁན་སྤྲུལ་པ་སྟེ། །བྱང་ཤར་རླུང་ནག་ཚུབ་མའི་དབུས། །མེ་དཔུང་འབར་བའི་ནང་ན་གནས། །དམ་ཚིག་བཀའ་ཡི་བྱ་ར་མ། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །མ་བཅོལ་ཉིད་ཀྱིས་ཞལ་ཆེས་མ། །འཁོར་ནི་དྲེགས་པ་འཇིགས་པའི་ཚོགས། །མྱུར་མགྱོགས་ལས་རྣམས་མཛད་པ་སྟེ། །བདུད་དང་གནོད་སྤྱིན་སྲིན་པོ་བཙུན། །ཀླུ་དང་མ་མོ་སྲོག་བདག་གི །སྤྲུལ་པའི་ལས་མཁན་ཆེན་པོ་སྟེ། །མངག་པ་ལས་ཀྱི་ཕོ་ཉ་ཡིན། །བགྲོད་པ་སུམ་ཐོབ་ཤི་ལ་ལྡན། །རྣལ་འབྱོར་དབང་ཕྱུག་ཆེན་པོའོ། །དཀྱིལ་འཁོར་ཆེན་པོའི་སྲུངས་མ་སྟེ། །དམ་ཆོས་སྐྱོང་བར་དམ་བཅས་སོ། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྤྱིན་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ། །རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །ཀྭ་ལ་འོད་འབར་ཆེན་པོ་ཡི། །ལྟ་སྤྱོད་འཁོར་ལོ་རིམ་པ་གང་། །མཐུ་སྟོབས་ཀྱི་བདག་པོས་བཀའ་སྩལ་པ། །རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །གདོད་ནས་དག་པའི་ཆོས་ཉིད་ལ། །སྐུ་དང་གསུང་དང་ཐུགས་ཡོན་ལྔ། །སྣང་བ་ཡེ་ཤེས་སྒྱུར་མ་སྟེ། །འདུལ་ཡང་འཁྲུལ་པར་སྣང་བ་བས ངོ་བོ་ཉིད་ལ་གཉིས་མེད་པའོ། །ཞིང་ཁམས་གཞལ་ཡས་གདན་དང་བཅས། །དོན་ལ་གཉིས་སུ་མེད་པའོ། །དེ་ན་ཆོས་དང་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་ཡེ་ཤེས་རྟོག །དོན་དམ་ཀུན་རྫོབ་བཏགས་པ་རྣམས། །མིང་གཉིས་སུ་ནི་བཏགས་པར་ཟད། །ཆོས་རྣམས་ཐམས་ཅད་རང་སར་བདེན། །དེ་ཡང་དེ་བཞིན་ཉིད་ཡིན་པས། །ཀུན་གཞི་བྱང་ཆུབ་ཆོས་ཀྱི་སྐུ། །ངོ་བོ་ཉིད་དུ་སངས་རྒྱས་སོ། །སྤྱོད་པ་དོན་རྟོགས་བླང་དོར་བྲལ། །ཡིན་མིན་བློ་དང་བྲལ་བ་ཡིས། །འགག་མེད་པར་རང་ཡན་པའོ། །དམ་ཚིག་སྤྱི་དང་ཁྱད་པར་ཏེ། །སྤྱི་ནི་རྩ་བ་ཡན་ལག་གོ །རང་བཞིན་དག་པ་འདི་དག་བསྲུང་། །ཡི་དམ་མི་སྤང་གུ་རུ་ཡང་། །ཀུན་གྱི་མཆོག་ཏུ་བསྐུར་བར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་དོན་དམན་ལ་བསྒྲགས་མི་བྱ། །ཡང་དག་ལམ་དུ་ཞུགས་ལ་བྱམས། །དུག་ལྔ་ཡང་དག་མི་སྤང་ཞིང་། །དམ་རྫས་དངོས་པོ་མི་དོར་རོ། །བྲག་མི་བཤིག་ཅིང་སྒྲོན་མི་གསད། །ཕྱག་རྒྱ་མི་དབྱེ་འཕྲེང་མི་གཅད། །སྡིག་དང་བདག་ཆགས་རྡུལ་རྣམས་སྤང་། །རྡོ་རྗེ་མི་རིའི་གོ་མི་བཤིག །མཚོན་ཆ་མི་གསལ་ཕྱག་མི་བྱ། །སྒོག་བཙོང་རྨེ་ཤ་ཉ་རྣམས་སྤངས། །དེ་དག་དམ་ཚིག་སྡོམ་པའི་དོན། །རྣལ་འབྱོར་ཡོངས་ཀྱི་སྲོག་ཡིན་པས། །རང་གི་སྲོག་ལྟར་བསྲུང་བར་བྱོས། །བསྒྲོད་པའི་རིམ་པ་དབང་ཡིན་ཏེ། །འཁྲུད་ཅིང་ནུས་པ་འཇོམས་པས་ན། །གནས་མཆོག་གཙང་མ་བཀྲ་ཤིས་པར། །ས་ཡི་མཎྜལ་རུ་མཚོན་བྲི། །བུམ་པ་སྨན་སྤོས་ཆུ་ཡིས་དགང་། །གཞལ་ཡས་ཁང་དུ་ལྷ་ཚོགས་བསྐྱེད། །དེ་དག་བཀྲ་ཤིས་ཕྱི་ཡི་རྫས། །གཏོར་མ་རཀྟ་བདུད་རྩི་ཕུད། །བླ་རི་གླིང་བུ་གསུར་ཆེན་ཚོགས། །རྒྱན་དང་ཕྱག་མཚན་སྐུ་ཡི་རྒྱ། །བྱིན་བརླབས་ལྡན་པའི་དཀྱིལ་འཁོར་བསྐྱེད། །བཀྲ་ཤིས་དག་པ་ནང་གི་རྫས། །གཟུངས་མ་མཚན་ལྡན་སེམས་བསྐྱེད་བཤད། །ལས་གཞུད་དང་སྦྱར་ཚོགས་ཀྱི་མཆོད། །ཞག་གྲངས་བདུན་དུ་བསྙེན་བསྒྲུབ་བརྩམ། །ཡོལ་བས་བར་ཆད་རྡོ་རྗེ་གྲང་། །དང་ལ་དཀྱིལ་འཁོར་དབང་བསྐུར་བུ། །བག་ཆགས་རྟོག་པའི་སྒྲིབ་པ་སྦྱང་། །དེ་ནས་ཕྱག་རྒྱ་རྒྱན་དབང་བསྐུར། །མགོན་པོ་འཇིགས་པའི་སྐུ་རུ་འགྱུར། །ཕྱག་མཚན་རྫོགས་གཏད་ལག་ན་འབར། །དེ་ནས་མཆོད་པ་དབུལ་བར་བྱ། །དམ་རྫས་དབང་ཕྱུགས་བདུན་ནོ་ན། །དེ་ནས་སློབ་དཔོན་གཟུངས་མ་སྦྱར། །དཀར་དམར་ཐིག་ལེ་གསུམ་བླུགས་བླང་། །གསང་སྔགས་འཁོར་ལོ་མན་ངག་སྟེ། །གསང་བདག་ལོངས་སྐུའི་གཞལ་ཡས་མཐོང་། །རྒྱུན་གྱི་མན་ངག་རྫོགས་པར་གཏད། །རྒྱུད་ཀྱི་མན་ངག་ཚིག་གསུམ་པོ། །མི་ལྡན་ལས་ལ་སྦྱོར་འདོད་པ། །ས་བོན་མེ་ཡིས་ཚིག་པ་འདྲ། །བསྐལ་པར་བསྒྲུབ་ཀྱང་འབྲས་བུ་མེད། །སྟོན་པའི་མན་ངག་གསུམ་ལྡན་པར། །སྟོན་ཀའི་ལོ་ཏོག་སྨིན་པ་བཞིན། །འབྲས་བུ་རང་དབང་མེད་པར་འབྱུང་། །དངོས་གྲུབ་འཐོབ་སྒོ་དབང་ཡིན་པས། །བླ་མའི་བྱིན་བརླབས་ཡོད་པ་ལ། །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །བཀའ་ལུང་འཐོབ་ན་ཉེ་བར་འགྲུབ། །འཁོར་ལོ་ཞེས་སུ་གང་གསུངས་པ། །སྟོབས་ཆེན་རྩ་བའི་འཁོར་ལོ་དང་། །མེ་དབལ་འཇོམས་པའི་འཁོར་ལོ་དང་། །མཐའ་སྡུད་སྟོབས་ཀྱི་འཁོར་ལོ་ཡིན། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། ལྟ་སྤྱོད་དང་དམ་ཚིག་གི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བདུད་འདུལ་དབང་ཕྱུག་ཆེན་པོ་ཡི། །ལྟ་སྤྱོད་དབང་དང་དེ་ལྟར་ན། །བསྙེན་ཅིང་བསྒྲུབ་པ་ཇི་ལྟར་ལགས། །མཐུ་སྟོབས་བདག་པོས་བཀའ་སྩལ་པ། །དཀྱིལ་འཁོར་ཆེན་པའི་ལས་མཁན་ཏེ། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །དེ་ཡི་བསྙེན་བསྒྲུབ་བཤད་བྱ་བ། །རི་གསུམ་རྩེ་འདུས་དམར་ལ་གཟར། །མཚོ་གླིང་དུར་ཁྲོད་གནམ་ལྕགས་མདའ། །དབེན་ལ་བྱིན་ཆེ་གཅན་གཟན་འགྲིམ། །ནགས་ཚལ་རྩུབ་པའི་གནས་མཆོག་ཏུ། །རྡོ་རྗེ་འཇོམས་པའི་གཟུངས་སྔགས་འདོན། །སྤྱིན་གཏོར་རྒྱས་པས་གནས་བསླང་ཞིང་། །བསོད་ནམས་བསགས་པའི་རིམ་པ་བྱ། །ཕུང་ས་གསུམ་དང་སྲིན་རྡོ་སས། །མཎྜལ་ཁྲུ་གང་ཁྲུ་བཞི་བརྩིག །དྲི་སྤོས་དུག་ཁྲག་ཆག་ཆག་གདབ། །ནི་རུ་སྐྲུ་ཡིས་ཁ་དོག་དབྱེ། །དབུས་སུ་གྲུ་གསུམ་ཟླ་གམ་ལྡན། །ཟླུམ་པོ་ཐོད་པ་རློན་པས་གཏམས། ཁྲུ་ཆད་སྒོ་ལ་རྡོ་རྗེ་རྭ། །རྩིག་པ་འདོད་ཡོན་དྲ་ཕྱེད་དང་། །རྟ་བབས་འཁོར་ལོ་པདྨ་ཁྱུང་། །མཐའ་མ་རྡོ་རྗེ་མེ་རིས་གཏམས། །དབུས་སུ་དུང་ཆེན་ག་འུ་སྲ །སྟེང་འོག་བསྙེན་པའི་སྔགས་བཀོད་དེ། །ནག་པོ་གསུམ་དང་བྱ་རོག་མོན། །ཙིསྟ་བདུད་རྩི་ནལ་བུའི་སྙིང་། །མཐིང་ནག་དར་དྲིལ་རྒྱས་བཏབ་ལ། །དམ་རྫས་དམ་པའི་རྟེན་དུ་གཞུག །དཔལ་གྱི་གཏོར་མ་ཀ་པ་ལ། ཁྲར་ལྷོ་འབྲུ་སྣ་ཤ་ཁྲག་ཚོགས། །ལ་ཕུག་ལ་རྙུ་རྒུན་ཆང་དང་། ཁེང་ཐོག་སྣ་ཚོགས་དཔལ་བཤོས་དང་། །བདུད་རྩིར་རག་ཏ་གཏོར་མ་དང་། །མཆོད་པ་ལྔ་བཤམ་རྒྱན་རྣམས་དགོས། །མཐུ་སྟོབས་བདག་པོས་ལས་གཞུད་བསྲང་། །སྐུ་བསྐྱེད་གསལ་བར་འཛབ་བུ་གྲང་། །རྫོགས་དག་ནག་པོའི་ལས་གཞུང་བསྲང་། །རྣམ་གསུམ་སྒོ་ནས་ཆོ་གས་བསྐྱེད། །བདག་གི་ཐུགས་ཀའི་ཐེག་ལེ་ལས། །རྒྱུ་ལས་དབང་ཆེན་ཡིག་འབྲུ་ལས། །གཞལ་ཡས་དབུས་སུ་དྲེག་པ་བསྣོལ། །གདན་ལ་མེ་འབར་ཀློང་དཀྱིལ་དུ། །ནག་པོ་འཇིགས་བྱེད་གཏུམ་པོའི་སྐུ། །དབུ་གསུམ་ཕྱག་དྲུག་ཁམ་ན་གསང་། །ཐོད་པ་སྦྲུལ་གཏམས་ཞལ་གདངས་ཤིང་། །མཆེ་གཙིགས་སྨ་ར་སྨིན་མ་སེར། །དར་ནག་དགུ་བརྩེགས་མེ་ཏོག་བརྒྱན། །སྟག་གི་གོང་རས་ཞིང་ཆུང་བརྒྱན། །སྙན་ཆམ་གུར་ཆུ་སྦྲུལ་གྱི་བརྒྱན། །ཐོད་འཕྲེང་ཉི་ཟླ་བརྒྱན་པ་སྟེ། །རྡོ་རྗེ་བེ་ཅོན་ཕུར་པ་དང་། །དུང་དམར་དབྱུག་ཏོ་ཞགས་པའོ། །གཡོན་ནས་བུད་མེད་ནག་པོ་སྟོབས། །གྲུ་ཆད་མོན་པ་ཕོ་མོའི་ཚོགས། །བསྐྱེད་དང་སྤྱན་དྲང་ཕྱག་འཚལ་བཞུགས། །ཕྱི་ནང་གསང་མཆོད་དངོས་གྲུབ་བླང་། །ཐུགས་དམ་བསྐང་བཤགས་བསྟོད་འཛབ་བགྲང་། །ཐུགས་ཀར་ཉི་ཟླ་ཧུ༷་དང་སྔགས། །གསལ་བྱས་བཀའ་སྡོད་སྙིང་ཀར་སོག །ཡི་གེའི་འཕྲེང་བ་རྒྱུན་མི་གཅད། །གཉིས་བྱས་སླར་འདུས་དངོས་གྲུབ་མཆོག །མགལ་མེ་འཁོར་ལོ་ལྟ་བུ་ཡིན། །དེ་ལ་དྲོད་རྟགས་རྣམས་པ་གསུམ། །དངོས་གསལ་བཀའ་སྡོད་ལས་བྱེད་དང་། །མོན་པ་བྱ་ནག་གཡག་རྒོད་སྤྲིན། །རླུད་ནག་མེ་འབར་སྒྲ་འབྱོན་པའོ། །རྨི་ལམ་ཕྱི་ནང་ཉམས་བྱུང་ན། །དངོས་གསལ་ཤུགས་ཆེན་ལུང་ཡང་གསང་། །ཞེས་གསུངས་སོ། །མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། །ནག་པོ་ཆེན་པོ་འཇིག་བྱེད་སྐུ། །བསྙེན་པའི་རིམ་པ་དེ་ལྟར་ན། །དེ་ཉིད་བསྒྲུབ་པའི་གསང་སྔགས་གང་། །མཐུ་སྟོབས་བདག་པོས་ཡང་དག་བཤད། །དུན་མཧྭ་ཀྭ་ལ་ག་ན་གུ་ཏི། །ཨོ་གི་ཤྭ་རི་ཀི་ཡ་ཧུ༷། ཀ་མ་ལ་ཤྭ་རི་ནག་མོ་ཏིང་ལམ་སྨྱོ། ས་མ་ཡ་ཧུ༷་ཛ་ཛ། ཛ་ཧུ༷་བ༷་ཧོ། ཨ་ཏི་པུ་ཧོ། ས་མ་ཡ་ཏིཇི་བཛྲ། སརྦ་ཨུད་ག་ཏེ་སྤ་ར་ན་ཁ༷་གྲྭ་ཧྭ། རྙུ་པེ། པྲརྨྱེ། ཨུ་ལོ་ཀེ། གན་རྙེ། ནེ་བི་བྱེ་སྣ་ཧྭ། མུ་ཏྲ་ས་མ་ཡ་གྲྭ་ཧྭ། སརྦ་པ྅་ཨ་