Ngb-pt-0827-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མ་ཧྭ་ཡཀྟ་སིརྙི་ཕ་ལ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་ཆེན་པོ་དངོས་གྲུབ་བཟང་པོའི་རྒྱུད། །གནོད་སྤྱིན་གྱི་དེད་དཔོན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་ལྷུན་པོའི་བྱང་ཕྱོགས་ན་གཉའ་ཤིང་འཛིན་གྱི་ཁ་ཤེད་ན། །རིན་ཆེན་མཛེས་པའི་གཞལ་ཡས་ཁང་། །མཛེས་པའི་རྒྱན་གྱིས་སྤྲས་པ་ནི། །ཨ་པ་ར་ཞེས་སྐུ་མདོག་དཀར། །རིན་པོ་ཆེ་ཡི་སྲོག་ཞུ་གསོལ། །སྐུ་ཡི་སྤྲུལ་པ་མ་ངེས་ཏེ། །སྣ་ཚོགས་དག་ཏུ་སྤྲུལ་པ་སྟོན། །གཡས་བུམ་གཡོན་ན་སྒྲ༷་བུ་བསྣམས། །རལ་བས་ས་གཞི་ཁེབས་པའོ། །རིན་ཆེན་ཀུན་རྒྱན་ནོར་གྱི་ལྷ། །སྤྲུལ་པ་མ་ངེས་སྣ་ཚོགས་སྟོན། །སྔོན་གྱི་གནོད་སྤྱིན་གཙུག་ཕུད་ལྔ། །དེ་ཚེ་ཕྱག་ན་རྡོ་རྗེ་ཡིས། །ཕྱག་རྒྱ་རྩེ་སྤྲད་ཐུགས་ཀར་གཏད། །དམ་རྡོ་ཕ་ཝ༷་ལོང་བུ་བཟུང་། །དམ་ཆུ་བདུད་རྩི་འོད་དཀར་བླུག །ས་བཅུའི་བྱང་སེམས་མངའ་ཡང་གསོལ། །མཐུ་སྟོབས་བདག་པོར་བཀའ་ཡང་སྩལ། །རིན་ཆེན་ནོར་ལྟར་མངའ་ཡང་གསོལ། །བྱང་ཆུབ་སྒྲུབ་པའི་སྟོབས་མཛད་པ། །དབང་བསྐུར་གསང་མཚན་བསྟན་པ་དང་། །མིང་ནི་འདི་ཞེས་མཚན་ཡང་གསོལ། །ཀྱེ་།གསང་བའི་བདག་པོ་རྡོ་རྗེ་འཛིན། །བདག་དང་ཡུལ་འཁོར་སྲོག་སྙིང་འབུལ། །བདག་ནི་འཇིག་རྟེན་སྲིད་གསུམ་ལ། །དབང་བསྐུར་ཆོས་སྐྱོང་དབང་ཅིག་གསོལ། །དེ་ནས་གསང་བའི་བདག་པོ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་ནས་སུ། །ཨ་པ་ར་ཞེས་མཚན་ཡང་བཏགས། །གུས་པས་བཏུད་ནས་རང་སྲོག་ཕུལ། །ཡི་ཧྲི༷་ཛ་ཨ་པ་ར་ཙིསྟ་ཛ་ཛ། ཞེས་ཕུལ་ལོ། །དངོས་གྲུབ་བཟང་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཀྱེ་གསང་བདག་རྡོ་རྗེ་འཛིན། །གནས་དང་སེམས་བསྐྱེད་མཎྜལ་དང་། །རྫས་དང་ལྷ་སྒོམ་མཆོད་པ་དང་། །གསང་སྔབས་བཟླས་དང་གྲུབ་རྟགས་དང་། །དམ་ཚིག་གསོ་བ་ཁ་ཚར་དང་། །རྒྱུད་གཏད་པ་དང་བཅུ་གཅིག་པའོ། །རིམ་པས་མ་ནོར་བཀའ་སྩལ་འཚལ། །ཅེས་དངོས་གྲུབ་བཟང་པོའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་གནོད་སྤྱིན་འཁོར་སྡེ་རྣམས། །བྱང་ཤར་གནོད་སྤྱིན་ཡོད་པ་དང་། གཙང་ཞིང་དབེན་ལ་ཉམས་དགའ་དང་། །ཡིད་འོང་བར་ཆད་མེད་པར་བསྒྲུབ། །བཀྲ་ཤིས་ཉམས་དགའ་མཐུན་པར་