Ngb-pt-0774-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

སྟེ་བཅུ་གཉིས་པའོ།། །།དཔལ་ལྷ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས། རྣམ་པར་བརྟག་པ་རྫོགས་སོ། །རྒྱ་གར་སྐད་དུ། །ཁ༷་མ་ཧྭ་སུ་ཏྲ་ཏན་ཏྲ༷༷ བོད་སྐད་དུ། །ནམ་མཁའ་པྲ་ཁྲིད་ཀྱི་རྒྱུད་།རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྡོ་རྗེ་ཧེ་རུ་ཀ་ཆེན་པོ། རི་དྭགས་ཤིང་ཏ་ལའི་ཚལ་ན་བཞུགས་པའི་ཚེ། །ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བཞུགས་སོ། །དུས་དེར་ལྷ་སྲིན་སྡེ་བརྒྱད་འཁྲུགས་ནས། འཇིག་རྟེན་དུ་མི་བདེ་བ་དང་། །ནད་རྣམ་པ་སྣ་ཚོགས་བྱུང་ནས། དུས་མ་ཡིན་པར་འཆི་བ་དང་། མ་ལ་སོགས་པ་གཅིག་གི་གླུད་དུ་གཅིག་གཏོང་། །ཧེ་རུ་ཀ་ཐུགས་རྗེ་ཆེན་པོ་དང་ལྡན་པས་དགོངས་ནས། ལྷ་སྲིན་སྡེ་བརྒྱད་པོ་འདི་དག་དམ་ལ་བཏགས་ན། ངའི་འཁོར་དང་སེམས་ཅན་གཞན་ཡང་མི་བདེ་བ་འོང་བ་ཐུགས་ལ་དགོངས་ནས་བཞུགས་པ་ལས། །དེའི་ཚེ་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། །ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྲིན་སྡེ་བརྒྱད་འདི་དག་ནི། །ཐུགས་རྗེས་དམ་ལ་མ་བཏགས་ན། །ཧེ་རུ་ཀ་ཡི་འཁོར་དང་ནི། །སེམས་ཅན་རྣམས་འཁྱུགས་སྤྱོད་ལམ་འཚལ། །མི་མཐུན་ནད་རྣམས་འབྱུང་བར་འགྱུར། །དེ་སྐད་ཅེས་གསོལ་བ་དང་། །ཧེ་རུ་ཀ་ཏིང་ངེ་འཛིན་ལས་བཞེངས་ཏེ། །ལྷ་སྲིན་སྡེ་བརྒྱད་པོ་རྣམས་ལ་ནི། །གཏོར་མ་རྣམ་པ་གསུམ་གྱིས་དམ་ལ་བཏོགས། །ལ་ལ་ནི་ཏིང་ངེ་འཛིན་གསུམ་གྱིས་དམ་ལ་བཏགས། །ལ་ལ་ནི་སྤྱིན་གཏོར་གསུམ་གྱིས་དམ་ལ་བཏགས། །ལ་ལ་ནི་མ་ཧྭ་ཤན་ཏིང་གི་དམ་ལ་བཏགས། །དེ་ནས་ཧེ་རུ་ཀའི་འཁོར་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་གནོད་མི་བྱེད་པར་གནས་སོ། །ནམ་མཁའ་བྲ་ཁྲིད་ཀྱི་རྒྱུད་ལས། །ཕོ་རྒྱུད་དམ་ལ་བཏགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