མྲི་ཏ་ཕྲི་བན་ཁུ་ཧི། ཀ་ཡ་སིརྙི་ཨོ། བཱཀ་སིརྙི་ཨ༷།ཙིཉི་སིརྙི་ཧུ༷། པ྅་ཨ་མྲི་ཏ་ཁུ་ཧི། མ་ཧྭ་རཀྟ། མ་ཧྭ་མ༷་ས། ཙིསྟ། ཀེ་ནི་རི་ཏི། པ྅་པ་རི་ཡེ། བ་སུ་ཏ་གོ་རོ་ཙ་ན་ཁུ་ཧི། མ་ཧྭ་བ་ལི༷་ཏ་པུ་ཙ་ཁ་ཁ་ཁུ་ཧི་ཧི་ཧི། ཤ་ར་བྷ་ཙ་མེ། ཤི་ཀྭ་ལ་ཀོ་ཏ་ག་ན་གུ་ཏི་ཨ་ལ་ལ་ཧོ། ཨེ་ཨུ་ར་ལི། བཛྲ་ཡོ་གི་ཀྭ་ཡ། ཡོ་གི་ཤྭ་རི་ཧྲིང་ཧྲིང་ཛ་ཛ། པྲ་བེ་ཤ་ཡ་ཕཊ། ཁ་ར༷་ཁུ་ཧི། ཁ་ཁ་ལེ་ལེ་ཁ་ཧི་ཧོ། ཨོ་བྲི་མ་ཧྭ་ཀྭ་ལ་ག་ན་གུ་ཏི། ཡོ་གི་ཤྭ་རི་བ་ཏྲ་དུན་ཧྲིང་ཛ་ཛ། ཀ་མ་ལ་ཤྭ་རི་ནག་མོ་ཏི་ལམ་སྨྱོ་ས་མ་ཡ་ཛ་ཛ། གསང་སྔགས་འཕྲེང་བའི་རྒྱལ་པོ་སྟེ། །ནག་པོ་ཆེན་པོ་དེ་ཉིད་ཡིན། །གྲངས་ནི་འབུམ་ཕྲག་གཅིག་ཏུ་བརྗོད། །བྱས་ན་དགོས་པ་ཐམས་ཅད་གྲུབ་པ་སྟེ། །བདུད་དཔུང་ཐམས་ཅད་བརླག་པར་བྱེད། །གསང་སྔགས་དྲག་པོ་རྡོ་རྗེ་ཆེ། །ཡིད་བཞིན་ནོར་བུ་ཆེན་པོའི་སྐུ། །ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་། །མ་རུངས་པ་དག་འཇོམས་མཛད་ཅིང་། །འཇིགས་པ་རྣམས་ལས་ཡོངས་སུ་ཐར། །འཁོར་དང་ལོངས་སྤྱོད་འཕེལ་བ་དང་། །མཐུ་སྟོབ་ཆེ་ཞིང་དབང་དང་ལྡན། །འཇིག་རྟེན་མི་ནུབ་རྒྱལ་མཚན་ཏེ། །བླ་ན་མེད་པར་ཡང་དག་རྫོགས། །མཐུ་སྟོབས་བདག་པོས་ཡང་དག་བཤད། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས།གསང་སྔགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གནོད་སྤྱིན་རྣམ་ཐོས་སྲས་ཀྱིས། །བཅོམ་ལྡན་འདས་ལ་གསོལ་པ། །ནག་པོ་འཇིགས་བྱེད་གཏུམ་ཆེན་གྱིས། །གསང་སྔགས་འཕྲེང་བ་དེ་ལྟར་ན། །བདུད་འདུལ་བསྟན་པ་བསྲུང་བ་ཡི། །ལས་ཀྱི་སྦྱོར་ཀ་བཤད་པར་མཛོད། །ཅེས་གསོལ་པས། མཐུ་སྟོབས་བདག་པོས་བཀའ་སྩལ་པ། །བཀའ་དང་བསྟན་པ་བསྲུང་བ་ཡི། །དྲག་པོའི་ལས་ཀྱི་སྦྱོར་ཀ་བཤད། །དཔའ་བོ་གཅིག་པའི་དྲག་སྔགས་དང་། །ཡབ་ཡུམ་གསང་བའི་དམོད་པ་དང་། །དཀྱིལ་འཁོར་དྲེགས་པའི་དམོད་པ་གསུམ། །ལས་རིམས་རྫོགས་པར་ངས་བཤད་ཀྱིས། །སྲོག་དོན་བཀའ་ལས་ཉམས་པ་ཡི། །བསྒྲལ་བའི་ཞིང་དུ་གྱུར་པ་རྣམས། །དམ་ཚིག་ཆེན་པོས་བསྒྲལ་བར་བྱོས། །དང་པོ་སྦྱོར་བ་བཤད་བྱ་བ། །གྲུ་གསུམ་སྦག་མའི་དཀྱིལ་འཁོར་ནི། །ཕྱི་ནང་རྒྱ་སོལ་དུག་ཁྲག་བྱུག །ཁ་ཁྱེར་གདུག་པའི་རྩང་གིས་བསྐོར། །རྟེན་དྲུག་ཞིང་ཁང་སྐྲ་ཤད་ལ། །སོར་བརྒྱ་དབང་པོ་ཡན་ལག་དོད། །དུག་ཁྲག་ཚ་བའི་རྫས་དག་གི །མིང་རུས་ལོ་ཁམས་སྲོག་ཡིག་བྲི། །དཔྲལ་བ་མགྲིན་སྙིང་ལྟེ་བར་གཞུག །སྐུད་པས་དྲིལ་ལ་གྲི་ཐོད་གཞུག །འབྲུ་གསུམ་དུག་བཞི་ཁྲག་གསུམ་ལ། །ཐུན་བྱས་ཞལ་གྱི་དམོད་པས་གདབ། །རྡོ་རྗེ་གཏུམ་པོའི་ང་རྒྱལ་གྱིས། །ཕོ་ཉར་མགོན་པོ་ནག་པོ་མངག །བཀའ་སྡོད་བསྐུལ་ལ་བླ་རྐུན་མངག །བླ་དགུག་ལྷ་དབྱེ་རྟེན་ལ་བསྟིམ། །མ་ཡེངས་གསལ་བར་སྔགས་བཟླས་བསྐུལ། །ཞག་གྲངས་བདུན་ནམ་དགུ་རུ་བྱ། །ལྷ་ཁང་དུར་ཁྲོད་ལ་སོགས་པར། །གནན་པའི་ལས་ནི་འཐེམ་པར་བྱ། །བསྐྱོད་པ་ཁ་གསོ་ཟོར་གྱི་ལས། །ཉ་སྟོང་དུས་སུ་བྱ་བར་བཤད། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། མགོན་པོ་ནག་པོ་མངག་ཅིང་ཉམས་པ་བསྒྲལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་ཡིས། །མགོན་པོ་ཡབ་ཡུམ་གསང་བ་ཡི། །དམོད་པ་ངེས་པར་བཤད་པ་ནི། །གནས་མཆོག་ནགས་ཚུལ་རྩུབ་པ་དེར། །གདུག་པའི་རྒྱུད་ལས་མཎྜལ་བརྩིགས། །ཁ་དོག་ནག་པོ་རྩང་གིས་བསྐོར། །ཞིང་རས་རྒྱ་ཤོག་ཁྲུ་གང་ཚད། །དུག་གི་ངར་བླུད་ཁྲག་གིས་བྲི། །མུ་ཁྱུད་བཞི་དབུས་ཨེ་དང་དབང་། །ཕྱི་རིམ་ལྕགས་མཁར་ནག་པོ་ལ། །ཡང་ལོགས་ཙཀྲ་རྩིབས་བདུན་པ། །མཐའ་མ་གདུག་པའི་སྦྲུལ་གྱིས་བརྒྱན། །དབུས་ཨེ་ཨུ་མུ་ཀ་དང་ལྡན། །དབང་གི་ཕོ་བྲང་ལོ་བསྲུངས་ཏེ། །ལྕགས་མཁར་རྩ་བ་རྩིབས་སྤུ་གྲི། །གདུག་པའི་གནས་སུ་གནན་ཅིང་འཕང་། །ཁ་སྦྱར་སྡིག་པའི་ལྷོ་བར་བཅའ། །ལིང་ག་གྲི་ཐོད་ཨེ་དབུས་བཞག །ཁ་སྦྱར་ཙཀྲ་པ་སྣང་ལྡིང་། །རྡོ་རྗེ་གཏུམ་པོའི་ཏིང་འཛིན་གྱིས། །ཞག་ལྔ་དམོད་སྔགས་བར་མི་གཅད། །སྲོད་དང་ཐོ་རངས་དྲག་ཏུ་བསྐུལ། །དྲག་སྔགས་དབུགས་ཀྱི་རྟ་ལ་ཞོན། །གསང་ལམ་དགུ་ནས་བླ་དགུ་གནས། །མེ་ལྕེ་མཚོན་ཆ་དགུ་ཐོགས་ཀྱིས། །གཟེར་དགུ་གཏམ་ནས་གནན་དགུ་འཇོམས། །རྩ་གཅད་ཁྲག་གཞུང་བག་ཆགས་བསྲེག །སྲོག་གི་མེ་གསད་རང་ཉིད་ཕྱེ། །གདུག་པའི་དམོད་པ་འབྲུ་བདུན་ལ། །ཉིན་གྲིལ་མཚན་མོ་གཏོར་ཏེ་བགྲང་། །ཀུན་གྱི་སླད་དུ་ཡིག་འབྲུ་དགུ །སྟོབས་ཆེན་དྲག་པོའི་ཡི་གེས་བྱ། །རྫོགས་ནས་ལིང་ག་འཁོར་ལོ་རྣམས། །གྲི་ཐོད་ཞབས་མ་རེ་བས་དྲིལ། །ཚས་ལྡན་གདུག་པ་ཆེ་བ་ལ། །འགྲན་གྱི་ཟླར་གཏད་དམོད་པ་གདབ། །ཉ་སྟོང་ཐོ་རངས་ཡང་ཡང་བསྐུལ། །དྲག་སྔགས་དམོད་པའི་སྦྱོར་བ་ཡིན། །གཞན་ལ་ཆུ་རྒོད་འབེབས་པ་ན། །རྒྱ་ཤོག་དགུ་ལ་ཙཀྲ་བྲི། །དབུས་སུ་དབང་པོ་ལྕགས་མཁར་ལ། །རྩ་བ་འབྲུ་བདུན་མཚོན་ཆ་ལ། །གཟའ་རྒོད་དྲག་པོའི་མཚོན་ཆ་བྲི། །ཁ་སྦྱར་གཏི་མུག་ཕག་པའི་ལྟོར། །མི་རྟ་ཁྱི་ཕག་ཐོད་པར་བརྣག །ཟོ་བར་ཁྲག་ལྔ་བླུགས་ལ་ཐུན། །དགུན་ཟླ་ཐ་ཆུང་ཞག་བདུན་དྲིལ། །ཉུངས་དཀར་ཉུངས་ནག་སྐེ་ཚེ་འབྲུ། །བརྒྱ་སྟོང་དོང་བུར་ཡིད་བརྣག་བྲབ། །དཔྱིད་ཟླ་ཐ་ཆུང་ཞག་ལྔ་དྲིལ། །ཉ་ལ་ཡུལ་དུ་རྟ་བཅུ་ལ། །དབྱར་གྱི་ཐ་ཆུང་སྟོན་ཟླ་འབྲིང་། །ཞག་བདུན་ཆུ་འབྱགས་འཕང་བར་བྱ། །ཁྱབ་འཇུག་རྒྱུ་བའི་དུས་གཟུང་ལ།༄༅ ཟོར་འཕང་བསྐུལ་ཏེ་ཁྲི་ཡིས་འཕང་། །རྫས་བསེག་ཐབ་བྱ་ཐལ་འཇིམ་འཕང་། །རྫས་བསྲེག་ཐབ་བྱ་ཐལ་འཇིམ་གཏོར། །རང་དབང་མེད་པར་གཟིར་ལ་དབབ། །དེ་ཡིས་ཆུ་རྒོད་རི་ལྟར་སྤུངས། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། མགོན་པོ་ཡབ་ཡུམ་དམོད་པས་འགལ་བྱེད་བསྒྲལ་ཞིང་ལོ་ནད་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་ཡིས། །ནག་པོ་ཆེན་པོ་འཁོར་དང་བཅས། །འཁྲུལ་འཁོར་ལས་ཀྱི་མགོན་པོ་ཡིས། །དྲག་པོའི་དམོད་པ་བཤད་བྱ་བ། །གནས་མཆོག་གཞུང་དང་མཐུན་པ་དེར། །ཕུང་སའི་གྲུ་གསུམ་སྦག་མ་སྲ །རྒྱུ་རྐྱེན་དྲུག་ལས་ལིང་ག་བྱ། །མོན་ནམ་རབས་ཆད་ཐོད་པར་བྲུབ། །དུག་ཁྲག་འབྲུ་དང་ཆང་སྦྱར་ལ། །གྲི་རྒོད་ཐོད་པར་བྲུབ་ནས་ཀྱང་། །གསང་བའི་རྫས་ཀུན་དགོད་པར་བྱ། །རྒྱ་ཤོག་རྒྱུ་ལ་འཁོར་ལོ་བྲི། །ཨེ་དང་དབང་ལ་བརྣག་པའི་ལྷ། །ཕྱི་རུས་མུ་ཁྱུད་རྩ་བ་ཡི། །ཡང་ལོགས་དེ་བཞིན་སྐྲུ་གྲི་སྟེ། །མཐའ་མ་ཐོད་པའི་ར་བས་གཏམས། །རང་རང་རྫས་ཀྱི་བྲི་བྱས་ཏེ། །ཁ་སྦྱར་ལས་མཁན་ལྟོ་བར་གཞུག །སྔོ་དམར་བརྒྱངས་ཏེ་རྩང་ལ་བསྐོར། །རྡོ་རྗེ་གཏུམ་པོའི་ཏིང་འཛིན་གྱིས། །བཀའ་སྡོད་ཕོ་ཉ་རིམ་པས་བསྐུལ། །མ་ཡེངས་གསང་སྔགས་ཞག་དགུར་བརྡེག །རྫོགས་དང་རང་རང་ལག་ཏུ་གཏད། །བདུད་རྒྱལ་མ་མོ་ཀླུ་དང་བཙན། །སྐྱེས་བུ་ལ་སོགས་ལས་ཀྱིས་སོ། །གང་ཡིན་ལག་ཏུ་མཚོན་ཆ་བསྐུར། །སྟོབས་ཆེན་མགོན་པོས་ལས་མཁན་མངག །རིམ་པ་བཞིན་དུ་བཟླས་པ་ནི། །གསད་པ་ལས་ཀྱི་རྒྱལ་པོ་ཡིན། །སྤོགས་གནད་དཀྲུགས་བཟློག་ཏུ་བརྡེག །མཆོག་གི་གནས་ཀྱི་ངན་སྔགས་ཏེ། །ཕྱིར་བྱུང་སྲོག་ཆགས་ཡོད་ཚད་འཆི། །ནད་བྱུང་རང་གི་རྩ་སྲོག་གཅོད། །དེས་ན་གདབ་པའི་གསང་སྔགས་རྣམས། །ཞིང་རྐང་སྦུ་གུར་གདབ་པར་བྱ། །རླུད་གི་ཐོས་སུ་མི་རུང་བཟླས། །དམོད་པ་གནས་ཀྱི་གདབ་པའི་སྔགས། ཁྲཀ་ཐུབ་བསྟན་པ་འཇིག་ཀའི་དུས། །རྩི་ཤིང་ནགས་ཚལ་ཟད་པའི་དུས། །ཚེ་ལོ་ལྔ་བཅུ་ཐམ་པའི་དུས། །རྣལ་འབྱོར་ནང་དམེ་འཁྲུག་པའི་དུས། །ལྷ་སྲིན་དཔའ་རྩལ་འགྱེད་པའི་དུས། །སྐྱེ་བོ་དཔའ་རྩལ་འགྲན་པའི་དུས། །དེ་ཚེ་གདབ་པའི་ངན་སྔགས་འབྱུང་། །གཟུ་ལུམ་ར་ཆོད་སྤྱད་གྱུར་ན། །སྟོབས་ཆེན་རང་འཆི་བརླག་པར་འགྱུར། །སྔགས་བདག་མགོན་པོ་ཉིད་ལ་དྲེ། །ཅང་མི་སྨྲ་ན་དུས་མིན་པས། །རང་གི་སྙིང་སྤྱིན་བརྣག་ལ་སྦ། །བཀའ་གསལ་ཐོབ་ན་དྲག་སྔགས་སྤྱད། །དེ་ལ་ནུས་པ་དབང་མེད་འབྱུང་། །ཡང་གསང་ཐུགས་ཀྱི་རྒྱལ་པོ་ཞེས། །མཐུ་སྟོབས་བདག་པོས་རབ་ཏུ་བཤད། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། དམོད་པ་ཡང་སྙིང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་ཡིས། །འཁོར་གྱི་དྲེགས་པ་དབང་བསྡུས་ནས། །ལས་ཀྱི་བདག་པོ་བསྒྲུབ་པ་བཤད། །བདུད་ཀྱི་བདག་པོས་གསད་པ་ན། །བོ་ང་ར་རྩ་རྟ་ཁྱི་མོན། །རྒོད་ཁྲག་བྲ་གནག་མཚོ་ལྐུགས་ཆུ། །ཐུན་དང་ལིང་ག་ཙཀྲ་བྱུག །གྲི་མདའ་བཤོས་བུ་དར་ནག་བརྟན། །ནག་པོ་འཇིགས་པའི་ལྟོར་བཅས་ལ། །མུན་པའི་གླིང་དུ་གཟུགས་ཀྱིས་གནན། །ལྷ་ཡི་མགོན་པོའི་ལས་སྦྱོར་ན། །དཀར་གསུམ་གངས་ཆུ་རྒྱ་ཚྭ་ལ། །ལྷ་ཁང་ཀ་རྟེན་སྙིང་ས་ལ། །ཐུན་དང་འཁོར་ལོ་བྱ་བར་བཤད། །མདའ་དང་བཤོས་དཀར་རྟ་ཏུ་གཟུང་། །ལྷ་ཡི་ཁང་པར་གཟུགས་ཀྱིས་གནན། །དམེ་ཁྲག་དུག་སྣ་མཚོ་ཡི་ཞགས། །དམེ་ཤ་འབྲུ་དུག་གཏོར་མས་གསད། །ཀླུ་བདུད་མོ་ལ་གཟུགས་ཀྱིས་གནན། །ཀླུ་གཉན་མགོན་པོའི་ལས་སྦྱར་ན། །བ་དམར་མཛོ་ཁྲག་སྦལ་པ་གཟུགས། །རྙ་ར་དགུ་ཡི་ས་ཆུ་ཤིང་། །གདུག་པ་གནས་པར་གཟུགས་ཀྱིས་གནན། །བཙན་གྱི་མགོན་པའི་ལས་སྦྱར་ན། །དམར་གསུམ་ཁྲག་དང་གོང་གསུམ་ས། །མདའ་དང་བཤོས་དམར་ཤ་ཁྲག་བརྟེན། །གོང་གསུམ་བཙན་རྒྱུའི་གནས་སུ་གནན། །གིང་གི་མགོན་པོའི་ལས་སྦྱར་ན། །སྤུ་གསུམ་ར་ཁྲག་དུག་ལ་སྦྱར། །ཕ་བ་ཐལ་ཆེན་ལ་བརྩས་ཁྲག །ཁྲ་ཚང་སུམ་མདོར་གཟུགས་ཀྱིས་གནན། །རང་རང་རྒྱུད་ལས་ཙཀྲ་བྲི། །དྲེགས་པ་ཅན་གྱི་ལྷོ་བར་གཞུག །ལོ་ཟླ་ཞག་དང་དུས་ཚོད་ཀྱིས། །དྲེགས་པ་ཅན་གྱི་སྙིང་གཟུང་ལ། །འབུམ་གནས་ཨེ་ལ་རྩང་ཐོད་མེ། །དོང་ཚེར་ཐོད་ངན་ལིང་ག་བརྣག །འཁོར་ལོ་ཁ་སྦྱར་བར་སྣང་དགྲམ། །སྟོབས་ཆེན་དྲེགས་པ་ཨ་མུ་ཀ །ཐ་མ་དུག་གི་སྒྲུ་གྲིས་གཅོད། །རྣམས་ལ་གསད་པ་མཆོག་གི་ལས། །དགུ་བསྐོར་དྲག་པོའི་སྔགས་ཀྱིས་བརྡེག །བཟློག་དང་དཀྲུག་དང་སྤོགས་པ་དང་། ཁེ་ས་དྲག་པོའི་ངན་སྔགས་ཡིན། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། ལས་ཀྱི་མགོན་པོ་ལས་ལ་སྦྱར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གནོད་སྤྱིན་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ། ནག་པོ་འཇིགས་བྱེད་ག་་པའི་སྐུ། །ལས་ཀྱི་རིམ་པ་དེ་ལྟར་ན། །སྟོབས་ཆེན་དྲག་པོ་དམོད་པའི་མཆོག །དུག་གི་སྤུ་གྲི་ཇི་ལྟར་ལགས། །རྡོ་རྗེ་ག་་པོས་བཀའ་སྩལ་པ། །སྟོབས་ཆེན་དྲག་པོའི་སྔགས་ཀྱི་མཆོག །སྐུ་གསུང་ཐུགས་རྡོ་རྗེ་ལས་ངེས་པར་འདི་དག་འཐོན་ནོ། །ཨོ་བཛྲ་བཱ་ཁི་ནི་ལ༷་པ་ར་ཧུ༷། ཁྲོ་བོའི་རྒྱལ་པོའི་གསང་སྔགས་སོ། །ཨེ་བཛྲ་བཱ་ཁེ་ཨདྷི་པ་ཏ་ཡེ། །དྲག་པོའི་ཚམ་ངམ་བརྗོད་པའོ། །ཨེ་བཛྲ་ཧྲིལ་རྔུབས་ནི་ལམ་བ་ས་ཨ་ནེ་ཨུ་ན་ཧྲི་ད་ཡེ། དྲེགས་པ་ཅན་གྱི་ཀླད་གནོན་སྟོབས་ཀྱི་སྙིང་པའོ། །ཨེ་བཛྲ་ཧྲིལ་ཨ་ཏི་པ་ཏ་ཨེ། བཛྲ་ནི་ལ༷་ཨཙྭ་པ་ཡ་ཏི་གྲིལ་ཡ། ཡེ་ཤེས་དྲག་པོའི་སྟོབས་སོ། །ཨེ་བཛྲ་བཱ་ཁི་ཧྲི་ད་ཡ་ན་ཨུ་ས་ད་ནི། ནི་ལམ་པར་ཤ་རི་ར༷། ཨ་བྲི་ཏི། ཨུ་ནེ་ཨུ་ནེ། ཧྲི་ད་ཡེ་ཙིསྟ་ཡེ། ཨ་ཏི་པ་ཏ་ཡེ། དྲེགས་པ་ཅན་གྱི་སྲོག་འཕྲོག་པའི་སྟོབས་སོ། །བཛྲ་མ་ཧྭ་ཀྭ་ལ་དུན་ཡ།དིང་ཀ་ར་ཀྲོ་དྷ་ནི་ཧྲིང་། ག་ན་གུ་ཏི་པ་ཏྲ་དུན་བཛྲ་ཡག་ཤ་ཏྲི་སྣ་དྷ་ཤ །མ་མ་ཧྲག་ཧེ་ད་རག་མོ་ཤམ། ཏིག་སྣ་ཀ་ལི་ཙ་བདུན་ཏི། ཡག་ནག་མོ་ཙིསྟ་ཤམ། མགོན་པོ་ཡབ་ཡུམ་གྱི་དམོད་སྔགས་དབབ་པའོ། །དགྲ་བོའི་སྲོག་ལ་བྲེང་ཤག་རྦད། །ཙིསྟ་བྱུང་རག་ཏ་ཐིབས་རྦད། རྩ་ལ་ཐང་ཐང་ཐུམ་རིལ་རྦད། ནི་ཧུར་ཐུམས་ཛ་དུན་དུན་ཤག སྲོག་ལ་དུམ་མུག༷ས༷་མྱགས་ཁྲམ་རྦད། ཙིསྟ་རོ་མྱགས་ལིང་ཤག་རྦད། །སྙིང་ཁྲག་ཚལ་པ་ཡ༷་ལིང་རྦད། སྐྲུ་གྲི་བདུན་པ་ཞེས་བྱའོ། །ར་ཧུ་ལ་ཡ་མ་སྙིང་ཡ་མ་ཁྲག །བཛྲ་ཡ་ག་ཤ་ཀེ་ཏ་བཛྲ་རག་ཤ་ཐིམས། དུས་ཏོག་འུར་འུར་ཀེམ། ཕྲོ་ཕྲོ་ཧྲིལ་ཧྲིལ། ཡ༷་ཡ༷་ཧྲ༷་ལ། མུ་ཏི་སྐྱ་རིངས་སེ་ར༷་ཧ། ཤརཤར་ཡང་དྲག་ཏུ་ཕོབ། ཡ་ཏ་ཨ་ཧྲལ་ཤར་ཕོབ། ཡ༷་ཤར་ཡ༷་ཧྲིལ། དྲག་ཏུ་ཕོབ། པ་ཏ་ར་ཨ་བེ་ཤ་ཡ། འདི་ནི་ཆུ་གོད་ཀྱི་དྲག་སྔགས་སོ། །བཛྲ་ཡག་ཤ་ཀྭ་ལ་ཀྭ་ལ་མཧྭ་ཀྭ་ལ་ག་ན་གུ་ཏི་ཧྲིང་ལ། བཛྲ་གིང་ཀྭ་ལ་རག་ཤཀྭ་ལ། མ་མ་མུ་ཁྲ༷་ཁྲག་ལ་མུ་ཤ་ཧྲིང་། མགོན་པོ་ཡབ་ཡུམ་གྱི་དམོད་པའོ། །དུན་རུ་ཏྲ་རུ་ཐུ༷་བྷ་ཏི། ར་ཙ་ཙ་པ་ལ་ཨུ་ཨུ་ཤུག་མེ། མ་མ་སྒག་རག་ཤ་ནག་མོ་ཏིང་ལ༷་སྨྱོ། ནཱ་ག་ཧུ༷་སྟི་ནཱ་ག་དུ་རུ་ཧ། ཤུ་ལ་ཛ་ར༷་ཏྲི་ཤ༷་ཛ་ཡ༷། བཛྲ་ཏྲི་ན་ས་དུ་ཁ་ཐུ༷་ཏྲ༷། དྲེགས་པ་དྲུག་གི་ཡང་སྙིང་སྟེ། སྣལ་མ་སད་པ་དེ་ཉིད་དོ། །བཟློག་ན་སྤོགས་པའི་ལས་ཡིན་ཏེ། །བསྣོལ་ཏེ་དཀྲུགས་པའི་ཤང་ས་ཡིན། །སྲོག་ལ་ཐུ༷་རུལ་རྩལ་བྲེང་ཤག །ཙིསྟ་དུན་རྨུགས་ཁྲག་ཐིབས་རྦད། ལིང་ཤ་རྦད། དྲི་ཧུར་ཐུ༷་ཛ་ཁྲ༷་རྦད། གསད་པའི་མཚོན་ཆ་ནག་པོ་སྟེ། །དུག་གི་སྤུ་གྲི་ལྟ་བུ་ཡིན། །ཀུན་གྱིས་མཐོང་འགྱུར་སོ་ཡིས་གཅོད། །དྲག་སྔགས་མེ་དང་མཚོན་ཆ་དང་། །དུག་དང་འདྲ་བ་སྤུ་གྲིའི་ངར། །གང་ལ་རྒྱབ་པ་ཐོགས་མེད་གཅོད། །ཅེས་སྦྱངས་སོ། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། དམོད་པ་ངན་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་གནོད་སྤྱིན་རྣམ་ཐོས་བུས།བཅོམ་ལྡན་འདས་ལ་གསོལ་པ། གིང་ཆེན་ནག་པོ་ཆེན་པོ་སྟེ། །སྒྲུབ་དང་དམོད་པ་ངན་སྔགས་ལ། །དུས་མེད་བཤད་ན་རང་ཕུང་བས། །གསལ་བྱེད་རིམ་པའི་སྦྱོར་བ་འཚལ། །མཐུ་སྟོབས་བདག་པོས་ངེས་གསུངས་པ། །གཙང་མའི་མཎྜལ་གདན་དང་ལྡན། །མཁར་ཕོར་གཙང་མར་རྫས་བསགས་པ། །ཐང་བྱ་སྲིན་བྱའི་ལྕེ་དང་ནི། །གསེར་མིག་འཕྲུལ་བྱ་ཀུ་ཀུའི་སྙིང་། །བཟང་དྲུག་དང་བཅས་དར་དཀར་དགབ། །འབྲུ་གཙང་ལྷ་ཤོས་རྩི་མར་བྱུག །གསང་བུ་མར་གྱི་བྱུགས་ལ་བཞག །རྡོ་རྗེ་ག་་པའི་ཏིང་འཛིན་གྱིས། །མགོན་པོའི་སྙིང་ཀར་འོད་སྤྲོས་ཏེ། །སྤོས་དུད་གཏང་ཞིང་ཞག་གསུམ་བརྣག །དེ་ཡི་ཐམས་ཅད་མངོན་ཤེས་སྨྲ། །བདག་གིས་མགོན་པོ་དངོས་སུ་མཐོང་། །དེ་ཡིས་སྔ་ཕྱི་ཕན་གནོད་སྨྲ། །མནའ་བསྒག་ལྷ་བཤོས་ཕུད་བཏང་ལ། །ལྷག་མ་རོལ་ཅིང་དམ་རྫས་རྣམས། །རང་གི་མགུལ་པ་གཡོན་པར་གདགས། །འོག་ཏུ་མི་བཏང་འགོམ་མི་བྱ། །དེ་ཡི་གསང་སྔགས་འདི་དག་གོ །ཨོ་ཀྭ་ལ་ཀྭ་ལ། མྱ་ལ་ནཱ་ལ། ཀི་ལི་ཀི་ལི། སིདྷི་སིདྷི། དུ་རུ་དུ་སྲ སྤུ་རུ་སྐྲུ་མྲ ཛ་ལ་ཛ་ལ། ཀས་མ་ཀས་མ། ཧྲི་ཧུ༷་ས་མ་ཡ་ཛ། ཡོ་གི་ཨུ་ཙྭ་ཙ་པྲ་བེ་ཤ་ཕཊ། ས་མ་ཡ་ན་ར་ཁ་ན་སིདྷི་ཧུ༷། སྒྲ་སྙན་དང་བཅས་རྫས་མཆོད་དེ། །ཡེ་ཤེས་རིམ་པའི་ལས་སུ་བཤད། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། མགོན་པོ་ཞལ་མངོན་དུ་ལྟ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནོད་སྤྱིན་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། མཧྭ་ཀྭ་ལ་དྲག་ཤུལ་ཅན། །གལ་ཏེ་ལས་གཡེལ་འཚེ་ལྡོག་ན། །དབང་དུ་བསྡུ་ཞིང་སྲོག་འཕྲོག་གང་། །གནད་གཅོད་སྤུ་གྲི་ཇི་ལྟར་ལགས། །མཐུ་སྟོབས་བདག་པོས་ངེས་གསུངས་པ། །གལ་ཏེ་འཚེ་ལྡོག་ལས་འགོར་ན། །བདག་ཉིད་ཁྲོ་བོའི་རྒྱལ་པོ་ཡི། །ཐུགས་ཁའི་ཧུ༷་ལས་འོད་ཟེར་ནི། །ལྕགས་ཀྱུ་དམར་པོ་གསལ་སྤྲོས་ཏེ། །དམར་པོ་དབང་གི་འོད་ཟེར་གྱིས། །མགོན་པོའི་སྲོག་གི་སྙིང་པོ་དགུག །རང་དབང་མེད་པར་རྩ་སྲོག་བསྡུ། །ཨོ་ནི་ལ༷་བ་ར་དྷ་ར་ཨཙྭ་ཨུ་ནེ་གིང་ཀ་ར་གུ་ན་གུ །སྒག་དུན་དུན། སྲོག་ཧྲིང་ཧྲིང་། ཨ༷་ཀུ་ཤ་ཛ་ཛ། ཐུམ་རིལ་བྲེང་ཤག་དུན་མ་ཧུར་ཐུ༷་ཛ་ཨ་ཨ་དབང་བསྡུས་སྲོག་འཕྲོག་བདུད་རྩིས་གསོ། །དེ་ནས་ལས་ལ་མངག་པར་བཤད། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། མགོན་པོའི་དམོད་པ་བསྡུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་ཡིས། །གནད་གཅོད་སྤུ་གྲི་དྲག་སྔགས་བཤད། །ལས་རྣམས་ཀུན་གྱི་མཐའ་རྒྱ་སྲ །བླ་མ་མཆོད་ཅིང་།བཤགས་པ་བྱ། །གནད་གཅོད་སྤུ་གྲིའི་གསང་སྔགས་ལས། ཁུ།་གསུམ་སྦག་མའི་ནང་རོལ་དུ། །ཐོད་ངན་མོན་ནམ་རབས་ཆད་ཡིན། །རྟེན་འབྲེལ་ཁང་ས་ཞིང་ས་དང་། དམེ་ཁྲག་སྦྲུས་ཏེ་གཟུགས་བྱས་ལ། །སྙིང་ཁར་མིང་རུས་བྲིས་ལ་གཞུག །མི་འམ་ལུག་གམ་ཙིཀྟ་གཞུག །ཙིརྟི་སྲད་བུ་སྔོན་དམར་གདམས། །ཐོད་ངན་ནང་དུ་འཕྱང་དུ་གཞུག །ཉུངས་ཀར་ཉུངས་ན་སྐེ་ཚེ་དུག །ར་རོག་ཁྲག་དང་གྲི་རྒོད་ཁྲག །དྲག་སྔགས་སྟོང་ལ་ཐུན་རེ་བཏང་། །ཁྲ་ཡི་རྐང་པ་གྲི་ལྕགས་མདེལྭ །དུག་ཤིང་གཞུ་ཡིས་མདའ་རེ་བརྡེག །ཞག་གསུམ་དྲག་སྔགས་མི་ཚིག་སྤང་། །དེ་ཡི་དྲག་སྔགས་འདི་དག་གོ །ཨེ་བཛྲ་ཧྲིལ་མ་ནེ། །སེ་ན་པ་ཏ་ཡེ། བཛྲ་གིང་ཀ་ར། ཡ་མ་ཀ་ལ། བཛྲ་ཡཀྟ་ཀྲོ་དྷ་ཀྲོ་དྷ། པ་ཏྲ་པ་ཏྲ་ད་ཤ་གྲི་བ། ན་ག་གུ་ཏི། མ་མ་ཏི་ཁྲ་ལ་མུ་ཤ་ཙ་མུན་ཏི། དགྲ་བོ་ཡི་ཙིསྟ་བ༷་རིལ་ཐུན་རྦད། རག་ཏ་ཐིབས་སྲོག་ལ་བྲེང་ཤག་རྦད། ནི་ཁ་ལ་ཛ་ཕྱུང་། ཡ༷་རྦད་རྦུད་ཐུམ་སོད། དྲག་སྔགས་སྦྱོར་བ་རྫོགས་པ་དང་། །དུར་ཁྲོད་འོན་ལྐུགས་རྙིང་པར་གནན། །ཙིསྟ་གཏུབས་ལ་བསྲེག་པར་བྱ། །དགྲ་བོའི་སྲོག་ལ་ཐུམ་རིལ་རྨུགས། །རྩ་ཁྲག་ཐིབས་བྲེང་ཤག་རྦད། །ཙིསྟ་ཕྱུང་ནི་ཧུར་ཐུམ་ཛ། །ཨག་ནེ་དེ་བ་ཀྲོ་དྷ་ཁ་ར༷་ཛ་ལ་ར༷་ར༷་ར༷། ལིང་ག་དང་བཅས་བསྲེགས་བསྟབ་ལ། །ཐལ་བ་བ་ཡུ་རླུད་ལ་ཕྱར། །འདི་ནི་ལས་ཀྱི་མཐའ། ཡ་ག་བག་ཤ་ཞེས་སུ་གསུངས། །དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། གནས་གཅོད་སྐྲུ་གྲིའི་ལམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། སྔགས་དང་གནད་གཅོད་དེ་ལྟར་ན། །མ་ཧྭ་ཀྭ་ལ་འཁོར་དང་བཅས ལས་ལ་མངག་ཅིང་བསྐུལ་བ་གང་། །མཐུ་སྟོབས་བདག་པོས་བཀའ་སྩལ་པ། །རྦད་བ་ལས་ཀྱི་ཕོ་ཉ་སྟེ། །ཕྱི་ནང་གསང་བའི་ཚུལ་དུ་བསྐུལ། །ཧྭ༷། དུར་ཁྲོད་ཆེན་པོ་ལྕང་ལོ་ཅན། །མ་ལ་ཡ་ཡི་གནས་མཆོག་ན། །གནམ་ལྕག་ཨུར་མོ་རབ་ཏུ་ཏ་ལ་ལ། །རཀྟའི་རྒྱ་མཚོ་རྦ་ཀློང་མེ་རེ་རེ། །ཞིང་ཆེན་ཀེང་རུས་ལྷུ་དུམ་ཁྲོ་ལོ་ལོ། །འདབ་ཆགས་ཤ་ཟའི་ཚོགས་ནི་ཉི་ལི་ལི། །གསུར་ཆེན་དུད་པའི་ཚོགས་ཀྱང་ལངས་སེ་ལངས། །ཞིང་ཆེན་གཡང་གཞིའི་ཚོགས་ནི་ལྷུབས་སེ་ལྷུབས། །དེ་འདྲའི་གནས་མཆོག་རབ་ཏུ་འཇིགས་པ་ན། །གིང་ཆེན་མགོན་པོ་ཡབ་ཡུམ་སྐུ་སྐྱོད་ཅིག །ཧུ༷། བདུད་འདུལ་སྒྲོལ་གིང་ཆེན་པོ་མི་བཟད་པ། །ཕོ་བྲང་ལྕགས་མཁར་འབར་བའི་དབུས་ཕྱོགས་ནས། །བདུད་དང་སྲིན་པོ་བྱི་ཆིངས་བསྣོལ་བའི་གདན། །བ༷་ཆེན་ཉི་ཟླ་པདྨ་འོད་དུ་འབར། །སྲེགས་བྱེད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །བདུད་འདུལ་དབང་ཕྱུག་སྒྲོལ་གིང་ཆེན་པོ་ནི། །སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་བ་འདྲ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་གཤོག་པ་བགྲད། །གཡས་སེར་གཡོན་ལྗང་ནག་པོ་འཇིགས་པའི་གཟུགས། །སྤྱན་གསུམ་སྡང་མིག་བསྐལ་པའི་མེ་ལྟར་འབར། །དམ་ཉམས་ལུས་སྲོག་དབང་པོ་བག་ཆགས་བསྲེག །ཞལ་དང་ལྗགས་འདྲིལ་མཆེ་གཅིགས་མཚེམས་ཀྱང་བགྲད། །ཁམས་གསུམ་ཞལ་དུ་རྔུབ་ཅིང་དམ་ཉམས་སྲོག་རྩ་གཅོད། །ཞལ་ནས་རྔམ་པའི་ང་རོ་འབྲུག་ལྟར་སྒྲོག །ཁམས་གསུམ་དགྲ་བགེགས་མ་ལུས་ཟིལ་གྱིས་གནོན། །སྨ་ར་སྨིན་མ་བསྐལ་བའི་གློག་ལྟར་འགྱུ། །བདུད་དང་སྲིན་པོ་དགྲ་བགེགས་རྡུལ་དུ་རློག །ཤངས་ནས་རིམས་དལ་རླུང་དམར་ཕྱོགས་བཅུར་འཕྲོ། །དགྲ་བགེགས་མ་ལུས་བརྒྱལ་ཞིང་རླག་པར་བྱེད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར། །ཐོད་སྐམ་འབུམ་གྱིས་དབུ་རྒྱན་ཐོད་དུ་བཅིངས། །སྐུ་ལ་དར་ནག་བེར་ཆེན་ལ། །དར་ལྕེ་འབུམ་དང་མེ་ཏོག་སྣ་ཚོགས་བརྒྱན། །སྟག་ལྤགས་རློན་པའི་གོང་རས་ལ། །ཞིང་གི་གཡང་གཞི་མང་པོ་འཕྲུལ། །སྙན་ཆ་མགུར་ཆུ་སྣ་ཚོགས་ལ། །སྦྲུལ་ནག་ཆེན་པོའི་རྒྱན་གྱིས་བརྒྱན། །ཐོད་པ་རློན་པའི་འཕྲེང་བ་ཡིས། །དོ་ཤལ་སེ་རལ་བརྒྱན་དུ་བྱས། །ཉི་མ་ཟླ་བ་གཟའ་སྐར་གྱིས། །སྐུ་ཡི་ཕྱོགས་མཚམས་རྒྱན་དུ་བྱས། །ཞལ་ནས་མི་རོ་གསོལ་ཞིང་འཕྲུལ། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཀྱིས། །དམ་ཉམས་དགྲ་བོ་ཐལ་བར་རློག །གཡོན་ན་ཡུམ་ཆེན་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་རལ་པ་ཅན། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །སྐུ་སྨད་རེ་ལྡེ་ཤམ་བུ་ཅན། །སྦྲུལ་དང་ཐོད་པ་དྲིལ་བུས་བརྒྱན། །ཞལ་གདངས་མཆེ་གཙིགས་ཟ་བྱེད་མ། །གཡས་འཁྱུད་གཡོན་པ་དུང་དམར་སྟོབས། །འདིར་སྤྱོན་བཅོལ་བའི་ལས་རྣམས་མཛོད། །ཧུ༷། ཡབ་ཡུམ་སྟབས་གཅིག་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་ད་ཚུར་སྦྱོན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །དབང་བསྐུར་བྱིན་བརླབས་སྣམ་ནས་སྟོན། །དེ་ཚེ་ཕྱི་ཡི་མཚན་བཏབས་པ། །མགོན