Ngb-pt-0708-vol-08-text
Front
Body
རྫོགས་སཧོ།། །། རྒྱ་གར་སྐད་དུ། བཛྲ་བྷ་ར་ཧི་ཀུ་ཀུ་པ་ར་གུ་ཧ་ཏན་ཏྲ་ར་ཙ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོ་བྲམ་ཟེ་ལྕམ་དྲལ་གསང་བ་རྒྱུད་ཀྱི་རྒྱལ་པོ། ཕོ་ཐེམས་མོ་ཐེམས་ཞེས་བྱ་བ།རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྲམ་ཟེ་བློ་ལྡན་མཆོག་སྲེད་ཅེས་བྱ་བ། ཨུ་རྒྱན་གྱི་ཡུལ་ན་ཡུམ་གྱི་བྷ་ག་ལ་རྗེ་བཙུན་མ་ཉིད་ལ་བྱིན་རླབས་ཞུ་ཞིང་སྙོམ་པར་ཞུགས་སོ། །དེའི་ཚེ་བཀྲ་ཤིས་བྱིན་རླབས་འབྱུང་བའི་གནས་ནི། འདི་ལྟ་སྟེ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འདུས་པ་དང་ཉེ་བའི་འདུས་པ། མཚན་རྙོ་དང་ཉེ་བའི་མཚན་རྙོ། ཨུ་རྒྱན་ཡུལ་གྱི་ལྷོ་ནུབ། རྒྱལ་པོ་ཛའི་ཁང་འགྲམ་ཚངས་པ་ཀླུ་གནོད་གྱི་ལྷ་ཁང་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ན། ཤིང་དང་། མེ་ཏོག་དང་། བྱ་སྣ་ཚོགས་སྐད་འབྱིན་པ། རྔ་དང་ཅང་ཏེའུ་པི་ཝང་། །སིལ་སྙན་ལ་སོགས་པའི་སྒྲ་དང་། སྒྲ་སྣ་ཚོགས་ཀྱིས་བརྒྱན་པ། ལྕེ་སྤྱང་དང་། བ་ཞད་དང་། ནེ་ཙོ་དང་། དུར་བྱ། ཀང་ཀ། ཁྲ་དང་འུག་པ་ལ་སོགས་པ་མང་པོ་ནི། ལ་ལ་ནི་ལྡིང་། ལ་ལ་ནི་འཕུར། ལ་ལ་ནི་མཆོང་། ལ་ལ་ནི་རྔམ། འཚིགས་པ་དང་། རྒྱུག་པ་དང་། འདྲལ་བ་དང་། ཀུན་ཀྱང་སྒྲ་སྐད་སྣ་ཚོགས་ཀྱི་སྒྲ་གྱེན་ལ་སྒྲོགས་པ། རི་བོ་ཀུན་ནི་ཀེང་རུས་ཀྱི་རི་ལ། ཀ་ར་ཀ་ར་དང་། ཧ་ཧ་དང་། ཧེ་ཧེ་དང་། སྒྱུག་པའི་སྒྲ་སྣ་ཚོགས་སྒྲོགས་པའི་དབུས་ན། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དེ། སྐུ་མཉམ་པའི་ངང་ལས་མ་གཡོས་ཀྱང་སྤྲུལ་སྐུ་གདུག་པ་འདུལ་བའི་དོན་དུ། རོའི་གདན་ལ་བརྗིད་པའི་གཟི་མདངས་དང་བཅས་ནས། སྒེག་མོའི་ཚུལ་དུ་བཞུགས་སོ། །ཡུལ་དང་། གནས་དང་། སྐུ་བཞུགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྲམ་ཟེ་མཆོག་སྲེད་ཀྱིས། ལྷ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྤྱིན་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་འཁོར་རྣམས་ཀྱིས་མེ་ཏོག་དང་། སྤོས་དང་། མར་མེ་དང་། བྱུག་པ་དང་།ཞལ་ཟས་དང་། སྒྲ་ལ་སོགས་པ་སྣ་ཚོགས་ཀྱིས་མཆོད་དོ། །དེ་ནས་བྲམ་ཟེ་མཆོག་སྲེད་ཀྱིས། མཁའ་འགྲོ་མའི་གཙོ་མོ་རྡོ་རྗེ་ཕག་མོ་ལ་འདི་སྐད་བསྟོད་ནས