Ngb-pt-0701-vol-08-text
Front
Body
ཡིས། །གང་འདི་འཛིན་པར་བྱེད་པ་ནི། །མཁས་པ་རྣམས་ཀྱིས་བསྟོད་པའི་གནས། །གང་ཚེ་གསང་ལ་མི་དད་ཅིང་། །འདི་ཡི་ལམ་དུ་འཇུག་མི་བྱེད། །དེ་ནི་རྟག་ཏུ་དམ་པ་དང་། །གང་ཞིག་ཕྲད་པ་མ་ཡིན་ནོ། །གང་ཞིག་སྡོམ་པ་ནོར་བུར་འཛིན། །ཉོན་མོངས་སྦྲུལ་ནག་བཞིན་དུ་སྤོང་། །དེ་ནི་དམ་པས་བརྟེན་བར་བྱ། །ཞེས་གསུངས་མ་ཐག་ཏུ། འདུས་པ་ཆེན་པོའི་འཁོར་རྨད་དུ་བྱུང་བ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་རྗེས་སུ་ཡི་རངས་ཏེ། །རྨད་དུ་བྱུང་བའི་མཆོད་པས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།རྒྱུད་ཀྱི་རྒྱལ་པོ་རྟ་མཆོག་རོལ་པའི་རྒྱུད་རྫོགས་སོ།། མསྐོལ༷ །། དགེའོ།། །། ་། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་དེ་ཉིད་ལ། རྒྱུད་ཀྱི་དོན་བསྡུས་པ་འདི་གསོལ་བ་བཏབ་བོ། །ཤེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། །ཡེ་ཤེས་དྲི་མེད་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །ཐམས་ཅད་འདུས་པའི་ངོ་བོ་ཉིད། །གསང་བ་གསང་ཆེན་ཐུགས་ལས་བྱུང་། །མ་ལུས་གཉིས་མེད་མཉམ་སྦྱོར་བ། །དཔལ་ལྡན་རང་བཞིན་སྐྱོབ་བདག་ཉིད། །ཐུགས་རྗེ་འཁོར་བ་བདེ་སྐྱོབ་པ། །བདག་ཉིད་རྒྱུད་ཆེན་ལས་བྱུང་བའི། །དྲི་བའི་ཐེ་ཙོམ་ཞུ་བར་འདོད། །རྒྱུད་ཀྱི་དོན་ནི་ཇི་ལྟ་བུ། །གསང་བ་གསང་ཆེན་དོན་ནི་གང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །སྐུ་གསུང་ཐུགས་ཀྱི་དོན་བསྡུས་ཅི། །གཉིས་མེད་ཅེས་པ་ཇི་ལྟ་བུ། །ཡེ་ཤེས་དྲི་མེད་གང་ལ་བགྱི། །རྗེས་ཆགས་བདེ་བའི་དོན་ཅི་ཞིག །འཁོར་བ་ཐུགས་རྗེས་ཇི་ལྟར་བསྒྲལ། །སྲོག་གཅོད་མ་བྱིན་ལེན་པ་དང་། །རྫུན་དང་འདོད་སྤྱོད་རིམ་པ་ཡིས། །རིག་པ་འཛིན་པ་ཇི་ལྟར་གྲོལ། །ཀུན་གྱིས་སྤངས་པའི་སྨས་པ་དག །སྤྱད་པ་དངོས་གྲུབ་ཇི་ལྟར་འགྱུར། །ཆགས་པ་ཞེན་པས་འཆིང་བའི། །འདོད་ཡོན་ལྔ་ཡིས་ཇི་ལྟར་གྲོལ། །དངོས་གྲུབ་དཀྱིལ་འཁོར་ཇི་ལྟ་བུ། །བསྡུས་པའི་ལས་ནི་དུ་ཞིག་བཤད། །ཕྱི་ནང་ལས་ཀྱི་ཁྱད་པར་གང་། །སྙིང་པོ་དཀྱིལ་འཁོར་ཅི་ཞིག་ལགས། །བསྒྲུབ་པ་གསོ་བའི་ཆོ་ག་གང་། །རྫས་ཀྱི་ཁྱད་པར་ཇི་ལྟ་བུ། །སྒྲུབ་པའི་རྟགས་ནི་ཇི་ལྟ་བུ། །དབང་དང་དངོས་གྲུབ་ཆོ་ག་གང་། །བརྡ་ཡི་ཁྱད་པར་གང་གིས་མཚོན། །དངོས་གྲུབ་བླང་བའི་རིམ་པ་ཅི། །ལེགས་པར་བདག་ལ་བཤད་དུ་གསོལ། །ཅེས་གསོལ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀྱི་ཀུན་ཏུ་བཟང་པོ་ཡེ་ཤེས་ཧེ་རུ་ཀ་ཆེན་པོས། སྙིང་པོ་རོལ་པ་ཞེས་བྱ་བའི་རྒྱུད་ཕྱི་མ་འདི་བཤད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །མ་ལུས་སྐུ་གསུང་ཐུགས་ཀྱི་མཆོག །དབྱེར་མེད་བདེ་ཆེན་རོལ་པའི་མཆོག །སྲིད་དང་མྱ་ངན་འདས་རང་བཞིན། །དཔལ་ལྡན་སངས་རྒྱས་ཀུན་འདུས་པའི། །དམ་ཚིག་སྡོམ་པ་ངོ་མཚར་ཆེ། །རྒྱུད་ཀུན་གྱི་ནི་སྙིང་པོ་མཆོག །ཉོན་ཅིག་ལེགས་པར་བཤད་པར་བྱ། །དངོས་དང་དངོས་མེད་རྣམས་སྤངས་པའི། །རང་བྱུང་བདེ་བ་ཆེན་པོ་ཉིད། །སྐུ་དང་གསུང་ཐུགས་རྡོ་རྗེ་ཉིད། །འདུས་པས་གསང་བའི་རང་བཞིན་ནི། །རྒྱུན་དང་རྒྱུན་མིན་མཐའ་ལས་འདས། །ཐམས་ཅད་རང་བཞིན་མཁའ་ལྟར་དག །ཐོག་མ་ཐ་མ་དབུས་བྲལ་བའི། །མ་བཅོས་རང་བཞིན་སྙིང་པོ་ཉིད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདུས་པའི་ངོ་བོ་རྒྱུད་ཉིད་ནི། །འབྲེལ་དང་མ་ཚང་མེད་པ་དང་། །རྒྱུད་ནི་ཕུན་སུམ་ཚོགས་པས་རྒྱུད། །རྒྱུན་ནི་རྒྱུན་ཆགས་དོན་ཉིད་དེ། །སྔ་ཕྱི་འཁོར་བ་མྱ་ངན་འདས། །གྲོལ་དང་ཐར་པའི་བདག་ཉིད་དང་། །རྟོག་པ་ཉིད་དང་དོན་འཆད་པས། །སྔ་ཕྱི་རྗེས་སུ་འབྲེལ་པའི་རྒྱུད། །དོན་རྫོགས་པ་ཡི་བདག་ཉིད་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །དངོས་གྲུབ་ཀུན་གྱི་སྙིང་པོ་མཆོག །གསང་བ་ལས་ནི་གསང་གྱུར་ཅིང་། །སྙིང་པོ་ལས་ནི་སྙིང་པོ་མཆོག །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །གསང་བ་ཀུན་གྱི་རྒྱུད་མཆོག་གོ །གསང་བ་གསང་ཆེན་དོན་ཉིད་ནི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྡོ་རྗེ་འདུས་པའི་ངོ་བོ་ནི། །རྟོག་སྤྱོད་བསམ་པའི་ཡུལ་མིན་ཏེ། །བསྒྲུབ་དང་དཀའ་ཐུབ་ཡུལ་ལས་འདས། །གཉིས་མེད་གཉིས་སུ་མེད་མིན་ཞིང་། །རིག་དང་མ་རིག་བསམ་སྤྱོད་མེད། །མ་ལུས་འདུས་པའི་སྙིང་པོ་ཉིད། །བྱིས་པ་དམན་པས་མི་རྟོགས་ཏེ། །རྣམ་པར་དབྱེ་དང་རྒྱུ་འབྲས་དང་། །ཞེན་འཛིན་བདག་ལ་མངོན་རྟོག་ཅིང་། །བདག་གཞན་ལོག་པས་མངོན་བསྒྲིབས་ཏེ། །མ་རྟོགས་དོན་ཕྱིར་གསང་བ་ཉིད། །སྐུ་གསུང་ཐུགས་ནི་རོ་གཅིག་པའི། །མ་ལུས་བདེ་ཆེན་རྡོ་རྗེ་འཆང་། །གཅིག་ཏུ་ཆ་ཤས་ཡུལ་མེད་ཅིང་། །འདུས་བྱས་མེད་ཅིང་རྦ་རླབས་མེད། །བར་ཆད་ས་བོན་ཟག་པ་མེད། །མཆོག་ཏུ་རྨད་བྱུང་བསམ་མི་ཁྱབ། །བདེ་ཆེན་ནམ་མཁའི་ངོ་བོ་ལྟར། ཁྱབ་ཅིང་ཞི་བ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་སྙིང་པོ་མཁྱེན། །དཔག་མེད་ཕྱོགས་བཅུའི་རྒྱལ་པས་ཀྱང་། །བདེ་ཆེན་སྙིང་པོ་དོན་བྲལ་ཞིང་། །བདག་གཞན་ཞི་བའི་དོན་ལྟས་པས། །གསང་ལས་ཤིན་ཏུ་གསང་གྱུར་པ། །རང་སེམས་སྙིང་པོ་བདེ་ཆེན་པོ། །ཆ་ཤས་ཙམ་ཡང་རྟོག་པ་མེད། །ཨེ་མ་བདེ་ཆེན་གསང་བ་ཡི། །མ་ལུས་མཉམ་ཞིང་སྙིང་པོ་ལ། །གསང་བ་འཇམ་ཞིང་དལ་བར་གཟིགས། །མ་ལུས་བདེ་ཆེན་སྣང་བ་ཉིད། །ཀུན་གྱི་ཡུལ་དུ་མ་གྱུར་པ། །སྨན་དང་སྦྱོར་བ་མི་ཤེས་ཤིང་། །རིགས་མིན་ཡུལ་མིན་ཕྲ་བ་ཉིད། །གསང་ཆེན་རྨད་དུ་བྱུང་པའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །འདུལ་བའི་དོན་ཕྱིར་སྣང་བ་ནི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །ཟད་མེད་འཁོར་བའི་བདག་ཉིད་ནི། །རང་བཞིན་རྟོགས་པས་མཉམ་སྦྱོར་ནས། །རོ་གཅིག་པར་ནི་བསྡུས་པར་བརྗོད། །རང་སེམས་རྡོ་རྗེའི་སྙིང་པོ་ཉིད། །སྟོང་པ་སྟོང་མིན་བདེ་བ་མིན། །ཆགས་དང་མ་ཆགས་ཡུལ་ལས་འདས། །རྟག་མིན་ཆད་མིན་དབུ་མ་ཡི། །ཡིད་སྤྱོད་ཆོ་གའི་རྟོག་པ་མིན། །མཚོན་དང་མཚན་མ་ལས་གྲོལ་པས། །དཔལ་ལྡན་སྙིང་པོ་བརྟན་པ་ཆེ། །རང་སེམས་བདེ་ཆེན་འདུས་མ་བྱས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །མཆོག་ཏུ་རྨད་དུ་གྱུར་པའི་གནས། །སྙིང་པོ་དོན་དུ་བསྡུས་པའོ། །མ་ལུས་བདག་ཏུ་མཉམ་སྦྱོར་བ། །བདག་ཉིད་ཆེན་པོར་རོ་གཅིག་པ། །མ་ལུས་འདིར་ནི་གཉིས་སུ་མེད། །དམ་པའི་དོན་དུ་འདིར་གཅིག་པའོ། །མ་ལུས་སྐུ་གསུང་ཐུགས་སྦྱོར་བ། །གཞན་མེད་བདེ་ཆེན་རྟག་ཏུ་མཛས། །ཐོག་མ་མེད་པའི་རྡོ་རྗེ་སེམས། །གཉིས་མེད་ས་ལ་རྟག་པར་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་ཏུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །མ་ལུས་འདིར་འདུས་རྣམ་པར་དག །མ་ལུས་བདེ་ཆེན་ཐིག་ལེ་ཉིད། །གསང་བའི་དོན་དུ་དབྱེར་མེད་པས། །གཉིས་དང་གཉིས་མེད་ཡུལ་ལས་འདས། །གང་དུ་ཡོད་དང་མེད་པ་ཡིས། །མཐའ་དབུས་རྒྱུ་འབྲས་ལས་འདས་པ། །གཉིས་མེད་ཐབས་ལས་གང་བྱུང་བ། །འདི་ནི་གསང་བའི་དྲི་མེད་དེ། །གང་གི་མཆོག་ཏུ་གྱུར་པ་ཉིད། །མ་ལུས་གཉིས་སུ་མེད་པར་གནས། །གནས་པ་རྟོགས་གོམ་ལས་བྱུང་བ། །དམ་པའི་རང་བཞིན་གཉིས་མེད་པས། །ནམ་མཁའི་མཐའ་ལྟར་མཐའ་དབུས་མེད། །མཆོག་ཏུ་ཕྲ་བའི་བདག་ཉིད་དེ། །དབང་པོ་སྤྱོད་ཡུམ་ལས་འདས་ཤིང་། །མ་དམིགས་སྒོམ་དང་སྦྱོད་ལས་འདས། །ཡུལ་མིན་ཤེས་མིན་མཚན་མ་མིན། །བདག་མེད་ཡེ་ཤེས་ལས་བྱུང་བ། །གཟུགས་མེད་སྟོང་མེད་གཉིས་ཀ་མིན། །བདེ་བ་ཆེན་པོའི་ངོ་བོ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །གཅིག་པུ་ཐིག་ལེའི་བདག་ཉིད་དེ། །མཐའ་དབུས་ཀུན་ལ་མི་གནས་པའི། །གཉིས་སུ་མེད་པའི་ངོ་བོར་བརྟག །སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དབྱེར་མེད་ཡེ་ཤེས་བདག་ཉིད་དེ། །གང་དུ་རྟོག་དང་མི་རྟོག་པའི། །ཞེན་པའི་འདུ་ཤེས་མ་ལུས་པ། །རང་བཞིན་ཐབས་ཀྱི་རྣམ་པར་དག །གཉིས་མེད་ཡེ་ཤེས་བདེ་ཆེན་ནོ། །གཉིས་མེད་ཆ་ཤས་ཆགས་པ་མེད། །མཁའ་ལྟར་ཁྱབ་ཅིང་རྒྱ་ཆེ་བ། །བསམ་དང་སྤྱད་པ་ཡུལ་མེད་པ། །སངས་རྒྱས་ཡེ་ཤེས་གྲངས་མེད་པའི། །དམ་པའི་རང་བཞིན་ཀུན་ཁྱབ་ཀྱང་། །དམན་པ་རྣམས་ཀྱིས་མི་ཤེས་སོ། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །བདེ་བ་ཆེན་པོའི་གསང་བ་ནི། །མཁའ་ལྟར་ཁྱབ་པའི་བདག་ཉིད་དེ། །ཡེ་ཤེས་ཡིན་པས་དྲི་མེད་དེ། །ལས་དང་ཉོན་མོངས་ལ་སོགས་པ། །མ་ཆགས་པདྨའི་རང་བཞིན་ལྟར། །མ་སྤངས་རང་བཞིན་དག་པ་ནི། །བདེ་ཆེན་ལྷུན་གྲུབ་ཡེ་ཤེས་ཉིད། །འདི་ནི་རྨད་བྱུང་གསང་བ་སྟེ། །སྤྱོད་དང་འདུ་ཤེས་བྲལ་བའི་ཕྱིར། །དབང་དང་མན་ངག་བྲལ་བ་ཡིས། །བསྐལ་པ་བྱེ་བས་མི་ཤེས་སོ། །ལས་དང་ཉོན་མོངས་བྱ་བ་དང་། །ལྟ་བས་ཀུན་ཏུ་ཁེབས་པ་ཡིས། །བདག་ལ་གནས་པ་གཞན་ལ་རྟོགས། །གཉིས་འཛིན་ཞེན་མཐའ་རྟག་པ་ཡིན། །མཐའ་དབུས་བྲལ་བ་རྟོག་པ་མིན། །རང་འབྱུང་ཡེ་ཤེས་དྲི་མ་མེད། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཐོག་མ་ཐ་མ་མཐའ་དབུས་བྲལ། ་།ས་དང་མི་ཤེས་ལས་འདས་ཤིང་། །བྱིན་བརླབས་སྒོམ་མིན་སྟོབས་ལས་བྱུང་། །མ་ལུས་མཐའ་ཉིད་མཉམ་སྦྱོར་བས། །གཉིས་མེད་ཡེ་ཤེས་ཕྱོགས་ཆ་འདས། །མཁྱེན་དང་མི་མཁྱེན་རྣམ་པར་སྤངས། །བསམ་སྦྱོར་ཕྱོགས་འཛིན་ཡུལ་ལས་འདས། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བ་གསང་ཆེན་ལས་བྱུང་བ། །ཀུན་ཀྱང་གཉིས་མེད་ཐིག་ལེར་བརྟག །མ་བཅོས་རང་བཞིན་ངང་དག་པའི། །ཕྱོགས་མེན་ནམ་མཁའི་རང་བཞིན་ལྟར། །མ་བརྟགས་དག་པའི་ཐམས་ཅད་མཐོང་། །ཆོས་དབྱིངས་སྙིང་རྗེས་ཆགས་ཞེས་བྱའོ། །མཉམ་ཉིད་གསང་བ་རྟོགས་དཀའ་བས། །ཁམས་གསུམ་སྡུག་བསྔལ་ཉམ་ཐག་ལ། །ཐབས་དང་ཐུགས་རྗེས་ཁྱབ་པ་ཡིས། །སྙིང་པོ་ཁྱབ་པར་གནས་པ་ཡིན། །གང་དག་ཐབས་ཆེན་ལྡན་པ་ཡིས། །དཀའ་ཐུབ་གདུང་བ་ལ་སོགས་པའི། །བྱིས་པའི་སྤྱོད་པ་ཡོངས་སུ་སྤངས། །ཐབས་མཁས་ལྷ་དང་མཉམ་སྦྱོར་པའི། །དེ་ཉིད་སྒྱུ་མར་གསལ་བ་ཡིས། །མ་ལུས་གསང་བར་བརྟག་པ་ཡིས། །ཐབས་མཁས་འདོད་པ་ཐམས་ཅད་པ། །ཇི་ལྟར་འདོད་པའི་སྤྱང་པར་བྱ། །དཀའ་ཐུབ་གདུང་བ་ལས་འདས་ཤིང་། ཁོརྐོས་རབ་བདེ་བ་ལས་བྱུང་བའི། །འདོད་པ་ལྔ་ནི་ཤིན་ཏུ་བདེ། །བདེ་བ་ཆེན་པོ་རྣམ་པར་དག །ཉོན་མོངས་བག་ཆགས་དྲི་མ་མེད། །ནམ་མཁའ་དང་བ་བཞིན་དུ་གནས། །ཇི་ལྟར་མེད་དང་དུག་དག་གིས། །གདུང་པ་དེ་ཡིས་སེལ་བ་ལྟར། །ཐབས་དང་ལྡན་པ་ཆོ་ག་ཡིས། །མུན་པ་སྣང་བ་བཞིན་དུ་སེལ། །འདི་ནི་རྗེས་ཆགས་བདེ་བའི་མཆོག །དབང་པོ་ཆེ་འབྲིང་ཆ་ལས་འདས། །དཔལ་ལྡན་ཧེ་རུ་ཀ་ཡི་ཐབས། །ནམ་མཁའི་ཁམས་ལྟར་བསམ་ཡས་པ། །སློབ་དཔོན་ཡོན་ཏན་ཀུན་ལྡན་པས། །དབང་དང་མན་ངག་ལས་བྱུང་བའི། །ཐབས་དང་མི་ལྡན་ཆགས་སྦྱར་བས། །སྦྱོར་བ་ལོག་པའི་ཆོ་ག་བཞིན། །དུས་མིན་འཆི་བའི་དུས་བྱས་ནས། །དམྱལ་བ་ཆེན་པོར་ཐེ་ཚོམ་མེད། །རང་བཞིན་ངན་དང་ལས་ཀྱི་བཀོལ། །དཀོན་མཆོག་སློབ་དཔོན་མཆེད་རྣམས་དང་། །དམ་ཚིག་འཇིགས་ཅིང་ཀུན་ལ་འཚེ། །ཕ་དང་མ་ལ་སྙིང་རིང་ཞིང་། །གདུག་པ་ཆེ་དང་སྙིང་རྗེ་མེད། །ལོག་ལྟ་དམ་ཉམས་ལོག་ལྟ་འཁུས། །ཐར་བའི་ཐག་པ་ཆད་པ་དང་། །སྔགས་ཀྱི་ཐེག་པ་ལ་སྨོད་ཅིང་། །ཐབས་ལོག་གནོད་པ་སྣ་ཚོགས་ཀྱིས། །ཀུན་ལ་གནོད་པའི་ལས་བྱེད་པ། །འདི་དག་བསྒྲལ་པའི་ཞིང་ཡིན་ཏེ། །དངོས་སུ་བསོད་ནམས་མཆོག་ཡིན་ན། །ཐབས་དང་སྔགས་ཀྱི་རིམ་པ་ཡིས། །མྱུར་དུ་བསྒྲལ་བའི་སྨོས་ཅི་དགོས། །དཔལ་ལྡན་ཧེ་རུ་ཀ་ཡི་དངོས། །ཐབས་