་པོ་ནག་པོ་ཞེས་ཀྱང་བྱ། །ནང་དུ་མཚན་དུ་བཏགས་པ་ནི། །བདུད་འདུལ་སྒྲོལ་གིང་ཆེན་པོ་བྱ། །གསང་བའི་མཚན་དུ་བཏགས་པ་ནི། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །ཕྱི་ནང་གསང་བའི་མིང་ནས་འབོད། །ཁས་བླངས་བྲོས་བོར་མ་བསྙེལ་བར། །རྣལ་འབྱོར་པ་ཡི་ལས་རྣམས་ཀྱིས། །གལ་ཏེ་ལས་ལ་འགལ་གྱུར་ན། །རྡོ་རྗེ་སྲིན་པོ་ཁྲོས་པོའི་ངང་། །སྙིང་ཁྲག་བསྲེག་ནས་ན་རག་ལྟུང་། །དེ་བས་ལས་རྣམས་མྱུར་དུ་གྱིས། །དེ་ནས་སྡོངས་ཟླའི་བསྐུལ་བྱ་བ། །བདུད་ཡུལ་ཁ་རག་སྒོ་དགུ་ནས། །བདུད་རྒྱལ་རི་ནས་སྐྲུངས་པ་ཁྱོད། །བདུད་མཁར་ནང་ནས་འདིར་སྦྱོན་ལ། །དགྲ་ལ་ཐིབས་ནད་དྲག་པོ་ཕོག །རྒྱལ་ཡུལ་ནམ་མཁའ་ཕྱད་ཕྱོད་ནས། །རྒྱལ་པོ་འོད་ལ་དཀར་པོ་ཁྱོད། ཁྲེལ་དཀར་ནང་ནས་འདིར་སྦྱོན་ལ། །དགྲ་ལ་སྨྱོ་འབོག་ཐོང་ལ་སྒྲོལ། །མཡུལབྱང་ཤར་མཚོ་གཏིང་ནས། །མ་མོ་རྡོ་རྗེ་སྡེར་ཆེན་ཁྱོད། །མཐིང་ནག་གུར་ནས་འདིར་སྦྱོན་ལ། །དགྲ་ལ་རིམས་དལ་གླང་ཐབས་ཐོང་། །ཀླུ་ཡུལ་ནཱ་ག་གསིང་སྔོན་ནས། །ཀླུ་གཉན་ནག་པོ་སྲོག་གཅོད་ཁྱོད། །རིན་ཆེན་མཁར་ནས་འདིར་སྦྱོན་ལ། །དགྲ་མཛེ་ཤུ་བ་ཕོལ་འབྲས་ཐོང་། །བཙན་ཡུལ་ཟངས་ཐང་དམར་པོ་ནས། །བཙན་རྗེས་ཤུ་པོ་ལག་རིངས་ཁྱོད། །དགུ་རྩེའི་ནང་ནས་འདིར་ཤོག་ལ། །དགྲ་ལ་རིམས་ཐབས་ཡམས་སུ་ཐོང་། ཁྲར་ལྷོ་རིན་ཆེན་ཐང་དཀྱིལ་ནས། །གིང་ཆེན་རྡོ་རྗེ་ལེགས་པ་ཁྱོད། །ལུང་ཐང་མཁར་ནས་འདིར་ཤོག་ལ། །དགྲ་ལ་ཕོ་ལོག་གཟེར་ཐབས་ཐོང་། །སྲིད་པའི་དྲེགས་པ་ཆེན་པོ་ཁྱོད། །ཕྱག་ན་རྡོ་རྗེའི་བཀའ་འབྱུང་གིས། །རང་རང་ལས་ཀྱི་སྐལ་ལོང་ལ བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །གཞན་ཡང་གཟའ་རྒོད་བསྐུལ་བྱ་བ། །ཁྱབ་འཇུག་ཆེན་པོར་ཧུ་ལ། །དུ་བ་མཇུག་རིངས་སྒྲ་གཅན་འཛིན། །ལྷ་ཆེན་དབང་པོ་བགེགས་ཀྱི་རྒྱལ། །བྱི་ཏྲི་བ་ཏྲ་དམག་དཔོན་མཛོད། །སྐུ་མདོག་དུད་ཀ་འཇིགས་པ་ལ། །སྦྲིན་གྱི་ན་བཟའ་གཡང་གཞི་འཇའ། །དབུ་ལ་གློག་དམར་ཐོད་དུ་བཅིངས། །ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས། །བར་སྣང་ཁམས་སུ་བརྡ་ངར་སྒྲོགས། །ཐོག་སེར་སྐྱིན་ཐང་དགྲ་ལ་འབེབས། །གཟིམ་དངས་གློག་འགྱུར་ལམས་སེ་ལམས། །ང་རོ་འབྲུག་སྟོང་ལྡི་རི་རི། ཁྲངས་ནས་རླུ་་ནག་སྤུ་རུ་མྲ །ཁ་རླངས་སྤྲིན་དུ་ཐིབས་༄༅ སེ་ཐིབས། །ཞལ་ནས་ཐོག་སེར་ཤར་ར་ར། །ལོ་ཏོག་སྣར་པ་དབང་དུ་བསྡུས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དཔལ་མགོན་པོ་ནག་པོ་དུག་གི་སྤུ་གྲི་རྩ་བའི་རྒྱུད་ལས། བསྐུལ་བ་ལས་ཀྱི་ཕོ་ཉའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་མཐུ་སྟོབས་བདག་པོ་ཡིས། །འདུས་པའི་འཁོར་ལ་རྒྱུད་གཏད་པ། །བཀའ་ཡི་གསང་རྒྱུད་སྐྲུ་གྲི་སྟེ། །བསྟན་པ་རིན་ཆེན་གཏེར་གྱི་བདག །དྲག་སྔགས་དགུ་ཐོག་རྦ་ཆེན་དུག །མེ་དབལ་སྣུ་གྲི་མཚོན་ཆའི་དབལ། །དོན་གྱི་ངོ་བོ་རྒྱུད་ཅེས་བྱ། །སྒྲུབ་དང་དམོད་པའི་དྲག་སྔགས་ཏེ། །བྱང་ཆུབ་སེམས་དེ་སེམས་ད་པའ་ཆེ། །ཁྲོ་བོ་རོལ་པ་འཇིགས་བྱེད་དང་། །ལྷ་དང་མཁའ་འགྲོའི་ཚོགས་ཆེན་དང་། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་ལ། །ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །ཐུགས་ཀྱི་ཀློང་ནས་བྱུང་བ་ཡི། །དྲག་པོ་སྐྲུ་གྲི་གསང་བར་བཤད། །ཕྱི་རབས་རྣལ་འབྱོར་རིགས་ཅན་ལ། །ང་ཡང་དམ་ལས་མི་གཡེལ་བས། །ཁྱོད་ཀྱི་བྱིན་བརློབ་བཀའ་འཁོར་སྐྱོང་། །རྒྱུད་འདི་རྩ་གཅིག་ལེགས་འཆང་ན། །ང་ཡིས་ཐུགས་ཀྱི་སྲས་སུ་བྱེད། །དམ་ཚིག་བསྲུང་ལ་ཐུགས་བརྩེའོ། །སྔགས་བདག་ཉིད་ཀྱིས་སྲུངས་དང་སྐྱོབས། །ཞེས་གསུངས་པས། འཁོར་ཐམས་ཅད་དགའ་མགུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །དཔལ་མགོན་པོ་ལེགས་ལྡན་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དཔལ་མགོན་པོ་ནག་པོ་དུག་གི་སྐྲུ་གྲི་རྩ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཤི་ཀྭ་ལ་ནཱ་ཐ་ཧ་ལ་སོ་རི་གུ་རྒྱ་ཏནྟྲ། བོད་སྐད་