་སྣང་སྲིད་ཀྱི་བུད་མེད་འཁྲུགས་ནས། །འཇིག་རྟེན་དུ་ནད་སྣ་ཚོགས་བྱུང་ནས། མི་བདེ་བར་གནས་པ་ལས། །ཧེ་རུ་ཀ་ཆེན་པོས་བྱམས་པ་དང་། །སྙིང་རྗེ་དང་། །དགའ་བ་དང་། །བཏང་སྙོམས་དག་གིས་དམ་ལ་བཏགས་ཀྱང་ཐོགས་ནས། །སེམས་ཅན་གཅིག་གི་གླུད་དུ་གཅིག་གཏོང་བར་གནས་པ་ལས། །ཡང་དེའི་ཚེ་འཁོར་གྱི་ནང་ནས་ལྷ་གནོད་འདུལ་འོངས་ནས། ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །སྣང་སྲིད་བུད་མེད་འཁྲུགས་པ་འདི་རྣམས་ལ། །དམ་ལ་བཏགས་ཀྱང་། །མཐུན་པའི་རྫས་ཀྱིས་མ་བསྐངས་ན། །བཞིན་མི་ཉན་ནོ། ཞེས་གསུངས་པ་དང་། ཧེ་རུ་ཀས་དེའི་མཐུན་རྫས་གང་གིས་བསྐང་ཞེས་གསུངས་པ་དང་། །གནོད་འདུལ་གྱིས་འདི་སྐད་གསུངས་སོ། །དེའི་མཐུན་རྫས་ནི་ནམ་མཁའ་ཞེས་བྱ་བ་ཡོད་པས། །ནམ་མཁས་དམ་ལ་གདགས་སོ། །ཞེས་གསུངས་པ་དང་། །ཧེ་རུ་ཀས་འདི་སྐད་ཅེས་གསུངས་སོ། །ནམ་མཁའ་ཞེས་བྱ་བ་གང་ན་ཡོད། །ནམ་མཁའ་རྒྱུ་ཅི་ཡིན། །ནམ་མཁའ་དེ་གང་ན་གནས། །ནམ་མཁའ་དེ་ཆོས་ཉིད་ཡིན་ནམ་སེམས་ཉིད་ཡིན། །དབྱིངས་ཉིད་ཡིན་ནམ་ཞེས་གསུངས་པ་ལས། ཡང་གནོད་འདུལ་གྱིས་གསུངས་པ། །རྟོགས་པ་ཁྱད་པར་ཅན་རྣམས་ལ། །ནམ་མཁའ་ཆོས་ཉིད་ཆོས་ཉིད་སེམས་ཉིད །དབྱིངས་ཉིད་ཀུན་ལ་ཁྱབ་པའི་དོན་ལས་མ་འདས་པའོ། །མ་རྟོགས་པ་རྣམས་ལ་ནི་ཆོས་ཉིད་སེམས་ཉིད་དབྱིངས་ཉིད་དང་། །ཀུན་ལ་ཁྱབ་པའི་ནམ་མཁའ་ནི་མ་ལགས་སོ། །རྟོགས་པ་ཅན་ལ་ནི། ཏིང་ངེ་འཛིན་དང་། །ཡི་གེའི་འཕྲོ་འདུ་ལས་ནམ་མཁའ་མིང་དུ་བཏགས་པ་ཙམ་དུ་འབྱུང་སྟེ། །ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱིས་ཅེས། །ཧེ་རུ་ཀས་ཡི་གེ་གཉིས་ཀྱི་བྱིན་གྱིས་བརླབས་ཏེ། ཐུགས་ཁའི་ས་བོན་ལས།ཡི་གེ་ཁ༷་སྔོན་པོ་གཅིག་གི་འཕྲོ་འདུ་བཏང་བ་ལས། །རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏོ། །ཡང་ཐུགས་ཁའི་ས་བོན་ལས། ཡ༷་ལྗང་ཁུའི་འཕྲོ་འདུ་ལས། ཁྲར་ལྷོ་ནུབ་བྱང་བཞི་ནས་སྲིད་པའི་