་ཞུས་སོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །བསྐལ་པ་མེ་ལྷར་འབར་བའི་འོད། །མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བ་མྱ་ངན་འདས་སྤངས་ཤིང་། །འཁོར་བ་མྱ་ངན་འདས་ལ་བཞུགས། །ཀུན་རྫོབ་དོན་དམ་གཉིས་སུ་མེད། །གཉིས་མེད་གཟུགས་ལ་ཕྱག་འཚལ་ལོ། །གཡས་པ་རྟོག་མེད་ཕག་གི་ཞལ། །གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ། །ཞལ་གཉིས་སུ་ནི་སྤྲུལ་མཛད་མ། །སྒྲུབ་པ་པོ་ལ་གྲོགས་མཛད་མ། །རྡོ་རྗེ་རྣམ་འབྱོར་མ་ལ་བསྟོད། །ཕག་མོ་ཁྱོད་ལ་ཕྱག་འཚལ་ལོ། །གཡས་གཡོན་བརྐྱང་བསྐུམ་ཐབས་དང་ཤེས་རབ་འབྲེལ། །སྤྲོས་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གང་ལ་གང་དགོས་འདུལ་བ་ཡི། །སྨོན་ལམ་དབང་གི་འགྲོ་བའི་དོན་མཛད་མ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་ལོ། །གཡས་པ་སྐྱོན་ཀུན་གཅོད་བྱེད་གྲི་གུག་བསྣམས། ཁེན་ཏུ་དཀར་བའི་ཐོད་པ་གཡོན་ན་བསྣམས། །པདྨའི་གདན་ལ་ཡ་བདུད་ཟིལ་གྱིས་གནོན། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །ལན་གསུམ་སྐོར་བ་བྱེད་ཅིང་ཕྱག་བཙལ་ནས། །སྤྱན་སྔར་ཐལ་སྦྱར་དཔུས་བཙུགས་མིག་གདངས་ཏེ། །ངག་ཏུ་འདི་སྐད་ཅེས་ཞུས་སོ། །ཀྱེ་རྗེ་བཙུན་རྡོ་རྗེ་ཕག་མོ་ཁྱོད། །འགྲོ་བ་སེམས་ཅན་གདུལ་སླད་དུ། །སྤྲུལ་སྐུ་འགྲོ་བའི་དོན་དུ་བཞེངས་སུ་གསོལ། །ཀྱེ་ཧོ་རྡོ་རྗེ་འཛིན་པ་བསྐུལ་མ་འདེབས། །ཀྱེ་ཧོ་ཐོད་པ་དགུ་བརྩེགས་ཆོས་འབྱུང་གཞལ་ཡས་ནས། །ཆོས་ཉིད་དོན་རྟོགས་ཆོས་སྐུའི་ཕག་མོ་སྐུ་བཞེངས་འཚལ། །བདེ་བ་བྱིན་རློབ་ལོངས་སྐུའི་ཕག་མོ་སྐུ་བཞེངས་འཚལ། །སྣ་ཚོགས་སྟོན་ཞིང་སྤྲུལ་སྐུའི་ཕག་མོ་སྐུ་བཞེངས་འཚལ། །ནག་མོའི་ཆ་ལུགས་བདུད་མོའི་ཕག་མོ་སྐུ་བཞེངས་འཚལ། །ལེགས་ཉེས་སྟངས་འཛིན་དམ་ཚིག་ཕག་མོ་སྐུ་བཞེངས་འཚལ། །དགྲ་བགེགས་བདུད་མཛད་བསྟན་སྲུངས་ཕག་མོ་སྐུ་བཞེངས་འཚལ། །སྐུ་ཡི་སྤྲུལ་པ་དཀར་མོ་ཉི་ཁྲི་སྐུ་བཞེངས་འཚལ། །གསུང་གི་སྤྲུལ་པ་དམར་མོ་ཉི་ཁྲི་སྐུ་བཞེངས་འཚལ། །ཐུགས་ཀྱི་སྤྲུལ་པ་ནག་མོ་ཉི་ཁྲི་སྐུ་བཞེངས་འཚལ། །འཇིག་རྟེན་པ་དང་ཡེ་ཤེས་ལྷ། །མ་ལུས་པར་ནི་སྐུ་བཞེངས་འཚལ། །ཞེས་བསྐུལ་ལོ། །བརྡས་བསྐུལ་བའི་ལེའུ་སྟེ་གཉིས་པའོ༷།། །།ཇེ་རས་ཡང་དག་བཤད་བྱ་བ། །མཉམ་པའི་ངང་ལས་མ་གཡོས་ཀྱང་། །རྡོ་རྗེ་ཕག་མོ་འགྲོ་བའི་དོན་དུ་སྐུ་བཞེངས་པ་བསྟན་ཏེ། གཡས་ཀྱི་ཕག་ཞལ་ཕྱེ་སྟེ། སྤྱན་གཡས་པ་ལས། སྤྲུལ་སྐུའི་ཡི་གེ་ཨཱོཾ་བསྐུལ་བར་སྟོན་ཏེ། ཏི་སྟ་ར་པྲ་ན་ཡེ། དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང་། །ཆོས་སྐུ་རྣམ་དག་དོན་དུ་སྐུ་མདོག་དཀར་པོ་སྤྲུལ། །ངེས་དོན་སྒྲོགས་ཕྱིར་པི་ཝང་རྒྱུད་མང་བསྣམས། ་།ར་ཕྱོགས་དྲི་ཟའི་གདོན་རྣམས་བསྲུང་བ་དང་། །ཞི་བའི་འཕྲིན་ལས་མཛད་པའི་དོན་དུ་སྤྲུལ། །སྤྱན་གཡོན་ལོངས་སྐུའི་ཚུལ་དུ་ཨ་སྟོན་ཏེ། །བི་ཏ་ར་ཤ་ག་ཏོ་མེ། དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་། །འགྲོ་བའི་དོན་ལ་མ་ཆགས་སྐུ་མདོག་དམར། །འཁོར་བ་བཅིངས་པའི་ཞགས་པ་ཕྱག་ན་བསྣམས། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་བསྲུང་བ་དང་། །དབང་གི་འཕྲིན་ལས་མཐའ་རུ་དབྱུང་དུ་གསོལ། །སྤྱན་ནི་དབུས་མ་ཆོས་སྐུ་ཧུ༷་སྟོན་ཏེ། །བེ་དུ་རག་ཤ་བེ། དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཆེ་བའིཡོན་ཏན་རྒྱས་པས་སྐུ་མདོག་སེར། །འཁོར་བའི་བག་ཆགས་འཇོམས་ཕྱིར་བེ་ཅོན་བསྣམས། །ལྷོ་ཕྱོགས་གྲུབ་བུམ་གདོན་ཚོགས་བསྲུངས་བ་དང་། །རྒྱས་པའི་འཕྲིན་ལས་མཐའ་རུ་དབྱུང་དུ་གསོལ། །དེ་གསུམ་ངོ་བོ་ཉིད་ཀྱི་ཚུལ་དུ་རབ་གྲི་སྟེ། །མཐའ་གཉིས་འཇོམས་མཛད་བེ་ཧེ་ཤེ་ན་མ་རེ་ཡེ། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །མཛད་པའི་འཕྲིན་ལས་མཐར་ཕྱིན་སྐུ་མདོག་ལྗང་། །འཁོར་བའི་བག་ཆགས་འཇོམས་ཕྱི་ར་བེ་ཅོན་རལ་གྲི་བསྣམས་། །བྱང་ཕྱོགས་གནོན་སྦྱིན་ཚོགས་རྣམས་བསྲུང་བ་དང་། །དྲག་པོའི་འཕྲིན་ལས་མཐའ་རུ་དབྱུང་དུ་གསོལ། །ཆོས་ཀྱི་རྒྱལ་པོ་དུང་ལྟ་བུ་དང་། དམར་ངོ།་སྒྲིབ་སེལ་མེ་ལྟ་བུ་དང་། འཇིགས་སྐྱོབ་གསེར་ལྟ་བུ་དང་། གདུག་པ་འདུལ་བྱེད་མུན་ནག་ལྟ་བུ་དང་། དེ་ལས་གྱད་བཞིར་སྤྲུལ། དེ་ལས་ལྔ་བརྒྱ་རྩ་གཅིག་སྤྲུལ། དེ་ལས་དམག་དཔོན་བཞི་རུ་སྤྲུལ་ཐབས་ཀྱི་ཚུལ་དུ་སྤྲུལ་པ་ཡན། གཡས་ཀྱི་ཕག་ཞལ་ལས་དཔའ་བོ་སྤྲུལ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དེ་ལྟར་དེ་རྣམས་སྤྲུལ་པ་ལས། །བྲམ་ཟེ་མཆོག་སྲེད་ངོ་མཚར་སྐྱེས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འཁོར་བ་བུད་མེད་གདུལ་བའི་ཕྱིར། །སྤྲུལ་པ་