དང་ཤེས་རབ་གདེངས་ལྡན་ཞིང་། །ཐུགས་རྗེས་ཁྱབ་ཅིང་ཆགས་སོགས་མིན། །བྱིན་རླབས་ཉམས་དྲོད་མཆོག་དང་ལྡན། །རེ་དོགས་མེད་པའི་བརྟུལ་ཞུགས་ལྡན། །གདུག་སོགས་ཐུགས་རྗེས་ཡབ་བར་མིན། །སྦྱོར་དང་ཐབས་མཁས་ཏིང་ངེ་འཛིན། །གོམས་པའི་སྟོབས་དང་ལྡན་པ་ཡིས། །བར་ཆོད་རེ་དོགས་ཞི་བྱས་ཏེ། །ཕྱོགས་བཅུ་གདུག་པ་མ་ལུས་པ། །དགུག་ཅིང་བསྟིམ་པའི་ལས་བྱས་ནས། །ཨ་ལ་སོགས་པ་དག་བྱས་ལ། །དག་པའི་ཞིང་དུ་ནན་ཏན་བྱ། །གསང་བ་དབང་བསྐུར་བྱིན་བརླབས་ནས། །བདག་གཞན་དོན་ཀུན་རྫོགས་པར་གནས། །ལྷག་མའི་ཕུང་པོ་བསྒྲུབས་རྫས་དང་། །མཆོད་རྫས་སིད་དྷི་དག་དང་སྦྱར། །བཀྲ་ཤིས་གདུལ་བྱའི་ཐུགས་རྗེ་ཡིས། །དག་པའི་ཞིང་དང་མཆོད་པ་ཡིས། །བྱིན་གྱིས་བརླབས་པ་གསུམ་བྱས་ནས། །རྫས་དང་འཕྲུལ་ཞལ་ཀ་བཱ་ལ། །བརྟགས་པའི་བྱེ་བྲག་ཀུན་ཤེས་ནས། །དངོས་གྲུབ་མྱུར་དུ་ཐོབ་བྱའི་ཕྱིར། །གསང་བའི་དཀྱིལ་འཁོར་ཀུན་ཏུ་བཀྲམ། །དུར་ཁྲོད་རྫས་དང་མར་མེ་དང་། །མཆོད་པའི་བྱེ་བྲག་ལ་སོགས་པ། །རྟོག་པ་གཞན་དུ་མ་གསུངས་པའི། །ཆོ་གའི་བྱེ་བྲག་འདི་ཤེས་བྱ། །དཔལ་ལྡན་གསང་རྟོགས་རྣལ་འབྱོར་པ། །ཁམས་གསུམ་ཞིང་ཁམས་རྡུལ་སྙེད་པ། །རང་གི་དམ་ཚིག་བཞིན་དུ་བསྒྲལ། །དམ་པ་ཤེས་ན་མཆོག་ཏུ་གྱུར། །གཞན་དུ་འཇིགས་སྐྲག་རྨོངས་པ་དང་། །དམྱལ་བ་ཉིད་དུ་སྐྱེ་བར་འགྱུར། །རང་བཞིན་རྟོགས་དང་ཐབས་ལྡན་པས། །འཇིགས་སྐྲག་རེ་དོག་མེད་པ་ཡིས། །གསང་བའི་ཐབས་ལ་གང་སྤྱོད་པ། །དུག་གི་དུག་ནད་ཞི་བ་བཞིན། །ལྷ་ཡི་བུ་མོ་ཡིད་འོང་དང་། །བསྒྲུབས་རྟགས་ཁྱད་པར་བཤད་པ་ཀུན། །ཐབས་དང་མཐུ་དང་ཏིང་འཛིན་གྱིས། །བདག་ཉིད་ཆེན་པོར་གསལ་བྱས་ཏེ། །མ་ལུས་དག་པའི་ཏིང་འཛིན་གྱིས། །བླང་བའི་ཐབས་ལ་བརྩོན་པ་ཡིས། །ཐབས་དང་མཐུན་པའི་ཆོ་ག་ཡིས། །གང་ལ་མཆོད་དང་བསྒྲུབ་པར་བྱ། །ཕྱིར་ཅི་ལོག་དང་མ་རབས་དང་། །ཉམས་དམ་དམ་མེད་ལོག་པ་དང་། །མ་འདྲེས་གསང་བའི་དགྲར་གྱུར་པ། །གསང་བའི་རྟོགས་པ་རྫུན་གྱིས་ཚིགས། །གང་དུ་དགོངས་དང་དགོངས་ལྡན་པ། །ཐབས་ལ་མཁས་པའི་སྐྱེས་བུ་ཡིས། །མི་སྒྲིབ་དངོས་གྲུབ་འཕེལ་བྱའི་ཕྱིར། །གདུལ་བའི་ཆོ་ག་བཞིན་དུ་སྨྲ། །ཐབས་མཁས་ངེས་པའི་མཐུར་ལྡན་ཞིང་། །བྱང་ཆུབ་སེམས་ལ་རབ་བརྩོན་པས། །དཀའ་ཐུབ་གདུང་བ་ཀུན་སྤངས་ལ། །གང་ལ་ཞེན་པ་མེད་པ་ཡིས། །ཕྱི་ནང་འདོད་པའི་ཡོན་ཏན་ལྔ་། །ཐབས་ཆེན་གསང་བའི་ཆོ་ག་ཡིས། །བདག་དང་གཞན་ལ་ཕན་ཕྱིར་བཤད། །ཇི་ལྟར་པདྨའི་ཁ་དོག་ལྟར། །སྐྱོན་བྲལ་ཡོན་ཏན་མཆོག་ཏུ་མཛེས། །ཀྱེ་ཧོ་སྐལ་ལྡན་རང་བཞིན་སྦྱངས་པའི་མཚན་ཉིད་དེ། །ཐབས་མཁས་བྱིན་རླབས་ལྡན་པས་རིམ་པར་མངོན་རྟོགས་ཤིང་། །མ་ལུས་དམ་པའི་ཐབས་སུ་ཤེས་པས་ཕྱི་ནང་ཆོས་ཀུན་དུ་མ་ལ། །བྱ་དང་མི་བྱ་གྲོལ་ཆིང་མེད་དེ་མྱ་ངན་འདས་པ་མཆོག་ཏུ་ཞི། །དམན་དང་དམ་པ་གསང་བ་ཅིག་པ་སོ་སོར་ཕྱེ་བས་བདུད་ཀྱིས་ལས། །བྱིན་བརླབས་ཐབས་ཀྱི་སྤྱོད་པས་རིག་པ་འཛིན་པས་གྲོལ་འགྱུར་ཞིང་། །མྱུར་དུ་འཁོར་བ་སྤོང་ཞིང་བདེ་ཆེན་རང་ལས་གསལ་བར་འཆར་འགྱུར་བ། །རྟོག་གེ་དམན་པ་ལ་ལོགས་པར་བསྒྲིབས་ཤིང་བཅིངས་པས་མི་ཤེས་པས། །སངས་རྒྱས་ཀུན་གྱི་དམ་ཚིག་ལྔ་། །གྲུབ་པ་བཞི་དང་ལྡན་པ་ཡིས། །ཡིན་པའི་ངོ་བོ་སྡོམ་པ་ཅན། །དམ་ཚིག་བདུད་རྩི་ཡིན་པར་གྲགས། །མི་ཤ་ཁྱི་ཤ་མཆོག་ཡིན་ཏེ། །གླང་ཆེན་རྟ་ཤ་དེ་བས་མཆོག །བྱ་ཤ་དེ་དག་བྱིན་བརླབས་ལ། །ཆོ་ག་བཞིན་དུ་བཟའ་བར་བྱ། །དྲི་ཆེན་བྱང་ཆུབ་སེམས་དང་ཤ། །དྲི་ཆུ་ཁྲག་དང་མཉམ་སྦྱར་བ། །ཡི་གེ་གསུམ་དང་ལྔ་ཡིས་སྦྱང་། །རྒྱལ་བ་ལྔ་ཡི་ངོ་བོར་གསལ། །ཐབས་ལ་མཁས་པའི་ཆོ་ག་ཡིས། །རིག་པ་འཛིན་པའི་བྱིན་བརླབས་ཏེ། །སྲིན་ལག་མཐེ་བོང་མཉམ་སྦྱར་བས། །མཆོད་དམ་ཟོས་ཏེ་འཐུངས་ན་ནི། །ཡེ་ཤེས་ལྔ་ཡི་དངོས་གྲུབ་ཐོབ། །ལྷ་དང་མི་དང་རིགས་འཛིན་དང་། །རྒྱལ་བ་སྲས་བཅས་མཁའ་འགྲོ་ལ། །མཆོད་པའི་སེམས་ཀྱིས་གཏོར་ན་ནི། །དགྱེས་ཏེ་ཅི་འདོད་དངོས་གྲུབ་སྩོལ། །རིགས་ངན་གདོན་དང་འབྱུང་པོ་དང་། །མ་རུངས་ཚོགས་ལ་གཏོར་བྱས་ན། །བྱིན་བརླབས་གཟི་བརྗིད་ནུས་མཐུ་ཡིས། །དེ་མ་ཐག་ཏུ་བརླབས་པར་འགྱུར། །རྒྱལ་བ་ཀུན་གྱི་རང་བཞིན་འདི། །རྣལ་འབྱོར་ཀུན་གྱི་བསྒྲུབས་པའི་རྫས། །མཁའ་འགྲོ་རྣམས་ཀྱི་དམ་ཚིག་སྟེ། །སྐལ་མེད་དམ་སྲི་དུག་ཏུ་འགྱུར། །རྨད་བྱུང་གསང་བའི་དམ་ཚིག་ལྔ། །སོ་སོ་འམ་ཡང་ན་གཅིག་ཏུ་ནི། །བཅུད་ལེན་ཡང་ན་རང་ཇི་བཞིན། །ཐབས་དང་ཆོ་གས་བྱིན་བརླབས་དང་། །ལོ་དང་ཟླ་བ་དུས་གསུམ་དུ། །མ་ཉམས་རྣལ་འབྱོར་ལོངས་སྤྱོད་ན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ། །སངས་རྒྱས་ཀུན་གྱིས་མངག་པའི། །དམ་པའི་ལས་ནི་གང་འདས་པ། །རིགས་ཆད་ཡང་ན་བརླག་པ་དང་། །བདེ་ཆེན་ཟབ་མོ་འདི་ལས་རིང་དུ་གྱུར། །དེ་ཕྱིར་དེ་ལས་རིང་དུ་མི་འདའ་བའི། །སྔགས་པས་བརྟག་ཏུ་སྤྱད་པར་བྱ། །ཆགས་པས་བདེ་པའི་དམ་ཚིག་གསུམ། །རྒྱལ་བ་ཀུན་གྱི་ལོངས་སྤྱོད་དེ། །རྣལ་འབྱོར་ཐབས་དང་ལྡན་པ་ལ། །རྒྱལ་བ་ཀུན་གྱིས་གནད་བྱིན་ལ། །འདོད་པ་ཀུན་གྱི་རྗེས་ཆགས་པ། །ཆགས་པ་ཆེན་པོ་བདེ་བ་ཆེ། །ཆོས་ཉིད་བདེ་བའི་ལོངས་སྤྱོད་དེ། །དམན་པ་རྣམས་ཀྱི་སྤྱོད་ཡུལ་མིན། །གང་ལ་ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །རབ་འབྲིང་ཐ་མ་ཁྱད་པར་གཞན། །ལྟ་དང་ཐོས་དང་ཚིམ་པ་དང་། །མྱོང་དང་རེག་དང་དྲན་པ་ཡི། །མ་ལུས་བདེ་ཆེན་གསལ་བ་ཡིས། །ཚེ་འདི་ཉིད་ཀྱིས་འགྲུབ་བར་འགྱུར། །ཇི་ལྟར་ཐབས་ཆེན་པོ་ཡིས་ནི། །དུག་གི་དུག་ནད་སེལ་བ་ལྟར། །ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །གཞན་གྱི་དུག་ཀྱང་བདུད་རྩིར་འགྱུར། །མ་ལུས་གསང་བའི་ཐབས་སྦྱོར་བས། །གཟུགས་རྣམས་ཀུན་ལ་ལྟ་བ་དང་། །སྒྲ་རྣམས་རྟག་ཏུ་ཉན་པ་དང་། །དྲི་ལ་རྟག་ཏུ་ལོངས་སྦྱོད་ཅིང་། །རོ་ལ་ཆགས་པར་སྤྱོད་པ་དང་། །སྣ་ཚོགས་རིག་པ་ལ་བརྩོན་པ། །རང་གི་ལོངས་སྤྱོད་བདེ་བའི་མཆོག །བདག་དང་གཞན་དང་ཕུན་སུམ་ཚོགས། །བཟའ་དང་བཅས་དང་བཏུང་བ་དང་། །བགོ་དང་རིག་དང་འཇིགས་པ་དང་། །ཐབས་དང་ཆགས་པ་སྣ་ཚོགས་པའི། །འདོད་པའི་ལོངས་སྤྱོད་སྣ་ཚོགས་ལ། །ཅི་འདོད་པར་ནི་བརྩོན་བཞིན་དུ། །དཀའ་ཐུབ་གདུང་བ་ཀུན་འདས་ཤིང་། །ཁྲུས་དང་སྡོམ་པ་གཙང་སྦྲ་བྱེད། །དགའ་ཞིང་ངོ་མཚར་རྨད་ལྡན་པས། །རང་གིས་དམ་ཚིག་སྐྱོན་པར་བྱེད། །འཇིགས་དང་རེ་དོགས་མེད་པ་ཡིས། །ཐེག་པ་མཆོག་ལ་ཐབས་ཀྱི་འཇུག །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བ་ཆེན་པོའི་གཟིགས་མོ་འདི། །བྱང་ཆུབ་རྡོ་རྗེ་བཅས་པའི་ཡུལ། །གཞན་དང་ཀུན་གྱི་སྤྱོད་ཡུལ་མིན། །དཔལ་ལྡན་ཧེ་རུ་ཀ་ཡི་དངོས། །ཡང་དག་སྒྲུབ་པ་ཐབས་ཀྱི་མཆོག །འདོད་པ་ལྔ་ལ་ལོངས་སྤྱོད་པས། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། ། སངས་རྒྱས་ཀུན་གྱི་བརྟུལ་ཞུགས་མཆོག །བདེ་བ་ཆེན་པོའི་ངོ་བོ་ཉིད། །གསང་ཆེན་གསང་བ་རྨད་བྱུང་བ། །ཐིག་ལེ་ཐོག་མ་མེད་པ་ཡི། །ཞེན་པ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་ལ་སྤྱད་པ་ཡིས། །བསྐལ་པར་སྦྱངས་པའི་མི་སྙེད་པའི། །འབྲས་བུ་ཡིད་བཞིན་ལྷུན་གྲུབ་ལྟར། །རྒྱ་མཚོའི་རླབས་ལྟར་རང་སྣང་གསང་། །འབྲས་བུ་ཕུན་སུམ་ཚོགས་པ་འགྲུབ། །རི་བོ་ནགས་ཚལ་དབེན་པའི་སར། །དཔལ་ལྡན་ཁྲག་འཐུང་སྦྱོར་བ་ཡིས། །ཚེ་འདིས་འདོད་པ་ཐོབ་བྱའི་ཕྱིར། །ཆོ་ག་རིམ་པས་བཤད་པར་བྱ། །དད་དང་རང་བཞིན་སྐལ་ལྔན་ལ། །རྟོགས་དང་དམ་ཚིག་ལྡན་པ་ཡིས། །དབང་རྫོགས་འབྱོར་བ་ཀུན་ལྡན་པ། །སྙིང་རྗེ་ཐབས་མཁས་རྣལ་འབྱོར་པས། །བཀྲ་ཤིས་བྱིན་ལྡན་ཉམས་དགའ་ཞིང་། །བར་ཆད་མེད་པའི་ས་བརྟགས་ལ། །ཆོ་གའི་རིམ་པ་ཇི་བཞིན་དུ། །རྩོད་དང་མི་ཤེས་སྐྱོན་སྤངས་ཕྱིར། །བསླང་ཞིང་གཏོར་མ་བྱིན་པར་བྱ། །འབྱོར་དང་དུས་ཚིགས་བཟང་པོ་ལ། །བཀྲ་ཤིས་འཕེལ་འདོད་ཡར་ངོ་ལ། །རང་བཞིན་བྱིན་རླབས་ལྡན་པའི་ཕྱིར། །འདོད་པ་བསྒྲུབ་པའི་ཆོ་ག་བྱ། །དུར་ཁྲོད་ཆེན་པོ་དང་འཕེལ་བའི། །དབང་དང་བསྒྲུབ་པའི་མཆོད་པ་དང་། །དངོས་གྲུབ་ལ་སོགས་མཆོད་པ་རྫས། །རྨད་བྱུང་ངོ་མཚར་བཅས་པ་གཞག །དཔལ་ཧེ་རུ་ཀ་འདོད་པས། །བཀྲ་ཤིས་འབྱོར་པའི་ས་ཕྱོགས་ནས། །བྱིན་བརླབས་བཀྲ་ཤིས་དག་པའི་རྫས། །དེ་ལ་བར་ཆད་བསྐྲད་པར་བྱ། །བརྟུལ་ཞུགས་རོལ་པས་དེ་བླངས་ལ། །དག་པའི་དངོས་གྲུབ་རྫས་སུ་བརླབས། །མ་དག་ཐུགས་རྗེ་རྫས་དག་ནི། །ཆོ་ག་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་སྔགས་ཀྱིས་དེ་སྦྱངས་ལམ། །ཇི་ལྟར་རིག་པས་བྱིན་གྱིས་བརླབས། །རྡོ་རྗེ་མཚོན་གྱི་བྱིན་བརླབས་པས། །ཆོ་ག་བཞིན་དུ་སྤྲོས་པ་ཡིས། །སྣོད་དང་རྫས་དང་མར་མེ་དང་། ཁྲ་དང་ནང་ཁྲོལ་གཡང་གཞི་དང་། །བམ་རིལ་ཁོག་པ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་འཕྲེང་། །རྩ་རྒྱུས་ཐིག་དང་ལྡན་པས་ཏེ། །བདུད་རྩི་དམར་གྱིས་དཀྱིལ་འཁོར་དང་། །དམར་ཆེན་ཟླ་གམ་ལྡན་པ་ཡིས། །རེ་ག་ཐལ་བ་ཆེན་པོས་བྲིས། །འཇིགས་དང་མཛེས་པ་མེད་པའི་ས། །དུར་ཁྲོད་རྫས་ལ་རྟེན་བཅས་ཤིང་། །རྨད་བྱུང་རྫས་ལ་ལོངས་སྤྱོད་ན། །རང་དགའི་ལོངས་སྤྱོད་ལ་བརྟེན་ན། །རྫུ་འཕྲུལ་ལུས་ཀྱི་ཆོ་ག་བཞིན། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །དུར་ཁྲོད་དཀྱིལ་འཁོར་ཆེན་པོ་ལ། །གསང་བའི་ཕོ་བྲང་རྟེན་བཅས་ཤིང་། །ཟླ་གམ་རྫས་ལ་གྲུབ་པ་ཡིས། །དགའ་དང་མོས་པས་འཇུག་པ་དང་། །དབང་དང་བསྒྲུབ་པ་གང་རྩོམ་པས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས། །ཚེ་འདིས་ཐོབ་པར་ཐེ་ཙོམ་མེད་ཁམས་གསུམ་རང་བྱུང་དུར་ཁྲོད་དུ། །བདེ་ཆེན་རྫས་ལ་རྟེན་བཅས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཉིད། །མྱུར་དུ་དཀར་བ་མེད་པས་འགྲུབ། །རང་བཞིན་ངན་དང་སྐལ་མེད་དང་། །གཙང་སྨེ་ཅན་དང་ལེ་ལོ་ཅན། །དམ་ཚིག་ཉམས་དང་མེད་པ་ཡིས། །སྐལ་པ་བྱེ་བས་མི་འགྲུབ་བོ། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །བྱིན་བརླབས་ཡིད་བཞིན་ནོར་བུ་བཞིན། །ཞལ་མཐོང་ལྷ་དང་གཉིས་མེད་ཅིང་། །འབུམ་ཕྲག་ས་ཡ་བྱེ་བ་སོགས། །བསྒྲུབ་པས་མངོན་དུ་གྱུར་པ་ན། །བདག་ཉིད་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །ཐུན་མོང་ཐུན་མོང་མ་ཡིན་པའི། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །རང་ལས་བྱུང་ཞིང་ཐབས་ཀྱི་སྙེད། །རྣམ་ཤེས་བརྒྱད་པོ་དགུར་གསལ་ཞིང་། །རང་འབྱུང་སྣང་བ་གཅིག་གི་ངང་། །ཡེ་ཤེས་དགུ་ཡི་སྣང་བ་ཉིད། །དུར་ཁྲོད་རྫས་ལས་གྲུབ་པ་ཡིས། །ཕོ་བྲང་རྨད་བྱུང་གསང་བའི་གནས། །རང་བྱུང་གསང་བའི་དུར་ཁྲོད་ན། །ཡེ་ཤེས་དགུ་ཡི་སྣང་བ་བལྟམས། །དགུ་བཀག་གཅིག་ཕྱེ་བྷ་ཧར་འདུས། །བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ། །འཁོར་བའི་མཎྜལ་ཡོངས་བཀྲམ་པས། །བདག་ཉིད་ཆེན་པོའི་ལོངས་སྤྱོད་འདིས། །སྐལ་ལྡན་རྨད་བྱུང་ལོངས་སྤྱོད་གཏེར། །འདོད་འབྱུང་རིན་ཆེན་གཏེར་གྱི་མཆོག །མན་ངག་ཐབས་ཀྱི་གདང་ལྡན་ཞིང་། ཁྲུབ་པ་ཉམས་ཀྱི་དྲོད་ལྡན་ན། །གསང་བ་རྫས་ལ་བརྟེན་ནས་ནི། །དངོས་གྲུབ་སྐུ་གསུང་ཐུགས་སུ་བླང་། ཁེན་ཏུ་གསང་བ་མཐར་ཕྱིན་ནས། །སྤྱོད་ལམ་བྲབ་ཅིང་སྟོབས་ལྡན་པས། །བདག་ཉིད་སྟོབས་དང་ལྡན་པ་སྲ །གསང་ཆེན་ཐབས་ཀྱི་སྤྱོད་པ་སྟེ། །གྲུབ་པ་ཐབས་ཀྱི་རིམ་པ་ནི། །སྐལ་ལྡན་འགའ་ལས་མ་གཏོགས་པ། །དམན་དང་རང་བཞིན་སྐལ་བ་ལ། །འཕྲིག་པས་གཉིས་ཀ་ལྟུང་བར་འགྱུར། །མཚན་མའི་རྫས་ལ་བརྟེན་ནས་ནི། །དམན་པས་བསྐལ་པར་མི་རྙེད་པའི། །ཆོས་སྐུ་ལྷུན་གྲུབ་ཐོབ་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བླ་མེད་གསང་བ་ཐབས་ཀྱི་མཆོག །དམན་དང་དཀའ་ཐུབ་ཀྱིས་གདུངས་པའི། །གང་ཟག་དག་ནི་རྣམ་པར་སྤངས། །སྐལ་ལྡན་ཅན་གྱི་བསྒྲུབ་པར་བྱའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས། །གདུལ་བྱའི་བསམ་པ་རྫོགས་མཛད་ནས། །འབར་བའི་ཚོགས་སུ་སྣང་ནས་ནི། །དུར་ཁྲོད་ཚོགས་ལ་རོལ་པར་མཛད། །རང་བཞིན་མཛད་པ་ཐབས་དག་དང་། །མོས་དང་ཐབས་ཀྱི་སྐུ་གསུང་ཐུགས། །རྫས་དང་ཆོ་ག་ཀུན་འདུས་པ། །འདིར་ནི་རྣམ་པར་སྣང་མཛད་པར། །བྱིན་བརླབས་འཚམས་པའི་ས་ཕྱོགས་སུ། །བར་ཆད་ཞི་ཕྱིར་ཆོ་ག་བྱ། །བཀྲ་ཤིས་སྒྲུབ་པ་མཆོག་དུས་སུ། །མཚན་མ་འབྱུང་བའི་རྟེན་མཆོག་དང་། །བཀྲ་ཤིས་དག་པའི་རྫས་བླངས་ཏེ། །སྦྱང་ཞིང་བྱིན་གྱིས་བརླབས་པར་བྱ། །འཁོར་བ་ཆགས་པའི་མཎྜལ་ལ། །བདུད་རྩི་ལྔ་ཡང་ལྡན་པར་བྱ། །དུར་ཁྲོད་སྲད་བུ་བྱིན་བརླབས་ནས། །གསལ་ལ་མཁའ་གསང་ཐིག་བཏབ་ནས། །ཕོ་བྲང་རྨད་བྱུང་བྲི་བར་བྱ། །དམར་ནག་ཟླ་གམ་མེ་རི་འབར། །དུར་ཁྲོད་འཇིགས་པའི་མཚོན་གྱིས་བྲི། །ཐལ་ཆེན་རེ་གས་བཅད་པ་ཡིས། །རྨད་བྱུང་དུར་ཁྲོད་རྒྱན་དང་ལྡན། །བཀྲ་ཤིས་རྫས་དང་མཚན་མ་དང་། །དུར་ཁྲོད་རྒྱན་ཆ་དཀྲམ་པ་དང་། །ཕྱི་ནང་དག་པའི་མཚམས་བཅད་དེ། །ཕོ་བྲང་ལྷན་ཅིག་རྟེན་ཅིག་དང་། །གཟི་ཆེན་འབར་བ་གཅིག་བལྟམས་པ། །དངོས་གྲུབ་མཚན་མ་གཅིག་བསྡུས་པའི། །ཆོ་ག་ཡི་ནི་ནན་ཏན་བྱ། །ལས་དང་བྱ་བ་མ་ཚོགས་བྱ། །རྣམ་གཡེང་འགྲུབ་པར་དཀའ་བའི། །དད་པ་དམ་ཚིག་ཀུན་ལྡན་པའི། །ཐབས་དང་ཤེས་རབ་འབྲེལ་པ་ཡིས། །ཐིག་ལེ་གཅིག་པའི་ཆོ་ག་བསྒྲུབས། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །སྔོན་དུ་བྱ་བ་ཀུན་བྱས་ནས། །སྟོང་ཉིད་མ་བཅོས་ཆོས་དབྱིངས་ལས། །སྙིང་རྗེ་ནམ་མཁའི་ཀློང་བདལ་པས། །ཆོ་འཕྲུལ་རིག་པའི་ཡི་གེར་ཤར། །གང་ནས་དུར་ཁྲོད་གཞལ་ཡས་ཁང་། །འབར་བའི་རྒྱན་དང་བཅས་པ་མྲ །རིག་པའི་རྒྱལ་པོ་ཧེ་རུ་ཀ། །ཡབ་ཡུམ་རྟེན་དང་བཅས་པར་བསྐྱེད། །བྱིན་བརླབས་དབང་སྐུར་གསལ་ལྡན་ནས། །ཁྲག་འཐུང་འབར་བའི་སྤྲིན་གཏིབས་བས། །རིག་པའི་རྒྱལ་པོར་གང་གྱུར་པ། །ཕྱི་ནང་འབྱོར་པའི་ཡོ་བྱད་དག །རང་གིས་རང་ལ་ཐིམ་མཆོད་དེ། །གྲུབ་མཆོག་བརྟན་པར་མ་གྱུར་པར། །བསྟིམ་བརྟན་གཤེགས་པར་བྱ་བ་མིན། །བར་ཆད་བསྐྲད་པར་མཆོད་བསྐུལ་ནས། །གསོ་བའི་ཆོ་ག་ནན་ཏན་བྱ། །བདག་ཉིད་གྲུབ་གནས་མ་ཐོབ་པར། །བསྒྲུབ་ཅིང་དམ་བཅའ་བརྟན་པར་བྱ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བྱིན་བརླབས་ཐབས་ཆེན་ཀུན་འདུས་པས། །སྲོག་དང་བཅས་པའི་གདུང་དབྱངས་ཀྱིས། །འཕྲོ་འདུས་དབྱིངས་ནས་ཐུགས་དམ་བསྐུལ། །དུར་ཁྲོད་འབར་བའི་དཀྱིལ་འ༷ཁོར་ནས། །མི་གནས་དཔལ་ཆེན་ཧེ་རུ་ཀ། །ཡབ་ཡུམ་གནས་ཀྱི་ལྷ་དང་བཅས། །ཐུགས་དམ་དབང་གིས་གཤེགས་ནསཀྱང་། །དུར་ཁྲོད་རྫས་ལ་རྟེན་བཅས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། དུས་དྲུག་མཆོད་དང་སྟོང་ཚིག་དང་། །བར་མ་ཆད་པར་བརྩམ་པར་བྱ། །བསྙེན་པས་སྒོ་གསུམ་བག་ཆགས་སྦྱང་། །ཉེ་བསྙེན་ལྷར་གསལ་སྣོད་དུ་རུང་། །བསྒྲུབས་པའི་དངོས་གྲུབ་དམིགས་ལ་དབབ། །བསྒྲུབ་ཆེན་ཉིད་དུ་བསྟིམ་པར་བྱ། །བསྙེན་བསྒྲུབ་བྱེ་བྲག་བཞི་ཉིད་ནི། །ལམ་དང་བསྒྲུབས་དང་གསང་བ་དག །ལྷ་ཡི་ཕྱག་རྒྱ་ཤེས་པར་བྱ། །དབང་ཐོབ་ཡོན་ཏན་རྫོགས་པ་དང་། །རྡོ་རྗེ་གསུམ་དང་དབྱེར་མེད་པས། །བདག་མེད་ཡེ་ཤེས་མཁའ་ལྟར་དག །མཐོང་པའི་དོན་ལ་བསྟན་དགོས་པས། །ལྷུན་གྲུབ་ཡེ་ཤེས་ཐོགས་པ་མེད། །ལམ་གྱི་ཁྱད་པར་ཉིད་དུ་འདོད། །དངོས་གྲུབ་དུར་ཁྲོད་ལ་སོགས་པ། །མཚན་མ་བརྟན་པོ་ཕྱི་རོལ་ཏེ། །རང་ཉམས་གོམ་བརྟན་རིག་པ་འབྱུང་། །ཐིག་ལེ་འབར་ཞིང་བདེ་བ་དག །སྙིགས་མ་དང་བྲལ་བདེ་ཆེན་པོ། །གསང་བ་ཆེན་པོ་མཁའ་ལྟར་དག །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །རྫས་གསུམ་རྟེན་ལ་དམིགས་བཅས་ཤིང་། །སྔགས་དང་ཕྱག་རྒྱས་དབང་བསྒྱུར་ནས། །རེ་དོགས་མེད་པར་དངོས་གྲུབ་འབྱུང་། །དབང་པོ་ཁྱད་པར་ཅི་འཚམས་པར། །དངོས་གྲུབ་བྱེ་བྲག་ཐམས་ཅད་ཀྱང་། །བསྡུས་རྒྱས་གསུམ་གྱི་ཐབས་ཀྱིས་ནི། །དུར་ཁྲོད་མཆོག་གི་ཕུན་སུམ་ཚོགས། །བདེ་བ་ཆེན་པོའི་རོལ་པ་ནི། །མ་ལུས་འདུས་པའི་ཐིག་ལེ་ལས། །ཐུགས་རྗེ་འདུལ་བའི་གར་སྟབས་ཀྱིས། །སྣ་ཚོགས་སྒྱུ་མར་བསྟན་པ་མཚར། །ཡོད་མེད་དབུས་སུ་མི་དམིགས་ཤིང་། །བདག་མེད་ཡེ་ཤེས་ལས་བྱུང་བ། །ཐབས་ཆེན་མ་ལུས་གོམས་པ་ཡིན། །རང་བྱུང་སྒྱུ་མའི་ཕྱག་རྒྱ་ཉིད། །དཔལ་ལྡན་དངོས་གྲུབ་ཀུན་བསྡུས་པ། །རྟོགས་པའི་ཆོ་ག་བཤད་པ་འདི། །འགྲོ་བ་སྐལ་ལྡན་དོན་དུ་ནི། །འདས་པའི་རྒྱལ་བ་ཀུན་གྱིས་བཤད། །གསང་བ་ལས་ཀྱི་ཁྱད་པར་འདི། །གནས་དང་དཀྱིལ་འཁོར་རྫས་སོགས་དང་། །སྔགས་དང་ཕྱག་རྒྱ་རིམ་པ་ཡིས། །ཞི་རྒྱས་དབང་དྲག་རིམ་པ་ཡིས། །ལས་ནི་རིམ་པ་ཀུན་ཀྱང་འགྲུབ། །བྱ་བའི་རིམ་པ་མཐའ་དག་ལ། །འཕྲིན་ལས་བཞི་རུ་འདུས་པ་ཉིད། །དུར་ཁྲོད་རྫས་ལ་རྟེན་བཅས་ནས། །རྣལ་འབྱོར་པ་ཡིས་བརྩམ་པར་བྱ། །སྡུག་བསྔལ་དོན་དུ་ཞི་བར་བྱ། །ཚེ་ཐུང་ཕོངས་པ་རྒྱས་པ་སྟེ། །དྲེགས་དང་ང་རྒྱལ་དབང་དུ་གསུངས། །མ་རུངས་གདུལ་ལ་དྲག་པོ་སྟེ། །སྔགས་གསུམ་རིག་པ་ལ་སྦྱར་ནས། །ལས་བཞི་བྱེ་བྲག་བརྩམ་པར་བྱ། །བདག་ཉིད་རྣལ་འབྱོར་ལྡན་པ་ཡིས། །ཆོ་གའི་སྦྱོར་པ་ཐམས་ཅད་ལ། །རྟེན་འབྲེལ་སྔགས་ཀྱི་ཕྱག་རྒྱ་ཡིས། །མ་ནོར་སྦྱོར་བར་ལས་བརྩམས་པར། །ཇི་ལྟར་བསྒྲུབས་ཀྱང་འགྲུབ་པ་སྟེ། །རང་བཞིན་ཐབས་ཀྱི་བྱིན་བརླབས་ཉིད། །གང་ལྟར་བསམ་པ་བཞིན་དུ་འགྲུབ། །བདག་ཉིད་ཆེན་པོ་ལ་གནས་པས། །གཞན་ནས་སྤྱོད་ཡུལ་མ་གྲུབ་པ། །ཏིང་འཛིན་བདེ་བ་མ་ཡིན་པས། །དངོས་སོགས་མཚན་མ་སྤོང་བ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོ་སྟེ། །བྱིན་བརླབས་ནུས་མཐུ་རང་སྣང་བ། །རང་གིས་རྣལ་འབྱོར་གོམས་པའི་སྟོབས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བདག་དང་གཞན་དོན་ལྷུན་གྱིས་གྲུབ། །ཐ་མལ་རྟོག་པ་ཞི་བ་དང་། །ཉམས་དང་བདེ་བ་རྒྱས་པ་དང་། །དྲན་རྟོགས་སྣང་བ་ཐིམ་པ་དང་། །ཞེ་སྡང་བག་ཆགས་མི་སྣང་བ། །རྟོགས་དང་གོམས་པས་སྟོབས་ལྡན་དང་། །བདག་ལ་སྣང་བའི་སྦྱོར་བ་ཡི། །བདག་ཉིད་རྣལ་འབྱོར་སྦྱོར་བ་ཡིས། །དཀྱིལ་འཁོར་རྫས་དང་ཐབ་ཁུང་མེད། །ཆོ་ག་སྔགས་དང་ཕྱག་རྒྱ་མེད། །མ་ལུས་རང་བཞིན་མཉམ་སྦྱོར་བས། །གདུལ་བྱ་མོས་པ་ཇི་བཞིན་དུ། །འཕྲིན་ལས་མ་བྱས་རང་བཞིན་རྫོགས། །སྦྱིན་སྲེག་མེད་ཅིང་བྱ་བ་མེད། །བདག་མེད་གཞན་མེད་མཉམ་པ་ཉིད། །རང་བཞིན་རྟོགས་གོམས་སྦྱོར་ལྡན་པས། །འབད་རྩོལ་མེད་པར་འགྲུབ་པར་འགྱུར། །དཀྱིལ་འཁོར་སངས་རྒྱས་རང་བཞིན་ཏེ། །སྙིང་པོ་སྐུ་གསུང་ཐུགས་སུ་བཤད། །རང་བཞིན་མཛད་པའི་ངོ་བོ་དང་། །དགོངས་པ་བདེ་བ་སྐུ་གསུང་ཐུགས། །སྙིང་པོ་རོ་གཅིག་ཀུན་འདུས་པས། །བདེ་བ་ཆེན་པོ་ངོ་བོ་ཉིད། །ཐམས་ཅད་འདིར་འདུས་གཉིས་སུ་མེད། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱིས། །སྐུ་ནི་བདེ་ཆེན་སྒྱུ་མ་སྟེ། །གསུང་ནི་བྲག་ཆལྟ་བུ་སྟེ། །ཐུགས་ནི་རང་བྱུང་གཉིས་སུ་མེད། །སྙིང་པོ་དབྱེར་མེད་དོན་རྫོགས་ལ། །སྐུ་དང་ཕྱག་རྒྱ་བཟླས་པ་དང་། །དཀྱིལ་འཁོར་འཕྲོ་འདུ་མཆོད་པ་དང་། །སྤྱིན་སྲེག་ལ་སོགས་མང་བཤད་པ། །དང་པོ་ལས་ཅན་སྦྱང་བ་དང་། །མཚན་པའི་དོན་ལ་གཞུག་ཕྱིར་བསྟན། །མ་བཅོས་དོན་ལ་དབྱེར་མེད་པས། །ཡན་ལག་མེད་ཅིང་ཆ་ཤས་མེད། །འཕེལ་གྲིབ་མེད་ཅིང་སྦྱང་དུ་མེད། །གནས་དམིགས་འགྲོ་འོང་བསམ་སྦྱོར་འདས། །ནམ་མཁའ་ལ་ནི་འཇའ་ཚོན་དང་། །ཆུ་ཡི་རླབས་དང་བྲག་ཆ་ལྟར། །རྣལ་འབྱོར་རྒྱུན་དུ་ནན་ཏན་བྱ། །མཚན་མ་ཡལ་ག་འབྲས་བུ་མིན། །སྙིང་པོའི་དོན་ཉིད་འབྲས་བུ་སྟེ། །གདོད་ནས་མ་བཙལ་རྫོགས་པ་ལ། །རྟོགས་ནས་ཐམས་ཅད་འབྱུང་རྫོགས་ཕྱིར། ཁུ་རྐྱེན་བྱ་བྱེད་ཀུན་ལས་འདས། །ལྷ་རྣམས་གཅིག་ཕྱིར་ཕྱག་རྒྱ་གཅིག །སྙིང་པོའི་དོན་ཉིད་འབྲས་བུ་སྟེ། །སྙིང་པོ་གཅིག་ཕྱིར་བཟླས་བརྗོད་ཅིག །དཀྱིལ་འཁོར་གཅིག་ཕྱིར་རྫས་ཀྱང་གཅིག །རྣམ་ཤེས་རང་བཞིན་གཅིག་ཏུ་སྟེ། །སྣང་བ་གཅིག་ཏུ་འདིར་བསྡུས་བྱ། །དེ་བས་སོ་སོར་ཕྱེ་བ་དག །མོས་སོགས་དམན་པའི་དོན་དུ་སྟེ། །དམ་པའི་དོན་དུ་ཀུན་གཅིག་པའོ། །གདུལ་བྱའི་བསམ་པ་དང་སྦྱར་ནས། །རབ་འབྲིང་ཐ་མའི་བློ་བཞིན་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དག །བསྡུས་རྒྱས་རིམ་པར་ཕྱེ་བ་ཡིས། །ཆོ་ག་དགོངས་པ་ལ་སོགས་པ། །ལམ་སོགས་གསོལ་བའི་རིམ་པ་ནི། །གང་ཕྱིར་ནུས་པ་མེད་པས་ན། །དེའི་ལས་ལ་ནུས་པ་མེད་དེ། །གོམས་ཤིང་ནུས་པས་གཏན་འཕེལ་བ། །དེ་བས་གསོ་ བ་མཆོག་ཏུ་བཤད། །དཀྱིལ་འཁོར་རྫས་དང་ཏིང་འཛིན་དང་། །གཏོར་མ་འབྲུ་དང་བཅུད་ཉིད་དང་། །དངོས་གྲུབ་རྫས་དང་ཆོ་ག་དང་། །ཉིན་མཚན་འཇུག་པའི་སྐབས་དག་ཏུ། །གསོ་བའི་ཆོ་ག་བརྩམ་པར་བྱ། །ལས་ཀྱི་ཆོ་ག་ཐམས་ཅད་ལ། །མཆོག་ཏུ་དགོས་པར་བཤད་པ་སྟེ། །གཞན་དུ་རྫས་སོགས་སྣ་ཚོགས་ལ། །བྱིན་བརླབས་ཡ་མཚན་འབྱུང་མི་འགྱུར། །གསང་ཆེན་ཐབས་ཀྱི་ཆོ་ག་འདི། །རང་ལ་གནས་ཤིང་འགྲུབ་པའི། །དུར་ཁྲོད་ཆེན་པོ་ལ་བརྟེན་པའི། །བསྒྲུབ་པའི་ཆོ་ག་ཐམས་ཅད་ཡིན། །ཇི་སྙེད་ཐབས་དང་ཐེག་པ་དང་། །འདུལ་བའི་ཕྱག་རྒྱ་ཅིར་སྣང་ཡང་། །ཐབས་ཀྱིས་འདུལ་བའི་དོན་དུ་ཟད། །ཕྱི་ནང་སྣོད་བཅུད་སྤྱོད་ཡུལ་འདི། །རྣལ་འབྱོར་ཐབས་ལྡན་སྐྱེས་བུ་ཡིས། །མེ་ལོང་དངས་པའི་གཟུགས་བརྙན་ལྟར། །གཞན་མེད་རིག་པ་རང་སྣང་བའོ། །སྒོ་གསུམ་སྤྱོད་ཡུལ་མཐའ་ཡས་པ། །བདག་ཉིད་ཆེན་པོར་གསལ་བ་ཡིས། །ཞེན་ཆགས་གདུང་བ་ཀུན་སྤངས་ལ། །མཆོག་གི་སྦྱོར་བ་སྤྱོད་བྱ་ཞིང་། །ཡང་འཇིགས་པ་མེད་པར་བྱ། །མཆོད་པ་དུས་དྲུག་ཇི་ལྟ་བཞིན། །དཀྱིལ་འཁོར་ཉིན་མཚན་དུས་འཚམས་སུ། །དུར་ཁྲོད་ཐལ་བ་ཚོན་གྱིས་ཏེ། །དངོས་གྲུབ་རྫས་ཀྱང་དེ་བཞིན་ནོ། །ཏིང་འཛིན་འཇུག་པའི་ཐུན་མཚམས་སུ། །གཏོར་མ་བཟའ་བཏུང་བྱིན་བརླབས་དག །ནང་ནུབ་དུས་སུ་དེ་བཞིན་ཏེ། །ཉི་ཟླ་རྡོ་རྗེ་བླ་འོག་གུར། །ཇི་ལྟ་བཞིན་དུ་རྟག་ཏུ་བགྲུངས། །ཟས་དང་གོས་དང་བཅུད་ལྡན་པས། །སྐྱོ་མེད་འཇུག་པའི་ཡིད་ལྡན་པས། །སྒོ་གསུམ་སྐྱེ་མཆེད་བྱིན་བརླབས་པས། །རྣལ་འབྱོར་ཐབས་དང་ཤེས་རབ་བོ། །དབང་དང་དུར་ཁྲོད་རྫས་དག་ལ། །ལྷའམ་བྱིན་བརླབས་ཐབས་ཀྱི་བྱ། །གཤེགས་དང་བསྐུལ་དང་བར་ཆད་འདུལ། །མཆོད་བསྟོད་གསོལ་བ་གདབ་པ་ནི། །མཆོག་གི་བསྒྲུབ་པའི་དུས་སུ་སྟེ། །དུས་དྲུག་དག་ཏུ་ཤེས་པར་བྱ། །གང་དུ་ཐབས་དང་མི་ལྡན་པས། །ཇི་ལྟར་བསྒྲུབས་ཀྱང་མི་འགྲུབ་ཅིང་། །བྱིན་བརླབས་མེད་ཅིང་གཡེལ་བ་དང་། །བར་ཆད་ཉམས་ལེན་འབྱུང་བར་འགྱུར། །འཁོར་བ་དག་པར་བྱ་བ་དང་། །མཆོག་གསུམ་བདག་ཉིད་ལས་བྱུང་ཞིང་། །རྡོ་རྗེ་གསུམ་ཚེ་འདིས་འགྲུབ་ཅིང་། །རྡོ་རྗེ་དབང་གི་ཆོ་ག་བྱ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །མཚན་མའི་རྫས་དང་རྟེན་བཅས་ཤིང་། །གསལ་བའི་མར་མེ་དགུ་བལྟམ་པས། །བར་ཆད་གདུག་པ་ཀུན་བཏུལ་ནས། །ལྷ་དང་སློབ་དཔོན་མ་ལུས་པ། །དད་དང་གདུང་བས་གསོལ་བཏབ་སྟེ། །དུར་ཁྲོད་གསང་བའི་མེ་ཏོག་དོར། །ཐུན་མོང་གསང་བའི་མེ་ཏོག་འཐོར། །ཐུན་མོང་གསང་བའི་མིག་ཕྱེ་ལ། །ཕྱི་ནང་གསང་བའི་དཀྱིལ་འཁོར་བསྟན། །རང་དང་མཐུན་པའི་དམ་ཚིག་ཕོག །དབང་མཆོག་ཐོབ་ཕྱིར་རྒྱུད་དག་ཕྱིར། །ཆགས་པ་མེད་པས་མཆོག་རྣམས་དབུལ། །ས་བོན་རང་་ཐ་གནས་པ་ལ། །བྱིན་བརླབས་ལྡན་པའི་རྫས་གསུམ་གྱིས། སྣོད་ལྡན་བུ་ལ་དབང་བསྐུར་ན། །ཚེ་འདིར་རྡོ་རྗེ་གསུམ་ཐོབ་འགྱུར། །དག་པའི་ཆུ་དང་ཁམས་གསུམ་གྱི། །བདག་པོ་རིན་ཆེན་དབུ་རྒྱན་དང་། །ཐབས་དང་ཤེས་རབ་ལོངས་སྤྱོད་ཅིང་། །མི་འགྱུར་ཤེས་རབ་ཕ་རོལ་ཕྱིན། །སློབ་མ་འགྲུབ་པ་ཉིད་ཡིན་ཏེ། །ཕྱིས་ནི་བརྟུལ་ཞུགས་བདག་པོའི་མིང་། །ལུང་བསྟན་གཟེངས་བསྟོད་དེ་བཞིན་ཕྱིར། །རང་ལ་རྫོགས་པའི་དབང་ཉིད་ལ། །སྒོམ་དང་ལྷ་དང་བྱིན་བརླབས་ཏེ། །སྔགས་དང་ཕྱག་རྒྱ་སྟོབས་ལྡན་པས། །ཆོ་ག་བཞིན་དུ་དབང་བསྐུར་བྱ། །རང་གིས་དཀྱིལ་འཁོར་ལེགས་བསྟན་ལ། །ལྷ་ཡི་མཚན་མ་ཐོད་འཕྲེང་དང་། །ཅོད་པན་ཀོ་རློན་གཡང་གཞི་དང་། །སྟག་ལྤགས་སྤྲུལ་གྱིས་བརྒྱན་པ་རྣམས། །ཁྲག་ཞལ་ཐལ་བའི་མཚན་མ་དག །རྔ་དང་ཐོད་པ་ཕུར་བུ་དང་། །ཉུངས་ཀར་གུ་གུལ་བདུད་རྩི་ལྔ། ཁྲ་ལྔ་བམ་རིལ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་འཕྲེང་། །ཐོང་གཤོལ་སྟི་ར་དབྱུག་པ་དང་། །རྡོ་རྗེ་གཤོག་པ་མེ་རི་འཕྲེང་། །རང་བཞིན་གནས་ལ་དེ་བཞིན་ཐིམ། །དེའི་དངོས་པོ་གསལ་བསྟན་ནས། །བསྟན་པའི་ཆོ་ག་ཇི་བཞིན་དུ། །རང་ལུས་ཕྱག་རྒྱར་གསལ་གྱུར་ཅིང་། །དུར་ཁྲོད་བརྡལ་བའི་དབང་ཐོབ་ནས། །རྡོ་རྗེ་འཆང་ཆེན་བདག་འགྱུར་ཕྱིར། །བདེ་ཆེན་ཆོ་ག་གསུམ་དུ་བསྟན། །ཉི་ཟླ་བདུད་རྩི་སྤྱིན་བྱ་ཞིང་། །དུར་ཁྲོད་བདེ་བ་གསལ་གྱུར་ནས། །ལྷ་དང་ལྷ་མོར་བྱིན་བརླབས་ཅིང་། །བུད་མེད་གསུམ་ལ་བདག་སྦྱོར་བས། །རྡོ་རྗེ་ཉི་ཟླ་སྦྱོར་བ་ཡིས། །འཁོར་བ་བདེ་བ་ཆེན་པོར་འབར། །རྡོ་རྗེ་ཐིག་ལེ་འདུ་འབྲལ་མེད། །བདེ་ཆེན་ཐིག་ལེ་རྒྱུན་ཆད་མེད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཡེ་ཤེས་རྒྱུན་ནས་མཚན་མའི་རྟེན། །དབང་པོའི་ཁྱད་པར་ཇི་བཞིན་དུ། །ཐབས་ཀྱི་ཆོ་ག་ལ་བརྟེན་ནས། །བག་ཆགས་སྒྲིལ་པ་ཀུན་བསལ་ཞིང་། །ནམ་མཁའ་ལྟ་བུ་ཉེ་བར་གནས། །ཐོབ་དང་རྣལ་འབྱོར་བརྟན་གོམས་པས། །ཐབས་ཀྱི་རིམ་པས་ལེགས་མཐར་ཕྱིན། །ལོ་ཟླ་བསྐལ་པ་དཔག་མེད་པར། །བདག་གཞན་འདོད་པའི་དོན་འགྲུབ་འགྱུར། །གང་དུ་བརྟག་ཅིང་མཐར་ཕྱིན་ནས། །དུར་ཁྲོད་ཞལ་བུ་མཚན་ལྡན་པར། །དངོས་གྲུབ་བཀྲ་ཤིས་རྫས་གྱུར་པ། །ཚེ་དང་ཟླ་རྒྱས་ཟླ་ཕྲོམ་དང་། །དཔའ་བོ་བདུད་རྩི་ལྔ་ལྡན་ཞིང་། །གསང་བ་མིང་དང་གསོལ་བྱད་བཅས། །རྒྱས་བཏབ་བྱིན་བརླབས་བརྟགས་པར་བྱ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་དོན་གྱི་ལྟས་འཁྲུག་པ། །དངོས་གྲུབ་བར་དུ་གཅོད་པའི་བགེགས། །ཐབས་ཀྱིས་བསལ་བའི་ཆོ་ག་བྱ། །གང་དུ་གསལ་གོམས་བསྟན་པ་ཡིས། །ཇི་ལྟར་བསྒྲུབས་པས་ངེར་འགྱུར་ཏེ། །སངས་རྒྱས་ཀུན་གྱི་དངོས་གྲུབ་སྟེར། །བདག་ལ་འཆར་བར་ཐེ་ཙོམ་མེད། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །དངོས་གྲུབ་བྱེ་བྲག་མཐའ་ཡས་པར། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །ད་ལྟར་མྱུར་དུ་ཐོབ་པར་འགྱུར། །དུར་ཁྲོད་ལ་བརྟེན་བསྒྲུབས་པ་ཡང་། །བསྒྲུབ་ཆེན་བྱེ་བྲག་གཉིས་འདུས་ཏེ། །དབང་དང་དངོས་གྲུབ་གསང་པ་སྟེ། །གཞན་དག་ཕྲ་མོའི་ལས་སུ་བཤད། །དམ་ཚིག་དབང་དང་ལྡན་པར་བཅས། །རྫས་དང་ཆོ་ག་ཚང་བ་ཡིན། །བག་ཆགས་དག་ཅིང་སྣོད་རུང་བ། །འདི་ནི་བསྙེན་པའི་ཆོ་གར་བཤད། །མཆོད་དང་བཤགས་དང་བཟླས་བསྐལ་བས། །རྩེ་གཅིག་དགོངས་དང་ལྷ་ཉེ་བ། །འདི་ནི་ཉེ་བའི་བསྙེན་པ་སྟེ། །བར་ཆད་མེད་པར་རབ་དང་བས། །ཉིན་མཚན་མེད་པར་རབ་བསྒྲུབས་པར། །བྱིན་བརླབས་རྟགས་དང་ཆོས་འཕྲུལ་འབྱུང་། །འདི་ནི་བསྒྲུབ་པ་ཞེས་བཤད་དོ། །ཆུ་དང་མེ་ལོང་དངས་པ་ལ། །གཟུགས་བརྙན་སྣ་ཚོགས་སྣང་བ་ལྟར། །རྣལ་འབྱོར་རང་རྒྱུད་དག་པ་ལ། །དངོས་གྲུབ་སྣ་ཚོགས་རང་ལ་འཆར། །རྟགས་དང་མཚན་མ་གང་བྱུང་བ། །བར་ཆོད་ཐབས་ཀྱིས་བསམ་བྱས་ཏེ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་བླངས། །འདི་ནི་བསྒྲུབ་པ་ཆེན་པོར་བཤད། །ལྷ་དང་རྫས་དང་ཏིང་འཛིན་གྱིས། །ཆ་ཡིས་རྣམ་པར་བགོས་ནས་ཀྱང་། །རྡོ་རྗེ་སློབ་དཔོན་ལ་ནོད་ཅིང་། །རྣལ་འབྱོར་གྲལ་གྱི་རིམ་པས་སྤྱད། །གསང་བའི་ཐབས་དང་ལྡན་པ་ཡིས། །བྱིན་བརླབས་ཐབས་དང་ལྡན་པས་བླངས། །དྲོད་ཚད་ཡལ་ཞིང་མ་བླངས་ན། །བར་ཆད་འབྲས་བུ་ཡལ་བར་འགྱུར། །བཀྲ་ཤིས་བྱིན་བརླབས་འབྱུང་བའི། །སྐྱེ་བ་བདུན་ནམ་ལྔ་གསུམ་གྱིས། །རྟགས་ལྡན་ན་སོ་དར་ལ་བབ། །རྨ་མེད་གཙང་མ་བརྟགས་ནས་ནི། །བར་ཆད་བསལ་ཞིང་བསྲུང་བ་དང་། །སྦྱང་དང་བྱིན་བརླབས་བཀྲུས་པ་དང་། །ཆོ་ག་བཞིན་དུ་བསྐོས་བཏབ་ལ། །དབང་དང་དངོས་གྲུབ་ལྷའི་རྫས། །མཆོད་པ་ལ་སོགས་པ་ཡི་དོན། །མཐའ་ཡས་འདི་ལས་འབྱུང་བ་སྟེ། །དཔེར་ན་ཡིད་བཞིན་ནོར་བུ་དེ། །ཚེ་དང་པྲ་དང་ཡོ་བྱད་དང་། །རྐང་མགྱོགས་གྲུབ་པའི་རྫས་ལ་སོགས། །དུར་ཁྲོད་རྫས་ལ་བརྟེན་པས་འགྲུབ། །སྙིང་དང་མཚན་མ་ནང་ཁྲོལ་དང་། །ཡན་ལག་ལྔ་ནི་དུར་ཁྲོད་དེ། །མ་མོ་བརྒྱད་ཀྱི་རྫས་སུ་དགོད། །འཕྲ་མེན་གསང་བའི་གནས་ཡིན་ཏེ། །ནིའུ་སེང་སྒོ་མའི་དོན་དུ་བཤད། །སྒལ་ཚིགས་དབང་ཕྱུག་རྣམས་ཀྱི་རྫས། །བརྙ་དབང་པོ་ལྔ་ལྡན་པ། །ཡབ་ཡུམ་བདག་གི་མཚན་མར་བཤད། །དུར་ཁྲོད་རྫས་ལ་རྟེན་བཅས་ཤིང་། །གསལ་བའི་རྫས་ལ་མདངས་ལྡན་པར། །གསང་བའི་དམ་ཚིག་མཆོག་གི་བསྒྲུབས། །རིགས་འཛིན་མཁའ་འགྲོའི་བྱིན་བརླབས་སོ། །རྫས་རྣམས་ཀུན་གྱི་རྩ་བ་ནི། །དུར་ཁྲོད་མཆོག་ལས་བྱུང་བ་སྟེ། །རྨད་བྱུང་གསང་བའི་རྫས་མཆོག་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་བཤད། །ཡོན་ཏན་ཀུན་ལྡན་རྣལ་འབྱོར་པས། །གསང་བའི་དུར་ཁྲོད་རྫས་ལ་བརྟེན། །སྔགས་དང་ཕྱག་རྒྱའི་བྱིན་བརླབས་པས། །དངོས་གྲུབ་ཡ་མཚན་བསམ་མི་ཁྱབ་། །དང་པོ་བག་ཆགས་དག་པའི་རྟགས། །དེ་ནས་ལྷ་དང་ཉེ་བའི་རྟགས། །དེ་ནས་དངོས་གྲུབ་འབྱུང་བའི་རྟགས། །ཐ་མ་གྲུབ་པ་བསྟན་པའི་རྟགས། །སྦྱང་དང་བསྙེན་བ་བསྒྲུབ་པ་དང་། །བླང་པའི་ཐབས་ལ་མཁས་པར་བྱ། །རྫས་དང་མེ་ལོང་རྣལ་འབྱོར་པ། །མིག་རྣོན་ལ་སོགས་བརྟགས་པ་སྟེ། །ལྷ་དང་ལྷ་མོར་སྣང་བ་དང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷག་མའི་རོ་དང་ཉམས་དང་ནི། །འཕེལ་དང་ཉམས་ཀྱི་བྱེ་བྲག་རྣམས། །ཐིག་ལེ་འབྱུང་ཞིང་བདེ་བ་རྒྱས། །གསང་བའི་ཐབས་ལ་བརྩོན་བྱས་ཏེ། །ཉམས་ལེན་འབྱུང་པོ་གསལ་ནས་ནི། །དངོས་གྲུབ་བླངས་ལ་བརྟན་པར་བྱ། །བསྒྲུབས་པས་འགྲུབ་པའི་བྱེ་བྲག་ནི། །རྣལ་འབྱོར་ཤེས་པའི་བྱེ་བྲག་དྲུག །མེ་ལོང་གསལ་བའི་གཟུགས་བརྙན་ལྟར། །དངོས་གྲུབ་འབྱུང་བའི་མཚན་མ་འཆར། །དངོས་གྲུབ་བྱེ་བྲག་ཇི་སྙེད་པ། །ལྷ་དང་རྫས་དང་གསང་བ་དང་། །མཁའ་ལས་འབྱུང་བ་འདི་དག་ནི། །ཐབས་ལ་མཁས་པ་གསུམ་གྱིས་བླང་། །ལེགས་པར་དངོས་གྲུབ་ཐོབ་ནས་ཀྱང་། །བསྟན་པའི་ཆོ་ག་གསུམ་ལྡན་བྱ། །རྣལ་འབྱོར་སྐལ་ལྡན་སུ་ཡང་རུང་། །དུར་ཁྲོད་རྫས་ལ་བརྟེན་བཅས་ཤིང་། །བརྟུལ་ཞུགས་རྫས་ལ་ལོངས་སྤྱོད་པས། །ཐབས་མཁས་སྔགས་དང་ཕྱག་རྒྱ་ཡིས། །བར་ཆད་མེད་པར་གང་བསྐྲུབས་པ། །ཇི་ལྟར་བསྒྲུབས་པས་མྱུར་དུ་འགྲུབ། །གསང་དུ་རྣལ་འབྱོར་བསྒྲུབས་པའི་ཚེ། །རྣལ་འབྱོར་མཁའ་འགྲོ་རིགས་འཛིན་དང་། །བསྒྲུབ་པ་ཕོ་མོ་ལ་སོགས་པ། །སུས་མི་རིག་པའི་བརྡ་ཡིས་བསྟན། །ལུས་ངག་བརྡ་ཡི་མཚོན་བྱས་དེ། །འཇིག་རྟེན་མིང་བརྡ་ལས་འདས་པ། །སྤྱི་བོར་བྱུག་པ་ཕྱག་གི་བརྡ། །དཔྲལ་བ་ལན་དུ་ཤེས་པར་བྱ། །མིག་བསྒྲིམས་ཏིང་འཛིན་སྒྲིམ་པའི་བརྡ། །གཡས་པ་ལག་པ་ཟན་གྱི་སྟེ། །གཡོན་པ་ཤ་ཡི་བརྡ་རུ་བཤད། །གཡོན་པས་གཡས་ཀྱི་སྲིན་ལག་འཐོར། །ཆང་གི་བརྡ་རུ་ཤེས་པར་བྱ། །ཉུག་མའི་དྲི་སྟེ་ཕྱག་བཞག་པའི། །ཕྱག་རྒྱ་ཏིང་འཛིན་གྱིས་ཤིག་པའོ། །གཡས་སུ་འདུད་ཅིང་ལྟ་བ་ནི། །ཁམས་བདེ་མ་ཞེས་དྲི་བ་སྟེ། །གཡོན་པ་ལན་དུ་ཤེས་པར་བྱ། །གར་ལ་བསྙེན་པ་གྱེན་དུ་བཀྲོལ། །མཆོད་པ་འབུལ་བའི་བརྡ་རུ་བཤད། །ལྕེ་ལ་རེག་པའི་ལན་ཚྭའི་བརྡ། །པདྨ་རྡོ་རྗེ་ལ་རེག་པ། །སྦྱོར་བ་འདོད་པའི་བརྡ་ཡིན་ནོ། །བསྐྱེད་པ་དུས་ལ་མ་བབ་བརྡ། །མཆུ་བརྡམ་སོང་ཤིང་ག་པའི་བརྡ། ཁ་གདངས་མིག་བཟློགས་ལྕེ་སྦྱང་བ། །འཇིགས་པར་སྟེན་ཞེས་བྱ་བ་ཡིན། །འཕྲེང་བ་སྟོན་པར་བྱེད་པ་དག །བཟླས་པ་བགྱིས་པར་བསྐུལ་བའོ། །རྫ་རྔ་དྲིལ་བུ་དྲག་བསྐུལ་བ། །བསྐུལ་བར་བགྱིས་པར་སྟོན་པའོ། །ངག་བརྡ་རྣམ་པར་བཤད་པ་ནི། །ཨ་ཏི་བུ་ཧོ་ཕྱག་གི་བརྡ། །པྲ་ཏི་པུ་ཧོ་ལན་གྱི་བརྡ། །ད་ར་གཟུངས་མ་ཉིད་ཀྱི་བརྡ། །དཔའ་བོ་རྣལ་འབྱོར་བ་ཡི་བརྡ། །རྭ་ག་ཆགས་པའི་བརྡ་ཡིན་ནོ། །ཧོ་ནི་མཆོད་པ་སྟོབས་པའི་བརྡ། །ཨ་ཧ་ར་ནི་སྐུ་ལ་གཅིག་པའི་བརྡ། །ཏྲ་ཏ་ཁྲོལ་ཅིག་པ་ཡི་བརྡ། །ཚ་ནི་ལན་ཚྭ་ཞེས་པ་སྟེ། །ཏཁེཌ་ཧ་ན་སློབ་མ་ཆུག །པུ་སྣྲོ་ཧོ་ན་མཆོད་པ་སྟོབས། །མ་ཧྭ་རྭ་ག་ཆགས་ཆེན་པོ། །ནི་ཚེ་ཞེས་ནི་བྱ་བ་སྟེ། ཁུར་བ་ཟླ་བ་རྒྱས་པ་སྟེ། །ཚང་ནི་དཔའ་བོ་འཇམ་དཔལ་གྲི། །ར་ས་ཡ་ན་བདུད་རྩི་སྟེ། །མ་ཧྭ་མ༷་ས་ཤ་ཆེན་ཡིན། །བྲན་མོ་ཚོད་མའི་བརྡ་ཡིན་ཏེ། །སྒྱུར་པོ་གཡོན་ཅན་མ་ཞེས་བྱ། །མ་ཧྭ་རཀྟ་ཆགས་ཆེན་པོ། །ཧ་ལ་ཧ་ལ་འཇིགས་པར་གྱིས། །ཏོསྒྱེ་བསྟན་པར་གྱིས་ཤིག་གོ །ཨེ་ཧི་ཚུར་སྦྱོར་ཞེས་བྱ་སྟེ། །ཨ་ཧི་ཕར་བཞུད་ཅེས་པའོ། །ས་མ་ཡ་ནི་དམ་ཚིག་བརྡ། །ས་མ་ཡ་ན་ཧོ་ལ་སོགས་པ་བཞི། །ཆགས་པ་སྦྱོད་པའི་བརྡ་བཞི་ཡིན། །ཕཊ་ཕཊ་སྤྲོ་པར་བསྟན་པ་སྟེ། །ཧུ༷་ཧུ༷་ཞེས་པ་བསྡུ་པའི་བརྡ། །མ་ཧྭ་འགུ་རྒྱ་གསང་བའི་བརྡ། །མ་ཧྭ་མ་ར་གསོད་པའི་བརྡ། །མ་ཧྭ་སྤོ་ཊ་ཡ་མ་ཞེས་བྱ། །སྤོར་གཅིག་པ་རུ་ཤེས་པར་བྱ། །ཁ་ཧི་གསོལ་ཅིག་པ་ཡི་བརྡ། །བདྷི་རིངས་ལོངས་བར་བསྟན་པ་སྟེ། །ཛུ་ཧུ་ཉོལ་ཅིག་པ་ཡི་བརྡ། །འདི་ནི་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་དབང་ཕྱུག་ཕོ་དང་མོ། །བརྡ་སྤྲོད་ལན་དང་བཅས་པ་སྟེ། །དངོས་གྲུབ་བཞི་རུ་ཤེས་པར་བྱ། །དངོས་གྲུབ་བཞིར་གྱུར་རྣལ་འབྱོར་ཚོགས། །བྱ་བའི་ལས་རྣམས་མཐར་ཕྱིན་ནས། །མཚན་མ་བརྟན་པོ་བྱུང་བ་དང་། །འཇིགས་དང་དགའ་བྲོ་ཀུན་སྤངས་ཏེ། །གླུ་དང་གར་དང་རོལ་མོ་དང་། །གཡབ་མོ་གདུང་བའི་དབྱངས་དང་བཅས། །བཤགས་དང་མཆོད་ཅིང་བསྐུལ་བ་སྟེ། །དངོས་གྲུབ་འདོད་པར་གསོལ་གདབ་ཅིང་། །དམ་ཚིག་ཏིང་འཛིན་དྲག་བསྐུལ་བས། །ཐ་མའི་དུས་སུ་ཤེས་བྱ་སྟེ། །རྫས་ནི་སྐུ་ཡི་དངོས་གྲུབ་སྟེ། །རུ་ལུ་འོད་བཅས་གསུང་གི་དོན། །དཔལ་བེའུ་སེམས་དཔའ་ཐུགས་ཀྱི་དོན་ཆོག །ཁ་བྱས་ལོངས་སྤྱོད་བདུད་རྩི་ཆེ། །དང་པོ་ལྷ་དང་དཔལ་གྱི་དབང་། །གཉིས་པ་རྡོ་རྗེ་སློབ་དཔོན་གྱིས། །གསུམ་པ་མཆེད་ལྕམ་ཡོངས་ཀྱིས་ཏེ། །དུས་གསུམ་མཆོད་པ་རོལ་པར་བྱ། །ལྷ་དང་བླ་མ་ཡུམ་གྱི་མཁའ། །བླང་བའི་ཡུལ་དུ་ཤེས་པར་བྱ། །རྫས་དང་བདེ་བ་འཕེལ་བ་དང་། ཁྲེས་རབ་འཕེལ་བའི་བྱིན་བརླབས་ཆེ། །དབང་དང་གཟི་བྱིན་ལྡན་པ་དང་། །ཏིང་འཛིན་དགོངས་པ་དྲོད་དང་ལྡན། །འགྲོ་བ་འདུལ་ཞིང་བསྔགས་པ་ཐོབ། །རྫས་དང་ཆོས་ལ་འབྲེལ་པ་མེད། །ལམ་མཐའ་སྔོན་དུ་མ་གྱུར་ཀྱང་། །ཐུན་མོངས་དངོས་གྲུབ་ཐོབ་རྟགས་ཡིན། །གཞན་དོན་རྟགས་ལ་མངོན་དགའ་ཡང་། །རང་དོན་ཉམས་སུ་ལྷུན་གྱིས་གྲུབ། །མྱ་ངན་འདས་ལ་བྲོད་པ་མེད། །འཁོར་བ་འཇིགས་པའི་ཆོས་དང་བྲལ། །ཞེས་གསུངས་སོ། རྡོ་རྗེ་འཛིན་པ་བརྡུལ་སྙེད་དང་བཅས་པ་དགྱེས་ཏེ་མངོན་པར་བསྟོད་དོ། །དེ་དག་ཀྱང་རང་བྱུང་གི་ཐིག་ལེ་ཐོག་མ་དང་ཐ་མ་མེད་པར་ཐིམ་ནས་ཅང་མི་སྣང་བར་གྱུར་ཏོ། །དཔལ་ཧེ་རུ་ཀ་འདུས་པའི་རྒྱུན་ཆེན་པོ་ལས། །གསང་བ་ཕྱི་མ་རྣམ་པར་བཀོད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དཔལ་ཧེ་རུ་ཀའི་གལ་པོ་དུར་ཁྲོད་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ཕྱི་མ་རྫོགས་སཧོ།། །།རྒྱ་གར་གྱི་མཁས་པ་ཤི་རི་སིང་ཧ་དང་། །བོད་ཀྱི་བན་དྷི་བི་རོ་ཙ་ནས་བསྒྱུར་བའོ། །ཧེ་རུ་ཀ་འདུས་རྒྱུད་ཀྱི་རྒྱུད་ཕྱི་མ་རྫོགས་སཧོ