རླུད་གི་རྒྱ་མཚོ་དེ་དཀྲོགས་པ་ལས། །སྣང་དུ་རུང་པའི་སྒོ་ང་ཅིག་བྱུང་། །སྒོ་ང་དེ་ཤར་དཀར་པོ། །ལྷོ་སྔོན་པོ། །ནུབ་དམར་པོ། །བྱང་སེར་པོ། དཀྱིལ་ནག་པོ་ཅིག་བྱུང་། །སྒོ་ང་དེ་ཕྱོགས་བཞི་དབུས་དང་ལྔར་བྱུང་ལ། །སྒོ་ལྕགས་ཁ་འདྲ་བ་ལ་གདངས་པ་མེད་པ་ཅིག་བྱུང་ངོ། །དེའི་ནང་ནས་ང་ཞེས་བྱ་བའི་སྒྲ་སྒྲོགས་པ་ཅིག་བྱུང་བས། །སྒོ་ངའོ། །ཡི་གེའི་འཕྲོ་འདུ་ལས་སྒོ་ང་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྒོ་ང་དེ་བརྡོལ་པ་ལས ། །དབུས་ཞེས་བྱ་སྟེ། །སྟེང་ན་ཡར་ལ་བརྟོལ་བས་ལུག་ནག་པོ་གདོང་པ་སྣ་ཚོགས་ཅན་ཅིག་བྱུང་ངོ། །ཤར་བརྟོལ་བ་ལས་ལུག་དཀར་པོ་མཚལ་གྱི་གདོང་པ་ཅན་བྱུང་། །ལྷོ་བརྟོལ་པ་ལས་ལུག་སྔོན་པོ་གསེར་གྱི་གདོང་པ་ཅན་ཅིག་བྱུང་། ནུབ་བརྟོལ་པ་ལས་ལུག་དམར་པོ་དུང་གི་གདོང་པ་ཅན་ཅིག་འབྱུང་། །བྱང་བརྟོལ་བ་ལས་ལུག་སེར་པོ་གཡུའི་གདོང་པ་ཅན་ཅིག་བྱུང་། །དང་པོ་སྒོ་ང་ལས་ལུག་པས་ལུག་ཅེས་བྱའོ། །ལུག་གི་བྱུང་ཁུངས་ཀྱི་ལེའུ་གསུམ་པའོ།། །།སྟེང་དུ་ལུག་ནག་མོས། །ཀུན་ཏུ་བཟང་མོ་ལ་སོགས་ཏེ། ནག་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ། ཁྲར་གྱི་ལུག་དཀར་མོས། །རྣམ་སྣང་གསལ་ལ་སོགས་ཏེ། དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ། ལྷོའི་ལུག་སྔོན་ནོ། སྔོན་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ་། ནུབ་ཀྱི་ལུག་དམར་པོས། །དམར་པོའི་ཚོགས་ཀྱི་ཐུངས་དམ་བསྐང་ངོ་། བྱང་གི་ལུག་སེར་མོས། །སེར་མོའི་ཚོགས་ཀྱི་ཐུགས་དམ་བསྐངངོ། །བལཚོནསྣལྔཡིདེལས་བྱུང་ངོ། །དེ་ཙམ་ན་ལུག་ལ་བལ་སུས་པ་ལ། འཕྲུལ་ལྕམ་གྱི་བུ་མོའི་བལ། །རྨལ་བ་སུ་ཡིས་རྨལ། །ཀླུ་ལྕམ་བྲ་མས་རྨལ། །བལ་བཀལ་སུ་ཡིས་བཀལ། །ཕྱའི་བ་མོ་ནམ་མཁའི་བུ་མོ་སྐར་མིག་མས་བཀལ། །གྲུ་གུ་སུ་ཡིས་བཏུལ་ན། །ལྷ་མོ་དེ་མ་དེ་ཡིས་བཏུལ་ལོ། །སྨྱུག་མ་གང་ནས་བྱུང་ན་ལྷོ་རི་ནགས་ཚལ་འཐུག་པོ་ནས། སློབ་དཔོན་མི་ཐུབ་ཟླ་བས་སུ། །རྒྱ་སོར་ཁུག་པ་ཡིས། །ལྡོག་ལྡེམ་རྩད་ནས་བཅད། །སྣ་ལྔ་ཞབས་ཀྱིས་དྲངས། །ལྷ་གནོད་འདུལ་གྱི་ཕྱག་ཏུ་ཕུལ། །ལྷའི་སྨྱུག་མ་རིང་རིང་དབུས་སུ་བསྐུམ། །ཐུང་ཐུང་ཚད་དུ་བཞག། །ཡར་ཚད་འདོམ་གང་ཚད། །མར་ཚད་ཁྲུ་གང་ཚད། །སྨྱུག་བརྩལ་དེར་བརྩལ་ཀྱང་། །ནམ་མཁའི་འབྲི་བའི་མི་མ་མཆིས། །ནམ་མཁའ་སུ་བྲིས། གནོད་འདུན་ལྷ་ཡིས་བྲིས། ནམ་མཁའི་དཔེ་ནི་ཅི་ཡི་བླངས། །འཇའ་ཚོན་སྣ་ལྔ་སྤེལ་བ་བཞིན། །ནམ་མཁའ་རྣམས་ཀྱང་དེ་བཞིན་བྲིས། །ནམ་མཁའ་བྱུང་ཁུངས་ཀྱི་ལེའུ་སྟེ་བཞི་པའོ། །དེ་ནས་ཡང་ལྷ་གནོད་འདུལ་གྱིས་གསུངས་པ། །མུ་ཁ་ལེ་ལ་སོགས་ཏེ་ཆོས་ཀྱི་སྐུའི་མ་མོ་རྣམས་དང་། སྲིད་དང་བདེ་འགྲོ་ལ་སོགས་ཏེ་ལོངས་སྐུའི་མ་མོ་རྣམས་དང་། །སྲིད་པ་ཆགས་བྱེད་ལ་སོགས་ཏེ་སྤྲུལ་སྐུའི་མ་མོ་རྣམས་ནི། །འཇིག་རྟེན་དུ་གནོད་པ་མི་མཛད་དེ། །དེ་རྣམས་དང་ཆ་མཐུན་པའི་འཇིག་རྟེན་ལས་གྲུབ་པའི་མ་མོ་རྣམས་དམ་ལ་བཏགས་པའི་ཕྱིར། །འཇིག་རྟེན་པའི་མ་མོ་དང་། །མུ་ཁ་ལེ་ལ་སོགས་པའི་མཐུན་རྫས་བྲི་ཞིང་གསག་པར་བྱའོ། །དེ་ལ་མུ་ཁ་ལེའི་མཐུན་རྫས་ནི། །ནམ་མཁའི་དབུས་ན་སྐུ་ལ། ཁྲར་དཀར་པོ། །ལྷོ་ནུབ་སྔོན་པོ། །ནུབ་དམར་པོ། །བྱང་སེར་པོ། །དེ་ནི་ཞལ་ལྔ་ཡོད་པའི་དོན་དོན་ཏོ། དེའི་ཕྱིར་རིམ་ནག་པོ། །དེའི་ཕྱི་རིམ་དཀར་པོ། །དེའི་ཕྱི་རིམ་སྔོན་པོ། །དེའི་ཕྱི་རིམ་དམར་པོ། །དེའི་ཕྱི་རིམ་དཀར་པོ། །དེའི་ཕྱི་རིམ་སེར་པོས་བསྐོར་བ་ནི། །ཞབས་བརྒྱད་ཡོད་པའི་དོན་ཏོ། །དེ་ལྟ་བུ་ནི་ཀུན་ཏུ་བཟང་མོའི་འཐུན་རྫས་སོ། །ནམ་མཁའི་དེའི་རྩར། །དབུས་སུ་གཡུ་མིག་མཚལ་གྱིས་སྤྲས། །ཚོན་སྣ་ལྔ་ཡིས་རྒྱན་དུ་སྤྲས། །གཡས་སུ་དུང་མིག་མཚལ་གྱིས་སྤྲས། །གཡོན་དུ་མཚལ་མིག་དུང་གིས་སྤྲས། །དེ་གཉིས་ཀྱང་ཚོན་སྣ་ལྔ་ཡིས་དེ་བཞིན་སྤྲས། །ཀུན་ཏུ་བཟང་མོའི་མཆོད་རྫས་སོ། །འཁོར་དེ་ཡི་ཤར་ཕྱོགས་སུ། དུང་མིག་མཚལ་གྱི་སྤྲས་པ་ལ།ཚོན་སྣ་ལྔ་ཡི་དེ་བཞིན་བརྒྱན། རྣམ་སྣང་གསལ་གྱི་མཆོད་རྫས་སོ། །འཁོར་ལོ་དེ་ཡི་ལྷོ་ཕྱོགས་སུ། །གཡུ་མིག་མཚལ་གྱིས་སྤྲས་པ་ལ།ཚོན་སྣ་ལྔ་ཡིས་དེ་བཞིན་བརྒྱན། འོད་གསལ་འབར་གྱི་མཐུན་པའི་རྫས་འཁོར་ལོ་དེ་མི་ནུབ་ཕྱོགས་སུ། །མཚལ་མིག་དུང་གི་སྤྲས་པ་ལ། །ཚོན་སྣ་ལྔ་ཡིས་བརྒྱན་པ་ནི། །མཉེན་གསལ་འབར་གྱི་མཐུན་པའི་རྫས། །འཁོར་ལོ་དེ་ཡི་བྱང་ཕྱོགས་སུ། །གསེར་མིག་གཡུ་ཡིས་སྦྲས་པ་ལ། །ཚོན་སྣ་གསུམ་གྱིས་བརྒྱན་པ་ནི། །བཀྲག་གསལ་མཉམ་གྱི་མཐུན་པའི་རྫས། །དེ་རྣམས་ནི་ཡུམ་དྲུག་གི་འཐུན་པའི་རྫས་སོ། །དཔག་བསམ་ཤིང་གི་རྐེད་པ་ལ། །གསེར་མིག་བཞི་ལ་གཡུ་ཡིསསྤྲས། །ཚོནསྣགསུམགྱིས་དེ་བཞིན་སྤྲག །དུས་བཞི་རྒྱལ་མོའི་མཐུན་པའི་རྫས། །པག་བསམ་ཤིང་གི་རྩ་བ་ལ། མཚལ་མིག་བཞི་ལ་གཡུ་ཡིས་སྦྲས། །དེ་བཞིན་ཚོན་སྣ་གསུམ་གྱིས་བརྒྱན། །དབྱིངས་ཕྱུག་མཆེད་བཞིའི་མཐུན་པའི་རྫས། །དེ་བརྒྱད་ནི་དཔག་བསམ་ཤིང་ལ་གནས་པའི་མ་མོའི་རྫས་སོ། །གཡུ་མིག་དུང་གིས་ཏྲས་པ་ལ། །ཚོན་སྣ་གསུམ་གྱི་དེ་བཞིན་བརྒྱན། སྲིད་པའི་བདེ་འགྲོ་མཐུན་པའི་རྫས། །དུང་མིག་གསེར་གྱི་སྤྲས་པ་ལ། །ཚོན་སྣ་གསུམ་དེ་བཞིན་བརྒྱན། ཁྲོས་པའི་མ་བཞིའི་འཐུན་པའི་རྫས། །དུང་མིག་ལྕགས་ཀྱིས་སྤྲས་པ་བཞི། །ཚོན་སྣ་གསུམ་གྱིས་དེ་བཞིན་སྤྲས། །སྦས་པའི་མ་བཞི་མཐུན་པའི་རྫས། །དུང་མིག་གསེར་གྱིས་སྤྲས་པ་དང་། །གསེར་མིག་དུང་གིས་སྤྲས་པ་དང་། །གཡུ་མིག་མཚལ་གྱིས་སྤྲས་པ་དང་། །མཚལ་མིག་གཡུ་ཡིས་སྤྲས་པ་བཞི། །ཚོན་སྣ་ལྔ་ཡིས་དེ་བཞིན་བརྒྱན། །ཐུགས་ཀྱི་དགེ་སྡེ་བཞིའི་འཐུན་རྫས་སོ། །དེ་རྣམས་ནི་ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞིའི་རྫས་སོ། །དཀར་མོ་ཟང་ཡིག་མཚལ་གྱི་ཆུན་འཁོར་ཅན། །དཀར་མོའི་ཚོགས་ཀྱི་མཐུན་རྫས་སོ །སྨུག་མོ་ཟང་ཡིག་དུང་གི་ཆུན་འཁོར་ཅན། །སྨུག་མོའི་ཚོགས་ཀྱི་མཐུན་རྫས་སོ། །ནག་མོ་ཟང་ཡིག་གསེར་གྱི་ཆུན་འཁོར་ཅན། །ནག་མོའི་ཚོགས་ཀྱི་མཐུན་རྫས་སོ། །དེ་རྣམས་མ་མོ་ནག་མོ་སྨུག་མོ་གསུམ་གྱི་མཐུན་རྫས་སོ། །ལྕགས་མིག་གཡུ་ཡིས་སྤྲས་པ་ལ། །མཐའ་མ་དུང་གི་ཆུན་འཁོར་ཅན། །སྲིད་པ་ཆགས་བྱེད་མཐུན་པའི་རྫས། །གཡུ་མིག་ལྕགས་ཀྱིས་སྤྲས་པ་ལ། །མཐའ་མ་གསེར་གྱི་ཆུན་འཁོར་ཅན། སྲིད་པ་ཆ་སྙོམས་མཐུན་གྱི་རྫས། དཀར་པོ་དྲུག་ལ་མཚལ་གྱི་ཆུན་འཁོར་ཅན། །ཨེ་ཀ་ཛ་ཞི་སྐྲུན་དྲུག་གི་མཐུན་པའི་རྫས་སོ། །ནག་པོ་བདུན་ལ་དུང་གི་ཆུ་འཁོར་ཅན། །མ་བདུན་ཆེན་མོའི་མཐུན་རྫས་སོ། ལྕགས་མིག་དུང་གིས་བཀང་བ་དང་། གཡུ་མིག་གསེར་གྱིས་བཀང་བ་དང་། གསེར་མིག་གཡུ་ཡིས་བཀང་བ་གསུམ། འདོད་ཁམ་སྤུན་གསུམ་མཐུན་རྫས་སོ། །དུང་མིག་གསེར་གྱིས་བཀང་བ་དང་། མཚལ་མང་ག་གཡུ་ཡིས་བཀང་བ་གཉིས། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། །མདྨ་གར་གྱི་དབང་ཕྱུག་མ་གཉིས་ཀྱི་མཐུན་རྫས་སོ། །དཀར་མོ་བཞི་ལ་གཡུ་ཡི་ཆུན་འཁོར་ཅན། །དམག་གི་རྒྱལ་མོ་བཞི་ཡི་མཐུན་རྫས་སོ། །དུང་མིག་མཚལ་གྱིས་བཀང་བ་དང་། །གཡུ་མིག་གསེར་གྱིས་བཀང་པ་དང་། །གསེར་མིག་གཡུ་ཡིས་བཀང་བ་དང་། །མཚལ་མིག་དུང་གིས་བཀང་བ་བཞི། །གྲུ་འདེགས་བཞི་ཡི་མཐུན་རྫས་སོ། །གཡུ་མིག་དུང་གིས་སྤྲས་པ་བཞི། སྲིང་མོ་བཞི་ཡི་ཐུན་རྫས་སོ། །དཀར་མོ་བདུན་དང་སྔོ་མོ་བདུན། །དམར་མོ་བདུན་དང་སེར་མོ་བདུན། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཐུན་རྫས་སོ། །དེ་རྣམས་ནི་འཇིག་རྟེན་ལས་འདས་པའི་མ་མོ་རྣམས་དང་ཆ་མཐུན་པ་རྣམས་ཀྱི་མཐུན་རྫས་སོ། །འཇིག་རྟེན་པའི་མ་མོ་རྣམས་ཀྱི་འཐུན་རྫུས་ནི། །བདུད་མོ་སྐྲུན་དགུའི་ནམ་མཁའ་ནག་མོ་ལ་ཐ་མ་སེར་པོས་བསྐོར་བ་དགུ། །ཕུག་བདག་མོ་སྤུན་དགུ་ལ། །ནམ་མཁའ་སྔོན་པོ་ལ་ཐམ་སེར་པོས་བསྐོར་བ་དགུ། གསེན་མོ་བཞི་ལ། །ནམ་མཁའ་དཀར་པོ་ལ་སོགས་པ་བཞིའོ། །དེ་རྣམས་ནི་འཇིག་རྟེན་པའི་མ་མོ་རྣམས་ཀྱི་འཐུན་རྫས་སོ། །དེ་ནས