བསྒྲུབ། །དངོས་གྲུབ་བཟང་པོའི་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །གཉིས་པ་སེམས་བསྐྱེད་བསྟན་པ་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །དང་པོ་བླ་མ་དཀོན་མཆོག་མཆོད། །གཉིས་པ་དབུལ་འཕོངས་དོན་བྱ་ཞིང་། །གསུམ་པ་རང་གི་ཆོས་རྒྱགས་སུ། །བསམ་པ་བསྐྱེད་ལ་དངོས་གྲུབ་བླང་། །དངོས་གྲུབ་བཟང་པོའི་རྒྱུད་ལས། སེམས་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །གསུམ་པ་མཎྜལ་བྱ་བ་ནི། །བཙན་ཕྱུག་ཕན་དར་ཞིང་ས་དང་། །ཕྱུག་པོའི་བང་པའི་ས་དང་ནི། །ས་གཙང་བསྲེས་ལ་མཎྜལ་བྱ། །བ་ཡི་རྣམ་ལྔས་ལེགས་པར་བྱུག །དྲི་སྤོས་སྨན་གྱི་ཆག་ཆག་གདབ། །དེ་སྟེང་པདྨ་འདབ་བརྒྱད་བྲི། །དེ་སྟེང་མེ་ཏོག་ཚོམ་བུ་དགོད། །འཁར་གཤོང་ཟངས་གཞོང་གཙང་མ་སྲ །བ་མར་ར་དཀར་འོ་མ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། སྦོས་དང་ཙན་དན་དཀར་པོ་དང་། །གུ་གུལ་དཀར་པོས་མཆོད་པ་བྱ། །དངོས་གྲུབ་བཟང་པོའི་རྒྱུད་ལས། །མཎྜལ་བཤམས་པའི་ལེའུ་སྟེ་ལྔ་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །དེ་ནས་རྫས་རྣམས་བསགས་པ་ནི། །རིན་པོ་ཆེ་ཡི་གའུ་འམ། །ཟ་མ་ཏོག་ནི་མཛེས་པ་སྲ །རིན་ཆེན་སྣ་ལྔ་སྨན་ལྔ་དང་། །སྤོས་ལྔ་དཀར་གསུམ་མངར་གསུམ་དང་། །ཕྱུག་པོའི་བང་མཛོད་འབྲུ་སྣ་དང་། །དངོས་གྲུབ་གང་འདོད་ཡི་གེ་རྣམས། །ཁ་བཅད་རྒྱ་ཡིས་བཏབ་ནས་ནི། །མཎྜལ་དབུས་སུ་བཞག་ལ་བསྒྲུབ། །དངོས་གྲུབ་བཟང་པོའི་རྒྱུད་ལས། རྫས་བསགས་པའི་ལེའུ་སྟེ་དྲུག་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །དམིགས་པ་གསལ་བར་བསྒོམ་པའི་ལྷ། །བདག་ཉིད་ཕྱག་ན་རྡོ་རྗེ་བསྒོམ། །ལུས་ནི་ལྕགས་ཀྱུའི་ཕྱག་རྒྱས་དགུག །ཡིད་ནི་ཧུ༷་ངམ་རྡོ་རྗེ་ལས། །འོད་ཟེར་འཕྲོས་པས་བྱང་ཕྱོགས་ཀྱི། །རི་རབ་ཁོང་སེང་ན་གནས་པའི། །གནོད་སྦྱིན་ཐུགས་ཁར་ཕོག་པར་བསམ། །ངག་ཏུ་སྔགས་འདི་བརྗོད་པར་བྱ། །ཡི་ཧྲི༷་ཨ་པ་ར་ཙིརྟི་ཨ༷་ཀུ་ཤ་ཛ། ལན་གསུམ་བརྗོད་ལ་སྤྱན་དྲངས་ལ། །བདག་གི་མདུན་དུ་བྱོན་པ་ནི། །སྐུ་མདོག་དཀར་པོ་སྤྱན་གསུམ་པ། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །ཞལ་ནི་འཛུམ་བག་ཤིན་ཏུ་ཆེ། །ཕྱག་གཡས་མི་སེམས་འགུགས་པ་ཡི། །ལྕགས་ཀྱུ་འོད་ཟེར་འཕྲོ་བ་རྣམས། །གཡོན་པ་ནེ་ལེའི་རྐྱལ་བ་འཛིན། །པདྨའི་གདན་ལ་བཞུགས་པ་ཅིག །བཀའ་ཉན་གུས་པའི་ཚུལ་དུ་ནི། །མདུན་གྱི་མཎྜལ་དབུས་སུ་བསྒོམ། །དངོས་གྲུབ་བཟང་པོའི་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བདུན་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །མཆོད་པ་དབུལ་བ་བསྟན་པ་ནི། །མཆོད་པ་རྣམ་པ་ལྔ་དང་ནི། །འཛིན་གཏོར་དང་ནི་རྒྱུན་གཏོར་ལ། །དཀར་གསུམ་མངར་གསུམ་འབྲས་ཆན་དང་། །དྲི་བཟང་མེ་ཏོག་མང་པོས་བརྒྱན། །སྦྱང་དང་སྤེལ་བ་བྱས་ལ་དབུལ། །གཏོར་མ་གཏོང་བའི་དུས་དག་ཏུ། །ཕྱག་རྒྱ་བསྟན་ལ་དམ་ཚིག་བསྒྲགས། །གུ་གུལ་དཀར་པོའི་དུད་པ་བཏང་། །རྩ་སྔགས་བཤམ་ལ་བ་ལིང་ཁུ་ཧི། །ཞེས་པ་བཏགས་ལ་དབུལ་བར་བྱ། །དངོས་གྲུབ་བཟང་པོའི་རྒྱུད་ལས། མཆོད་པ་དབུལ་བའི་ལེའུ་སྟེ་བརྒྱད་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །གསང་སྔགས་ཟློས་པ་བསྟན་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །གཉེན་པོ་གསང་བདག་གསང་སྔགས་ནི། །གོང་དུ་རྫོགས་པར་བྱ་བ་གཅེས། །བར་ཆད་སེལ་བའི་གསང་སྔགས་ནི། །ནང་ནུབ་བསྙེན་པ་འཛུགས་ཁ་སྲ ཁེན་ཏུ་དྲག་ཏུ་བཟླས་པར་བྱ། །སྐྱེ་མཆེད་བྱིན་གྱིས་བརླབས་པའི་སྔགས། །བགེགས་བསྐྲད་བསྙེན་པ་མ་ཞུགས་པ། །མཚམས་དེར་སྔགས་ནི་ལན་གསུམ་གསུམ། །བཟླས་ལ་སྒོ་ཀུན་ཡིག་འབྲུ་བསྒོམ། །ནོར་ལྷ་ཉིད་ཀྱི་གསང་སྔགས་ནི། །སྨྲ་བ་བཅད་ལ་བཟླས་པར་བྱ། །དེ་ཡི་འཕྲོ་འདུ་བསྟན་པ་ནི། །གསང་བདག་བསྒོམ་པའི་ཐུགས་ཀ་མྲ །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །དེ་ཡི་ཐུགས་ཀར་རྡོ་རྗེ་བསྒོམ། །རྡོ་རྗེ་ཧུ༷་ལས་འོད་འཕྲོས་པས། །ནོར་ལྷ་ཉིད་ལ་ཕར་ཕོག་པས། །མཆོད་པ་ཆེན་པོ་འབུལ་བར་བསམ། །ཚུར་ལ་འོད་ཟེར་འདུས་པས་ནི། །ནོར་ལྷའི་སྐུ་གསུང་ཐུགས་ཀྱི་བཅུད། །འདུས་ནས་དངོས་གྲུབ་ཆེན་པོ་སྟེ། །བདག་ལ་སྟེར་བར་བསམ་ཤིང་བཟླས། །དངོས་གྲུབ་ཞུ་བའི་གསང་སྔགས་ནི། །གཏོར་མ་གཏོང་ཁར་བརྒྱ་རྩ་བཟླས། །དངོས་གྲུབ་བཟང་པོའི་རྒྱུད་ལས། གསང་སྔགས་བཟླས་པའི་ལེའུ་སྟེ་དགུ་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །གྲུབ་པའི་རྟགས་རྣམས་བསྟན་པ་ནི། །གཟུགས་ལ་ངེས་མེད་སྣ་ཚོགས་འོང་། །རེས་འགའ་བྱས་པ་ཁྱེའུར་འོང་། །རེས་འགའ་མི་རེང་ཆེན་པོར་འོང་། །མིག་ཀྱང་ལྷུང་ལ་ཁད་པར་འོང་། །དེ་ནི་རབ་ཡིན་དངོས་སུ་འོང་། །འབྲིང་གི་རྟགས་ནི་བསྟན་པ་ནི། །སྒྲ་དང་ཏུག་ཆོམ་འོད་དང་དྲི། །ཐ་མའི་རྟགས་སུ་བསྟན་པ་ནི། །རྨི་ལྟས་བཟའ་བཅའ་སྟེར་བ་དང་། །གའུའི་རྫས་རྣམས་འཕེལ་ནས་འོང་། །དེ་རྣམས་མ་གྲུབ་བར་དུ་བསྒྲུབ། །དངོས་གྲུབ་བཟང་པོའི་རྒྱུད་ལས། །གྲུབ་རྟགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །འདི་ཡི་དམ་ཚིག་བསྟན་པ་ནི། ཁུན་དང་ཁྱད་པར་རྣམ་གཉིས་སོ། །དེ་ལ་རྒྱུན་གྱི་དམ་ཚིག་ནི། ཁེན་ཏུ་གསང་མི་ཐུབ་པ་དང་། །དམ་ཚིག་ཕྱག་རྒྱ་བཅའ་བ་དང་། །ཉ་ལ་གཏོར་མ་མི་བཅད་བཏང་། །ཁྱད་པར་དག་གི་དམ་ཚིག་ནི། །བསྒྲུབ་པ་དག་ལ་ཞུགས་པ་དང་། །ཉ་ལ་གཏོར་མ་གཏོང་བར་དུ། ཁྲ་ཆང་སྒོག་བཙོང་སྣོལ་སྤང་ངོ་། །དངོས་གྲུབ་བཟང་པོའི་རྒྱུད་ལས། །དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།གསང་བདག་ཆེན་པོས་བཀའ་སྩལ་པ། །ལས་ཀྱི་ཁ་ཚར་ཤམ་བུ་ནི། །རྩ་སྔགས་དག་ལ་གདགས་པའི་སྔགས། །དངོས་གྲུབ་ལེན་ན་སིརྙི་གདགས། །གསད་པར་འདོད་ན་མ་ར་གདགས། །དགུག་པར་འདོད་ན་ཨ༷་ཀུ་ཤ། །བསྐྲད་པར་འདོད་ན་སྤར་ཤ་ཕཊ། །མནན་པར་འདོད་ན་ལ༷་ནན་ཏེ། །གཏོར་མ་དབུལ་ན་ཁ་ར༷་ཁུ་ཧི། །ཚེ་སྒྲུབ་བྱེད་ན་ཨུ་ཡུ་ཚེ་བྲུ༷། །སྦྱིན་སྲེག་བྱེད་ན་ཛ་ལ་ར༷། །དངོས་གྲུབ་བཟང་བའི་རྒྱུད་ལས། ལས་ཁ་ཚར་གྱི་འདོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསང་ཆེན་ང་ངདྲི་དེང་ངཆེན་ང་ང་མེ་རྗེངབདག་ ་པ་ཡས། །ལྷ་ཀླུ་གནད་སྦྱན་ ་ཟ་དང་། །འཁར་ ་རྣམས་ལ་གསུངས་པ་ན། །གནད་སྦྱན་ལས་རྒྱུད་ ་པ་འད། །བསྟད་པ་དག་དང་བཅས་གཏད་པ། །མ་ཞབྲུགས་ཐགས་ ད་རྡ་ འ་རྗེ་ངང་ངཆེནཏེ་་་ང་ངང་སྟེརྗེངཙོཚ་ཞེངསྐུ། །ཐུགས་ ས་ཀུན་གྲལ་ཉ་མའ་ཞལ། །ཡན་ཏན་ཀུན་འབྱུང་རན་ ་ག ར། །ཉན་མངས་ཀུན་སྐྱབ་ནམ་མཁའ་ངགས། ཁུད་ཀུན་གྱ་ན་རྒྱལ་པ་ ། །ཐུགས་ འ་ག ་ལ་ཕྱག་འ ལ་ལ། ། ས་ཡད་ལ་ཟུང་ཞིག །ཆོངས་རྟོགས་ཤིག །ཅེས་བསྟོད་ནས་འཁོར་རྣམས་ལ་གཏད་ཏོ། །དངོས་གྲུབ་བཟང་པོའི་རྒྱུད་ལས། རྒྱུད་ལ་བསྟོད་ཅིང་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གནོད་སྤྱིན་ཨ་པ་ར་ཙིསྟའི་ལས་རྒྱུད་ཅེས་བྱ་བ། རིན་པོ་ཆེ་དང་དངོས་གྲུབ་བཟང་པོའི་བདག་པོ་ཕྱག་ན་རྡོ་རྗེས་གསུངས་པ་རྫོགས་སོ།། །།