འགྱེད་པ་ངོ་མཚར་ཆེ། །གཡས་ཀྱི་ཕག་གདོང་ནག་མོ་ལས། །རྟོག་མེད་རོ་དང་བཅས་པ་ཌ་ཀི་འབུམ། །གཡོན་གྱི་ཁྲོ་ཞལ་དམར་མོ་ལས། །བདེ་ཆེན་ལས་ལ་འཁོར་བའི་ཌའ་ཀི་འབུམ། །སྤྱི་གཙུག་ཐོད་པ་དུམ་བུ་བདུན་པ་ལས། །སངས་རྒྱས་རབ་བདུན་ལྡན་པའི་ཌའ་ཀི་འབུམ། །རིན་ཆེན་རྣམ་ལྔས་དབུ་རྒྱན་བྱས་པ་ལས། །རིགས་ལྔ་ཡབ་དང་ལྡན་པའི་ཌའ་ཀི་འབུམ། །གཡུང་དྲུང་དམར་པོ་གཡོན་དུ་འཁྱིམ་བ་ལས། །ཉོན་མོངས་བག་ཆགས་སྲེག་བྱེད་ཌའ་ཀི་འབུམ། །དགའ་བའི་ཙ་ཀྲ་མྱུར་དུ་འཁོར་བ་ལས། །བདེ་ཆེན་གཉིས་མེད་རྟོགས་པའི་ཌའ་ཀི་འབུམ། །བསྐལ་པའི་མེ་ཆེན་འུར་འུར་འབར་བ་ལས། །ཐ་དད་རྟོག་པ་སྲེག་པའི་ཌའ་ཀི་འབུམ། །གཡས་ན་ཟངས་གྲི་རྣོན་པོ་བསྣམས་པ་ལས། །རྣམ་རྟོག་དྲི་མ་གཅོད་བྱེད་ཌའ་ཀི་འབུམ། །གཡོན་པ་ཐོད་པ་ཕྱི་དཀར་ནང་དམར་བསྣམས་པ་ལས། །བདེ་བ་ཡབ་ཀྱི་ཞལ་དུ་སྟོབ་པའི་ཌའ་ཀི་འབུམ། ཁ་ཊ༷་རྩེ་གསུམ་རབ་ཏུ་འབར་བ་ལས། །དུག་གསུམ་རྩད་ནས་གཅོད་པའི་ཌའ་ཀི་འབུམ། །ཐོད་པ་གསུམ་གྱིས་རབ་ཏུ་འབར་བ་ལས། །དུར་ཁྲོད་རྒྱལ་མཚན་འདུལ་བའི་ཌའ་ཀི་འབུམ། །ཌ་མ་རུ་ཡི་སྒྲ་ཆེན་སྒྲོགས་པ་ལས། །སྙན་བརྒྱུད་གདམས་ངག་སྟོན་པའི་ཌའ་ཀི་འབུམ། །དྲང་ཅིང་ཡུ་བ་དཀར་པོ་འདྲིལ་བ་ལས། །ལྷ་མེན་གཡུལ་ངོ་བཟློག་པའི་ཁིའ་ཀ་འབུམ། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ལས། །འདུ་བྱེད་ལྔ་བཅུ་རྩ་གཅིག་སྤྲུལ་བར་མཛད་པའི་ཌའ་ཀི་འབུམ། །གཡོན་བརྐྱང་གཡས་བསྐུམ་ཞབས་ཀྱི་བཞུགས་ཚུལ་ལས། །འཁོར་བའི་འདམ་ལས་སྒྲོལ་བའི་ཌའ་ཀི་འབུམ། །རོ་ཡི་གདན་ལ་བརྗིད་པར་བཞུགས་པ་ལས། །དུར་ཁྲོད་ཤ་ལ་མི་པོད་རྫི་བའི་ཌའ་ཀི་འབུམ། །ཕྱག་གཉིས་གསེར་གྱི་གདུ་བུ་ཁྲོལ་བ་ལས། །སྲོག་གཅོད་ཉོན་མོངས་སྤོང་བྱེད་ཌའ་ཀི་འབུམ། །དཔུང་པའི་རྒྱན་རྣམས་རབ་ཏུ་འབར་བ་ལས། །ཉོན་མོངས་གཉེན་པོས་འདུལ་བྱེད་ཌའ་ཀི་འབུམ། །མཆེ་བ་ཟླ་ཚེས་དཀར་པོ་གཙིག་པ་ལས། །འཁོར་བ་རྩད་ནས་གཅོད་པའི་ཌའ་ཀི་འབུམ། །ཕག་ཞལ་གྱེན་ལ་སྤྱན་གསུམ་གཟིགས་པ་ལས། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཌའ་ཀི་འབུམ། །རྩ་ཞལ་སྤྱན་གསུམ་ཐུར་དུ་གཟིགས་པ་ལས། །ཁམས་གསུམ་ཟིལ་གྱིས་གནོན་པའི་ཌའ་ཀི་འབུམ། །སྙན་ཆ་གསེར་གྱི་རྣ་རྒྱན་མཛད་པ་ལས། །དམ་ཚིག་གཞུང་ལྟར་བསྲུང་བའི་ཌའ་ཀི་འབུམ། །པདྨའི་གདན་ལ་རབ་ཏུ་བརྗིད་པ་ལས། །བདེ་ཆེན་གཉིས་མེད་རྟོགས་པའི་ཌའ་ཀི་འབུམ། །སྤྱི་བོ་ཧ་ལས་གྱུར་པའི་ཌའ་ཀི་ལས། །ལྷ་བ་ཉམས་སུ་ལེན་པའི་ཌའ་ཀི་འབུམ། །མགྲིན་པ་རི་ལས་གྱུར་པའི་ཌའ་ཀི་ལས། །མ་བསྒོམས་བྱིན་གྱིས་བརློབ་པའི་ཌའ་ཀི་འབུམ། །སྙིང་ཁ་ནི་ལས་གྱུར་པའི་ཌའ་ཀི་ལས། །སྤྱོད་པ་སྣ་ཚོགས་བསྒྱུར་པའི་ཌའ་ཀི་འབུམ། །ལྟེ་བ་ས་ལས་གྱུར་པའི་ཌའ་ཀི་ལས། །འབྲས་བུ་གསེར་ཁུང་རྡོལ་བའི་ཌའ་ཀི་འབུམ། །གཞན་ཡང་སྐུ་ཡི་སྤྲུལ་པ་པྲ་མ་ཧ་ཏི་དང་། །གསུང་གི་སྤྲུལ་པ་པདྨ་ད་རི་དང་། །ཐུགས་ཀྱི་སྤྲུལ་པ་ལང་ཀུན་ད་རི་དང་། །ཡོན་ཏན་སྤྲུལ་པ་ཁ་སྲན་མ་ཀུན་དང་། །འཕྲིན་ལས་སྤྲུལ་པ་རྡོ་རྗེ་ཌའ་ཀི་དང་། །རཏྣ་ཌའ་ཀི་དང་། པདྨ་ཌའ་ཀི་དང་། ཀརྨ་ཌའ་ཀི་དང་། དེ་ལས་སྤྲུལ་བའི་རིགས་ཀྱི་ཕོ་ཉ་མང་པོ་སྤྲུལ། །གཡུང་མོ་ཌའ་ཀི་མ་དང་། ཀོ་ཏ་མ་དང་། གུ་གུ་དྷ་རི་ཧ་དང་། གཟུགས་ཅན་མ་དང་། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་དང་། གཤིན་རྗེ་སྲེག་བྱེད་མ་དང་། གཤིན་རྗེ་མཆེ་བ་མ་དང་།གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་འཇོམས་མ་དང་། རབ་ཏུ་ག་་མོ་དང་། མིག་བཙུམ་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོ་བློ་གྲོས་མ་དང་། མིའུ་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་།ཤིང་གྲིབ་མ་དང་། ས་སྲུངས་མ་དང་། འཇིགས་བྱེད་མ་དང་། རླུད་ཤུགས་མ་དང་། ཆང་འཐུང་མ་དང་། སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་དང་། རྟ་སྣ་མོ་དང་། གཙུག་ཕུད་ཅན་དང་བྱ་གདོང་མ་དང་། འཁོར་ལོ་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཤོ་ན་དིང་དང་། འཁོར་ལོ་གོ་ཆ་མ་དང་། ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མོ་དང་། འཁོར་ལོ་སྒྱུར་བ་མོ་དང་། བརྩོན་ཆེན་མོ་དང་། དེ་ལ་སོགས་པ་མཁའ་འགྲོ་མ་བྱེ་བ་ཕྲག་འབུམ་ཕྲག་མང་པོ་སྤྲུལ་ལོ། །རྡོ་རྗེ་ཕག་མོའི་སྐུ་ལས་མཁའ་འགྲོ་དཔའ་མོ་སྤྲུལ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མཁའ་འགྲོ་འབུམ་གྱིས་བསྟོད་པ། བཅོམ་ལྡན་འདས་མའི་སྐུ་བསྟན་ཏེ། སྤྱན་འཁོར་ལ་གཟིགས་ནས། ཞལ་འཛུམ་པ་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །འཁོར་བའི་སེམས་ཅན་གདུལ་སླད་དུ། །ཐབས་ཀྱིས་འདུལ་བའི་རིམ་པ་དང་། །རྒྱལ་པོ་གསང་ཞིང་བསྒྲུབ་པར་བྱའོ། །བཅོམ་ལྡན་ཕག་མོ་བསམ་མི་ཁྱབ། །ཅེས་གསུངས་ནས་ཐུགས་དེ་ཉིད་ལས་མ་གཡོས་བཞིན་དུ། འགྲོ་བའི་དོན་དུ་ལས་ཀྱི་ཕག་མོར་སྐུ་སྤྲུལ་ཏེ། སྐུ་ལ་རྒྱན་གསོལ་ཏེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། ཡིགེ་མ་སྔོན་དུ་བསྟན་ཏེ། མ་ཧ་ར་ནི་ས། ཡི་གེ་བཞི་པ་དང་ལྔ་པ་དང་། གསུམ་པ་དང་། གཉིས་པ་དང་། གཅིག་པ་དང་། དྲུག་པ་དང་། བདུན་པ་དང་། དེ་ལས་ཡི་གེ་ལྔ་པ་ལ། །དང་པོར་མངོན་པར་སངས་རྒྱ་བའི་ཡི་གེ་དང་། གཉིས་པ་ཐུན་མོང་གི་ཟས་ཚོགས་འདུ་བའི་ཡི་གེ་དང་། གསུམ་པ་འབྱུང་བ་རོ་སྙོམས་པའི་ཡི་གེ་དང་། བཞི་པ་ལྷ་འདྲེ་དཔུང་བསྐྱེད་པའི་ཡི་གེ་དང་། ཚེ་སྲིང་བར་བྱེད་པའི་ཡི་གེ་དང་ལྔའོ། །དེའི་དང་པོ་ལ་བཞི། ཞེས་སྡང་གི་སྒོ་ནས་སངས་རྒྱ་བར་བྱེད་པའི་ཡི་གེ་དང་། འདོད་ཆགས་ཀྱི། གཏི་མུག་གི །གཉིད་དང་བསམ་གཏན་ཆོས་སྐུར་སྲེ་བར་བྱེད་པའི་ཡི་གེའོ། །ཐུན་མོང་གི་ཟས་ཚོགས་འདུ་བར་བྱེད་པའི་ཡི་གེ་ལ།ནོར་སྒྲུབ་པ་དང་། ཆུ་སྦྱིན་པ་དང་། ཚ་ཚ་དང་ཐང་སྐུ་ལ་མཆོད་པ་བྱེད་པ་དང་། དཔལ་བོའི་སྟོན་མོ་དང་། གའུའི་སྦྱོར་བ། སྔགས་ཀྱི་སྦྱོར་བ། ཕག་མོ་ཆང་དགུག་པ། ལྷ་མོའི་མཚན་དགུག་པ། ཆུ་ལ་མི་བྱིང་བ།མངོན་པར་ཤེས་པའི་སྦྱོར་བ། མེས་མི་ཚིག་པ། བཅུད་འཕེལ་བར་བྱེད་པ། རྨ་སྔགས། མཛེ་གསོ་བ། ཞོ་ཆང་བསྲུང་བ། སྲིའུ་གསོ་བ། སེར་བ་བསྲུང་བ། འཆི་བ་བཟློག་པ། རྨི་ལམ་ངན་པ་བཟློག་པ།ལམ་འཇིགས་པ་བསྲུང་བ་ཕྱོགས་ངན་བཟློག་པ། མིག་མཐོང་། པྲ་དབབ་པ། འགོ་ནད་བཟློག་པ། ཤ་རོ་དབྱུང་བ། ཡི་དམ་ལྷའི་ཞལ་མཐོང་བར་བྱ་བ། བྱིན་བརླབས་དབབ་པ། བསྲུང་བ་གདགས་པ་དང་། ས་འོག་གི་གདོན་མཐོང་བ་དང་། རྒྱལ་པོ་ཆེན་པོ་དབང་དུ་བསྡུ་བ་དང་། ཕོ་བྲང་གྲོང་ཁྱེར་གཡོ་བར་བྱ་བ་དང་། བཙུན་མོ་གཡོ་བར་བྱ་བ་དང་། མི་དང་རྩོད་པ་རྒྱལ་བར་བྱ་བ་དང་། རྟ་ཕྱུགས་བསྲུང་བ་དང་། རྐུན་མོ་མི་འབྱུང་བའོ། །དེ་རྣམས་ཕན་གདགས་པའོ། །ཚར་གཅད་པ་ལ། མཐུ་དང་། ཀླུ་ལ་གཏད་པ་དང་། ཐོག་སེར་དབབ་པ་དང་། སྨྱོ་བ་དང་། འབྱེད་པ་དང་། བཟའ་མི་འབྱེད་པ་དང་། ཟོར་དང་། ལྟས་ངན་དང་། བྱ་དམག་དང་། ཁྱི་དམག་དང་། ཞིང་སེལ་དང་། ཁང་སེལ་དང་། དུར་སེལ་དང་། ལྐུགས་པ་དང་། རེངས་པ་དང་། རྨུགས་པ་དང་། དབུ་རྡེབ་པ་དང་། བརྟུལ་ཞུགས་པ་ལ་སོགས་པའོ། །ལས་ཚོགས་ཀྱི་ལེའུ་སྟེ་ལྔ་པའོ།། །། ལྷ་འདྲེ་དཔུང་བསྐྱེད་པའི་ཡི་གེ་ལ་བརྒྱད་དེ། བརྟུལ་ཞུགས་ཀྱི་དཔུང་དང་། ལྷའི། གླུའི། སྔགས་ཀྱི། འབྱུང་བ་བཞིའི། སྦྱིན་སྲེག་གི། རྫས་དང་སྔགས་ཀྱི་དཔུང་། རིག་པ་ཡེ་ཤེས་ཀྱི་དཔུང་ངོ་། །དཔུང་བསྐྱེད་པའི་ལེའུ་སྟེ་དྲུག་པའོ།། །།འབྱུང་བ་བཞི་རོ་སྙོམས་པའི་ཡི་གེ་ལ་དྲུག་སྟེ། ཙ་ཀྲ་བཞི་ལ་བརྟེན་པའི་ཡི་གེ་བཞི་དང་། ལྷ་མོ་བསྐྱེད་པའི་ཡི་གེ་དང་། ལྷ་སྒོམ་བཞིའི་ཡི་གེ་དང་། ཡི་གེ་འགྲོ་བཟློག་གི་ཡི་གེ་དང་། འབྱུང་པ་རོ་སྙོམས་ཀྱི་ཡི་གེ་བཞི་དང་། མངོན་ཤེས་འཆར་བའི་ཡི་གེ་བཞིའོ། །འབྱུང་བ་རོ་སྙོམས་ཀྱི་ཡི་གེ་བཞིའི་ལེའུ་སྟེ་བདུན་པའོ།། །།ཚེ་སྲིང་བར་བྱེད་པའི་ཡི་གེ་བཞི་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བཅུད་ལེན་ནོ། །ཕྱིའི་བཅུད་ལེན་ནི། སྲིད་པ་ཕོའི་བཅུད་ཅོང་ཞིའི་བཅུད་ལེན་དང་། སྲིད་པ་མོའི་བཅུད་བྲག་ཞུན་གྱི་བཅུད་ལེན་དང་། འབྱུང་བ་ཕོའི་བཅུད་ཆུའི་བཅུད་ལེན་དང་། །འབྱུང་བ་མོའི་བབ་སའི་བཅ་ལེན་དང་བཞིའོ། །ནང་ཤི་བཅུད་ལེན་ནི། བདུད་རྩི་ལྔ་སྟེ། དྲི་ཆེན། དྲི་ཆུ། ཤ་ཆེན། པདྨ་རཀྟ། བྱང་སེམས་དང་ལྔའོ། །གསང་བའི་བཅུད་ལེན་ནི། བུ་མོ་ལོ་བཅུ་དྲུག་ལོན་པའོ། །བླ་ན་མེད་པའི་བཅུད་ལེན་ནི། ལྟ་སྒོམ་སྤྱོད་གསུམ་མོ། །ཚེ་བསྲིང་བའི་བཅུད་ལེན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བྲམ་ཟེ་མཆོག་སྲེད་ངོ་མཚར་སྐྱེས་ནས། ཡེ་ཤེས་ཌའ་ཀི་མ་ལ་བསྟོད་པ། ལྒེ་མ་ཧོ།རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །འདོད་པའི་དབང་ཕྱུག་སྐལ་ལྡན་མ། །མཁའ་འགྲོ་ཆེན་མོ་རྣལ་འབྱོར་གཙོ། །རྡོ་རྗེ་དབྱིངས་ཀྱི་ཌའ་ཀི་ཡུམ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ། །ཧེ་རུ་ཀ་དང་ཡང་དག་སྦྱོར། །དབུ་སྟོང་མ་ལ་སྦྱན་སྟོང་མ། །སྟོང་ཕྲག་བཅུ་ཡི་ཞལ་གདོང་ཅན། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྤྱན་མིག་དམར་སེར་གློག་སྟོང་འགྱུ། །ཁ་གཉེར་མཆེ་བ་རབ་ཏུ་གཙིགས། །དབུ་སྐྲ་གྱེན་བརྗེས་ཐོག་སེར་འབེབས། །སེང་གེའི་གཟུགས་ཅན་འདབ་བཟངས་གཟུགས། །གླང་པོ་ཆེན་པོ་ཆེ་བའི་གཟུགས། །འཇིག་རྟེན་གསུམ་པོ་ལྟོ་བ་ཅན། །རྒྱ་མཚོའི་མཐའ་དག་སྐེ་རགས་ཅན། །ཐོད་པ་དང་ནི་ཁ་ཊ༷་འཛིན། །རྡོ་རྗེ་ཟངས་གྲིས་འབྱུང་པོ་འཇོམས། །མི་རུས་འཕྲེང་བའི་རྒྱན་ཆས་ཅ་་ །མི་མགོ་སྐམ་པོའི་དོ་ཤལ་ཅན། །བདེ་གཤེགས་འབུམ་ནི་ཁྱོད་ཀྱི་འཁོར། །ཆེ་བའི་ལྷ་ཚོགས་ཁྱོད་ཀྱི་བྲན། །རིག་པའི་རྒྱལ་པོ་གདོན་གཟུགས་ཅན། །རྣལ་འབྱོར་ཆེ་བའི་དངོས་གྲུབ་འབེབས། །དཔའ་བོ་དངོས་གྲུབ་ཆེར་གསལ་ནས། །ཧུ༷་དང་ཕཊ་ཀྱི་འབྲུག་སྒྲ་ཅན། ཁྲོ་བོའ༷་གཟུགས་ཀྱིས་ཁམས་གསུམ་སྒྲོལ། །རྒྱ་མཚོའི་གླིང་རྣམས་སྐེམས་པར་བྱེད། །སྣ་ཚོགས་ཆོས་རྣམས་ཟིལ་གྱིས་གནོན། །སྲིད་པ་གསུམ་ནི་ཟ་བར་བྱེད། །ཟས་སུ་མ་ཧྭ་མང་ས་གསོལ། །མ་ཧྭ་རཀྟ་བདེ་བར་གཤེགས། །མ་ལུས་གདུག་པ་སྐྲག་པར་བྱེད། །འཇིགས་པར་མཛད་ཅིང་གསོད་པར་བྱེད། །དམག་གི་དཔུང་རྣམས་རེངས་པར་བྱེད། །ངོ་མཚར་འདོད་པའི་གཟུགས་མངའ་བ། །ཡིད་ལ་འདོད་པའི་དངོས་གྲུབ་གསོལ། །ཕག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་ཁྱོད་ལ་གང་གསོལ་བ། །དོན་དེ་དེ་རིང་གྲུབ་པར་མཇོད། །བཅོམ་ལྡན་འདས་མ་ཕག་གདོང་ཅན། །སྐྱོན་ཀུན་གཅོད་བྱེད་གྲི་གུག་གཡས། །ཐོད་དཀར་ཁྲག་གིས་བཀང་བ་གཡོན། །བདུད་ཀྱི་སྙིང་མནན་ཁྱོད་ལ་འདུད། །གཡོན་པ་ཆགས་ཚུལ་ཁྲོ་མོའི་ཞལ། །གཡས་པ་ཕག་གདོང་རྟོག་མེད་ཞལ། །སྐུ་མདོག་དམར་མོ་འོད་ཟེར་འཕྲོ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །བདེན་པ་གཉིས་ཀྱི་དོན་ལྡན་པའི། །ཞལ་གཉིས་སུ་ནི་སྤྲུལ་མཛད་མ། །སྒྲུབ་པ་པོ་ལ་གྲོགས་མཛད་མ། །རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །དུས་གསུམ་བདེ་གཤེགས་ཀུན་གྱི་ཡུམ། །རྟོག་པ་ཐམས་ཅད་རྣམས་སྤངས་ཤིང་། །སྐུ་ནི་ཕག་མོར་སྟོན་མཛད་མ། །སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་བ་མྱ་ངན་འདས་སྤངས་ཤིང་། །དོན་དམ་ཀུ་་རྫོགས་དབྱེར་མེད་པས། །གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །སྤྲོད་མེད་དབྱིངས་ལས་མ་གཡོས་ཀྱང་། །གང་ལ་གང་གིས་འདུལ་དོན་དུ། །སྨོན་ལམ་ཐུགས་རྗེས་དོན་མཛད་མ། །ཡིད་བཞིན་ནོར་བུ་ཁྱོད་ལ་བསྟོད། །ཅས་བསྟོད་དོ། །བསྟོད་པའི་ལེའུ་སྟེ་དགུ་པའོ།། །།སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཇོ་མོ་མཁར་ཆེན་མཚོ་རྒྱལ་ལ་གདམས་པ།མཁའ་འགྲོ་མ་ནོར་བུ་འཕྲེང་བའི་རྒྱུད་རྫོགས་སོ།། །།གཏད་རྒྱ། གཏེར་རྒྱ། སྦས་རྒྱ།། །།