་ཧེ་རུ་ཀ་ཆེན་པོས། །འདི་སྐད་ཅེས་གསུངས་པ། །ནམ་མཁའ་ཞེས་པའི་དོན་ཇི་ལྟར་ལགས། ནམ་མཁའ་གྲུ་བཞིར་འདུད་པའི་གཏན་ཚིགས་ཇི་ལྟར་ལགས། །ཚོན་སྣ་ལྔ་ཡིས་བརྒྱན་པ་ཇི་ལྟར་ལགས། །ཡན་ལག་བཞི་དང་ལྡན་པ་ཇི་ལྟར་ལགས། །རྨ་བྱ་ལ་སོགས་བྱ་སྤུ་ལྔ་ཡིས་བརྒྱན་པ་ཇི་ལྟར་ལགས། །སྨྱུག་མ་ཚིགས་དགུ་བཙུགས་པ་ཇི་ལྟར་ལགས། །ནམ་ཞེས་བྱ་བ་ཇི་ལྟར་ལགས། །མཁའ་ཞེས་བྱ་བ་ཇི་ལྟར་ལགས། །ཆོས་ཉིད་སེམས་ཉིད་དབྱིངས་ཉིད་དང་། །ནམ་མཁའི་དོན་ཇི་ལྟར་སྦྱོར། །ཡོན་བདག་ལུས་ངག་ཡིད་གསུམ་གྱི། །ནམ་མཁའ་གང་གི་གླུད་དུ་ཇི་ལྟར་གཏོང་། །མདའ་འཕང་གང་གི་གླུད་དུ་གཏོང་། རི་རབ་གང་གི་ཟླུད་དུ་གཏོང་། །གླིང་བཞི་གླིང་ཕྲན་གང་གི་གླུང་དུ་གཏོང་། །གཟུགས་བརྙན་སྣ་ཚོགས་གང་གི་གླུང་དུ་གཏོང་། །དར་སྣ་ལྔ་བརྒྱན་པ་ཇི་ལྟར་བྱ། །འབྲུ་སྣ་ལྔ་ཡིས་བརྒྱན་པ་ཇི་ལྟར་བྱ། །མདོར་ན་ནམ་མཁའ་ལྡིང་ཞིང་ཆུ་ལ་གནས་པ་དང་། །ས་ལ་སྐྱེ་ཞིང་འགྲོ་དྲུག་གནས་པ་དང་། །གཟུགས་སྒྲ་དྲོ་རོ་རེག་ལ་སོགས། །ཁ་དོག་དབྱིབས་སུ་སྣང་བ་འདི་དག་ཀུན། །དོན་དང་གཏན་ཚིགས་ཇི་ལྟར་ལགས། ཅེས་གསུངས་པ་དང་། །གནོད་འདུལ་ལྷ་ཡིས་གསུངས་པ། །ནམ་མཁའ་ཞེས་བྱ་བའི་དོན་ནི། །ཡངས་ཤིང་རྒྱ་ཆེ་བས་ཀུན་ལ་ཁྱབ་པོ། །ནམ་མཁར་གྲུབ་བཞིར་འདུག་པ་ནི། དུས་བཞི་དང་ལྡན་པའི་རྟགས་སོ། །ཚོན་སྣ་ལྔས་བརྒྱན་པ་ནི། །ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། །ཡན་ལག་བཞི་དང་ལྡན་པ་ནི། །ཚད་མེད་བ་བཞིས་འགྲོ་བའི་དོན་མཐར་ཕྱིན་པའི་རྟགས་སོ །རྨ་བྱའི་སྒྲོས་བརྒྱན་པ་ནི། རོལ་པ་དྲུག་དང་ལྡན་པའི་རྟགས་སོ། །བྱ་རྒོད་ལ་སོགས་བྱ་དཀར་ཚོགས་ཀྱི་སྤུས་བརྒྱན་པ་ནི། །མ་མོ་དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་དོན་དང་ལྡན་པའོ། །བྱ་དཔལ་ལ་སོགས་སྔོན་མོ་ཚོགས་ཀྱི་སྤུས་བརྒྱན་པ་ནི། །མ་མོ་སྔོན་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང་། མཉམ་པ་ཉིད་ཀྱི་དོན་དང་ལྡན་པའི་རྟགས་སོ། །ཟེར་མོ་ལ་སོགས་དམར་མོའི་སྤུས་བརྒྱན་པ་ནི། །མ་མོ་དམར་མོའི་ཐུགས་དམ་བསྐང་བ་དང་སོ་སོར་རྟོག་པའི་ཡེ་ཤེས་དོན་དང་ལྡན་པའི་རྟགས་སོ། །ངུར་པ་ལ་སོགས་སེར་པོས་སྐྲུས་བརྒྱན་པ་ནི། །སེར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང་། །བྱ་བ་ནན་ཏན་དོན་དང་ལྡན་པའི་རྟགས་སོ། བྱ་རོག་ལ་སོགས་ནག་པོའི་སྐྲུ་ཡིས་བརྒྱན་པ་ནི། །མ་མོ་ནག་མོའི་ཐུགས་དམ་བསྐང་བ་དང་། །ཆོས་དབྱིངས་ཡེ་ཤེས་དོན་དང་ལྡན་པའི་རྟགས་སོ། །འུག་པ་ལ་སོགས་ལྟས་ངན་སྐྲུས་བརྒྱན་པ་ནི། །ལྟས་ངན་སྣ་ཚོགས་དགྲ་ལ་གཏོང་བའི་དོན། །བྱ་བང་བོན་པོའི་སྤུས་བརྒྱན་པ་ནི། །བདག་གི་ངག་སྡིག་སེལ་བའི་རྟགས་སོ། །སྨྱུག་མ་ཚིགས་དགུ་བཙུགས་པ་ནི། །ཐེག་པ་རིམ་དགུ་རྫོགས་པའི་རྟགས་སོ། །ནམ་ཞེས་བྱ་བ་མི་འགྱུར་བའོ། །མཁའ་ཞེས་བྱ་བ་ཡངས་པའོ། །ནམ་མཁའ་སྐྱེ་འཇིག་མེད་པས་ཆོས་ཉིད་དོན་དང་ལྡན། །ནམ་མཁའ་སྟོང་པའི་དབྱིབས་ཉིད་དོན་ང་ལྡན། །ནམ་མཁའ་ངག་དང་ཞལ་གྱི་གླུད་དུ་གཏང་། །རྨ་བྱ་མདངས་ཀྱི་གླུད་དུ་གཏང་། །མདའ་ཕོ་ཡི་གླུད་དུ་གཏང་། །འཕང་མོ་ཡི་གླུད་དུ་གཏང་། །རི་རབ་མཁར་གྱི་གླུད་དུ་གཏང་། །གླིང་བཞི་ཡུལ་གྱི་གླུད་དུ་གཏང་། །གཟུགས་བརྙན་ནོར་རྫས་གླུད་དུ་གཏང་། །དར་ཚོན་གོས་ཀྱི་ཟླུད་དུ་གཏང་། །འབྲུ་སྣ་ཕུང་པོའི་གླུད་དུ་གཏང་། །མདོར་ན་རི་རབ་ལྷུན་པོ་ཡང་། དཔག་བསམ་ཤིང་དང་གླུང་བཞི་གླིང་ཕྲན་དང་། །སྣང་སྲིད་སེམས་ཅན་གཟུགས། །རིན་ཆེན་ནོར་དང་རྫས། །གནོད་འདུལ་ལྷ་ཡིས་ནི། །སྣང་སྲིད་མ་མོ་ཐམས་ཅད་ལ། །འགྲོ་དྲུག་སེམས་ཅན་གླུད་དུ་འབུལ། །དུས་མིན་འཆི་ལས་བཟློག་པའོ། །དེ་ཕན་ཆད་སེམས་ཅན་པ་ལགས་སོ། །ནམ་མཁའ་པྲ་ཁྲིད་ཀྱི་རྒྱུད་ལས། །ནམ་མཁའི་མཚན་ཉིད་བསྟན་པ་དང་། །གཏན་ཚགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ནམ་མཁའ་པྲ་ཁྲིད་ཀྱི་ཏན་ཏྲ་རྫོགས་སོ།། །།